No title in the text — opening words: དཔལ་གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་བྲི་བའི་ཆོ་ག་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 47 · folio 90a

༄། །དཔལ་གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་བྲི་བའི་ཆོ་ག་བཞུགས།། ༄༅། །བཅོམ་ལྡན་འདས་

གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དོན་དམ་ཆོས་སྐུ་ཞི་བ་ཉིད། །གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ། །གཤིན་རྗེའི་སྒྲ་ཞེས་གྲགས་པ་ཡི། །འཁོར་ལོ་བསྐོར་བའི་ཆོ་ག་བཤད། །ཡོན་ཏན་ལྡན་པའི་སྔགས་པ་ནི། །ཆོ་ག་བཞིན་དུ་བསྙེན་པ་ཡིས། །དུར་ཁྲོད་དབེན་པ་ལ་སོགས་པར། །མཎྜལ་ཁྲུ་དོའི་

ཚད་དུ་བྱ། །དྲི་དང་བ་ཡི་རྣམ་ལྔ་དང་། །ཉི་ཟླ་སོགས་པར་བྱི་དོར་བྱ། །བ་ལང་ཤ་སོགས་དམ་རྫས་ལྔ། །གཞན་ཡང་ཚོགས་ཀྱི་འཁོར་ལོ་དང་། །ཕྱི་ནང་མཆོད་པའི་བྱེ་བྲག་གིས། །ལེགས་པར་མཆོད་པ་བྱས་ནས་ནི། །འཁོར་ལོ་བྲི་དང་བཏུ་བ་དང་། །དྲང་དང་བསྲེ་དང་སྤོ་བ་བསམ། །སྔགས་པ་རྣལ་འབྱོར་ལྡན་པ་

ཡིས། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །དམ་ཚིག་རྗེས་སུ་དྲན་པ་ཡིས། །ཨོཾ་བཛྲ་ས་མ་ཡ་སྟྭཾ། གསང་སྔགས་འདི་ནི་དྲན་བྱེད་ཅིང་། །འཁོར་ལོ་བྲི་བ་བརྩམ་པར་བྱ། །དབུས་ནས་སོར་ཚད་བཅུ་དྲུག་པར། །ཀུན་དུ་ཟླུམ་པོར་བསྐོར་བ་ནི། །འདི་ཡི་ནང་གི་འཁོར་ལོ་སྟེ། །རིམ་པ་གསུམ་དུ་བསྐོར་བ་

ལ། །སྒོ་མེད་ལྕགས་མཁར་བཅུ་དྲུག་བྱ། །འདི་ནི་གཤིན་རྗེའི་གྲོང་ཁྱེར་ཏེ། །སྲིད་པ་གསུམ་གྱི་འཇུག་ས་ཡིན། །དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ། །ཀུན་དུ་ལྕགས་རིས་བསྐོར་བ་སྟེ། །མུ་ཁྱུད་དེ་དག་རེ་རེ་ཡང་། །ཁང་པ་བཅུ་དྲུག་དག་དང་ལྡན། །འགྲོ་བའི་ཆོས་བཞིན་གཅོད་པ་ཡི། །འཁོར་ལོ་འདི་དག་

བྲིས་ནས་ནི། །ཕྱི་རོལ་མུ་ཁྱུད་ཐ་མ་ལ། །ཡི་གེ་ཀ་སོགས་ད་ཡིག་མཐའ། །ང་ཉ་བསལ་ནས་དགོད་པར་བྱ། །ཡི་གེ་དྷ་སོགས་ཀྵ་ཡིག་མཐའ། །དེ་ཡི་རྗེས་སུ་བྲི་བར་བྱ། །མུ་ཁྱུད་དབུས་མ་དེ་ལ་ནི། །དབྱངས་ཡིག་བཅུ་དྲུག་ཉིས་འགྱུར་དགོད། །བཏུ་དང་དགོད་སོགས་བརྩམ་པ་ན། །མཚན་མ་འདི་དག་

