དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་བཤད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་རཱ་ཛཱ་ཊཱི་ཀ་ཙནྡྲ་པྲ་བྷཱ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 41 · folio 174a

རྣམ་པར་དག་པའི་རང་བཞིན་ནོ། །ཕྱག་ན་རྡོ་རྗེ་ནི་རྣ་བའི་སྐྱེ་མཆེད་རྣམ་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་སྒྲ་རྡོ་རྗེ་མ་ནི་རིན་ཆེན་དཔལ་གྱི་རང་བཞིན་ནོ། །ནམ་མཁའི་སྙིང་པོ་ནི་སྣའི་སྐྱེ་མཆེད་དོ། །དྲི་རྡོ་རྗེ་མ་ནི་འོད་དཔག་ཏུ་མེད་པའི་རང་བཞིན་ནོ། །

འཇིག་རྟེན་དབང་ཕྱུག་ནི་ལྕེའི་སྐྱེ་མཆེད་དོ། །རོ་རྡོ་རྗེ་མ་ནི་དོན་ཡོད་པར་གྲུབ་པའི་རང་བཞིན་ནོ། །འཕགས་པ་འཇམ་དཔལ་ནི་ཤེས་རབ་རྣམ་པར་དག་པའི་རང་བཞིན་ནོ། །ལྷ་མོ་སྙིང་རྗེ་ནི་བརྩེ་བ་རྣམ་པར་དག་པའི་རང་བཞིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ལུས་རྣམ་

པར་དག་པའོ། །རེག་བྱ་རྡོ་རྗེ་མ་ནི་རེག་བྱ་རྣམ་པར་དག་པའི་མི་བསྐྱོད་པའི་རང་བཞིན་ནོ། །ཀུན་དུ་བཟང་པོ་ནི་ཡིད་རྣམ་པར་དག་པའོ། །ཆོས་ཀྱི་དབྱིངས་རྡོ་རྗེ་མ་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ནོ། །སངས་རྒྱས་སྤྱན་ནི་ཕྱི་དང་ནང་གི་བདག་ཉིད་ཀྱི་སའི་ཁམས་

རྣམ་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ནི་ཆུ་དང་མེ་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པ་རྣམས་ནི་སྟོང་

པ་ཉིད་ལ་སོགས་པའི་རྒྱུ་མཐུན་པའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞིའི་རང་བཞིན་ཅན་ནོ། །བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་བཞིའི་རྒྱུ་མཐུན་པའི་ཡེ་ཤེས་ལྔའི་རང་བཞིན་ནོ། །བདེ་བ་ཆེན་པོ་རབ་སྒྲུབ་ཕྱིར། །གང་དུ་ཞུགས་པ་ཙམ་

གྱིས་ནི། །དེ་རྣམས་ཟིལ་གྱིས་མི་གནོན་ཅིང་། །ཕྱིར་མི་ལྡོག་དང་རྒྱལ་སྲས་འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་ལ། །ཤིན་ཏུ་ཁྱད་འཕགས་ཡོན་ཕུལ་ནས། །རབ་ཏུ་བཏུད་དེ་ཚིགས་བཅད་འདིས། །དབང་བསྐུར་བར་ནི་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་

མཆོད་ཆེན་གསོལ་མཛད་པ། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །སློབ་མ་རང་བདག་རྣལ་འབྱོར་ལྡན། །འཇུག་པའི་སྒོ་རུ་མངོན་ཕྱོགས་པར། །པདྨ་འདབ་བརྒྱད་སྟེང་དུ་ནི། །རྣམ་སྤྲས་ཁྲི་ལ་བཞག་བྱས་ཏེ། །ལུས་ལ་དཀྱིལ་འཁོར་བཅུག་

Vol. 41 · folio 174b

གྱུར་པ། །ཆོ་ག་འདི་ཡིས་དབང་བསྐུར་བྱ། །དབང་བསྐུར་དུས་སུ་སློབ་དཔོན་གྱིས། །གདུགས་དང་རྒྱལ་མཚན་བ་དན་ཐོགས། །བུམ་པ་རོལ་ཆ་གོས་བཟང་དང་། །རྒྱན་རྣམས་བཟང་པོ་དང་ལྡན་ཞིང་། །སྔར་བཤད་དབབ་པ་བྱ་བ་ཡིས། །བཀུག་ནས་ཡང་དག་གཤེགས་པ་ཡིས། །སངས་རྒྱས་

ཀུན་གྱིས་ནམ་མཁའི་ཁམས། །ཡོངས་སུ་གང་བར་རྣམ་བསྒོམ་བྱ། །བུམ་པའི་ཆུ་རུ་བདག་པོ་ལྔ། །ལ་སོགས་ཞུ་བའི་གཟུགས་བཅུག་ལ། །མགྲིན་པ་གོས་རྣམས་བཟང་པོས་བཅིང་། །བུམ་པ་སངས་རྒྱས་སྤྱན་སོགས་ཀྱིས། །བཟུང་བ་དེ་ཡི་བ་སྤུ་ཡི། །བུ་ག་ཀུན་ནས་སངས་རྒྱས་

གཞུག །སྔགས་ཀྱི་ཚིགས་བཅད་འདི་འདོན་ཅིང་། །སློབ་མའི་མགོ་ལ་དབང་བསྐུར་བྱ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པས་ནི་ཕྱག་བྱས་ཤིང་། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཇི་ལྟ་བ་བཞིན་ཅོད་པན་གྱིས། །དབང་བསྐུར་

དེ་ནས་ཤེས་རབ་དང་། །རྣལ་འབྱོར་གྱིས་ནི་བརྟན་བྱས་ཏེ། །རིམ་པ་འདི་བཞིན་མཚན་མ་སྦྱིན། །སངས་རྒྱས་ཀུན་གྱི་དེང་ཁྱོད་ཀྱི། །རྡོ་རྗེའི་དབང་གིས་དབང་བསྐུར་འགྱུར། །རབ་ཏུ་གྲུབ་ཕྱིར་སངས་རྒྱས་ཀྱི། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཱཾ་ཨ་བྷི་ཥིཉྩ་མཱི་ཏིཥྛ་

བཛྲ་ས་མ་ཡ་སྟྭཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །ཅེས་བྱ་བས་ནི་ཧཱུྃ་ལས་བྱུང་བའི་རྡོ་རྗེའོ། །རྒྱལ་བ་བྱང་ཆུབ་མཆོག་བཞེད་པ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །

ཤེས་རབ་སྒྲ་ཡི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཞེས་བྱ་བས་ཡི་གེ་ཨ་ལས་བྱུང་བའི་དྲིལ་བུའོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ངོ་བོ་ཉིད་དག་སེམས་མཆོག་གིས། །སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །ཞེས་བྱ་བས་དེ་དཀྲོལ་

དུ་གཞུག་གོ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བའི་ཐབས་དམ་པ། །དམ་ཚིག་འདི་ནི་རྟག་ཏུ་སྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་བདེ་བ་རུ་བསྟེན་བྱ་ཞིང་། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ཉིད་མཆོད་པར་

Vol. 41 · folio 175a

བྱ། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་རྣམས་ནི་འདུག་འགྱུར་བ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །ཐབས་དང་ཤེས་རབ་ཕ་རོལ་ཕྱིན། །བསོད་ནམས་ཚོགས་ནི་སྒྲུབ་བྱེད་ཅིང་། །དངོས་གྲུབ་

ཀུན་གྱིས་དབང་ཕྱུག་གྱུར། །གྲུབ་པས་སེམས་ཅན་དོན་བརྟན་བྱ། །ཡིད་ཀྱི་གཟུགས་ནི་བརྟན་ཉིད་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བྱར་བརྗོད། །གང་གི་གཟུགས་ཀུན་བརྟན་གྱུར་པ། །དེས་ནི་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་བྱ་བ་ནི་དམ་ཚིག་གོ། །དེ་ལྟར་དམ་ཚིག་གསུམ་ཕོག་ནས། ཨོཾ་

བཛྲ་ཨ་དྷི་པ་ཏི་སྟྭཱཾ། ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་སྒྲ་དང་བཅས་པའི་མིང་གདགས་པར་བྱ་སྟེ། དེ་ནི་མིང་གིས་དབང་བསྐུར་བའོ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །

ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཞེས་བྱ་བས་རྡོ་རྗེའི་བརྟུལ་ཞུགས་ཕོག་པ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷྱ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷཱ་ར་ཡཱ་མི། ཧི་ཧི་ཧི་ཧི། ཧཱུྃ་ཞེས་བྱ་བ་བརྗོད་ཅིང་། སློབ་མ་འཛིན་དུ་བཅུག་སྟེ། དྲི་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་གཞག་པར་བྱའོ། །དེ་ལྟ་

བུ་ནི་བུམ་པ་ཞེས་བྱ་བའི་མིང་གིས་བསྡུས་པ། ཕྱིའི་དཀྱིལ་འཁོར་གྱི་དབང་བསྐུར་བ་སྟེ། ལེའུ་བཅོ་བརྒྱད་པ་ལས། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་བསྐུར་གཉིས་པ་ཡིན། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །དེ་ནས་གནས་དབེན་པར་

སློབ་མས་སྔགས་དང་རྒྱུད་ལ་ལེགས་པར་བསླབས་པ། བཞིན་བཟང་ཞིང་མིག་ཡངས་པ་དེ་ཁོ་ན་ཉིད་ཀྱི་རིག་པ་ལ་བརྩོན་པ། དམ་ཚིག་སྲུང་བ་ལྷུར་ལེན་པ། བདེ་བའི་ཡོ་བྱད་ཐམས་ཅད་དང་ལྡན་པའི་རང་གི་རིགས་ཀྱི་བུ་མོ། །རྡོ་རྗེ་སློབ་དཔོན་ལ་རབ་ཏུ་དབུལ་བར་བྱའོ། །དེ་ནས་གཡོན་ལོགས་ན་

གནས་པ་དེ་དང་ལྷན་ཅིག་འདུག་པའི་བླ་མ་ལ་འོ་མ་དང་མར་མེའི་མཆོད་པ་རྣམས་དང་། དྲི་དང་ཕྲེང་བ་ལ་སོགས་པ་ཕྱི་རོལ་གྱི་མཆོད་པ་རྒྱ་ཆེན་པོ་རྣམས་དང་། བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་ནས་ཐལ་མོ་

Vol. 41 · folio 175b

སྦྱར་བ་ཡིས། །སློབ་དཔོན་ཆེ་ལ་གསོལ་བ་གདབ། །ཁྱེད་ཀྱི་ཞལ་སྔའི་བཀའ་དྲིན་གྱིས། །བདག་གིས་བྱ་བ་བླ་མེད་ཤེས། །དེ་རིང་དབང་བསྐུར་རིན་ཆེན་གྱིས། །མགོན་པོ་བརྩེ་བ་མཛད་དུ་གསོལ། །ཇི་ལྟར་དཔལ་མགོན་བདེ་ཆེན་གྱིས། །དཔལ་ལྡན་རྡོ་རྗེ་ཆོས་ལ་ནི། །དེ་ཉིད་དག་པ་

ཞེས་བྱར་བཤད། །དེ་བཞིན་མགོན་པོས་བདག་ལ་སྩོལ། །སྡུག་བསྔལ་ཀུན་གྱི་གནས་འགྱུར་བདག །གཙོ་བོས་དམྱལ་བ་ལས་གདོན་སྩོལ། །མགོན་མེད་པ་ལ་སྡུག་བསྔལ་ཀུན། །གཅོད་པར་བྱེད་པའི་ཐུགས་རྗེ་མཛོད། །ཁྱོད་ཞབས་པདྨ་མ་གཏོགས་པར། །གཙོ་བོ་བདག་ལ་

སྐྱབས་གཞན་མེད། །དེ་བས་ཐུབ་ཆེན་སངས་རྒྱས་མཆོག །འགྲོ་བའི་དཔའ་བོས་བཀའ་དྲིན་གསོལ། །དེ་ལྟར་གསོལ་བཏབ་ཆོ་ག་བཟང་། །དམ་པ་ཐོབ་པར་གྱུར་ནས་ནི། །བླ་མ་ཡོན་ཏན་རྒྱ་མཚོ་ཡིས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །བཞིན་ནི་རབ་ཏུ་འཛུམ་བྱས་ནས། །བརྩེ་

ལྡན་རབ་ཏུ་དགའ་གྱུར་པས། །གསང་བ་ལས་ཀྱང་ཆེས་གསང་མཆོག །སྡོམ་པ་བཟང་པོ་བསྒྲག་པར་བྱ། །བུ་ཁྱོད་ཀྱིས་ནི་སྲོག་ཆགས་གསད། །བརྫུན་པའི་ཚིག་ཀྱང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་བླང་བྱ་སྟེ། །བུད་མེད་ཀྱང་ནི་བསྟེན་པར་བྱ། །སེམས་ཀྱི་སྡོམ་པ་མཆོག་

གྱུར་པ། །བཟང་པོ་ཁྱོད་ཀྱིས་བསྲུང་བར་བྱ། །བཤང་དང་གཅི་བ་ཤ་དང་ཁྲག །རྣམ་པ་སེམས་ལས་བྱུང་བ་དང་། །རྟ་ཁྱི་གླང་པོ་བ་གླང་ཤ །སྦྱངས་པ་ལ་སོགས་ཆོ་ག་ཡིས། །ཁྱོད་ཀྱིས་རྟག་ཏུ་བཟའ་བྱ་སྟེ། །དམ་ཚིག་འདི་ནི་ངོ་མཚར་ཆེ། །དེ་ནས་བསྒོམ་པ་ཀུན་དུ་བཏགས་

པའི་སྔར་བཤད་པའི་དཀྱིལ་འཁོར་ཉིད་དུ། ལྷ་མ་ལུས་པའི་འཁོར་ལོའི་དབུས་ན་འདུག་པའི་སློབ་དཔོན་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས། རང་གི་རིག་མའི་པདྨར་བདུད་རྩི་ལྔ་བཅུག་སྟེ། ཇི་སྐད་བཤད་པའི་མན་ངག་གིས་དེ་དང་ཡང་དག་པར་སྦྱོར་བ་དང་ལྡན་པས་རང་གི་ལྷག་

པའི་ལྷ་ཡང་དག་པར་དབང་བསྐུར་བར་གྱུར་པ་ཕྱུང་ལ། དེ་འགྲོ་བ་རྣམས་ཀྱི་དོན་བྱེད་དུ་བཅུག་སྟེ་དེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། དེ་རྣམ་པར་གྱུར་ནས་སློབ་མ་ཡང་དེའི་རང་བཞིན་དང་ལྡན་ཞིང་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ། རང་གི་ལྷ་མོ་ལ་སོགས་པ་ཡང་དག་

Vol. 41 · folio 176a

པར་ལྡན་པར་བསམས་ལ། རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུའི་ཚོགས་རྣམས་ཀྱིས། ནམ་མཁའི་དབྱིངས་མ་ལུས་པར་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་བསྡུས་ཏེ། རང་གི་སྐུ་དང་གསུང་དང་ཐུགས་རྣམས་ལ་བཅུག་

ནས་ལས་ལ་གནས་པར་བྱ་སྟེ། རང་གི་སྙིང་པོས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསྐུལ་ལ། མཆོག་ཏུ་དགའ་བའི་གནས་སྐབས་སུ་ཞུ་བར་གྱུར་པ་ཉིད་སློབ་མའི་ཁ་རུ་བླུགས་པར་བྱ་ཞིང་། དེས་ཀྱང་ཨེ་མའོ་བདེའོ་ཞེས་བརྗོད་ལ། སེམས་ལས་བྱུང་བ་མེད་པར་བྱའོ། །དེ་ནི་

རྡོ་རྗེ་ཅན་ཀུན་གྱི། །དབང་བསྐུར་གོ་འཕང་མཆོག་ཡིན་ཏེ། །རྡོ་རྗེ་ཅན་ནི་ཐམས་ཅད་དང་། །ལས་མཆོག་ཚོགས་རྣམས་འགྲུབ་པར་འགྱུར། །དེ་ནི་གསང་བའི་དབང་བསྐུར་བའོ། །དེ་ནས་སེམས་བྱུང་མེ་ཏོག་བཅས། །པདྨ་ལ་གནས་བླངས་ནས་ནི། །བཤང་གཅི་ཤ་དང་ཡང་དག་ལྡན། །

མི་ཡི་ཉ་ཕྱིས་ནང་བླུགས་ཏེ། །མཆོད་ཕྱིར་རང་གི་ཁ་དང་ནི། །རིག་མའི་ཁ་རུ་བླུགས་པར་བྱ། །དེ་ནས། ཤེས་རབ་དད་ལ་སོགས་དང་ལྡན། །གཟུགས་བཟང་སྒྲུབ་པོའི་ཡིད་དུ་འོང་། །རྣལ་འབྱོར་འགའ་ཞིག་གོམས་བྱམས་པ། །དམ་ཚིག་ཤེས་པའི་རྣལ་འབྱོར་མ། །དེའམ་

གཞན་པའི་སྒྲུབ་པ་པོས། །བླ་མ་ལ་ནི་ཡོན་དུ་དབུལ། །མེ་ཏོག་ལ་སོགས་དམ་ཚིག་ལྡན། །སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པ། །བླ་མས་བྱིན་གྱིས་བརླབས་ནས་ནི། །སྒྲུབ་པ་པོ་ལ་སྦྱིན་པར་བྱ། །དེ་དང་སྙོམས་འཇུག་སློབ་མ་ནི། །རྡོར་འཛིན་གཉིས་པ་ལྟ་བུ་ལ། །མཆོད་པ་

བླ་ན་མེད་པ་དང་། །ཕྱི་རོལ་མཆོད་པ་རྣམས་དང་ནི། །བཀྲ་ཤིས་འདོན་པའི་སྒྲ་རྣམས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །རྔ་ཡབ་གདུགས་དང་རྒྱལ་མཚན་སོགས། །ཙནྡན་མེ་ཏོག་ཕྲེང་ཚོགས་མཆོད། །ཤེས་རབ་ཡེ་ཤེས་དབང་བསྐུར་ལ། །ཀུན་དུ་བརྟན་པར་གཞག་བྱས་

ཏེ། །དད་པས་ཐལ་མོ་སྦྱར་བ་ལ། །ཆོ་ག་འདི་ཡིས་དབང་བསྐུར་བྱ། །དེ་ལ་སངས་རྒྱས་སྤྱན་དང་ཡང་དག་ལྡན་པའི་གཏི་མུག་རྡོ་རྗེའི་རྣལ་འབྱོར་དང་ལྡན་པའི་སློབ་དཔོན་གྱིས། སློབ་མ་ཡང་དེའི་རྣལ་འབྱོར་དང་ལྡན་པར་བྱེད་དུ་བཅུག་སྟེ། རང་གི་ཏིང་ངེ་འཛིན་ལས་རྣམ་པར་སྣང་མཛད་དང་

Vol. 41 · folio 176b

སྙོམས་པར་ཞུགས་པའི་སངས་རྒྱས་སྤྱན་གྱི་ཚོགས། ཕྱག་ན་བྱང་ཆུབ་ཀྱི་སེམས་ཁ་དོག་དཀར་པོས་ཡོངས་སུ་གང་བར་གྱུར་པའི་བུམ་པ་ཟླ་བའི་འོད་ཟེར་ལྟ་བུ་ཐོགས་པ་ཡང་དག་པར་སྤྲོས་ལ། དེ་རྣམས་ཀྱིས་དབང་བསྐུར་ཏེ། སྙོམས་པར་འཇུག་པ་ལས་བྱུང་བའི་བྱང་

ཆུབ་ཀྱི་སེམས་ཀྱི་རྒྱུན་དཀར་པོས་ཀྱང་དབང་བསྐུར་བ་བྱིན་ལ། སྐུ་རྡོ་རྗེ་དང་སངས་རྒྱས་སྤྱན་གྱི་ཚོགས་དེ་རྣམས་ཐམས་ཅད་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་གཞན་གྱི་དབང་གིས། མར་གྱི་བུམ་པ་བཞིན་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པ། སློབ་མའི་ལུས་ལ་

བཅུག་སྟེ་དེ་ཡང་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་ལྷའི་ལུས་སུ་བསམ་པར་བྱའོ། །དེའི་དོན་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། གཏི་མུག་དགའ་མ་དང་ལྡན་པའི། །གཏི་མུག་རྣལ་འབྱོར་གྱིས་རྨོངས་ལ། །གཏི་མུག་རྒྱུན་གྱིས་དབང་བསྐུར་བས། །རང་ཉིད་གཏི་མུག་རྡོ་རྗེར་འགྱུར། །

དེ་བཞིན་དུ། ཞེ་སྡང་དགའ་མ་དང་ལྡན་པའི། །ཞེ་སྡང་སྦྱོར་བས་སྡང་བ་ལ། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་བས། །རང་ཉིད་ཞེ་སྡང་རྡོ་རྗེར་འགྱུར། །འདོད་ཆགས་དགའ་མ་དང་ལྡན་པའི། །ཆགས་བདག་སྦྱོར་བས་ཆགས་ཅན་ལ། །འདོད་ཆགས་རྒྱུན་གྱིས་དབང་བསྐུར་བས། །

རང་ཉིད་འདོད་ཆགས་རྡོ་རྗེར་འགྱུར། །རྡོ་རྗེ་དགའ་མ་དང་ལྡན་པའི། །ཤེས་རབ་ཡེ་ཤེས་རྣལ་འབྱོར་གྱིས། །ཡེ་ཤེས་རྒྱུན་གྱིས་དབང་བསྐུར་བས། །རང་ཉིད་ཤེས་རབ་ཡེ་ཤེས་འགྱུར། །བྱང་ཆུབ་སེམས་ཀྱི་རྒྱུན་རྣམས་ནི་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་མདོག་དང་

རྗེས་སུ་མཐུན་པར་བལྟ་བར་བྱ་སྟེ། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེ་བཞིན་གཤེགས་རྣམས་དཔང་བཞག་སྟེ། །དེ་ཚེ་བླ་མས་རིག་མ་དེའི། །ལག་བཟུང་ནས་ནི་དེ་ལྟ་བུའི། །སྒྲུབ་པོ་ཡི་ལག་ཏུ་གཏད། །བྱང་ཆུབ་ཆེན་པོ་སྒྲུབ་པའི་ཕྱིར། །འདི་ནས་བརྩམས་ཏེ་

དམ་ཚིག་གི། །བུ་མོ་སྒྲུབ་པ་པོ་ལ་གཏད། །དེ་བཞིན་གཤེགས་རྣམས་མཁྱེན་པར་མཛོད། །དེ་ནས་དེ་ལ་འདི་སྐད་བརྗོད་པར་བྱའོ། །དབུས་ནས་རྡོ་རྗེ་སློབ་དཔོན་གྱིས། །མགོ་བོ་སློབ་མའི་ལག་གཏད་དེ། །ཡིད་དུ་འོང་བའི་གཟུགས་འདི་ནི། །ཁྱོད་ཀྱིས་རྟག་ཏུ་བསྟེན་པར་བྱ། །

Vol. 41 · folio 177a

ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དེ་ཕྱིར་རིག་མ་འདི་མཆོག་ཡིན། །གཉིས་ཀྱི་དངོས་པོར་སྣང་བ་ཡི། །ཆོས་རྣམས་ཐམས་ཅད་གཉིས་སུ་མེད། །དེ་ཕྱིར་རྟག་ཏུ་ཁྱོད་ཀྱིས་ནི། །འཁོར་བ་སྤང་བར་མི་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་

ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ཡིས་དངོས་གྲུབ་མཆོག་གི་མིན། །ཡི་གེའི་ཕྱག་རྒྱའི་རྒྱུན་ཀུན་དུ། །སྦས་པ་གང་དག་ཇི་སྙེད་པ། །དེ་ནས་བརྩམས་ཏེ་དེ་ཡིས་ནི། །དེ་ལ་གསང་མཆོག་བཤད་པར་བྱ། །ཡང་ཇི་ལྟ་བ་བཞིན་དུ་རང་

གི་བདག་པོའི་སངས་རྒྱས་ཀྱི་ང་རྒྱལ་དང་ལྡན་པས། སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །རྟག་ཏུ་འཇིག་རྟེན་ཐམས་ཅད་དུ། །ཇི་ལྟར་འདུལ་བའི་སྒོ་ནས་ནི། །ཆོས་ཀྱི་འཁོར་ལོ་སྣ་ཚོགས་བསྐོར། །དེ་བཞིན་དུ་ནོར་བུ་དང་པདྨ་དང་འཁོར་ལོ་བསྐོར་ཞེས་བྱ་བའི་ཚིགས་སུ་

བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ཏེ། ལངས་ལ་སྙིང་གར་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་དབུས་ནས་བཟུང་བ་དང་། གཡས་པས་མཆོད་སྦྱིན་གྱི་ཚུལ་དུ་བྱས་ཤིང་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རྣལ་འབྱོར་དང་ལྡན་པས། རྡོ་རྗེ་མིང་

གིས་དབང་བསྐུར་བའི་སྒོ་ནས་ལུང་བསྟན་པར་བྱ་སྟེ། ཨོཾ་ངན་འགྲོ་སྲིད་པ་ལས་བཏོན་ནས། །སྲིད་པ་མཆོག་ནི་གྲུབ་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ང་ཡིས་ཁྱོད་ནི་ལུང་བསྟན་ནོ། །ཀྱེ་རྡོ་རྗེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་སིདྡྷྱ་ས་མ་ཡ་

སྟྭཾ་བྷུར་བྷུ་བ་སྭཿ། ལངས་ཏེ་མཆོག་ཏུ་གསང་བའི་ཆོ་ག་འདི། གང་ལ་ལུང་བསྟན་པ་བྱས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཆང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་

