གཤིན་རྗེ་དགྲ་ནག་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས

Sanskrit title (Tibetan script, as in the text) ཀྲྀཥྞ་ཡ་མཱ་རི་ནཱ་མ་སཱ་དྷ་ན

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 47 · folio 92a

༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་ནཱ་མ་སཱ་དྷ་ན། བོད་སྐད་དུ། གཤིན་རྗེ་དགྲ་ནག་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་ཞེ་སྡང་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་ཕྱག་

འཚལ་ནས། །དེ་རྗེས་གཤིན་དགྲ་ནག་རྡོར་ལ། །རང་འོད་ཡན་ལག་བཞུགས་པ་ཡི། །བདེ་བས་གང་བས་གཞན་དོན་མཛད། །རྡོ་རྗེ་རལ་གྲི་འཁོར་ལོ་དང་། །འདམ་སྐྱེས་གྲི་གུག་ཕྱག་པད་འཛིན། །ཞལ་གསུམ་འཇིགས་པ་ཡང་འཇིགས་མཛད། །དེ་ལ་ཕྱག་འཚལ་སྒྲུབ་ཐབས་བྲི། །

གཤིན་དགྲ་ནག་པོའི་སྒྲུབ་ཐབས་འདི། །དེ་ཉིད་བློ་ལྡན་འདོད་པ་ཡིས། །དབང་སོགས་ལ་ནི་ཐོབ་པ་གང་། །དེ་ཡི་འདི་ནི་བསྒོམ་རིམ་མོ། །བྱིས་པ་རྣམས་ཀྱིས་གོ་བདེ་དང་། །རང་དྲན་དོན་དུ་བྱས་པ་ཡིན། །མཆོག་རྣམས་ལ་ནི་འགྲུབ་པར་གསུངས། །རབ་དགའ་བས་ནི་བྲི་བར་བྱ། །སྦྱིན་

དང་ཚུལ་ཁྲིམས་ལ་སོགས་ལྡན། །བློ་ལེགས་འགྲོ་དོན་རོ་གཅིག་པ། །བྱམས་སོགས་ཡོན་ཏན་ཡང་དག་ལྡན། །དད་ལྡན་ཐོས་པས་བརྒྱན་པ་ཡི། །ཐོག་མར་གདོང་སོགས་དག་བྱས་ནས། །སྔ་དྲོ་གཤིན་རྗེ་བདག་ཉིད་པས། །དབེན་ཡུལ་ལ་ནི་རབ་ཏུ་བརྩམ། །དུར་ཁྲོད་ལ་སོགས་བདེ་

Vol. 47 · folio 92b

སྟན་བཞུགས། །རང་སྙིང་པདྨའི་ཟླ་བ་ལ། །ཡ་ཡིག་རྣམ་པ་འོད་ལྡན་དམིགས། །ཁ་དོག་སྔོན་པོ་འགྲོ་དོན་བྱེད། །བླ་མ་དང་ནི་རྫོགས་སངས་རྒྱས། །མ་ལུས་ནམ་མཁའི་འོད་གང་བར། །བསྒོམ་ཞིང་དེ་ནི་ལེགས་དམིགས་ཏེ། །སྐུ་ཚོགས་དེ་ལ་ཕྱག་འཚལ་ནས། །ཙཱརྩི་ལ་སོགས་

མཆོད་བྱས་ཏེ། །ལུས་ངག་ཡིད་ཀྱིས་སྡིག་བྱས་གང་། །བྱས་ཤིང་དེ་བཞིན་ཡི་རང་བ། །མགོན་ལ་ལན་གསུམ་སྨྲས་ཤིང་བཤགས། །འཕགས་པ་རྫོགས་སངས་རྒྱས་སྲས་དང་། །འདུལ་བའི་བསོད་ནམས་རྗེས་ཡི་རང་། །ཡང་དག་སངས་རྒྱས་བདག་སྐྱབས་མཆི། །དག་པའི་

ཆོས་དང་མཆོག་དགེ་འདུན། །ཁྱོད་ལ་བདག་གི་ལུས་སྦྱིན་ཏེ། །ཡོན་ཏན་རྒྱ་མཚོ་ལ་ཡང་འབུལ། །ཆོས་ནི་ཐམས་ཅད་གནས་པ་ཡིན། །ལེགས་པའི་སྒྲས་ནི་བསྟན་པའོ། །རྫོགས་པ་ཡི་ནི་སངས་རྒྱས་སྐུ། །དེ་ལམ་སྦྱིན་པ་ལ་སོགས་བཞུགས། །སྐུ་གསུམ་ཡེ་ཤེས་ཐོབ་དོན་དུ། །

གནང་བས་བདག་གིས་གནས་པ་སྟེ། །སེམས་ཅན་དོན་ནི་བྱེད་པའི་ཕྱིར། །ཡང་དག་བྱང་ཆུབ་སེམས་བསྐྱེད་བྱའོ། །བདག་གིས་བསོད་ནམས་བྱས་པ་གང་། །ཡང་དག་སངས་རྒྱས་ལ་བསྔོས་ཏེ། །དཔལ་ལྡན་གཤིན་རྗེ་དགྲར་གྱུར་ནས། །བདག་གིས་འགྲོ་བའི་དོན་བྱེད་ཤོག །སྨོན་ལམ་

མཆོག་འདི་བྱས་ནས་ནི། །བློ་ལྡན་དེ་རྣམས་གཤེགས་སུ་གསོལ། །སྙིང་རྗེའི་རིམ་པ་མཐོང་ནས་ནི། །སྣ་ཚོགས་སྟོང་པར་རྣམ་དམིགས་ན། །རྒྱུ་ནི་མི་རྟོག་པ་ཡིན་ཏེ། །རང་བཞིན་རྣམ་པར་བྲལ་བའོ། །རྣམ་པར་རྟོག་པ་མེད་པའི་ཕྱིར། །སྨོན་ལམ་དེ་ནི་རྣམ་གཤེགས་བྱའོ། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་

བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སེམས་དེ་ཉིད་ནི་དག་བྱས་ནས། །ཨ་ལས་བྱུང་བའི་ཉི་དཀྱིལ་ཏེ། །དེ་ལ་ཧཱུཾ་སྐྱེས་ཁ་དོག་སྔོ། །འོད་ཟེར་འཕྲོས་པས་ཀུན་དུ་ཁྱབ། །བསྲུང་བའི་དོན་དུ་རྡོ་རྗེ་བསྒོམ། །ཀུན་དུ་རྩེ་ནི་ལྔ་ཡིན་ཏེ། །རྡོ་རྗེ་ས་གཞི་དེ་ལས་བྱུང་། །དེ་བཞིན་གུར་དང་ར་བའོ། །སངས་རྒྱས་

ཞིང་དག་དོན་དུ་ནི། །ཡང་དག་བསམ་གཏན་ཀུན་བརྩམས་ཏེ། །དེ་ལ་སྣ་ཚོགས་པད་ཟླ་ལ། །རྟག་རྡོར་ཡན་ལག་ལས་བྱུང་ངོ་། །དཀར་པོ་གྲུ་གསུམ་ཆོས་དབྱིངས་ཏེ། །དབུས་སུ་སྣ་པད་རྡོ་རྗེའི་གདན། །ནམ་མཁའ་དང་མཉམ་འགྲེང་བ་བསམ། །དཀྱིལ་འཁོར་དབུས་སུ་གནས་པའོ། །བྷྲུཾ་