Vol. 47 · folio 90b

ཤེས་པར་བྱ། །ཟླ་བ་མིག་དང་ཡོན་ཏན་དང་། །རིག་བྱེད་མདའ་དང་དབང་པོ་དང་། །རྒྱ་མཚོ་བཀྲ་ཤིས་གཟའ་དང་ཕྱོགས། །གྲགས་པ་ཉི་མ་ཡན་ལག་ས། །ཚེས་ཞེས་བྱ་བར་རབ་ཏུ་གྲགས། །ཕྱི་རོལ་མུ་ཁྱུད་ཐ་མ་ལ། །ཤར་གྱི་ཚངས་ཐིག་ནས་བརྩམས་ཏེ། །རིམ་མིན་གཟའ་ཅན་ཁང་པ་ནས། །

ཡི་གེ་བཀྲ་ཤིས་ཅན་བླངས་ཏེ། །ནང་གི་ངོས་ཀྱི་མུ་ཁྱུད་ཀྱི། །ཚངས་པའི་ཐིག་གི་ངོས་དག་ལ། །ཕྱོགས་བཞིར་མིག་གི་ཚད་དུ་སྦྱིན། །རིམ་མིན་ཕྱོགས་ཅན་ཁང་པ་ནས། །ཡི་གེ་མིག་གི་ཚད་བླངས་ཏེ། །ཤར་དུ་དེ་ཡི་གཡས་གཡོན་གཞག །རིམ་མིན་བཀྲ་ཤིས་ཁང་པ་ནས། །དབྱངས་ཡིག་

གཉིས་པ་ཅན་བླངས་ནས། །མིག་གི་ཚད་དུ་བྱས་ནས་ནི། །དེ་ཡི་ངོས་ལ་རེ་རེ་གཞག །ཤར་གྱི་ཚངས་ཐིག་ནས་བགྲངས་པའི། །རྒྱ་མཚོ་ཅན་གྱི་ཁང་པ་ནས། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །མིག་གི་ཚད་དུ་བླངས་ནས་ནི། །ལྷོ་ཡི་ངོས་ལ་དེ་བཞིན་སྦྱིན། །ཤར་ནས་རིམ་པ་བཞིན་པ་

ཡི། །ཟླ་བ་ཅན་གྱི་ཁྱིམ་ནས་ནི། །དབྱངས་ཡིག་བཅུ་གསུམ་པ་དང་ལྡན། །ལྷོ་རུ་དེ་ཡི་རྗེས་སྦྱིན་བྱ། །དྷ་ཉིད་དབྱངས་ཡིག་གསལ་བ་ནི། །མིག་གི་ཚད་དུ་བླངས་བྱས་ལ། །སྔོན་བཞིན་ནུབ་ཀྱི་ཕྱོགས་སུ་སྦྱིན། །ཤར་ནས་བཀྲ་ཤིས་ཁང་པ་ནས། །དབྱངས་ཡིག་བཅུ་གསུམ་པ་དང་ལྡན། །

མིག་གི་ཚད་དུ་བླངས་ནས་ནི། །ནུབ་ཀྱི་ངོས་སུ་དེ་བཞིན་སྦྱིན། །ཤར་བརྩམས་ཚེས་ཅན་ཁང་པ་ནས། །དབྱངས་ཡིག་བཅུ་གཅིག་དང་ལྡན་པ། །མིག་གི་ཚད་དུ་བླངས་ནས་ནི། །བྱང་གི་ངོས་སུ་དེ་བཞིན་སྦྱིན། །རླུང་གི་ས་བོན་ཞེས་བྱ་བ། །མིག་གི་ཚད་བླངས་དེ་རྗེས་སྦྱིན། །མདའ་ཅན་ཁང་

པ་ན་གནས་པ། །འོད་ཀྱི་གོང་བུར་བྱས་པ་དང་། །དེ་ཉིད་ནས་ནི་བགྲངས་པ་ཡི། །གཟའ་ཅན་ཁང་པ་ལ་གནས་པ། །དབྱངས་ཡིག་གསུམ་པ་ལྡན་པ་དག །ཟླ་བའི་ཚད་དུ་བླངས་ནས་ནི། །བྱང་ཤར་མཚམས་སུ་རེ་རེ་སྦྱིན། །རྒྱ་མཚོའི་ཁང་པ་ན་གནས་པ། །དབྱངས་ཡིག་གཉིས་པ་དང་