པ་ཐམས་ཅད་གསུང་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། གང་གི་ཕྱིར་ལངས་པའི་ཕྱག་རྒྱ་ཆེན་པོ་འདིའི་མཆོག་ཏུ་གསང་བའི་དངོས་གྲུབ་དངོས་གྲུབ་མཆོག་གི་བྱིན་རླབས་དང་། སྔགས་འདིའི་མཐུ་ཡིན་པ་དེའི་ཕྱིར་དད་པར་བྱའོ་ཞེས་

Vol. 41 · folio 177b

སློབ་མ་རྣམས་ལ་བརྗོད་པར་བྱའོ། །དེ་ནས་གསང་བ་བརྗོད་པར་བྱ་སྟེ། ཆགས་བྲལ་སྡིག་པ་དང་མཚུངས་པ། །ཁམས་གསུམ་དག་ན་གཞན་མེད་དེ། །དེ་བཞིན་འདོད་ལས་ཆགས་བྲལ་བར། །ཁྱོད་ཀྱིས་ཀྱང་ནི་མི་བྱའོ། །མ་ཧཱ་ས་མ་ཡ་ཧཾ་ཧཱུྃ་ཕཊ། དེའི་རྗེས་ལ། མཁས་

པས་ལག་པ་གཡོན་པ་ཡི། །གཡས་པའི་མཐེ་བོང་ནས་བཟུང་སྟེ། །སློབ་མ་གཙོ་བོ་ལ་དམིགས་ནས། །མར་གྱི་སྲེག་བླུགས་བརྒྱ་ཕུལ་ལ། །མར་དང་སྦྲང་རྩི་ཞོ་བསྲེས་པའི། །ཏིལ་གྱི་སྲེག་རྫས་བརྒྱ་ཕུལ་ཏེ། །ཀུན་བྱེད་རིགས་ཀྱི་རིག་སྔགས་ཀྱིས། །སྙིང་ག་རུ་ནི་རེག་བྱས་

ལ། །བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི། །ལག་པ་ལ་ནི་གདུ་བུ་དང་། །མགོ་ལ་གདུགས་ནི་ཐོགས་པ་དག །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་སྒོ་རུ་ཐལ་སྦྱར་བ། །གདུགས་དང་བཅས་པར་བསྙལ་བྱ་སྟེ། །ཕུལ་བར་གྱུར་པའི་སློབ་མ་འདི། །གསང་

སྔགས་འཛིན་པ་ཉིད་དུ་འགྱུར། །གདུགས་འཇོག་བཅུག་ནས་སློབ་དཔོན་གྱིས། །དེ་ལ་སྙིང་ལ་བབ་པ་བརྗོད། །ད་ནི་དཀྱིལ་འཁོར་སློབ་དཔོན་དང་། །གསང་སྔགས་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱི་ཡང་ཐུགས་སུ་བྱོན། །

སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །དེ་ནས་མན་ངག་ཇི་ལྟ་བ་བཞིན་དུ་བྱིན་ལ། དྲང་བའི་དོན་ལ་སོགས་པའི་དགོངས་པའི་གནས་རྣམས་བཤད་པར་བྱའོ། །དེ་ནས་ཇི་ལྟར་

ཞུགས་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། གསང་བའི་དཀྱིལ་འཁོར་མཆོག་དམ་པར། །ཞུགས་པ་དང་ནི་མཐོང་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་ཞིང་། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །

བདེ་ཆེན་ཐེག་པ་འདི་ཡིས་ནི། །ཁྱེད་ལ་སླར་འཆི་ཡོད་མིན་ཏེ། །མི་ཚུགས་པ་དང་མི་སོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་སྡུག་བསྔལ་དག་ལས་བཏོན། །སྲིད་པའི་མཆོག་ནི་བསྒྲུབ་བྱའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་

Vol. 41 · folio 178a

ཡིན། །དམ་ཚིག་སྡོམ་པ་གྲུབ་འདི་དང་། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་བརྟག་པའི་བཀའ་ཡང་ནི། །ཁྱེད་ཀྱིས་རྟག་ཏུ་བསྲུང་བར་བྱ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་ཅིང་། །རྡོ་རྗེ་ཞེས་པའི་

ཕྱག་རྒྱ་གང་། །བྱང་ཆུབ་སེམས་ཀྱང་གཏང་མི་བྱ། །དམ་ཆོས་སྨད་པར་མི་བྱ་ཞིང་། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ནི་རྣམ་པར་དབྱེ་མི་བྱ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་བདེ་བར་ནི་བདེ་

བ་བཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །

རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་མ་རྣམས་འཚེ་དང་གདོན། །བགེགས་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །

དགེ་མཆོག་རབ་ཏུ་མི་བཅོམ་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་དབུལ་བར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །སླར་ཡང་འབྱུང་བར་མི་འགྱུར་རོ། །རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མེན་བུ་དང་ཆུང་མ་དང་། །

རང་སྲོག་གིས་ཀྱང་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་གྲངས་མེད་པ། །དབྱེ་བས་ཤིན་ཏུ་རྙེད་དཀའ་བའི། །སངས་རྒྱས་ཉིད་ནི་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གིས་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་

གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །དེ་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདིར་ནི་ལེགས་

Vol. 41 · folio 178b

གནས་པས། །དེང་ཁྱེད་སྐྱེ་བ་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །ཁྱེད་རྣམས་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་ཏེ། །ཁམས་གསུམ་རྒྱལ་སྲིད་ཆེན་པོ་ལ། །དབང་བྱེད་རྒྱལ་པོར་གནས་པར་གྱུར། །དེང་

ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །དེང་ནི་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །དེ་བས་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྐྱེད་བསྟེན་པར་གྱིས། །དེང་ནི་བདེ་བ་ཆུང་ལྡན་འགྲོ་བའི་ནང་ནས་མཁྱེན། །

རྡོ་རྗེ་སེམས་དཔའ་དང་མཚུངས་རྟག་པ་ཉིད་དུ་གྱུར། །སློབ་མ་རབ་གུས་བརྩེ་ལྡན་པས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཐམས་ཅད་བགྱིད་ཅེས་བརྗོད་པར་བྱ། །དེ་ལྟར་ཆོ་ག་འདི་ཡིས་ནི། །དམ་བཅས་པ་ཡི་སློབ་མ་རྣམས། །ཞི་བའི་

དོན་དུ་སྦྱིན་སྲེག་ནི། །འཆད་འགྱུར་ཆོ་ག་བཞིན་དུ་བྱ། །དེ་ནས་སློབ་མ་རེ་རེ་ཞིང་། །མཁས་པས་ལག་པ་གཡོན་པ་ཡིས། །གཡས་པའི་མཐེ་བོ་ནས་བཟུང་སྟེ། །གཡས་སུ་བསྐོར་བའི་རིམ་གྱིས་ནི། །དགང་གཟར་སྤྱི་བོ་ནས་ཕབ་སྟེ། །མར་གྱི་སྲེག་བླུགས་བདུན་

གྱིས་ནི། །སྦྱིན་སྲེག་བྱས་ནས་ཐམས་ཅད་ལ། །བླ་མས་ཡོན་རྣམས་བླང་བར་བྱ། །གསེར་དང་དངུལ་དང་རིན་ཆེན་རྟ། །དེ་བཞིན་གླང་པོ་ས་གཞི་རྣམས། །བླངས་ཏེ་དེ་བཞིན་བཏང་བྱས་ནས། །ཆོ་ག་བཞིན་དུ་སྔགས་སྦྱིན་བྱ། །གསང་སྔགས་རྒྱལ་པོའི་ཏིང་འཛིན་ཡང་། །ཇི་

བཞིན་ཉེ་བར་བརྟན་ནས་ནི། །གསང་བའི་ཕྱག་རྒྱ་དང་སྦྱོར་བ། །ཅི་རིགས་པར་ནི་བྱེད་བཅུག་སྟེ། །དེ་ལས་བྱུང་བའི་བྱང་ཆུབ་སེམས། །བླངས་ལ་འཐུང་དུ་གཞུག་པར་བྱ། །དེ་ཚེ་རྡོ་རྗེ་ཅན་གྱིས་ནི། །དེ་ལ་འདོད་བཞིན་སྒྲུབ་ཐབས་བཤད། །དེ་ནས་སྔར་བཤད་པའི་མཆོད་པ་རྣམ་

པ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་དང་། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་ཡང་དག་པར་མཆོད་ལ། སློབ་མ་རྣམས་ལ་འདི་སྐད་དུ། ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཅི་ནུས་པར་མཆོད་པ་གྱིས་ཤིག་ཅེས་བརྗོད་པར་བྱའོ། །

Vol. 41 · folio 179a

རོ་དང་ལྡན་པའི་ཟས་ཀྱི་བྱེ་བྲག་ལ་སོགས་པ་ཐམས་ཅད་དང་། བ་གླང་དང་། ཁྱི་དང་། གླང་པོ་དང་། རྟའི་དང་། མིའི་མར་མེ་བྱེ་བྲག་རྣམས་དང་། མྱོས་པ་དང་བཅས་པ་དང་། མྱོས་པ་མེད་པའི་བཏུང་བའི་བྱེ་བྲག་འཁོར་ལོ་ལ་ཕུལ་བ་རྣམས་ཀྱིས་ཇི་

ལྟར་ཞུགས་པ་རྣམས་ཀུན་དུ་ཚིམ་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པས་ཀྱང་རྡོ་རྗེ་བརྟུལ་ཞུགས་ཕོག་ལ། དེ་རྣམས་ལྷན་ཅིག་མཚན་མོ་གཉིད་མ་ལོག་པར། མཆོག་ཏུ་དགའ་བའི་ཆོ་གས་དཔལ་བདེ་བ་ཆེན་པོ་བསྒོམ་པ་དང་། གླུ་དང་

གར་ལ་སོགས་པ་རྣམས་ཀྱིས་འདུག་ཅིང་བཟླས་པ་བྱའོ། །ཡང་ཐམས་ཅད་ལ་སུ་ལ་ཡང་མ་སྨྲ་ཤིག་ཅེས་མནའི་སྙིང་པོ་བརྗོད་ལ། ཞུགས་པ་ཐམས་ཅད་བཏང་སྟེ། ཡང་མགོན་པོ་མཆོད་ནས་ཡང་དག་པར་བསྟོད་དེ། ཕྱོགས་རྣམས་སུ་གཏོར་མ་བྱིན་ལ། ཉེ་རེག་བྱས་ཏེ་ཕྱག་བཙལ་ནས། །

མཆོད་ཡོན་ཕུལ་ཏེ། དགེ་བ་ཡོངས་སུ་བསྔོས་ནས། །དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱ་སྟེ། བཛྲ་དྷྲྀཀ་ཨ་ཞེས་བྱ་བའམ། ཡི་གེ་མུཿའི་མཐའ་ཅན་གྱི་ཡི་གེ་གསུམ་བརྗོད་ཅིང་། ནམ་མཁའ་དང་མཉམ་པ་ཉིད་ཀྱིས་རང་གི་སྐུ་དང་གསུང་དང་ཐུགས་ལ་དཀྱིལ་འཁོར་གྱི་

འཁོར་ལོ་བཅུག་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱད། ཅེས་བྱ་བ་བརྗོད་ཅིང་དཀྱིལ་འཁོར་ཕྱིས་ཏེ། གསང་བའི་དཀྱིལ་འཁོར་ཡང་སྔ་མ་བཞིན་དུ་གཤེགས་སུ་གསོལ་ལ། ཚོན་རྩི་ལ་སོགས་པ་ཆུ་བོ་ཆེན་པོ་ལ་ཕོ་སྟེ། ཧཱུཾ་ཞེས་བྱ་བ་བརྗོད་ཅིང་དཀྱིལ་འཁོར་གྱི་ཕུར་བུ་

བཏོན་ལ། བདུད་རྩི་དང་བཅས་པའི་འོ་མས་བཀྲུས་ཏེ། རང་གི་སློབ་མ་དང་ས་བདག་བསྲུང་བའི་ཕྱིར་ཞི་བའི་སྦྱིན་སྲེག་བྱས་ལ། དུས་གསུམ་མཉམ་པ་ཉིད་དུ་བསྒོམ་པའི་སྒོ་ནས་ཅི་བདེ་བར་གནས་པར་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དེ་ལྟ་བུ་ནི་ཆོ་ག་ཞེས་བྱ་བའི་སྒྲས་བསྟན་པ་

ཡིན་ནོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། ཡོངས་སུ་སྟེ་རྣམ་པ་ཀུན་དུ་གསལ་བ་ནི་དང་པོ་ནས་བརྩམས་ཏེ། བུམ་པ་ལ་སོགས་པ་ཡང་དག་པར་དགོད་པའི་མཐར་ཐུག་པའོ། །ཤེས་བྱས་ནས་ཞེས་བྱ་བ་ནི་ཆོ་ག་རྣམ་པ་སྣ་ཚོགས་པ་མ་ཚང་བ་མེད་པར་སེམས་ཀྱིས་

Vol. 41 · folio 179b

ཁོང་དུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །སྐུ་དང་གསུང་ཐུགས་མཆོད་པ་ཡིས། །ཞེས་བྱ་བ་ལ་སྐུའི་དཀྱིལ་འཁོར་དང་། གསུང་གི་དཀྱིལ་འཁོར་དང་། ཐུགས་ཀྱི་དཀྱིལ་འཁོར་རྣམས་ཀྱི་མཆོད་པ་ནི། སྐུ་དང་གསུང་ཐུགས་མཆོད་པ་སྟེ། དེ་རྣམས་ཀྱིས་སོ། །མཆོད་པ་ཞེས་བྱ་བ་

ནི་ཕྱི་དང་ནང་གི་བདག་ཉིད་དང་བླ་ན་མེད་པ་ལ་སོགས་པའི་རང་བཞིན་ཏེ། དེ་དུས་འདིར་ནན་ཏན་དུ་བྱའོ། །དེ་ཉིད་བསྟན་པའི་ཕྱིར། བུད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་མདངས་བཟང་བ་ཞེས་བྱ་བ་ནི་ཟླ་བའི་མདོག་དང་ལྡན་ཞིང་དེའི་འོད་ཟེར་གྱི་ཚོགས་ཀྱིས་ཁྱབ་པའོ། །ཇི་

སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་བཙོ་བླག་མཁན་གྱི་བུ་མོ་ལོ་བརྒྱད་ཕྲག་གཉིས་ལོན་པ་ནི་སྐུའི་དཀྱིལ་འཁོར་གྱིའོ། །དེའི་ཞེས་བྱ་བ་ནི་སྐུའི་དཀྱིལ་འཁོར་གྱིའོ། །དབུས་སུ་ཞེས་བྱ་བ་ནི་བདག་པོའི་གནས་སོ། །མཉེས་པར་བྱ་ཞེས་བྱ་བ་ནི་སྔར་བཤད་པའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་

དུའོ། །དེ་བཞིན་དུ་གར་མཁན་གྱི་བུ་མོ་ན་ཚོད་ལོ་ཉི་ཤུ་ལོན་པ། རྒྱ་སྐྱེགས་ལྟ་བུའི་མདོག་དང་ལྡན་པ། གོས་དཀར་མོའི་རྣམ་པ་ཅན་ནི་གསུང་གི་དཀྱིལ་འཁོར་གྱིའོ། །ཡོན་ཏན་སྐེ་རགས་ཞེས་བྱ་བ་ལ་སོགས་པ་ལ། གདོལ་པའི་བུ་མོ་ལོ་བཅུ་གཉིས་ལོན་པ། ཨུཏྤ་ལའི་འདབ་མའི་

མདོག་ཅན། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་མ་ལུས་པས་བརྒྱན་པའི་མཱ་མ་ཀཱིའི་གཟུགས་སུ་རྣམ་པར་བསྒོམས་ལ་སྟེ། ལེའུ་འདི་ཉིད་དུ་སྐུའི་དཀྱིལ་འཁོར་ལ་སོགས་པའི་དོན་དུ་གསོལ་བ་བཏབ་པ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་ནི་

དཔལ་རྡོ་རྗེ་འཆང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། །དམ་ཚིག་གི་དཀྱིལ་འཁོར་ཕྲ་མོ་གང་ལ་དེ་ཉིད་གནས་ཏེ། རྒྱུ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་ཞི་བ་སྟེ་མཆོག་ཏུ་དགའ་བའི་རྟོག་པའི་ཉེས་པ་མ་ལུས་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །སྤྲོ་ཞེས་པ་ནི་སློབ་མ་

གཞུག་པའི་ཆོ་ག་བཞིན་དུ། སློབ་དཔོན་གྱིས་གཞུག་པ་དང་། དབང་བསྐུར་བ་དང་། མན་ངག་ཕོག་པའི་རྗེས་ཐོགས་ལའོ། །ཤེས་རབ་ཀྱི་ཆོས་འབྱུང་གི་ནང་ན་གནས་པ་ཉིད་ཡིན་པའི་ཕྱིར་ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན་པ་སྟེ། དེ་ཐམས་ཅད་ནི་བཤད་ཟིན་ཏོ། །བཤང་གཅི་

Vol. 41 · folio 180a

ཞེས་བྱ་བ་ལ་སོགས་པ་ཡང་བཤད་ཟིན་ཏོ། །དེ་ལྟར་བྱས་ནས་བཀའ་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ནས་དེའི་རང་བཞིན་དུ་འགྱུར་རོ། །སངས་རྒྱས་རྣམས་འབའ་ཞིག་ནི་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་

དཔའ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འབྱིན་པའི་སྐབས་སུ་བྱང་ཆུབ་སེམས་དཔའ་རྣམས་དབྱུང་བར་

མི་སྣང་མོད་ཀྱི། འོན་ཀྱང་ཚིག་འདི་ཉིད་ཀྱིས་འདི་རྣམས་དཀྱིལ་འཁོར་འདིར་དགོད་པ་ཁོ་ན་ཡིན་ནོ། །དེ་རྣམས་ནི་སྔགས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། བརྗོད་ཀྱིས་མི་ལང་བ་རྣམས་ཀྱི་ནང་ནས་དགོས་པའི་དོན་དམ་ཚིག་རྡོ་རྗེ་ལ་སོགས་པ་རྣམས་བཏུས་ནས་བརྗོད་པ་ཉིད་ཡིན་པའི་ཕྱིར་རོ། །

ལེའུ་བཅུ་གཅིག་པ་ལས་ཀྱང་འདི་རྣམས་ཀྱི་སྔགས་དང་དངོས་གྲུབ་རྣམས་གསུངས་ཏེ། དེའི་ཕྱིར་དེ་རྣམས་ཀྱིས་ཕྱུང་ལ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ་ཞེས་རྟོགས་པར་བྱའོ། །ལེའུ་བཞི་པའི་རྣམ་པར་བཤད་པའོ།། །།བུམ་པའི་དབང་བསྐུར་བའི་རྗེས་ལ་རྡོ་རྗེ་བརྟུལ་

ཞུགས་ཀྱི་མཐར་དམ་ཚིག་དང་སྡོམ་པ་དབོག་པར་བྱ་བ་ཡིན་པས། ཀུན་དུ་སྤྱོད་པ་མཆོག་གི་ལེའུ། དེ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །སྤྱོད་པ་ཀུན་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་རང་བཞིན་ནོ། །

དེའི་མཆོག་ནི་རྣལ་འབྱོར་གྱི་སྤྱོད་པ་ཡིན་ཞིང་། སྤྱོད་པའི་རང་བཞིན་གྱི་ཆོས་དེའི་དོན་ནི་དེ་བཞིན་ཉིད་དེ། དེའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་དེས་བཀའ་སྩལ་ཏོ། །རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་ལ། སྒྲུབ་པར་བྱེད་ཅེས་བྱ་བར་སྦྱར་རོ། །རྟོག་པའི་ཉེས་པ་མ་ལུས་

པ་དང་བྲལ་བའི་ཟག་པ་མེད་པའི་བདེ་བ་ཆེན་པོ་མཆོག་ནི་རྣམ་པར་མི་རྟོག་པའི་དོན་ཏོ། །དེ་ལས་བྱུང་བའི། འདོད་ཆགས་ཞེ་སྡང་གཏི་མུག་རིགས། །ཞེས་བྱ་བ་ལ། འདོད་ཆགས་ནི་པདྨའི་རིགས་སོ། །ཞེ་སྡང་ནི་རྡོ་རྗེའི་རིགས་སོ། །གཏི་མུག་ནི་དེ་བཞིན་གཤེགས་པའི་རིགས་སོ། །

Vol. 41 · folio 180b

ཐེག་པའི་མཆོག་ཅེས་བྱ་བ་ནི། ཐེག་པ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའོ། །འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་ཐབས་སྟོན་པར་བྱེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་འདི་ལས་མཆོག་ཏུ་གཞན་མེད་པས་ན་བླ་ན་མེད་པའོ། །སྒྲུབ་པར་བྱེད་ཅེས་བྱ་བ་ནི་དེ་བཞིན་དུ་རྣལ་འབྱོར་པའི་རྒྱུད་

ལ་འོད་དཔག་ཏུ་མེད་པ་ལ་སོགས་པའི་རང་བཞིན་གྱི་རིགས་གསུམ་སྒྲུབ་པར་བྱེད་པའོ། །ཇི་དེ་ཙམ་འགའ་ཞིག་སྒྲུབ་པར་བྱེད་དམ་ཞེ་ན། དེའི་ཕྱིར་གསུངས་པ། དངོས་གྲུབ་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པའོ། །རབ་མཆོག་ཅེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་ཕྱག་རྒྱ་ཆེན་པོའོ། །

འདིས་ནི་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་རིགས་གསུམ་ནི་རིགས་ཐམས་ཅད་སྐྱེས་པ་ཡིན་ནོ་ཞེས་བྱ་བར་བསྟན་པ་ཡིན་ནོ། །དེ་ལ་འདོད་ཆགས་རྣམ་པར་དག་པ་ནི་ངེས་པར་འབྱེད་པའི་ཤེས་རབ་སྟེ། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་སྒྲའི་རྗེས་སུ་འཇུག་པའི་ཤེས་

རབ་ཡིན་ཞིང་། དེའི་རང་བཞིན་ནི་འོད་དཔག་ཏུ་མེད་པའོ། །ཕྲག་དོག་ནི་ཞེ་སྡང་གིས་རབ་ཏུ་ཕྱེ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་རྣམ་པར་དག་པའི་རང་བཞིན་ནི་དོན་ཡོད་པར་གྲུབ་པའོ། །རྫས་ཀྱི་གཞིས་ཀུན་དུ་རྨོངས་པ་རྣམ་པར་དག་པའི་རང་བཞིན་མཆོག་ནི་རིན་ཆེན་འབྱུང་ལྡན་

ནོ། །རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ནི་རྣམ་པ་ཐམས་ཅད་རྣམ་པར་དག་པར་ལྷག་པར་མོས་པ་ཁོ་ན་ཡིན་གྱི། རིགས་ལ་སོགས་པ་ནི་མ་ཡིན་པས། དེའི་ཕྱིར་རིགས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་

གདུག་པ་དང་དྲག་པོ་དང་མི་བཟད་པའི་ལས་བྱེད་པ་རལ་གྲི་ལ་སོགས་པ་གཟུང་བར་བྱའོ། །རི་དགས་ལ་སོགས་པ་གསད་པའི་དོན་དེ་རྒྱུ་མཚན་དུ། དུག་དང་མཚོན་དང་རླུབས་དང་རྒྱ་ལ་སོགས་པ་སེམས་པར་བྱེད་པ་དང་། དེ་བྱ་བའི་ཐབས་ཉིན་དང་མཚན་དུ་སེམས་པར་བྱེད་པས་ན།

གསོད་དོན་དོན་གཉེར་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱིས་ཀྱང་དགེ་བའི་བཤེས་གཉེན་མཉེས་པའི་སྒོ་ནས་ཡང་དག་པའི་མན་ངག་ཐོབ་སྟེ། སྒོམ་པ་གོམས་པའི་སྟོབས་ཀྱིས་ཉེས་པ་དེ་རྣམས་ཀྱིས་གོས་པར་མི་འགྱུར་ཞིང་མི་བསྐྱོད་པ་ལ་སོགས་པ་མངོན་པར་འདོད་པ་རྣམས་

Vol. 41 · folio 181a

ཀྱང་འགྲུབ་པར་འགྱུར་ཏེ། དེ་སྐད་དུ་ཡང་། ལས་རྣམས་མི་བཟད་གང་གང་གིས། །སྐྱེ་བོ་རྣམས་ནི་འཆིང་འགྱུར་བ། །དེ་ཉིད་ཐབས་དང་བཅས་པ་ཡིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་སོ། །སེམས་ཅན་མཚམས་མེད་ཅེས་བྱ་

བྱ་བ་ལ་སོགས་པ་ལ། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ལྔ་པོ་འདི་རྣམས་ཀྱི་ནང་ནས་གང་ཡང་རུང་བ་བྱས་ན་ཤི་མ་ཐག་ཁོ་ནར་དམྱལ་བར་འགྲོ་བར་འགྱུར་བས་ན་མཚམས་

མེད་པའོ། །ཡང་ན་མན་ངག་གི་སྒོ་ནས་གཞན་དུ་བཤད་པར་བྱ་སྟེ། མི་བཟད་པའི་ལས་བྱེད་པའི་སེམས་ཅན་རྣམས་འཛིན་པས་ན་རིགས་ངན་ནི་བཅོམ་ལྡན་འདས་མི་བསྐྱོད་པ་སྟེ། དེ་རྣམ་པར་སྦྱོང་བའི་ཐབས་ཡང་དག་པར་སྟོན་པའི་སྒོ་ནས་རང་གི་རིགས་སུ་སྐྱེད་པར་བྱེད་པའི་ཕྱིར་རོ། །སྨྱིག་མ་