Vol. 47 · folio 93a

རྣམས་འཁོར་ལོ་སྟེ་དབུས་སྐྱེས། །དག་པའི་ཡན་ལག་ལས་བྱུང་སྟེ། །ཟུར་བཞི་དང་ནི་སྒོ་བཞི་པ། །རྟ་བབས་བཞིས་ནི་བརྒྱན་པའོ། །དྲ་བ་དྲ་ཕྱེད་ཀྱིས་ནི་སྤྲས། །མཆོད་རྣམས་ལྷ་མོ་ཡང་དག་བརྒྱན། །སྣ་ཚོགས་རྩེ་མོ་རླུང་གིས་འཕྱར། །བ་དན་དང་ནི་དྲིལ་བུ་ལྡན། །སྣ་

ཚོགས་རྡོ་རྗེ་ཀུན་དུ་མནན། །ཟླ་བ་ཉི་མ་རྒྱལ་བའི་སྟན། །ཤར་དུ་དཀར་པོ་ཆེན་པོ་སྟེ། །ལྷོ་རུ་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་ཡིན། །བྱང་དུ་ལྗང་གུའི་ཁ་དོག་གོ། །ཨིནྡྲ་ནཱི་ལའི་འོད་དང་ལྡན། །དབུས་ཀྱི་ས་ནི་རྣམ་བསྒོམས་ཏེ། །འདི་ལྟར་ཕྱོགས་ཀྱི་དབྱེ་བ་ཡིས། །སྣ་ཚོགས་

རྡོ་རྗེ་བསྒོམ་བྱའོ། །བྲིས་སྐུ་ལ་ཡང་དེ་བཞིན་བསྒོམ། །རབ་ཏུ་གཟུགས་ཀྱི་རིམ་ཇི་བཞིན། །རྣམ་ལྔ་བསམ་པར་བྱས་ནས་ནི། །སངས་རྒྱས་གཟུགས་བརྙན་རྣམ་བསྒོམ་མོ། །རྣམ་ལྔ་དེ་ནི་དཔལ་དང་ལྡན། །དེ་རྗེས་གང་བར་བདུད་སེལ་བྱེད། །དེ་ནི་སངས་རྒྱས་གཟུགས་བརྙན་གྲགས། །དེ་

ཕྱིར་དེ་ལ་དེ་གསུངས་སོ། །ལྟེ་བར་སྣ་ཚོགས་པད་ཟླ་ལ། །དབྱངས་ཡིག་ཉིས་སྐོར་དགོད་པར་བྱ། །དེ་ཡིས་ཟླ་བ་རྫོགས་པ་སྟེ། །ཀ་ཡི་ཐོག་མར་ཉིས་སྐོར་བྱ། །ཌ་ཌྷ་ད་དྷ་ཡ་ལ་དྲུག །བསྣན་པས་དེ་རྣམས་རྫོགས་པ་ཡིས། །ཟླ་བ་དམར་པོ་རྣམ་བསྒོམ་བྱ། །དེ་གཉིས་རྫོགས་ལ་ཇི་སྐད་

གསུངས། །མེ་ལོང་མཉམ་པ་ཉིད་དུ་བརྗོད། །དེ་དབུས་ཧཱུཾ་སྐྱེས་སོ་སོར་རྟོག །དེ་ལས་གྱུར་པ་རྡོ་རྗེ་སྟེ། །དེ་ནི་བྱ་བ་ནན་ཏན་བརྗོད། །ཉི་མའི་ནོར་བུ་འོད་ཟེར་མཚུངས། །འོད་དང་ས་བོན་ལན་རྡོ་རྗེ། །ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ང་རྒྱལ་བྱའོ། །དེ་ལ་སྐྱེས་པ་ཁ་དོག་དཀར། །

ཐུབ་པའི་མཆོག་གིས་རབ་བརྒྱན་པ། །རང་འོད་ཀྱིས་ལུས་འཁྱུད་པ་སྟེ། །སྒེག་པ་ཁྲོ་བོའི་གཟུགས་ཅན་ནོ། །མཆོག་གི་བདེ་བ་དང་ལྡན་པ། །དཀར་པོ་སྔོན་པོ་དམར་པོའི་ཞལ། །གཡས་བསྐུམ་གཡོན་བརྐྱང་བར་གནས་པ། །འབར་བ་དང་ལྡན་རལ་གྲི་དང་། །རྡོ་རྗེ་གྲི་གུག་གསོར་

བར་བྱེད། །འཁོར་ལོའི་པདྨ་སྐལ་ལྡན་པ། །གཡས་པའི་གཡོན་དུ་ཤིན་ཏུ་ཡང་། །འོད་ཟེར་འཕྲོ་ཞིང་ཕྱག་གིས་འཛིན། །ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་རྣམ་པ་ལྔའི་རང་བཞིན་ལས། རྣལ་འབྱོར་འདི་ནི་ཡོད་པ་སྟེ། །འདི་རྣལ་འབྱོར་རོ། །ཆགས་པ་ཆེ་

Vol. 47 · folio 93b

བས་འདུལ་བ་ཡིས། །འགྲོ་བ་གསུམ་ནི་ཀུན་དུ་དམིགས། །རང་གི་རྣམ་ཤེས་འོད་ཟེར་གྱིས། །སྣ་ཚོགས་སྤྲོས་པ་རྫོགས་སངས་རྒྱས། །རྟག་བདེ་དགའ་བའི་རང་བཞིན་ཅན། །དེ་རྣམས་རང་གི་ལུས་ལ་ཞུགས། །རྟོག་པ་ཐམས་ཅད་རྣམ་སྤངས་བྱ། །བདག་ཉིད་ལོངས་སྤྱོད་རྫོགས་པར་

བསྒོམ། །འདི་ནི་དེ་ཉིད་སྔགས་རྩེ་དམར། །ཧོཿགཉིས་ཀྱིས་ནི་སྤེལ་བ་སྟེ། །ཇི་ལྟར་སྐར་མ་འཕོ་བ་བཞིན། །བྱང་ཆུབ་སེམས་ནི་དེ་བཞིན་གཞུག །སྙིང་རྗེ་ཆགས་པའི་སེམས་ཀྱིས་ནི། །རྡོར་འཛིན་ཉིད་དུ་འོད་དུ་ཞུ། །བྱམས་པ་ལ་སོགས་ཙརྩི་ཀཱས། །འཁོར་ལོའི་བདག་པོ་སྐུལ་བྱེད་དོ། །

སྙིང་རྗེའི་ཁྲོ་བོ་རྗེ་བཙུན་བཞེངས། །གནས་གསུམ་ཀུན་གྱི་གཏི་མུག་སྤོངས། །བདུད་རྣམས་བཞི་ལས་གཙོ་བོ་རྒྱལ། །ཀྱེ་འཁྲུགས་པའི་སེམས་ཀྱིས་རྗེ་བཙུན་བཞེངས། །འཇིག་རྟེན་མགྲོན་གཉེར་སྟོང་པར་བཞུགས། །འཇིག་རྟེན་བསོད་ནམས་རྗེ་བཙུན་བཞེངས། །ཀྱེ་སྟོང་པར་བསམས་

ནས་ཅི་སྟེ་བཞུགས། །བྱང་ཆུབ་རང་བཞིན་འཇིག་རྟེན་མགྲོན། །འདིས་ནི་ཞུ་བ་བསྐུལ་བ་སྟེ། །ཆགས་པའི་རྗེས་ཆགས་ཐིམ་པའོ། །འདི་ཡི་གླུ་ཡི་མངོན་པ་ཡིས། །འོད་དུ་ཞུ་བའི་བདེ་སེམས་ནི། །རབ་ཏུ་ཞུ་ཞིང་ཞུ་ལ་སྐྱེས། །ཉི་དཀྱིལ་ལ་ནི་ཡ་སྔོན་ཏེ། །ཁྲོ་བོ་དང་ནི་ཁྲོས་པ་ཅན། །རུས་