ལྡན་པ། །རིམ་མིན་ཡོན་ཏན་ཁང་པ་ནས། །ཟླ་བའི་ཚད་དུ་བཟུང་ནས་ནི། །ཤར་ལྷོ་མཚམས་སུ་དེ་བཞིན་སྦྱིན། །རིམ་མིན་བཀྲ་ཤིས་ཁང་པ་ནས། །དབྱངས་ཡིག་ལྔ་པ་ལྡན་པ་དང་། །ཡན་ལག་ཅན་གྱི་ཁང་པ་ནས། །ཟླ་བའི་ཚད་དུ་བླངས་ནས་ནི། །ལྷོ་ནུབ་མཚམས་སུ་དེ་བཞིན་སྦྱིན། །

Vol. 47 · folio 91a

རིམ་མིན་ཚེས་ཅན་ཁང་པ་ནས། །དབྱངས་ཡིག་གསུམ་པ་ལྡན་པ་དང་། །རིམ་མིན་བཀྲ་ཤིས་ཁང་པ་ནས། །ཟླ་བའི་ཚད་དུ་བླངས་ནས་ནི། །ནུབ་བྱང་མཚམས་སུ་དེ་བཞིན་སྦྱིན། །དེ་ལྟར་དགོད་པ་བྱས་ནས་ནི། །དེ་ནས་དྲང་བ་བརྩམ་པར་བྱ། །དམ་ཚིག་རྗེས་སུ་དྲན་བྱེད་ཅིང་། །རྡོ་རྗེ་

ཤུགས་དང་ལྡན་པ་ཡིས། །ཤར་གྱི་ཚངས་ཐིག་ངོས་གཉིས་ནས། །ཡི་གེ་ཟུང་ལྡན་དྲངས་ནས་ནི། །དབུས་ཀྱི་ཁང་པར་གཞག་པར་བྱ། །ཕྱོགས་གཞན་ཚངས་ཐིག་ངོས་དག་ནས། །དེ་བཞིན་ཟུང་ལྡན་དྲངས་ནས་ནི། །དེ་བཞིན་དབུས་ཀྱི་ཁང་པར་གཞག །དེ་ནས་ཤར་གྱི་ཡི་གེ་ཡང་། །ཟུང་ལྡན་

གཉིས་པ་དྲངས་ནས་ནི། །རིམ་པ་གཉིས་པའི་ཁང་པར་གཞག །ཕྱོགས་གཞན་དུ་ཡང་དེ་བཞིན་ནོ། །ཤར་གྱི་ཟུང་ལྡན་གསུམ་པ་ཡང་། །རིམ་པ་གསུམ་པའི་ཁང་པར་དྲངས། །ཕྱོགས་གཞན་དུ་ཡང་དེ་བཞིན་ནོ། །མཚམས་ཀྱི་ཡི་གེ་ཡ་བྲལ་ནི། །རང་རང་ནང་ནི་མཚམས་སུ་དྲང་། །དེ་དག་

བྱུང་བ་ཁང་སྟོང་དུ། །དབྱངས་ཀྱི་ཡི་གེ་དྲང་བར་བྱ། །དབྱངས་ཀྱི་ཡི་གེའི་གཞི་ལ་ནི། །མིང་གི་ཡི་གེ་དྲང་བར་བྱ། །མིང་གི་ཡི་གེའི་གཞི་ལ་ནི། །སོ་སོའི་ལས་དང་མཐུན་པ་ཡི། །བསྐུལ་བའི་ཡི་གེ་དགོད་པར་བྱ། །བསད་དང་བསྐྲད་དང་དབྱེ་བ་ལ། །ཡི་གེ་ཕཊ་ནི་གཞག་པར་བྱ། །མནན་པ་ལ་

ནི་ཡི་གེ་ལཾ། །ཞི་བ་ལ་ནི་ཡི་གེ་ཨོཾ། །རྒྱས་པ་ལ་ནི་ཡི་གེ་སྭཱ། །དབང་ལ་ཧོཿཡིས་བརྒྱན་པ་སྟེ། །དགུག་པ་ལ་ནི་ཡི་གེ་ཛཿ། །དེ་ལ་ལས་ཀྱི་འོད་ཟེར་ནི། །ཞི་ལ་ཆུ་སྟེ་རྒྱས་ལ་ས། །དབང་གི་མེ་སྟེ་དྲག་པོའི་རླུང་། །དབྱེ་དགུག་བསྐྲད་པ་དྲག་དང་མཐུན། །མནན་པ་དག་གི་རྒྱས་པ་བཞིན། །དྲང་བའི་