མཁན་ནི་རྣམ་པར་སྣང་མཛད་དེ། རྨོངས་པར་གྱུར་པའི་སེམས་ཅན་རྣམས་ནི་སྨྱིག་མ་ཡིན་ཞིང་། དེ་རྣམས་གཏི་མུག་གི་རྒྱུད་རྣམ་པར་དག་པའི་ངང་དུ་བྱེད་ཅིང་སྐྱེད་པར་བྱེད་པའི་ཕྱིར་རོ། །སོགས་ཞེས་བྱ་བའི་སྒྲས་ནི་འོད་དཔག་ཏུ་མེད་པ་དང་། རིན་ཆེན་འབྱུང་ལྡན་དང་། དོན་

ཡོད་པར་གྲུབ་པ་རྣམས་ཀྱིས། འདོད་ཆགས་དང་། ང་རྒྱལ་དང་། ཕྲག་དོག་གི་སྤྱོད་པ་ཅན་རྣམས་དེ་དང་དེ་རྣམ་པར་སྦྱོང་བའི་ཐབས་ཀྱི་སྒོ་ནས་རང་རང་གི་རིགས་རྣམས་སུ་སྐྱེད་པར་བྱེད་པའོ། །དེ་ཉིད་གསོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོད་པ་ལ་མངོན་པར་དགའ་བ་

རྣམས་ཀྱི་དོན་སེམས་དཔའ་ནི་མི་བསྐྱོད་པའོ། །ཀུན་དུ་རྨོངས་པ་རྣམས་ཀྱི་དོན་སེམས་པ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ལ་མངོན་པར་དགའ་བ་རྣམས་ཀྱི་དོན་སེམས་པ་ནི་འོད་དཔག་ཏུ་མེད་པ་ལ་སོགས་པ་རྣམས་སོ། །མཚམས་མེད་ཅེས་བྱ་བ་ནི་མཱ་མ་ཀཱི་སྟེ།

དེ་བཞིན་གཤེགས་པ་ཐམས་ཅད་ཕྱུང་བའི་རྗེས་ཐོགས་ཉིད་དུ་གང་ཞིག་དབྱུང་བར་བསྟན་པའོ། །སོགས་པ་ཞེས་བྱ་བས་ནི་འཕགས་པ་བདུད་རྩི་འཁྱིལ་པ་ལ་ཐུག་པའི་དཀྱིལ་འཁོར་པ་རྣམས་གཟུང་ངོ་། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཞེས་གསུངས་ཏེ། སེམས་ཅན་གྱི་དོན་དང་ཆོས་

Vol. 41 · folio 181b

ཀྱི་དབྱིངས་ལ་ཤིན་ཏུ་ཆགས་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་ཡོངས་སུ་དག་པའི་རང་བཞིན་ཅན་གྱི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི། དེ་དང་དེ་ལ་ལྷག་པར་མོས་པ་རྣམས་དེ་དང་དེ་ལྟ་བུའི་ཏིང་ངེ་འཛིན་རྣམས་ཀྱི་སྒོ་ནས་རྫོགས་པར་བྱང་ཆུབ་

པར་མཛད་པ་སྤྱོད་པ་ཡིན་པ་དེའི་ཕྱིར། དེའི་མཐུས་སྡིག་པ་ཆེན་པོ་བྱེད་པ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། སྡིག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་རིགས་ངན་ལ་སོགས་པ་བསྡུས་པ་ཉིད་ཡིན་པའི་ཕྱིར་རོ། །སྐབས་འདིར་སྡིག་པ་ཆེན་པོ་རྣམས་ནི་མཚམས་མེད་པ་ལྔ་

ལ་སོགས་པ་རྣམས་ཡིན་པར་རྟོགས་པར་བྱའོ། །རིགས་ངན་ནི་མི་བསྐྱོད་པའོ་ཞེས་བྱ་བའི་སྒྲ་འདི་ནི་མི་རིགས་པའི་དོན་ཅན་མ་ཡིན་ཏེ། དཔལ་ལྡན་ཐམས་ཅད་བཏུས་པ་ལས། །བཅོམ་ལྡན་འདས་ཀྱིས། ང་ནི་ཡི་དགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ལ། ཇི་ལྟར་

བཅོམ་ལྡན་འདས་ཡི་དགས་ཡིན་ཞེ་ན། སྡིག་པ་ཐམས་ཅད་སྤོང་བ་དང་། །འཁོར་བ་ལས་ནི་སྒྲོལ་བའི་ཕྱིར། །དེས་ན་ང་ནི་ཡི་དགས་བརྗོད། །ཆོས་ཀུན་རྣམ་པར་དག་ཕྱིར་རོ། །ཞེས་གང་གསུངས་པའོ། །ཡང་གང་ཞིག་འགྲུབ་པར་མི་འགྱུར་བ་ཉིད་ཡིན་ཞེ་ན། །སྙིང་

ནས་སློབ་དཔོན་སྨོད་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་མ་ལུས་པའི་ཡོན་ཏན་གྱི་ཚོགས་ཀྱི་རྟེན་དུ་གྱུར་པ། བྱང་ཆུབ་ཀྱི་སེམས་དམ་པའི་རང་བཞིན་ཅན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ལ། སེམས་ལོག་པ་ཅུང་ཟད་ཙམ་བྱས་པས་ཀྱང་དམྱལ་བ་ལ་

སོགས་པ་ངན་སོང་གི་རྒྱུའི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་བ་དེའི་ཕྱིར་འགྲུབ་པའི་སྐབས་ག་ལ་ཡོད། དངོས་གྲུབ་རྣམས་ནི་དགེ་བའི་བཤེས་གཉེན་ལ་རག་ལུས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་འདི་ཉིད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་

དངོས་གྲུབ་རྣམས་ནི་སྐུ་དང་གསུང་དང་ཐུགས་གསང་བ་གསུམ་གྱི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་ཡིད་ལ་གནས་པ་ཡིན་ནོ་ཞེས་གསུངས་སོ། །སྡིག་པ་ཆེན་པོ་བྱེད་པ་ཉིད་དག་བསལ་བར་བྱ་བའི་ཕྱིར། སྲོག་གཅོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་ཅེས་བྱ་བ་ནི་

Vol. 41 · folio 182a

རྒྱུན་མི་འཆད་པར་རབ་ཏུ་འཇུག་པའི་མཚན་ཉིད་ཅན་གྱི་རླུང་ཆེན་པོའོ། །དེ་གཅོད་པ་ནི་འགོག་པ་སྟེ་དེ་བྱེད་པས་ན་སྲོག་གཅོད་པའི་སེམས་ཅན་རྣམས་ཡིན་ཞིང་། དེ་རྣམས་ལ་འཆད་པར་འགྱུར་བའི་ཚུལ་བཞིན་དུ་མི་བསྐྱོད་པའི་མན་ངག་སྦྱིན་པར་བྱའོ། །

དེ་བཞིན་དུ་བརྫུན་དུ་སྨྲ་བ་དང་། གཞན་གྱི་ནོར་འཕྲོག་པ་དང་། ཚངས་པར་སྤྱོད་པ་མ་ཡིན་པ་འཇུག་པ་རྣམས་ལ་གོ་རིམས་བཞིན་དུ། དོན་ཡོད་པར་གྲུབ་པ་དང་། རྣམ་པར་སྣང་མཛད་དང་། འོད་དཔག་ཏུ་མེད་པ་རྣམས་ཀྱི་མན་ངག་སྦྱིན་པར་བྱའོ། །བཤང་གཅི་ཞེས་བྱ་བ་ལ་སོགས་

པས་ནི་བཟའ་བ་དང་བཟའ་བ་མ་ཡིན་པའི་རྣམ་པར་རྟོག་པའི་ནད་ཞི་བར་བྱེད་པ་དང་། མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དང་། རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པ་ཡིན་པའི་བསམ་པ་དམ་པས་སྨན་ཟས་སུ་ཟ་བ་རྣམས་ཁོ་ན་སྣོད་དུ་འགྱུར་གྱི། དམ་ཚིག་ལ་སྡང་བ་གཞན་རྣམས་ནི་མ་ཡིན་པ་

བསྟན་པའོ། །ཇི་ལྟར་འཇིག་རྟེན་ལ་རབ་ཏུ་གྲགས་པའི་མ་དང་སྲིང་མོ་དང་བུ་མོ་ལ། རང་གི་དམ་ཚིག་ཀུན་དུ་སྤྱོད་ཅིང་དེ་ཁོ་ན་ཉིད་ཤེས་པས་མན་ངག་ཇི་ལྟ་བ་བཞིན་དུ་རང་གི་རིག་མའི་རྣམ་པར་ཡང་དག་པར་དམིགས་ཏེ་མཉེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཚྭ་དང་ཆང་དག་ལ་བྱེ་བྲག་མ་མཐོང་

བ་བཞིན་དུ། ཐ་མལ་པའི་བུད་མེད་རྣམས་དང་ལྷན་ཅིག་མ་ལ་སོགས་པ་རྣམས་ལ། ནུ་མ་དང་སྐྲ་ལ་སོགས་པ་རྣམས་དང་ལྡན་པར་བྱེ་བྲག་མི་དམིགས་པའི་ཕྱིར་རོ། །རེ་ཞིག་འཇིག་རྟེན་པའི་མ་ལ་སོགས་པ་རྣམས་ལྟ་ཞོག་གི། སངས་རྒྱས་ཏེ་རྡོ་རྗེ་འཆང་ཆེན་པོའི་ཡུམ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་མ་མཉེས་པར་བྱས་ཀྱང་དེའི་ཉེས་པ་རྣམས་ཀྱིས་མི་གོས་ཏེ། དེས་ནི་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། རྣམ་པར་མི་རྟོག་པ་སྟེ་མ་ལ་སོགས་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་དང་བྲལ་བའོ། །གལ་ཏེ་དེ་ལྟ་ན་འོ་ན་ནི་ཕྱུགས་རྣམས་ཀྱིས་

འགྲུབ་པར་འགྱུར་རོ་ཞེ་ན། དེ་བསལ་བའི་ཕྱིར་བློ་ཅན་གྱིས་ཞེས་བྱ་བ་གསུངས་ཏེ། ཁམས་གསུམ་པ་འདི་ནི་སེམས་ཁོ་ན་ཡིན་ནོ་སྙམ་དུ་སེམས་བསྐྱེད་པའི་སྒོ་ནས་ཕྱི་རོལ་གྱི་དོན་བཀག་ལ། སེམས་དེ་ཡང་སྟོང་པ་ཉིད་ཀྱི་རྣམ་པར་རྟོག་པར་བྱ་སྟེ། སྐྱེ་བ་མེད་པ་རྟོགས་པའི་རང་

Vol. 41 · folio 182b

བཞིན་ཅན་སེམས་དེ་ནི་ངོ་བོ་ཉིད་མེད་པའི་ཤེས་རབ་ཡིན་ནོ། །དེ་སྐད་དུ་ཡང་སྔགས་ཀྱི་དོན་ལ་རྣམ་པར་རྟོག་པར་བྱེད་པ་ནི་རྣམ་པར་མི་རྟོག་པའི་བློ་ཅན་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་རྣམ་པར་མི་རྟོག་པའི་བློ་ཅན་གྱི་སྔགས་ཐམས་ཅད་ཤེས་པ་ནི་འབྲས་བུ་སྟེར་བ་ཡིན་གྱི།

གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་སྐད་ཐོས་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ། རིགས་མ་ངེས་པའི་སེམས་ཅན་རྣམས་དང་ཐ་མི་དད་པའི་རང་བཞིན་ཅན་རྣམས་ངོ་མཚར་དུ་གྱུར་

པ་ནི་དེ་རྣམས་དང་རྗེས་སུ་མཐུན་པར་སྟོན་པའོ། །ཅིའི་ཕྱིར་རྒྱུ་ཀུན་ནས་ཉོན་མོངས་པ་ཅན་ལས་འབྲས་བུ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་སྙམ་དུ་རྨད་དུ་གྱུར་པ་ནི་དེ་ལྟ་བུ་མ་མཐོང་ཞིང་མ་ཐོས་པའོ། །ཅིའི་སླད་དུ་ཞེས་བྱ་བའི་སྒྲ་ནི་སྤོང་བའོ། །ཚིག་ངན་པ་གསུང་

ཞེས་བྱ་བ་ནི་སྡིག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ། སངས་རྒྱས་གཙོ་བོའི་ཡུམ་དག་ལ། །ཞེས་བྱ་བ་ལ་ཐུག་པའི་བར་གྱི་ཚིག་འདི་གསུངས་པའོ། །དོན་དེ་ནི་རིགས་པ་མ་ཡིན་པ་ཁོ་ན་སྟེ། སྒྲའི་དོན་སྒྲ་ཇི་ལྟ་བ་བཞིན་དུ་འཛིན་པའི་མ་འོངས་པའི་སེམས་ཅན་རྣམས་དེ་སྐད་

དུ་སྨྲ་བར་འགྱུར་བའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་རྣམས་དང་ཐ་མི་དད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རྣམས་མཐོང་དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་ལ། མཐོང་ཐོས་ཞེས་བྱ་བ་ནི་རིགས་པ་ཡིན་པའོ། །

མ་ནི་དགག་པ་སྟེ། དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་འདི་ཉིད་ཀྱིས་དགག་པ་གྲུབ་པའི་ཕྱིར་རོ། །འདི་ཞེས་བྱ་བ་བཤད་མ་ཐག་པའི་སྡིག་པ་ཆེན་པོ་ལ་སོགས་པའི་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྟོང་པ་ཉིད་དེ། གཟུགས་ཉིད་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ་ཞེས་འབྱུང་བའི་ཕྱིར་

རོ། །དེ་གང་རྣམས་དང་འབྲེལ་བ་ཡིན་ཞེ་ན། སྙིང་པོ་ཡེ་ཤེས་ཅན་རྣམས་ཀྱི། །སངས་རྒྱས་ཞེས་བྱ་བ་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར། སྙིང་པོ་ཡེ་ཤེས་ཅན་ནི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམས་ཏེ། དེ་

Vol. 41 · folio 183a

རྣམས་ཀྱིའོ། །སྙིང་པོ་ཆོས་ཀྱི་དོན་ནི་བདེ་བ་ཆེན་པོའི་རང་བཞིན་ཆོས་ཀྱི་སྐུ་སྟེ། དེ་ལས་བྱུང་བ་ནི་སྙིང་པོ་ཆོས་ཀྱི་དོན་ལས་བྱུང་བའོ། །འདི་ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའི་དོན་ཏེ། འདི་ལྟ་བུ་ཁོ་ན་བྱང་ཆུབ་ཐོབ་པར་བྱེད་པའི་སྤྱོད་པའི་གནས་ཏེ། རྒྱུན་ཡིན་གྱི་

གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་། ཐབས་ཆེན་དག་དང་ལྡན་པ་ལ། །བག་ཆགས་བཅས་པའི་འཁོར་བ་དང་། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེ་ཕྱིར་དེ་བཞིན་གཤེགས་བསམས་ཡང་། །ཞེས་གསུངས་སོ། །དེ་ལྟར་དེ་བཞིན་གཤེགས་པ་

རྣམས་ཀྱིས་རྟོགས་པར་མཛད་བཞིན་དུ་ཡང་། ལམ་ལོག་པར་ཞུགས་པའི་རིགས་མ་ངེས་པ་རྣམས་ནི་འཇིགས་སྐྲག་པར་གྱུར་ཏོ། །རིགས་ཆད་པ་དེ་རྣམས་བརྒྱལ་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་བརྒྱལ་བ་རྣམས་བསླང་བའི་ཕྱིར། དེ་

བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པར་གྱུར་ཏོ། །གསོལ་བ་བཏབ་པའི་རྗེས་ཐོགས་ལ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་ཐ་མི་དད་པའི་ངེས་པར་འབྱེད་པའི་ཤེས་རབ་ཡིན་

ཞིང་དེ་ཉིད་ཐབས་ཀྱི་སྟོབས་ཀྱིས་བུད་མེད་ཀྱི་གཟུགས་སུ་གྱུར་ཏེ། དེ་དང་ལྷན་ཅིག་གཉིས་སུ་རྣམ་པར་རྟོག་པ་མེད་པས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི། ནམ་མཁའ་མཉམ་པ་གཉིས་སུ་མེད་པ་ཞེས་བྱ་བའི་སྒྲར་བརྗོད་དོ། །དེ་ཉིད་ནི་མི་ཤིགས་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ་ཏིང་

ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པས་ནི། རང་གི་ཏིང་ངེ་འཛིན་ལས་རྣམ་པར་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་ནམ་མཁའི་དབྱིངས་མ་ལུས་པ་ཁྱབ་པར་གྱུར་པའི་དེ་བཞིན་

གཤེགས་པ་རྣམས་བཀུག་སྟེ། རང་གི་ལུས་ལ་བཅུག་ནས་ལས་ལ་གནས་པར་བྱ་སྟེ། མཆོག་ཏུ་དགའ་བའི་གནས་སྐབས་སུ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་རྒྱུན་ཡེ་ཤེས་ཀྱི་འོད་ཟེར་འབར་བ་རྣམས་ཀྱིས་དབང་བསྐུར་ནས་བསླང་བར་གྱུར་པ་དེ་ནི་འོད་ཀྱིས་རེག་པ་ཙམ་གྱིས་ཞེས་བྱ་

Vol. 41 · folio 183b

བ་འདིའི་དོན་ཡིན་པར་བསྟན་ཏོ། །རང་རང་གི་སྟན་ལ་ཞེས་བྱ་བ་དཀྱིལ་འཁོར་གནས་ཇི་ལྟ་བ་བཞིན་དུ་གནས་ཤིང་འཁོད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་ཆེན་པོ་མཛད་པ་གཟིགས་ནས་དེ་བཞིན་གཤེགས་པ་

རྣམས་ངོ་མཚར་དང་རྨད་དང་དགྱེས་པར་གྱུར་ནས་ཆོས་ཀྱི་དབྱིངས་བསྒྲགས་པར་གྱུར་ཏོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཆོས་ཞེས་བྱ་བ་ནི་བཤད་མ་ཐག་པའི་ལུང་གི་བདག་ཉིད་དོ། །ཆོས་ཞེས་བྱ་བ་སྒྲ་གཉིས་པས་ནི་བཅོམ་ལྡན་འདས་ཀྱིས་སྟོབས་དང་མི་འཇིགས་པ་

ལ་སོགས་པ་ཐུགས་སུ་ཆུད་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་དོན་མཛད་པ་གཟིགས་ནས་ངོ་མཚར་དུ་གྱུར་པ་སྟོན་ཏོ། །ཆོས་ཀྱི་དོན་ལས་བྱུང་བ་ནི་སྟོང་པ་ཉིད་ལ་སོགས་པའི་རྒྱུ་མཐུན་པ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རྡོ་རྗེ་འཆང་ཆེན་པོའོ། །ཆོས་དོན་

དག་པ་བདག་མེད་པ། །ཞེས་བྱ་བ་ལ་ཇི་ལྟར་ཀུན་དུ་བརྟག་པའི་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ཀྱི་རྒྱུ་མཐུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་དོན་དག་པ་སྟེ། དེའི་རང་བཞིན་ཅན་གྱི་རྣམ་པར་སྣང་མཛད་ནི་ཆོས་དོན་དག་པ་བདག་མེད་པའི་སྒྲར་བརྗོད་དོ། །རྡོ་རྗེ་ནི་སོ་སོར་རྟོག་པའི་ཡེ་ཤེས་

ཡིན་ཞིང་། དེས་གསལ་ཞིང་འབར་བས་ན་རྡོ་རྗེ་རྒྱལ་པོ་སྟེ་འོད་དཔག་ཏུ་མེད་པའོ། །སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པ་ནི་རིན་ཆེན་འབྱུང་ལྡན་ཏེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་རྒྱུ་མཐུན་པ་སྐུ་ལ་སོགས་པ་མཉམ་པ་ཉིད་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ནམ་མཁའ་དང་

ནི་མཉམ་ཉིད་གནས་པ་ནི་དོན་ཡོད་པར་གྲུབ་པ་སྟེ། རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བའི་རྒྱུ་མཐུན་པ་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་ནི་ནམ་མཁའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །རྣམ་པར་མི་འགྱུར་སྣང་བ་མེད། །ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དང་བྲལ་

བའི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་རང་བཞིན་ཅན་གྱི་མི་བསྐྱོད་པ་སྟེ། ནམ་མཁའ་བཞིན་དུ་མི་ཟད་པ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་སྐུ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་སངས་རྒྱས་སྤྱན་གྱི་རྣམ་པར་ཡོངས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། །ཞེས་བྱ་བ་ནི་འདས་

Vol. 41 · folio 184a

པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་བདག་ཉིད་ཀྱི་ཐུགས་ལ་མཱ་མ་ཀཱིའི་རྣམ་པར་གསལ་བར་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དབྱིངས་གྱུར་ནམ་མཁའ་ཆེན་མོ་སྟེ། །ཞེས་བྱ་བ་ནི་སྨོན་ལམ་མི་དམིགས་པས་དབྱིངས་

ཏེ། རྒྱུ་རྣམ་པར་དཔྱད་ན་མེད་པའི་ཕྱིར་ནམ་མཁའ་ཆེན་མོ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང་། དེའི་རང་བཞིན་ཅན་གྱི་གོས་དཀར་མོའོ། །ནམ་མཁའི་ལམ་ཞེས་བྱ་བ་ནི་ནམ་མཁའི་མཚན་ཉིད་ཅན་གྱི་རྣམ་པར་ཐར་པའི་སྒོ་རང་བཞིན་ཅན་གྱིས་འོད་གསལ་བའི་རྒྱུ་མཐུན་པ་བྱ་བ་སྒྲུབ་

པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དོན་ཡོད་པར་གྲུབ་པའི་རང་བཞིན་ཅན་གྱི་སྒྲོལ་མའོ། །ནམ་མཁའི་སྐུ་ལས་ཡང་དག་བྱུང་། །ཞེས་བྱ་བ་ནི་སྐུ་རྡོ་རྗེའི་རང་བཞིན་ཅན་གྱི་འཕགས་པ་གཤིན་རྗེ་མཐར་བྱེད་ཡིན་པའི་ཕྱིར་རོ། །ནམ་མཁའི་གསུང་ལ་གནས་པ་པོ། །ཞེས་བྱ་བ་ནི་འོད་དཔག་ཏུ་

མེད་པའི་བདག་ཉིད་ཀྱི་འཕགས་པ་རྟ་མགྲིན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ནམ་མཁའི་ཐུགས་ཏེ་ཆོས་ཀྱི་མཆོག །ཅེས་བྱ་བ་ནི་མི་བསྐྱོད་པའི་རིགས་ལས་བྱུང་བའི་འཕགས་པ་གཞན་གྱིས་མི་ཐུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སྤྱོད་པའི་གནས་ཞེས་བྱ་བ་ལ། སྤྱོད་པ་སྟེ་འགྲོ་བ་

མ་ལུས་པའི་བྱ་བ་སྒྲུབ་པར་བྱེད་པའི་རང་བཞིན་གྱི་གནས་ནི་རྒྱུ་སྟེ། འཕགས་པ་བདུད་རྩི་འཁྱིལ་པ་ཡིན་ཞིང་དེའི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་འོ། །ཚིག་དེ་རྣམས་ཀྱིས་ནི་ཇི་ལྟར་བཅོམ་ལྡན་འདས་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་ཉེ་བར་

དམིགས་པ་དེ་ཁོ་ན་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཀྱི་རང་བཞིན་གྱི་སྒོ་ནས་ཡང་དག་པའི་ཡོན་ཏན་རྣམས་ཀྱིས་ཀུན་དུ་བསྟོད་པའོ། །ཕྱག་འཚལ་བའི་ཚིག་འདི་རྣམས་ཀྱིས་ཀྱང་སྔ་མ་བཞིན་དུ་ཕྱག་བཞི་བྱ་བར་ཁོང་དུ་ཆུད་པར་བྱའོ། །

ཀུན་དུ་སྤྱོད་པའི་མཆོག་ཅེས་བྱ་བ་ནི། རྣམ་པ་ཐམས་ཅད་རྣམ་པར་སྦྱོར་བའི་ཐབས་ཀྱི་རྣམ་པར་འཇུག་པ་སྟེ། དོན་དེ་སྟོན་པར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།ཇི་ལྟ་བ་བཞིན་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ལྡན་པས་ཕུང་པོ་

Vol. 41 · folio 184b

ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དང་རྗེས་སུ་མཉེས་པར་བྱ་བ་དང་། མཆོད་པའི་ཚོགས་བྱིན་གྱིས་བརླབ་པར་བྱ་བ་ཡིན་པས། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ལེའུ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་

རྗེས་ཐོགས་སུའོ། །ཡང་ཞེས་བྱ་བའི་སྒྲ་ནི་ཚིག་གི་རྒྱན་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས། གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསང་བ་ནི་ཇི་སྐད་བཤད་པའི་མཚན་དང་དཔེ་བྱད་རྣམས་ཀྱིས་རྣམ་པར་

སྤྲས་པའི་སྐུར་འགྲུབ་པར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་སོ། །གསུང་གི་གསང་བ་ནི་སོ་སོ་ཡང་དག་པར་རིག་པ་བཞིས་གསལ་བར་གྱུར་པའི་གསུང་རྡོ་རྗེར་བྱིན་གྱིས་རློབ་པར་བྱེད་པའི་སྔགས་སོ། །ཐུགས་ཀྱི་གསང་བ་ནི་སྙིང་གར་དཔལ་བེའུའི་རྣམ་པ་ཅན་གྱི་སྐྱེས་བུ་ཆེན་པོའི་མཚན་