པའི་རྒྱན་གྱིས་ཡང་དག་བརྒྱན། །སྨིན་མ་རྣོན་པོ་འབར་བ་ཅན། །ཡན་ལག་སྤུ་གྲི་བཞིན་འཇིགས་སྦྱིན། །རྡོ་རྗེ་སྔོན་པོ་འོད་དང་ལྡན། །མ་ཧེའི་རྒྱབ་ཏུ་གནས་པའོ། །དེ་ཡི་ས་བོན་འོད་ཟེར་གྱིས། །ནག་པོ་དགྲ་ཡི་གཟུགས་བྱས་ནས། །སྟོབས་ཆེན་འཇིགས་པའང་འཇིགས་པར་བྱེད། །སྣ་

ཚོགས་བདག་ཉིད་མཉམ་པར་བཞུགས། །མ་ཧེའི་རྡོ་རྗེ་བསམས་ནས་ནི། །དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམས། །དུག་བཞིན་ཚ་བ་འཕྲོས་པ་ནི། །འཇིག་རྟེན་གསུམ་ཟད་དཀྱིལ་འཁོར་ནི། །མུན་ནག་ལུས་ནི་དྲག་ཤུལ་ཅན། །ལྗགས་འདྲིལ་རབ་ཏུ་འོད་ཟེར་འཕྲོ། །མཆེ་བ་འོད་

ཟེར་འཕྲོ་ཞིང་ཞལ། །སྨིན་མ་སྨ་ར་སྐྲ་གྱེན་ཏེ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་གནས། །དུས་ནི་མི་དྲན་བྱེད་པའོ། །རྩ་བའི་ཞལ་ནི་བུང་བ་ཆེ། །གཡས་པ་ཤིན་ཏུ་ཟླ་བ་འོད། །གཡོན་པ་དམར་པོ་རབ་ཏུ་གསུངས། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །མི་ཐུང་གསུས་ཆེན་ནག་པོ་

Vol. 47 · folio 94a

ཡིན། །མགོ་བོའི་ཕྲེང་བས་དོ་ཤལ་བྱེད། །གཡས་གཡོན་དང་པོའི་ཕྱག་གཉིས་ཀྱིས། །བྷནྡྷ་དང་ནི་གྲི་གུག་འཛིན། །རང་འོད་ཤེས་རབ་ཡང་དག་སྦྱོར། །བདེ་བ་འབབ་ཅིང་གཞན་དོན་བྱེད། །ལྷག་མ་གཡས་པའི་ཕྱག་གཉིས་ཀྱིས། །འབར་བཞིན་རྡོ་རྗེ་རལ་གྲི་འཛིན། །

གཡོན་པ་གཉིས་ཀྱི་ཕྱག་གིས་ནི། །པདྨ་དང་ནི་འཁོར་ལོ་འཛིན། །སྦྲུལ་གྱི་རྒྱལ་པོས་རྒྱན་བྱེད་པ། །སྔོན་པོ་གྲངས་མེད་སྦྲུལ་རྒྱན་གྱིས། །ཤིན་ཏུ་འཇིགས་བྱེད་དབུ་སྐྲ་བཅིངས། །དམར་པོ་འཇོག་པོ་གླུ་ཡིས་ནི། །སྟོབས་ཆེན་རྣ་ཆའི་རྣ་རྒྱན་བྱེད། །རིགས་ལྡན་སེར་པོས་དཔུང་རྒྱན་ཏེ། །

སེར་པོ་ཡང་ནི་ཕྱག་གདུབ་འཛིན། །ཀླུ་རྒྱལ་དུང་སྐྱོང་ཀླུ་ཡིས་ནི། །ཤིན་ཏུ་དཀར་པོའི་པདྨ་འཛིན། །འཇོག་པོ་ལྗང་གུ་ཀླུ་རྒྱལ་གྱིས། །ལེགས་པར་ཚངས་སྐུད་བྱེད་པ་སྟེ། །ནོར་རྒྱས་ཀླུ་ཡི་རྒྱལ་པོས་ནི། །དེ་ཡི་སྐ་རགས་བྱས་པ་སྟེ། །པདྨ་ཆེན་པོ་ཀླུ་རྒྱལ་གྱིས། །པད་སྐུད་ཁ་དོག་

དཀར་པོ་བཞིན། །དེས་ནི་ཞབས་གདུབ་བྱས་པ་སྟེ། །ཐམས་ཅད་ཕུཊ་སྒྲ་དྲག་ཤུལ་ཅན། །མཆེ་གཉིས་སོ་ཕྲེང་ལྕེ་གཉིས་པའོ། །འདི་ནི་འཁོར་བྱང་རང་བཞིན་ཅན། །འདི་ལེགས་གཤིན་རྗེ་གཤེད་པོ་ཡིན། །ཤེས་ནས་རྣམ་རྟོག་མེད་པར་བྱ། །བརླབས་ཤིང་སྔགས་ཀྱིས་མཉམ་

བྱའོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་ནི་རྗེས་སུ་རྣལ་འབྱོར་རོ། །རང་སྙིང་འོད་ཟེར་ལྕགས་ཀྱུས་དགུག །མཁའ་ཁྱབ་རྫོགས་པའི་སངས་རྒྱས་ཀུན། །ཐམས་ཅད་དེ་ནི་ཞལ་དུ་གཞུག །བདེ་ཞུགས་འབབ་ཅིང་སྙིང་གར་ཞུ། །བྱས་པས་བློ་ལྡན་རྣལ་འབྱོར་གྱིས། །

རྡོར་ལམ་ཁུ་བ་དེ་ཉིད་འཕྲོ། །རང་འོད་པདྨའི་ནང་གནས་པ། །ས་བོན་གཟུགས་ཀྱིས་དམིགས་པར་བྱ། །ས་བོན་འཁོར་ལོ་ཡང་དག་འབྱུང་། །ས་བོན་རྣམས་ཀྱི་བྱིན་རླབས་ཏེ། །ཚ་ཚ་འཕྲོ་ཞིང་འབར་བ་ཅན། །མཁས་པས་རིམ་པར་བསྒོམ་པ་སྟེ། །གསུངས་པའི་མཚན་ཉིད་ཇི་བཞིན་

པ། །ཡ་རྣམས་དབུས་སུ་སྔོན་པོ་བྱུང་། །དཀྱིལ་འཁོར་བདག་པོ་བཞེངས་པའོ། །ཤར་དུ་ཀྵེ་ཡིས་འཁོར་ལོ་རྫོགས། །རྟག་པ་ཕྱག་དྲུག་དཀར་པོ་སྟེ། །གཡས་པར་འཁོར་ལོ་རལ་གྲི་གནས། །གཡོན་པར་རིན་ཆེན་མཚོ་སྐྱེས་འཛིན། །མ་ཡིས་རྣམ་པས་ལྷོ་ཕྱོགས་སུ། །

Vol. 47 · folio 94b

རིན་ཆེན་འབྱུང་གནས་རིན་ཆེན་རྒྱལ། །གསེར་བསྲེགས་དང་ནི་མཚུངས་པའི་མདོག །གཡས་པས་རིན་ཆེན་རལ་གྲི་འཛིན། །གཡོན་པས་འཁོར་ལོ་པདྨ་གནས། །ནུབ་ཏུ་འདོད་ཆགས་རྡོ་རྗེ་སྟེ། །མི་ཡི་ས་བོན་པདྨ་རྫོགས། །པདྨ་རཱ་ག་མཉམ་མཚུངས་པ། །པདྨ་རལ་གྲི་གཡས་པར་

