དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་བཤད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་རཱ་ཛཱ་ཊཱི་ཀ་ཙནྡྲ་པྲ་བྷཱ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 41 · folio 201b

བརྟགས་པ་མེད་པས་དེ་རྣམས་ལ་ཡང་མི་གནས་སོ། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟ་བུར་རོ། །འགྲོ་འདི་ཐམས་ཅད་སངས་རྒྱས་ལྔ་ཡི་བདག །སྣ་ཚོགས་གང་དག་བཟང་པོར་སྣང་བ་ནི། །གང་དུ་འདྲེན་པ་བདེ་ཆེན་ཞེས་བྱ་བ། །གཅིག་པུ་རོ་རྣམས་དུ་མར་གར་བྱེད་པའོ། །ཞེས་གསུངས་སོ། །སངས་རྒྱས་རྣམས་

ཀྱི་ཡོན་ཏན་གྱི་ཚོགས་ཀྱི་འབྱུང་གནས་ཀྱི་ཆོས་དེ་ལྟ་བུར་གྱུར་པ་རྣམས་ཀྱང་འཆད་པར་མཛད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་གྱི་དབང་འདི་ལྟ་བུ་མཁྱེན་ཅིང་ཞེས་བྱ་བ་གསུངས་ཏེ། འདི་ལྟ་བུ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་འབྲས་བུའོ། །སེམས་ཅན་རྣམས་ཀྱི་བསམ་པ་

ཞེས་བྱ་བ་ནི་གསོད་པ་ལ་སོགས་པ་ལ་མངོན་པར་དགའ་བ་རྣམས་ཀྱིའོ། །ནམ་མཁའི་ཚིག་ངེས་པར་བརྗོད་པས་ཞེས་བྱ་བ་ནི་ནམ་མཁའ་ལས་བྱུང་བའི་མཚན་མ་བཞིན་དུ་བཤད་མ་ཐག་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཀྱི་འབྱུང་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྟོགས་པར་བྱ་སྟེ། དེའི་

ཕྱིར་དམན་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །ཡང་གཙུབ་ཤིང་དང་གཙུབ་སྟན་ལ་སོགས་པ་ལས་མེ་འབྱུང་བ་དང་མི་གནས་པའི་དཔེའི་སྒོ་ནས་བརྟེན་ནས་བྱུང་བ་སྟོང་པ་ཉིད་དུ་བསྟན་ཏེ། གང་ཞིག་རྐྱེན་ལས་འབྱུང་བ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་ངོ་བོ་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བརྗོད། །གང་གིས་

སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གང་གསུངས་པའོ། །འགྲོ་བ་ལ་སོགས་པ་རྣམས་ཀྱིས་ཞེས་བྱ་བས་ནི་འདི་ནས་སོང་ནས་གཞན་དུ་འབྱུང་བ་ལ་སོགས་པ་འགོག་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སྤྲོས་པའི་སྒོ་ནས་བསྟན་པས་དེ་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་ངོ་མཚར་

ལ་སོགས་པ་བསྟན་ནས་ཆོས་ཀྱི་སྒྲ་བསྒྲགས་པའོ། །རྨད་བྱུང་ཆེན་པོ་ཞེས་བྱ་བ་སྡོམ་པའི་ངོ་བོ་ནམ་མཁའ་དང་མཚུངས་ཤིང་རྣམ་པར་རྟོག་པ་དང་བྲལ་བ་རང་བཞིན་གྱིས་ཡོངས་སུ་དག་ཅིང་བརྗོད་དུ་མེད་པ་རྣམས་ལ་ཀུན་རྫོབ་ཏུ་བཤད་པར་བྱ་བ་དང་བཤད་པའི་བྱ་བ་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྨད་བྱུང་ཆེན་

པོ་ལ་སོགས་པའི་དོན་དག་པ་ཉིད་ཡིན་པའི་ཕྱིར་དོན་དམ་པའི་དག་པ་ཁོ་ན་ཉིད་ཀྱི་དོན་ཏེ་རྡོ་རྗེ་འཆང་ཆེན་པོའོ། །འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་སྟེ། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་དེ་སྐད་ཅེས་བྱའོ། །ལེའུ་དགུ་པའི་རྣམ་པར་བཤད་པའོ།། །།

Vol. 41 · folio 202a

བཅོམ་ལྡན་འདས་ཀྱི་གསུང་རབ་འདི་ནི་ཕྱིན་ཅི་ལོག་མ་ཡིན་པའོ་སྙམ་དུ་ཡིད་ཆེས་པ་བརྟན་པ། ཉིན་དང་མཚན་དུ་ཆོ་ག་མ་ཚང་བ་མེད་པས་དམ་ཚིག་ལ་སོགས་པའི་བྱ་བ་མ་ལུས་པ་བསྒྲུབ་པ་ལྷུར་ལེན་པ་ལྷས་རྗེས་སུ་གནང་བ་བྱིན་པའི་རྣལ་འབྱོར་པས། གང་གི་

ཚེ་ཟླ་བ་དྲུག་དང་གསུམ་དང་གཉིས་དང་ཕྱེད་དང་གཉིས་དང་གཅིག་དང་ཟླ་བ་ཕྱེད་དེ་སྒྲུབ་པ་དྲུག་གིས་ལྷ་མ་གྲུབ་པ་དེའི་ཚེ་བདུན་པ་བཙན་ཐབས་ཀྱི་སྒྲུབ་པ་བརྩམས་ན་ཉིད་ཀྱིས་གསུངས་པའི་དམ་ཚིག་ལས་འདས་པའི་འཇིགས་པས་ངེས་པ་ཁོ་ནར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བའི་ལེའུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། བཀའ་སྩལ་པ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་འདུས་པ་གཉིས་པ་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །དམ་

ཚིག་ཆེན་པོའི་རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའ་འོ། །དེའི་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའོ། །དེ་ཉིད་སྐུ་དང་གསུང་དང་ཐུགས་གསང་བ་ཞེས་བྱ་སྟེ། གཞོན་ནུ་མའི་དགའ་བ་བཞིན་དུ་བསྟན་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་རོ། །

དེ་ལྟ་བུའི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ཡི་གེ་ལྔ་པའོ། །དེ་ཉིད་སྒྲུབ་པ་དྲུག་གི་སྔགས་སྙིང་པོར་གྱུར་པ་རྣམས་བཙན་ཐབས་སུ་སྒྲུབ་པའི་སྒོ་ནས་

མདོར་བསྡུས་པའི་འབྲས་བུ་ངེས་པར་སྟེར་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཀུན་བསྡུས་པའོ། །གསུམ་གྱི་བདག་ཉིད་ཀྱི་སྙོམས་པར་ཞུགས་པའི་ལྷ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྐུ་དང་གསུང་དང་ཐུགས་གསང་བར་བསྒྲགས་སོ། །རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་

དངོས་གྲུབ་རྣམས་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དངོས་གྲུབ་ཆེན་པོའི་ཚུལ་ཏེ་དེ་ཉིད་མཆོག་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །ཉོན་མོངས་ཀུན་གྱི་རྒྱ་མཚོ་ནི་འཁོར་བ་ཡིན་ཞིང་། དེའི་གཙོ་བོ་ནི་སྟོན་པ་སྟེ། ཉོན་མོངས་པ་བཅོམ་

Vol. 41 · folio 202b

ནས་སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ལ་སེམས་ཅན་ཁམས་རྣམས་སོ་སོར་འགོད་པར་མཛད་པ་ཉིད་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་བུད་ཤིང་བསྲེག་པའི་ཕྱིར་འབར་བའོ། །སྙིང་རྗེའི་སྒོ་ནས་དྲི་མ་མེད་པའི་ཁྲོ་བ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དྲག་

པོའོ། །ཤེས་རབ་ཀྱི་སྤྱན་ཕྱེ་བའི་ཕྱིར་སྤྱན་ཡངས་པའོ། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཞེས་བྱ་བ་ནི། ལུས་དང་ངག་ཡིད་རྡོ་རྗེ་རྣམས། །ཞེས་བྱ་བ་ལ་སོགས་པ་རྣམས་གསུངས་པར་གྱུར་པའོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའོ། །ཅིའི་ཕྱིར་ཞེ་ན། འདི་

ལྟར་མི་དམིགས་པ་ཡིན་པའི་ཕྱིར་རོ། །མི་དམིགས་པ་ཉིད་ནི་མཉམ་པ་ཉིད་ཅེས་བྱ་བས་བཤད་དོ། །དེ་ནི་གང་དུའང་མི་གནས་ཞེས་བྱ་བས་བཤད་དེ། ཕུང་པོ་ལ་སོགས་པ་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་ཡིན་

པའི་ཕྱིར་གང་དུའང་མི་གནས་པའོ། །བསྒོམ་ཞེས་བྱ་བ་ནི་བསྒོམ་པ་ཉིད་དོ། །དེ་ལྟར་ཤེས་རབ་གཙོ་བོར་གྱུར་པའི་བསྒོམ་པས་ལྷ་ཡང་དག་པར་འགྲུབ་པར་མི་འགྱུར་བས། དེའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ་ཞེས་

བྱ་བར་སྦྱར་རོ། །ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བའི་སྔགས་ནི་ཡི་གེ་ཧཱུཾ་ལ་སོགས་པ་རྣམས་ཡིན་ཞིང་རང་གི་ལྷའི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཚུལ་ལོ། །དེ་ཉིད་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་

མངོན་དུ་མཛད་ནས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས། དེ་བཞིན་གཤེགས་པ་རྣམས་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། རིག་མ་ལ་སོགས་པ་རྣམས་དང་། ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཀྱིས་རོལ་ཞིང་དགྱེས་ལ་ཡོངས་

སུ་སྤྱོད་པ་ལྷུར་ལེན་པར་མཁྱེན་ནས། སྤྱན་རས་ཀྱིས་མི་འཚོ་བའི་རྒྱུ་ཀྱེ་མ་འདི་དག་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཀྱེ་མ་ཞེས་ངེས་པར་གཟུང་བའོ། །འདི་དག་ཅེས་བྱ་བ་ནི་སྒྲུབ་པ་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་སྤྱོད་པའི་ཚུལ་ཞེས་བྱ་བ་ལ། དེ་བཞིན་

Vol. 41 · folio 203a

གཤེགས་པ་རྣམས་ཀྱི་སྔགས་ཀྱི་སྤྱོད་པ་ནི་སྔགས་ཀྱི་སྡོམ་པ་ལ་འཇུག་པའི་རང་བཞིན་ནོ། །དེ་ཉིད་ཚུལ་གྱི་ཆོས་ཏེ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་སྟེར་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཚུལ་དེ་ལ་བཞུགས་པའི་སྔགས་པ་གང་ཡིན་པ་དེ་ནི་རྫོགས་པ་ཉིད་ཡིན་

པར་རྟོགས་པར་བྱའོ། །རྫོགས་པ་ནི་གྲུབ་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ནས་ངེས་པའི་ཕུང་པོར་གཏོགས་པ་ཉིད་ཡིན་པའི་ཕྱིར་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་སྒོ་ནས་སོ། །དེའི་ཕྱིར་བཏང་སྙོམས་མཛད་ཅིང་དེས་ཀྱང་རྣལ་འབྱོར་པས་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་

སྐྱེས་བུ་དམ་པ་དེ་རྣམས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་སྤྱན་རས་ཀྱིས་བརྩལ་བའི་ཕྱིར་རོ། །མི་ཕྱེད་པའི་སྐུ་ལ་སོགས་པ་རྣམས་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་གསང་བར་བྱ་བའོ། །སྔགས་ཐམས་ཅད་ཀྱི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ཞེས་བྱ་བ་ནི། ལྷ་ཐམས་ཅད་ཀྱི་

ཐུགས་ཀུན་དུ་སྐུལ་བར་བྱེད་པའི་སྔགས་སོ། །དེ་ཉིད་ཀྱི་ཕྱིར་བཤད་པར་བྱ་བ་མ་ཡིན་པའོ། །གཏི་མུག་གི་རིགས་ཀྱི་ལྷ་རྣམས་ཀྱི་སྐུ་ལ་སོགས་པ་རྣམས་གྲུབ་པར་བྱ་བའི་ཕྱིར་འདའ་བར་བྱ་བ་མ་ཡིན་པ་ཉིད་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་

ཀྱི་དམ་ཚིག་ལ་དམིགས་པའོ། །དེ་བཞིན་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རིགས་ཀྱི་ལྷ་རྣམས་གྲུབ་པར་བྱ་བའི་ཕྱིར་འདའ་བར་བྱ་བ་མ་ཡིན་ནོ། །ཚིག་གི་ལམ་ངེས་པར་བརྗོད་པ་ཞེས་བྱ་བ་ལ། ཚིག་ཉིད་ལམ་སྟེ་སྔགས་སོ། །དེའི་ངེས་པར་བརྗོད་པ་ནི་རྒྱུ་དང་བྲལ་བ་ཉིད་ཡིན་པའི་

ཕྱིར། ཡི་གེ་ཧ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །རྟོག་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར། ཡི་གེ་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པའི་བར་དུ་བཤད་པའི་ངེས་པར་བརྗོད་པ་དང་བཅས་པར་རོ། །སྔགས་བཏུས་པ་ནི་རིགས་ལྔའི་སྙིང་པོ་མདོར་བསྡུས་པའོ། །འདི་ལྟ་བུ་ཞེས་བྱ་

བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྐུལ་བར་བྱེད་པའི་སྔགས་སོ། །གསུངས་སོ་ཞེས་བྱ་བ་ནི་བཤད་པའོ། །སྔགས་བཏུས་པ་འདིའི་མཐུ་ནི་རབ་ཏུ་འདྲར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འདི་ནི་གདོན་མི་ཟ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་དུ་སྐུལ་བར་

Vol. 41 · folio 203b

བྱེད་པ་ཡིན་ནོ་ཞེས་རྣལ་འབྱོར་པ་རྣམས་ལ་ངེས་པར་བསྐྱེད་པ་ཡིན་ནོ། །བདག་པོ་དྲན་པས་ནི་འཇིགས་པ་ཆེན་པོ་ལ་སོགས་པ་རྣམས་འཇོམས་པར་འགྱུར་བས། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་ནོ། །དམ་ཚིག་ཅེས་བྱ་བ་ནི་སྐུ་ལ་སོགས་པ་རྣམས་གྲུབ་པར་བྱ་བའི་ཕྱིར་ཡི་གེ་

ཧཱུཾ་བསྒོམས་པའོ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆོས་འབྱུང་དུའོ། །བཀོད་པའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་དཀྱིལ་འཁོར་པའི་ལྷ་ཐ་དད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ། དཔལ་རྡོ་རྗེ་འཆང་གིས་བསྡུས་པའི་

དཀྱིལ་འཁོར་རོ། །དེ་ཡི་དབུས་ན་ཡི་གེ་ཧཱུཾ། །རང་གི་གཟུགས་སུ་ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། དེའི་དབུས་ན་གནས་པའི་དཔལ་རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས་ལྷག་པར་མོས་པའི་སེམས་ཀྱིས་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམས་ལ་དེ་ཉིད་ཟླ་བའི་དཀྱིལ་

འཁོར་ལ་གནས་པའི་ཡི་གེ་ཧཱུཾ་དུ་རབ་ཏུ་བརྟག་པར་བྱའོ། །རྡོ་རྗེའི་འོད་ཟེར་ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཀྱིས་ནམ་མཁའི་དབྱིངས་མ་ལུས་པ་ཁྱབ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ཀུན་དུ་རེག་སྟེ་རྡོ་རྗེ་འཆང་ཆེན་

པོའི་རྣམ་པར་ཡོངས་སུ་གྱུར་པར་བསམས་ལ། ལྕགས་ཀྱུའི་རྣམ་པར་གྱུར་པ་དེ་རྣམས་ཉིད་ཀྱིས་བཀུག་སྟེ། བཅུག་ལ་ཐམས་ཅད་གྱུར་ནས་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་སྔགས་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་རྟེན་དང་

བརྟེན་པའི་བཀོད་པའི་དཀྱིལ་འཁོར་བསྐྱེད་པར་བྱ་བ་ཡིན་པས་དེའི་ཕྱིར། རང་གི་དཀྱིལ་འཁོར་རང་སྔགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་སྔགས་སྐྱེས་བུ་བསྒོམས་ནས་ནི། །ཞེས་བྱ་བ་ནི་དེ་ནི་དབུས་སུ་རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་

བའོ། །གནས་བཞི་རྣམས་སུ་གཟུགས་ཀྱི་ཚུལ། །ཞེས་བྱ་བ་ནི་ཕྱོགས་བཞི་རུ་བདག་ཉིད་གཟུགས་ཀྱི་ཚུལ་དུ་ཇི་རིགས་པར་མི་བསྐྱོད་པ་ལ་སོགས་སངས་རྒྱས་བཞི་རྡོ་རྗེ་གསུམ་གྱི་བདག་ཉིད་དང་ཞལ་གསུམ་པར་བསམ་པའོ། །གཙོ་བོར་གྱུར་པའི་སྒོ་ནས་དེ་སྐད་དུ་བཤད་པ་ཡིན་

Vol. 41 · folio 204a

ཏེ། དེའི་ཕྱིར་ཇི་སྐད་བཤད་པའི་བཀོད་པའི་དཀྱིལ་འཁོར་ཁོ་ན་བསྒོམ་པར་བྱའོ། །དེ་ལྟར་རྣལ་འབྱོར་བྱས་པས་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བའི་སྒོ་ནས་འདི་བརྩམ་པར་བྱ་སྟེ། སྙིང་གའི་དབུས་གནས་ཞེས་བྱ་བ་ནི་རང་གི་སྙིང་གར་ཟླ་བ་ལ་ཡེ་ཤེས་ཀྱི་ལྷའི་

འཁོར་ལོའོ། །དེ་ཉིད་དཀྱིལ་འཁོར་རྣམས་ནི་ཞེས་བྱ་བ་གསུངས་ཏེ། །ཐུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་རྣམས་ལས་གང་ཡང་རུང་བའོ། །དེའི་དབུས་གནས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་ལ་རང་གི་ས་བོན་ནོ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ཞེས་བྱ་བ་ནི་རྡོ་རྗེའི་

རིགས་ཀྱི་རྣལ་འབྱོར་པས་ཡི་གེ་ཧཱུཾ་ལས་བྱུང་བ་གཡས་པའི་རྩ་བའི་ཕྱག་དང་གསང་བའི་རྡོ་རྗེར་རོ། །སྦྱོར་བས་ཞེས་བྱ་བ་ནི་བསྒོམ་པ་ཡང་དག་པར་སྦྱོར་བས་སོ། །དེ་གཉི་ག་ཡང་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་བསྒོམས་ལ། ཕྱིས་རང་གི་སྙིང་ག་ན་

གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རྡོ་རྗེའི་ལྟེ་བར་རང་གི་ས་བོན་རྣམ་པར་བཀོད་དེ། འཁོར་ལོ་ལ་སོགས་པའི་གཟུགས་སུ་ཡོངས་སུ་གྱུར་པར་བྱས་ལ། དེ་ཡང་རྡོ་རྗེ་ལྕགས་ཀྱུའི་རྣམ་པར་བསྒོམ་སྟེ། རང་གི་ཕྱག་མཚན་གྱི་མཚན་མའི་ལྕགས་ཀྱུར་བསམ་པར་

བྱའོ། །དེ་ག་ལས་ཤེས་ཤེ་ན། རྡོ་རྗེ་པདྨོའི་རིགས་སོགས་རྣམས། །རྡོ་རྗེ་ཀྱོ་བར་རྣམ་བསྒོམ་ཞིང་། །ཞེས་རྗེས་ཐོགས་ཉིད་དུ་འཆད་པ་ལས་འདོན་པ་དང་རྒྱུད་རྡོ་རྗེའི་རིགས་གཙོར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དང་པདྨའི་རིགས་ཀྱི་རྣལ་འབྱོར་པས་

གོ་རིམས་བཞིན་དུ་ཡི་གེ་ཨོཾ་ལས་བྱུང་བའི་འཁོར་ལོ་དང་ཡི་གེ་ཨ་ལས་བྱུང་བའི་པདྨ་བསམ་པར་བྱའོ། །དེའི་ཕྱིར། རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། །རྡོ་རྗེ་གསུམ་རྣམས་བསྒོམ་པར་བྱ། །ཞེས་གསུངས་སོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེའི་ཕྱིར་རིན་པོ་ཆེ་དང་ལས་ཀྱི་རིགས་ཀྱི་རྣལ་འབྱོར་

པ་རྣམས་ཀྱིས་སྭཱ་ཧཱ་དག་ལ་རིན་པོ་ཆེ་དང་རལ་གྲི་ལྕགས་ཀྱུ་དག་བསྒོམ་པར་བྱའོ། །དེ་ཡིས་སྙིང་གར་བརྡབ་བྱ་སྟེ། །ཞེས་བྱ་བ་ནི་དབྱེ་བའི་རིམ་པའི་དུས་སུ་རྡོ་རྗེ་ལྕགས་ཀྱུས་སོ། །ཆད་པའི་རིམ་པའི་དུས་སུ་ནི་རང་གི་རྡོ་རྗེས་བརྟག་པར་བྱའོ། །རབ་ཏུ་བསྐུལ་བར་བྱ་ཞེས་བྱ་བ་ནི་ཉིད་

Vol. 41 · folio 204b

ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་ཡེ་ཤེས་ཀྱི་ལྷ་རྣམ་པར་སྤྲོས་པའི་ལྷ་མོའི་ཚོགས་རྣམས་ཀྱིས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཉེས་པར་བྱས་ཏེ། སྙན་ཅིང་འཇམ་ལ་ཡིད་དུ་འོང་བའི་ཚིག་རྣམས་ཀྱིས་ཡང་དག་པར་བསྐུལ་བར་བྱ་བའོ། །

དབྱེ་བའི་རིམ་པའི་དུས་སུ་ཡང་ལྷའི་གཟུགས་དེ་དང་དེས་མཚན་པའི་ལྕགས་ཀྱུ་ལག་ན་ཐོགས་པས་སྙིང་གར་བརྡུང་ཞིང་། རྡོ་རྗེ་ཆེན་པོ་ཆེ་གེ་མོ། །ཞེས་བྱ་བ་ལ་སོགས་པས་སྒྲོག་པར་བྱེད་དུ་གཞུག་གོ། །རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ། །རྡོ་རྗེ་ཀྱོ་བར་

རྣམ་བསྒོམ་ཞིང་། །ཞེས་བྱ་བས་ནི། འཁོར་ལོ་ལ་སོགས་པའི་ལྕགས་ཀྱུ་བསྐྱེད་པའི་ཕྱིར་ཡང་རྡོ་རྗེ་ལྕགས་ཀྱུ་ཁོ་ནར་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །རིམ་པ་གསུམ་བསྟན་པའི་སྒོ་ནས་རབ་ཏུ་རྣམ་པར་ཕྱེ་སྟེ་བཤད་པ་ནི་རབ་བཤད་དོ། །སངས་རྒྱས་རྣམས་ལ་གནོད་པ་བྱ་

བའི་རང་བཞིན་ཅན་གྱི་བསྟན་པས་འགའ་འགྱོད་པར་འགྱུར་དུ་འོང་བས། དེའི་ཕྱིར། འདི་ནི་རོལ་མོ་འབྱུང་བ་སྟེ། །ཞེས་བྱ་བ་གསུངས་ཏེ། སྒྱུ་མའི་རོལ་པ་བཞིན་དུ་འདི་ཐམས་ཅད་ནི་སྣང་བ་ཙམ་ཡིན་ཞིང་། དོན་དམ་པར་ནི་རང་བཞིན་མེད་པའོ། །དེ་བཞིན་གཤེགས་པ་རྣམས་ལ་ནི་སུས་ཀྱང་

གནོད་པ་བྱ་བར་ནུས་པ་མ་ཡིན་ཏེ། དེ་རྣམས་ནམ་མཁའ་དང་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་དུ་ཆུག་ན་འོན་ཀྱང་སེམས་རབ་ཏུ་དང་བ་རྣམས་ཀྱི་ནི་བཅོམ་ལྡན་འདས་བསོད་ནམས་ཀྱི་ཕུང་པོ་ཡིན་ཞིང་། སེམས་རབ་ཏུ་དང་བར་མི་བྱེད་པ་རྣམས་ཀྱི་ནི་བཅོམ་ལྡན་

འདས་སྡིག་པའི་ཕུང་པོ་ཡིན་པས། རྣལ་འབྱོར་པའི་རྒྱུད་ཀྱི་ཉེས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའི་མ་ཚང་བ་མེད་པས་སེམས་ཅན་རྣམས་ཀྱི་དོན་བསྒྲུབ་པ་ཉིད་ནི་ལེགས་པར་བྱས་པ་ཡིན་གྱི་བཀའ་ལས་འདས་པ་ནི་མ་ཡིན་ནོ་ཞེས་

གསུངས་སོ། །དེ་ནས་འགྱོད་པ་མེད་པའི་ཕྱིར། རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་བསོད་ནམས་ཁོ་ན་མངོན་པར་འཕེལ་བར་འགྱུར་གྱི་སྡིག་པར་ལྟ་ག་ལ་འགྱུར། དེ་སྐད་དུ་ཡང་། བཤང་གཅི་གླད་པ་རུས་པ་ཁྲག །ཤ་ཆེན་སྦྱིན་སྲེག་མི་གཙང་བས། །ཡེ་ཤེས་