བྱིན་གྱིས་རློབ་པར་བྱེད་པའི་སྔགས་ཏེ། ཏིང་ངེ་འཛིན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་བྱིན་བརླབ་པའི་སྔགས་ཞེས་བྱ་བ། རྒྱུད་ཐུགས་རྡོ་རྗེ་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་དང་པོར་གསུངས་ཏེ། སྐུ་དང་གསུང་དང་ཐུགས་གོ་རིམས་བཞིན་དུ་བྱིན་གྱིས་བརླབ་པ་ནི་མན་ངག་

ཡིན་པར་ཁོང་དུ་ཆུད་པར་བྱའོ། །རྡུལ་དང་བྲལ་བ་ནི་སྐུ་རྡོ་རྗེ་སྟེ། གཟུགས་བརྙན་མ་ལུས་པའི་རྒྱུ་མེ་ལོང་ལྟ་བུའི་ཡེ་ཤེས་དྲི་མ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་གནས་ཏེ་གཟུགས་བརྙན་མ་ལུས་པའི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གང་ལ་མི་ཕྱེད་པ་ཉིད་ཡིན་པའི་

ཕྱིར་རྡོ་རྗེ་གང་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཉམ་པ་ཉིད་མི་གཉིས་པ་ནི་གསུང་རྡོ་རྗེ་སྟེ། ཁམས་གསུམ་པའི་ཚིག་ཏུ་བརྗོད་པའི་བྲག་ཅ་སྒྲ་དང་མཚུངས་པ་ལ་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་གཉིས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལ་དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་

བྱའོ། །རྡོ་རྗེ་གསུམ་པོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་སྔགས་གསུམ་པོ་སྐུ་རྡོ་རྗེ་ལ་སོགས་པ་བསྐྱེད་པ་སྟོན་པར་བྱེད་པའི་རྒྱུ་སྟེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་ཡིན་པའི་ཕྱིར་རོ། །འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་པས་ན། དེ་བཞིན་གཤེགས་པའི་འོ། །གསང་ཞེས་བྱ་

Vol. 41 · folio 185a

བ་ནི་བསྟན་པར་བྱ་བ་མ་ཡིན་པའོ། །གནས་ཞེས་བྱ་བ་ནི་མགོ་དང་ལྐོག་མ་དང་སྙིང་གའོ། །གནས་ནི་རྣམ་པར་བསྒོམ་པར་བྱ། །ཞེས་བྱ་བ་ནི། དེ་རྣམས་སུ་རྟེན་དང་བཅས་པར་སྐུ་རྡོ་རྗེ་ལ་སོགས་པའི་ཡི་གེ་བསྒོམ་པའི་རང་བཞིན་ནོ། སྔགས་ཏེ་སྐུ་རྡོ་རྗེ་ལ་སོགས་པ་

རྣམས་ཀྱི་མཚན་དང་དཔེ་བྱད་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པའི་གསུང་གི་འཇུག་པ་དང་། སྐྱེས་བུ་ཆེན་པོའི་མཚན་དཔལ་བེའུ་རྣམས་ནི་སྔགས་ཀྱི་མཚན་ཉིད་དེ། དེ་རྣམས་ཀྱི་མཚོན་ཅིང་གསལ་བར་བྱས་པ་ནི། སྔགས་ཀྱི་མཚན་ཉིད་རྣམས་ཀྱིས་མཚོན་པར་གྱུར་པའོ། །བསྒྲུབ་

པ་ཉིད་དུ་བྱ་ཞེས་བྱ་བ་ནི་མན་ངག་ཇི་ལྟ་བ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་རྣམས་སུའོ། །གང་དག་གིས་ཤེ་ན། རབ་མཆོག་འདི་ཡིས་ཞེས་བྱ་བ། བཤད་མ་ཐག་པའི་ཡི་གེ་གསུམ་གྱིས་སོ། །དེས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཕུང་པོ་ལ་སོགས་བྱིན་གྱིས་བརླབ་པ་ལ་ཐུག་པའི་ཆོ་ག་

བྱས་པ་ལ། མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་འཁོར་ལོ་དང་ཆུ་སྐྱེས་དང་ཉི་མའི་དཀྱིལ་འཁོར་རྣམས་ལ། སྐུ་ལ་སོགས་པའི་ཡི་གེ་རྣམས་བསམས་ཏེ། དེ་རྣམས་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་བསྐྱེད་པའི་སངས་རྒྱས་སྤྱན་དང་། གོས་དཀར་མོ་དང་། མཱ་མ་ཀཱི་རྣམས་ཀྱིས།

ནམ་མཁའ་ཁྱབ་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་རྗེས་སུ་མཉེས་པར་བྱས་ལ། བཀུག་སྟེ་མདུན་ན་གནས་པའི་ཟླ་བ་ལ་སོགས་པའི་གདན་ལ་བཞུགས་པ་རྣམས་ལ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་

བཏབ་སྟེ། སྐུ་ལ་སོགས་པ་ལ་བཅུག་ལ། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ང་རྒྱལ་བསྐྱེད་ནས། སྔགས་འདི་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཡེ་ཤེས་སྒྲོན་མ་ནི་རིན་ཆེན་དཔལ་ཏེ། རྡོ་རྗེ་དང་པདྨ་ལས་བྱུང་བའི་འོད་ཟེར་གྱི་སྣང་བའི་སྒོ་ནས་

འཁོར་ལོ་གཉི་ག་རྗེས་སུ་མཉེས་པར་བྱེད་པའི་ཕྱིར་རོ། །གང་ལ་དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གདོན་མི་ཟ་བ་ནི་དོན་ཡོད་པར་གྲུབ་པ་སྟེ། འབྲས་བུ་དང་བཅས་པར་མངོན་པར་འདོད་པའི་རྫོགས་པའི་བྱང་ཆུབ་ལ་སོགས་པའི་འབྲས་བུ་སྒྲུབ་པར་བྱེད་པའི་མཆོད་

Vol. 41 · folio 185b

པའི་ཚོགས་བྱིན་གྱིས་རློབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲུབ་ཐབས་ལས་བཤད་པའི་ཚུལ་བཞིན་དུ་མངོན་པར་འདུས་བྱས་པའི་རིག་མ་དང་ལྷན་ཅིག་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བའི་ཚེ་རིན་ཆེན་དཔལ་གྱི་ང་རྒྱལ་དང་ལྡན་པས།

རྗེས་སུ་མཉེས་པར་བྱེད་པའི་སྔགས་བརྗོད་ལ། རིམ་པ་དེ་ཉིད་ཀྱིས་ལས་ལ་གནས་པར་བྱས་ཏེ། སྤྲོ་ཞིང་བསྡུས་ལ། བྱིན་གྱིས་བརླབས་པའི་རྗེས་ཐོགས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཚོགས་སངས་རྒྱས་སྤྱན་ལ་སོགས་པའི་རྣམ་པར་སྤྲོས་ཏེ། དེས་ནམ་མཁའི་

དབྱིངས་ཀུན་དུ་ཁྱབ་པར་བལྟ་ཞིང་། དོན་ཡོད་པར་གྲུབ་པའི་ང་རྒྱལ་དང་ལྡན་པས་མཆོད་པའི་ཚོགས་དེ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ཉིད་རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་བཞིན་ཞེས་བྱ་བ་ནི་ལ་ལ་ནི་གཟུགས་ཀྱི་

ངོ་བོར་ཞེས་བྱ་བ་ལ་སོགས་པའི་ཚུལ་བཞིན་དུའོ། །མཆོད་པ་རྣམ་པ་ལྔ་ནི་བདུད་རྩི་ལྔ་སྟེ། དེ་ལྟར་བྱེད་པས་ནི་མྱུར་དུ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྔགས་རྣམས་གང་ལས་འབྱུང་བ་དང་། ཇི་ལྟར་དེ་

ལས་བྱུང་བའི་འབྲས་བུ་འབྱུང་བར་འགྱུར་ཞེས་དཔྱད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུངས་སོ་ཞེས་བྱ་བར་སྦྱར་རོ། །དམིགས་པར་བྱ་བས་ན་དམིགས་པ་སྟེ། དཔྱད་པར་ཞེས་བྱ་བའི་དོན་ཏོ། །སྔགས་རྣམས་གང་ལས་འབྱུང་ཞེ་ན། ལུས་

ཏེ་རྐན་ནས་མཆུ་གཉིས་ཀྱི་ཚོགས་པའི་རང་བཞིན་ལས་སོ། །ཇི་ལུས་འབའ་ཞིག་ལས་སམ་ཞེ་ན། དེའི་ཕྱིར་གསུངས་པ་ངག་ཏེ་སྒྲའི་རང་བཞིན་ལས་སོ། །དེ་ཇི་ཙམ་འབའ་ཞིག་ལས་སམ་ཞེ་ན། དེའི་ཕྱིར་ཡིད་ཀྱིས་བསྐུལ་བ་ལས་ཞེས་བྱ་བ་གསུངས་ཏེ། གལ་ཏེ་དེ་

དག་ལ་སྐུལ་བར་བྱེད་པ་ཉིད་ཡོད་ནའོ། །དེ་ལྟར་གསུམ་འདུས་པ་ལས་བྱུང་བའི་སྔགས་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །ཇི་དེའི་ནུས་པ་དེ་ཙམ་ཁོ་ན་ཡིན་ནམ་ཞེ་ན། རབ་མཆོག་ཅེས་བྱ་བ་གསུངས་ཏེ། རིན་ཆེན་དཔལ་གྱི་ཕྱག་རྒྱ་ཆེན་པོའོ། །

Vol. 41 · folio 186a

དངོས་གྲུབ་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པའོ། །ཡིད་ནི་དེ་བཞིན་གཤེགས་པ་དྲུག་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་དོ། །དེ་མཉེས་པར་བྱེད་པ་ནི་འཕགས་པ་གཤིན་

རྗེ་མཐར་བྱེད་ལ་སོགས་པ་སྒོ་སྲུང་རྣམས་ཏེ་འདི་ཉིད་ལས་མཉེས་པར་བྱེད་པའི་དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་སོ་ཞེས་གསུངས་པའི་ཕྱིར་རོ། །འདོད་པ་ཞེས་བྱ་བ་ནི་འོང་བ་སྟེ་ཀུན་དུ་བཟང་མོ་ལ་སོགས་པ་ཡིན་ཞིང་། དཀྱིལ་འཁོར་པའི་ལྷ་ཐམས་ཅད་དང་རིག་

མའི་སྐུ་ཡང་སྒྲུབ་པར་བྱེད་དོ། །དེ་རྣམས་ཀྱི་རྒྱུ་དགག་པའི་ཕྱིར། སེམས་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་སེམས་ཉིད་ནི་སྐྱེ་བ་ལ་སོགས་པའི་རྣམ་པ་དང་། རྟག་པ་ལ་སོགས་པའི་མཚན་ཉིད་དང་ནང་ལ་སོགས་པའི་རང་བཞིན་དུ་དམིགས་པར་མི་

འགྱུར་རོ། །དེ་བཞིན་དུ་ངག་དང་ལུས་དག་མི་དམིགས་པའི་ཕྱིར་ནམ་མཁའི་མཚན་ཉིད་ཅན་ཡིན་ཏེ། གསུམ་འདུས་པ་ལས་བྱུང་བའི་ལུས་དང་ངག་དང་སེམས་ལ་དམིགས་ན་ངོ་བོ་ཉིད་དམིགས་སུ་མེད་དོ་ཞེས་དེ་ལྟར་རྣམ་པར་དཔྱད་ན། རེ་ཞིག་ལུས་ལ་སོགས་པ་ཉིད་མི་

དམིགས་ན། དེ་ལས་བྱུང་བའི་སྔགས་རྣམས་དང་། དེ་ལས་བྱུང་བའི་སྐུ་རྣམས་ལྟ་ག་ལ་དམིགས། དེ་ལྟར་དོན་དམ་པར། བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཀུན་རྫོབ་དང་། དོན་དམ་པ་ཐ་མི་དད་ཅིང་ཐབས་དང་ཤེས་རབ་འབྲེལ་པའི་བདག་ཉིད་ཅན། བཤད་ཟིན་

པའི་མཚན་ཉིད་དང་ལྡན་པའི་ལྷའི་རྣལ་འབྱོར་བསྒོམ་པར་བྱ་བའི་དོན་ཏོ། །སྔར་ནི་བསྒོམ་པ་གོམས་པར་མ་བྱས་པའི་སློབ་དཔོན་རྣམས་ཀྱིས་དཀྱིལ་འཁོར་བྲི་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བཤད་ལ། ད་ནི་སྒྲུབ་པ་པོ་རྣམས་ཀྱི་སེམས་བརྟན་པར་བྱ་བའི་ཕྱིར། དེ་ནས་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དཔལ་ལྡན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བླ་ན་མེད་པ་

Vol. 41 · folio 186b

ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པས་ན། དེ་བཞིན་གཤེགས་པ་ཀུན་གྱིས་མཆོད་པའོ། །སངས་རྒྱས་ཀུན་མཆོག་ཀུན་དུ་མཁྱེན་ཏེ་རྡོ་རྗེ་སེམས་པས་བཤད་དོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་རིག་མའི་ཆོས་འབྱུང་གི་དབུས་

ཀྱི་དཀྱིལ་འཁོར་གྱི་ལྟེ་བ་ནི་གནས་པའི་པདྨའི་སྟེང་དུ་ཟླ་བའི་གཟུགས་ཀྱི་གདན་རྣམ་པར་བསྒོམས་ལ། དེའི་སྟེང་དུ་སངས་རྒྱས་གཟུགས་ནི་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྣའི་རྩེ་མོར་ཞེས་བྱ་བ་ནི་པདྨའི་སྣ་རྩེའོ། །ཉུངས་ཀར་ཞེས་བྱ་བ་ནི་དེའི་ཚད་ཀྱི་བྱང་ཆུབ་

ཀྱི་སེམས་རིན་པོ་ཆེ་ཁ་དོག་ལྔ་པའོ། །འགྲོ་དང་མི་འགྲོ་ཞེས་བྱ་བ་ནི། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་འམ། ཡང་ན་ལྷ་མོ་བཞི་དང་ལྡན་པའི་གསང་བ་ལྔའི་བདག་ཉིད་དམ།

ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་སྙོམས་པར་ཞུགས་པའི་གཟུགས་གཅིག་པུ་སྟེ་དེའི་ནང་དུ་བསྒོམ་པར་བྱའོ། །ཡེ་ཤེས་གནས་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དཔལ་རྡོ་རྗེ་སེམས་དཔའ་མངོན་དུ་བྱ་བའི་འབྲས་

བུའོ། །དེའི་གཟུགས་དང་སྐུ་མདོག་ལ་སོགས་པའི་རྣམ་པར་བྱིན་གྱིས་བརླབས་པ་ནི་ཡེ་ཤེས་ཀྱིས་བརྟགས་པའོ། །སངས་རྒྱས་སྐུའི་གནས་ཞེས་བྱ་བ་ནི་དཔལ་རྡོ་རྗེ་འཆང་ལས་བྱུང་བའི་མི་བསྐྱོད་པ་དང་། དེ་བཅུག་པའི་ཞེ་སྡང་རྡོ་རྗེའོ། །དེའི་སྟེང་དུ་གནས་ཞེས་བྱ་བ་

ནི་མི་བསྐྱོད་པའི་རྣལ་འབྱོར་པས་མཱ་མ་ཀཱིའི་པདྨའི་སྣ་རྩེ་ན་གནས་པའི་ནས་ཀྱི་འབྲུའི་ཚད་ཙམ་གྱི་ཨུཏྤ་ལ་སྔོན་པོ་ལྟ་བུའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཡི་གེ་ཧཱུཾ་ལས་བྱུང་བའི་མི་བསྐྱོད་པའོ། །དེ་ཁོ་ན་བཞིན་དུ་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་པས་ཀྱང་རྡོ་རྗེ་རྩེ་མོ་དགུ་པའི་ལྟེ་བར་ཞེ་སྡང་

རྡོ་རྗེའོ། །དེ་བཞིན་དུ་སངས་རྒྱས་སྤྱན་གྱི་པདྨའི་སྣ་རྩེར་ཙ་ན་ཀའི་འབྲས་བུའི་ཚད་ཙམ་གྱི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའི་ལྟེ་བར་རྣམ་པར་སྣང་མཛད་དོ། །དང་པོའི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རིན་ཆེན་ནི་ཉུངས་ཀར་གྱི་འབྲུའི་ཚད་ཙམ་

Vol. 41 · folio 187a

སྟེ། འོན་ཀྱང་བཻ་ཌཱུརྱའི་མདོག་ཅན་ཡིན་ཞིང་དེའི་ནང་དུ་རིན་ཆེན་དཔལ་ལོ། །ཙ་ན་ཀའི་འབྲུའི་ཚད་ཙམ་ཞེས་བྱ་བ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་འོད་དཔག་ཏུ་མེད་པའོ། །འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་གདན་གྲུ་གསུམ་འོད་ཟེར་གྱིས་ཁྱབ་པའོ། །སངས་

རྒྱས་ཚུལ་ནི་ཞི་བ་སྤྲོ། །ཞེས་བྱ་བ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རང་བཞིན་དོན་ཡོད་པར་གྲུབ་པའོ། །འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། །ཞེས་བྱ་བ་ནི་ལྷའི་འཁོར་ལོ་ཕྱུང་བ་སྟེ། དེས་འགྲོ་བ་མ་ལུས་པའི་བྱ་བ་བསྒྲུབས་ནས། དེ་བགུག་སྟེ་གནས་ཇི་ལྟ་བ་བཞིན་དུ་དགོད་

པར་བྱའོ། །དེས་ནི་ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ཨུཏྤ་ལ་མཐིང་ག་ཞེས་བྱ་བ་ལ་སོགས་དེ་ཡང་བཤད་ཟིན་པ་ཁོ་ནའོ། །འཁོར་ལོ་ལ་སོགས་ཞེས་བྱ་བ་ནི་ལྷག་མ་ལུས་པའི་ཕྱག་མཚན་ཟླུམ་པོ་

དང་ཐུང་ངུ་དང་རིང་པོའི་བྱེ་བྲག་གིས་ཐ་དད་པ་རྣམས་ཏེ། དེ་དག་དང་རྗེས་སུ་མཐུན་པར་ཉུངས་ཀར་དང་ནས་དང་ཙ་ན་ཀའི་ཚད་ཙམ་བསྒོམ་པའོ། །དེར་ནི་བརྟག་པར་བྱ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་སྣའི་རྩེ་མོར་ཏེ་གཞན་དུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དོན་ཡོད་པར་གྲུབ་པར་

ནི་ནས་ཀྱི་འབྲུའི་ཚད་ཙམ་གྱི་རལ་གྲི་ཨུཏྤ་ལ་སྔོན་པོ་ལྟ་བུའི་ནང་ན་གནས་པར་རོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་རང་གི་རིག་མའི་ཆོས་འབྱུང་གི་ནང་ན་གནས་པའི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྟེ་བ་ན་གནས་པའི་པདྨར་ཉི་མ་ལ་

སོགས་པའི་གདན་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས། རང་གི་རིག་མའི་པདྨའི་སྣ་རྩེ་ན་གནས་པའི་རྡོ་རྗེ་ལ་སོགས་པའི་མཚན་མའི་ནང་ན་གནས་པའི་རང་གི་ས་བོན་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་

དམ། གསང་བ་ལྔའི་བདག་ཉིད་དམ། སྙོམས་པར་ཞུགས་པའི་རང་གི་བདག་པོའི་གཟུགས་གཅིག་པུ་བསྒོམ་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། བྱང་ཆུབ་གནས་ཞེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རང་གི་འདོད་པའི་ལྷའི་གཟུགས་སོ། །

Vol. 41 · folio 187b

དེ་ཉིད་ནི་མཆོག་ཏུ་དགའ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཉམས་དགའ་བ་སྟེ། དེ་སྐད་དུ་ཡང་། དེ་ནས་བརྩམས་ཏེ་མཉམ་གཞག་པས། །ཏིང་འཛིན་ཡེ་ཤེས་ཀྱིས་བརྟགས་པ། །གང་ཞིག་ཅུང་ཟད་ཅི་བསྒོམ་པ། །དེ་དག་ཐམས་ཅད་བརྟན་པར་འགྱུར། །ཞེས་

གསུངས་སོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཡིན་ཞེ་ན། གསུངས་པ་དཔལ་རྡོ་རྗེ་འཆང་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གནས་ཏེ་འདུག་པའི་རྟེན་ནོ། །སངས་རྒྱས་བྱང་ཆུབ་རབ་གནས་པ། །

ཞེས་བྱ་བ་ནི་རང་གི་རིག་མ་དང་ལྡན་པའོ། །དེ་ལས་མདོར་ན་སྤྲོ་བར་བྱ། །ཞེས་བྱ་བ་ནི་རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །ཞེས་སྔར་བཤད་པའི་ཚུལ་བཞིན་དུ་སེམས་བརྟན་པར་གྱུར་ནས་རང་གི་མཚན་མའི་ནང་ན་གནས་པའི་ལྷའི་སྐུ་སྤྲོ་བའོ། །དཀྱིལ་འཁོར་གྱི་

སྔོན་དུ་བསྙེན་པའི་དོན་དང་། སྒྲུབ་པའི་དོན་དུ་རིམ་པ་འདི་ཉིད་དང་པོ་ཡིན་ནོ། །ཆོས་ཀྱི་དམ་ཚིག་ཅེས་བྱ་བ་ནི་ལྷ་དེ་དང་དེའི་རང་བཞིན་སྟོན་པར་བྱེད་ཅིང་སྐུ་ལ་སོགས་པ་ཉེ་བར་མཚོན་པར་བྱེད་པའི་སྔགས་ཀྱི་ཚིག་སྟེ། དེ་ནི་བཟླས་པའི་ཆོ་ག་ལ་སྦྱར་བར་བྱའོ། །དེ་ལྟར་གང་ཡང་རུང་

བ་སྒོམ་པའི་སྒོ་ནས་སེམས་བརྟན་པར་བྱས་པའི་རྣལ་འབྱོར་པ་གཟུགས་ལ་སོགས་པའི་ཡུལ་དང་ལྡན་པས་ཉིན་རེ་ཞིང་ཐུན་བཞིའི་རིམ་པར་རང་གི་རིགས་ཀྱི་རིག་མ་དང་ཡང་དག་པར་སྦྱོར་བའི་མཆོག་ཏུ་དགའ་བ་ལས་བྱུང་བའི་བདུད་རྩི་མྱང་བ་དང་། སངས་རྒྱས་སྤྱན་ལ་སོགས་

པ་སྤྲོ་བས་མཆོད་པ་བྱེད་ཅིང་ཟླ་བ་དྲུག་བསྒོམ་པར་བྱའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཐོང་བས་སོ། །ཡང་དག་པར་སྦྱོར་བ་ལ་སོགས་པ་ཉིད་བཤད་པའི་ཕྱིར། གསང་བ་དེ་ཉིད་མཆོད་ཆེན་གྱིས། །ཞེས་བྱ་བ་གསུངས་ཏེ། གསང་བ་ནི་རྡོ་རྗེ་དང་ཆུ་སྐྱེས་ཡང་

དག་པར་སྦྱོར་བའོ། །དེ་ཉིད་ནི་བདེ་བ་ཆེན་པོའོ། །མཆོད་ཆེན་དེ་སྤྲོ་བའི་རང་བཞིན་དང་མངོན་པར་འདོད་པའི་དངོས་གྲུབ་ཀྱི་འབྲས་བུ་དོན་དུ་གཉེར་བས་བདུད་རྩི་ལྔ་བཟའ་བའི་བྱ་བ་ཡང་བྱའོ། །དེ་ཡང་དགུག་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དེ་སྐད་དུ་ཡང་། བཤང་གཅི་ལ་

Vol. 41 · folio 188a

སོགས་བཀུག་ནས་ནི། །བཟའ་བའི་དོན་དུ་རབ་སྦྱར་བྱ། །ཞེས་གསུངས་སོ། །བསྒོམ་པའི་མཐུ་ནི། དེ་ཉིད་བླ་མེད་འགྲུབ་པར་འགྱུར། །ཞེས་བྱ་བས་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་མངོན་པར་འདོད་པའི་ལྷའི་གཟུགས་

སོ། །བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་ཏེ། འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཡིན་པས་སྐྱོན་མེད་པའོ། །ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ཞུགས་པས་ནི་སྔགས་ཀྱིས་མངོན་པར་

འདུས་བྱས་པའི་ཤ་ཆེན་གྱི་བཟའ་བའི་བྱ་བ་བྱའོ། །དེ་བཞིན་དུ་མངོན་པར་ཤེས་པ་ལྔ་སྒྲུབ་པ་པོས་ནི་གླང་པོའི་ཤ་བཟའ་བ་དང་། མི་སྣང་བ་དོན་དུ་གཉེར་བས་ནི་རྟའི་ཤ་བཟའ་བ་དང་། ཞི་བ་ལ་སོགས་པའི་ལས་ཐམས་ཅད་བསྒྲུབ་པ་ལ་ཞུགས་པས་ནི་ཁྱིའི་ཤ་བཟའ་བར་བྱའོ། །ཟས་