གནས། །ནོར་བུ་འཁོར་ལོ་གཡོན་པར་བཀོད། །ས་བོན་དེ་ལས་རལ་གྲི་སྐྱེས། །ལྗང་གུ་ཕྲག་དོག་གཤིན་དགྲ་སྟེ། །རལ་གྲི་འཁོར་ལོ་གཡས་པས་འཛིན། །པདྨ་ནོར་བུ་གཡོན་པར་བསྣམས། །ཐམས་ཅད་ཞེ་སྡང་གཤིན་དགྲ་ཡི། །མཚན་ཉིད་ཀྱིས་ནི་ཁྲོ་བོའི་གཟུགས། །རྩ་

བའི་ཕྱག་ནི་གཉིས་གཉིས་ཀུན། །གྲི་གུག་བྷནྡྷ་བསྒོམ་བྱ་སྟེ། །རང་གི་ཤེས་རབ་གཉིས་མེད་ལུས། །བདེ་བའི་གཟུགས་ཀྱིས་རང་བཞིན་ཅན། །ཉི་མའི་དཀྱིལ་འཁོར་ཀུན་གནས་པ། །དགེ་བ་ཟླ་བའི་དཀྱིལ་འཁོར་གནས། །སྣ་ཚོགས་རྡོ་རྗེ་རྩིབས་རྩེ་ལ། །སེམས་ཅན་དོན་

མཛད་བསྒོམ་པར་བྱ། །ཡ་རྣམས་ཤར་ཕྱོགས་སྒོ་རུ་བྱུང་། །ཐོ་བ་སྔོན་པོ་རང་བཞིན་ཏེ། །གཡས་པར་རལ་གྲི་ཐོ་བ་འཛིན། །གཡོན་ན་ནོར་བུ་པད་དཀར་གནས། །དེ་ཐོ་ཞེས་ནི་གཤིན་རྗེ་གཤེད། །ཙ་ལས་བྱུང་བ་བེ་ཅོན་ལྷོ་སྒོར་གནས། །བེ་ཅོན་གཤིན་དགྲ་ཁ་དོག་དཀར། །གཡས་

པས་བེ་ཅོན་རལ་གྲི་འཛིན། །གཡོན་པས་འདམ་སྐྱེས་འཁོར་ལོ་བསྣམས། །ནུབ་ཏུ་པདྨ་གཤིན་དགྲ་ནི། །དམར་པོ་ཞལ་གསུམ་ཕྱག་དྲུག་སྟེ། །ནི་ལས་སྐྱེས་པ་འདོད་ཆགས་རྒྱལ། །བྱང་དུ་རལ་གྲི་གཤིན་དགྲ་ནི། །ར་ལས་སྐྱེས་པའི་ཆ་བྱད་ནི། །རྒྱལ་པོ་ཕྲག་དོག་དབྱིབས་ཀྱིས་

གནས། །ཅུང་ཞིག་སྔོན་པོའི་དབྱེ་བ་ཡིས། །རབ་ཏུ་འཇིགས་བཞིན་བྱས་པ་སྟེ། །ཐམས་ཅད་ཁྲོས་པ་དང་ལྡན་པ། །ཡན་ལག་ལ་འགྲོགས་པ་ཡིས་བརྒྱན། །གཙིགས་པའི་ཞལ་གྱིས་བཞད་པ་སྟེ། །སྐྲ་ནི་སེར་སྐྱ་འབར་ཞིང་འགྲེང་། །ཉི་དཀྱིལ་ལ་ནི་ཡང་དག་གནས། །མཆེ་

བ་གཙིགས་ཤིང་སྟོབས་ཀྱི་ཞལ། །གྲི་གུག་བྷནྡྷ་འཛིན་པའོ། །སྣ་ཚོགས་རྡོ་རྗེ་གྲྭ་བཞི་རུ། །དེ་བཞིན་ལྷ་མོ་ཟླ་དཀྱིལ་གནས། །ཛ་འཁོར་རྡོ་རྗེ་ཙཱརྩི་ཀཱ། །ལྷ་མོ་དེ་ནི་ཤར་ལྷོར་གནས། །སྐེམས་མ་དཀར་མོ་ཁྲོ་ཆེན་མ། །གཏི་མུག་གཤིན་དགྲ་རང་བཞིན་བཞུགས། །དེ་ནས་ལྷོ་

Vol. 47 · folio 95a

ནུབ་ཕག་མོ་སྟེ། །ས་ལས་རྡོ་རྗེ་སྐྱེས་མ་ཡིན། །ཕག་པའི་གདོང་ཅན་ཁྲོ་ཆེན་མ། །ཞེ་སྡང་གཤིན་དགྲ་འདྲ་བའི་འོད། །རབ་ཏུ་ཞི་བའི་དབྱངས་ཅན་མ། །ནུབ་བྱང་གི་ནི་གྲྭ་རུ་གནས། །དོ་ལས་སྐྱེས་མ་མཆོག་དམར་མདོག །འདོད་ཆགས་གཤིན་དགྲའི་དབྱིབས་ཅན་

མ། །བྱང་ཤར་གྲྭ་རུ་ཡང་དག་གནས། །དཀར་མོ་ལྗང་གུ་འཇིགས་བྱེད་མ། །ཕྲག་དོག་གཤིན་དགྲའི་ཕྱག་མཚན་འཛིན། །རུ་ལས་སྐྱེས་པའི་ཕྲག་དོག་དབྱིབས། །སྔོན་པོའི་གཡས་པ་དཀར་པོ་སྟེ། །དཀར་པོའི་གཡས་པ་སྔོན་པོ་ཡིན། །དེ་གཉིས་གཡོན་ཞལ་དམར་པོ་སྟེ། །གཞན་

མའི་ཞལ་ནི་དཀར་པོའོ། །ཎ་ཡོ་ནི་ར་གྲྭ་བཞི་རུ། །དཀྱིལ་འཁོར་གྱི་ནི་བྷནྡྷ་སྟེ། །རང་སྔགས་རིག་པ་ཇི་བཞིན་གྱིས། །བློ་ལྡན་རྫོགས་ཤིང་འཕྲོ་བར་བྱ། །ཧཱུཾ་ཧྲཱིཿཥྚྲྀཿལ་སོགས་སྔགས་སྒྲ་ཡིས། །དཀྱིལ་འཁོར་མངའ་བདག་ཡང་དག་བསྐུལ། །གྲངས་མེད་སྤྲུལ་པ་རྣམ་འཕྲོས་ཏེ། །

བརྩོན་འགྲུས་སེམས་ཅན་དོན་མཛད་པ། །དངོས་པོ་ཐམས་ཅད་རང་ལུས་ལ། །ཁྲོ་བོའི་དཔའ་བོས་གཞུག་བྱའོ། །ཛི་ན་ཛིཀ་ཅེས་བྱ་བས་ནི། །ཤར་དུ་གཏི་མུག་གཤིན་དགྲ་སྟེ། །སྣ་ཚོགས་པད་ཟླ་དབྱིབས་རྩེ་རུ། །དེ་ལ་དེ་ནི་གནས་པར་བྱ། །རཏྣ་དྷྲྀཀ་ཅེས་བྱ་བས་ནི། །ལྷོ་ཡི་

པདྨའི་ཉི་དཀྱིལ་ལ། །བགེགས་མེད་དོན་དུ་དགུག་པ་སྟེ། །རིམ་པས་དེ་ལ་གཞུག་པར་བྱ། །ཨཱ་རོ་ལྀཀ་ཅེས་བྱ་སྔགས་ཀྱིས། །འདོད་ཆགས་གཤིན་དགྲ་སྐྱོན་མེད་པ། །ནུབ་ཀྱི་སྣ་ཚོགས་པད་ཉི་ལ། །རིམ་པས་དེ་ནི་རྣམ་བསྒོམ་བྱ། །པྲཛྙཱ་དྷྲྀཀ་ནི་དེ་ཉིད་ཀྱིས། །ཕྲག་དོག་དགྲ་ནི་