Vol. 41 · folio 205a

སེམས་དཔའ་རྣམས་ཀྱི་ཞལ། །ཇི་ལྟར་ངེས་པར་དགང་བར་བྱ། །སྡིག་པར་ཇི་ལྟར་མི་འགྱུར་ཏེ། །གལ་ཏེ་སྡིག་འགྱུར་ཇི་ལྟར་འབྲས། །གསང་སྔགས་ཐབས་ནི་རྣམ་སྤངས་ཤིང་། །ཕྱི་རོལ་དངོས་ལ་མངོན་པར་ཞེན། །རྣམ་རྟོག་དྲ་བས་ངེས་བཅིངས་པ། །མི་ཤེས་

རྨོངས་པའི་སེམས་ཅན་གང་། །དེ་ལ་དགེ་དང་སྡིག་པ་ཡོད། །རྣམ་རྟོག་གིས་ནི་འགྲུབ་མི་འགྱུར། །ཆོས་འདི་རང་བཞིན་དག་པ་སྟེ། །སྐྱེ་བ་མེད་ཅིང་གནས་མེད་ཡིན། །སེམས་ཅན་ཡེ་ཤེས་འཕེལ་བྱའི་ཕྱིར། །སངས་རྒྱས་རྣམས་ཀྱིས་ཐབས་སུ་བསྟན། །ཞེས་བྱ་བ་ལ་

སོགས་པ་གསུངས་སོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཞག་བདུན་བར་དུ་བྱས་ནས་ནི། །ཞེས་བྱ་བ་ནི་བསྡུམ་པའི་རིམ་པས་ཞག་བདུན་ན་འགྲུབ་པར་འགྱུར་བའོ། །དེ་ལྟ་ན་ཡང་མ་གྲུབ་ན། དེ་ནས་དབྱེ་བའི་རིམ་པས་བསྐུལ་བར་བྱའོ། །ཆད་པས་གཅད་པའི་རིམ་པས་ཀྱང་

ཞག་བདུན་ནའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །རིམ་པ་དེ་རྣམས་ཀྱང་སྒྲུབ་ཐབས་སུ་རྒྱས་པར་བཤད་ཟིན་ཏོ། །དེས་ཅིར་འགྱུར་ཞེ་ན། ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་རྡོ་རྗེ་ཅན་གྱིས་ཏེ། མི་ཕྱེད་པའི་ཡེ་ཤེས་བསྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་

པ་རྣམས་ཀྱིས་རང་གི་འདོད་པའི་ལྷའི་སྐུ་དང་གསུང་དང་ཐུགས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི། མཆོག་སྩོལ་བ་དག་རྣམ་པར་གཟིགས། །ཞེས་བྱ་བས་གསུངས་ཏེ། ཉིད་ཀྱིས་གསུངས་པའི་རིགས་ལྔའི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པའི་དམ་ཚིག་ལས་འདས་པའི་

འཇིགས་པས་འཇིགས་པ་ཡིན་གྱི། དེ་རྣམས་ལ་འཇིགས་པ་ལ་སོགས་པ་གཞན་ནི་ཡོད་པ་མ་ཡིན་ཏེ། མི་འཇིགས་པ་རྙེད་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞེས་བྱ་བ་ལ་སོགས་པས་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ཡང་རུང་སྔགས་ཀྱི་སྤྱོད་

པའི་མཆོག་སྤྱོད་པའི་བྱང་ཆུབ་སེམས་དཔས་ཇི་སྐད་བཤད་པའི་ཚུལ་བཞིན་དུ་ཡང་དག་པར་བསྐུལ་བར་གྱུར་པ་ན། གལ་ཏེ་རབ་ཏུ་མ་གྲུབ་ཅིང་རྨོངས་པས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འདའ་བར་བྱེད་ན། དེའི་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཅན་གྱི་སངས་རྒྱས་སམ་བྱང་

Vol. 41 · folio 205b

ཆུབ་སེམས་དཔའི་འོ། །སྲོག་ནི་དེར་ཟད་འགྱུར་ཞེས་བྱ་བ་ནི། འདས་པའི་མཐར་ཐུག་པར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲུབ་པ་པོ་ཇི་སྐད་བཤད་པའི་རིམ་པ་བཞིན་དུ་མི་འཇུག་ཅིང་། འབྲས་བུ་ལ་དམིགས་ཏེ་མདོར་བསྡུས་པའི་སྒོ་ནས་ཞག་བདུན་སྒྲུབ་པ་རྩོམ་པ་ན། དེ་ཡང་ཀུན་

དུ་རྨོངས་པས་ཉམས་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་སྦྱོར་བ་འདའ་བར་བྱ་བ་མ་ཡིན་པའོ་ཞེས་རྣལ་འབྱོར་པ་རྣམས་ཀྱི་སེམས་ལ་ངེས་པར་སྐྱེད་པར་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་

རྣམས་སོ། །རྡོ་རྗེ་གསུམ་གྱི་ཡེ་ཤེས་རྫོགས། །ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པའི་ཚོགས་གཞུག་པ་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་རྫོགས་པར་བྱས་པའོ། །དངོས་པོ་ཐམས་ཅད་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཕུང་པོ་ལ་སོགས་པ་རྣམས་ཏེ། དེ་དག་ལ་རྡོ་རྗེ་དང་

ཆུ་སྐྱེས་ཡང་དག་པར་སྦྱོར་བའི་སྒོ་ནས་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པའི་ཚད་དང་ལྡན་པའི་དཀྱིལ་འཁོར་པའི་ལྷའི་རྣམ་པའི་ཐབས་དང་ཤེས་རབ་རོ་གཅིག་པར་དམིགས་པ་ནི། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱའོ། །བདག་

ཉིད་ཀུན་དུ་འགྲོ་བའི་དཀྱིལ་འཁོར་གྱི་བདག་ཉིད་དུ་བསྒོམ་པ་འདིས་ནི་དེ་ཁོ་ན་ཉིད་ཡང་དག་པར་བསྐུལ་བར་བྱ་བ་ཉིད་དོ། །སྙིང་པོ་ཀུན་དུ་སྐུལ་བར་བྱེད་པའི་སྦྱོར་བ་ཆེས་ཁྱད་པར་དུ་འཕགས་པ་གཞན་ནི། རིག་མའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་མའི་

དབང་ཕྱུག་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་རང་གི་རིགས་ཀྱི་ལྷ་མོ་ཆེན་མོ་རྣམས་སུ་ཞུགས་པ་ལ། རྡོ་རྗེའི་སྦྱོར་བ་རབ་བསྒོམ་ཞིང་། །ཞེས་བྱ་བ་ནི། དེའི་བྷ་གར་ཡིད་ཀྱི་རང་བཞིན་གྱིས་རང་གི་ལྷའི་གཟུགས་སུ་ཞུགས་ཏེ། དེའི་ཐུགས་ཀ་ན་གནས་པའི་ཡེ་ཤེས་ཀྱི་རིག་མ་ཡང་དག་

པར་སྦྱོར་བས་རྗེས་སུ་མཉེས་པར་བྱས་ལ། དེ་ཡང་དབང་དུ་གྱུར་ཅིང་ཤིན་ཏུ་རྗེས་སུ་ཆགས་པས་སྤྱན་དམར་བར་བསྒོམ་པར་བྱའོ། །དེ་ལྟར་ན་ལྷ་མོའི་ཐུགས་ཡང་དག་པར་བསྐུལ་བར་འགྱུར་རོ། །དེ་ནས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །ཞེས་

Vol. 41 · folio 206a

བྱ་བ་ནི་འདོད་པའི་ཁམས་སུ་གཏོགས་པ་རྣམས་ན་སྟེ། །གཞན་ནི་དབང་པོ་གཉིས་པོ་ལ་སོགས་པ་མེད་པའི་ཕྱིར་རོ། །ཐ་སྙད་ཀྱི་སྒོ་ནས་དེ་ལྟར་ཡིན་གྱི་རྣལ་འབྱོར་པའི་མོས་པའི་དབང་གིས་ནི་ཐམས་ཅད་ན་ཡང་ཡོད་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་

སྤྱན་ནོ། །དམ་ཚིག་གི་ཕྱག་རྒྱ་ནི་མཱ་མ་ཀཱིའོ། །ཆོས་ཀྱི་ཕྱག་རྒྱ་ནི་གོས་དཀར་མོའོ། །ལས་ཀྱི་ཕྱག་རྒྱ་ནི་སྒྲོལ་མ་སྟེ། དེ་རྣམས་ལ་དེ་ལྟ་བུའི་རང་བཞིན་ཅན་དུ་དམིགས་པ་ནི་ཕྱག་རྒྱ་ཆེ་སོགས་སྦྱོར་བ་སྟེ་དེ་ཡིས་སོ། །ཐམས་ཅད་ཅེས་བྱ་བ་ནི་འདོད་པར་གཏོགས་པའི་འཇིག་རྟེན་གྱི་

ཁམས་ཐམས་ཅད་ན་གནས་པ་རྣམས་དང་། རང་གིས་ཡོངས་སུ་བརྟགས་པ་རྣམས་ཏེ། སེམས་རིན་པོ་ཆེ་ལ་ངེས་པ་མེད་པའི་ཕྱིར་རོ། །དེས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་བུད་མེད་

ཀྱི་ཚོགས་སངས་རྒྱས་སྤྱན་ལ་སོགས་པའི་རྣམ་པར་ཡོངས་སུ་གྱུར་པ་རྣམ་པར་བསམས་ཏེ། རང་གི་ཏིང་ངེ་འཛིན་ལས་རང་གི་ལྷའི་གཟུགས་ཉིད་རྣམ་པར་སྤྲོས་ལ། དེ་རྣམས་ཀྱིས་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་དེ་རྣམས་ཉེ་བར་ལོངས་སྤྱད་པར་བྱའོ། །དེའི་ཕྱིར།

སངས་རྒྱས་གནས་ནི་དེར་སྤྲོ་བྱ། །ཞེས་བྱ་བ་གསུངས་སོ། །དེས་ཀྱང་ཉོན་མོངས་པ་གཙོ་བོ་རྣམ་པར་སྦྱོང་བའི་ཐབས་བསྟན་པའི་སྒོ་ནས་ཡང་དག་པར་བསྐུལ་བ་ཁོ་ན་བཤད་པ་ཡིན་ཏེ། སྔགས་ཀྱིས་མངོན་པར་འདུས་བྱས་པའི་དུག་ཟ་བ་བཅུད་ཀྱིས་ལེན་དུ་འགྱུར་བ་བཞིན་ནོ། །ཡུལ་རྣམས་

འདི་དག་ལ་ནི་ཉམ་ང་ཉིད། །རང་ཉིད་ཀྱིས་མེད་འོན་ཀྱང་རྨོངས་པ་ཡིས། །དྲི་མེད་བློ་ཡི་རྒྱུད་ལྡན་རྣམས་ཀྱིས་ནི། །འདི་རྣམས་ཞི་བའི་ངང་གི་རྒྱུ་རུ་འགྱུར། །ལེའུ་བཅུ་པའི་རྣམ་པར་བཤད་པའོ།། །།ལེའུ་དང་པོ་ལས་བསྟན་པ་བརྟེན་པའི་ལྷ་རྣམས་རྫོགས་པར་བྱ་བའི་ཕྱིར་

བྱིན་གྱིས་བརླབ་པ་དང་། རྟེན་ལ་སོགས་པ་རྣམས་བཤད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐྱེས་བུ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྐྱེས་བུ་བསྐྱེད་

Vol. 41 · folio 206b

པའི་རྣམ་པར་ཐུགས་རྩེ་གཅིག་པར་མཛད་ནས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་རྡོ་རྗེ་ནི་ཡི་གེ་ཨོཾ་ལ་སོགས་པ་རྣམས་ཏེ། དེ་དག་ཉིད་མངོན་སུམ་དུ་རིག་པའི་འབྲས་བུ་དང་ལྡན་པའམ། རིག་མ་དང་ཡང་དག་པར་ལྡན་པའི་སྐྱེས་བུ་སྐྱེད་པར་

བྱེད་པ་ཉིད་ཡིན་པའི་ཕྱིར་རིག་པའི་སྐྱེས་བུའོ། །རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཅེས་བྱ་བ་ལ་སོགས་པས་ནི་གསུམ་གྱི་བདག་ཉིད་ཅན་གྱི་ལྷ་བསྐྱེད་པ་བསྟན་ཏོ། །ནམ་མཁའ་རྡོ་རྗེ་དབུས་གནས་པར། །ཞེས་བྱ་བ་ནི་ལེའུ་དང་པོས་བཤད་པའི་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་རྡོ་རྗེ་བཙུན་མོའི་བྷ་གའི་དབུས་སུའོ། །དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་ཞེས་བྱ་བ་ལ། འདི་རྣམས་ནི་རྡོ་རྗེ་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་རྡོ་རྗེ་ཀུན་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ཡིན་ཞིང་། དེ་རྣམས་ཀྱིས་བསྐྱེད་པའི་ཡེ་ཤེས་ཀྱི་དཀྱིལ་

འཁོར་གྱི་སའི་ཆ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་ཤེས་རབ་ཀྱི་ཆོས་འབྱུང་ཇི་ལྟ་བ་བཞིན་དུ་བསྐྱེད་ལ་དེའི་དབུས་སུ་སྙོམས་པར་ཞུགས་པའི་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་ཡེ་ཤེས་སེམས་དཔའ་རྗེས་སུ་བཅུག་སྟེ། ལས་

ལ་གནས་པས་མཆོག་ཏུ་དགའ་བའི་གནས་སྐབས་སུ་ཞུ་བར་གྱུར་པ་ཡེ་ཤེས་ཀྱི་རླབས་དང་ལྡན་པའི་རྒྱ་མཚོ་ཆེན་པོའི་གཟུགས་སུ་གྱུར་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་རྗེས་སུ་ཞུགས་པས་སྲ་བ་ཉིད་དང་། དེ་བཞིན་དུ་རིན་པོ་ཆེའི་དམ་ཚིག་ལ་སོགས་པ་རྣམས་དང་

སྙོམས་པར་ཞུགས་པའི་དཀོན་མཆོག་དཔལ་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པ་རྣམས་ཞུགས་པས། གོ་རིམས་བཞིན་དུ་རྒྱ་ཆེ་བར་གྱུར་པ་དང་། ཡེ་ཤེས་ཀྱིས་འབར་བར་བྱིན་གྱིས་བརླབ་པ་དང་། བསྡུས་ནས་གྲུ་བཞིའི་རྣམ་པར་གྱུར་པར་ཤེས་པར་བྱའོ། །རྡོ་རྗེའི་

སྤྲིན་ནི་འཕྲོ་བསྐྱེད་པ། །ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་འོད་ཟེར་གྱི་སྤྲིན་འཕྲོ་བའོ། །དེ་རུ་ཡི་གེ་བྷྲཱུཾ་བསམ་མོ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་སའི་ཆ་དེ་རུའོ། །རྡོ་རྗེ་གསུམ་ཡིག་ཅེས་བྱ་བ་ལ་སོགས་པ་བསྟན་

Vol. 41 · folio 207a

པའི་དོན་གསལ་བར་བྱ་བའི་ཕྱིར། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ནི་མི་བསྐྱོད་པ་སྟེ། དེའི་དཀྱིལ་འཁོར་ཡིན་ཞིང་། དེའི་དབུས་སུ་ཡི་གེ་ཨོཾ་བསམ་པར་བྱའོ། །དེས་ནི་སྐུ་ཐུགས་ཀྱིས་འཐོབ་པར་འགྱུར་རོ་ཞེས་འབྱུང་

བའི་ཕྱིར། ཐུགས་ཀྱི་རྟེན་ལ་སྐུའི་ཡི་གེ་རྣམ་པར་བཀོད་དོ། །གསལ་བའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་ཟླ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་ཡི་གེ་ཨ་བསམ་པར་བྱའོ། །སྐུ་ཡོད་ན་གསུང་འཇུག་པའི་ཕྱིར་སྐུའི་རྟེན་ལ་གསུང་གི་ཡི་གེ་རྣམ་པར་བཀོད་དོ། །ཆོས་ཀྱི་

དཀྱིལ་འཁོར་ནི་འོད་དཔག་ཏུ་མེད་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་སྟེ། དེའི་དབུས་སུ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །སེམས་ཀྱིས་ཀུན་དུ་བརྟགས་པའི་དོན་ཡང་དག་མེད་པར་མི་འཇུག་པས་དེའི་ཕྱིར་གསུང་གི་རྟེན་ལ་ཐུགས་ཀྱི་ཡི་གེ་རྣམ་པར་དགོད་པ་མཛད་དོ། །དེས་ནི་ཕན་

ཚུན་འབྲེལ་པ་ཉིད་དུ་བསྟན་པའི་སྒོ་ནས་གསུམ་པོ་རྣམས་ཐ་མི་དད་པར་གསུངས་པ་ཡིན་ནོ། །ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ། །ཞེས་བྱ་བས་ནི། དང་པོ་ཁོ་ནར་སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་ཡི་གེ་བྷྲཱུཾ་གྱིས་བསྐྱེད་པའི་རིན་

པོ་ཆེའི་རང་བཞིན་གྱི་མཆོད་རྟེན་གྲུ་བཞི་འོད་ཟེར་གྱི་ཕྲེང་བ་རྣམས་ཀྱིས་བརྒྱན་པའི་གནས་བསམས་ལ། དེའི་དབུས་ན་གནས་པའི་རྣལ་འབྱོར་པ་རྡོ་རྗེ་འཆང་གི་མོས་པ་དང་ལྡན་པས་ཡི་གེ་གསུམ་ལས་བྱུང་བ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །སྙིང་པོ་ཞེས་བྱ་བ་ནི་སྐུ་ལ་སོགས་

པའི་བྱིན་གྱིས་རློབ་པར་བྱེད་པའི་ཡི་གེ་གསུམ་པོ་ཉིད་དེ། དེའི་ཕྱིར་སྐུ་གསུང་ཐུགས་ནི་མཉེས་བྱེད་པ། །ཞེས་གསུངས་སོ། །རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པ་དང་། བྱིན་གྱིས་རློབ་པར་བྱེད་པའི་སྒོ་ནས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་མཆོག་གོ། །འདི་ནི་

ཞེས་བྱ་བ་ནི་བཤད་མ་ཐག་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་ལྷ་ཐམས་ཅད་ཀྱིའོ། །སངས་རྒྱས་བྱང་ཆུབ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཏེ། དེ་ཁྱད་པར་དུ་སྒྲུབ་པར་བྱེད་པས་ན། སངས་རྒྱས་བྱང་ཆུབ་རབ་སྒྲུབ་

Vol. 41 · folio 207b

པའོ། །ཡེ་ཤེས་རྡོ་རྗེ་སྤྲུལ་པ་སྟེ། །ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོས་ཞེས་བྱ་བའི་དོན་ཏོ། །འདི་དག་ཅེས་བྱ་བ་ནི་བཤད་མ་ཐག་པའི་སྔགས་རྣམས་སོ། །སེམས་ཅན་གྱི་རྒྱུད་སངས་རྒྱས་ལ་སོགས་པའི་སྐུར་སྐྱེ་བར་བྱེད་པ་ཉིད་དང་། སྐུ་ལ་སོགས་

པར་བྱིན་གྱིས་རློབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་སྐྱེས་བུའོ། །དེའི་ཕྱིར། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའོ། །དམ་ཚིག་སོགས་པས་རྫོགས་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ནི་ཉི་མ་དང་ཟླ་བ་

དང་ཆུ་སྐྱེས་ལ་ཀུན་དུ་གནས་པའི་ཡི་གེ་གསུམ་ལས་བྱུང་བའི་ལྷའི་གཟུགས་སོ། །དེ་ཉིད་ཤེས་རབ་ཀྱི་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ། །གྲུབ་པའི་གཟུགས་དེ་བརྟན་པར་བྱ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་བྱིན་གྱིས་རློབ་པའི་རྒྱུ་སྟེ། གང་ལ་མིང་དེ་

སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞུང་དེ་ཙམ་གྱིས་ནི་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་པས་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བ་ཅན་གྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ལ་ཐུག་པའི་རྣལ་འབྱོར་ཆེན་པོ་བྱའོ་ཞེས་བསྟན་

ཏོ། །དབེན་ཞིང་ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་བསྒྲུབ་པ་དང་མཐུན་པའི་གནས་གསུངས་སོ། །དེ་ལ་དབེན་ཞིང་ཞེས་བྱ་བ་ནི་རིའི་ཕུག་གམ། ཕྱི་རོལ་གྱི་སྐྱེ་བོའི་ཚོགས་མེད་པའོ། །རབ་ཏུ་ཉམས་དགའ་བར་ཞེས་བྱ་བ་ནི་སྒྲུབ་པ་པོའི་ཡིད་དང་རྗེས་སུ་མཐུན་པར་རོ། །འདི་

ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཟླ་བ་ཕྱེད་ཀྱིས་ཞེས་བྱ་བ་ནི་སྔོན་དུ་བྱ་བ་ཇི་ལྟ་བ་བཞིན་དུ་བྱས་ཤིང་ལྷ་རྣམས་ཀྱིས་རྗེས་སུ་གནང་བ་བྱིན་པའི་རྣལ་འབྱོར་པས་སྣོད་དུ་རུང་བ་ལ་ཕབ་པའི་ལྷས་བྲིས་པའི་སྐུའི་དཀྱིལ་འཁོར་དུ་ཡང་དག་པར་འདུག་སྟེ། གནས་པ་ཞེས་བྱ་བ་ནི་སྙིང་

ག་ན་གནས་པའི་ཡེ་ཤེས་སེམས་དཔའི་སྐུའི་ཐུགས་ཀར་ཟླ་བའི་སྟེང་གི་རྡོ་རྗེའི་ལྟེ་བ་ལའོ། །འདི་ནི་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དེ་ཡི་དེ་ཉིད་ནི་ཡི་གེ་ཧཱུཾ་སྟེ། སངས་རྒྱས་ལ་སོགས་པ་ཐམས་ཅད་སྐྱེད་པར་བྱེད་པ་ཉིད་

Vol. 41 · folio 208a

ཡིན་པའི་ཕྱིར་རོ། །ཁ་དོག་རྣམ་ལྔར་ཞེས་བྱ་བ་ནི། འོད་ཟེར་སྔོན་པོ་ལ་སོགས་པ་འབར་བར་རོ། །རྡོ་རྗེ་ཀུན་དང་རྒྱལ་བའི་གནས། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་མི་བསྐྱོད་པའི་རིགས་ཀྱི་དཀྱིལ་འཁོར་རྣམས་སྤྲོས་པས་

ནམ་མཁའ་ཁྱབ་པའོ། །ཡེ་ཤེས་རྡོ་རྗེ་དག་གིས་ཞེས་བྱ་བ་ནི་སྒྲུབ་པ་པོས་སོ། །རྡོ་རྗེ་ཐུགས་འདྲ་བར་ཞེས་བྱ་བ་ནི། ཐུགས་རྡོ་རྗེ་བཞིན་དུ་ཡེ་ཤེས་དང་ཡོན་ཏན་ཚད་མེད་པ་འབྱུང་བར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་རྡོ་རྗེ་ནི་མི་བསྐྱོད་

པ་སྟེ། དེ་ཞལ་གསུམ་པའི་གཟུགས་སུ་བསྐྱེད་པའི་རྣམ་པར་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ནོ། །ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཆེན་པོ་བསྒོམ་བྱ་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་དུ་བདག་ཉིད་དཔལ་རྡོ་རྗེ་སེམས་དཔར་བསམས་ནས་སོ། །ལུས་

རྣམས་ཀུན་ལ་ཁཾ་ཞེས་བྱ་བ་ནི། མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་འཁོར་ལོ་དང་པདྨ་དང་རྡོ་རྗེ་ལ་གནས་པའི་ཡི་གེ་ཁཾ་བུང་བ་ལྟར་སྔོ་བ་ཟླ་ཚེས་དང་ཐིག་ལེ་དང་། རྩེ་མོ་ཕྲ་བ་དང་ལྡན་ཞིང་འོད་ཟེར་སྔོན་པོའི་ཕྲེང་བ་འཕྲོ་བ་རྣམ་པར་བསམས་ནས། བདག་ཉིད་ཀྱང་ནམ་མཁའ་དང་

མཚུངས་པར་བསམས་པའོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། ནམ་མཁའ་དང་མཚུངས་པའི་ཆོས་སྟོན་པའི་ཕྱིར་རོ། །སྐུ་ལ་སོགས་པ་རྡོ་རྗེ་རྣམས་མི་སྣང་བ་ནི་མི་མཐོང་བའོ། །དེ་འབྱུང་བར་བྱ་བའི་ཕྱིར་བཀོད་པའི་ཕྲེང་བ་ནི་གནས་ཇི་ལྟ་བ་བཞིན་དུ་རྣམ་

པར་བཀོད་པའི་ཡི་གེ་རྣམས་ཀྱི་འོད་ཟེར་གྱི་རླབས་ཀྱི་གཟུགས་ཏེ། ཏིང་ངེ་འཛིན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །རང་སྔགས་སྐྱེས་བུ་རབ་བསམས་ལ། །ཞེས་བྱ་བ་ནི་གསུང་རྡོ་རྗེའི་དཀྱིལ་འཁོར་དུ་རང་གི་སྔགས་ལས་གྲུབ་པའི་འོད་དཔག་ཏུ་