གཞན་དག་ནི་མ་ཟོས་ན། །ཞེས་བྱ་བ་ནི་ཕུལ་དུ་བྱུང་བ་ཐོབ་པས་བཀུག་ལ། ཇི་སྐད་བཤད་པའི་ཤ་བཟའ་བར་བྱའི་ཟས་ལ་སོགས་པ་ནི་མ་ཡིན་པའོ། །ཡང་ན་གང་གི་ཚེ་མཐུ་མེད་པས་ཇི་སྐད་བཤད་པའི་བཟའ་བ་མ་རྙེད་པར་གྱུར་པ་དེའི་ཚེ་གོ་སྐབས་མེད་པས་ཟས་གཞན་མི་བཟའ་

འམ་ཞེས་པའོ། །སངས་རྒྱས་ཐམས་ཅད་ཀྱི་བཀའ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་མཉེས་པར་འགྱུར་རོ། །འདོད་པའི་ཁམས་ན་གནས་པའི་སེམས་ཅན་གྱི་ཁམས་རྣམས་ཀྱི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར། འདོད་ཁམས་དབང་ཕྱུག་འཇིག་རྟེན་ནའོ། །

རང་གི་འདོད་པ་ལྷའི་དཀྱིལ་འཁོར་གྱི་གོ་འཕང་གིས་འགྲོ་བ་མ་ལུས་པའི་བྱ་བ་བྱེད་པའི་ཕྱིར། གོ་འཕང་ལས་ནི་བྱེད་པ་སྟེ། གཞན་ནི་གོ་སླའོ། །ལུས་ངག་སེམས་ལས་འདའ་བའོ། །ཞེས་བྱ་བ་ནི། ཐ་མལ་པའི་ལུས་དང་ངག་དང་སེམས་ལས་འདའ་བར་བྱེད་པ་

སྟེ། རྣམ་པར་བྱང་བའི་རྣམ་པར་དག་པའི་སྐུ་ལ་སོགས་པར་བྱིན་གྱིས་རློབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །།རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ཅན་གྱི་གཟུགས་ལ་སོགས་པའི་ཡུལ་རྣམས་དབུལ་བར་བྱ་བའི་ཕྱིར་

Vol. 41 · folio 188b

སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་རྣལ་འབྱོར་བསྒོམ་པར་བྱ་བ་ཡིན་པས། སྔགས་སྤྱོད་པའི་མཆོག་གི་ལེའུ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། གསུངས་སོ་ཞེས་བྱ་བར་སྦྱར་རོ། །འདི་ནི་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་

ཚིག་ཆེན་པོ་སྟེ། རྣལ་འབྱོར་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་ཅན་གྱི་དཔལ་རྡོ་རྗེ་འཆང་ངོ་། །དེའི་དེ་ཁོ་ན་ཉིད་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་ཡིན་ཞིང་། ཀུན་དུ་བཟང་པོའི་གཟུགས་བསྒོམས་པ་ལས་བྱུང་བའི་རབ་ཏུ་དགའ་བ་སྟེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་

ནི་ཀུན་དུ་བཟང་པོའོ་ཞེས་འབྱུང་བའི་ཕྱིར་རོ། །མན་ཞེས་བྱ་བ་ནི་མཱ་མ་ཀཱིའི་དབང་དང་ཡུལ་རྣམས་ལ་བརྟེན་ནས་བྱུང་བ་ཡིན་ནོ། །ཏྲ་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པ་སྐྱོབ་པར་བྱེད་པའི་དོན་ཏེ། ལེའུ་བཅོ་བརྒྱད་པ་ལས། ཡུལ་དང་དབང་པོ་ལ་བརྟེན་ནས། །བྱུང་བའི་ཡིད་ནི་གང་

དང་གང་། །དེ་དང་དེ་ནི་མན་ཞེས་བརྗོད། །སྐྱོབ་པའི་དོན་གྱིས་ཡི་གེ་ཏྲ། །ཞེས་གང་གསུངས་པའོ། །དེ་ལྟར་ན་ཡུལ་དང་དབང་པོ་རྣམས་རྣམ་པར་སྦྱོང་བའི་ཐབས་ཀྱི་རྣམ་པའི་འགྲོ་བའི་དོན་བྱེད་པའི་སྤྱོད་པ་ནི་སྔགས་སྤྱོད་པ་ཡིན་ཞིང་། དེ་ཉིད་བྱང་ཆུབ་མཆོག་སྒྲུབ་པར་བྱེད་

པ་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་གསུངས་སོ་ཞེས་སྡུད་པ་པོས་བཤད་དོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་གྱི་ལོངས་སྤྱོད་ཐམས་

ཅད་ལའོ། །ཇི་ལྟར་འདོད་པར་བསྟེན་ན་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་སྟེ། ཆད་པའི་ལས་བཞིན་དུ་ནི་མ་ཡིན་པའོ། །འདི་ལྟ་བུ་ཞེས་བྱ་བ་རང་གི་འདོད་པའི་ལྷར་དམིགས་པའི་སྒོ་ནས་ཡུལ་ལ་ཉེ་བར་ལོངས་སྤྱོད་པས་མྱུར་བ་ཉིད་དུ་འགྲུབ་པར་འགྱུར་རོ། །

གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཡུལ་ཐམས་ཅད་ཀྱིས་རང་གི་ལྷག་པའི་ལྷའི་རང་བཞིན་ཅན་གྱི་བདག་ཉིད་དང་། དཀྱིལ་འཁོར་པ་རྣམས་ལ་མཆོད་པར་བྱ་སྟེ། རྨོངས་པ་གང་གིས་འཆིང་འགྱུར་བ། །དེ་ཡིས་མཁས་པ་གྲོལ་འགྱུར་ཏེ། །དེ་ལྟར་བྱང་ཆུབ་རྣམ་བསྒོམས་

Vol. 41 · folio 189a

པས། མ་ལུས་འདི་ནི་བཟློག་པ་ཡིན། །ཞེས་གང་གསུངས་པའོ། །དཀའ་ཐུབ་ཅེས་བྱ་བ་ནི་རང་གི་ཡན་ལག་གཅོད་པ་ལ་སོགས་པ་རྣམས་སོ། །སྡོམ་པ་ནི་ལོ་མ་ཁམ་ཅིག་ཟ་བ་དང་། ཟླ་བ་རེ་རེ་ཞིང་བསྙེན་གནས་སྲུང་བ་ལ་སོགས་པའོ། །

མི་བཟད་པ་ནི་མེ་ལྔ་བསྟེན་པ་དང་རྩེ་གསུམ་རྐོ་བ་ལ་སོགས་པ་རྣམས་སོ། །དེ་རྣམས་བསྟེན་ཀྱང་འགྲུབ་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྫོགས་པའི་སངས་རྒྱས་ལ་སོགས་པའི་རང་བཞིན་གྱིས་རང་གི་ལུས་གདུངས་པའི་ཕྱིར་རོ། །ཡང་དེས་ཇི་ལྟར་ན་འགྲུབ་པར་འགྱུར་ཞེ་ན།

འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཞེས་པ་ལ་སོགས་པ་གསུངས་སོ། །སློང་མོ་ཟ་ཞིང་མི་བཟླས་ཏེ། །ཞེས་བྱ་བ་ནི། སློང་མོ་ཉིད་འབའ་ཞིག་ལ་རྒྱུ་བས་སོ། །སློང་ལ་དགའ་བར་མི་བྱའོ། །ཞེས་བྱ་བ་ནི། སློང་མོ་ལ་རྒྱུར་ཟིན་ཀྱང་དེ་ལ་མངོན་པར་དགའ་བར་མི་བྱའོ། །ཡན་

ལག་མ་ཉམས་པ་ནི་ཡན་ལག་མ་ཚང་བ་མེད་པའོ། །ཡུལ་ཐམས་ཅད་མ་ཚང་བ་མེད་པའི་ཕྱིར་རོ། །དོན་དེ་ཉིད། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ལུས་དང་ངག་དང་སེམས་རྣམས་བདེ་བར་གནས་པར་གྱུར་ན་བྱང་ཆུབ་ཐོབ་

ཀྱི། གཞན་དུ་ན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དང་སྡོམ་པ་ཡུལ་རྣམས་དོར་བའི་བསམ་པས་གང་ཡང་རུང་བ་ཞིག་མ་བསྟེན་ཀྱང་ཉེས་པ་ཅིར་འགྱུར་ཞེ་ན། དུས་མ་ཡིན་པར་འཆི་བ་དང་། དམྱལ་བར་འགྲོ་བར་འགྱུར་རོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱི་

བཀའ་ལས་འདས་པའི་ཕྱིར་འཇིག་རྟེན་འདི་ལ་དེའི་འབྲས་བུ་མཐོང་བར་འགྱུར་རོ། །རྒྱུ་དེའི་ཕྱིར་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ནི་རིགས་པ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་བརྙས་པ་ཞེས་བྱ་བར་སྦྱར་རོ། །སྔགས་ཀྱི་སྤྱོད་པ་མཆོག་སྤྱོད་པ་རྣམས་ནི། འདི་

ལས་གསུངས་པའི་ཚུལ་ལ་ཞུགས་པ་རྣམས་སོ། །མི་གཡོ་ཆོས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་བདེ་བ་ཆེན་པོའོ། །དེ་ཉིད་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར་མཆོག་སྟེ། དེ་བརྙེས་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པས་དེ་བས་ན། ཆགས་ཅན་

Vol. 41 · folio 189b

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །ཞེས་བྱ་བ་ནི། ཆགས་ཅན་ཏེ། རྡོ་རྗེ་སེམས་དཔའི་ཡེ་ཤེས་དོན་དུ་གཉེར་བ་གང་ཡིན་པས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་དང་མཚན་དུའོ། །འདོད་པར་བྱ་ཞིང་མངོན་པར་ཆགས་པར་བྱ་བ་ཡིན་

པས་ན་འདོད་པའོ། །ཡང་དང་ཡང་དུ་གོམས་པར་བྱ་བ་ཡིན་པས་ན་ཡོན་ཏན་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ་ཆུ་སྐྱེས་ལས་བྱུང་བ་དེ་རྣམས་བསྟེན་པར་བྱའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་རྣམ་པར་སྦྱོང་བའི་རང་བཞིན་

གྱིས་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །མཉེས་པར་བྱ་བ་ནི་དམན་པ་དང་བར་མ་དང་མཆོག་གི་བྱེ་བྲག་གིས་ཐ་དད་པའི་གཟུགས་ལ་སོགས་པའི་ཡུལ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོའི་རྣམ་པར་གྱུར་པ་རྣམས་ཀྱིས་སོ། །

ཆགས་པར་བྱ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་སོ། །གཟུགས་རྣམ་གསུམ་ཞེས་བྱ་བ་ནས། མཆོད་པར་བྱ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ཉིད་བཅོམ་ལྡན་འདས་སྣ་

ཚོགས་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སེམས་དཔའ་སྟེ། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྱུར་བ་ཅན་གྱི་གཟུགས་ལ་སོགས་པ་ལས་ལུས་དང་ངག་དང་སེམས་ཇི་ལྟར་བདེ་བར་འགྱུར་སྙམ་དུ་དོགས་པར་མི་བྱ་སྟེ། འདི་ལྟར་རྣམ་པར་

རྟོག་པ་དེ་ནི་ཁ་ཕྱིར་བལྟས་པ་རྣམས་ཀྱི་ཡིན་གྱི། རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལ་ནི་ཐམས་ཅད་རོ་གཅིག་པ་ཉིད་དོ། །བྲལ་བར་མི་བྱ་བ་ཉིད་དུ་བསྟན་པའི་ཕྱིར། རྟག་ཏུ་སེམས་ནི་སྦྱར་བར་བྱ། །ཞེས་གསུངས་སོ། །འབྲས་བུ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་ཉིད་

ཡིན་པའི་ཕྱིར་སྙིང་པོ་བཏུས་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན། རྣམ་པར་དག་པའི་གཟུགས་ལ་སོགས་པ་རྣམས་དང་ལྡན་པའི་རིགས་ལྔས་བཏུས་པའི་ལྷ་ཉིད་བསྒོམ་པར་བྱའོ། །རྗེས་སུ་དྲན་པ་བཅུ་དྲུག་བསྒོམ་པ་བསྟན་པའི་ཕྱིར། དེ་ནས་ཡང་ཞེས་བྱ་བ་ལ་

Vol. 41 · folio 190a

སོགས་པ་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་ཚིག་གི་ཁ་བསྐང་བའོ། །དེར་ཞེས་བྱ་བ་ནི་རང་རང་གི་དཀྱིལ་འཁོར་དུའོ། །རིགས་ཀྱི་དབྱེ་བ་རྣམས་བསྒོམ་པས། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་དབྱེ་བ་རྣམས་བསྒོམ་པའི་

སྒོ་ནས་སོ། །དེ་ཉིད་ནི་སངས་རྒྱས་རྗེས་སུ་དྲན་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མདོར་བསྟན་པའི་ཚིག་བཅུ་དྲུག་གོ། །འདི་ལྟར་བཤད་པའི་ཚིག་བཅུ་དྲུག་འབྱུང་བར་འགྱུར་རོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །དེ་རྗེས་སུ་དྲན་པར་བྱ་བ་ཡིན་པས་ན་རྗེས་སུ་དྲན་པའོ། །

ཆོས་ནི་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའི་རིགས་ཀྱི་རིན་ཆེན་དབང་སྟེ། རིགས་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཁྲོ་བོ་ནི་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པའི་གཟུགས་ཏེ། དེ་རྗེས་སུ་དྲན་པ་ནི་དཀྱིལ་འཁོར་གྱི་

དབུས་ན་བཞུགས་པའི་བདག་པོའི་གཟུགས་སུ་དམིགས་པའོ། །ལྷ་ནི་དོན་ཡོད་པར་གྲུབ་པ་སྟེ། ལྷ་མ་ལུས་པའི་མཆོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ལོ་གྲངས་བཅུ་དྲུག་ལོན་པའི་ཞེས་བྱ་བ་ནི། བཙོ་བླག་མཁན་གྱི་བུ་མོའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེས་ན་

རང་གི་རིགས་ཀྱི་རིག་མ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་རྗེས་སུ་དྲན་པ་འདི་དག་ཐམས་ཅད་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །བྱིན་གྱི་རླབས་ཀྱི་གནས་གསུམ་གྱིས། །ཞེས་བྱ་བ་ནི། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་མཚན་ཉིད་རྣམས་ཀྱིས་

སོ། །དབེན་པར་ཏེ་དགོན་པ་ཆེན་པོ་ལ་སོགས་པའམ། གཞན་ཕྱི་རོལ་གྱི་སྐྱེ་བོའི་ཚོགས་དང་བྲལ་བར་རོ། །མཆོད་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་མཚན་ཉིད་དོ། །སྤྱན་ནི་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། དེས་ན་དེ་ཁོ་ན་བསྒོམ་པར་བྱའོ། །

ཡིད་འོང་དེ་ནི་ཞེས་བྱ་བ་རང་གི་རིགས་ཀྱི་རིག་མ་སངས་རྒྱས་སྤྱན་ལ་སོགས་པ་འོད་ཟེར་དཀར་པོ་དང་སྔོན་པོ་ལ་སོགས་པས་ཁྱབ་ཅིང་ཡིད་དུ་འོང་བ་བསྒོམ་པར་བྱའོ། །མདོར་བསྟན་པའི་ཚིག་དེ་ཉིད་བཤད་པའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་སྤྲིན་

Vol. 41 · folio 190b

རྣམས་ཞེས་བྱ་བར་སྦྱར་རོ། །བྷ་ག་ལ་ནི་ལིངྒ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་ལ་ཐུག་པའི་ཆོ་གའི་རྗེས་ཐོགས་ལ། སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་སངས་རྒྱས་སྤྱན་ལ་སོགས་པའི་གཟུགས་སུ་

བསྐྱེད་པའི་རང་གི་རིགས་ཀྱི་བུ་མོ། །རིགས་ལྔས་ཁྱབ་པར་བྱས་པ་སྙིང་གར་ཡེ་ཤེས་ཀྱི་ལྷ་མོས་བྱིན་གྱིས་བརླབས་པ་ལྷ་མོའི་འཁོར་ལོ་མ་ལུས་པ་རྣམ་པར་བཀོད་པ། རང་གི་དབང་བསྐུར་བས་རྣམ་པར་བརྒྱན་པ་བསམས་ལ། རྡོ་རྗེ་དང་ཆུ་སྐྱེས་ལས་བྱུང་བའི་འོད་ཟེར་གྱི་

ཚོགས་ཀྱིས་འཁོར་ལོ་གཉི་ག་རྗེས་སུ་མཉེས་པར་བྱས་ཏེ། རིན་ཆེན་དཔལ་གྱི་ང་རྒྱལ་དང་ལྡན་པས་རྗེས་སུ་མཉེས་པའི་སྔགས་བརྗོད་ལ། དེ་སྤྲོས་ནས་བསྡུས་ཏེ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་བྱའོ། །སངས་རྒྱས་གཟུགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །

སངས་རྒྱས་སྤྲིན་རྣམས་ཞེས་བྱ་བ་ནི་ལས་ཀྱི་དུས་སུ་ཡི་གེ་ཨོཾ་གྱི་གླུ་ལེན་ཅིང་རྣམ་པར་སྣང་མཛད་ཀྱི་སྤྲིན་སྤྲོ་བའོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སྔགས་ཀྱི་གླུ་ལེན་ཅིང་རང་གི་ལྷ་རྣམས་སྤྲོ་བར་བྱའོ། །དམ་ཚིག་རྗེས་སུ་དྲན་པ་

ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་བསྒོམ་པའོ། །རང་གི་ཁུ་བའི་ཐིགས་པ་ཡིས། །ཞེས་བྱ་བ་ནི་དམ་ཚིག་གི་མཆོད་པས་ལྷ་རྣམས་རབ་ཏུ་མཆོད་པའོ། །སྔོན་དུ་བསྙེན་པའི་དུས་སུ་རྣལ་འབྱོར་དང་ལྡན་པས་རྟག་ཏུ་ཡིད་ཀྱི་དཀྱིལ་འཁོར་བྱའི་བྲི་བར་བྱ་བ་ནི་མ་ཡིན་པས།

དེའི་ཕྱིར་ཇི་ལྟར་མངོན་པར་འདོད་པའི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་སྤྲོས་ཏེ། ཇི་ལྟ་བ་བཞིན་དུ་བསྒོམས་ལ་ཡང་དག་པར་མཆོད་ནས་གཞུག་པ་ལ་སོགས་པ་བྱའོ་ཞེས་བྱ་བ་འདིས་ནི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱའི་ཡེ་ཤེས་གསང་

བ་བསྟན་པ་ཡིན་ནོ། །སྐུ་རྡོ་རྗེ་ལ་སོགས་པའི་ཚོགས་བཅུག་པའི་རྗེས་ཐོགས་སུ་ང་རྒྱལ་བསྐྱེད་ལ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་དགོས་པས། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཅན་ཉིད་ཀྱི་ཕུང་པོ་རྣམས་

Vol. 41 · folio 191a

ཀྱིས་རབ་ཏུ་གང་བས་ན་ཕུང་པོ་ལྔ་ཡི་རབ་ཏུ་གང་བའོ། །སངས་རྒྱས་སྐུ་ཡི་རང་བཞིན་གྱིས། །ཞེས་བྱ་བ་ནི་དེའི་རང་བཞིན་གྱི་ངོ་བོ་སྟེ། བདག་ཀྱང་དེ་དང་འདྲ་བའི་སྐུར་གྱུར་ཅིག་ཅེས་ང་རྒྱལ་བསྐྱེད་པར་བྱའོ། །རྡོ་རྗེ་ཆོས་ཀྱི་ཞེས་བྱ་བ་ནི་གསུང་

རྡོ་རྗེའི་འོ། །ངེས་ཚིག་ཅེས་བྱ་བ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། དེས་ན་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སྟེ། སོ་སོར་ཡང་དག་པར་རིག་པ་བཞི་དང་ལྡན་པའི་གསུང་ཕུན་སུམ་ཚོགས་པ་མངའ་བ་ནི་གསུང་རྡོ་རྗེ་སྟེ། བདག་གི་ཚིག་ཀྱང་དེ་ཉིད་ཀྱི་དང་འདྲ་

བར་གྱུར་ཅིག་ཅེས་ང་རྒྱལ་བྱའོ། །ཀུན་དུ་བཟང་པོ་ནི་ཐུགས་རྡོ་རྗེའོ། །དེ་ཉིད་སྐུ་ལ་སོགས་པའི་གསང་བ་འཛིན་པར་བྱེད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་དབང་པོ་སྟེ་གཙོ་བོ་ཡིན་པས་གསང་བའི་དབང་པོའོ། །དེའི་ཐུགས་སེམས་ཅན་མ་ལུས་པའི་

དོན་བྱེད་པ་ཇི་འདྲ་བར་བདག་གི་སེམས་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་ང་རྒྱལ་བྱའོ། །ད་ནི་དེ་ཉིད་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་བྱས་ནས། སེམས་ཅན་ཀུན་གྱི་སེམས་གང་ཡིན། །ཞེས་བྱ་བ་གསུངས་ཏེ། འཁོར་བའི་སེམས་ཅན་རྣམས་ཀྱི་ལུས་

དང་ངག་དང་སེམས་རྣམས་ཀྱིས་མཚོན་པའི་སེམས་གང་ཡིན་པ་དེ་ཉིད་ཐ་དད་པ་མེད་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་རྟོག་པ་དང་བྲལ་བ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་རྣམས་ཀྱི་ཞེ་ན། མཁའ་མཚུངས་མཁས་པ་སྟེ། དེ་ཁོ་ན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་

དང་ལྡན་པ་རྣམས་ཀྱིའོ། །བདག་གི་སེམས་ཀྱང་དེ་དང་འདྲ། །ཞེས་བྱ་བ་ནི། རོ་གཅིག་པར་བསྒོམ་པ་སྟེ། བསྒོམ་པ་དེ་ལྟ་དེ་ལྟ་བུས་ནི་རྣལ་འབྱོར་པ་ཐམས་ཅད་ལ་ཁྱབ་པའི་ངེས་པར་འབྱེད་པའི་ཤེས་རབ་ཀྱིས་ཡེ་ཤེས་ཐུགས་སུ་ཆུད་པའི་མཚན་ཉིད་ཅན་གྱི་རང་གི་

འདོད་པའི་ལྷའི་གཟུགས་སུ་འགྱུར་རོ། །སྔགས་ཐམས་ཅད་ཀྱི་གཟུགས་ནི། རང་རང་གི་སྔགས་ལས་ཡོངས་སུ་གྲུབ་པའི་ལྷ་ཐམས་ཅད་ཀྱི་རང་བཞིན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེ་རྗེས་སུ་དྲན་པར་བྱ་བ་ནི་རྗེས་སུ་དྲན་པའོ། །སྔགས་ཀྱི་རྡོ་རྗེའི་སྐུ་གང་

Vol. 41 · folio 191b

ཡིན། །ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའི་འོ། །སྐུ་ནི་གསུང་དུ་རྣམ་བསྒོམས་པ། །ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་ཐ་མི་དད་པར་འགྲུབ་པ་སྟེ། བདག་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་ང་རྒྱལ་བསྐྱེད་པར་བྱའོ། །སྦྱོར་ལས་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་

བ་ལས་ཆོ་ག་བཞིན་དུ་བྱང་ཆུབ་ཀྱི་སེམས་ཕྱུང་ལ། དེས་ནམ་མཁའ་ཀུན་དུ་བཀང་སྟེ། དེའི་རྡུལ་ཕྲ་རབ་རེ་རེ་ལས་ཡང་དག་པར་གྲུབ་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་བསམས་ལ། བསྡུས་ཏེ་རིག་མའི་པདྨར་བཅུག་ལ། བདེ་བ་ཆེན་པོའི་

གནས་སྐབས་སུ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པར་གྱུར་པར་བལྟ་བར་བྱ་སྟེ། དེ་ནི་འདིར་དེ་བཞིན་གཤེགས་པའི་ཚོགས་གསད་པའོ། །དེ་ནས་བདུད་རྩི་དེས་རང་གི་ལུས་ལ་གནས་པའི་ལྷ་རྣམས་ཀྱི་འཁོར་ལོ་ཚིམ་པར་བྱ་སྟེ། དེ་ལྟར་ན་རང་འདོད་པར་གྱུར་པའི་

དངོས་གྲུབ་རབ་ཏུ་འགྲུབ་པར་འགྱུར་རོ། །ཤེས་རབ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་མཐར་ཕྱིན་པ་དང་། དེའི་འབྲས་བུ་ཆོས་ཐམས་ཅད་སོ་སོར་འབྱེད་པའི་མཚན་ཉིད་ཅན་གྱི་ཡེ་ཤེས་སོ། །དེ་ཕུན་སུམ་ཚོགས་པ་ནི་ཕ་

རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་ཅིང་སོན་པ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་དམ་ཚིག་གོ། །རང་བཞིན་གྱིས་ནི་འོད་གསལ་བ། །ཐམས་ཅད་ཅེས་བྱ་བ་ནི་དག་པ་མ་དག་པའི། རང་བཞིན་གྱི་ནི་འོད་

གསལ་བ། །ཕུང་པོ་ལ་སོགས་པ་རྣམས་སོ། །ཅིའི་ཕྱིར་ཞེ་ན། མ་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་བྱང་ཆུབ་སྟེ། ཀུན་དུ་བརྟགས་པའི་འབྲས་བུའི་རང་བཞིན་མེད་ཅིང་། དེ་