རྣམ་ཟིལ་བྱེད། །བྱང་གི་པདྨོ་རྣོན་པོ་ལ། །དེ་ནི་རིམ་པས་གནས་པར་བསམ། །མུངྒར་དྷྲྀཀ་ནི་དེ་ཉིད་ཀྱིས། །ཤར་ཕྱོགས་སྒོ་རུ་པདྨ་ལ། །ཉི་དཀྱིལ་ལ་ནི་འབར་ཞིང་གནས། །ཐོ་བ་མཐར་བྱེད་མིན་ཞེས་བྱ། །རིམ་པས་མཁས་པས་ཡང་དག་བསམ། །དཎྜ་དྷྲྀཀ་ཅེས་བྱ་སྔགས་

ཀྱིས། །ལྷོ་ཡི་སྒོ་རུ་ཡང་དག་གནས། །བེ་ཅོན་གཤིན་དགྲ་མི་བགྲུངས་པ། །སྣ་ཚོགས་པད་ཉི་ཟླ་འོད་བསམ། །པདྨ་དྷྲྀཀ་ཅེས་བྱ་བས་ནི། །པདྨ་དུས་མེད་གཤིན་དགྲ་སྟེ། །ནུབ་སྒོར་འདམ་སྐྱེས་ཉི་དཀྱིལ་ལ། །འཁྲུགས་པ་སྟོབས་ཆེན་བསམ་པར་བྱ། །ཁངྒ་དྷྲྀཀ་ནི་དེ་ཉིད་

Vol. 47 · folio 95b

ཀྱིས། །རལ་གྲི་དེ་ནི་དུས་མེད་པ། །སྣ་ཚོགས་པད་དང་ཉི་དཀྱིལ་ལ། །བདུད་མེད་བྱེད་པ་བྱང་སྒོར་སྒོམ། །སྣ་ཚོགས་རྡོ་རྗེ་གྲྭ་བཞི་རུ། །གཞན་ཡང་དེ་བཞིན་ལྷ་མོ་བསམ། །དྭེ་ཥ་ར་ཏི་ཞེས་སྔགས་ཀྱིས། །ཤར་ལྷོ་མཚམས་ཀྱི་ལྷ་མོ་སྟེ། །ཟླ་བ་དང་ནི་སྣ་ཚོགས་པད། །ཁྲོས་མ་ཙཱརྩི་

ཡང་དག་གནས། །དེ་ནས་ལྷོ་ནུབ་རྡོ་རྗེ་ཕག །རིགས་ཀྱི་བདག་མོ་ཕག་མོ་སྟེ། །མོ་ཧ་ར་ཏི་དེ་ཉིད་ཀྱིས། །པདྨ་ཟླ་བར་མཁས་པས་བསྒོམ། །དེ་ནས་ནུབ་བྱང་གྲྭ་ཉིད་ལ། །རཱ་ག་ར་ཏི་ཞེས་སྔགས་ཀྱིས། །པད་ཟླ་ལ་ནི་དབྱངས་ཅན་དགོད། །དེ་ནས་བྱང་ཤར་དཀར་མོ་སྟེ། །བཛྲ་ར་ཏི་ཞེས་

སྔགས་ཀྱིས། །ཟླ་པད་ལ་ནི་ལྷ་མོ་བསྒོམ། །དཀྱིལ་འཁོར་གྱི་ནི་གྲྭ་བཞི་རུ། །དེ་ཉིད་གསུམ་གྱི་བྷནྡྷ་རྣམས། །འདི་ནི་རྣམ་འཕྲོས་དག་པའི་འཁོར། །དམ་པར་བྱས་ན་བདེ་དང་ལྡན། །གོང་མའི་འཁོར་ལོ་དེ་ཐིམ་སྟེ། །མཉམ་ཉིད་པས་ནི་དམིགས་པ་སྟེ། །འདི་ནི་སྦྱོར་བ་དང་པོའོ། །

གཤིན་དགྲ་ནག་པོ་དུས་འཇིགས་པས། །དེ་ཡི་རང་བཞིན་དཀྱིལ་ལྷ་རྣམས། །མིག་དང་ལུས་སོགས་རང་བཞིན་ཏེ། །ལྷ་རྣམས་ཀྱིས་ནི་བྱིན་རླབས་བྱ། །གཏི་མུག་ཀྵིཾ་ལ་འཁོར་ལོ་སྐྱེས། །ཅུང་ཞིག་ཁྲོས་པ་མིག་ལ་གནས། །རྡོ་རྗེ་མིག་ཡིན་བློ་ལྡན་དམིགས། །རྣ་གཉིས་ཛྲྀ་ལས་རྡོ་རྗེ་བྱུང་། །

རྡོ་རྗེ་རྣ་བ་ཁ་དོག་གནག །དྲི་ལས་ཁཾ་སྐྱེས་རིན་ཆེན་འབྱུང་། །སེར་སྣ་དེ་ནི་ཟླ་བ་ལ། །རྡོ་རྗེ་དྲི་ནི་དེ་བཞིན་མཆོག །ལྗགས་ལ་གཾ་ལས་པདྨ་བྱུང་། །འདོད་ཆགས་དྲ་བ་རྡོར་ལྗགས་ཡིན། །ཀཾ་ལས་སྐྱེས་པ་རལ་གྲི་སྟེ། །རི་དགས་མཚན་པའི་རྡོར་ལུས་ཡིན། །ཕྲག་དོག་གཤིན་དགྲ་རང་

བཞིན་གཟུགས། །དཔྲལ་བར་ལུས་ཡིན་ཞེས་བྱ་སྟེ། །ལྟེ་སྟེངས་སཾ་ལས་རྡོ་རྗེ་ཡིན། །རྡོ་རྗེ་སེམས་ནི་དེ་བཞིན་མཆོག །སྒེག་པོ་ཁྲོ་བོ་རང་བཞིན་གཟུགས། །རྡོ་རྗེ་འཛིན་པ་དགོད་བྱ་སྟེ། །འདི་ནི་ཡན་ལག་དྲུག་དགོད་པའོ། །མངོན་སུམ་དོན་གྲུབ་ལས་སུ་གསུངས། །སྙིང་གར་ཧཱུཾ་རྡོར་

དབུས་སུ་གནས། །ཧཱུཾ་རྡོར་སྔོན་པོ་ལེགས་འོད་ཅན། །གཤིན་དགྲ་དང་འདྲ་ཕྱག་མཚན་མཚུངས། །སེམས་ལ་གནས་པའི་ཐུགས་རྡོར་བསྒོམ། །ཨོལ་གོང་ཨ་ལས་པདྨ་སྐྱེས། །དེ་དབུས་པུཾ་ལས་ཆགས་པ་བྱུང་། །འདོད་ཆགས་གཤིན་དགྲ་ལྟ་བུའི་ལུས། །དཔལ་ལྡན་

Vol. 47 · folio 96a

གསུང་རྡོར་རྣམ་བསྒོམ་བྱ། །སྤྱི་བོར་ཨོཾ་རྣམས་འཁོར་ལོ་དབུས། །དཀར་པོ་གཤིན་འབར་དེ་དབུར་འཁོར། །སྐུ་ཡི་རྡོ་རྗེ་སྐུ་དང་འདྲ། །ཕྱག་དང་ཕྱག་མཚན་ཁ་དོག་མཚུངས། །དེ་ནི་དེ་ཉིད་རྡོར་མཆོག་སྟེ། །རྫོགས་པས་མཁའ་གནས་སངས་རྒྱས་མཆོད། །སྔགས་