མེད་པའོ། །སྙིང་གར་ཞེས་བྱ་བ་ནི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ་ཡི་གེ་ཧཾ་དམར་སྐྱ་རྣམ་པར་བསམས་ལ་ལྕགས་ཀྱུའི་རྣམ་པར་གྱུར་པ་དེ་རྣམས་ཉིད་ཀྱིས་བཀུག་སྟེ། རྡོ་རྗེ་རལ་གྲི་དེ་ལ་བཅུག་ནས། ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་

Vol. 41 · folio 208b

པ་དཔལ་འཇམ་དཔལ་རྡོ་རྗེར་བསྒོམ་པར་བྱའོ། །དེ་ལྟར་ཉིན་དང་མཚན་དུ་བསྒོམས་པས་རྣལ་འབྱོར་པ་དེས་ས་བཅུའི་དབང་ཕྱུག་འཕགས་པ་འཇམ་དཔལ་དུ་འགྱུར་རོ། །དཔལ་འཇམ་པའི་མགོན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མཛད་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་

ཀྱི་བདག་ཉིད་ཀྱི་སེམས་དཔའ་ཉིད་དོ། །དེའི་ཕྱིར་དེའི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་དང་། སངས་རྒྱས་སྤྱན་ལ་སོགས་པ་བཞི་ནི་འབྲས་བུའི་རང་བཞིན་ཉིད་ཀྱི་ས་བཅུ་ཡིན་པར་བརྗོད་དོ། །འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་རང་བཞིན་གྱིས་ལོ་བཅུ་དྲུག་པའི་གཟུགས་

ཅན་ཡིན་ཏེ། བུད་མེད་རྣམས་གཞོན་ནུའི་གཟུགས་ཀྱི་དབང་དུ་འགྱུར་བ་ཡོ་བྱད་ཐམས་ཅད་དང་ལྡན་པས་སྒྲུབ་པ་བརྩམས་ན་ཟླ་བ་ཕྱེད་ཀྱི་ནང་དུ་ངེས་པ་ཁོ་ནར་འགྲུབ་པར་འགྱུར་བའོ། །སྒྲུབ་པ་དེ་ཉིད་ནི་གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ།

གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དབུས་ཀྱི་ཆ་ན་ཟླ་བ་གསལ་བས་ཉེ་བར་མཚན་པའོ། །ནམ་མཁའ་རྡོ་རྗེའི་དབུས་ཞེས་བྱ་བ་ནི་བཙུན་མོའི་པདྨའི་དབུས་སུའོ། །རང་གི་སྔགས་ཀྱི་དམ་ཚིག་བསྐྱེད། །ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་

པོར་རྣམ་པར་བསྒོམས་ལ། ཀུན་དུ་བཟང་མོའི་པདྨ་ལས་ཛི་ན་ཛིཀ་ཅེས་བྱ་བའི་སྔགས་ལས་བྱུང་བའི་སྐུ་རྡོ་རྗེ་ཕྱུང་སྟེ་བཅུག་པའི་སྒོ་ནས་བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་སུའོ། །ཡི་གེ་ཨོཾ་ནི་སྙིང་གར་གཞག །ཅེས་བྱ་བ་ནི་རང་གི་སྙིང་ག་ན་གནས་པའི་པདྨའི་

སྟེང་གི་ཟླ་བ་ལ་བཞུགས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་གི་འཁོར་ལོ་ལའོ། །རྣམ་པར་སྣང་མཛད་མཆོག་ཏུ་བསྒོམ། །ཞེས་བྱ་བ་ནི་ཡི་གེ་ཨོཾ་ལས་བྱུང་བའི་འོད་ཟེར་དཀར་པོ་ལ་སོགས་པའི་ཚོགས་རྣམས་ཀྱིས་རང་གི་ལུས་ཀུན་དུ་གསལ་བར་བྱས་

ལ། བ་སྤུའི་བུ་གའི་གསེབ་ནས་བྱུང་བ་དེ་རྣམས་ཀྱི་རྩེ་མོ་ལས་རབ་ཏུ་གྲུབ་པའི་རྣམ་པར་སྣང་མཛད་རྣམས་སྤྲོས་པས་ནམ་མཁའི་དབྱིངས་མ་ལུས་པ་ཀུན་དུ་ཁྱབ་པར་བྱས་ཏེ། བསྡུ་བ་དང་བསྟིམ་པ་དང་བརྟན་པར་བྱ་བ་དང་རྗེས་སུ་མཉེས་པར་བྱ་བ་དང་བཞི་ཡང་དང་ཡང་དུ་

Vol. 41 · folio 209a

བསམ་པའོ། །སངས་རྒྱས་སྐུ་དང་འདྲ་བའི་འོད། །ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དང་འདྲ་བའི་བྱང་ཆུབ་སེམས་དཔར་འགྱུར་རོ། །ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། །ཞེས་བྱ་བ་ལ་སོགས་པས་ནི། སངས་རྒྱས་ཀྱི་ཞིང་དེ་དང་དེ་རྣམས་སུ་མེ་ལོང་ལྟ་བུ་ལ་

སོགས་པའི་ཡེ་ཤེས་ཅན་གྱི་དེ་བཞིན་གཤེགས་པ་རྣམས་བསྟེན་ན་བསྐལ་པ་གྲངས་མེད་པ་གསུམ་དུ་གནས་པར་འགྱུར་རོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ན་རེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་དུ་བརྟགས་ཏེ། ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདག་ཉིད་ལ་བླ་ན་མེད་པ་

ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་ཅིང་གནས་པར་བྱའོ་ཞེས་ཟེར་རོ། །སྐུའི་གསང་བ་སྟོན་པར་བྱེད་པའི་ཕྱིར་སྐུ་རྡོ་རྗེ་གསང་བ་སྟེ། དཔལ་རྡོ་རྗེ་སེམས་དཔས་སོ། །ཏིང་ངེ་འཛིན་གང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་གཟུགས་སུ་བྱང་ཆུབ་

སེམས་དཔའ་སྐྱེད་པར་བྱེད་པའི་འོད་ཟེར་བཀོད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །རང་གི་སྔགས་ཀྱི་སྐྱེས་བུ་བསྐྱེད། །ཅེས་བྱ་བ་ནི། ཨ་རོ་ལྀཀ་ཅེས་བྱ་བ་འདིས་སྔ་མ་བཞིན་དུའོ། །ཨ་ནི་ངག་གི་ལམ་

གཞག་སྟེ། །ཞེས་བྱ་བ་ནི་ལྕེའི་ཆུ་སྐྱེས་ཀྱི་ལྟེ་བར་རོ། །འཇིག་རྟེན་དབང་ཕྱུག་མཆོག་བསྒོམས་པས། །ཞེས་བྱ་བ་ནི་དེ་ལས་བྱུང་བའི་འོད་ཟེར་དམར་པོ་ལ་སོགས་པའི་རྩེ་མོ་ལས་གྲུབ་པའི་འོད་དཔག་ཏུ་མེད་པ་རྣམས་སྤྲོས་པས་ནམ་མཁའ་ཀུན་དུ་བཀང་སྟེ། སྔ་མ་བཞིན་དུ་

བསྡུ་བ་ལ་སོགས་པ་བྱ་བའོ། །དམ་ཚིག་ཡེ་ཤེས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །རྫོགས་བྱས་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚུལ་བཞིན་དུའོ། །ཚིག་གི་དམ་ཚིག་ལྔའི་མཆོག་ནི་གསུང་རབ་ཀྱི་ཡན་ལག་དགུ་སྟོན་པར་བྱེད་པའོ། །དེ་ལྟར་བསྒོམས་པས་འོད་

དཔག་ཏུ་མེད་པ་དང་མཚུངས་པའི་བྱང་ཆུབ་སེམས་དཔར་འགྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་ནི་བྱང་ཆུབ་སེམས་དཔའི་གཟུགས་ཏེ་གང་ལས་དེ་འབྱུང་ཞིང་སྐྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་མི་བསྐྱོད་པའི་

Vol. 41 · folio 209b

དཀྱིལ་འཁོར་རོ། །ནམ་མཁའ་རྡོ་རྗེ་ནི་སྔ་མ་བཞིན་ནོ། །རྫོགས་བྱས་ལ་ཞེས་བྱ་བ་ནི་བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་ཀྱི་དེ་ཁོ་ན་བཞིན་དུའོ། །སེམས་ལ་ཡི་གེ་ཧཱུཾ་ཉིད་ཡིན་པའི་ཕྱིར་རོ། །གནས་པ་ཞེས་བྱ་བ་ནི་ཆོས་འབྱུང་དུ་འཁོར་གྱི་དཀྱིལ་འཁོར་དང་ལྷན་ཅིག་རིམ་གྱིས་

དེ་རྣམས་དགའ་བར་བྱེད་ཅིང་གནས་པ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་གང་ལ་ཟླ་བ་དང་རྡོ་རྗེའི་རིམ་གྱིས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་དམ་ཚིག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་བསམ། །ཞེས་བྱ་བ་ནི་ཇི་ལྟ་

བ་བཞིན་དུ་སངས་རྒྱས་སྤྱན་གྱི་ཆོས་འབྱུང་གི་ནང་ན་གནས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་ཡང་དག་པར་སྦྱོར་བས་གནས་པའི་རིག་མའི་པདྨར་ཡི་གེ་ཐླིཾ་ཁ་དོག་དཀར་པོ་འོད་ཟེར་སྣ་ལྔ་རབ་ཏུ་འཕྲོ་བ་རབ་

ཏུ་བསམས་ལ། དེ་ཡང་ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པའི་སའི་སྙིང་པོར་ངེས་པར་བསམ་སྟེ། ཕྱུང་ནས་དེས་སེམས་ཅན་ཐམས་ཅད་ཀྱིས་ལྷའི་མིག་ཐོབ་པར་བྱས་ཏེ། དེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། བདག་ཉིད་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་

སའི་སྙིང་པོར་བསམ་པར་བྱ་བའོ། །མཚོན་མཆོག་ཅེས་བྱ་བ་ནི་ལྷའི་མིག་གི་མངོན་པར་ཤེས་པ་ཐོབ་པའི་ཕྱིར་སྨིན་མ་བཏེག་ཅིང་རྣམ་པར་གདངས་པའི་མིག་གིས་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་དངོས་པོ་ཐམས་ཅད་ཡང་དག་པར་མཐོང་བའི་སྒོ་

ནས་སོ་སོར་རྟོགས་པས་མཚོན་མཆོག་སྟེ་སའི་སྙིང་པོའོ། །དེ་སྐད་དུ་ཡང་མདའ་དང་གཞུ་དང་སྨིན་མ་བཏེག་པ་ཞེས་གསུངས་སོ། །རྡོ་རྗེའི་སྐུ་དང་ཞེས་བྱ་བ་ནི་རྒྱུར་གྱུར་པའི་རྣམ་པར་སྣང་མཛད་དང་འདྲ་བར་འགྱུར་བའོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནི་པདྨ་ཡིན་ཞིང་།

དེ་དང་ཡང་དག་པར་སྦྱོར་བ་ལས་ལྷ་ཐམས་ཅད་འབྱུང་བ་ནི་དམ་ཚིག་སྟེ། ཏིང་ངེ་འཛིན་གང་ལ་བརྟེན་པའི་ལྷའི་བཀོད་པའི་གནས་པདྨ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་པའི་མངོན་པར་ཤེས་པ་ཡང་ཡོད་པས་དེ་ལ་ཁྱད་པར་དུ་བྱ་བའི་ཕྱིར། སངས་རྒྱས་མངོན་

Vol. 41 · folio 210a

ཤེས་དམ་ཚིག་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པ་ནི། ལྷའི་མིག་དང་། རྣ་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། གཞན་གྱི་སེམས་ཤེས་པ་ལ། རྡོ་རྗེ་རྫུ་འཕྲུལ་རྣམས་རྣམ་པ་ཐམས་

ཅད་དུ་ཤེས་པས་ན་མངོན་པར་ཤེས་པའོ། །དེ་རྣམས་ཉིད་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་སྟེ། དེ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་འདྲ་བར་འགྱུར་རོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པ་དང་འཆད་པར་འགྱུར་བ་ཐུགས་ལ་བསྡོགས་ནས་

གསུངས་པའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་མཱ་མ་ཀཱི་དང་མི་བསྐྱོད་པའི་དཀྱིལ་འཁོར་རོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི། དེའི་དབུས་སུ་མི་བསྐྱོད་པ་སྟེ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པ་ཞེས་འབྱུང་བའི་ཕྱིར་རོ། །ཡེ་ཤེས་ནི་བྱང་ཆུབ་སེམས་ཀྱི་བདག་

ཉིད་ཀྱི་དང་པོའི་རྡོ་རྗེ་སྟེ། དེའི་ལྟེ་བའི་ཡི་གེ་ཨོཾ་ནི་ཡེ་ཤེས་ཨོཾ་མོ། །བསྒོམ་པར་བྱ་ཞེས་བྱ་བ་ནི། རིག་མའི་པདྨར་དེ་ཡང་གྱུར་ནས་ཕྱག་ན་རྡོ་རྗེའི་གཟུགས་སུ་བསམ་པའོ། །རྡོ་རྗེ་དམ་ཚིག་གསུམ་ཞེས་བྱ་བ་ནི། ཡི་གེ་གསུམ་གྱིས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པར་

བྱས་ལ་ཕྱུང་སྟེ་དེས་ཀྱང་སེམས་ཅན་རྣམས་ཀྱིས་རྣ་བའི་མངོན་པར་ཤེས་པ་ཐོབ་པར་བྱས་ལ། དེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། བདག་ཉིད་ཕྱག་ན་རྡོ་རྗེའི་གཟུགས་སུ་བསྒོམ་པའོ། །མི་བསྐྱོད་པ་ཡི་སྐུ་དང་འདྲ། །ཞེས་བྱ་བ་ལ་སོགས་པས་ནི་མི་བསྐྱོད་པའི་རང་བཞིན་ཅན་གྱི་

ཕྱག་ན་རྡོ་རྗེར་འགྱུར་བའོ། །སྐུ་མངོན་པར་བྱང་ཆུབ་པ་གང་ལ་མི་བསྐྱོད་པ་ཉིད་དམ་ཚིག་སྟེ། རྒྱུ་ཡོད་པ་དེ་ཉིད་རྡོ་རྗེ་ཡིན་ཞིང་། ཏིང་ངེ་འཛིན་གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི། རིན་པོ་ཆེའི་དམ་ཚིག་གི་ཆོས་འབྱུང་གི་ནང་དུ་རིན་

ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རོ། །ནམ་མཁའ་རྡོ་རྗེ་རབ་བསྒོམས་ལ། །ཞེས་བྱ་བ་ནི། དེའི་དབུས་སུ་རིན་ཆེན་འབྱུང་ལྡན་ཉིད་དེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་ནས་བརྗོད་དོ། །རིན་ཆེན་ཨོཾ་ཞེས་བྱ་བ་ལ། ཉི་མ་འཆར་ཀ་ལྟ་བུའི་རིན་པོ་ཆེ་ཟུར་བརྒྱད་པའི་ནང་ན་གནས་པའི་

Vol. 41 · folio 210b

ཡི་གེ་ཨོཾ་ནི་རིན་ཆེན་ཨོཾ་མོ། །རབ་བསྒོམ་ཞེས་བྱ་བ་ལ་སོགས་པས་ནི། ནམ་མཁའི་སྙིང་པོ་ལ་སོགས་པ་ཀུན་དུ་བཟང་པོ་ལ་ཐུག་པ་རྣམས་རང་གི་དེ་བཞིན་གཤེགས་པ་གྱུར་པ་སྔོན་དུ་འགྲོ་བས་བསྐྱེད་པ་དང་། ཕྱག་ན་རྡོ་རྗེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྣ་དང་ལྕེ་དང་ལུས་

དང་ཡིད་ཀྱི་སྐྱེ་མཆེད་རྣམས་སྦྱོང་བ་བསྟན་ཏོ། །དཀོན་མཆོག་དཔལ་གྱི་འོད་དང་འདྲ། །ཞེས་བྱ་བ་ནི། དེ་དང་མཚུངས་པའི་ཁ་དོག་དང་དབྱིབས་ལ་སོགས་པ་དང་ལྡན་པའོ། །བདག་མེད་བྱང་ཆུབ་ཀྱི་ཡེ་ཤེས་ནི་ཐབས་དང་ཤེས་རབ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་སྦ་

བར་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཚོགས་རྣམས་ཀྱི་རྟེན་ཉིད་ཡིན་པའི་ཕྱིར་གནས་སོ། །འགྱུར་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །རིན་པོ་ཆེའི་དམ་ཚིག་ནི་དཀོན་མཆོག་དཔལ་ཏེ། གང་ལ་དེའི་ལོངས་སྤྱོད་དེ་སྐུ་

མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ནི་གོས་དཀར་མོའི་པདྨ་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །པདྨ་དམར་སྐྱ་འདབ་མ་བརྒྱད་པའི་ལྟེ་བ་ན་གནས་པའི་ཡི་གེ་ཨོཾ་ནི་ཆོས་ཀྱི་ཨོཾ་

མོ། །སེམས་ཅན་ཐམས་ཅད་རྡོ་རྗེ་ཐེག་པ་ཆེན་པོ་བསྟན་པའི་སྒོ་ནས་ཀུན་དུ་དགའ་བར་བྱས་ཏེ། ལམ་དེ་ལས་འཛུད་པར་བྱེད་པས་ན་ཐེག་ཆེན་ལམ་ནི་འབྱུང་བའོ། །ཡོན་ཏན་ཚད་མེད་ཅིང་མི་ཕྱེད་པ་རྣམས་ཀྱི་མཐུ་ནི་ནུས་པ་ཁྱད་པར་ཅན་ཏེ་གང་ལ་དེ་ཕུན་སུམ་ཚོགས་པའི་དཔལ་

ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ནི་འཕགས་མ་སྒྲོལ་མའི་མཚོ་སྐྱེས་ལ་གནས་པའི་དོན་ཡོད་པར་གྲུབ་པའི་དཀྱིལ་འཁོར་རོ། །རྡོ་རྗེ་ཨུཏྤ་ལ་ནི་དོན་ཡོད་གྲུབ་པ་སྟེ། ཨུཏྤ་ལའི་མཚན་མས་ཉེ་བར་མཚོན་པའི་འཕགས་མ་སྒྲོལ་མ་དང་ཡང་དག་པར་

ལྡན་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཨུཏྤ་ལ་ཞེས་བྱའོ། །དམ་ཚིག་ནི་སྣ་ཚོགས་རྡོ་རྗེ་སྟེ། དེའི་ལྟེ་བའི་ཡི་གེ་ཨོཾ་ནི་དམ་ཚིག་ཨོཾ་མོ། །རྡོ་རྗེ་དོན་ཡོད་འདྲ་བའི་འོད། །ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་དང་མཚུངས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བར་འགྱུར་བའོ། །མི་ཤེས་

Vol. 41 · folio 211a

པའི་རླབས་འཇོམས་པ་དང་། ཡེ་ཤེས་ཀྱི་རྒྱ་མཚོ་མངོན་པར་འཕེལ་བར་བྱེད་པའི་ཕྱིར་ཡེ་ཤེས་མཚོའོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་རྣམས་ཕུན་སུམ་ཚོགས་པའི་སྒོ་ནས་འགྲོ་བ་མ་ལུས་པ་རྣམས་ཀྱི་དོན་བྱེད་པའི་

ཕྱིར་སེམས་ཅན་ཀུན་དོན་འབྱུང་བའོ། །འཕགས་པ་ཀུན་དུ་བཟང་པོ་ཡང་རིམ་པ་འདི་ཉིད་ཀྱིས་བསྐྱེད་པར་བྱ་སྟེ། གཉི་ག་ཡང་ལས་ཀྱ་རིགས་ཉིད་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐ་དད་པར་རྣམ་པར་དབྱེ་བ་མཛད་དོ། །གདོན་མི་ཟ་བའི་དམ་ཚིག་ནི་དོན་དམ་པར་གྲུབ་པ་སྟེ།

དེ་ལས་བྱུང་བ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །འོད་ཟེར་ཡེ་ཤེས་མཆོག་ནི་དོན་དམ་པར་གྲུབ་པ་ཉིད་དེ། འོད་ཟེར་གྱི་དཀྱིལ་འཁོར་ལ་བཞུགས་པ་ཉིད་དང་དེའི་འོད་ཟེར་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བ་ནི་ཀུན་དུ་བཟང་པོ་སྟེ། ཏིང་ངེ་འཛིན་གང་ལ་དེ་དག་

ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔ་མ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ཏེ། སྐུ་གསུམ་ཨོཾ་ནི་རབ་ཏུ་བསྒོམ། །ཞེས་བྱ་བ་ལ། ཡི་གེ་ཨོཾ་དང་པོས་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་རོ། །གཉིས་པས་ནི་འཁོར་ལོ་རྩིབས་

བརྒྱད་པ་ས་བཅུའི་དབང་ཕྱུག་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པའོ། །གསུམ་པས་ནི་དེའི་ལྟེ་བར་སྤྲུལ་པའི་སྐུའི་བདག་ཉིད་དོ། །རབ་ཏུ་བསྐོར་ཞེས་བྱ་བ་ལ་སོགས་པས་ནི་སའི་སྙིང་པོའི་ཏིང་ངེ་འཛིན་བསྐྱེད་པ་བཞིན་དུ་བྱམས་པའི་ཏིང་ངེ་འཛིན་བསྐྱེད་པར་བྱ་བར་བསྟན་ཏེ། འོན་ཀྱང་

ཡང་དག་པར་སྦྱོར་བ་ལས་བྱུང་ནས་སེམས་ཅན་ཐམས་ཅད་ཕན་ཚུན་བྱམས་པ་ཆེན་པོའི་སེམས་དང་ལྡན་པར་བྱེད་དོ། །དེ་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེས་ཕྱིན་ཅི་མ་ལོག་པའི་རྣམ་པར་རྟོགས་པས་ནི་རྫོགས་པའི་བྱང་ཆུབ་བོ། །སྐུ་གསུམ་མི་ཕྱེད་སྒྲུབ་

པ་ཞེས་བྱ་བ་ནི་རང་ཉིད་སྐུ་གསུམ་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་སེམས་ཅན་རྣམས་ཀྱང་དེའི་རང་བཞིན་ཅན་དུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་དང་ངག་དང་ཡིད་དམིགས་པ། །ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་རྣམས་ལ་རྣམ་པར་སྣང་མཛད་ཀྱི་རྒྱུ་མཐུན་

Vol. 41 · folio 211b

པ་བྱམས་པའི་རྣམ་པར་བསྒོམས་པ་ཡིན་ཞིང་། གང་ལ་དེ་ཉིད་རྫོགས་པའི་བྱང་ཆུབ་དང་། དེ་ཉིད་རྡོ་རྗེ་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་ཤེས་པ་བསྒྲུབ་པའི་གནས་གསུངས་སོ། །མི་བསྐྱོད་ཡེ་ཤེས་རྡོ་རྗེ་

སོགས། །ཞེས་བྱ་བ་ནི། རང་གི་བཙུན་མོའི་ནམ་མཁའི་དབྱིངས་ན་གནས་པ་ཇི་སྐད་བཤད་པའི་དཀྱིལ་འཁོར་དུ་མི་བསྐྱོད་པ་ལ་སོགས་པ་ལྷ་གང་ཡང་རུང་བའི་རྣལ་འབྱོར་བྱས་ནས་སོ། །སངས་རྒྱས་མཆོག་ནི་གནས་སུ་བསྒོམ། ཞེས་བྱ་བ་ལ། སངས་རྒྱས་ནི་རྣམ་པར་སྣང་

མཛད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་དམ་པ་སྟེ་རྒྱལ་བའི་སྲས་སའི་སྙིང་པོ་ལ་སོགས་པ་རྣམས་སམ། སངས་རྒྱས་ཀྱི་གཟུགས་ཡིན་ཞིང་། དེ་རྣམས་ཀྱང་མིག་ལ་སོགས་པའི་གནས་རྣམས་སུ་བསྒོམས་ན་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །

དེ་བརྗོད་པར་བྱ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་སྐྱེ་མཆེད་རྣམས་ལ། བཤད་མ་ཐག་པའི་ས་བོན་རྣམས་ཀྱིས་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་པོ་དང་སྒྲིབ་པ་རྣམ་པར་སེལ་བའི་གཟུགས་རྣམ་པར་བསྒོམ་པར་བྱའོ། །དེ་ནས་

དད་པའི་དབང་པོ་རྣམ་པར་དག་པའི་འཕགས་པ་སའི་སྙིང་པོ་བསྒོམ་པ་གྲུབ་པས་ནི་ལག་མཐིལ་གྱི་སྐྱུ་རུ་རའི་འབྲས་བུ་བཞིན་དུ་དངོས་པོ་ཐམས་ཅད་མཐོང་ངོ་། །དེ་ཁོ་ན་བཞིན་དུ་ཕྱག་ན་རྡོ་རྗེ་བསྒོམས་པས་ནི་བསྐལ་པ་འཇིག་རྟེན་གྱི་ཁམས་རྣམས་གནས་པའི་སྒྲ་རྣམས་རྣ་ན་

གནས་པ་བཞིན་དུ་ཐོས་ཏེ། །དད་པ་དང་ལྡན་པ་ཉིད་ཀྱིས་ཡང་དག་པར་མཐོང་བ་དང་ཐོས་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ། །དྲན་པའི་དབང་པོ་རྣམ་པར་དག་པའི་འཕགས་པ་ནམ་མཁའི་སྙིང་པོ་བསྒོམས་པས་ནི་བསྐལ་པ་གྲངས་མེད་པ་འདས་པའི་དུས་ཀྱི་སྐྱེ་བ་ལ་