བསྒོམ་པས་མངོན་པར་རྟོགས་པ་སྟེ། དེ་ཁོང་དུ་ཆུད་པ་མེད་ལ། ཁམས་ཏེ་དེ་ཐོབ་པར་བྱེད་པའི་རྒྱུ་ཡང་མེད་ཅིང་། དེ་ཉིད་ཀྱི་ཕྱིར་འབྱུང་བའང་མེད་དོ་ཞེས་བྱ་བ་འདིས་ནི་ཤེས་རབ་ཡོངས་སུ་སྦྱང་བ་གསུངས་སོ། །རང་བཞིན་འོད་གསལ་ནི་ཁམས་གསུམ་པའི་

Vol. 41 · folio 192a

རྣམ་པར་རྟོག་པའི་རྣམ་པ་ཅན་གྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་དོ། །དཔེའི་སྒོ་ནས་ནམ་མཁའ་བཞིན། །ཞེས་བྱ་བ་གསུངས་ཏེ། ནམ་མཁའ་དང་མཚུངས་པའོ། །བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་མཚན་མ་མེད་པའོ། །

དེ་ཉིད་ཀྱི་ཕྱིར་ཡི་གེ་རྣམས་མེད་པས་ན་ཡི་གེ་མེད་པའོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་གཉིས་མེད་དོ། །སྒྱུ་མ་བཞིན་དུ་མཆོད་པར་བྱ་བ་དང་མཆོད་པར་བྱེད་པ་རྟོག་པ་ཐ་དད་པའི་ཕྱིར་གཉིས་སུ་མེད་པའོ། །དེ་གང་ཞེ་ན། ཞི་བ་ཞེས་བྱ་བ་གསུངས་

ཏེ། རྟོག་པ་ཐམས་ཅད་སྒྱུ་མ་བཞིན་དུ་ཤེས་པས་ན་ཞི་བ་སྟེ། བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཀྱི་ཕྱིར། ཤིན་ཏུ་དྲི་མེད་ནམ་མཁའ་བཞིན། །ཞེས་བྱ་སྟེ། དེས་ནི་ཐབས་རྣམ་པར་སྦྱང་བའོ། །ཇི་ལྟ་བ་བཞིན་དུ་ཐབས་དང་ཤེས་རབ་རྗེས་སུ་དྲན་པ་བསྒོམས་པ་དེ་

དག་གིས་ནི། སྲིད་པ་དང་ཞི་བ་རོ་གཅིག་པའི་མི་གནས་པའི་མྱ་ངན་ལས་འདས་པ་ལ་ལྷག་པར་མོས་པའི་དེ་ཁོ་ན་ཉིད་ལ་བརྟེན་ནས། ཞེ་སྡང་རྡོ་རྗེ་ལ་སོགས་པ་ལྷ་སྣ་ཚོགས་ཀྱི་རྣམ་པར་སྙོམས་པར་ཞུགས་ཞིང་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི། བཅོམ་ལྡན་འདས་རྡོ་རྗེ་

འཆང་ཆེན་པོ་བསྟན་ཏོ། །དེ་ཉིད་རྫོགས་པའི་རིམ་པ་ཡིན་ནོ་ཞེས་ཁོ་བོ་ཅག་གི་བླ་མའི་ཞལ་སྔ་ནས་གསུངས་ཏེ། ལེའུ་བཅོ་བརྒྱད་པ་ལས་ཀྱང་། རིམ་པ་གཉིས་ལ་བརྟེན་ནས་ནི། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་

པའི་རིམ་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །བུད་མེད་སེམས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ། །ཅེས་བྱ་བ་ནི་ཡུལ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པ་བསྒོམས་པའི་སྒོ་ནས་རང་གི་ལྷག་པའི་ལྷའི་ཕྱག་རྒྱ་ཆེན་པོ་

འགྲུབ་པའོ། །གང་གཞན་ཕྲ་མོར་བཤད་པ་རྣམས། །ཞེས་བྱ་བ་ནི། འཇིག་རྟེན་པའི་མངོན་པར་ཤེས་པ་ལ་སོགས་པ་དངོས་གྲུབ་རྣམས་ཀྱང་རྣལ་འབྱོར་པ་དེས་འགྲུབ་པར་འགྱུར་རོ། །ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།ཆོ་གས་མངོན་

Vol. 41 · folio 192b

པར་འཕེལ་བར་བྱ་བའི་ཕྱིར། པདྨའི་ནང་དུ་ཆུད་པའི་མཆོད་རྟེན་གྱི་དབུས་ན་གནས་པའི་དཀྱིལ་འཁོར་ན་འདུག་པས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་བྱ་དགོས་པས། དེ་ནས་ཞེས་བྱ་བ་ལ་སོགས་པས་བཤང་གཅིའི་དམ་ཚིག་གི་ལེའུ་གསུངས་སོ། །

མཆོག་ཏུ་དགའ་བ་སྒྲུབ་པར་བྱེད་པའི་མཆོད་པ་རིན་པོ་ཆེ་ལ་སོགས་པ་རྫས་ཐམས་ཅད་རྣམ་པར་དག་པའི་རང་བཞིན་ཅན་གྱི་དཀོན་མཆོག་དཔལ་གྱིས་གསོལ་བ་བཏབ་བོ་ཞེས་བྱ་བ་ནི་རང་གི་རིགས་ཀྱི་རིག་མ་མཱ་མ་ཀཱི་ཕུལ་ནས། བཅོམ་ལྡན་འདས་སློབ་དཔོན་དུ་གྱུར་

པ་ལ་མཆོད་པར་འགྱུར་བའི་བསྟོད་པས་གསོལ་བ་བཏབ་བོ། རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། །ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ནི་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། དེ་བསྒོམ་པ་གོམས་པའི་སྟོབས་ཉིད་ཀྱིས་སེམས་ཅན་རྣམས་དཔལ་གསང་བ་འདུས་

པའི་མངོན་པར་བྱང་ཆུབ་པར་ཁྲིད་པར་བྱེད་ཅིང་། འཐོབ་པར་བྱེད་པས་ན། ཐེག་པ་ཆེན་པོའོ། །མཱ་མ་ཀཱི་ཁོང་སྟོང་དང་ཡང་དག་པར་སྦྱོར་བའི་སྤྱོད་པས། སེམས་ཅན་གྱི་ཁམས་རྣམས་ཡང་དག་པར་སྦྱོང་བར་བྱེད་པ་ཡིན་པའི་ཕྱིར། ནམ་མཁའ་སྤྱོད་པས་རྣམ་སྦྱོང་

བ་སྟེ། མི་བསྐྱོད་པའོ། །སངས་རྒྱས་སྤྱན་དང་། ཡང་དག་པར་སྦྱོར་བའི་སྒོ་ནས་ཀུན་དུ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་སྒྲུབ་པར་བྱ་བའི་ཕྱིར། ཀུན་དུ་བཟང་པོ་མཆོད་པའི་མཆོག་སྟེ། རྣམ་པར་སྣང་མཛད་དོ། །མི་མཐུན་པའི་ཕྱོགས་མ་ལུས་པ་ལས་

རྒྱལ་བ་དང་། རིགས་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་སྒོ་ནས་ཕུལ་དུ་བྱུང་བ་ཉིད་ཡིན་པའི་ཕྱིར། རྒྱལ་མཆོག་སྟེ། རིན་ཆེན་འབྱུང་ལྡན་ནོ། །འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་རིགས་གསུམ་ཁྱད་པར་དུ་སྟོན་པར་བྱེད་པས་ན། འདོད་

ཆགས་དང་། ཞེ་སྡང་དང་། གཏི་མུག་ཆེན་པོ་རབ་ཏུ་སྟོན་པ་སྟེ། འོད་དཔག་ཏུ་མེད་པའོ། །ནམ་མཁའ་ཀུན་དུ་གང་བའི་མཆོད་པ་རྣམས་སྤྲུལ་པ་སྟོན་པར་བྱེད་པའི་ཕྱིར། ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག་སྟེ། དོན་ཡོད་པར་གྲུབ་པའོ། །རྒྱལ་བ་ནི་

Vol. 41 · folio 193a

རྣམ་པར་སྣང་མཛད་དེ། དེའི་རྟེན་དང་དེ་ལ་ཆགས་པའི་སངས་རྒྱས་སྤྱན་ནི་རྒྱལ་གཞི་ཞེས་བྱ་བའི་སྒྲར་བརྗོད་དོ། །ཐར་པ་ནི་ཉེས་པ་ཐམས་ཅད་དང་བྲལ་ཞིང་། རྒྱུན་ཆགས་སུ་འཇུག་པའི་དགའ་བ་སྟེ། དེ་སྐྱེད་པར་བྱེད་པའི་མཱ་མ་ཀཱི་

ནི་ལམ་ཞེས་བྱ་བར་བརྗོད་ཅིང་། དེས་ཁྱད་པར་དུ་ཁྲིད་པར་བྱེད་པས་ན་རབ་སྟོན་པའོ། །ཐེག་པ་གསུམ་ནི་བྱང་ཆུབ་གསུམ་སྟེ། དེའི་ལམ་ནི་བགྲོད་པ་ཡིན་ཞིང་། དེ་ལ་གནས་པར་བྱེད་པ་སྟེ། གོས་དཀར་མོ་སྤྲུལ་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་རྒྱུད་

རྒྱས་པར་བྱེད་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་བསྐལ་པ་མཆོག་ནི་སངས་རྒྱས་སྐལ་མཆོག་སྟེ། འཕགས་མ་སྒྲོལ་མ་སྤྲུལ་པའི་སྒོ་ནས་འགྲོ་བ་རྣམས་དབང་དུ་མཛད་པའི་རང་བཞིན་ནོ། །དེ་ཉིད་སེམས་ཅན་རྣམས་ཀྱི་རྒྱུད་དག་པར་མཛད་པ་ཡིན་པའི་ཕྱིར་དག་

པའི་བདག་ཉིད་དོ། །བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་སེམས་ཏེ། དེའི་རང་བཞིན་ཅན་གྱི་འཕགས་པ་གཤིན་རྗེ་མཐར་བྱེད་དོ། །འཕགས་པ་གཞན་གྱིས་མི་ཐུབ་གང་ལ་རྒྱས་པ་སྟེ། རྒྱ་ཆེ་བའི་སྤྱན་ལྔ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ནི་སྟོབས་

དང་མི་འཇིགས་པ་ལ་སོགས་པ་རྣམས་དང་། དཀྱིལ་འཁོར་པ་རྣམས་ཏེ། གསུང་རྣམ་པར་དག་པ་སྐོར་བར་བྱེད་པའི་འཕགས་པ་རྟ་མགྲིན་གང་ལ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཕོ་བའི་དོན་གྱིས་འཁོར་ལོ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །རང་བཞིན་གྱིས་འོད་

གསལ་བའི་ཆོས་ཉིད་ཁོང་དུ་ཆུད་པར་མཛད་པའི་ཕྱིར། སྐུ་དང་གསུང་དང་ཐུགས་ཤིན་ཏུ་དག་པ་སྟེ། འཕགས་པ་བདུད་རྩི་འཁྱིལ་པའོ། །གང་ཞིག་གིས་དཀྱིལ་འཁོར་ལ་སོགས་པ་རྣམས་སྤྲུལ་པ་ཡང་དག་པར་བསྟན་པའི་སྒོ་ནས་སེམས་ཅན་རྣམས་

ཀྱིས་མི་ཕྱེད་པའི་གནས་ཐོབ་པར་མཛད་པའི་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཐེག་པ་སྟེ། དེ་ལ་ཕྱག་འཚལ་བའོ། །མི་བསྐྱོད་པ་ལ་སོགས་པ་རྣམས་སྤྲུལ་པ་ཡང་དག་པར་བསྟན་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་མཚན་ཉིད་ཅན་གྱི་ཡང་དག་པའི་

Vol. 41 · folio 193b

ཡོན་ཏན་གྱི་ཚིག་དེ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་པ་ཡིན་ནོ་ཞེས་བཤད་དོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལ་སྟེ། བཤད་ཅེས་བྱ་བར་སྦྱར་རོ། །རྡོ་རྗེ་ནི་ངེས་པར་འབྱེད་པའི་ཤེས་རབ་སྟེ། དེ་མངོན་དུ་མཛད་པའི་ཚུལ་

གྱིས་འཛིན་པས་ན། རྡོ་རྗེ་འཛིན་ནོ། །དེ་ཉིད་ཀྱི་ཕྱིར་རིགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་དོན་གྱིས་གསལ་ཞིང་འབར་བས་ན་རྒྱལ་པོའོ། །སྤྲོས་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པར་མཛད་པའི་ཕྱིར། ཐམས་ཅད་ནམ་མཁའོ། །འཇིགས་པ་མེད་པའི་བདེ་བ་ཆེན་

པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་མི་འགྱུར་ཆེའོ། །བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་བདག་ཉིད་ཡིན་པའི་ཕྱིར་ཐམས་ཅད་དབང་བསྐུར་རོ། །དངོས་པོ་ཐམས་ཅད་ཀྱི་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་ཀུན་གྱི་དོན་ཏོ། །ཁམས་གསུམ་ན་ཆོས་

ཀྱི་རྒྱལ་སྲིད་ཀྱི་བདག་པོ་ཡིན་པའི་ཕྱིར་ཀུན་དབང་ངོ་། །མི་ཕྱེད་ཅིང་ཟག་པ་མེད་པའི་དགའ་བ་རྒྱས་པར་བྱེད་པས་ན་རྡོ་རྗེ་རིན་ཆེན་འཛིན་པ་སྟེ་དེས་སོ། །མཆོད་པ་ཞེས་བྱ་བ་ནི་བླ་ན་མེད་པ་ལ་སོགས་པའི་རང་བཞིན་ཏེ། བཤད་ཅིང་བསྟན་ཏོ་ཞེས་བྱ་བ་ནི་མིག་ཡངས་ཤིང་

རྒྱ་ཆེ་བ་སྟེ། གང་ལ་དངོས་པོ་ཐམས་ཅད་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་ལྟ་བ་ལྷུར་ལེན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ནི་ལོ་གྲངས་བཅུ་གཉིས་པ་ནས་བརྩམས་ཏེ་ཉི་ཤུ་རྩ་ལྔ་ལོན་པ་ལ་ཐུག་པ་མངོན་པར་འདོད་དེ། དེ་ཡང་གཟུགས་བཟང་བ་དང་། གཞོན་པས་བརྒྱན་

པའོ། །བྱོལ་སོང་ལས་ཀྱང་ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་བུའི་རྣམ་པ་ཅན་མ་རྙེད་ན། དེའི་ཚེ་ལོ་གྲངས་ཉི་ཤུ་རྩ་དྲུག་ལོན་པ་ནས་བརྩམས་ཏེ། ཇི་སྲིད་ཤུག་ཀྲ་འབྱུང་བ་དེ་སྲིད་ཀྱི་བར་དུ་གཟུང་བའོ། །ཁ་ཅིག་ན་རེ་གླང་པོ་དང་རྒོད་མ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །གནས་གང་དུ་དཀྱིལ་འཁོར་བྲི་བ་

དང་སྒྲུབ་པའི་དོན་དུ་སྔོན་དུ་བསྙེན་པ་བྱ་བ་དེ་གསུངས་ཏེ། ས་ཕྱོགས་ནི་དགོད་པ་ཆེན་པོ་ལ་སོགས་པའོ། །གཙང་བ་ཞེས་བྱ་བ་ནི་ཡོངས་སུ་གཟུང་བའི་ཆོ་གས་མངོན་པར་འདུས་བྱས་པའོ། །ཕྱི་རོལ་གྱི་སྐྱེ་བོའི་ཚོགས་མེད་པའི་ཕྱིར་དབེན་པའོ། །རྒྱལ་བདག་སྐྱེས་པ་ནི་སྒྲུབ་པའོ། །ཞི་བ་ཞི་བའི་གནས་རྣམས་སུ་སྟེ།

Vol. 41 · folio 194a

ཤེས་རབ་ཀྱི་ཆོས་འབྱུང་གི་ནང་ན་གནས་པའི་མཆོད་རྟེན་གྱི་གནས་སུའོ། །འམ་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་ཡིན་པར་བལྟ་བར་བྱའོ། །དེར་འཕགས་པ་བདུད་རྩི་འཁྱིལ་པའི་ང་རྒྱལ་དང་ལྡན་པའི་གྲོགས་པོ་མངོན་པར་འདུས་བྱས་པའི་བདུད་རྩི་ལྔས་ཉེ་བར་འབྱུང་དུ་གཞུག་

པར་བྱའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱལ་བ་རྟག་པ་ནི་སྐུ་རྡོ་རྗེ་སྟེ། དེ་མཆོད་པའི་ཕྱིར་རོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། ལྷ་གཞན་མཆོད་པའི་ཕྱིར་ཡང་དེ་ཁོ་ན་བཞིན་དུ་བྱའོ། །སྔར་བཤད་པའི་རིམ་པ་བཞིན་དུ་བསྐྱེད་པའི་རིག་མ་ལ་རིགས་ལྔ་རྣམ་པར་དགོད་པར་བྱ་དགོས་པས་དེའི་ཕྱིར་ནུ་

མའི་དབུས་བར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་པ་ལས་བཤད་པའི་ཡི་གེ་ལྔའི་ཚུལ་བཞིན་དུ། སྙིང་ག་ལ་སོགས་པ་རང་གི་རིག་མ་དང་ལྡན་ཞིང་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་མི་བསྐྱོད་པ་ལ་སོགས་པ་རྣམས་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་དབྱིངས་ཀྱི་དབུས་

གནས་པར། །ཞེས་བྱ་བ་ནི་ལེའུ་དང་པོ་ལས་བཤད་པའི་ཚུལ་བཞིན་དུ་རྡོ་རྗེ་བཙུན་མོའི་བྷ་གར་མི་བསྐྱོད་པ་དང་མཱ་མ་ཀཱི་ཞུ་བར་གྱུར་པ་ལས་ཆུའི་ཁམས་སུ་གྱུར་པ། ཡེ་ཤེས་ཀྱི་རླབས་ཀྱི་ཕྲེང་བས་ཀུན་དུ་ཁྱབ་པའི་རྒྱ་མཚོ་ཆེན་པོ་བསམ་པའོ། །དེ་ནས་སྙིང་གར་ཞེས་བྱ་བ་ནི་བྷ་ག་དེར་རོ། །བདག་ཉིད་ཟླ་བའི་

དབུས་གནས་པར། །ཞེས་བྱ་བ་ནི་སངས་རྒྱས་སྤྱན་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཟླ་བའི་དཀྱིལ་འཁོར་ལ་གནས་པ་རྣམ་པར་བསྒོམས་ལ། དེ་ཞུ་བར་གྱུར་ཏེ་ཞུགས་པས་སྲ་བའི་རྣམ་པར་གྱུར་པར་བལྟའོ། །དེ་བཞིན་དུ་རིན་པོ་ཆེའི་དམ་ཚིག་དང་གོས་དཀར་མོ་དང་ལྡན་པའི་དཀོན་མཆོག་

དཔལ་དང་འོད་དཔག་ཏུ་མེད་པ་དག་ཞུགས་པས་རྒྱ་ཆེ་བའི་དངོས་པོ་དང་ཡེ་ཤེས་ཀྱི་འབར་བར་བྱིན་གྱིས་བརླབ་པར་ཡང་བསམ་པར་བྱའོ། །བསྡུ་བ་དག་ཀྱང་ཞེས་བྱ་བ་ནི་སྒྲོལ་མ་དང་དོན་ཡོད་པར་གྲུབ་པ་ཞུགས་པའི་སྒོ་ནས་བསྡུས་ཏེ་ཟུར་བཞི་པའི་རྣམ་པར་གྱུར་པར་བསམ་པའོ། །རིན་ཆེན་སྣ་བཞིའི་མཆོད་རྟེན་ནི། །

ཞེས་བྱ་བ་ལ། ཐུགས་ཀྱི་དཀྱིལ་འཁོར་ལ་ནི། ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་རྣམས་གོ་རིམས་བཞིན་དུ་རིན་པོ་ཆེ་ཤེལ་དང་བཻ་ཌཱུརྱ་དང་པདྨ་རཱ་ག་དང་། མ་ར་ཀ་ཏའི་རང་བཞིན་གྱི་མཆོད་རྟེན་ནོ། །སྐུའི་དཀྱིལ་འཁོར་ལ་ནི་ཤར་གྱི་ཆ་སྔོན་པོའི་རང་བཞིན། ལྷག་མ་ནི་སྔ་མ་དང་འདྲའོ། །གསུང་

Vol. 41 · folio 194b

གི་དཀྱིལ་འཁོར་ལ་ནི་ཤར་དང་ནུབ་དཀར་པོ་དང་སྔོན་པོ་ཡིན་ཞིང་ལྷོ་དང་བྱང་ནི་ཇི་ལྟར་གནས་པ་བཞིན་ཡིན་ནོ། །རིན་པོ་ཆེའི་དཀྱིལ་འཁོར་ལ་ནི་ལྷོ་སྔོན་པོའོ། །དོན་ཡོད་པའི་དཀྱིལ་འཁོར་ལ་ནི་བྱང་སྔོན་པོ་སྟེ། གཉི་གའི་ལྷག་མ་ནི་སྔ་མ་དང་མཚུངས་སོ། །ཇི་ལྟར་ཐུགས་ཀྱི་དཀྱིལ་

འཁོར་དུ་སྐུ་རྡོ་རྗེ་ལ་སོགས་པ་རྣམ་པར་བཀོད་ན་ཁ་དོག་སྔོན་པོ་དེ་དང་དེ་ཉིད་དུ་འཕོ་བ་དེ་བཞིན་སྐུའི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་ལ་སོགས་པ་རྣམ་པར་བཀོད་པ་ན། ཁ་དོག་དཀར་པོ་ཡང་དེ་དང་འདྲའོ། །གསུང་གི་དཀྱིལ་འཁོར་ལ་ནི་ཁ་དོག་དམར་པོ་དེ་བཞིན་དུ་ཤེས་པར་བྱའོ། །འོད་

ཟེར་ཕྲེང་བས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་འོད་ཟེར་དཀར་པོ་ལ་སོགས་པ་རྣམས་ཀྱིས་སྤྲས་པའོ། །ཡེ་ཤེས་ཀྱི་རྒྱ་མཚོའི་རྒྱུ་མཐུན་པའི་སའི་ཆའི་སྟེང་དུ་ཡི་གེ་ཧཱུྃ་ལས་བྱུང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡུལ་ཕྲ་རབ་རྣམས་ལས་གྲུབ་པ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་

རྒྱ་མཚོའོ། །དེ་ཉིད་ཀྱི་ཕྱིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ཏེ་ཡེ་ཤེས་ཀྱི་གཞལ་ཡས་ཁང་བསྒོམ་པར་བྱའོ། །མཆོད་པའི་སྤྲིན་རྣམས་སྤྲོ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་གཞལ་ཡས་ཁང་གི་ནང་དུ་བཀོད་པའི་ལྷ་མ་ལུས་པའི་འཁོར་ལོའི་དབུས་ན་གནས་པའི་རྡོ་

རྗེ་འཆང་ལ་སོགས་པ་གང་ཡང་རུང་བའི་བདག་པོའི་ང་རྒྱལ་དང་ལྡན་པ་སྔ་མ་བཞིན་དུ་མངོན་པས་འདུས་བྱས་ཤིང་བྱིན་གྱིས་བརླབས་པ་དྲི་དང་མེ་ཏོག་ལ་སོགས་པས་བརྒྱན་པའི་རང་གི་རིགས་ཀྱི་རིག་མ་དང་ཡང་དག་པར་ལྡན་པས། རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི་མཆོད་པའི་སྤྲིན་

སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །པདྨ་རྣམ་ལྔ་ཞེས་བྱ་བ་ནི་ཁ་དོག་སྔོན་པོ་དང་དཀར་པོ་དང་། སེར་པོ་དང་དམར་པོ་དང་ལྗང་གུའོ། །ཨུཏྤ་ལ་ཡང་དེ་དང་འདྲའོ། །ཛཱ་ཏི་རྣམ་གསུམ་ཞེས་བྱ་བ་ནི་ཁ་མ་འབུས་པ་དང་། ཁ་བྱེ་བ་དང་། ཞུ་བར་གྱུར་པའི་གཟུགས་རྣམས་སོ། །ཡང་ན་གཞན་དུ་བཤད་

པར་བྱ་སྟེ། པདྨ་ཞེས་བྱ་བ་ནི་ཤེལ་གྱི་རྡོ་བ་ལྟ་བུའི་ཆོས་འབྱུང་སྟེ། དེ་བཞིན་གཤེགས་པ་ལྔ་དང་ཉེ་བའི་ཕྱིར་ཁ་དོག་ལྔ་པའོ། །ཨུཏྤ་ལ་ཞེས་བྱ་བ་ནི་ཐབས་ཀྱི་རྡོ་རྗེ་སྟེ། དེ་ཡང་ཁ་དོག་ལྔ་པའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་དེ་ཁོ་ན་ཉིད་དུ་ཐུགས་སུ་ཆུད་པ་ཕྱག་ན་གནས་པ་བཞིན་དུ་བསྟན་པའི་

Vol. 41 · folio 195a

ཕྱིར་དེ་བཞིན་གཤེགས་པ་རྣམས་རང་དང་རྗེས་སུ་མཐུན་པའི་ཁ་དོག་དང་ལྡན་པའི་པདྨའི་ཕྱག་མཚན་བསྣམས་པ་ཡིན་ནོ། །དེ་བཞིན་དུ་ལྷ་མོ་ནི་ཨུཏྤ་ལའི་ཕྱག་མཚན་བསྣམས་པའོ། །ཛཱ་ཏི་རྣམ་གསུམ་ཞེས་བྱ་བ་ནི་གདོལ་པ་མོ་དང་། བཙོ་བླག་མཁན་དང་། གར་མཁན་