ཀྱིས་དེ་རྣམས་བྱིན་རླབས་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་སྙིང་ས་བོན་འོད་ཟེར་གྱིས། །སྲས་དང་བཅས་པའི་སངས་རྒྱས་ཀུན། །སྣ་ཚོགས་ལ་གནས་དགུག་

བྱས་པས། །མདུན་དུ་དེ་ནི་བཞུགས་དམིགས་ཏེ། །དེས་ནི་ཡང་དག་སྤྲོས་པ་ཡི། །ཇི་སྲིད་ཙཱརྩི་ལ་སོགས་པ། །ཟླ་འོད་མཚུངས་པའི་བུམ་པ་ཡིས། །བཀྲ་ཤིས་ལ་སོགས་གླུ་རྣམས་ཀྱིས། །ཡང་ནི་དབང་བསྐུར་དམིགས་པར་བྱ། །བདག་ཉིད་དང་ནི་ཐམས་ཅད་ལ། །དབང་བསྐུར་བས་

ནི་ཅི་བྱུང་སྟེ། །སྤྱི་བོར་གཤིན་དགྲ་ནག་པོ་ཡི། །རྡོར་འཛིན་བདག་ཉིད་དེ་བཞིན་ནོ། །རང་སྙིང་ས་བོན་འོད་ཟེར་གྱིས། །བདག་མདུན་ཡེ་ཤེས་འཁོར་ལོ་དགུག །འཁོར་ལོ་དེ་ནི་དམིགས་ནས་ནི། །ཁྲོ་རྣམས་བགེགས་བསྐྲད་སྲུང་བར་བྱེད། །ཨརྒྷ་བསིལ་ཡབ་ཕུལ་བྱས་ནས། །ཨོཾ་

མུངྒ་ར་ཛཿ། འདི་སྔགས་ཀྱིས་ནི་དགུག་པ་སྟེ། །ཨོཾ་དཎྜ་ཧཱུཾ། འདི་སྔགས་ཀྱིས་ནི་རབ་ཏུ་གཞུག །ཨོཾ་པདྨ་བཾ། སྔགས་འདི་ཡིས་ནི་འཆིང་བ་སྟེ། །ཨོཾ་ཁཌྒ་ཧོཿསྔགས་འདི་ཡིས་ནི་དབང་བྱེད་དོ། །རང་སྙིང་ས་བོན་འོད་རྣམས་ཀྱིས། །སངས་རྒྱས་དགུག་ཅིང་གཞུག་པ་སྟེ། །སྙིང་གར་འོད་

ཞུ་དམིགས་ནས་ནི། །མ་ལུས་རྡོ་རྗེ་ལམ་ནས་དབྱུང་། །རང་འོད་རིག་མའི་པདྨ་ལ། །ཟླ་བ་ལས་བྱུང་ལྷ་མོ་རྣམས། །སྣ་ཚོགས་མེ་ཏོག་ལ་སོགས་རྫས། །ཕྱག་གི་ཡལ་གས་དེ་རྣམས་འཛིན། །སྒེག་ལྡན་དེ་ཡི་མཆོད་པ་སྟེ། །ཡིད་འཕྲོག་མཆོད་པའི་གླུ་དང་ནི། །སྣ་ཚོགས་གར་གྱི་

བྱེ་བྲག་གིས། །དེས་ནི་བདེ་ཆེན་རབ་ཡིན་ནོ། །ཀྱེ་ཀྱེ་གཤིན་རྗེ་དགྲ་ནག་པོ། །བླ་མ་སྲིན་པོའི་རང་བཞིན་ཅན། །ཁྱོད་མཐོང་བདག་ནི་རྣམ་འཇིགས་ཏེ། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །བདག་པོས་གར་བྱེད་པ་ཡིས་ནི། །སྟེང་རིས་མི་ཡུལ་ས་འོག་འདིར། །མིག་སྨན་བཅག་

Vol. 47 · folio 96b

བཞིན་ཁྲོས་པའི་ཡིད། །མིག་བགྲུངས་ཁྱོད་ནི་གར་བྱེད་དོ། །མི་ཐུང་ནག་པོ་གཤིན་དགྲ་སྟེ། །གཟུགས་ནི་རྣམ་པ་སྣ་ཚོགས་སྤྲུལ། །རྡོ་རྗེ་དབྱངས་ཅན་བདག་གིས་ཞུས། །བདེ་ཆེན་ཁྱོད་ནི་གར་མཛོད་ཅིག །ཧྲཱིཿཥྚྲྀཿསྔགས་ཀྱིས་ཁྱོད་གར་བྱེད། །ཁམས་གསུམ་ཐེ་ཚོམ་མེད་

པར་མཛོད། །གཤིན་རྗེ་ཁྲོ་བོ་རྗེ་བཙུན་ཁྱོད། །གར་བྱེད་འགྲོ་བས་མཐོང་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐམས་ཅད་སྒྲ་བརྙན་ལྟ་བུའི་དཔེ། །སྒྲ་ཡུལ་བཞིན་དུ་རྣམ་དམིགས་བྱའོ། །འཁོར་ལོ་ལ་གནས་ལྷ་རྣམས་ཀྱིས། །འཁོར་ལོའི་བདག་པོ་བསྟོད་པ་སྟེ། །

གཏི་མུག་རྡོ་རྗེ་རང་བཞིན་ཁྱོད། །གཤིན་དགྲ་བདེ་བ་འཇིགས་པའོ། །སངས་རྒྱས་ཀུན་ལྡན་མགོན་པོ་སྟེ། །འཇིགས་མེད་རྡོ་རྗེ་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེ་རང་བཞིན་ཁྱོད། །ཡང་དག་གཤིན་དགྲ་འཇིགས་པ་པོ། །ཐུགས་ཀྱི་རྡོ་རྗེ་རབ་སྣང་བ། །རིན་ཆེན་རྡོ་རྗེ་ཕྱག་

འཚལ་བསྟོད། །འདོད་ཆགས་རྡོ་རྗེ་རང་བཞིན་ཁྱོད། །འདོད་ཆགས་རྒྱ་མཚོ་ཆོས་ཀྱི་བདག །ཐམས་ཅད་དབྱངས་ཀྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེ་རང་བཞིན་ཁྱོད། །གཤིན་དགྲ་ལས་ཀུན་ཐམས་ཅད་བྱེད། །སྐུ་ཡི་རྡོ་རྗེ་རབ་སྣང་བ། །

རལ་གྲི་ཕྱག་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཀུན་གཅིག་ཡང་དག་འདུས། །སངས་རྒྱས་ཐམས་ཅད་མཆོག་གི་མཆོག །དཀྱིལ་འཁོར་མངའ་བདག་ཕྱག་འཚལ་བསྟོད། །ཨ་ལས་སྐྱེས་པའི་དག་པད་དེ། །མགོ་གསུམ་སྟེང་

དུ་ཡང་དག་གནས། །རྣམ་རྫོགས་དེ་འོག་མེ་དཀྱིལ་འཁོར། །གྲུ་གསུམ་རཾ་བ་ལས་བྱུང་བའོ། །དེ་འོག་རླུང་གི་དཀྱིལ་འཁོར་ཏེ། །གཡོ་བ་སྔོན་པོ་གཞུ་དང་འདྲ། །ཡཾ་ལས་སྐྱེས་པ་བ་དན་དང་། །དེ་ལ་ཁ་དོག་མིང་དང་གཟུགས། །སྣང་མཛད་ལ་སོགས་གནས་པ་སྟེ། །དེ་ལ་