སོགས་པ་དང་བྱ་བ་ལ་སོགས་པ་བྱུང་བ་ཞག་གསུམ་པ་ལ་བྱུང་བ་བཞིན་དུ་དྲན་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་དབང་པོ་རྣམ་པར་དག་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་བསྒོམས་པས་ནི་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་བྱ་བ་དང་གཡོ་བ་ཐམས་ཅད་རྣམ་པ་ཐམས་

Vol. 41 · folio 212a

ཅད་སྐད་ཅིག་གཅིག་ཁོ་ནས་ཤེས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་དབང་པོ་རྣམ་པར་དག་པའི་འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བསྒོམ་པའི་སྒོ་ནས་གྲུབ་པ་ནི་རྣམ་པ་སྣ་ཚོགས་པའི་སྤྲུལ་པ་རྣམས་ཀྱིས་འགྲོ་བ་མ་ལུས་པ་རྣམས་ཀྱི་བྱ་བ་སྒྲུབ་

པར་བྱེད་དོ། །ཤེས་རབ་ཀྱི་དབང་པོ་རྣམ་པར་དག་པའི་འཕགས་པ་ཀུན་དུ་བཟང་པོ་སྙིང་གར་བཀོད་པའི་བསྒོམས་པས་ཀྱང་ཟག་པ་ཐམས་ཅད་ཟད་པའི་ཡེ་ཤེས་གྲུབ་པར་འགྱུར་ཏེ། དེ་ནི་མངོན་པར་ཤེས་པ་དྲུག་པའོ། །ལྷའི་རྣལ་འབྱོར་གྱི་དུས་སུ་ཡང་ཐ་མལ་པའི་མིག་ལ་

སོགས་པའི་རྣམ་པར་རྟོག་པ་སྤང་བར་བྱ་བ་དང་། རྣམ་པར་བྱང་བའི་ངོ་བོར་བསྒྲུབ་པའི་ཕྱིར། དེ་རྣམས་དགོད་པར་བྱ་བ་ཁོ་ན་ཡིན་ཏེ། འདི་ཉིད་ལས། རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་བསྟན་པའི་ཕྱིར་རོ། །དཀྱིལ་

འཁོར་ལ་ནི་འཕགས་པ་འཇམ་པའི་རྡོ་རྗེ་ལ་སོགས་པ་བྱམས་པ་ལ་ཐུག་པའི་བྱང་ཆུབ་སེམས་དཔའ་བརྒྱད་དགོད་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །མངོན་པར་ཤེས་པའི་དམ་ཚིག་སྟོན་པར་མཛད་པའི་ཕྱིར་དམ་ཚིག་ཆེན་པོ་རྡོ་རྗེ་མངོན་པར་མཁྱེན་པ་སྟེ་དཔལ་རྡོ་རྗེ་

སེམས་དཔའོ། །གནས་ལྔ་དག་ཏུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཇི་ལྟར་མི་བསྐྱོད་པའི་རྣལ་འབྱོར་པས་བཤད་མ་ཐག་པའི་གནས་ལྔ་རུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དཀར་པོ་ལ་སོགས་པ་དང་ལྡན་པ་བསྒོམས་པས་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་བ་དེ་བཞིན་

དུ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཨོཾ་ལས་བྱུང་བའི་འཁོར་ལོ་བསྒོམས་པས་ཀྱང་དེ་ཁོ་ན་བཞིན་དུ་འགྱུར་བའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དཀོན་མཆོག་དཔལ་ལ་སོགས་པ་ལྷ་གང་ཡང་རུང་བ་སྒོམ་པ་པོས་རང་གི་སྔགས་ལས་བྱུང་བའི་བདག་ཉིད་ཀྱི་ཕྱག་

མཚན་གནས་ལྔར་བསྒོམས་པས་ཀྱང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །རྡོ་རྗེ་ནམ་མཁའི་དཀྱིལ་ཉིད་དུ། །ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བཤད་པའི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་

Vol. 41 · folio 212b

པོར་མོས་པ་དང་ལྡན་པས་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ་བཀོད་ལ། དེའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ལུས་ལ་སོགས་པ་སྣང་བ་མེད་པར་བྱས་ཏེ། ཆོས་ཐམས་ཅད་ལ་བདག་མེད་པར་ལྷག་པར་མོས་པའི་སྒོ་ནས་བདག་ཉིད་འཁོར་ལོའི་རྣམ་པར་ཡོངས་སུ་གྱུར་པར་

བསམས་ནས། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་སྟེ། ཐམས་ཅད་གྱུར་པར་བྱས་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བསྒོམ་པ་ནི་དེ་དང་འདྲ་པར་འགྱུར་བར་བསྟན་ཏོ། །དེའི་ཕྱིར། སངས་རྒྱས་གནས་དང་འདྲ་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་

ཚུལ་འདིས་གང་གི་མཚན་མའི་ཕྱག་རྒྱའི་གཟུགས་སུ་གྱུར་པར་བྱས་ཏེ་བདག་ཉིད་བསྒོམ་པ་ནི་དེ་དང་མཚུངས་པར་འགྱུར་རོ། །སངས་རྒྱས་ནི་རྡོ་རྗེ་འཆང་སྟེ། དེའི་དཀྱིལ་འཁོར་ནི་སངས་རྒྱས་དཀྱིལ་འཁོར་རོ། །འདི་ནི་ཐམས་ཅད་ལ་ཀུན་དུ་སྦྱར་བར་བྱ་སྟེ། སངས་རྒྱས་རྡོ་རྗེ་

འཆང་དུ་བརྗོད། །ཅེས་འབྱུང་བའི་ཕྱིར་རོ། །བདག་གི་ལུས་ལ་སྣང་མཛད་གཞག །ཅེས་བྱ་བ་ནི། དེའི་དབུས་སུ་རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས་འདུག་སྟེ། རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའི་

དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ཀུན་དུ་རེག་སྟེ། རྣམ་པར་སྣང་མཛད་ཀྱི་གཟུགས་སུ་ཡོངས་སུ་གྱུར་པ་བསྡུས་ནས་རང་གི་ལུས་ལ་བཅུག་སྟེ། ཐམས་ཅད་གྱུར་པར་བྱས་ནས་བདག་ཉིད་རྣམ་པར་སྣང་མཛད་དུ་བསམ་པའོ། །སྔགས་

ལ་རྣམ་པར་ཤེས་པ་བསྒོམ། །ཞེས་བྱ་བ་ནི་རང་གི་སྙིང་ག་ན་བཞུགས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་ལ་ཡི་གེ་ཨོཾ་བཀོད་ལ། དེར་གྱུར་པའི་སེམས་ཀྱི་ང་རྒྱལ་དུ་ཇི་སྲིད་མངོན་སུམ་དུ་མཐོང་བ་དེ་སྲིད་དུ་ཉིན་དང་མཚན་དུ་བསྒོམ་པར་བྱ་བའོ། །སྒྲ་ལ་སོགས་པ་

ཉེ་བར་གྱུར་པ་འཛིན་པའི་ཤེས་པའི་རྒྱུ་བ་མེད་པའི་ཕྱིར་འགོག་པའོ། །རྡོ་རྗེ་སེམས་ཉིད་དུ་ཞེས་བྱ་བ་ནི་ཡི་གེ་ཨོཾ་དེའི་རང་བཞིན་དུ་གྱུར་པར་རོ། །དེ་ལྟར་བསྒོམ་པའི་སྒོ་ནས་སེམས་རིན་པོ་ཆེ་བརྟན་པར་གྱུར་པའི་རྣལ་འབྱོར་པ་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་

Vol. 41 · folio 213a

མངོན་པར་འདོད་པའི་དབང་གིས་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་འགྲུབ་པར་བྱེད་པར་འགྱུར་རོ། །རྣམ་པར་སྣང་མཛད་བཞིན་དུ་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་བསྒོམ་པ་ཡང་བལྟ་བར་བྱའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། དཀོན་མཆོག་

དཔལ་ལ་སོགས་པ་ལྷ་གཞན་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རིམ་པ་དེ་ཁོ་ན་བཞིན་དུ་སྙིང་གར་སྔགས་བསྒོམ་པར་བྱ་ཞིང་། འབྲས་བུ་ཡང་དེ་དང་འདྲ་བ་ཁོ་ནའོ། །གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་བཙུན་མོའི་ནམ་མཁའི་དབྱིངས་ཀྱི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་

ཏེ། དེའི་དབུས་སུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་ན་གནས་པའི་འཁོར་ལོའི་ལྟེ་བར་ཡི་གེ་ཨོཾ་ཁ་དོག་དཀར་པོ་བཀོད་དེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་ཟླ་བ་ལྟ་བུའི་ཚོགས་རྣམས་ཀྱིས་ལུས་ཀྱི་ཡན་ལག་

ཐམས་ཅད་ལ་ཀུན་དུ་ཁྱབ་པར་བསམ་པར་བྱའོ། །བསྒོམ་པ་དེའི་སྒོ་ནས་གྲུབ་པ་ནི་རྣམ་པར་སྣང་མཛད་དང་མཚུངས་པའི་བསྐལ་པར་གནས་པའི་སྐུ་ཅན་དུ་འགྱུར་རོ། །དེ་བཞིན་དུ་རང་གི་དཀྱིལ་འཁོར་ན་གནས་པའི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་ལུས་ལ་སོགས་པའི་གནས་ན་

གནས་པའི་པདྨའི་ལྟེ་བ་ལ་ཡི་གེ་ཨཱཿདང་། མི་བསྐྱོད་པའི་རྣལ་འབྱོར་པས་ནི་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུྃ་བཀོད་ལ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་ཁ་བ་ལྟ་བུའི་ཚོགས་རྣམས་ཀྱིས་རང་གི་ལུས་ཀུན་དུ་ཁྱབ་པར་སྒོམ་པ་ན་གྲུབ་པ་ནི་བསྐལ་པར་གནས་པའི་སྐུ་བཟང་པོ་དང་ལྡན་པར་འགྱུར་

རོ། །སྐུ་དང་གསུང་དང་ཐུགས་གཙོ་བོར་བྱས་པའི་སྒོ་ནས་དེ་སྐད་དུ་བསྟན་པ་ཡིན་ཏེ། ལྷ་གཞན་སྒོམ་པ་པོས་རིམ་པ་དེ་ཉིད་བཞིན་དུ་རང་གི་སྔགས་བཀོད་དེ། བསྒོམ་པ་ཡང་བསྐལ་པར་གནས་པར་འགྱུར་རོ། །ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།དེ་ལྟར་འགོག་པའི་

རྡོ་རྗེ་བསྒོམ་པའི་སྒོ་ནས་མཚན་མ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་མི་སྣང་བ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱ་བ་དང་། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་

Vol. 41 · folio 213b

གསོལ་བ་གདབ་པར་བྱ་དགོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུ་བཅུ་གཉིས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀའ་སྩལ་བ་ཞེས་བྱ་བར་སྦྱར་རོ། །ལམ་ལོག་པར་ལྟུང་བའི་སེམས་ཅན་གྱི་ཁམས་རྫོགས་

པའི་བྱང་ཆུབ་ཀྱི་ཐབས་ཀྱི་ལམ་ཡང་དག་པ་ལ་གཞུག་པར་བྱ་བའི་ཕྱིར་སྟོན་པར་མཛད་པས་ན་སྟོན་པའོ། །སེམས་ཅན་གྱི་རྒྱུད་རྣམས་སངས་རྒྱས་ལ་སོགས་པའི་རྣམ་པར་སྐྱེད་པར་མཛད་པས་ན་སྐྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཡེ་ཤེས་མཆོག་སྟེ། དེ་སེམས་

ཅན་རྣམས་ཀྱི་རྒྱུད་ལ་སྐྱེད་པར་མཛད་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །འབྱུང་བ་རྣམས་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་རང་བཞིན་རྣམས་ཏེ། དེ་རྣམས་ནམ་མཁའ་དང་མཚུངས་པས་འདའ་བར་བྱ་བ་མ་ཡིན་པ་ནི་མཁའ་མཚུངས་དམ་ཚིག་འབྱུང་བ་རྣམས་སོ། །རྣམ་

པར་རྟོག་པ་ཐམས་ཅད་དང་བྲལ་བ་ནི་དོན་དམ་པར་སྐྱེ་བ་མེད་པ་རྣམས་སོ། །དེའི་ཕྱིར་ཆོས་རྣམས་རང་བཞིན་དག་པ་ལ། །ཞེས་བྱ་བ་གསུངས་སོ། །རོལ་མོ་འདི་དག་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེ་ལ་སོགས་པ་བསྒོམ་པའི་རང་བཞིན་འཆད་པར་འགྱུར་བའོ། །དགོན་

པ་ཆེན་པོའི་ས་ཕྱོགས་སམ་ཞེས་བྱ་བ་ལ་སོགས་པས་ནི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་གནས་གསུངས་སོ། །དེ་ལ་ཀུན་ནས་དཔག་ཚད་བཅོ་ལྔའི་ཚད་དང་ལྡན་ཞིང་གྲོང་ལ་སོགས་པ་མེད་པའི་དགོན་པ་ནི་དགོན་པ་ཆེན་པོའོ། །གཞན་ནི་གོ་སླའོ། །སྔར་བཤད་པའི་ཆོ་ག་ཁོ་ན་བཞིན་

དུ་ཡི་གེ་རྨྃ་ལས་བདག་ཉིད་འཇམ་པའི་རྡོ་རྗེའི་གཟུགས་སུ་རྣམ་པར་བསྒོམས་ཏེ། ལུས་དང་ངག་དང་ཡིད་ཀྱི་གནས་སུ་བཀོད་པའི་འཁོར་ལོའི་དཀྱིལ་འཁོར་ལ་ཡི་གེ་མཾ་འོད་ཟེར་རབ་ཏུ་འཕྲོ་བ་བཀོད་ལ། འོད་ཟེར་གྱི་རྩེ་མོ་ལས་བྱུང་བའི་འཕགས་པ་འཇམ་པའི་རྡོ་རྗེའི་སྤྲིན་སྤྲོས་པ་

རྣམས་ཀྱིས་ནམ་མཁའ་ཀུན་དུ་བཀང་སྟེ། བསྡུ་བ་དང་བསྟིམ་པ་དང་བརྟན་པར་བྱ་བ་དང་རྗེས་སུ་མཉེས་པར་བྱ་བ་སྔ་མ་བཞིན་དུ་ཡང་དང་ཡང་དུ་བསྒོམ་པ་ན་འཇམ་པའི་རྡོ་རྗེར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཔལ་རྡོ་རྗེ་འཇམ་པའི་མཆོག་གི་དམ་ཚིག་ནི་དེ་སྒོམ་པ་པོའོ། །དེ་མི་སྣང་བ་

Vol. 41 · folio 214a

སྟེ་མི་མངོན་པར་བྱེད་པས་ན་མི་སྣང་བར་བྱེད་པ་སྟེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁར་བཅུག་ནས་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཕུལ་དུ་བྱུང་བ་འཐོབ་ཅིང་ལྷ་རྣམས་ཀྱིས་རྗེས་སུ་གནང་བ་བྱིན་པའི་རྣལ་འབྱོར་པ་

འཇམ་པའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བདུད་རྩི་ལྔ་ཆ་མཉམ་པར་བྱས་པ་མ་ཤ་གཅིག་བླངས་ཏེ། ཟངས་མ་ཤ་གཅིག་དང་རྡུལ་མ་ཤ་གཉིས་དང་གསེར་མ་ཤ་བཞི་གོ་རིམས་བཞིན་དུ་གཏུམས་པའི་རི་ལུ་

བྱས་ལ་རང་གི་ཁའམ་རིག་མའི་བྱའི་མཆུར་བཅུག་སྟེ། དེའི་ནང་ན་གནས་པའི་དཀྱིལ་འཁོར་དང་བཅས་པའི་རང་གི་བདག་པོ་ནམ་མཁའ་དང་མཚུངས་པའི་རྣམ་པར་བསམས་ལ། དེ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་ཐ་མི་དད་པའི་ང་རྒྱལ་དུ་བསྒོམ་

པའོ། །ཁ་ཅིག་ན་རེ་ཁ་ཐམས་ཅད་དུ་བཅུག་ལ་བསྒྲུབ་པར་བྱའོ་ཞེས་ཟེར་རོ། །རང་གི་སྔགས་ཀྱིས་རབ་བསྒོམས་ནས། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པའམ། གཙུག་ཏོར་ཆེན་པོའི་རྣལ་འབྱོར་དང་ལྡན་པས་ཡི་གེ་

ཨོཾ་མམ་ཡི་གེ་བྷཱུྃ་གྱིས་མདུན་དུ་འཁོར་ལོ་འོད་འཕྲོ་བ་དང་བཅས་ཤིང་མདངས་མཆོག་དང་ལྡན་པ་བསྐྱེད་ལ། དེའི་ནང་ན་གནས་པའི་སངས་རྒྱས་ཐམས་ཅད་སྤྲོ་བ་དང་བསྡུ་བའི་ཚུལ་དུ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ། དེ་ནས་སངས་རྒྱས་སྤྱན་ཟློས་ཤིང་བླང་བར་བྱ་བའོ། །

དེ་ནས་འབར་བར་གྱུར་པའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་བསྒོམས་ན་ཞི་བར་འགྱུར་ཏེ། དེ་ཐོགས་པ་ཉིད་ཀྱིས་རྣམ་པར་སྣང་མཛད་དང་མཚུངས་པའམ། གཙུག་ཏོར་ཆེན་པོ་དང་མཚུངས་པར་འགྱུར་རོ། །གང་ལ་འཁོར་ལོ་བསྐྱེད་པའི་དམ་ཚིག་སྟེ་རྒྱུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །

རྡོ་རྗེ་ཆེན་པོའི་རང་སྔགས་ཀྱིས། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་ན་གནས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་རམ་མི་བསྐྱོད་པའི་རྣལ་འབྱོར་བྱས་ལ། མདུན་དུ་ཡི་གེ་ཧཱུྃ་ལས་རྡོ་རྗེ་འབར་བ་བསྐྱེད་དེ། དེའི་ནང་ན་གནས་པའི་རྡོ་རྗེའི་རིགས་བསྒོམ་ཞིང་འབར་བར་གྱུར་པ་དེ་ཁོ་ན་བཞིན་དུ་

Vol. 41 · folio 214b

རང་གི་རིག་མ་ཟློས་ཤིང་བླང་བར་བྱའོ། །ཡོན་ཏན་དག་གི་གནས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་རྟེན་མཱ་མ་ཀཱི་ལ་སོགས་པ་རྣམས་སོ། །གང་ལ་རྡོ་རྗེ་དང་མཉམ་ཞིང་མཚུངས་པའི་དངོས་གྲུབ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རང་སྔགས་རྡོ་རྗེས་

ཞེས་བྱ་བ་ནི་དེ་ཁོ་ན་བཞིན་དུ་ཡི་གེ་ཨ་ཡིས་སོ། །ཆོས་རྣམས་ཀུན་གྱི་ཞེས་བྱ་བ་ནི་དེའི་རིགས་ཀྱི་ལྷ་རྣམས་ཀྱིའོ། །སྔ་མ་བཞིན་དུ་ཐོགས་པས་བསམ་གྱིས་མི་ཁྱབ་པའི་ཆོས་ནི་འོད་དཔག་ཏུ་མེད་པ་སྟེ་དེ་དང་འདྲ་བར་འགྱུར་རོ། །རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་

བཞིན་གཤེགས་པ་རྣམས་ཀྱིས་སོ། །དག་པའི་བདག་ཉིད་ཅེས་བྱ་བ་ནི་དག་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའོ། །སངས་རྒྱས་ནི་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཡིན་ཞིང་དེ་རྣམས་ཀྱི་མཆོག་གི་དཀྱིལ་འཁོར་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོའི་གདན་ཏེ། དེ་ལ་

བཞག་ནས་དབང་བསྐུར་བར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །པདྨོ་མཉམ་པ་ཉིད་ཅེས་བྱ་བ་ནི་སྔ་མ་དང་འདྲ་བ་ཁོ་ནའོ། །གནས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རང་གི་སྔགས་ཀྱིས་རལ་གྲི་བསྒོམ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རལ་གྲི་ཐོགས་པས་འགྲུབ་པའོ། །རལ་གྲི་འཛིན་པའི་

དུས་སུ་བཟླས་པའི་རིག་སྔགས་ནི་འཕགས་མ་སྒྲོལ་མའོ། །རྡོ་རྗེ་གསུམ་རིགས་འཛིན་པ་ནི་དོན་ཡོད་པར་གྲུབ་པ་དང་མཚུངས་པའི་བྱང་ཆུབ་སེམས་དཔའོ། །ལྷ་མིན་ཕྱག་བྱས་པ་ཞེས་བྱ་བ་ནི་སྟོང་གསུམ་གྱི་བདག་པོ་རྣམས་ཀྱིས་ཀྱང་ཟིལ་གྱིས་མི་ནོན་པའོ། །སྤྱོད་པའི་རྒྱུད་ལ་

སོགས་པ་རྣམས་ཀྱིས་འགྲུབ་པའི་རིག་པ་འཛིན་པ་རྣམས་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་མི་མཆོག་གསང་བའོ། །དེ་དངོས་གྲུབ་ཇི་ལྟ་བུ་མངོན་པར་འདོད་པ་དེ་ལྟ་བུ་རྡོ་རྗེ་འཆང་ཆེན་པོས་དེ་ལ་སྟེར་བར་འགྱུར་རོ། །རལ་གྲི་ཐམས་ཅད་ལས་དམ་པར་གྱུར་པ་ནི་རལ་གྲི་ཐམས་ཅད་

ཀྱི་དམ་པ་ཡིན་ཞིང་། གང་ལ་དེ་ཉིད་དམ་ཚིག་ཡིན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཨོཾ་ནི་རི་ལུ་ཙ་ན་ཀའི། །འབྲུ་ཚད་ཙམ་དུ་བསམས་ནས་ནི། །ཞེས་བྱ་བ་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བྱས་ཏེ། ཡི་གེ་ཨོཾ་ལས་

Vol. 41 · folio 215a

བྱུང་བའི་ཙ་ན་ཀའི་འབྲས་བུའི་ཚད་ཙམ་གྱི་རི་ལུ་རྣམ་པར་བསམས་ལ། དེའི་དབུས་སུ་དེ་ཁོ་ན་བཞིན་དུ་རང་གི་བདག་པོ་བསམ་པའོ། །དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་གི་རིགས་དག་པ་ནི་རང་གི་ལྷའི་རྣལ་འབྱོར་གྱིས་ཡི་གེ་ཨ་དང་ཡི་གེ་ཧཱུྃ་དག་གིས་

རི་ལུ་བསྒྲུབ་པར་བྱའོ། །མཁའ་དབྱིངས་གསལ་བའི་དཀྱིལ་གནས་པར། །ཞེས་བྱ་བ་ནི་སངས་རྒྱས་སྤྱན་གྱི་ནམ་མཁའི་དབྱིངས་ཀྱི་སྐུའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཟླ་བའི་གདན་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ཏེ། གཡས་པའི་རྩ་བའི་ཕྱག་ན་ཡི་གེ་

ཨོཾ་ལས་བྱུང་བའི་འཁོར་ལོ་དེ་བཞིན་གཤེགས་པའི་རིགས་སྤྲོ་བ་དང་བསྡུ་བ་དང་ལྡན་པ་ཐོགས་པ་བསམ་པའོ། །རྡོ་རྗེ་ཆེན་པོའི་རིགས་བསྒོམ་སྟེ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱ་བའོ། །རྡོ་རྗེ་སྐུར་ནི་རབ་

སྦྱོར་ཞིང་། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམས་པ་བཞིན་དུ་རིགས་ཐམས་ཅད་ཀྱི་རྣམ་པ་རྣམས་ཀྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མི་བསྐྱོད་པ་དང་རིན་ཆེན་དབང་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པ་རྣམས་

ཀྱིས་རང་གི་རིག་མའི་པདྨ་ན་གནས་པའི་རང་གི་དཀྱིལ་འཁོར་གྱི་དབུས་སུ་གོ་རིམས་བཞིན་དུ་ཉི་མ་དང་རིན་པོ་ཆེ་དང་པདྨ་དང་འོད་ཀྱི་གདན་རྣམས་ལ་འདུག་སྟེ། ཨོཾ་དང་ཧཱུཾ་དང་ཨཱཿདང་ཧཱ་ཞེས་བྱ་བ་རྣམས་ལ་གནས་པའི་རྩ་བའི་ཕྱག་ཏུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམ་པར་བསྒོམ་པར་

བྱའོ། །འཕགས་པ་སྟོབས་པོ་ཆེ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རིམ་པ་དེ་ཁོ་ན་བཞིན་དུ་རང་གི་ཕྱག་མཚན་རྣམས་བསྒྲུབ་པར་བྱ་བ་ཡིན་པས་དེའི་ཕྱིར་རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདའ་བར་བྱ་བ་མ་ཡིན་པའི་ཕྱིར་འཁོར་ལོ་ལ་སོགས་པའི་