མའོ། །མེ་ཏོག་ཀརྞི་ཀ་ལ་སོགས་པ་རྣམས་ནི་མཱ་མ་ཀཱི་ལ་སོགས་པ་ལྷ་མོ་རྣམས་ཀྱི་དངོས་པོ་དང་ཐ་མི་དད་པའི་བཙུན་མོ་རྣམས་ཀྱི་བྷ་ག་སྟེ། ལེའུ་བཅོ་བརྒྱད་པ་ལས། བཙུན་མོ་གཞོན་ནུའི་ནམ་མཁའི་ཁམས། །མེ་ཏོག་ཅེས་ནི་མངོན་བརྗོད་དོ། །ཞེས་གང་གསུངས་པའོ། །མེ་ཏོག་

བསམས་ཞེས་བྱ་བ་ནི་ལྷ་དང་ལྷ་མོའི་ཡང་དག་པར་སྦྱོར་བ་བྱས་ནས་སོ། །མཆོད་པ་ཐམས་ཅད་ཅེས་བྱ་བ་ནི་བླ་ན་མེད་པ་ལ་སོགས་པའི་རང་བཞིན་ཏེ། དེས་སྔ་མ་བཞིན་དུ་བདག་ཉིད་དང་དཀྱིལ་འཁོར་ལ་མཆོད་པར་བྱའོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པ་

ཡིན་ཏེ། དཔག་ཚད་བྱེ་བའི་ཁྱོན་ཡོད་པ་མཆོད་རྟེན་གྱི་ནང་ན་གནས་པ་རྗེས་སུ་མཐུན་པའི་དཀྱིལ་འཁོར་བསྒོམ་པར་བྱའོ། །འཁོར་ལོ་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །རིགས་རྣམས་ཞེས་བྱ་བ་ནི་དབུས་ན་བཞུགས་པའི་སྐུ་རྡོ་རྗེ་དང་འཁོར་མི་བསྐྱོད་པ་ལ་སོགས་དཀྱིལ་འཁོར་པ་

རྣམས་དགོད་པར་བྱའོ། །གང་ཞིག་གིས་ཤེ་ན། གསུངས་པ་རྣམ་པར་མཁས་པ་སྟེ། བསམ་གཏན་གྱི་ཆོ་ག་ཤེས་པས་སོ། །དེ་བཞིན་དུ་པདྨས་མཚན་པ་ནི་གསུང་གི་དཀྱིལ་འཁོར་རོ། །དེ་བཞིན་དུ་རྡོ་རྗེས་མཚན་པ་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །རལ་གྲིས་མཚན་པ་ནི་དོན་ཡོད་པའི་དཀྱིལ་

འཁོར་རོ། །ཨུཏྤ་ལ་ཞེས་བྱ་བ་ནི་ཐབས་ཏེ་མཆོད་པའི་ཡན་ལག་ལ་ཐབས་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རིན་པོ་ཆེའི་རིགས་ཀྱི་ཕྱག་མཚན་ནོ། །དེས་ཉེ་བར་མཚན་པའི་དཀྱིལ་འཁོར་ནི་ཐ་མི་དད་པར་ཉེ་བར་བཏགས་པའི་སྒོ་ནས་ཨུཏྤ་ལ་ཞེས་བྱ་བར་བརྗོད་དོ། །ཁ་ཅིག་ལས་རྡོ་བ་ཞེས་འདོན་པ་དེར་

ནི་རིན་པོ་ཆེ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །རིགས་རྣམས་རབ་ཏུ་དགོད་པར་བྱ། །ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །གྲུ་བཞི་ཞེས་བྱ་བ་ནི་དབྱིབས་ཀྱི་སྒོ་ནས་སོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རིན་ཆེན་རྣམ་བཞི་པའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱུ་

Vol. 41 · folio 195b

མཐུན་པ་ཉིད་ཡིན་པའི་ཕྱིར་གསལ་ཞིང་རང་བཞིན་གྱིས་དྲི་མ་མེད་པ་སྟེ། དཀྱིལ་འཁོར་པ་རྣམས་ལ་བླ་ན་མེད་པ་ལ་སོགས་པ་རྣམས་ཀྱིས་མཆོད་པའི་ཕྱིར་གནས་སུ་བསྒོམ་པར་བྱའོ། །དེ་ཉིད་ནི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། དེ་ལ་མཆོད་པ་རྒྱ་མཚོ་ཙམ། །ཞེས་བྱ་བ་གསུངས་སོ། །རིན་ཆེན་

ན་བཟའ་ལ་སོགས་པས། །ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་རྣམས་མཐའ་ཡས་པ། ནམ་མཁའ་ཁྱབ་པའི་བླ་ན་མེད་པའི་མཆོད་པའི་ཚོགས་བསྟན་ཏོ། །མཆོད་པ་རྣམ་ལྔ་ནི་བདུད་རྩི་ལྔའོ། །རིན་ཆེན་འབྱུང་གནས་ཞེས་བྱ་བ་ནི་ཟག་པ་

མེད་པའི་བདེ་བའི་མཆོག་རྒྱས་པར་བྱེད་པའོ། །ན་ཆུང་ནི་ལོ་གྲངས་བཅུ་གཉིས་ལོན་པའོ། །མཱ་མ་ཀཱིའི་གཟུགས་སུ་རྣམ་པར་བསྒོམ་པ་རྡོ་རྗེ་སེམས་དཔས་བདག་གིས་བྱས་པ་ཉིད་ཡིན་པའི་ཕྱིར་མཆོག་གོ། །དབུལ་བར་བྱ་ཞེས་བྱ་བ་ནི་གྲུབ་པའི་རྒྱུ་མཚན་དུ་རིགས་ཀྱི་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །

རིན་ཆེན་སྣ་བདུན་གྱིས་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་བུ་དང་ནོར་བུ་དང་འཁོར་ལོ་དང་རལ་གྲི་དང་གླང་པོ་དང་རྟ་རིན་པོ་ཆེ་རྣམས་ཀྱིས་སོ། །སྦྱིན་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་ཕྱིར་རོ། །བདག་པོའི་ཕྱག་རྒྱར་ཞེས་བྱ་བ་ནི་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོར་རོ། །འདོད་ཆགས་ལ་

ཀུན་དུ་ཆགས་པས་རང་གི་དམ་ཚིག་ལས་བྱུང་བའི་སངས་རྒྱས་སྤྱན་ལ་སོགས་པ་རྣམས་དང་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཡང་དག་པར་སྦྱོར་བ་བྱས་ཏེ། བདེ་བ་ཆེན་པོའི་རྣམ་པར་བལྟ་བར་བྱའོ། །བཤད་མ་ཐག་པ་ཐམས་ཅད་ནི་བཙུན་མོའི་པདྨའི་དབུས་ན་གནས་པའི་བསྡུས་པའི་དཀྱིལ་

འཁོར་དུ་བྱ་བ་ཡིན་པས། དེའི་ཕྱིར་ནམ་མཁའ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ལས་གྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །བདག་གི་ལུས་ཞེས་བྱ་བ་ནི་འཁོར་ལོའི་ལྟེ་བ་ན་བཞུགས་པའི་བདག་པོའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་

པའོ། །དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་བླ་མ་སྟེ། བདུད་རྩི་ལྔས་མཆོད་པར་བྱའོ། །རིག་མ་འདོད་པས་ནི་ལྷའི་བུ་མོ་ལ་སོགས་པ་རྣམས་ཀྱིས་དེ་ལ་མཆོད་པར་བྱ་བ་ཡིན་པས། བཞིན་བཟངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱིན་གྱི་རླབས་ཀྱི་

Vol. 41 · folio 196a

གནས་ཞེས་བྱ་བ་ནི་སྙིང་ག་ལ་སོགས་པར་ལྷ་མོའི་འཁོར་ལོ་རྣམ་པར་དགོད་པའི་མཐར་ཐུག་པའོ། །དེ་ཉིད་མཆོད་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་ལ་མཆོག་ཏུ་དགའ་བས་མཆོད་པའོ། །བླངས་ནས་ཞེས་བྱ་བ་ནི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་རང་གི་ཁ་ཡིས་བླངས་

ནས་སོ། །མི་ཤིགས་པའི་སྐུ་ལ་སོགས་པ་རྣམས་སྒྲུབ་པར་བྱེད་པའི་མཆོད་པ་ནི་སྐུ་གསུང་ཐུགས་ཀྱི་མཆོད་པའོ། །དེའི་ཕྱིར་སྔགས་རྣམས་དངོས་གྲུབ་བྱེད་པ་ཞེས་གསུངས་སོ། །ཡེ་ཤེས་རྡོ་རྗེ་ཅན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་

པོ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །།ལེའུ་ལྔ་པར་མདོར་བསྟན་པའི་མདོ་རྣམས་བཤད་པའི་ཕྱིར། དོན་དམ་པའི་དག་པའི་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

དེ་ནི་བཤད་ཟིན་ཏོ། །སྐུ་གསུང་ཐུགས་དང་སྟེ། སྐུ་རྡོ་རྗེ་ལ་སོགས་པ་རྣམས་དང་། དཀྱིལ་འཁོར་གང་ལ་ཡང་དག་པར་ལྡན་པ་ཡོད་པ་དེ་ནི་སྐུ་གསུང་ཐུགས་དང་ཡང་དག་པར་ལྡན་པའོ། །དེ་ནི་རྡོ་རྗེ་ཡང་ཡིན་ལ་མི་ཕྱེད་རྡོ་རྗེ་གསུམ་ཡང་ཡིན་པས། རྡོ་རྗེ་མི་ཕྱེད་གསུམ་སྟེ། རྣམ་པར་སྣང་

མཛད་ལ་སོགས་པ་ཡིན་ཞིང་། དེ་རྣམས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་མི་ཕྱེད་གསུམ་གྱི་དཀྱིལ་འཁོར་རོ། །སངས་རྒྱས་ཡེ་ཤེས་ཅན་གྱི་ཞེས་བྱ་བ་ལ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་རྣམས་ཡིན་ཞིང་། གང་དག་ལ་དེ་རྣམས་ཡོད་པ་དེ་དག་ནི་སངས་རྒྱས་ཡེ་ཤེས་

ཅན་ཏེ། དེ་བཞིན་གཤེགས་པ་རྣམས་ཡིན་ཞིང་། དེ་རྣམས་ཉིད་ཀྱི་དཀྱིལ་འཁོར་གསུངས་སོ། །ཡང་དག་པར་སྦྱོར་བ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་གསང་བ་སྟེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །ཉམས་དགའ་བ་ནི་ཡིད་དུ་འོང་བའོ། །མཆོག་ནི་དམ་པ་སྟེ། རབ་ཏུ་བཤད་ཅིང་བསྟན་ཏོ། །

ནམ་མཁའི་དབྱིངས་ཞེས་བྱ་བ་ནི་སངས་རྒྱས་སྤྱན་གྱི་བྷ་གའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་ནི་སངས་རྒྱས་དཀྱིལ་འཁོར་རོ། །འདིས་དཀྱིལ་འཁོར་ཕན་ཚུན་དུ་བསྒྱུར་བའི་སྦྱོར་བ་ལས་དེ་དང་དེ་འགྲུབ་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །རྡོ་རྗེ་མི་བསྐྱོད་རབ་

Vol. 41 · folio 196b

བསྒོམས་ནས། །ཞེས་བྱ་བ་ནི་མི་བསྐྱོད་པའམ་ཞེ་སྡང་རྡོ་རྗེའོ། །ལག་ཏུ་ཞེས་བྱ་བ་ནི་ལག་ན་ཐོགས་པའི་རྡོ་རྗེ་འབར་བ་ཇི་འདྲ་བ་དེ་འདྲ་བར་རང་གི་གསང་བའི་རྡོ་རྗེ་ཧཱུྃ་ལས་བྱུང་བ་བསམ་པ་སྟེ། རྡོ་རྗེ་གསང་བ་འདི་ལྟ་བུས། །ཞེས་རྗེས་ཐོགས་ཉིད་དུ་འཆད་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །

དུས་གསུམ་པ་ཡི་སངས་རྒྱས་རྣམས། །ཞེས་བྱ་བ་ནི་གལ་ཏེ་དངོས་གྲུབ་བསྒྲུབ་པ་ལ་ཞུགས་པའི་སྒྲུབ་པ་པོའི་སློབ་དཔོན་ལ་སངས་རྒྱས་རྣམས་གནོད་པ་མཛད་པར་གྱུར་ན་དེ་རྣམས་ཀྱང་བརླག་པར་བྱའོ་ཞེས་བྱ་བ་འདི་ལ་དོར་བ་བརྗོད་པའོ། །གཙོ་བོར་ནི་སློབ་དཔོན་སྨོད་པ་ལྷུར་ལེན་པ་ལ་སོགས་པ་

རྣམས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། འདི་ཉིད་ལས་སློབ་དཔོན་སྨོད་པ་ལྷུར་ལེན་དང་། །ཐེག་ཆེན་མཆོག་ནི་སུན་འདོན་རྣམས། །འབད་པ་ཡིས་ནི་གསད་བྱ་སྟེ། །ཡང་ན་གནས་ནས་བསྐྲད་པར་བྱ། །ཞེས་གང་གསུངས་པའོ། །ཅི་བཅོམ་ལྡན་འདས་ཀྱིས་བུད་མེད་ལ་བརྟེན་ནས་

ཤ་འཁོན་ཞུགས་པ་བཞིན་དུ་འདི་གསོད་སེམས་ཀྱིས་ཀུན་ནས་བསླང་བ་ཡིན་པར་གསུངས་སམ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ནི་གང་གིས་སློབ་དཔོན་སྨོད་པ་ལ་སོགས་པ་དམྱལ་བ་ཆེན་པོ་དང་། ངན་སོང་དུ་འགྲོ་བའི་རྒྱུའི་ལས་བྱེད་པ་རྣམས་ཀྱང་མི་བསྐྱོད་པའི་ས་ཐོབ་པར་བྱེད་པའི་འགྲོ་

བ་མ་ལུས་པ་མངོན་པར་འདོན་པའི་བདག་ཉིད་ཅན་གྱི་སྙིང་རྗེ་ཆེན་པོའོ། །གལ་ཏེ་བདག་ཉིད་མ་རྒལ་བར་གཞན་ཇི་ལྟར་སྒྲོལ་བར་བྱེད་ཅེ་ན་མ་ཡིན་ཏེ། ནམ་མཁའ་ལྡིང་གི་ཆ་བྱད་དུ་བྱས་པའི་ལུས་ཅན་གྱི་སྔགས་པས་མཆུ་དང་གཤོག་པ་ལ་སོགས་པར་སྣང་བ་མེད་ཀྱང་སྔགས་ཀྱི་མཐུ་ཉིད་

ཀྱིས་སྦྲུལ་ལ་སོགས་པའི་དུག་གིས་ནོན་པའི་སེམས་ཅན་འཚོ་བར་བྱེད་པ་དེ་བཞིན་དུ། མི་བསྐྱོད་པའི་རྣལ་འབྱོར་པས་ཀྱང་ཉོན་མོངས་པའི་དུག་གིས་ནོན་པ་རྣམས་ཡང་དག་པར་འདོན་པར་བྱེད་དོ། །སྐུ་གསུང་ཐུགས་ཀྱི་ལོངས་སྤྱོད་ནི། །ཞེས་བྱ་བ་ནི་སངས་རྒྱས་དང་སེམས་ཅན་རྣམས་ཀྱིའོ། །

རྡོ་རྗེས་ཞེས་བྱ་བ་ནི་རང་གི་ལག་ན་ཐོགས་པ་དང་། རང་གི་གསང་བ་དང་གདན་ལ་སོགས་པས་སོ། །སེམས་ལ་མངོན་པར་འདོད་པའི་དངོས་གྲུབ་ནི་ཐུགས་ཀྱི་དངོས་གྲུབ་སྟེ། བསྒྲུབ་བྱ་མི་བསྐྱོད་པའི་རྣམ་པར་བསྒྲུབ་པ་ཡིན་ཞིང་། དེ་འཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཐུགས་ཀྱི་དངོས་གྲུབ་འཐོབ་

Vol. 41 · folio 197a

བྱེད་པའོ། །བསམ་གཏན་མཆོག་ཅེས་བྱ་བ་ནི་དེའི་སེམས་སྣང་བ་མེད་པར་བྱས་ནས་ཡི་གེ་ཧཱུྃ་ལས་བྱུང་བའི་མི་བསྐྱོད་པའི་གཟུགས་སོ། །བསོད་ནམས་ཀྱི་ཚོགས་དེས་ནི་བདག་ཉིད་ཀྱིས་ཀྱང་རྡོ་རྗེ་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་རོ། །འདི་ལྟ་བུས་ཞེས་བྱ་

བ་ནི་བཤད་མ་ཐག་པའི་རྡོ་རྗེས་སོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་བླ་མ་ལ་སྨོད་པར་བྱ་བ་ལ་སོགས་པ་རྣམས་སོ། །མི་བསྐྱོད་ཅེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། བཤད་མ་ཐག་པའི་དཀྱིལ་འཁོར་དུ་ཇི་སྐད་བཤད་པའི་རྣལ་འབྱོར་དང་ལྡན་པས། ཇི་སྐད་

བཤད་པའི་སེམས་ཅན་གྱི་ཡུལ་ལ་འཆད་པར་འགྱུར་བའི་ཚུལ་བཞིན་དུ་སྡིག་པ་འཕེལ་བ་དང་ཁ་སྦྱར་དབྱེ་བར་བྱ་སྟེ། མདུན་ན་གནས་པའི་རླུང་གི་སྟེང་གི་མེའི་དཀྱིལ་འཁོར་ལ་གནས་པའི་ལུས་ཏིལ་མར་གྱིས་བསྐུས་ལ། གཅེར་བུ་གོ་ཆ་དང་བྲལ་བ་དམིགས་ལ། ལག་པ་གཡས་པ་ན་

གནས་པའི་རྡོ་རྗེ་འབར་བས་བསྣུན་ཏེ་ཐལ་བར་བྱས་པ་བལྟ་བར་བྱའོ། །ཡང་ན་བཤད་མ་ཐག་པའི་སེམས་ཅན་རིག་མའི་པདྨའི་ནང་ན་གནས་པའི་རླུང་གི་སྟེང་གི་མེའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། རང་གི་སྙིང་ག་ནས་རྡོ་རྗེ་སྤྲོས་ལ། རིག་མའི་ཁ་ནས་བཅུག་སྟེ། དེའི་ལུས་ལ་ཐོག་གི་

ཕྲེང་བ་ལྟ་བུའི་སྔགས་ཀྱི་ཕྲེང་བ་འབར་བ་དབབ་ཅིང་། ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་པའི་རང་གི་གསང་བའི་རྡོ་རྗེ་འབར་བས་བསྣུན་ཏེ་ཐལ་བར་བྱས་པར་བསམ་པར་བྱའོ། །དེའི་རྣམ་པར་ཤེས་པ་ནི་དྲི་མ་མེད་པའི་རླུང་གིས་མི་བསྐྱོད་པའི་མར་མེའི་མེ་ལྕེའི་རྣམ་པར་བསམས་ཏེ། ཕུང་པོ་ལ་

སོགས་པ་བྱིན་གྱིས་བརླབས་པ། ཡི་གེ་ཧཱུྃ་ལས་འབྱུང་བའི་མི་བསྐྱོད་པའི་གཟུགས་སུ་བསྒོམས་ལ། བཛྲ་དྷྲྀཀ་ཅེས་བྱ་བ་འདིས་ཕྱུང་སྟེ། མདུན་ན་ཡི་གེ་རཾ་ལས་བྱུང་བའི་གྲུ་གསུམ་གྱི་རྣམ་པའི་ཤིང་རྟ་ལ་གནས་པ། འོག་ནས་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱིས་བཏེག་ལ་མངོན་

པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་བཏང་སྟེ། ཁམས་གསུམ་པོའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་ཡང་དག་པར་བཀོད་ནས། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱིས་དབང་བསྐུར་ཏེ། བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ལྟར་མངོན་པར་འདུ་བྱ་བ་དེས་ནི་མི་བསྐྱོད་པའི་

Vol. 41 · folio 197b

ཞིང་དུ་དེའི་གཟུགས་ཅན་གྱི་རྒྱལ་བའི་སྲས་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཅན་དུ་གྱུར་པ་མ་ཡིན་པས་ཀྱང་རྣམ་པ་གཞན་གྱི་དེ་ཁོ་ན་བཞིན་དུ་མི་བསྐྱོད་པའི་གཟུགས་སུ་བསྐྱེད་པར་བྱའོ། །ཕྱི་རོལ་གྱིས་གསད་པ་སྡིག་པར་འགྱུར་བ་ཁོ་ནའི་ཞེ་ན། དེ་ནི་

མ་ཡིན་ཏེ། ཞེ་སྡང་གིས་རབ་ཏུ་ཕྱེ་བའི་ལུས་དང་། ངག་དང་ཡིད་གསུམ་གྱི་ལས་ནི་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ནོ། །འདིར་ནི་སྙིང་རྗེ་ཆེན་པོས་དེ་རྣམས་ལ་ཕན་པ་ཁོ་ནའི་ཕྱིར་གསད་པར་བྱ་བ་དང་། གསོད་པར་བྱེད་པ་དང་། གསད་པའི་བྱ་བ་སྟེ། མུ་གསུམ་དང་བྲལ་

བས་འཇུག་པ་ཡིན་ཏེ། སྙིང་རྗེའི་སེམས་འབྱུང་བའི་དུས་སུ་གསོད་པའི་སེམས་འབྱུང་བར་མི་འགྱུར་ཏེ། སྣང་བ་དང་མུན་པ་བཞིན་དུ་གཅིག་ལ་ཕན་ཚུན་འགལ་བ་དང་། དུས་གཅིག་ཏུ་སེམས་གཉིས་འབྱུང་བ་མེད་པའི་ཕྱིར་རོ། །བདག་ཡོད་ན་ནི་གཞན་གྱི་འདུ་ཤེས་འབྱུང་།

བདག་དང་གཞན་དུ་འབྱེད་པ་ལས་ཆགས་སྡང་སྟེ། སྡུག་བསྔལ་ཐམས་ཅད་རབ་ཏུ་འབྱུང་བ་ནི། དེ་དག་ལ་ནི་ཀུན་དུ་རག་ལས་ཡིན། །ཞེས་ཀྱང་བཤད་དོ། །བཅོམ་ལྡན་འདས་ཀྱིས་འཛམ་བུའི་གླིང་འཇིག་པའི་མདོ་ལས་ཀྱང་། སྒྱུ་མ་བྱེད་པས་སེམས་ཅན་ནི། །མང་པོ་སྤྲུལ་

ནས་འདིར་གསད་ཀྱང་། །དེར་ནི་གསོད་བྱེད་འགའ་ཡང་མེད། །ཆོས་རྣམས་མཚན་ཉིད་དེ་བཞིན་ནོ། །ཞེས་གསུངས་སོ། །ཆོས་འདི་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་དེ་བཞིན་གཤེགས་པ་མཐའ་ཡས་པ་མཉེས་པར་བྱ་བ་ལྷུར་ལེན་པ། ཁྱད་པར་དུ་འཕགས་པ་ལ་ལྷག་

པར་མོས་པ། བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཡིད་ཆེས་པར་གྱུར་པ་ལ་བསྟན་པར་བྱའི། གཞན་མི་གཙང་བ་དང་འདྲེས་པའི་འོ་མའི་བཏུང་བའི་བུམ་པ་ལ་སྨོད་ཅིང་འཐུང་བ་བཞིན་དུ་ལྷག་པར་མོས་པ་ཡོངས་སུ་རྫོགས་པ་ཕྱེད་སྨིན་པར་གྱུར་པ་ལ་ནི་མ་ཡིན་ནོ། །འདི་ཉིད་བཅོམ་

ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བདར་བ་གསེར་བཞིན་དུ། །ཡོངས་སུ་བརྟགས་ཏེ་ང་ཡི་བཀའ། །བླང་བར་བྱ་ཡང་གུས་ཕྱིར་མིན། །ཞེས་བྱ་བ་གསུངས་སོ། །ཡོངས་སུ་བརྟག་པ་ཡང་རྒྱུད་འདི་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་

Vol. 41 · folio 198a

ལེའུ་ལ་སོགས་པ་ཐམས་ཅད་ལས་བཤད་དོ། །འདིར་ནི་ཡོངས་སུ་མི་ཤེས་པ་ཉིད་མཆོག་ཏུ་ཡིན་པར་ཁས་བླང་བར་བྱའི། དམྱལ་བར་འགྲོ་བའི་ཕྱིར་སེམས་ཕྱིན་ཅི་ལོག་པ་གཞན་ནི་མ་ཡིན་ཏེ། འཕགས་པ་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། གང་དུ་

བློས་ནི་འཛིན་པར་མི་ནུས་པ། །བདག་གིས་མི་ཤེས་རབ་ཏུ་མི་ཤེས་ཞེས། །དེར་ནི་དེ་བཞིན་གཤེགས་པ་དཔང་པོར་གཞག །མི་བཟད་བྱང་ཆུབ་ཐོབ་ཅེས་བདེ་གཤེགས་གསུངས། །ཞེས་གང་གསུངས་པ་སྟེ། ཤིན་ཏུ་ཐལ་ཆེས་པས་ཆོག་གོ། །དེ་ཙམ་གྱིས་ནི་འདིར། སྲོག་གཅོད་

པ་ཡི་སེམས་ཅན་གང་། །ཞེས་བྱ་བའི་མདོའི་དོན་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཐར་པ་རབ་སྒྲུབ་པ། །ཞེས་བྱ་བ་ནི་ཕྱུག་པོ་གསང་བྱེ་བ་ལ་སོགས་པ་སེར་སྣས་ནོན་པའི་སེམས་ཅན་རྣམས་དེ་སྤང་བའི་ཡེ་ཤེས་ཡིད་བཞིན་གྱི་