སོགས་པ་ཡང་དག་དབྱུང་། །རིགས་ངན་ལ་སོགས་རྣམ་པ་ལྔ། །ཧཱུཾ་ལས་རྡོ་རྗེ་རིམ་པ་ཡིས། །དེ་ནི་དགག་པ་བསྒོམ་པར་བྱ། །རླུང་གིས་མེ་ནི་རབ་སྦར་བས། །ཞུ་བཞིན་རྣམ་པར་དམིགས་པ་ཡིན། །རྡོ་རྗེ་རོ་མཉམ་བསྒྱུར་བ་སྟེ། །གཤིན་དགྲ་དྲི་མེད་དམིགས་པའོ། །དེ་ལ་ཨོཾ་

Vol. 47 · folio 97a

རྣམས་འོད་ཟེར་གྱིས། །སངས་རྒྱས་ཡེ་ཤེས་རང་བཞིན་དགུག །སྔགས་ཀྱི་གཟུགས་ཀྱིས་རབ་ཏུ་གཞུག །དམིགས་ནས་བདུད་རྩི་ལྔ་མཆོག་སྟེ། །དེ་ཉིད་གསུམ་གྱིས་བྱིན་བརླབས་ནས། །དཀྱིལ་འཁོར་བདག་པོ་ཚིམ་པར་བྱ། །ཞི་བ་རྡོ་རྗེ་ལྕེ་ལ་གནས། །ཧཱུཾ་

ལས་སྐྱེས་པ་དམིགས་ནས་ནི། །དེ་ལ་སྦུ་གུའི་རྣམ་པ་ཡིས། །དེས་ནི་མཉམ་པར་དགུག་པར་བྱ། །སྣ་ཚོགས་གནས་པའི་རྫོགས་སངས་རྒྱས། །དཀྱིལ་འཁོར་ལྷ་རྣམས་དེ་བཞིན་ནོ། །སྙིང་གའི་འོད་ཟེར་རྣམས་ཀྱིས་ནི། །རྣམ་རྟོག་སྤངས་པས་དམིགས་བྱའོ། །ཐོག་མ་

དབུས་མཐའ་དབྱེ་བ་ཡིས། །འདི་ལ་གཅིག་ཏུ་སྦྱོར་མེད་དེ། །རྡུལ་ཕྲན་ཆ་མེད་རྒྱུ་ཡིན་པས། །གྲངས་མེད་དེ་ནི་སྦྱོར་མི་བྱ། །གཅིག་དང་དུ་མའི་རང་བཞིན་གྱིས། །རྣམ་པར་བྲལ་བ་གང་ཡིན་དེ། །དེ་ནི་དེ་བཞིན་དེ་མ་ཡིན། །ཐེ་ཚོམ་དེ་ཉིད་ལས་བྱའོ། །གང་ཕྱིར་ཐེ་ཚོམ་

གཉིས་ལ་གནས། །བསམ་མི་ཁྱབ་ལ་ཐེ་ཚོམ་མེད། །སྤྲོ་དང་བསྡུ་བའི་སྐུ་ཡིན་ཏེ། །སེམས་ཅན་རོ་གཅིག་དོན་ལས་བྱུང་། །གཞན་ནི་རྒྱས་པར་དེ་ཉིད་མེད། །འདི་ནི་གསལ་བར་རབ་ཏུ་གསུངས། །ཡེ་ཤེས་ཞབས་ཀྱི་ཞལ་ནས་བྱུང་། །དཔལ་ལྡན་གསང་བ་འདུས་པར་

གསུངས། །འདི་ལ་བདག་གིས་རྒྱས་མ་སྨྲས། །དངོས་པོའི་བདག་ཉིད་དངོས་པོ་མེད། །ཁམས་མེད་རྣམ་པར་ཤེས་པའང་མེད། །ནམ་མཁའ་ཀུན་མཉམ་གནས་བཞིན་ཏེ། །ནམ་མཁའ་ཇི་བཞིན་བདག་མེད་པ། །འདི་ནི་ཆོས་མཆོག་བདེ་ཆེན་པོ། །ས་མིན་ཆུ་མིན་གཉི་ག་

མིན། །མེ་མིན་རླུང་མིན་མཁའ་མིན་ཏེ། །རྡོ་རྗེ་སེམས་དཔའ་རབ་སྦྱོར་བས། །སྐྱེ་བ་འདི་ནི་རབ་གནས་པའི། །དངོས་པོ་ཐམས་ཅད་དངོས་མིན་ཏེ། །དེའི་ཕྱིར་དངོས་མེད་གྲགས་པའོ། །རྣལ་འབྱོར་རྣལ་འབྱོར་གྱིས་ནི་འབྲེལ། །རྟག་དང་ཆད་པ་གཉིས་མིན་ཏེ། །ཞལ་

མེད་ཕྱག་མེད་ཁ་དོག་མེད། །མཆོག་གི་དགའ་བའི་མཚན་ཉིད་ལ། །དངོས་པོ་ཐམས་ཅད་ངེས་རྟག་མིན། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །དེ་ལྟར་ཕོ་བྲང་ཤེས་གནས་པས། །རྣམ་རྟོག་ཐམས་ཅད་སྤངས་པ་སྟེ། །ཕུང་པོ་ཁམས་དང་བདག་མེད་པར། །དག་

Vol. 47 · folio 97b

པའི་བདེ་གཟུགས་བསྒོམ་པའོ། །འགྲོ་བ་གཤིན་རྗེ་གཤེད་བྱས་ནས། །རང་སྙིང་ས་བོན་འོད་རྣམས་ཀྱིས། །དེ་བཀུག་འོང་བར་དམིགས་ནས་ནི། །སྐུ་གསུང་ཐུགས་རྡོར་རང་བཞིན་ཅན། །རྡོ་རྗེའི་རང་བཞིན་ཆོས་ཡིན་ཏེ། །ཡེ་ཤེས་ལས་སྐྱེས་དགོད་པར་བྱ། །དེ་ལ་དེ་ཡི་ས་

བོན་རྣམས། །ཧྲཱིཿཥྚྲྀཿལ་སོགས་ཡེ་ཤེས་འབར། །ལྷག་རྟོག་སྤངས་པས་མཐོང་བ་སྟེ། །དག་པའི་བདེ་བའི་རྣམ་པ་ཅན། །འཕྲོ་བ་འདུས་པས་ཡང་དག་དགང་། །བདག་ཉིད་མཁས་པས་བསྒོམ་པ་ཡིན། །སྐུ་ལ་སོགས་པར་འཕྲོ་བྱ་སྟེ། །དུས་གཅིག་དང་ནི་རིམ་པ་

ཡིས། །ཁྲོ་གཟུགས་སྣ་ཚོགས་སྤྲུལ་པ་བྱེད། །ཧྲཱིཿཥྚྲྀཿལ་སོགས་སྔགས་ཀྱིས་ནི། །འགྲོ་བ་ཐམས་ཅད་བདེ་བྱེད་དོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བསམ་གཏན་བྱེད་པའི་རིམ་པ་འདིས། །འབད་ལ་སྔགས་ནི་དེ་བཞིན་བྱ། །གཞན་ཡང་བཟའ་བ་ལ་

སོགས་ལས། །བསམ་གཏན་ལྡན་ཞིང་ཐམས་ཅད་བྱའོ། །མཆོད་དང་བསྟོད་དང་བདུད་རྩི་ཟ། །སེམས་ཅན་དོན་བྱེད་ཡིད་ཀྱིས་བྱ། །དེ་ཉིད་གསུམ་གྱི་རིམ་པ་ཡིས། །ཡེ་ཤེས་འཁོར་ལོ་རྣམ་པར་དབྱུང་། །བདག་གི་འཁོར་ལོ་བདག་ཉིད་ལ། །ཇི་ལྟར་རིམ་པས་གནས་