དངོས་གྲུབ་སྒྲུབ་པ་སྟོན་པར་མཛད་པའི་ཕྱིར་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །བརྟུལ་ཞུགས་སྤྱད་ཅིང་དངོས་གྲུབ་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཐུན་བཞིར་དམ་ཚིག་བསྟེན་པར་བྱ་བ་ཡིན་པས། དེའི་ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་

Vol. 41 · folio 215b

བསྒྲུབ་པ་སྔོན་དུ་འགྲོ་བ་ཅན་གྱི་བུད་མེད་ལ་སོགས་པ་དགུག་པ་གསུངས་ཏེ། རེ་ཞིག་དང་པོར་ལམ་གྱི་བཞི་མདོ་ལ་སོགས་པའི་གནས་སུ་དཀྱིལ་འཁོར་ཀུན་དུ་བརྟགས་ལ། དེའི་དབུས་སུ་འདུག་སྟེ། རྡོ་རྗེ་ལྕགས་ཀྱུ་བསྒྲུབ་པར་བྱའོ། །སྦྱོར་གསུམ་རྡོ་རྗེ་ཅན་ཞེས་བྱ་བ་ནི་རང་གི་

སྙིང་གའི་པདྨའི་སྟེང་གི་ཟླ་བ་ལ་བཞུགས་པའི་ཡེ་ཤེས་སེམས་དཔའི་ངོ་བོའོ། །སྦྱོར་གསུམ་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་གསུམ་གྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་འཆང་གི་གཟུགས་སུ་གྲུབ་པའི་བར་དུའོ། །ཀྱོ་བ་དང་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་

ལ་གནས་པའི་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུཾ་ལས་བྱུང་བའི་ལྕགས་ཀྱུ་གྱུར་པ་ལས་ཕྱག་གཡས་པ་ན་ལྕགས་ཀྱུ་ཐོགས་པའི་ལྷའི་གཟུགས་བསམས་ལ་ཕྱུང་སྟེ་མདུན་ན་འདུག་པའི་ཤིང་རྟ་ལ་གནས་པ་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་རིམ་གྱིས་ཇི་སྲིད་དུ་རང་ཉིད་བཀའ་ནོད་པར་སྣང་བ་

དེ་སྲིད་ཀྱི་བར་དུ་བསྒོམ་པའོ། །སངས་རྒྱས་ཡེ་ཤེས་བློ་ཅན་གྱི། །སྐུ་གསུང་ཐུགས་ཞེས་བྱ་བ་ནི་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོ་རྣམས་ཀྱི་ཐུགས་ཀ་ན་གནས་པའི་ཡེ་ཤེས་ཀྱི་ལྷའི་གཟུགས་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་

འཁོར་གྱི་སྟེང་དུ་བཞག་ནས་དེས་རྡོ་རྗེ་ལྕགས་ཀྱུས་སྙིང་ག་ནས་བཏབ་སྟེ་བཀུག་ནས་བཀའ་བསྒོ་བ་ངེས་པར་སྦྱར་བར་བྱ་བའོ། །དེ་བཞིན་དུ་ལྷ་ལ་སོགས་པའི་བུ་མོ་རྣམས་ཏིང་ངེ་འཛིན་གྱིས་བཀུག་སྟེ། ཉེ་བར་ལོངས་སྤྱོད་པར་བྱའོ། །རིམ་པ་དེ་ཉིད་ཀྱི་རྣམ་པར་སྣང་མཛད་ལ་སོགས་

པའི་རྣལ་འབྱོར་པས་རང་གི་ས་བོན་ལས་བྱུང་བའི་འཁོར་ལོ་ལ་སོགས་པའི་རང་གི་ཕྱག་མཚན་གྱི་ལྕགས་ཀྱུ་ལག་ན་ཐོགས་པའི་ལྷའི་གཟུགས་བསྐྱེད་དེ་སྒོམ་པ་ན་དེ་ཁོ་ན་བཞིན་དུ་འགྲུབ་པར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལྷ་བསྒོམ་པའི་སྒོ་ནས་དགུག་པར་བྱ་བ་འབའ་

ཞིག་ཏུ་མ་ཟད་ཀྱི། རང་གི་ལག་ན་གནས་པའི་རྡོ་རྗེ་ལ་སོགས་པའི་ལྕགས་ཀྱུ་རྣམས་ཀྱིས་ཀྱང་བྱ་བར་བཤད་དེ། སངས་རྒྱས་སྐུ་ནི་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བདག་ཉིད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་རྣམ་པར་སྤྲས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་རྡོ་རྗེ་འཆང་ཆེན་པོར་

Vol. 41 · folio 216a

བསམས་ལ། ལག་ཏུ་ཞེས་བྱ་བ་ལག་པ་གཡས་པར་ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་སྤྲོ་བ་དང་བསྡུ་བའི་རིམ་པས་ཇི་སྲིད་དུ་དངོས་སུ་སྣང་བ་དེ་སྲིད་དུ་བསྒོམ་པར་བྱ་ཞིང་། དེ་ནས་ལྕགས་ཀྱུ་དེས་དེ་ཁོ་ན་བཞིན་དུ་ཡེ་ཤེས་ཀྱི་ལྷ་ལ་སོགས་པ་བཀུག་

ནས་རང་གི་བཀའ་ལ་སྦྱར་བ་དང་ཉེ་བར་ལོངས་སྤྱོད་པར་བྱ་བའོ། །སྐུ་དང་གསུང་དང་ཐུགས་ཀྱི་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྣལ་འབྱོར་པས་ཀྱང་ལག་པ་གཡས་པར་ཡི་གེ་ཨོཾ་ལ་སོགས་པ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པའི་ལྕགས་ཀྱུ་གསུམ་སྔ་མ་བཞིན་

དུ་བསྒྲུབ་པའོ། །སོགས་པ་སྨོས་པས་ནི་རིན་ཆེན་དབང་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སྭཱ་ཧཱ་ལ་སོགས་པ་ལས་འབྱུང་བའི་རང་གི་ཕྱག་མཚན་གྱི་ལྕགས་ཀྱུ་རྣམས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །གནས་ལས་བྱེད་ཅེས་བྱ་བ་ནི་འགུགས་པར་བྱེད་

པར་འགྱུར་བའོ། །རང་གི་ལྷའི་རྣལ་འབྱོར་གྱིས་རིག་མ་ཐམས་ཅད་རྗེས་སུ་མཉེས་པར་བྱའོ་ཞེས་བསྟན་པའི་ཕྱིར་རྡོ་རྗེའི་སྐུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་རང་གི་ལྷའི་རྣམ་པར་ཡང་དག་པར་བསྐྱེད་ལ། རང་གི་ལྕེ་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དམར་བའི་གཟུགས་དང་། དེའི་

རྩེ་མོར་ཡི་གེ་ཧོ་ཁ་དོག་དམར་པོ་འོད་ཟེར་ལྔ་འབར་བ་རྣམ་པར་བསམ་སྟེ། ཕྱི་རོལ་གྱི་བུད་མེད་ལྷ་མོའི་གཟུགས་སུ་སྔ་མ་བཞིན་མོས་པར་བྱས་ལ་དེའི་བྷ་གའི་བྱང་ཆུབ་ཀྱི་སེམས་འབྱུང་བའི་རྩ་ལྕེ་རྡོ་རྗེ་གཞུག་པ་དང་དབྱུང་བའི་རིམ་གྱིས་ཇི་སྲིད་དུ་འོ་མའི་ཐིག་ལེ་འཛག་པ་དེ་སྲིད་དུ་བསྐུལ་

བར་བྱའོ། །དེ་ནས་ཇི་ལྟར་བཅོམ་ལྡན་འདས་འདོད་ཆགས་རྡོ་རྗེས་རིག་མ་ཐམས་ཅད་རྗེས་སུ་མཉེས་པར་སྤྱོད་པ་དེ་བཞིན་དུ་འདི་ཡང་འགྱུར་བས་དེའི་ཕྱིར་རྡོ་རྗེ་ལྕེའི་སྦྱོར་བ་བསྒོམས་ན། རྡོ་རྗེའི་གསུང་དང་འདྲ་བར་འགྱུར། །ཞེས་གསུངས་སོ། །གསང་གསུམ་དམ་ཚིག་ནི་ལྷ་ཐམས་ཅད་

ཀྱི་གཟུགས་ཡང་དག་པར་སྟོན་པའི་མཚན་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའོ། །དེའི་མཆོག་གི་མཆོག་ནི་མཆོད་པའི་གཙོ་བོ་སྟེ། བླ་ན་མེད་པ་ལ་སོགས་པའི་མཆོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མཆོད་ནས་ཞེས་བྱ་བ་ནི་ལྕེས་བསྐུལ་བའི་རྗེས་ཐོགས་ལ་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་

Vol. 41 · folio 216b

པར་སྦྱོར་བ་བྱ་སྟེ། བླ་ན་མེད་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་བསྒོམ་པར་བྱའོ། །དེའི་ཕྱིར། གསང་བའི་སྙིང་པོ་བསྡུས་པ་ཡིན། །ཞེས་གསུངས་སོ། །བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་སྟོན་པར་

མཛད་པའི་ཕྱིར་གསང་བ་ཆེན་པོའི་དམ་ཚིག་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པས་ནི་མཐུ་ཐོབ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཀྱི་བྱེ་བྲག་གི་སྒོ་ནས་བཀུག་སྟེ། རང་དང་རྗེས་སུ་མཐུན་པའི་ཤ་ལ་སོགས་པ་རྣམས་ཉེ་བར་

ལོངས་སྤྱད་པར་བྱའོ་ཞེས་བསྟན་ཏོ། །ཐམས་ཅད་བསམ་པས་རྣམ་པར་བརྟག །ཅེས་བྱ་བ་ནི་ནུས་པ་མེད་པས་ཀྱང་གང་གི་ཚེ་གོམས་པར་བྱེད་པའི་དུས་མ་རྙེད་པ་དེའི་ཚེ། བཟའ་བ་ལ་སོགས་པའི་རང་འདོད་པའི་དངོས་གྲུབ་ཀྱི་འབྲས་བུ་དང་རྗེས་སུ་མཐུན་པར་བརྟགས་ལ་བཟའ་

བར་བྱའོ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན། །ཞེས་བྱ་བ་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་རྡོ་རྗེ་ཆེན་པོའམ་མི་བསྐྱོད་པར་བསམས་ཏེ། སྙིང་གར་པདྨའི་སྟེང་གི་ཟླ་བ་ལ་དཀྱིལ་འཁོར་དང་ལྡན་པའི་ཡེ་ཤེས་སེམས་དཔའ་དང་། དབུ་རྒྱན་

རྡོ་རྗེ་འཆང་ཆེན་པོ་རྣམ་པར་བསམས་ལ། ཇི་སྐད་བཤད་པའི་དམ་ཚིག་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་ཚིམ་པར་བྱ་བའི་ཕྱིར་ལྕེའི་རྩེ་མོ་ལ་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཡི་གེ་ཧཱུྃ་བསམ་པར་བྱ་བའོ། །ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱི་འབྲས་བུ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་

ཕྱིར་མཆོག་གོ། །དམ་ཚིག་ཉམས་སུ་ལེན་པའི་ཕྱིར་དམ་ཚིག་མཆོག་ནི་སྒྲུབ་པ་པོ་སྟེ་དེ་ཡིས་སོ། །ཡེ་ཤེས་རྡོ་རྗེ་ནི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ། ཏིང་ངེ་འཛིན་གང་ལ་དེ་སྒྲུབ་པར་བྱེད་པའི་ཟས་ཀྱི་དམ་ཚིག་ཡོད་པ་དེ་

ལ་དེ་སྐད་ཅེས་བྱའོ། །ལྕེ་ལ་དགོད་པ་ཉིད་བསྟན་པའི་ཕྱིར། བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། སྒྲུབ་ཐབས་བཤད་པའི་ཆོ་ག་བཞིན་དུ་སྦྱང་བ་ལ་སོགས་པའི་ཆོ་གས་ཤ་ཆེན་ལ་སོགས་པ་ཟ་བ་ན་ཡང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་མངོན་པར་འདོད་

Vol. 41 · folio 217a

པའི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་ནི་རང་གི་ཡེ་ཤེས་སེམས་དཔའ་དང་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པའི་ཅོད་པན་རྣམ་པར་བསམས་ཏེ། རང་གི་ལྕེའི་རྩེ་མོ་ལ་འོད་དཔག་ཏུ་མེད་པའི་རང་

བཞིན་གྱི་ཡི་གེ་ཨཿབསམ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ལྕེའི་རྩེ་མོ་ལ་ཡི་གེ་ཨོཾ་བསམ་པར་བྱའོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ་རིན་ཆེན་དབང་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པས་ཀྱང་ལྕེའི་རྩེ་མོ་ལ་རང་གི་ལྷའི་རང་བཞིན་གྱི་རང་གི་ས་བོན་བསྒོམ་

པར་བྱའོ། །འདི་ལྟ་བུ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རྡོ་རྗེ་འདྲ་བ་ཞེས་བྱ་བ་ནི་གང་གི་ལྷའི་རྣལ་འབྱོར་བསྒོམ་པ་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་ཤ་ཆེན་ལ་སོགས་པའོ། །རྡོ་རྗེ་བདུད་རྩི་ལྔ་སྟེ། དེ་བཞིན་བྱིན་གྱིས་བརླབ་པའི་ཕྱིར། ལྷ་ཐམས་

ཅད་ཀྱི་ལྕེའི་རྩེ་མོ་ལ་རང་གི་ས་བོན་གྱི་ཕྲེང་བ་བཀོད་པའི་རྣམ་པར་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏོ། །ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །ཞེས་གསུངས་པ་གང་ཡིན་པ་དེའི་དངོས་གྲུབ་ཀྱི་འབྲས་བུའི་མཐུ་ཕུལ་དུ་བྱུང་བ་བསྟན་པའི་ཕྱིར།

རྡོར་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་གྱི་དམ་ཚིག་སྟེ། རྒྱུ་ནི་རྡོ་རྗེ་གསུམ་གྱི་དམ་ཚིག་དཔལ་རྡོ་རྗེ་སེམས་དཔའ་ཡིན་ཞིང་། དེའི་དངོས་གྲུབ་ཉིད་འབྲས་བུའི་མཆོག་ཡིན་པའི་ཕྱིར་དངོས་གྲུབ་མཆོག་གོ། །དེ་ལྟ་བུར་གྱུར་ན་ཡིད་བཞིན་གྱི་རིན་པོ་ཆེ་བཞིན་

དུ་འགྲོ་བ་མ་ལུས་པ་རྣམས་ཀྱི་བསམ་པ་སྐོང་བར་བྱེད་པ་དང་ཐམས་ཅད་དུ་སྣང་བར་བྱེད་པ་ཡིན་པའོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོའི་དམ་ཚིག་ནི་རྣམ་པར་སྣང་མཛད་དེ། ལྷག་མ་ནི་སྔ་མ་བཞིན་ནོ། །དམ་ཚིག་དམ་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་དངོས་གྲུབ་ཐོབ་པ་རྡོ་རྗེའི་རིག་

པ་འཛིན་པ་གྲུབ་པ་རྣམས་ལ་སོགས་པ་རྣམས་ཀྱི་རིག་པ་འཛིན་པ་གཙོ་བོར་གྱུར་པའོ། །ཐམས་ཅད་དམ་ཚིག་མཆོག་ཏུ་འགྲུབ་པ་ནི་ལྷ་ཐམས་ཅད་ཀྱི་སྐུ་ཐོབ་པས་དངོས་གྲུབ་ཀྱི་མཐུ་དང་ལྡན་པར་འགྱུར་བའོ། །མི་སྣང་བར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་མངོན་

Vol. 41 · folio 217b

པར་ཤེས་པ་གྲུབ་པ་རྣམས་ཀྱང་མཐུ་བླ་ན་མེད་པ་དང་ལྡན་པ་ཡིན་པས་དེའི་ཕྱིར། གངྒཱའི་ཇི་སྙེད་སངས་རྒྱས་རྣམས། །ཞེས་བྱ་བ་ལ་སོགས་པ་གསུང་སྟེ་གོ་སླའོ། །མངོན་པར་ཤེས་པའི་དོན་སྟོན་པར་མཛད་པའི་ཕྱིར་དམ་ཚིག་མངོན་པར་མཁྱེན་པ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །ད་ནི་

གཞན་གྱི་དོན་བྱ་བ་ཕུན་སུམ་ཚོགས་པའི་འབྲས་བུ། སངས་རྒྱས་མངོན་ཤེས་དོན་གྲུབ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་མངོན་ཤེས་ནི་མངོན་པར་ཤེས་པ་ལྔ་སྟེ། མངོན་པར་ཤེས་པ་དྲུག་ཡིན་ཞིང་། གྲུབ་པ་དེ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་

སྐུ་དང་འདྲ་བ་དང་། འགྲོ་བ་མ་ལུས་པ་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །སྔགས་ཀྱི་དངོས་གྲུབ་ཐམས་ཅད་ནི་ལྷ་བསྐྱེད་པ་སྔོན་དུ་འགྲོ་བ་ཅན་ཁོ་ན་ཡིན་པས་དེའི་ཕྱིར་བསྙེན་པའི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་བཞི་ནི་མདོར་བསྟན་པ་ཡིན་ནོ། །རྡོ་རྗེའི་བྱེ་

བྲག་ཤེས་བྱས་ལ། །ཞེས་བྱ་བ་ནི་ཐུན་མོང་དང་མཆོག་གི་རྣལ་འབྱོར་གྱི་བྱེ་བྲག་གོ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་རྣལ་འབྱོར་འདི་རྒྱུ་ལ་ཁྱད་པར་བྱེད་པ་ཉིད་ཡིན་པར་བསྟན་ཏེ། འདི་ལས་བཤད་པ་གང་ཡིན་པའི་དངོས་གྲུབ་ཀྱི་ལས་རྣམས་བསྒྲུབ་པར་བྱའོ་

ཞེས་བྱ་བའི་དོན་ཏོ། །མདོར་བསྟན་པའི་ཚིག་རྣམས་ཀྱིས་བཤད་པ་ནི། བསྙེན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པར་བྱ་ཞིང་མཉེས་པར་བྱ་བ་ཡིན་པས་བསྟེན་པ་སྟེ། དཔལ་རྡོ་རྗེ་འཆང་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་དོ། །ཏིང་ངེ་འཛིན་

ནི་སེམས་རྩེ་གཅིག་པའི་བདག་ཉིད་ཅན་གྱི་རིག་མ་སྟེ། དེ་དང་ཡང་དག་པར་སྦྱོར་ཞིང་འདུས་པ་ནི་བསྙེན་པའི་ཏིང་ངེ་འཛིན་རབ་ཏུ་སྦྱོར་བའོ། །བྱང་ཆུབ་ཅེས་བྱ་བ་ནི་རང་གི་ལྷའི་མངོན་པར་བྱང་ཆུབ་པའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་རྟེན་

གྱི་དཀྱིལ་འཁོར་བསྐྱེད་ལ། དེའི་དབུས་ན་གནས་པའི་རྣལ་འབྱོར་པ་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པ་དང་ལྡན་པས་དེ་ཁོ་ན་བཞིན་དུ་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་སྟོང་པ་

Vol. 41 · folio 218a

ཉིད་ཀྱི་བྱང་ཆུབ་པོ། །དེ་ནས་སྐྱེ་བ་མེད་པའི་རི་མོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨཱ་ལི་དང་ཀཱ་ལིའི་ཆོ་གའི་རྗེས་ཐོགས་སུ་ཐམས་ཅད་གྱུར་པར་བྱས་ནས་ཉི་མ་དང་ཟླ་བ་དང་ཆུ་སྐྱེས་ལ་གནས་པའི་ཡི་གེ་གསུམ་གྱི་

བདག་ཉིད་དུ་གྱུར་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་འགྲོ་བ་དྲུག་གི་སེམས་ཅན་རྣམས་དང་སངས་རྒྱས་ལ་སོགས་པ་རྣམས་ལ་ཀུན་དུ་རེག་ནས། རྟེན་དང་བཅས་པའི་ཡི་གེ་གསུམ་གྱི་རྣམ་པར་ཡོངས་སུ་གྱུར་པ་རྣམས་བསྡུས་ཏེ། རང་བཞིན་མེད་པར་ལྷག་པར་

མོས་པའི་སྒོ་ནས་རང་གི་ཡི་གེ་གསུམ་ལ་བཅུག་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་སྟེ། ཡང་རྫོགས་པའི་བྱང་ཆུབ་ཀྱི་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་བསམ་པར་བྱའོ་ཞེས་བྱ་བ་ནི་ས་བོན་བསྡུས་པའོ། །དེ་ནས་ཡི་གེ་ཧཱུཾ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་

ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་ཀུན་དུ་རེག་སྟེ། དཔལ་རྡོ་རྗེ་འཆང་གི་རྣམ་པར་བསམས་ལ། བསྡུས་ཏེ་བཅུག་ལ། རྡོ་རྗེའི་བདག་ཉིད་དུ་གྱུར་ཏེ། དེའི་ང་རྒྱལ་དང་ལྡན་པས་དེ་གྱུར་པར་བྱས་ནས་རྡོ་རྗེ་འཆང་ཆེན་པོར་བསྐྱེད་

པར་བྱའོ་ཞེས་བྱ་བ་ནི་སྐུ་བསྐྱེད་པའོ། །དེ་ནས་དེ་ཉིད་ཀྱི་རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྣམ་པར་བསྒོམས་ཏེ། ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་བྱ་སྟེ། རིག་མ་འདུ་བྱ་བ་དང་། རྡོ་རྗེ་དང་ཆུ་སྐྱེས་བསྐྱེད་པ་དང་།

རྗེས་སུ་མཉེས་པར་བྱ་བ་དང་། ལས་ལ་གནས་པ་དང་། བྱང་ཆུབ་ཀྱི་སེམས་དབྱུང་བ་ལ་སོགས་པ་བྱས་ལ། ལྷ་མོའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བར་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པས་བསྐྱེད་པའི་ལྷའི་འཁོར་ལོ་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པ་ཕྱུང་སྟེ། དེ་འགྲོ་བ་རྣམས་

ཀྱི་དོན་བྱེད་དུ་བཅུག་ནས། གནས་ལྔར་བཀོད་དེ། བསྡུས་ནས་བཀུག་པའི་ཡེ་ཤེས་ཀྱི་འཁོར་ལོས་སྙིང་གར་མཚན་པ་དང་། ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་རྒྱ་བཞིས་རྒྱས་བཏབ་པར་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཡི་གེ་དགོད་པའོ། །གཞུང་དེ་ཙམ་གྱིས་ཐུན་

Vol. 41 · folio 218b

མོང་གི་སྒྲུབ་པ་བསྟན་ཏེ། འདི་ཉིད་ལས། དེ་ནས་རྡོ་རྗེ་བཞི་པོ་ཡི། །བརྟུལ་ཞུགས་བརྟན་པས་བསྙེན་པ་བྱ། །ཞེས་གང་འཆད་པར་འགྱུར་བའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ལེའུ་བཅོ་བརྒྱད་པ་ལས་ཀྱང་། ཐུན་མོང་མཆོག་གི་དབྱེ་བ་ཡིས། །འདིར་ནི་བསྙེན་པ་རྣམ་གཉིས་འགྱུར། །

རྡོ་རྗེ་བཞི་པོས་ཐུན་མོང་སྟེ། །ཞེས་བཤད་དོ། །དེ་ཉིད་ནི་དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་སྐུ་རུ་བསྐྱེད་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །ཞེས་བྱ་བས་བསྟན་ཏོ། །བསྙེན་པའི་ཏིང་འཛིན་རབ་སྦྱོར་བས། །ཞེས་བྱ་བ་བསྟན་པ་ཉིད་ཀྱིས་རྣལ་འབྱོར་

མ་ལུས་པ་བསྡུས་པ་ཉིད་ཡིན་པའི་ཕྱིར། ཉེ་བར་སྒྲུབ་པ་གྲུབ་མཆོག་ལ། །ཞེས་བྱ་བ་ལ་སོགས་པ་རྣམས་འདུས་པ་ཡིན་ཏེ། འདི་ལྟར་སྟོང་པ་ཉིད་ཀྱི་བྱང་ཆུབ་དང་། ས་བོན་བསྡུས་པ་དང་། སྐུ་བསྐྱེད་པ་དང་། གསུང་ནི་རྣལ་འབྱོར་ཁོ་ན་ཡིན་པར་མངོན་པར་འདོད་ལ། བཞི་པ་ཡི་གེ་

དགོད་པ་ཞེས་བྱ་བ་འདི་ནི་ལྷག་མ་ཐམས་ཅད་ཡིན་ནོ། །ལྷའི་རྣལ་འབྱོར་གྲུབ་པའི་ཉེ་བ་སྟེ་དྲུང་དུ་སྒྲུབ་པ་སྙིང་གར་ཡེ་ཤེས་སེམས་དཔའ་བཞུགས་པའི་རྗེས་སུ་རྣལ་འབྱོར་བསྒོམ་པའི་མཚན་ཉིད་ནི་ཉེ་བར་སྒྲུབ་པའོ། །དེ་ཉིད་དངོས་གྲུབ་མཆོག་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་

གྲུབ་མཆོག་གོ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་བྱ་བ་ལ། སྐྱེ་མཆེད་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། ལུས་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་ཡང་བསྟན་པ་ཡིན་ནོ། །འདིས་གསུང་བྱིན་གྱིས་བརླབ་པ་སྒྲུབ་པར་བྱེད་ཅིང་རྫོགས་པར་བྱེད་པས་ན་སྒྲུབ་པའོ། །དེ་ཇི་ལྟར་