སྦྱོར་བ་བྱས་ནས་ནི། །བསྲེ་བའི་སྦྱོར་བ་བརྩམ་པར་བྱ། །གཉིས་མེད་སྔགས་དང་ལྡན་པ་ཡིས། །དབུས་ཀྱི་ཡི་གེ་བཀྲ་ཤིས་ལའང་། །ཟླ་ལྟར་འོད་ཀྱི་གོང་བུར་བྱ། །འོད་ཀྱི་གོང་བུ་དེའི་ནང་དུ། །འདོད་པའི་བསྒྲུབ་བྱ་གཞག་པར་བྱ། །དེ་དཀྱིལ་རང་མིན་དང་པོར་གཞག །ཕྱོགས་ཀྱི་ཁྱིམ་ན་གནས་པ་

ཡི། །ཡི་གེ་ཟུར་མ་ཐམས་ཅད་ཀྱང་། །དེ་ཚེ་འོད་ཀྱི་གོང་བུར་བྱ། །སྔགས་ཀྱི་རྒྱལ་པོ་བཅུ་པ་ཡང་། །བཅུ་དྲུག་ཁྱིམ་དུ་སྤེལ་ཏེ་བྲི། །བྱིན་རློབ་ཧཱུཾ་ཞེས་བྱ་བ་ཡང་། །ཁང་པ་བཞི་ལ་ཟུར་རེར་མཛེས། །ཡོངས་སུ་དག་པར་བཀོད་བྱས་ཏེ། །མཆོད་དང་གཏོར་མ་བྱས་ནས་ནི། །སྤྲོ་བ་དག་ནི་བརྩམ་

Vol. 47 · folio 91b

པར་བྱ། །ལས་ཀྱི་དབྱེ་བ་ཇི་ལྟ་བར། །འཁོར་ལོའི་རས་ནི་བླང་བྱ་སྟེ། །ཞི་བ་དང་ནི་རྒྱས་པ་ལ། །ཤིན་ཏུ་དགེ་བའི་རས་ལས་བྱ། །དབང་དགུག་སྨད་འཚོང་སྨད་དཀྲིས་སོགས། །བསད་དང་དབྱེ་དང་བསྐྲད་པ་དང་། །མནན་པ་ལ་ནི་དུར་ཁྲོད་རས། །གི་ཝཾ་གུར་ཀུམ་ཞི་རྒྱས་ལ། །དབང་དང་

དགུག་ལ་ཙནྡན་དམར། །མནན་པ་ལ་ནི་ལྡོང་རོས་སོགས། །བསྐྲད་ལ་བྱ་རོག་ཁྲག་གིས་ཏེ། །དབྱེ་ལ་རྟ་དང་མ་ཧེ་སོགས། །བསད་ལ་དུག་ལ་སོགས་པ་བྲི། །དགེ་བའི་ལས་ལ་ཤིང་བཟང་པོ། །དགེ་བ་མིན་ལ་རུས་པ་དང་། །ལྕགས་ལ་སོགས་པས་བྲི་བར་བྱ། །ཞི་ལ་ཤར་བལྟ་དབང་ལ་

ནུབ། །རྒྱས་པ་བྱང་སྟེ་དྲག་པོ་ལྷོ། །གཞན་ཡང་ཅི་རིགས་པར་སྦྱར་བྱ། །ཞི་རྒྱས་དབང་དང་དགུག་པ་ལ། །ས་སྐོར་རིམ་བཞིན་བཀོད་བྱས་ཏེ། །གནམ་སྐོར་དག་ནི་རིམ་ལས་བཟློག །བསད་བསྐྲད་དབྱེ་དང་མནན་པ་ལ། །ས་སྐོར་རིམ་ལ་བཟློག་པ་སྟེ། །གནམ་སྐོར་དག་ནི་རིམ་བཞིན་

བྲི། །འདི་ལྟར་ལེགས་པར་མ་བྲིས་ན། །འཁོར་ལོ་རང་ལ་བཟློག་པར་འགྱུར། །དེ་བས་འབད་དེ་ནན་ཏན་བྱ། །རས་ཀྱི་འཁོར་ལོ་ལེགས་ཟིན་ནས། །མཎྜལ་ལ་གནས་འཁོར་ལོ་དེ། །རས་ཀྱི་འཁོར་ལོར་སྤྱན་དྲངས་ཏེ། །རྡོ་རྗེ་བསྡུ་བའི་སྦྱོར་བ་ཡིས། །མཎྜལ་འཁོར་ལོ་བསྡུ་བར་བྱ། །རས་ཀྱི་