པ་སྟེ། །བདག་གིས་བསོད་ནམས་བྱས་པ་གང་། །མངོན་པར་བྱང་ཆུབ་ལ་སྨོན་བྱ། །དེ་ནས་སྨོན་ལམ་བྱས་ནས་ནི། །ཨོཾ་ཨཱཿཧཱུཾ་མུཿའི་སྔགས་ཀྱིས་ནི། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །འདི་ནི་རྣལ་འབྱོར་ཆེན་པོའོ། །རང་བདག་རྣམ་པའི་རང་བཞིན་

བཞེངས། །དེ་ཡི་ང་རྒྱལ་ཡང་དག་བྱེད། །འབད་ལ་དངོས་པོ་ཐམས་ཅད་ནི། །དེ་བཞིན་དེ་ཡི་གཟུགས་ངེས་བྱ། །གཏི་མུག་གཤིན་དགྲའི་གཟུགས་ཀྱིས་ནི། །གནས་དང་འགྲོ་བ་བསྒོམ་པའོ། །གསུངས་པའི་དུས་ནི་དེ་རྣམས་ལ། །རྣལ་འབྱོར་རྣལ་འབྱོར་བཞི་བསྒོམས་

ཏེ། །དང་པོའི་རྣལ་འབྱོར་རྣལ་འབྱོར་ཆེ། །ཅུང་ཞིག་ཡེ་ཤེས་དེ་རྗེས་སྦྱོར། །སྦྱོར་བདག་ཡང་དག་རྣལ་འབྱོར་ཆེ། །ཡང་དག་ཡེ་ཤེས་དབང་གནས་སོ། །ཇི་ལྟར་གསུངས་པའི་རིམ་པ་གཅིག །དུས་གཅིག་ལ་ནི་སྔགས་བསྒོམ་བྱ། །རྣལ་འབྱོར་ཆེ་ལྡན་རྣལ་འབྱོར་

Vol. 47 · folio 98a

པ། །འཕྲོ་དང་འདུ་བའི་ལུས་ཉིད་དོ། །དེ་ཉིད་ཡེ་ཤེས་གཟུགས་ཅན་དག །དེ་ཕྱིར་བདག་ཉིད་གཤིན་རྗེ་གཤེད། །དབང་བསྐུར་རིམ་པ་བསམ་གཏན་གྱིས། །ཁྲུས་དང་བཟའ་བ་ཐམས་ཅད་བྱ། །དེ་བཞིན་བདུད་རྩིའི་རིམ་པ་ཡིས། །གཞན་མཆོད་པ་ལ་རྟོགས་པར་

བྱ། །བདག་ཉིད་དང་ནི་གཞན་མ་རྣམས། །རིམ་པ་ལྟར་ནི་རྟག་ཏུ་མཆོད། །དཔལ་ལྡན་གཤིན་དགྲའི་བདག་ཉིད་ཅན། །བྱང་ཆུབ་བསྒོམ་པས་རྟག་ཏུ་དམིགས། །བདག་གཞན་མཉམ་པ་བྱང་ཆུབ་ཡིན། །དེ་ཕྱིར་རང་བདག་སྦྱོར་བ་སྟེ། །དེ་མེད་བདག་ཉིད་བསྒྱུར་འདོད་པ། །རྣལ་

འབྱོར་ཆོས་སྒྲུབ་རྙེད་མིན་ནོ། །ཇི་ལྟར་སྣ་ཚོགས་རྣམ་པ་ལ། །དངོས་པོ་གཅིག་ལ་རྟོག་པ་སྟེ། །སྡུག་བསྔལ་བྲལ་ནས་བདེ་བ་སྐྱེ། །ལས་ཀྱི་དབྱེ་བས་དེ་དག་སྐྱེའོ། །བདག་ཉིད་སེམས་ལ་རྣམ་རྟོག་མེད། །དག་པའི་དགའ་བའི་རང་བཞིན་ཅན། །ཐབས་དང་ཤེས་རབ་རང་བཞིན་ལ། །

ནག་ཅེས་པ་ནི་དགའ་བའོ། །དེས་ནི་འཁོར་བའི་རྒྱ་མཚོ་ལ། །དེ་སྐྱེས་འཁྲིལ་བས་ཤི་དུས་སུ། །ཟབ་པ་སྟོབས་ཆེན་གཤིན་དགྲ་ནག །དེས་ནི་ཕན་བྱེད་གཞན་མིན་ནོ། །གཤིན་སྒྲུབ་ཞགས་པ་ལྕགས་ཀྱུ་འཛིན། །སྟོབས་ཆེན་འབྱུང་ཚོགས་འཇིགས་མེད་དེ། །དེ་རྣམས་དགུག་ཅིང་

ཕུར་པས་གདབ། །དེ་ནི་འཇིགས་ཅན་ཁྲོ་གཟུགས་སོ། །ཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། འབྱུང་པོ་ཐམས་ཅད་འཁོར་དང་བཅས་པ་དགུག་པ་སྟེ་ཛཿཨོཾ་ཧྲཱིཿཥྚྲྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། འབྱུང་པོ་ཐམས་ཅད་འཁོར་དང་བཅས་པ་ཕུར་བུས་གདབ་པ་སྟེ་ཧཱུཾ་ཕཊ། འདིས་ནི་འོང་བར་

ཤེས་བྱས་ནས། །རང་གི་ཁ་དོག་བརྒྱན་པ་བརྟག །གཡས་པའི་ཕྱག་ལ་རང་མཚོན་འཛིན། །གཡོན་པའི་ཕྱག་ན་སྣ་ཚོགས་པའོ། །བརྒྱ་བྱིན་གཤིན་རྗེ་དབང་ལྡན་དང་། །ཧྲཱིཿཥྚྲྀཿཝི་ཀྲྀ་ས་བོན་གྱིས། །དེ་དག་ཐམས་ཅད་རྫོགས་པ་སྟེ། །མེ་དང་བདེན་བྲལ་རླུང་ལྷ་དང་། །ཧཱུཾ་

བྱུང་ལུས་ནི་ཤེས་བྱ་སྟེ། །ཉི་ཟླ་ས་ཡི་འཇིག་རྟེན་ལྷ། །ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ལས་སྐྱེས། །ལྷ་རྣམས་ཐམས་ཅད་ཁྱབ་འཇུག་ལྡན། །འདི་ནི་གཏོར་མའི་དེ་ཉིད་ཀྱིས། །མཉམ་པ་ཐམས་ཅད་ཡང་དག་སྐྱེས། །རིམ་པས་དམིགས་ནས་བྱིན་གྱིས་བརླབ། །དེ་ལ་རིམ་པས་དབང་

Vol. 47 · folio 98b

བསྐུར་སྦྱིན། །བདུད་རྩི་ལྔ་ཡི་རིམ་པ་ཡིས། །རཾ་གྱི་ས་བོན་གསེར་དང་མཚུངས། །མཆོད་དང་གཏོར་མ་དེ་རྣམས་དབུལ། །འདི་ནི་གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། སློབ་དཔོན་ཀུན་དུ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།སློབ་དཔོན་དོན་ཡོད་རྡོ་རྗེ་

ཡིས། །ལེགས་པར་གསལ་བྱེད་སྒྲུབ་ཐབས་འདི། །བསྒྱུར་བའི་བསོད་ནམས་གྲངས་མེད་དང་། །གཞན་ཡང་སྨོན་ལམ་འདི་བཏབ་པས། །རྒྱུ་དང་སྒྲུབ་ཐབས་མི་འབྲལ་ཞིང་། །དེ་ཡི་མན་ངག་རྗེས་འབྲངས་པས། །བདག་དང་གཞན་དག་སེམས་ཅན་ཀུན། །གཤིན་རྗེ་

གཤེད་ཀྱི་ཞལ་མཐོང་ཤོག།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words