ཞེ་ན། བསྐུལ་བར་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། སྐུ་བྱིན་གྱིས་བརླབས་པའི་རྗེས་ཐོགས་ལ་ལྐོག་མའི་ཆུ་སྐྱེས་ལ་གནས་པའི་ཡི་གེ་ཨའི་འོད་ཟེར་ལས་བྱུང་བའི་གོས་དཀར་མོ་རང་གི་སྤྲུལ་པའི་ཚོགས་ཀྱི་དབུས་ན་གནས་པ་རྣམ་པར་སྤྲོས་ལ།

དེ་ཉིད་ཀྱི་སྤྲུལ་པའི་ཚོགས་ཀྱི་དབུས་ན་བཞུགས་པ་འོད་དཔག་ཏུ་མེད་པ་མཉེས་པར་བྱས་ཏེ་བཀུག་ནས་མདུན་ན་པདྨའི་གདན་ལ་བཞུགས་པ་ལ་ཚིགས་སུ་བཅད་པ་དག་གིས་གསོལ་བ་བཏབ་པ་ནི་བསྐུལ་བའོ། །དེ་ནས་བཅུག་སྟེ། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ཞེས་བྱ་བ་ལ་སོགས་པའི་

Vol. 41 · folio 219a

ཚིགས་སུ་བཅད་པས་ང་རྒྱལ་བསྐྱེད་ལ། གསུང་བྱིན་གྱིས་བརླབ་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི་སྔགས་ཀྱི་བདག་པོ་བསྒོམ་པ་ཡིན་པར་གསུངས་སོ། །འདི་ནི་སྒྲུབ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྒྲུབ་པ་ཆེན་པོ་སྟེ། ཐུགས་བྱིན་གྱིས་བརླབ་པ་

དང་རིག་མ་བྱིན་གྱིས་བརླབ་པ་དང་མཆོད་པ་ལ་སོགས་པའོ། །དེའི་ཚེ་རང་གི་གཟུགས་ཏེ། རང་གི་ལྷའི་རྣམ་པར་ངེས་པར་བསམས་ལ། དབུ་རྒྱན་ལ་ནི་བདག་པོ་ཞེས་བྱ་བ་རང་གི་ཅོད་པན་གྱི་གནས་ན་བཞུགས་པའི་རིག་མ་དང་སྙོམས་པར་ཞུགས་པའི་རང་གི་དེ་བཞིན་གཤེགས་པའམ།

དཔལ་རྡོ་རྗེ་སེམས་དཔས་བདེ་བ་ཆེན་པོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་རྣམས་ཀྱི་བདག་ཉིད་དབང་བསྐུར་བར་བསྒོམས་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྐྱེད་པའི་རིམ་པའི་མཚན་ཉིད་ཀྱིས་ཐུན་མོང་གི་སྒྲུབ་པ་བཤད་ནས་ད་ནི་མཆོག་གི་རྣལ་འབྱོར་

བསྙེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་བདུད་རྩི་ཡིས་ཞེས་བྱ་བ་ནི་ཡན་ལག་དྲུག་པའི་རྣལ་འབྱོར་གྱིས་སོ། །དེ་ལ་ཡན་ལག་དྲུག་བརྗོད་པར་བྱ་སྟེ། ཡོངས་སུ་རྫོགས་པ་དང་ཡང་དག་པར་ལྡན་པའི་ལྷའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པས་མིག་ལ་སོགས་པའི་

དབང་པོ་ལྔའི་སྤྱོད་ཡུལ་ལྷ་མོ་རྣམས་དང་རྗེས་སུ་འབྲེལ་པའི་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་ཉེ་བར་ལོངས་སྤྱད་པར་བྱ་བ་ནི་སོ་སོར་སྡུད་པ་ཞེས་བྱ་བ་དང་པོ་ཡིན་པར་བསྟན་ཏོ། །གཟུགས་ལ་སོགས་པ་ཡུལ་དེ་རྣམས་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་

གཤེགས་པ་ལྔའི་རྣམ་པར་བསམ་པ་ནི་བསམ་གཏན་ཏེ་བསམ་གཏན་ཉིད་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པའི་དབྱེ་བས་རྣམ་པ་ལྔའོ། །དེ་ལ་རྟོག་པ་ནི་འདོད་པ་དང་འདོད་པར་བྱེད་པ་དང་འདོད་པར་བྱ་བ་རྣམས་འབྱུང་བའོ། །དཔྱོད་པ་ནི་དེ་རྣམས་ལ་

ཉེ་བར་ལོངས་སྤྱོད་པའི་བྱ་བའོ། །ཀུན་དུ་ཆགས་པ་ཡོད་ན་དགའ་བར་འགྱུར་རོ། །དེ་ལས་དགའ་བའི་བདེ་བའོ། །དེ་ལས་ཀྱང་མཆོག་ཏུ་དགའ་བའི་གནས་ཞི་བ་ནི་སེམས་རྩེ་གཅིག་པ་ཉིད་དུ་འདོད་དེ་དེ་ནི་གནས་གཉིས་པའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ས་ལ་སོགས་

Vol. 41 · folio 219b

པ་འབྱུང་བ་ལྔའི་རང་བཞིན་ཉུངས་ཀར་གྱི་འབྲུ་ཚད་ཙམ་གྱི་རིན་པོ་ཆེ་ཁ་དོག་སྣ་ལྔ་པ་དབུགས་དབྱུང་བའི་སྦྱོར་བས་རང་གི་སྙིང་ག་ནས་ཕྱུང་སྟེ། པདྨའི་སྣ་རྩེར་བསམ་པ་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་གསུངས་པའོ། །སྔར་བཤད་པའི་རིམ་པ་བཞིན་དུ་རང་གི་སྙིང་གར་སེམས་སྔགས་ཀྱི་ཐིག་ལེར་

གྱུར་པར་མཚན་མ་ལྔ་བྱུང་བར་གྱུར་གྱི་བར་དུ་ཁྱད་པར་དུ་འཛིན་པ་ནི་འཛིན་པའི་ངོ་བོ་སྟེ་བཞི་པའོ། །དེ་ལ་མཚན་མ་ལྔ་ནི་སྨིག་རྒྱུ་ལྟ་བུ་དང་དུ་བ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། མར་མེ་ལྟ་བུ་དང་། ལྔ་པ་སྤྲིན་མེད་པའི་ཉིན་པར་གྱི་ཉི་མ་ཕྱེད་བཞིན་དུ་ཐམས་ཅད་དུ་རྟག་ཏུ་སྣང་བ་ཞེས་

བྱ་བ་སྟེ། མཚན་མ་དེ་རྣམས་ཀྱི་སྒོ་ནས་སྔགས་ཀྱི་ཐིག་ལེ་དམ་པའི་རང་བཞིན་དུ་རང་གི་སེམས་བརྟན་པར་གྱུར་པར་ཡོངས་སུ་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་དེ་རང་གི་སྙིང་ག་ནས་བཙུན་མོའི་ནམ་མཁའི་དབྱིངས་སུ་རྡོ་རྗེའི་ལམ་ནས་ཀུན་དུ་སྤྲོས་ཏེ། དེས་ཀྱང་ནམ་མཁའི་

དབྱིངས་མ་ལུས་པ་རྡོ་རྗེའི་ཆུས་བུམ་པ་བཞིན་དུ་ཡོངས་སུ་གང་བར་བསྒོམ་པ་ནི་རྗེས་སུ་དྲན་པ་ཞེས་བྱ་བ་ཡན་ལག་ལྔ་པའོ། །རྗེས་སུ་དྲན་པ་མཐར་ཕྱིན་པའི་ཚེ་རྡོ་རྗེ་ནམ་མཁའི་དབྱིངས་ན་གནས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བས་ཀུན་དུ་རེག་པའི་སྒོ་ནས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་རྣམས་སུ་གྱུར་ཏོ་སྙམ་པའི་སྣང་བ་འབྱུང་བར་འགྱུར་རོ། །དེ་ནས་སེམས་ཅན་མེད་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་རེ་རེའི་སྙེད་ཀྱི་རང་གི་རིག་མ་དང་སྙོམས་པར་ཞུགས་པའི་དེ་བཞིན་

གཤེགས་པ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་གཟུགས་སུ་བསམས་ལ། བསྡུས་ཏེ་དེ་རྣམས་ཀྱི་རྡུལ་ཕྲ་རབ་ལས་གྲུབ་ཅིང་སྙོམས་པར་འཇུག་པ་ལ་གནས་པས་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་ཅན་གྱི་ལྷའི་གཟུགས་རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་ན་གནས་པར་བསམ་པ་ནི་ཏིང་ངེ་འཛིན་ཞེས་

བྱ་བ་ཡན་ལག་དྲུག་པའོ། །ཡན་ལག་དྲུག་པོ་དེ་རྣམས་ཀྱིས་ནི་ཡེ་ཤེས་ཀྱི་བདུད་རྩིའི་སྒོ་ནས་ཡོངས་སུ་གྲུབ་པའི་མཆོག་གི་རྣལ་འབྱོར་བསྟན་ཏེ། ལེའུ་བཅོ་བརྒྱད་པ་ལས། མཆོག་གི་ཡེ་ཤེས་བདུད་རྩི་ཉིད། །རྣལ་འབྱོར་བརྩོན་པ་དག་གིས་བྱ། །བརྙེས་པའི་ཡན་ལག་དྲུག་གིས་ནི། །བྱང་ཆུབ་

Vol. 41 · folio 220a

མཆོག་ཏུ་བསྒྲུབ་པར་བྱ། །གཞན་དག་གིས་ནི་བསྒྲུབ་འགྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་དང་། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །དབང་པོ་བཅུ་

པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །རྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་དང་

དཔྱོད་དང་དགའ་བ་དང་། །དེ་བཞིན་བདེ་བ་ཉིད་དང་ཡང་། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། །གསང་བ་གསུམ་འབྱུང་རྟོག་པ་སྟེ། །དེ་ཡི་རབ་འབྱོར་དཔྱོད་པའོ། །དགའ་དང་འདྲ་བ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་

བྱ་འབྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱི་དངོས་གཞི་པ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་

ཆེན་ཁ་དོག་སྣ་ལྔ་པར། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་གཞག །རང་དབང་རིན་ཆེན་དགག་པ་ནི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་འགོག་པའི་རྡོ་རྗེར་གྱུར། །མཚན་མར་ཉེར་འཛིན་

འབྱུང་བར་འགྱུར། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་

འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དབང་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་

Vol. 41 · folio 220b

གཟུགས་ཀྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡིད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཅེས་བྱ་བ་ཡིན། །ཞེས་གང་གསུངས་པའོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྫོགས་པའི་རིམ་པའི་ཡན་ལག་དྲུག་གི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་

བྱ་བའོ། །འདི་ལྟར་སྔགས་རྣམས་ཐམས་ཅད་ནི་ལྷ་ཐམས་ཅད་དེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ནི་སྐྱེ་བ་མེད་པའི་རང་བཞིན་གྱིས་རིག་པར་བྱ་བའི་མཆོག་ཏུ་དགའ་བ་ཡིན་ཞིང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དེའི་རང་བཞིན་དུ་བྱེད་པའི་ཕྱིར་སྔགས་ཀྱི་དེ་ཉིད་དོན་སྒྲུབ་པའོ། །རྣལ་འབྱོར་དེ་ཉིད་ཀྱི་

རྗེས་སུ་མཐུན་པའི་གནས་ཁྱད་པར་ཅན་ནི། དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། འཁོར་བ་ནི་སྲིད་པའི་རྩ་བ་ཅན་ཡིན་ནོ་ཞེས་འབྱུང་བའི་ཕྱིར། འཁོར་བའི་འཁོར་ལོའི་ལྟེ་བ་ན་གནས་པའི་བུད་མེད་ཀྱི་གཟུགས་ཀྱི་སྲེད་པ་ཉིད་དགོན་པ་ཆེན་པོ་ཞེས་བྱ་སྟེ། འདོད་ཆགས་ཀྱི་

ཚེར་མ་ལ་སོགས་པ་རྣམས་ཀྱིས་ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཐབས་ཀྱི་ལམ་གྱིས་ཀུན་དུ་སྦྱངས་པའི་སྒོ་ནས་རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་འགྱུར་ཏེ། ཡང་དག་ཇི་བཞིན་དོན་མཐོང་ལ། །འཁོར་ཉིད་མྱ་ངན་འདས་པ་ཡིན། །ཞེས་གང་གསུངས་པའོ། །དེ་ཉིད་འདོད་ཆགས་ཀྱི་

ཚེར་མ་ལ་སོགས་པ་རྣམས་དང་བྲལ་བའི་ཕྱིར། རྣམ་པར་དག་པའི་རིག་མའོ། །དེའི་རབ་ཀྱི་མཐར་ཕྱིན་པའི་ཕྱོགས་ནི་ས་ཕྱོགས་ཏེ། ཆོས་འབྱུང་ཞེས་བྱ་བའོ། །བྷ་ག་བཞིན་དུ་རྡོ་རྗེའི་རིགས་ལ་ཁྱད་པར་ཅན་གྱི་རིག་མའི་ཚོགས་ཁྱད་པར་དུ་འཕགས་པ་རྣམས་སྐྱེད་པར་བྱེད་པ་ཉིད་ཡིན་པའི་

ཕྱིར་རབ་ཏུ་རྣམ་པར་དབེན་པའོ། །དེ་ཉིད་རྣམ་པར་གཡོ་བ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་ཉིད་ཡིན་པའི་ཕྱིར་རི་བོའོ། །ཐེག་པ་གཞན་ལ་ཞུགས་པའི་མོས་པའི་དམན་པ་རྣམས་ཀྱིས་འཇུག་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་རྒྱ་མཚོའི་འཇིགས་སུ་རུང་བ་དང་མཚུངས་པའོ། །ངོགས་དག་ཏུ་ཞེས་

བྱ་བ་ནི་དེ་དང་ཡང་དག་པར་སྦྱོར་བའི་ཐབས་དང་ཤེས་རབ་ཀྱི་ངོགས་ལ་གནས་པ་རྣམས་ཀྱིས་སོ། །རྟག་ཏུ་དངོས་གྲུབ་ཅེས་བྱ་བ་ནི་ཡིད་ཀྱི་མཉམ་པ་ཉིད་ཀྱི་བདེ་བ་ཆེན་པོའི་རྣམ་པ་རྒྱུན་དུ་འབྱུང་བ་སྟེ། དེ་འཐོབ་པར་འགྱུར་ཞིང་དེའི་རང་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་པདྨའི་

Vol. 41 · folio 221a

ཞལ་སྔ་ནས་ཀྱང་ཤེས་རབ་ཀྱི་སྤྲིང་ཡིག་ལས། འདོད་ཆགས་ཚེར་མས་ཀུན་དུ་ཁྱབ། །ཅེས་བྱ་བ་ལ་སོགས་པས་བུད་མེད་ཀྱི་གཟུགས་ཉིད་སྲེད་པ་ཡིན་པར་བཤད་དོ། །ཡོངས་སུ་གྲུབ་པའི་མཆོག་གི་རྣལ་འབྱོར་སྟོན་པའི་ཕྱིར་རྡོ་རྗེ་སྒྲུབ་པ་ཆེན་པོའོ། །རྡོ་རྗེ་བཞི་པོས་

བསྙེན་པ་བྱ་བར་བཤད་པ་དེས་ཅིར་འགྱུར་ཞེ་ན། སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་རང་བཞིན་གྱི་དགའ་བ་གསུམ་དང་ལྡན་པ་དང་། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པ་ལས་བྱུང་བའི་རྣལ་འབྱོར་གྱིས་རྣལ་འབྱོར་

པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དུས་ནམ་གྱི་ཚེ་ལྷའི་རྣལ་འབྱོར་བསྒོམ་པར་བྱ་ཞེ་ན། ཐུན་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མོའི་ཐོ་རངས་དང་ཉེ་བའི་ཐུན་ཕྱེད་ནས་བཟུང་སྟེ། ཉིན་མོ་ཐུན་ཕྱེད་ཀྱི་བར་ནི་ཐུན་དང་པོའོ། །ཐུན་གཉིས་པའི་མཐར་ཐུག་པ་ནི་

གཉིས་པའོ། །ཉིན་མོའི་ལྷག་མའི་ཆུ་ཚོད་ནས་བརྩམས་ཏེ། མཚན་མོའི་ཆུ་ཚོད་ལ་ཐུག་པ་ནི་གསུམ་པའོ། །མཚན་མོའི་ཐུན་ཕྱེད་དང་གཉིས་པ་ནས་ཐུན་གསུམ་པ་ལ་ཐུག་པ་ནི་ཐུན་བཞི་པ་སྟེ། དེ་རྣམས་སུ་རྡོ་རྗེ་བཞི་པོས་བསྙེན་པ་སྒྲུབ་པའི་བསྐྱེད་པའི་རིམ་པའི་རྣལ་འབྱོར་ནི་ཐུན་བཞི་

དག་ཏུ་རབ་སྦྱོར་བ་སྟེ་དེས་སོ། །ཐོག་མ་དང་ཐ་མ་མེད་པའི་ང་རྒྱལ་དང་ལྡན་པས་རྟག་ཏུ་གནས་པ་རིམ་པ་གཉིས་པ་སྒོམ་པ་པོ་ལ་ནི་དུས་ཀྱི་ངེས་པ་མེད་པས་སངས་རྒྱས་སྤྱན་ལ་སོགས་པ་ལྷ་མོ་བཞི་ཐུན་བཞིའི་སྒྲར་བརྗོད་དོ། །ཇི་ལྟར་ཐུན་ཡིན་ཞེ་ན། ཐུན་ནི་ཡུལ་ཏེ་མཚོན་པར་བྱ་བའི་རང་བཞིན་གྱི་

བདེ་བ་ཆེན་པོ་ཡིན་ཞིང་དེ་འདོད་པའི་ཡོན་ཏན་ལྔ་ལས་བྱུང་བའི་མྱོས་བྱེད་ལ་སོགས་པའི་མདའ་རྣམས་ཀྱིས་སོ་སོར་རྟོགས་པར་བྱེད་པའི་ཕྱིར་རོ། །རབ་འབྱོར་པས་ཏེ་དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བས་སོ། །རབ་ཏུ་སྦྱོར་བ་ཉིད་བསྟན་པའི་ཕྱིར། བློ་དང་ལྡན་པས་ཞེས་བྱ་བ་ལ་

སོགས་པ་གསུངས་སོ། །འདི་སྐད་དུ་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་ལ་སོགས་པའི་ཡེ་ཤེས་ཀྱི་ལྷའི་ཚོགས་ཐམས་ཅད་རང་གི་ལུས་ལ་བཅུག་ནས་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོའི་གཟུགས་སུ་ཡོངས་སུ་གྱུར་པ་ཕྱུང་

Vol. 41 · folio 221b

སྟེ། དེས་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་བཀུག་སྟེ། རང་གི་རིག་མའི་ལུས་ལ་བཅུག་ནས་སངས་རྒྱས་སྤྱན་ལ་སོགས་པ་བཞིར་ཕྱུང་སྟེ། ཕྱོགས་བཞི་ན་གནས་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་དབུས་ན་གནས་ཤིང་ཡང་དག་པར་སྦྱོར་བ་དང་ལྡན་པས་

དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་སྒོ་ནས་མཉེས་པར་བྱ་ཞིང་མཆོག་ཏུ་དགའ་བའི་གནས་སྐབས་སུ་ཅང་མི་གནང་བར་བྱའོ། །དེ་ནས་ལྷ་མོ་རྣམས་ཀྱང་བསྐུལ་བའི་གླུ་བཞིས་བསྐུལ་བས་སད་ནས་འགྲོ་བ་མ་ལུས་པ་རྣམས་ཀྱི་དོན་བྱའོ་ཞེས་བསྟན་པ་ཡིན་ཏེ། ལེའུ་བཅོ་བརྒྱད་པ་ལས།

འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལ་བསྡུས་ནས་ནི། །བཙུན་མོ་རྣམ་པ་དགུར་སྤྲོས་ཏེ། །བསྒྲུབ་བྱའི་ལུས་ལ་གཞུག་པར་བྱ། །ཕྱག་རྒྱ་བཞི་ནི་རྣམ་སྤྲོས་ནས། །དེ་ནས་དཀྱིལ་འཁོར་བརྟག་པར་བྱ། །བདག་ཉིད་དབུས་སུ་འདུག་བྱས་ཏེ། །དེ་ཚེ་བྱང་ཆུབ་རྣམ་པར་བསྒོམ། །

བསྐལ་པའི་གླུ་རྣམས་བཞི་ཡིས་ནི། །ལྷ་མོ་རྣམས་ཀྱིས་བསྐུལ་གྱུར་པས། །སེམས་དཔའ་དག་པའི་བདག་ཉིད་ནི། །ལངས་ནས་འགྲོ་བའི་དོན་བསྒྲུབ་བྱ། །ཞེས་གསུངས་པའོ། །ད་ནི་བསྐྱེད་པའི་རིམ་པ་སྒོམ་པ་པོའི་དབང་དུ་བྱས་ནས། ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེའུ་བཅུ་

གཅིག་པ་ལས། ཨོཾ་ནི་སངས་རྒྱས་སྐུ་རུ་བརྗོད། །ཅེས་གསུངས་པ་གང་ཡིན་པ་དེ་ཉིད་དྲན་པར་བྱེད་དོ། །མགོའི་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་ལས་བྱུང་བའི་སངས་རྒྱས་སྤྱན་གྱི་ཚོགས་ཀྱི་སྐུ་རྡོ་རྗེ་སྤྲུལ་པ་དང་བཅས་པ་བཀུག་ལ། མདུན་ན་བཞུགས་པ་ལ་གསོལ་བ་བཏབ་ནས་བཅུག་སྟེ། སྐུ་

བྱིན་གྱིས་བརླབ་པར་བྱའོ། །སྡོམ་པ་ཡིན་པར་བཤད་ཅེས་བྱ་བ་ནི་སྐུ་རྡོ་རྗེ་བཅུག་པའི་སྒོ་ནས་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་དམ་ཚིག་ནི་སེམས་བརྟན་པར་བྱེད་པའི་མཚན་ཉིད་དེ། བསྐྱེད་ནས་བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱས་པར་ཞེས་བྱ་བ་ནི་ཟླ་བ་དྲུག་པ་

ལ་སོགས་པའི་ཉིན་ཞག་གི་དབྱེ་བས་བསོད་ནམས་ཀྱི་ཚོགས་མ་བསགས་པའི་བསོད་ནམས་འཕེལ་བར་བྱ་བའི་དོན་དུའོ། །སེམས་བརྟན་ཞིང་བསོད་ནམས་བསགས་པས་ནི། ཟླ་བ་ཕྱེད་ཀྱི་ནང་དུ་འགྲུབ་པར་འགྱུར་བ་ཁོ་ནའོ། །གང་ལས་ཤེ་ན། གསང་བ་མཆོག་ཅེས་བྱ་བ་ལ་སོགས་པས་གསུངས་

Vol. 41 · folio 222a

ཏེ། འདི་ནི་གསང་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་གསང་བ་མཆོག་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཡིན་ཞིང་དཔལ་གསང་བ་འདུས་པ་གང་ལས་དེ་རྣལ་འབྱོར་པའི་རྒྱུད་ལས་འབྱུང་ཞིང་སྐྱེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་བྱིན་གྱིས་བརླབ་པའི་སྡོམ་ཉིད་

གསལ་བར་བྱ་བའི་ཕྱིར། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཉེ་བར་སྒྲུབ་པའི་སྡོམ་པ་སྟེ་རྗེས་སུ་རྣལ་འབྱོར་པ་ལ་སོགས་པའི་མཚན་ཉིད་ཀྱི་སྐུ་རྡོ་རྗེ་སྤྲུལ་པ་དང་བཅས་པ་མདུན་ན་བཞུགས་པ་ཡེ་ཤེས་ཀྱི་མིག་གི་ཡུལ་དུ་བྱས་པའི་ཕྱིར་ཡུལ་ལོ། །སངས་རྒྱས་སྐུ་འཛིན་

ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་སྐུ་འཛིན་ནི་སྐུ་རྡོ་རྗེའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་ཕྱེད་པ་རྣམས་སྒོམ་པར་བྱེད་པས་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ་སྟེ་སྒྲུབ་པ་པའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པ་སྟེ་དེ་ལྟ་བུ་བདག་ལ་སྐུ་རྡོ་རྗེ་དང་འབྲེལ་བའི་བྱིན་གྱིས་བརླབ་པར་མཛད་

དུ་གསོལ་ཞེས་གསོལ་བ་གདབ་པའོ། །ཚིགས་སུ་བཅད་པ་གཉིས་པས་ནི་དེས་སྤྲུལ་པའི་རྟག་པ་རྣམས་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་གིས་ཡང་དག་པར་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་གདབ་པར་བྱའོ། །དེ་ལྟར་གསོལ་བ་བཏབ་པས་

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱིས་རྣལ་འབྱོར་པ་དེའི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་བ་གདབ་པའི་སྦྱོར་བའི་འབྲས་བུ་དང་བཅས་པའི་མཐུ་ནི། སངས་རྒྱས་རྡོ་རྗེ་སེམས་དཔའ་འམ། །ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། རྨོངས་པ་ནི་