ནོར་བུ་རིན་པོ་ཆེ་ལྟ་བུས་སངས་རྒྱས་ཀྱི་སྐུ་ཉིད་དུ་གྲུབ་པར་བྱེད་པས་ན། ཡེ་ཤེས་ཐར་པ་རབ་སྒྲུབ་པའོ། །བདག་དང་གཞན་དང་དངོས་པོ་སྟེ་མཐའ་གསུམ་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ཡིན་པའི་ཕྱིར་ངོ་བོ་ཉིད་དག་པའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་བཞིན་དུ་སྐྱོན་དང་ཡོན་ཏན་གྱི་ཚོན་

རྣམས་ཀྱིས་བསྒྱུར་བར་མི་ནུས་པ་ཉིད་ཡིན་པས་གོས་པ་མེད་པའོ། །སེར་སྣ་དང་ལྡན་པའི་སེམས་ཅན་རྣམས་འདོན་པའི་བདག་ཉིད་ཅན་གྱི་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་ཡིན་ཞིང་དེ་རབ་ཏུ་རྣམ་པར་ཕྱེ་ནས་སྟོན་པས་ན་རབ་སྟོན་པ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །དམ་ཚིག་དེ་ཉིད་བཀའ་སྩལ་ཏོ་ཞེས་བྱ་བ་

ལ། འདའ་བར་བྱ་བ་མ་ཡིན་ཞིང་བདག་དང་གཞན་གྱིས་དེ་ཁོ་ན་ཉིད་འཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། དམ་ཚིག་དེ་ཉིད་དེ་དཀྱིལ་འཁོར་རོ། །དེ་ཉིད་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་གསུངས་ཏེ། མཱ་མ་ཀཱིའི་བྷ་གར་རོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་དཀྱིལ་

འཁོར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནི་དེའི་དབུས་སུ་སངས་རྒྱས་སྤྱན་དང་སྙོམས་པར་ཞུགས་པའོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་ཏེ། ཡང་དག་པར་སྦྱོར་བ་ལས་ཀུན་དུ་ཕྱུང་ལ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དེ་ནས་རང་གི་བ་སྤུའི་བུ་གའི་གསེབ་རྣམས་

Vol. 41 · folio 198b

ནས་དེ་བཞིན་གཤེགས་པ་རྣམས་སྤྲོ་སྟེ། འཕྲོག་པར་མངོན་པར་འདོད་པའི་རྫས་ཀྱི་རིགས་ལ་བཅུག་ནས། པདྨ་རཱ་ག་ལ་སོགས་པ་རིན་པོ་ཆེ་རྣམས་ཀྱི་འབྱུང་ཁུངས་ཡོངས་སུ་གྱུར་པར་བསམ་པར་བྱ་བ་ནི། རིན་ཆེན་ཀུན་གྱི་སྦྱོར་བ་ཡིས། །རྡོ་རྗེའི་གཟུགས་ཏེ་དེ་བཞིན་གཤེགས་པ་རྣམས་

སུ་བསམ་པར་བྱའོ་ཞེས་བྱ་བས་གསུངས་སོ། །རྫས་རྣམས་ཐམས་ཅད་འཕྲོག་པ་ཞེས་བྱ་བ་ནི་བཤད་མ་ཐག་པ་རྣམས་སོ། །རྡོ་རྗེ་གསུམ་གྱིས་ཞེས་བྱ་བ་ནི་ངག་གིས། ཨོཾ་ཨཱཿཛི་ན་ཛིཀ་ཆེ་གེ་མོའི་རྫས་ཨཱ་ཀཪྵ་ཡ་སྭཱ་ཧཱ་ཞེས་བྱ་བ་བརྗོད་ཅིང་སེམས་ཀྱིས་མངོན་པར་འདོད་པ་བདག་དང་གཞན་

དང་དངོས་པོ་དང་འཁོར་གསུམ་ཡོངས་སུ་དག་པ་ལ་གནས་པས། ལུས་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་རྫས་དེ་བཀུག་སྟེ། རང་གི་ཁྱིམ་དགང་བར་བྱ་བའོ། །ནོར་གྱི་རྒྱ་མཚོས་ཞེས་བྱ་བ་ལ་སོགས་པས་ནི་ནོར་གྱི་བདག་པོ་རྣམས་ཀྱི་ཕན་ཡོན་གསུངས་ཏེ་དེ་ནི་གོ་སླའོ། །

སྔགས་ཀྱིས་མངོན་པར་འདུས་བྱས་པའི་སྟོབས་ཀྱིས་གསད་པ་ནི་འགྲུབ་པར་འགྱུར་བ་ཡིན་དུ་ཆུག་ན། འདི་ལ་གོ་རྒྱུ་ཅི་ཞིག་ཡོད་ཅེ་ན། རྣལ་འབྱོར་པའི་རྒྱུད་རྣམ་པར་དག་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། བདག་ལས་གཞན་ལ་མ་འགྲོ་ཅིག་སྙམ་པ་ནི་སེར་སྣ་སྟེ། དེས་ནོན་པའི་སེམས་ཅན་གྱིས་ནི་རང་

ཉིད་ཀྱིས་སྦྱིན་པར་མི་ནུས་སོ། །དེའི་ཕྱིར་དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པའི་རྒྱལ་པོས་འཁོར་གསུམ་རྣམ་པར་དག་པར་གྱུར་པའི་ནོར་དེ་བདག་དང་གཞན་གྱིས་ཉེ་བར་ལོངས་སྤྱོད་པ་དང་། དཀོན་མཆོག་གསུམ་ལ་སོགས་པ་ལ་ཉེ་བར་ཕུལ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཡིན་

ཏེ། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། འདིར་བྱང་ཆུབ་སེམས་དཔས་སེར་སྣ་ཅན་མ་གཏོགས་པ་གཞན་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་མ་བྱིན་པར་ལེན་པ་སྤང་བར་བྱ་བ་ཡིན་ནོ་ཞེས་གསུངས་སོ། །གཏི་མུག་གི་རིགས་ཀྱི་དམ་ཚིག་ནི་རིགས་ཐམས་ཅད་

ཀྱི་ཐུན་མོང་བ་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། རིགས་ཀྱི་རྒྱ་མཚོ་ཀུན་ལ་ཞེས་བྱ་བ་གསུངས་སོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སྡོམ་པ་བཞི་ཉམས་སུ་བླང་བར་བྱ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ནི་གཞན་གྱི་ནོར་ལ་ཆགས་པ་ཞེས་

Vol. 41 · folio 199a

བྱ་བ་མདོ་དེའི་དོན་ཡིན་ནོ། །དེ་ནས་རྒྱལ་པོ་རྡོ་རྗེ་ཡིན་པས་རབ་ཏུ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ལ་འདོད་ཆགས་ནི་ཡང་དག་པར་སྦྱོར་བ་ལ་ཀུན་དུ་ཆགས་པའི་མཚན་ཉིད་དོ། །དེས་ཐར་པ་རབ་ཏུ་སྒྲུབ་པ་ནི་སེམས་ཅན་རྣམས་ཀྱི་རྒྱུད་ལ་

ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པའོ། །དབང་པོ་གཉིས་སྙོམས་པར་ཞུགས་པ་ཉིད་ཡིན་པའི་ཕྱིར་གསང་བའོ། །ཟག་པ་མེད་པའི་དགའ་བ་མཆོག་གི་རང་བཞིན་ཉིད་ཡིན་པའི་ཕྱིར་དག་པའོ། །དེར་ཡང་མི་དམིགས་པའི་ཕྱིར་དམིགས་མེད་པའོ། །དབུས་གནས་

པར་ཞེས་བྱ་བ་ནི་རིན་པོ་ཆེའི་དམ་ཚིག་གི་བྷ་གའི་ནང་ན་གནས་པར་དཀོན་མཆོག་དཔལ་གྱི་དཀྱིལ་འཁོར་རོ། །དཔག་མེད་ཆེ་ཞེས་བྱ་བ་ནི་དེའི་དབུས་སུ་བདག་ཉིད་གོས་དཀར་མོར་རྣམ་པར་བསྒོམས་པའི་གར་མཁན་གྱི་བུ་མོ་དང་སྙོམས་པར་ཞུགས་པའི་འོད་དཔག་ཏུ་མེད་པར་རོ། །

སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ཡང་དག་པར་སྦྱོར་བ་ལས་འབྱུང་བའི་དཀྱིལ་འཁོར་པ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་དག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བུད་མེད་རྣམ་པར་སྦྱོར་བ་ཞེས་བྱ་བ་ནི་རིག་མའི་ཚོགས་ཀྱི་དཀྱིལ་འཁོར་པ་ཡང་དག་པར་ཕྱུང་སྟེ། ལྷ་ཐམས་

ཅད་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་བསྒོམ་པའོ། །ལྷའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །གསུང་ནི་ཆོས་ཀྱི་ཕྱག་རྒྱ། ཐུགས་ནི་ལས་ཀྱི་ཕྱག་རྒྱའོ། །ཀུན་དུ་ཁྱབ་པའི་ཤེས་རབ་ལྷ་མོའི་གཟུགས་སུ་གྱུར་པ་དེ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་བཞི་པོ་དེ་རྣམས་དང་གཉིས་སུ་མེད་པར་

ཡང་དག་པར་སྦྱོར་བའི་ཕྱིར་དམ་ཚིག་བཞིའི་སྦྱོར་བ་སྟེ་དེས་སོ། །མི་ཕྱེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཐབས་ནི་རྡོ་རྗེ་ཚུལ་ལོ། །དེ་ཉིད་བཤད་པའི་ཕྱིར། དེ་དག་ཐམས་ཅད་ཉེ་བར་སྤྱད། །ཅེས་བྱ་བ་གསུངས་ཏེ། ཕྱག་རྒྱ་བཞིའི་བདག་ཉིད་དང་ཡང་དག་པར་ལྡན་པའི་འཁོར་

གྱི་དཀྱིལ་འཁོར་དང་བཅས་པས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་མ་ལུས་པར་བསྟན་པར་བྱ་བའོ། །དགའ་བ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པའི་རང་བཞིན་ཅན་གྱི་སྐུ་གསུམ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མི་སྐྱེད་སྐུ་གསུམ་བསྒོམ་པའོ། །སྔགས་པ་རྣམས་ཀྱིས་

Vol. 41 · folio 199b

ཞེས་བྱ་བ་ནི་ལྷ་གཞན་གྱི་རྣལ་འབྱོར་པས་ཀྱང་སྟེ། བཅོམ་ལྡན་འདས་ཀྱིས། རྫོགས་སངས་རྒྱས་ཀྱིས་འདོད་པ་བསྟེན། །དགེ་སློང་གོ་འཕང་མཆོག་འཐོབ་འགྱུར། །སྒྲུབ་པ་པོས་ཀྱང་དེ་བཞིན་སྦྱར། །སྡོམ་པ་གསུམ་ལ་གནོད་པ་མིན། །ཞེས་གང་གསུངས་པའོ། །

འདི་ནི་རྟག་ཏུ་འདོད་ལ་སྤྱོད་པ་ཞེས་བྱ་བ་དེའི་དོན་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཀའ་སྩལ་ཏེ་ཞེས་བྱ་བར་སྦྱར་རོ། །བརྫུན་དུ་སྨྲ་བ་ལ་དགའ་བ་རྣམས་དེ་རྣམ་པར་སྦྱོང་བ་ཡང་དག་པར་བསྟན་པའི་སྒོ་ནས་དོན་ཡོད་པར་གྲུབ་པའི་རང་བཞིན་གྱི་བྱང་ཆུབ་སེམས་

དཔའ་རྣམས་སུ་སྒྲུབ་པར་བྱེད་པས་ན་རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པའོ། །སངས་རྒྱས་ནི་འོད་དཔག་ཏུ་མེད་པ་སྟེ། དེའི་དཀྱིལ་འཁོར་གོས་དཀར་མོའི་མཚོ་སྐྱེས་ལ་གནས་པ་ནི་སངས་རྒྱས་དཀྱིལ་འཁོར་རོ། །རྡོ་རྗེ་དོན་ཡོད་ཅེས་བྱ་བ་ནི། དེའི་དབུས་སུ་སྒྲོལ་མ་དང་ཡང་

དག་པར་ལྡན་པའི་དོན་ཡོད་པར་གྲུབ་པ་སྔ་མ་བཞིན་དུ་དཀྱིལ་འཁོར་པ་རྣམས་ཀྱིས་ཡོངས་སུ་བསྐོར་བར་བསམ་པའོ། །སྒྱུ་མ་ལ་སོགས་པ་བཞིན་དུ་སྣང་བ་ཙམ་གྱིས་ཀུན་དུ་བརྟགས་པའི་དངོས་པོ་རྣམས་དངོས་སུ་མེད་དོ་ཞེས་བྱ་བའི་བརྫུན་པའི་དོན་དང་ཆོས་ཐམས་ཅད་རང་བཞིན་

གྱིས་འོད་གསལ་བ་ཞེས་སྟོན་པར་བྱེད་པའི་མི་ཕྱེད་པའི་ཚིག་རྣམས་ནི། རྡོ་རྗེ་ཚིག་གི་བརྫུན་སྨྲ་བ་སྟེ་དེ་རྣམས་ཀྱིས་སོ། །ཐམས་ཅད་གཟུགས་སུ་ཞེས་བྱ་བ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བརྟན་པ་དང་གཡོ་བའི་རྣམ་པ་ཅན་གྱི་དཀྱིལ་འཁོར་པའི་ལྷའི་

གཟུགས་བསྒོམ་པའོ། །རྒྱལ་བ་ཀུན་གྱི་གནས་ཞེས་བྱ་བ་ནི། སངས་རྒྱས་སྤྱན་ལ་སོགས་པ་རྣམས་སོ། །རྒྱལ་བ་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་དཀྱིལ་འཁོར་པ་རྣམས་སོ། །སླུ་བར་བྱེད་ཅེས་བྱ་བ་ནི། ཟླ་གསང་ཐིག་ལེ་ལ་སོགས་པ་ལས་

བཤང་པའི་བྱ་བའི་སྦྱོར་བ་རྣམ་པ་ཐ་དད་པ་རྣམས་ཀྱི་སྒོ་ནས་སླུ་བ་སྟེ། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་དེ་ལ་ཡང་དག་པར་སྦྱོར་བའོ། །ཡང་ན་དོན་གྱི་ཁྱད་པར་མཐོང་བའི་འཇིག་རྟེན་ལ་གྲགས་པ་ལས་གཞན་དུ་རྩ་དང་མཚུངས་པར་འཁོར་གསུམ་ཡོངས་སུ་དག་

Vol. 41 · folio 200a

པར་བརྗོད་པ་སྟེ། གཞན་རྣམས་བདེ་བའི་དོན་དང་ནི། །སློབ་དཔོན་བདེ་བའི་རྒྱུ་ཉིད་དང་། །དཀོན་མཆོག་གསུམ་ལ་ཕན་པའི་ཕྱིར། །རྟག་ཏུ་བརྫུན་དུ་སྨྲ་བར་བྱ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན། ནམ་མཁའི་གསུང་དེ་དྲི་

མེད་པ། །ཞེས་གསུངས་སོ། །ཡེ་ཤེས་བློ་ཅན་རྣམས་ཀྱི་ཞེས་བྱ་བ་ནི། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་བསྒྲུབ་པ་ལ་ཞུགས་པ་རྣམས་ཀྱིའོ། །གསང་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ལ་གསང་བར་བྱ་བའོ། །རང་གི་འདོད་པའི་ལྷའི་གོ་འཕང་ཐོབ་པར་

བྱེད་པ་ཉིད་ཡིན་པའི་ཕྱིར། སྔགས་ཀྱི་དངོས་གྲུབ་འཐོབ་པར་བྱེད་པའོ། །དམ་ཚིག་དོན་ཡོད་པར་གྲུབ་པའོ། །དེ་འགུགས་པ་ནི་རྣལ་འབྱོར་པའི་རྒྱུད་དེའི་རང་བཞིན་དུ་བྱེད་པའོ། །དེ་དོན་ཅན་གྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་བཤད་ཟིན་པའི་མཚན་ཉིད་ཅན་གྱི་

སླུ་བའོ། །དོན་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱ་ཞེས་བྱ་བ་ནི་ཇི་ལྟར་གཉིས་སུ་བཤད་པ་དེ་ཁོ་ན་བཞིན་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །ལུང་ལས་ནི་སྦྱོར་བ་བྱས་པ་ལ་སོགས་པ་ཡན་ལག་ལྔས་སྲོག་གཅོད་པ་ལ་སོགས་པ་བཞིར་འགྱུར་ཏེ། གང་ཡང་རུང་བ་ཅིག་མ་ཚང་ན་ཡང་

མི་འགྱུར་རོ་ཞེས་གསུངས་སོ། །འདིར་ནི་ཡན་ལག་གཅིག་ཀྱང་མི་དམིགས་པའི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པའི་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་ཉིད་སྒྲུབ་པར་བྱེད་པ་ཉིད་ཡིན་ནོ། །འདི་ནི་བརྫུན་དུ་སྨྲ་བ་ལ་དགའ་བ་དང་ཞེས་བྱ་བའི་མདོའི་དོན་ཡིན་ནོ། །དེ་

ནས་ཞེས་བྱ་བ་ལ་སོགས་པ་ལ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །རྒྱལ་བ་རྣམས་ཀྱི་གནས་ནི་རྒྱལ་གནས་ཏེ། དེའི་སྐུ་དང་གསུང་དང་ཐུགས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པའི་ཕྱིར་རོ། །མི་ཕྱེད་པའི་དངོས་གྲུབ་ཡང་དག་པར་སྒྲུབ་པར་མཛད་པ་ཉིད་

ཡིན་པའི་ཕྱིར་རྡོ་རྗེ་དངོས་གྲུབ་རབ་སྟོན་པའོ། །འཕགས་མ་སྒྲོལ་མའི་འདམ་སྐྱེས་སུ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་བདག་ཉིད་རིན་ཆེན་འབྱུང་ལྡན་དུ་རྣམ་པར་བསྒོམས་ནས་སོ། །གཟུགས་རྣམས་

Vol. 41 · folio 200b

ཀུན་གྱིས་ཞེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་དང་ཏིལ་གྱི་གང་བུ་དང་མཚུངས་པ་རྣམས་ཀྱིས་སོ། །འདི་དག་དགང་ཞེས་བྱ་བ་ནི་དཀྱིལ་འཁོར་དང་ནམ་མཁའི་དབྱིངས་ཀུན་དུ་དགང་བའོ། །རྩུབ་པའི་ངག་ལ་སོགས་པ་ནི། །ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སོ་སོར་ཐར་པ་ལ་

སོགས་པ་སྡོམ་པ་གསུམ་ཡོངས་སུ་དག་པ་བསྟན་ཏེ། མདོ་སྡེ་རྒྱན་ལས། ལྟུང་བ་ཀུན་ལས་འབྱུང་བ་ནི། །སྟོང་ཉིད་སོ་སོར་རྟོག་པ་ཡིན། །ཞེས་གང་གསུངས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཚིག་རྩུབ་པོ་ནི་འགྲོ་བ་དྲུག་གི་སྐྱེས་བུ་སྔོན་དུ་བྱེད་ཅིང་རྨོངས་པ་རྣམས་ལ་

གསུངས་སོ། །དེ་བཞིན་དུ་བསླབ་པའི་གནས་གཞན་དང་གཞན་དག་ཀྱང་སྐྱེ་བོ་དེ་དང་དེ་རྣམས་ཀྱི་སྐྱོན་དག་ལ་གཟིགས་ནས། བཅོམ་ལྡན་འདས་ཀྱིས་བཅས་ཀྱི། དང་པོ་ནས་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཉིད་ཀྱི་དགོངས་པ་ལ་བརྟེན་ནས་ནི་མ་ཡིན་ནོ། །ཅིའི་ཕྱིར་དེ་

ལྟར་ཤེས་ཤེ་ན། སྐྱེ་བོའི་སྐྱོན་གྱི་རྒྱུར་འགྱུར་ཏེ། །དེ་ཉིད་ཕྱིར་ན་བཀག་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །བསྟེན་ན་ཡེ་ཤེས་ཐོབ་པར་འགྱུར། །ཞེས་བྱ་བ་ནི་གསོད་པ་ལ་སོགས་པ་བཞིན་དུ་ལྟུང་བ་ཐམས་ཅད་བསྟེན་ན་རྣམ་པ་ཐམས་ཅད་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའི་

དཀོན་མཆོག་དཔལ་གྱི་རང་བཞིན་གྱི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་ཚོགས་པའི་མི་ཕྱེད་པའི་ཏིང་ངེ་འཛིན་འཐོབ་པར་མཛད་པ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་བཀོད་པ་སྟེ་རྡོ་རྗེ་འཆང་ཆེན་པོས་མི་ཕྱེད་

པ་དེ་སྐད་ཅེས་བཀའ་སྩལ་ཏོ། །སྔར་མདོར་བསྟན་པའི་ཚིག་རྣམས་ཐོས་ནས། ཆོས་ལ་སྨད་དེ་རྒྱལ་བར་གྱུར་པ་རྣམས་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་བསླངས་ནས། སླར་དེ་བཤད་པ་ན་ཡང་རིགས་ཆད་པ་དང་། རིགས་མ་

ངེས་པ་རྣམ་པར་སྤྲོས་པས་གོ་བ་རྣམས་འབྱུང་བར་འགྱུར་བས་དེ་རྣམས་དང་རྗེས་སུ་མཐུན་པར་བསྟན་པའི་ཕྱིར་དམ་ཚིག་རྡོ་རྗེ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ངོ་མཚར་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱི་སྨོད་

Vol. 41 · folio 201a

པ་བྱེད་པར་གྱུར་ཏེ་བཤད་ཟིན་ཏོ། །འདས་ཤིང་ཞེས་བྱ་བ་ནི་ཁམས་གསུམ་ལས་ཀུན་དུ་འདས་པའོ། །ཁམས་གསུམ་ལས་ཀུན་དུ་འདས་པ་ཉིད་ཀྱིས་འཇིག་རྟེན་ཐམས་ཅད་ལས་འདས་པ་སྟེ། ནམ་མཁའི་དབྱིངས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་ཁམས་ཐམས་

ཅད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཚིག་གི་ལམ་རྡོ་རྗེའི་གནས་ཞེས་བྱ་བ་ལ་བདེན་པ་ནི་ཡང་དག་པའོ། །བདེན་པ་མ་ཡིན་པ་ནི་ཡང་དག་པ་མ་ཡིན་པ་སྟེ། །དེ་སྟོན་པར་བྱེད་པའི་ཚིག་ནི་ཡང་དག་པ་མ་ཡིན་པའི་ཚིག་གོ། །དེའི་ལམ་གྱི་ངེས་པ་ལ་སོགས་པ་རྣམས་ཀྱི་

གཉེན་པོར་གྱུར་པའི་རྣམ་པར་ཐར་པའི་སྒོ་བཞིའོ། །དེ་ཉིད་རྡོ་རྗེ་སྟེ་སངས་རྒྱས་རྣམས་ཀྱི་གནས་དང་རྟེན་ཡིན་ཏེ། དེ་ལ་བརྟེན་ནས་སངས་རྒྱས་ཉིད་གྲུབ་པའི་ཕྱིར་དེ་ནི་རྡོ་རྗེ་གནས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་

ནི་སྡིག་པ་ཡིན་ནོ་སྙམ་པ་ནི་དམན་པའི་འདུ་ཤེས་སོ། །རྨོངས་པས་སྨད་པར་བྱའོ་སྙམ་པ་ནི་སྨད་པའི་འདུ་ཤེས་སོ། །མ་ཞེས་བྱ་བའི་སྒྲ་ནི་དགག་པ་སྟེ་མི་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཅིའི་ཕྱིར་སྨད་པར་བྱ་བ་མ་ཡིན་པའོ། །དེའི་ཕྱིར་རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ལ་

སོགས་པའི་སྡོམ་པ་ལ་ཞུགས་པ་རྣམས་ཀྱི་ལས་སྡོམ་པའི་སྤྱོད་པ་ཆེས་མཆོག་ཏུ་གྱུར་པའོ། །སྡོམ་པ་ཐམས་ཅད་ཀྱི་ཡོངས་སུ་དག་པའི་ཆོས་ཉིད་ནི་དེ་བཞིན་ཉིད་དེ། དེ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །ཡོངས་སུ་དག་པའི་

ཆོས་ཉིད་དེ་ཇི་ལྟ་བུ་ཞེ་ན། རིགས་ཀྱི་བུ་དཔེར་ན་ཞེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་མཐོང་བ་སྟེ། ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱང་ནམ་མཁའི་ཁམས་སུ་གཏོགས་པ་ནི་ཁྱབ་པར་བྱ་བ་ཡིན་པའོ། །དེའི་ཕྱིར་འདིས་

ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ་ཞེས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁར་གཞོང་དང་རྒྱ་ཤུག་གི་འབྲས་བུའི་ཚུལ་བཞིན་དུ་རྟེན་དང་བརྟེན་པ་མེད་པས་འདོད་པའི་ཁམས་ལ་སོགས་པ་ན་གནས་པ་མ་ཡིན་ནོ། །ས་ལ་སོགས་པའི་ཁམས་ནི་དུ་མ་ཉིད་ཡིན་པའི་ཕྱིར་དེ་རྣམས་ལ་ཐ་དད་པར་ཀུན་དུ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words