འཁོར་ལོ་མཆོད་ནས་ནི། །བདེན་པའི་བྱིན་རླབས་དམིགས་པར་བྱ། །ཇི་ལྟར་གསུངས་པའི་ཆོ་ག་བཞིན། །འཁོར་ལོ་སྦ་བ་བྱས་ནས་ནི། །གསང་སྔགས་བཟློག་པ་བརྩམ་པར་བྱ། །ཨོཾ་བཛྲ་ས་མ་ཡ་སྟྭཾ། དམ་ཚིག་གི་སྔགས་སོ། །ཨོཾ་བཛྲ་བེ་ག་རྡོ་རྗེ་ཤུགས་ཀྱི་སྔགས་སོ། །ཨོཾ་ཨ་ས་མེ་ཏྲི་

མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཡི་གེ་བསྲེ་བའི་སྔགས་སོ། །ཨོཾ་བཛྲ་ས་མ་ན་ཛཿཛཱ། འཁོར་ལོ་སྤོ་བའི་སྔགས་སོ། །ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཕཊ་ཕཊ། འདི་ནི་རྩ་བའི་གསང་སྔགས་ཏེ། ལས་ཐམས་ཅད་པའོ། །ཨོཾ་ཧྲཱིཿཥྚྲྀཿཝི་

ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་ལས་ཀྱི་སྔགས་ཏེ་ལས་ཐམས་ཅད་པའོ། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞི་བར་བསྐུལ་བའོ། །པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱས་པར་རོ། །བ་ཤཾ་ཀུ་རུ་སྭཱ་ཧཱ། དབང་གིའོ། །མཱ་ར་ཡ་ཕཊ་གསད་པའིའོ། །བི་དྭེ་ཥ་ཡ་ཕཊ་དབྱེ་བའིའོ། །ཨུཙྪ་ཏ་ཡ་ཕཊ། བསྐྲད་པའིའོ། །སྟྭཾ་བྷ་ཡ་

Vol. 47 · folio 92a

ཧཱུཾ་ལཾ་མནན་པའིའོ། །ཨཱ་ཀཪྵ་ཡ་ཧཱུཾ་ཛཿདགུག་པའིའོ། །ཨོཾ་མུཿསླར་དགྲོལ་བའིའོ། །ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནི། །གསང་སྔགས་འབྱུང་བ་བརྩམ་པ་སྟེ། །ལས་ཀྱི་བཙོན་ར་དག་ཀྱང་ཡིན། །ཡི་གེ་བཏུ་བ་མེད་ན་ནི། །གསང་སྔགས་སྒྲ་ནི་ལོག་པར་འགྱུར། །ཡི་གེ་ཚང་བར་

མ་བཀོད་ན། །གསང་སྔགས་སྒྲ་ནི་ཉམས་པར་འགྱུར། །གསང་སྔགས་བརྡ་ཡིས་མ་བསྟན་ན། །སྔགས་པའི་དངོས་གྲུབ་མེད་པར་འགྱུར། །དྲང་བ་དག་ནི་མ་བྱས་ན། །ཤིན་ཏུ་འཁོར་བར་མི་འགྱུར་རོ། །ཡི་གེ་བསྲེ་བ་མ་བྱས་ན། །ཁང་པ་བཅུ་དྲུག་དོན་མེད་འགྱུར། །བསྐོར་ཕྱོགས་ལོག་

ན་དོན་མི་འགྲུབ། །རིག་སྔགས་ཉམས་དང་ལོག་པ་ནི། །ལྷ་མིན་གཡུལ་ལས་ཕམ་པ་དང་། །དབང་པོའི་དགྲ་བོ་བསད་པ་བཞིན། །འཁོར་ལོ་སྤོ་བ་མ་བྱས་ན། །ཆོ་ག་དག་ནི་ཉམས་པར་འགྱུར། །རྒྱུ་ཡིན་པ་དང་སྦྱོར་བ་དང་། །དད་པ་བསྟན་པས་འགྲུབ་པར་འགྱུར། །དེ་བས་ནན་ཏན་བསྐྱེད་

དེ་བྱ། །དཔལ་གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་བྲི་བའི་ཆོ་ག་རྫོགས་སོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words