རྣམ་པར་མི་རྟོག་པའི་ཡེ་ཤེས་ཅན་ཡིན་ཞིང་། དེ་བྱིན་གྱིས་རློབ་པར་མི་བྱེད་ཅིང་འདའ་བར་བྱེད་ན། ཚལ་བར་འགས་ཤིང་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྦྱོར་བའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་དང་སྦྱོར་བ་དེ་ཉིད་དམ་ཚིག་

ཡིན་ཞིང་དེ་ཉིད་སྒྲུབ་པའི་མཆོག་སྟེ་དམ་པའོ། །དེ་བརྟན་པ་ནི་ཇི་སྐད་བཤད་པའི་གཞུང་གིས་གསལ་བར་བྱས་པ་སྟེ་དེ་ཉིད་ལེའུའོ། །ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།བཤད་མ་ཐག་པའི་བསྙེན་པའི་ཆོ་ག་བསྒོམ་པ་ལ་མངོན་པར་དགའ་བའི་སྔགས་པའི་བཟླས་པ་དང་རང་གི་ལྷ་

Vol. 41 · folio 222b

བསྒྲུབ་པ་དང་ལས་ཀྱི་ཚོགས་ཉམས་སུ་བླང་བར་བྱ་བ་ཡིན་པས་དེའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུ་གསུངས་སོ། །ཡེ་ཤེས་ཉིད་རྡོ་རྗེ་ཡིན་པས་ན་ཡེ་ཤེས་རྡོ་རྗེ་སྟེ་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་ཡིན་ཞིང་

དེ་ཉིད་མཆོག་སྟེ་དེ་མི་འདོར་བར་འཛིན་པར་མཛད་པ་དེའི་ཕྱིར་ཡེ་ཤེས་རྡོ་རྗེ་མཆོག་འཛིན་པའོ། །གང་དག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་མཚན་ཉིད་ཀྱི་སྐུ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་དང་གསུང་བསྡམས་པ་དང་ལྡན་པས་ན་ཐུབ་པའོ། །ཕུང་པོ་ལ་སོགས་པ་ཐམས་ཅད་དབྱེར་མེད་

པར་ཐུགས་སུ་ཆུད་པའི་ཕྱིར་དོན་ཀུན་རྡོ་རྗེ་ཅན་ནོ། །སྟོན་པ་ཞེས་བྱ་བ་ནི་སྟོན་པ་པོ་སྟེ་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་འཆོས་པར་མཛད་པ་ཉིད་ཡིན་པའི་ཕྱིར་རོ། །དམ་ཚིག་འདི་ཉིད་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ཞིང་དེ་ཐུགས་སུ་ཆུད་པའི་ཕྱིར་དམ་ཚིག་དེ་ཉིད་མཁྱེན་

པ་སྟེ། དེ་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་ཕྱག་འཚལ་ནས་ཆེད་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་གསོལ་བ་བཏབ་པོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་ཡིན་ཞིང་དེའི་བསྙེན་པ་དང་ཉེ་བར་སྒྲུབ་པའི་མཚན་ཉིད་ཀྱི་ཚུལ་ནི་སངས་རྒྱས་ཀྱི་ཚུལ་ཏེ། ལྷ་ཐམས་

ཅད་ཀྱི་སྐུ་རྡོ་རྗེ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་རིག་མ་དང་ཡང་དག་པར་ལྡན་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཚུལ་གྱི་མཆོག་གོ། །ཆོས་ཀྱི་ཚུལ་ཞེས་བྱ་བ་ནི་སྒྲུབ་པའི་མཚན་ཉིད་དེ་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པར་མཛད་པའི་གསུང་རྡོ་རྗེར་བྱིན་གྱིས་རློབ་པར་བྱེད་པའི་ཕྱིར་ཞི་བའོ། །སྔགས་ཀྱི་ཚུལ་ནི་

སྒྲུབ་པ་ཆེན་པོའི་རང་བཞིན་ཏེ། དེ་ཉིད་ཐུགས་རྡོ་རྗེའི་རང་བཞིན་དུ་བྱེད་པ་ཡིན་པའི་ཕྱིར་བརྟེན་པའོ། །འདི་ལ་ངོ་མཚར་བ་ཅི་ཡོད་ཅེ་ན། མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་ནི་དག་པ་དང་མ་དག་པའི་ཕུང་པོ་ལ་སོགས་པ་རྣམས་སོ། །དེ་རྣམས་མེད་པའི་ངོ་བོ་ཉིད་ནི་ངོ་བོ་

ཉིད་ཀྱི་ཁྱད་པར་ཏེ། དེ་ལྟ་བུར་གྱུར་པ་དེ་རྣམས་ལས་རྡོ་རྗེ་བཞི་པོའི་ཡེ་ཤེས་འབྱུང་བར་རབ་བཤད་དོ་ཞེས་བྱ་བ་ནི་ངོ་མཚར་ཆེའོ། །དེ་སྐད་དུ་རབ་ཏུ་བཤད་པའི་རྗེས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་བཟླས་པ་བཤད་དུ་གསོལ་ཞེས་གསུངས་ཏེ། མདོར་བསྡུས་ནས་བསྟན་པའི་ཕྱིར་ཀུན་བསྡུས་

Vol. 41 · folio 223a

པའོ། །མི་ཕྱེད་པའི་ཚིག་རྗོད་པའི་སྒོ་ནས་སྔགས་འདོན་པ་ནི་རྡོ་རྗེ་བཟླས་པ་སྟེ། དེ་ཉིད་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཆེན་པོའོ། །ཆོས་ཀྱི་སྐུ་ལ་སོགས་པའི་སྙིང་པོ་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་སྐུ་གསུང་མི་ཕྱེད་དཀྱིལ་འཁོར་རོ། །སངས་

རྒྱས་ཡེ་ཤེས་ཞེས་པ་ལ་སོགས་པ་ལ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་སངས་རྒྱས་ཡེ་ཤེས་ཏེ། མེ་ལོང་ལྟ་བུ་ལ་སོགས་པ་རྣམས་ཡིན་ཞིང་། དེ་རྣམས་རྡོ་རྗེ་མི་ཕྱེད་པ་གསུམ་བསྒོམ་པའི་བདག་ཉིད་ཀྱི་སྔགས་བཟླས་པ་གང་གིས་འཐོབ་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། །སྐུ་དང་གསུང་

དང་ཐུགས་རྡོ་རྗེ་སྤྲོ་བའི་རང་བཞིན་གྱི་རྡོ་རྗེའི་སྦྱོར་བས་བཟླས་པ་ན་སྒྲུབ་པ་པོ་ལ་སངས་རྒྱས་ཀུན་གྱི་བྱིན་གྱིས་རློབ་པར་འགྱུར་རོ། །རིགས་ཀྱི་སྔགས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། རིགས་ལྔའི་བདག་ཉིད་ཀྱི་ལྷ་ཐམས་ཅད་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ནི་རྡོ་རྗེ་སྐུ་ལ་སོགས་པ་རྣམས་

ཀྱི་རང་བཞིན་ཏེ། དེ་ལྟ་བུའི་གསང་སྔགས་བཟླས་པ་དེ་རིང་ཞེས་བྱ་བ་ད་ལྟར་གསུངས་ཤིག་པའོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་རྒྱ་མཚོ་ནི་དེ་བཞིན་གཤེགས་པ་རྣམས་ཏེ་ཤེས་རབ་ཡེ་ཤེས་ཟབ་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་

སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །སངས་རྒྱས་ཏེ་བྱུང་བར་གྱུར་པ་དང་། འབྱུང་བར་འགྱུར་བ་དང་བྱུང་བ་རྣམས་ཀྱིས་རྡོ་རྗེ་སྔགས་རབ་ཏུ་བསྒོམས་པས་ཉིད་ཀྱིས་ཡེ་ཤེས་མཉམ་པ་མེད་པར་ཐོབ་པར་གྱུར་ཏེ། དེའི་ཕྱིར་བཤད་དུ་གསོལ་ཞེས་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་

ལའོ། །ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་ནམ་མཁའ་རྡོ་རྗེ་ཡེ་ཤེས་བྱུང་ངོ་། །གཞན་ནི་བཤད་ཟིན་ཏོ། །སྔགས་ཀུན་ཏེ་ཡི་གེ་དང་སྒྲའི་རང་བཞིན་རྣམས་ཀྱི་དོན་ནི་རང་གི་ལྷའི་འབྲས་བུའི་ངོ་བོ་ཡིན་ཞིང་དེའི་དོན་དུ་བརྗོད་པ་ནི་བཟླས་པ་སྟེ། དེ་རྣམས་ལའོ། །

རྡོ་རྗེ་མི་ཕྱེད་གསུམ་གྱི་མཚན། །ཞེས་བྱ་བ་ནི་བདག་ཉིད་གསུམ་གྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོར་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་པའོ། །རྡོ་རྗེ་དབྱེ་བ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུཾ་བསམ་

Vol. 41 · folio 223b

པ་དང་། དེ་བཞིན་དུ་ལྐོག་མར་པདྨ་དང་མགོ་བོར་འཁོར་ལོ་ལ་གནས་པའི་ཡི་གེ་ཨཱཿདང་ཨོཾ་བསམ་པར་བྱའོ་ཞེས་བསྟན་ཏེ། དེ་ནི་རྡོ་རྗེ་གསུམ་བཀོད་པ། །ཞེས་བྱའོ། །སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ། །ཞེས་བྱ་བ་ནི་སྐུ་ལ་སོགས་པའི་ཡེ་ཤེས་རྣམ་པར་བཀོད་པ་རྣམས་ལས་རང་གི་

ཡི་གེ་རྣམས་དང་རང་གི་ཕྱག་མཚན་རྣམས་དང་རང་གི་ལྷའི་གཟུགས་རྣམས་སྤྲོ་བའམ། ཡི་གེ་རེ་རེ་ལས་ཡི་གེ་གསུམ་དང་ཕྱག་མཚན་གསུམ་དང་གཟུགས་གསུམ་སྤྲོ་བའམ། ཡང་ན་རེ་རེ་ལས་ཅིག་ཅར་རང་གི་ཡི་གེ་དང་ཕྱག་མཚན་དང་རང་གི་ལྷ་སྤྲོ་བ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་སྤྲོ་བའི་བར་དུ་

དབྱེ་བ་རྣམ་པ་གསུམ་ཡིན་ནོ། །རྡོ་རྗེ་བཟླས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །རྡོ་རྗེ་གསུམ་གྱི་ཐུགས་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེ་དང་རྣལ་འབྱོར་པ་འདྲ་བར་འགྱུར་རོ། །ཡི་གེ་གསུམ་བཟླས་པ་དེ་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པ་ཡིན་དུ་ཟིན་ཀྱང་རིགས་ཐམས་ཅད་ཀྱི་ཐུན་མོང་ཡིན་ཏེ། སྔགས་

ཀུན་དོན་ནི་བཟླས་པ་ལ། །ཞེས་འབྱུང་བའི་ཕྱིར་རོ། །སྐུ་རྡོ་རྗེའི་ནི་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐུ་གསུང་ཐུགས་བསམས་ནས་ཞེས་བྱ་བ་ནི། སྤྱི་བོ་ལ་སོགས་པར་ཡི་གེ་གསུམ་གྱི་གཟུགས་སོ། །མཆོད་པའི་མཆོག་བརྟག་པ་ཞེས་བྱ་བ་ནི་བླ་ན་མེད་པ་ལ་སོགས་པའི་

མཆོད་པའི་རང་བཞིན་སྤྲོ་བར་བྱ་བའོ། །ཡེ་ཤེས་རྡོ་རྗེས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་བསྒྲུབ་པ་ལ་ཞུགས་པས་སོ། །རྡོ་རྗེ་གསུམ་གྱི་ཐུགས་ནི་རྣམ་པར་སྣང་མཛད་དེ། དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསུང་རྡོ་རྗེའི་ནི་སངས་རྒྱས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་

གསུངས་ཏེ། བཟླས་པའི་རྡོ་རྗེས་ཞེས་བྱ་བ་ནི་གསུང་རྡོ་རྗེའི་སྒོམ་པ་པོས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། ཡང་ན་ཞེས་བྱ་བའི་སྒྲ་ནི་ཕྱོགས་གཞན་སྟོན་པའོ། །དབྱེ་བ་རྣམ་གསུམ་གྱིས་སོ་སོ་དག་ཏུ་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱེ་བས་སོ། །སྐུ་དང་གསུང་དང་ཐུགས་

བདག་མེད་པ་ཞེས་བྱ་བ་ནི་སྐུ་ལ་སོགས་པ་རྣམས་སྒྱུ་མ་ལྟ་བུར་རྣམ་པར་བསམས་ནས་སོ། །ཡེ་ཤེས་སེམས་ཀྱིས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་རྣམ་པར་རོ། །འདི་སྐད་དུ་རང་གི་དཀྱིལ་འཁོར་ན་གནས་ཤིང་ཇི་སྐད་བཤད་པའི་སྐུ་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་རང་གི་སྙིང་ག་ན་བཞུགས་པའི་

Vol. 41 · folio 224a

ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་འཁོར་ལོ་ལ་ཡི་གེ་ཨོཾ་བསམས་ལ། དེ་ཉིད་བརྗོད་ཅིང་དེ་ལས་བྱུང་བའི་ཡི་གེ་ཨོཾ་རྣམས་དང་འཁོར་ལོའི་ཕྱག་མཚན་རྣམས་དང་སྐུ་རྡོ་རྗེ་རྣམས་སྤྲོ་སྟེ་བརྗོད་པའི་ཐ་མར་བསྡུ་བར་བྱའོ། །དེ་བཞིན་དུ་གསུང་དང་

ཐུགས་རྡོ་རྗེའི་རྣལ་འབྱོར་པ་དག་གིས་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་ལ་གནས་པའི་ཆུ་སྐྱེས་དང་རྡོ་རྗེའི་ལྟེ་བ་དག་ལ་ཡི་གེ་ཨཱཿདང་ཧཱུཾ་བསམས་ལ། རང་གི་ཡི་གེ་ལ་སོགས་པ་སྤྲོ་བ་དང་བསྡུ་བ་བྱའོ་ཞེས་བསྟན་པ་ཡིན་ནོ། །སྤྲོ་བའི་དུས་ཉིད་བསྟན་པའི་ཕྱིར་བརྗོད་ནས་ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། སེམས་དབང་དུ་གྱུར་པར་བྱ་བའི་ཕྱིར་ཡི་གེ་གསུམ་གྱི་བདག་ཉིད་དམ་ཚིག་ཡི་གེ་གཞན་གྱི་སྔགས་བརྗོད་ཅིང་ཇི་སྐད་བཤད་པའི་སྤྲོ་བ་རྣམས་ཀྱིས་ནམ་མཁའ་ཀུན་དུ་བཀང་སྟེ། བརྗོད་པའི་ཐ་མར་བསྡུས་ནས་སྔགས་ཀྱི་ཡི་གེ་རྣམས་ལ་བཅུག་སྟེ་བཟླས་པ་བྱའོ། །གཞན་དག་

ནི་བཟླས་པ་ཐམས་ཅད་ཀྱི་ཞབས་སུ་བསྡུ་བར་བྱའོ་ཞེས་ཟེར་རོ། །སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་འདི་ནི་ལྷ་ཐམས་ཅད་ཀྱི་ཐུན་མོང་ཡིན་པའོ། །གཞན་ནི་གོ་སླའོ། །སྐུའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དངོས་དང་དངོས་མེད་རྣམ་དཔྱད་པ། །ཞེས་བྱ་བ་ནི། ཡང་དག་པར་ན་དངོས་པོ་

ཡང་མེད་ཅིང་དངོས་པོ་མེད་པ་ཡང་མེད་པ་སྟེ་སྒྲོ་བཏགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གསལ་བའི་མཚན་ཉིད་ཅན་གྱི་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ནི་སྐུ་རྡོ་རྗེའི་རྫོགས་པའི་བྱང་ཆུབ་སྟེ། དེ་ཉིད་རྟོག་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་སྐུའི་བཟླས་པ་བརྗོད་པར་བྱའོ། །དེ་བཞིན་དུ་བྲག་ཅའི་སྒྲ་དང་མཚུངས་པར་

སྒྲ་དང་སྒྲ་མ་ཡིན་པར་རྣམ་པར་དཔྱད་པའི་བདག་ཉིད་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ནི་གསུང་གི་དམ་ཚིག་གི་རྫོགས་པའི་བྱང་ཆུབ་སྟེ་གསུང་གི་བཟླས་པའོ། །དེ་བཞིན་དུ་ཐུགས་རྡོ་རྗེའི་རྣལ་འབྱོར་པས། འོད་སྲུངས་སེམས་ནི་ནང་ན་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ན་ཡང་མི་དམིགས་

སོ་ཞེས་བྱ་བ་ལ་སོགས་པས་གནས་པའི་རྡོ་རྗེ་རྣམ་པར་དཔྱད་པའི་བདག་ཉིད་ནི་ཐུགས་ཀྱི་དམ་ཚིག་གི་རྫོགས་པའི་བྱང་ཆུབ་སྟེ་རྡོ་རྗེ་བཟླས་པར་བཤད་དོ། །དོན་རྟོགས་པའི་ཞེས་བྱ་བ་ལ་དོན་དེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་རྣམས་རྟོགས་པ་ནི་ཁོང་དུ་ཆུད་པ་སྟེ།

Vol. 41 · folio 224b

སངས་རྒྱས་ཀྱི་ཡོན་ཏན་འདི་རྣམས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་གཏན་ལ་ཕབ་པའོ། །དེ་ཉིད་རྟོག་པ་དང་བྲལ་བའི་བཟླས་པ་སྟེ་དེ་ཡིས་སོ། །དེ་ཉིད་བསྟན་པའི་ཕྱིར་ངོ་བོ་ཉིད་མེད་ཅེས་བྱ་བ་གསུངས་ཏེ། ཀུན་དུ་བརྟགས་པའི་རང་བཞིན་དང་བྲལ་བའོ། །བཟང་པོ་ཡིས་ཞེས་བྱ་བ་

ལ་དུས་གསུམ་གྱི་སངས་རྒྱས་སྒྱུ་མ་ལྟ་བུར་ཡང་དག་པར་མཐོང་བའི་མཚན་ཉིད་ཅན་གྱི་དཀོན་མཆོག་དཔལ་གྱི་རྣལ་འབྱོར་གྱིས་རྣམ་པར་དཔྱད་པ་ནི་རིན་པོ་ཆེའི་བཟླས་པའོ། །སངས་རྒྱས་ཞིང་ཞེས་བྱ་བ་ལ་སོགས་པ་ལ། དོན་ཡོད་གྲུབ་པའི་རྣལ་འབྱོར་པས་འགྲོ་བ་མ་ལུས་པའི་བྱ་བ་སྒྲུབ་པའི་

ཕྱིར་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་རལ་གྲི་ལ་ཡི་གེ་ཧཱ་རྣམ་པར་བཀོད་དེ། དེ་ཉིད་བརྗོད་ཅིང་དོན་ཡོད་པའི་རིགས་སྤྲོས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་དུ་བཀང་ལ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་ལྷག་པར་མོས་པའི་སྒོ་ནས་བརྗོད་

པའི་ཐ་མར་བསྡུ་བར་བྱའོ་ཞེས་བྱ་བ་འདི་ནི་འགྲོ་བ་དང་འོང་བའི་མཚན་ཉིད་ཅན་གྱི་དོན་ཡོད་པའི་བཟླས་པའོ། །འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་གང་ཡང་རུང་བའི་རྣལ་འབྱོར་པས་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨའི་སྟེང་གི་ཉི་མ་ལ་གནས་པའི་རང་གི་ཕྱག་མཚན་ལ་

བཟླས་པར་བྱ་བ་རྣམ་པར་བཀོད་དེ་རང་གི་ངག་རྡོ་རྗེས་བསྒྲགས་པའི་སྒྲ་དཔག་ཚད་བྱེ་བའི་ཚད་དང་ལྡན་པའི་དཀྱིལ་འཁོར་ན་གནས་པའི་ལྷའི་འཁོར་ལོས་ཐོས་པར་གྱུར་ཅིག་སྙམ་དུ་ལྷག་པར་མོས་པའི་སྒོ་ནས་སྒེག་པ་དང་བཅས་པའི་ཁྲོ་བོའི་ཚིག་གིས་བཟླས་པར་བྱའོ་ཞེས་བྱ་བ་འདི་ནི་ཁྲོ་བོའི་

བཟླས་པའོ། །འདོད་པའི་དོན་གྱིས་མྱོས་འགྱུར་བ། །ཞེས་བྱ་བ་ནི་འབྱོར་པའི་དོན་གྱིས་ཤིན་ཏུ་སྡུག་ཕོངས་པར་གྱུར་པའོ། །རབ་ཏུ་སྐྱོབ་ཅིང་ཕན་པར་དགའ། །ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་ཚོལ་བ་ལ་བརྩོན་པར་སེམས་ཅན་ཐམས་ཅད་རྣམ་པར་བསམས་ནས་སོ། །གཏི་མུག་

གནས་ལ་དགོད་ཅེས་བྱ་བ་ནི་ལེའུ་དགུ་པ་ལས་བཤད་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་གཏི་མུག་རྡོ་རྗེའི་སྐུར་ཡོངས་སུ་གྱུར་པ་དང་དེ་ཁོ་ན་བཞིན་དུ་རྫས་ཀྱི་རྒྱ་མཚོས་རབ་ཏུ་གང་བར་བསམ་པ་སྟེ་དེ་ནི་གཏི་མུག་གི་བཟླས་པའོ། །དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་གི་

Vol. 41 · folio 225a

རིགས་ཀྱི་རྣལ་འབྱོར་དག་གི་དེའི་རང་བཞིན་དུ་རྣམ་པར་བསྒོམས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་གོ་རིམས་བཞིན་དུ་རྣལ་འབྱོར་པས་རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བ་ནི་གསུང་དང་ཐུགས་ཀྱི་བཟླས་པའོ། །དམ་ཚིག་རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་མི་ཕྱེད་པའི་ལྷར་

དམིགས་པའི་རང་བཞིན་ནོ། །དེའི་དེ་ཉིད་ནི་ངེས་པར་འབྱེད་པའི་ཤེས་རབ་ལྷ་མོའི་གཟུགས་སུ་ཡོངས་སུ་གྱུར་པའོ། །དེ་དག་གི་དབུ་མ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོའོ། །དམ་ཚིག་རྡོ་རྗེ་ཅན་ཞེས་བྱ་བ་ནི་གཏི་མུག་གི་རིགས་ཀྱི་ལྷ་རྣམས་ཀྱི་སྟེ། དེ་སྐད་དུ་ཡང་། འདོད་

ཆགས་སྙིང་རྗེ་ཞེ་སྡང་འཕོ། །གཏི་མུག་གཉི་ག་ཡངས་པའོ། །ཞེས་གསུངས་སོ། །དེ་ཉིད་ཐུན་མོང་ཡིན་པ་ཉིད་དུ་བསྟན་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ་རྗེ་ཞེས་བྱ་བ་རིགས་ཐམས་ཅད་ཀྱི་ལྷ་རྣམས་ཀྱི་མ་ནིང་གི་བཟླས་པ་སྟེ། སྐྱེས་པ་དང་བུད་མེད་ཀྱི་རྣམ་

པར་རྟོག་པ་མེད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་རྣམ་པར་སྦྱོང་བ་བསྒོམ་པའི་བཟླས་པ་འདི་ལ་དགོས་པ་ཅི་ཡོད་ཅེ་ན། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ནི་ཡང་དག་པར་སྦྱར་བ་ལ་ཆགས་པ་སྟེ། དེའི་དེ་ཉིད་ནི་མཆོག་ཏུ་དགའ་བ་ཉིད་ཡིན་ཞིང་དེ་ཉིད་

དོན་ཏེ། དེ་སྒོམ་པར་བྱེད་པས་ན་འདོད་ཆགས་དེ་ཉིད་དོན་བསྒོམ་པའོ། །རྡོ་རྗེའི་བདག་པོ་ནི་རིགས་ལྔའི་བདག་པོ་སྟེ། འདོད་ཆགས་དེ་ལས་བྱུང་བའི་བདེ་བ་ཆེན་པོ་ནི་རྫོགས་པའི་བྱང་ཆུབ་ཡིན་ཞིང་། དེ་སེམས་ཅན་གྱི་རྒྱུད་རྣམས་ལ་མཛད་ཅིང་སྐྱེད་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །རིག་པ་

ཆེན་མོ་སྤྱན་ལ་སོགས། །ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་རིག་པ་ཡང་ཡིན་ལ་ཆེན་མོ་ཡང་ཡིན་པས་ན་རིག་པ་ཆེན་མོའོ། །འདོད་པ་ནི་དངོས་པོ་ཐམས་ཅད་ཀྱི་མཆོག་གི་དོན་ཆེན་པོ་སྟེ། དེ་རྣམས་ཀྱི་མངོན་པར་འདོད་པར་བྱ་བ་ཡིན་པའི་ཕྱིར་ལྷ་ཐམས་ཅད་ཀྱི་གཟུགས་ཀུན་དུ་སྟོན་པའི་མཚན་

ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའོ། །དེས་དོན་དེ་མཆོག་ཏུ་བདེ་བ་བསྐྱེད་ནས་དེ་ལ་བརྩོན་པ་ནི་དེ་ལ་ཆགས་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ཉིད་ཀྱི་སྒོ་ནས་དེ་རྣམས་ཇི་ལྟར་འདོད་པ་བཞིན་དུ་བསྟེན་ན་འགྲུབ་པར་འགྱུར་གྱི་འདོད་པ་འདོད་

Vol. 41 · folio 225b

ཆགས་དང་བྲལ་བའི་སྒོ་ནས་ནི་མ་ཡིན་ནོ། །གཏི་མུག་དམ་ཚིག་ནི་སྐུ་རྡོ་རྗེ་སྟེ་དེ་ལས་བྱུང་བ་ནི་གཏི་མུག་དམ་ཚིག་ལས་བྱུང་བའོ། །དེ་རྣམས་གང་ཞེ་ན། རིག་པའི་རྒྱལ་པོ་རྡོ་རྗེ་ཅན། །ཞེས་བྱ་བ་གསུངས་ཏེ། གཙུག་ཏོར་དང་གཙུག་ཏོར་ཆེན་པོ་ལ་སོགས་པ་བརྒྱད་མ་ནིང་གི་གནས་ལ་

གནས་པ་ཇི་སྐད་བཤད་པའི་མཚན་ཉིད་ཀྱིས་གྲུབ་ཅིང་ཡོངས་སུ་རྫོགས་པ་རྣམས་ཀྱིས་སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་དམ་པ་རབ་ཏུ་སྟེར་བར་བྱེད་དོ། །ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་ནི་ཞེ་སྡང་རྡོ་རྗེ་སྟེ། ཁྲོ་བོ་གང་དག་ལ་དེ་ཉིད་གནས་ཏེ་སྐྱེ་བའི་གནས་

ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་སྐྱེད་པ་ནི་དེ་ལས་གྲུབ་པའོ། །དེ་རྣམས་ཇི་ལྟ་བུའི་ལས་ཅན་ཞེ་ན། གསོད་ལ་རྟག་ཏུ་བརྩོན་པ་དག །ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། ཞེ་སྡང་རྣམ་པར་སྦྱོང་བའི་སྙིང་རྗེ་ཆེན་པོའི་སྒོ་ནས་མི་བསྐྱོད་པའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་བླ་མ་ལ་

སྨོད་པར་བྱེད་པ་ལ་སོགས་པའི་སེམས་ཅན་རྣམས་ཀྱི་ཐ་མལ་པའི་ཕུང་པོ་གཞོམ་པ་ནི་གསོད་པའོ། །དེ་ཉིད་ཀྱི་ཕྱིར་དོན་དེ་ཉིད་ལ་ཞུགས་པའི་མཆོག་གི་ལས་ཅན་གྱི་སྒྲུབ་པ་པོས་འགྲུབ་པར་འགྱུར་རོ། །སྐྱེས་བུ་ཆེན་པོ་བསྐྱེད་པའི་རྒྱུའི་བཟླས་པ་སྟོན་པར་མཛད་པའི་ཕྱིར། སྐྱེས་བུ་ཆེན་

པོའི་དམ་ཚིག་སྟེ། དཔལ་རྡོ་རྗེ་སེམས་དཔའ། །དེ་ལྟར་འདས་པའི་མཚན་ཉིད་བཤད་ནས། ད་ནི་བསྒོམ་པ་གཞན། ཡེ་ཤེས་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཟླ་བའི་གཟུགས་གསལ་བའི་གདན་གྱི་དབུས་ཀྱི་ཆ་མཚན་པའི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་

གསལ་བའི་དཀྱིལ་འཁོར་ཏེ། དེའི་དབུས་སུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་བསྒྲུབ་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ནི་རང་གི་སྙིང་ག་ན་བཞུགས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཨོཾ་ལས་བྱུང་བའི་འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨོཾ་ཧཾ་བྷྲཱུཾ་ཨོཾ་ཨཱཿཧཱུཾ་ཛི་ན་

ཛིཀ་སྭཱ་ཧཱ། ཞེས་བྱ་བའི་སྔགས་རྣམ་པར་བཀོད་དེ། དེ་ལས་བྱུང་བའི་འོད་ཟེར་དཀར་པོ་སྤྲོས་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་ལ་ཀུན་དུ་རེག་ནས་སྣང་བ་མེད་པར་བྱ་བ་སྟེ། དེ་ནི་རྣམ་པར་ཐར་པའི་སྒོའི་རང་བཞིན་ཅན་གྱི་འཁོར་ལོའི་དོན་བསྒོམ་པའོ། །དེ་བཞིན་དུ་ཉི་མ་དང་རིན་པོ་ཆེ་དང་

Vol. 41 · folio 226a

པདྨ་དང་འོད་ཀྱི་གདན་རྣམས་ཀྱི་དབུས་ཀྱི་ཆ་རུ་ཉེ་བར་མཚན་པའི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་སུ་གོ་རིམས་བཞིན་དུ་བརྟན་པ་མི་བསྐྱོད་པ་དང་རིན་ཆེན་དབང་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་བྱས་ཏེ། ཡེ་ཤེས་སེམས་དཔའི་

ཐུགས་ཀ་ན་གནས་པའི་རང་གི་ཕྱག་མཚན་རྣམས་ལ་རང་གི་ས་བོན་ནམ་བཟླས་པར་བྱ་བ་རྣམ་པར་བཀོད་ནས་ཡི་གེ་དང་རྗེས་སུ་མཐུན་པའི་འོད་ཟེར་སྤྲོ་བ་སྔོན་དུ་འགྲོ་བ་ཅན་གྱིས་རང་གི་རྣམ་པར་ཐར་པའི་སྒོ་བསྒོམ་པ་ནི་རྡོ་རྗེའི་སྔགས་ལ་སོགས་པ་དོན་བསྒོམ་པ་ཡིན་པར་བསྟན་ཏོ། །དཀྱིལ་འཁོར་ཀུན་ནི། རྣམ་པར་

སྣང་མཛད་ལ་སོགས་པ་རྣམས་ཀྱི་བཤད་མ་ཐག་པའི་དཀྱིལ་འཁོར་རྣམས་སོ། །ངོས་རྣམས་སུ་ཞེས་བྱ་བ་བདག་པོའི་ལོགས་བཞིར་དཀྱིལ་འཁོར་པའི་སངས་རྒྱས་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འོད་ཟེར་ལྔའི་བྱེ་བྲག་གིས། །ཞེས་བྱ་བ་ནི་རྣམ་

པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་གི་ཁ་དོག་དང་རྗེས་སུ་མཐུན་པའི་འོད་ཟེར་གྱི་བྱེ་བྲག་སྤྲོ་ཞིང་འཁོར་ལོ་ལ་སོགས་པའི་དོན་བསྒོམ་པས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་སྔགས་ཐམས་ཅད་ནི་ལྷ་ཐམས་ཅད་

དོ། །བྱེ་བྲག་རྣམ་པ་གཉིས་སུ་ཞེས་བྱ་བ་ནི་རིག་མ་དང་སྐྱེས་བུ་ཡང་དག་པར་སྦྱོར་བའི་བྱེ་བྲག་ཏུའོ། །སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས། །ཞེས་བྱ་བས་ནི་སྤྲོས་པའི་གཟུགས་རེ་རེ་ཞིང་སྐུ་གསུམ་གྱི་བདག་ཉིད་ཅན་དང་རྡོ་རྗེ་གསུམ་གྱི་རང་བཞིན་ཅན་ཉིད་ཡིན་པར་བསྟན་ཏོ། །ལུས་ཀྱིས་

ཞེས་བྱ་བ་ནི་སྐུ་རྡོ་རྗེ་སངས་རྒྱས་སྤྱན་གྱི་གཟུགས་སུ་ཡོངས་སུ་གྱུར་པས་སོ། །སྐུའི་ངོ་བོ་ཉིད་ནི་རྣམ་པར་སྣང་མཛད་དོ། །སེམས་ནི་མི་བསྐྱོད་པའོ། །དེའི་ངོ་བོ་ནི་མཱ་མ་ཀཱིའི་གཟུགས་ཏེ་དེས་སོ། །ངག་ནི་འོད་དཔག་ཏུ་མེད་པའོ། །དེའི་ངོ་བོ་ནི་གོས་དཀར་མོའི་གཟུགས་ཏེ་དེས་བདག་ཉིད་

རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཅན་མཆོད་ན། སངས་རྒྱས་སྤྱན་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བླ་ན་མེད་པའི་མཆོད་པ་བསྒོམས་པས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་མཆོད་པར་འགྱུར་རོ། །རིགས་གསུམ་གཙོ་བོར་བྱས་པའི་སྒོ་ནས་དེ་སྐད་དུ་བཤད་དོ། །

Vol. 41 · folio 226b

དཀོན་མཆོག་དཔལ་ལ་སོགས་པ་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རང་གི་རིག་མ་དང་ཡང་དག་པར་སྦྱོར་བ་ལས་བྱུང་བའི་མཆོད་པ་བསྒོམ་པར་བྱས་ན་འབྲས་བུ་དེ་ཁོ་ན་བཞིན་དུ་འགྱུར་རོ། །ད་ནི་ལས་རྣམ་པ་བཞིའོ། །དཀྱིལ་འཁོར་ཆེན་པོ་འཁོར་ལོ་ཡིས། །ཞེས་བྱ་བ་ལ་སོགས་

པས་གསུངས་ཏེ། དཀྱིལ་འཁོར་ཆེན་པོའི་འཁོར་ལོའི་ཚུལ་བཞིན་དུ་ཇི་སྐད་བཤད་པའི་བསམ་གཏན་གྱི་དཀྱིལ་འཁོར་རྣམ་པར་བསམས་ལ། རྡོ་རྗེ་ལྔ་རྣམས་བསྒོམ་པར་བྱ། །ཞེས་བྱ་བ་དེའི་དབུས་སུ་བདག་ཉིད་རང་གི་ལྷག་པའི་ལྷར་བསམས་ཏེ། ལོགས་བཞིར་དེ་བཞིན་གཤེགས་པ་

བཞི་རྣམ་པར་བསྒོམ་པར་བྱའོ། །དེ་ཉིད་ནི། དབུས་སུ་བདག་པོ་བསམས་ནས་ནི། །སྐུ་གསུང་རྡོ་རྗེ་རང་གི་གཟུགས། །ཞེས་བྱ་བས་གསུངས་སོ། །རང་སྔགས་རྡོ་རྗེའི་གཟུགས་དག་ནི། །ཞེས་བྱ་བ་ནི། རང་གི་བདག་པོའི་འོ། །གང་དུ་ཞེ་ན། དཀྱིལ་འཁོར་རྣམ་པ་བཞི་དག་ཏུ། །ཞེས་བྱ་བ་

གསུངས་ཏེ། ཆུ་དང་དབང་ཆེན་དང་རླུང་དང་མེའི་དཀྱིལ་འཁོར་རྣམས་ཀྱི་ནང་ནས་ལས་ཀྱི་བྱེ་བྲག་གིས་གང་ཡང་རུང་བའི་དཀྱིལ་འཁོར་དུའོ། །ཁ་དོག་རྣམ་བཞིར་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པར་རོ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་

གནས་པའི་སྔགས་རྣམས་ཀྱི་དོན་ནི་ཞི་བ་ལ་སོགས་པ་སྟེ། དེ་བསྒོམ་པ་ནི་སྔགས་ཀྱི་དོན་བསྒོམ་པའོ། །དེས་ཇི་ཞིག་བྱ་ཞེ་ན། རྡོ་རྗེ་རྣམ་པ་བཞི་ཞེས་བྱ་བ་གསུངས་ཏེ། འདི་སྐད་དུ་བསམ་གཏན་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་གདན་ལ་གནས་པས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོའི་

དབུས་སུ་ཡི་གེ་བཾ་ལས་བྱུང་བའི་བུམ་པ་ཁ་དོག་དཀར་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པའི་རང་གི་ལྷ་སྐུ་མདོག་དཀར་པོ་ཞི་བའི་ངང་ཚུལ་ཅན་གྱི་རྣམ་པར་བསམས་ལ། རང་གི་ཡེ་ཤེས་ཀྱི་ལྷའི་ཐུགས་ཀར་པདྨའི་སྟེང་གི་ཟླ་བ་ལ་བསྒྲུབ་བྱ་བསམ་སྟེ། དེའི་རྣམ་པར་ཤེས་

པ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱིས་རང་གི་ལྷའི་སྔགས་ཀྱི་ཕྲེང་བ་ཁ་དོག་དཀར་པོ་བདུད་རྩི་འཛག་པ་བཀོད་པས་དེའི་ལུས་ཀུན་དུ་ཁྱབ་པར་བལྟས་ལ། འོད་ཟེར་གྱི་སྒོ་ནས་བྱུང་བའི་རང་གི་ལྷའི་ཚོགས་རྣམས་ཀྱིས་བུམ་པ་ཁ་དོག་དཀར་པོའི་བདུད་རྩི་ལྔའི་དབང་དང་ཡང་དག་པར་སྦྱོར་བ་ལས་བྱུང་

Vol. 41 · folio 227a

བའི་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་ནས་བདག་ཉིད་ལས་ཞུགས་པའི་དབང་གིས་དབང་བསྐུར་ཞིང་སྐྱོན་ཐམས་ཅད་དང་བྲལ་བར་བསམས་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་དཀྱིལ་འཁོར་གྱི་དབུས་ཀྱི་གདན་ལ་གནས་པས་ལཾ་ཡཾ་རཾ་ཞེས་བྱ་བ་དེ་

རྣམས་ལས་གྲུབ་པའི་དབང་ཆེན་དང་རླུང་དང་མེའི་དཀྱིལ་འཁོར་གོ་རིམས་བཞིན་དུ་ཁ་དོག་སེར་པོ་དང་སྔོན་པོ་དང་དམར་པོ་རྣམས་ལ་རང་གི་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐོར་བར་བསམས་ལ། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་ལ་གནས་པའི་ཟླ་བ་སེར་པོ་

ལ་རྒྱས་པའི་དོན་དུ་གཉེར་བ་བཅུག་སྟེ། སྔགས་ཀྱང་བཀོད་ལ། དེ་བཞིན་དུ་ཟླ་བ་དམར་པོ་ལ་དབང་དུ་བྱ་བར་འདོད་པ་སྔགས་དང་བཅས་པ་བསམས་ཏེ། ཡེ་ཤེས་ཀྱི་ཆུ་སེར་པོ་དང་དམར་པོའི་དབང་ལ་སོགས་པས་སྔ་མ་བཞིན་དུ་དབང་བསྐུར་བར་བྱ་ཞིང་ཉི་མ་འབར་བ་ལ་སྔགས་བཀོད་དེ་

འཆད་པར་འགྱུར་བའི་རིམ་པ་བཞིན་དུ་མངོན་སྤྱོད་བྱའོ་ཞེས་བཤད་པ་ཡིན་ནོ། །བསམ་གཏན་རྡོ་རྗེ་ཅན་ནི་ལྷ་ཐམས་ཅད་ཀྱི་རང་བཞིན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ་དེའིའོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའོ། །སྔགས་རྣམས་ཐམས་

ཅད་ཀྱི་སྟེ་ལྷ་ཐམས་ཅད་ཀྱིའོ། །གསང་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པའོ། །མཆོག་ཏུ་བརྟག་པ་ནི་ཉམས་པ་མེད་པའི་གོ་འཕང་ཐོབ་པར་བྱེད་པའོ། །དེ་ལྟར་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་ལས་བཞི་བཤད་ནས། ཁྱད་པར་ནི་ཞི་བ་ལ་ཞེས་བྱ་བ་ལ་སོགས་པས་

གསུངས་ཏེ། སྤྱན་གྱི་ཚུལ་ཞེས་བྱ་བ་ནི་སངས་རྒྱས་སྤྱན་དང་ཡང་དག་པར་ལྡན་པའི་རྣམ་པར་སྣང་མཛད་དོ། །པདྨ་རིགས་ཀྱི་ལྷ་མོ་ཆེན་མོ་དང་ཡང་དག་པར་ལྡན་པའི་ཕྱིར་རྡོ་རྗེ་པདྨོ་ཅན་ནི་རིན་ཆེན་འབྱུང་ལྡན་ནོ། །རྣམ་པར་སྣང་མཛད་ནི་སྐུ་རྡོ་རྗེ་སྟེ་དེའི་རྗེས་ཐོགས་ལ་བཤད་པའི་སྔགས་ཀྱི་

བརྡའི་སྒོ་ནས་ཤེས་ཤིང་རྟོགས་པར་བྱ་བ་ཡིན་པས་ན་གནས་ཏེ་གསུང་རྡོ་རྗེའོ། །རྡོ་རྗེ་ཁྲོ་བོ་ནི་མི་བསྐྱོད་པ་སྟེ་དེ་ཡིས་སོ། །འདི་དེ་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །གཞན་ནི་གོ་སླའོ། །བྱ་བ་རོལ་མོ་མཚོན་པའོ། །ཞེས་བྱ་བ་ནི་སྒྱུ་མས་སྤྲུལ་པའི་རོལ་མོ་དང་མཚུངས་པའོ། །མདོར་བསྟན་

Vol. 41 · folio 227b

པའི་ཚིག་བཞི་པོ་དེ་རྣམས་ཀྱི་ནང་ནས་རྡོ་རྗེའི་རིགས་གཙོ་བོ་ཉིད་ཡིན་པའི་ཕྱིར་དང་པོ་ཁོ་ནར་མངོན་སྤྱོད། མ་དད་སྨྲ་བའི་སེམས་ཅན་དང་། །ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། མ་དད་པ་དང་ཡང་དག་པར་ལྡན་པ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་སྟོན་པར་བྱེད་པའི་ཚིག་སྨྲ་བར་བྱེད་

པས་ན་མ་དད་པར་སྨྲ་བ་རྣམས་དང་། བླ་མ་ལ་སྨོད་པ་རྣམས་དང་། གཞན་རྣམས་ཞེས་བྱ་བ་མ་གསོད་པ་ལ་སོགས་པ་སེམས་ཅན་མང་པོ་ལ་འཚེ་བར་བྱེད་པ་རྣམས་དང་དམ་ཚིག་ལ་སྡང་བ་རྣམས་ལ། རབ་ཏུ་བསྐུལ་བ་འདི་ཞེས་བྱ་བ་འཆད་པར་འགྱུར་བ་བྱའོ། །འཆད་པར་འགྱུར་བ་ཡེ་ཤེས་

ཆེན་པོའི་འཁོར་ལོ་ཡོངས་སུ་འཛིན་པའི་ཕྱིར། ཡེ་ཤེས་ཆེན་པོའི་འཁོར་ལོ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུ་རྣམ་པར་བསྒོམས་ལ། མ་དད་པར་

སྨྲ་བ་རྣམས་ཀྱིས་དགྲ་སྟ་དག་གིས་གཏུབས་ཏེ། ཐོ་བ་རྣམས་ཀྱིས་ཕྱེ་མར་བྱས་པར་བསམས་ལ། སེམས་ཅན་གདུག་པ་དེ་རྣམས་བདག་ཅག་ནི་སངས་རྒྱས་གསོད་པར་བྱེད་པའོ་སྙམ་དུ་འགྱོད་པ་ཀུན་དུ་སྐྱེས་ལ་དམྱལ་བའི་འཇིགས་པས་འཇིགས་ཤིང་སྐྱབས་མེད་པར་བལྟས་ཏེ། རྣམ་པ་ཀུན་དུ་གནོད་

པའི་ཕྱིར་སྙིང་རྗེ་ཆེན་པོའི་ཁྲོ་བ་བསྐྱེད་པར་བྱའོ། ཁ་སྦྱར་དང་ནི་ཕྲལ་བྱས་ནས། །ཞེས་བྱ་བ་ནི་བསྲུང་བའི་ཁ་སྦྱར་བསལ་ནས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། འཆད་པར་འགྱུར་བའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་ཇི་སྐད་བཤད་པའི་སེམས་ཅན་གྱི་ཡུལ་སྡིག་པ་བསགས་ཤིང་འཇིགས་པའི་

འཇིགས་པས་ཁྱབ་པ་རྣམས་ལ་བལྟས་ཏེ། དེ་རྣམས་མངོན་པར་གདོན་པའི་ཕྱིར་སྙིང་རྗེ་ཆེན་པོའི་ཁྲོ་བ་བསྐྱེད་ལ། སྔ་མ་བཞིན་དུ་རང་གི་སྙིང་ག་ནས་རྡོ་རྗེ་ལྕགས་ཀྱུ་ཕྱུང་སྟེ། དེ་རྣམས་ལ་ཧཱུཾ་དང་བཾ་ཕྱི་རོལ་གྱི་བསྲུང་བ་ཁ་སྦྱར་དང་། མགོ་ལ་གནས་པའི་དབྱངས་མཐའ་མ་ལས་བྱུང་བའི་རྡོ་རྗེ་དང་འཁོར་ལོ་དང་

རིན་པོ་ཆེ་དང་པདྨ་དང་ཡི་གེ་ཧཾ་གིས་མཚན་པའི་སྣ་ཚོགས་རྡོ་རྗེའི་ཁ་སྦྱར་རྣམས་ཀྱིས་སྲུང་བར་བྱེད་པ་རྣམས་ལ། འདི་ནི་མ་དད་པར་སྨྲ་བའམ། བླ་མ་ལ་སྨོད་པའམ། སངས་རྒྱས་རྣམས་གསོད་པར་བྱེད་པ་སྟེ། དེའི་ཕྱིར་འདི་ལ་སྲུང་བ་དང་བྱིན་གྱིས་བརླབ་པ་གཏང་དུ་གསོལ། །གལ་ཏེ་མི་

Vol. 41 · folio 228a

གཏོང་ན་ཁྱེད་རྣམས་བརྫུན་དུ་སྨྲ་བ་དང་། རང་གིས་བཤད་པའི་དམ་ཚིག་ལས་འདའ་བར་བྱེད་པ་ཡིན་ནོ་ཞེས་རྡོ་རྗེ་ལྕགས་ཀྱུ་དེ་བསྐུལ་དུ་གཞུག་གོ། །དེ་ནས་ཁོ་བོ་ཅག་གིས་འདིའི་ལུང་བཏང་གིས་ཇི་ལྟར་འདོད་པ་གྱིས་ཤིག་ཅེས་དེ་རྣམས་ཀྱིས་ཁས་བླངས་པ་བརྗོད་

པའི་རྗེས་ཐོགས་ལ། རྡོ་རྗེ་ལྕགས་ཀྱུས་བསྲུང་བ་ཁ་སྦྱར་དང་བཅས་པའི་ལྷའི་འཁོར་ལོ་བསལ་ནས། བཏང་བ་དེ་ཉིད་དུ་ཡང་དག་པར་བཞག་སྟེ། ལག་པ་གཡོན་པས་བཟུང་བའི་བདུད་རྩི་ཞེས་བྱ་བའི་ཁྲོ་བོའི་ཕུར་བུས་ལག་པ་གཡས་པ་ན་ཐོགས་པའི་རྡོ་རྗེ་ཐོ་བས་བརྡུང་ཞིང་ཕུར་བུས་གདབ་

པར་བྱའོ་ཞེས་བྱ་བ་ནི་ཁ་སྦྱར་དང་དབྲལ་བ་སྟེ། འདི་ཉིད་ལས། བསྲུང་བ་ལ་སོགས་སྔགས་རྣམས་དང་། །ལྷ་རྣམས་ཀྱང་ནི་ཕུར་བུས་གདབ། །ཅེས་གང་འཆད་པར་འགྱུར་བའོ། །དེ་ནས་མངོན་སྤྱོད་ཀྱི་ལས་བསྒྲུབ་པར་བྱའོ། །དེ་ཇི་ལྟར་བྱ་ཞེ་ན། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་ཤེས་རབ་ཀྱི་པདྨ་ལ་གནས་པའི་རང་གི་དཀྱིལ་འཁོར་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། ཞལ་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡས་

དང་གཡོན་དང་རྒྱབ་དང་རྩ་བའི་ཞལ་རྣམས་དང་སྐུ་ཐམས་ཅད་ནི་ཁྲོ་ཞིང་མདོག་སྔོ་བ་ཕྱག་དྲུག་པ་རྣམ་པའི་མཆོག་ཀུན་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡོན་བརྐྱང་བའི་ཞབས་ཀྱིས་བཞུགས་པ་སྟེ། དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་སྔོན་པོ་ཀུན་དུ་

ཁྲོ་བ་གཡོན་བརྐྱང་བ་ལ་སོགས་པའི་ཞབས་ཀྱིས་བཞུགས་པའི་ལྷའི་འཁོར་ལོ་བསྒོམ་པར་བྱའོ། །དུས་གསུམ་ཞེས་བྱ་བ་ལ་སོགས་པས་ནི་འདས་པ་ལ་སོགས་པའི་དུས་ཀྱི་རྡོ་རྗེའི་དཀྱིལ་འཁོར་རྣམས་ཀྱི་བཀོད་པ་གང་ཡིན་པའི་གཡས་པའི་རྩ་བའི་ཕྱག་ན་གནས་པའི་རྡོ་རྗེ་འབར་བ་ལ་བཅུག་

སྟེ། སྟོབས་པོ་ཆེ་དང་ལྡན་པའོ་སྙམ་དུ་རྣམ་པར་བསམས་ལ། འཁོར་ལོ་མཐུ་དང་ལྡན་པར་བསམ་པར་བྱའོ། །ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་དེ། དེའི་སྐུ་ནི་ཞི་བའི་གཟུགས་ཡིན་ཞིང་དེའི་རྣམ་པར་སེམས་ཅན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words