སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཙརྱཱ་ཀོ་ཥ་གཱི་ཏ་ཊཱི་པྱཱ་ཎི་པྲྀཏྟི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 52 · folio 158b
༄༅༅། །རྒྱ་གར་སྐད་དུ། ཙརྱཱ་ཀོ་ཥ་གཱི་ཏ་ཊཱི་པྱཱ་ཎི་པྲྀཏྟི་ནཱ་མ། བོད་སྐད་དུ། སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་
དམ་པའི་ཞལ་གྱི་ཆུ་སྐྱེས་རོ་མྱངས་རབ་གསལ་བརྩེ་བའི་ཐུགས་མངའ་བ། །གཉིས་མེད་བློ་ལྡན་དཔལ་ལྡན་རྡོ་རྗེའི་དབང་ཕྱུག་དྲི་མེད་ཞལ་མངའ་དད་པས་ཕྱག་འཚལ་ནས། །དཔལ་ལྡན་ལཱུ་ཡི་ཞབས་སོགས་གྲུབ་པ་རྣམས་ཀྱིས་གསུངས་ཤིང་ཡ་མཚན་སྤྱོད་པའི་གླུ་ཡི་
ཚོགས། །ལམ་མཆོག་དྲི་མ་མེད་པའི་ཚིག་ནི་རྟོགས་པར་བྱ་ཕྱིར་དེ་ཡི་འགྲེལ་པས་གསལ་བར་བྱ། །ལུས་ལྗོན་ཤིང་མཆོག་ཡན་ལག་རྣམ་ལྔ་ལ། །གཡོ་བའི་སེམས་ལ་སྒྲ་གཅན་རབ་ཏུ་འཇུག །བརྟན་པར་མཛོད་ཅིག་བདེ་ཆེན་ཡོངས་ཀྱི་ཚད། །ལཱུ་ཡིས་སྨྲས་པ་བླ་མ་ལ་
ཞུས་མཁྱེན། །མ་ལུས་ཏིང་འཛིན་རྣམས་ཀྱིས་ཅི་ཞིག་བྱ། །བདེ་བ་རྩ་ནས་བཏོན་ན་ངེས་པར་འཆི། །སྤོངས་ཤིག་སྡེབ་སྦྱོར་བྱེད་ཅིང་གཡོ་སྒྱུའི་བློ། །སྟོང་ཉིད་ཕྱོགས་ལ་ཞགས་པས་བཅིང་གིས་ཀྱེ། །ལཱུ་ཡི་བདག་གི་བསམ་གཏན་ཉིད་ཀྱིས་མཐོང་། །ཟླ་བ་ཉི་མ་གཉིས་ཕབ་
སྟེང་དུ་སྡོང་། །པ་ཊ་ཧའི་སྙེ་མ་ཞེས་བྱ་བའི་གླུའི་གདངས་སོ།། །།ལུས་ལྗོན་པའི་ཤིང་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་དཔལ་ལྡན་བླ་མའི་ཞབས་ཀྱི་ཆུ་སྐྱེས་ཀྱི་སྦྲང་གི་ཐིགས་པའི་ཚོགས་འབབ་པས་སེམས་བརླན་ཞིང་ཡང་དག་པར་ཚིམ་ནས་བདེན་པ་གཉིས་ལ་
རྨོངས་ཤིང་འཁྲུལ་པའི་རྒྱ་མཚོ་ཆེན་པོའི་དབུས་སུ་བྱིང་བ་སྐྱབས་མེད་ལ་སྡུག་བསྔལ་བའི་སྐྱེ་བོ་རྣམས་ཡང་དག་པར་གདོན་པར་འདོད་པའི་ཕྱིར། །གྲུབ་པའི་སློབ་དཔོན་ལཱུ་ཡི་པའི་ཞབས་ཀྱི་སྨོན་པས་བསྐུལ་བ་རྣམས་གདོན་པའི་ཕྱིར། ལུས་ལྗོན་ཤིང་མཆོག་ནི་
དགོངས་པའི་ཚིག་གིས་རྣམ་པར་དག་པའི་ཆོས་ཉིད་གཞིའི་རང་བཞིན་གྱི་སྣང་བ་ལ་སྦྱོར་བ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། དབང་པོ་དྲུག་པོ་རྣམས་དང་། ཁམས་རྣམས་དང་། ཡུལ་རྣམས་ལ་གཟུང་འཛིན་དུ་འཛིན་པས་ལོ་མ་དང་འདྲ་བར་
Vol. 52 · folio 159a
ཉེ་བར་མཚོན་པའི་ཕྱིར་ལུས་ལྗོན་ཤིང་མཆོག་ཏུ་གཟུང་ངོ་། །ཅི་སྟེ་སེམས་དང་ལྡན་པའི་ཕྱིར་ཇི་ལྟར་ལུས་ལྗོན་པའི་ཤིང་མཆོག་ཅེ་ན། འདིའི་སྐྱོན་མེད་དེ། དེ་བཞིན་དུ་ཕྱིའི་བསྟན་བཅོས་བྱེད་པས་ཀྱང་ཉེ་བར་བལྟ་བར་བྱ་བའི་རྒྱན་གཞན་ལ་སྦྱོར་བ་
རྣམས་ཀྱིས་ཅུང་ཟད་དབྱེ་བར་གནས་པ་དེ་དང་འདྲ་བ་ཉིད་ལ་ཉེ་བར་བརྗོད་དོ། །ཅིའི་ཕྱིར་བརྟགས་ན་རང་བཞིན་དུ་སྣང་བའི་སྐྱོན་གྱི་དབང་ལས་གཡོ་བ་དེ་ཡིས་སོ། །ཐ་མལ་པའི་སེམས་འཛག་པའི་རང་བཞིན་གྱིས་སྒྲ་གཅན་ཏེ། དེ་ཉིད་ཀྱི་དུས་སུ་ནག་པོའི་ཚེས་གཅིག་གི་
སྐབས་སུ་རབ་ཏུ་འཇུག་གོ། །གང་ལ། དགའ་བ་དང་། བཟང་པོ་དང་། རྒྱལ་བ་དང་། སྟོང་པ་དང་། གང་བ་རྣམས་ཚེས་ཀྱི་རིམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རི་དགས་མཚན་སྐམ་པར་འགྱུར་རོ། །འདི་ཁྱད་པར་དུ་སློབ་དཔོན་ནག་པོ་སྤྱོད་པའི་ཞབས་ཀྱིས་མངོན་
པར་གསུངས་ཏེ། རི་བོ་མཆོག་གི་མགུལ་ཕུག་ཏུ། །འགྲོ་རྣམས་མ་ལུས་ཀུན་ཆད་གྱུར། །དྲི་མེད་ཆུ་རྒྱུན་སྐམས་ནས་འགྲོ། །དུས་ཀྱི་མེ་ནི་རབ་ཏུ་འཇུག །དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང་། བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །དངོས་གྲུབ་ཀུན་གྱི་གཏེར་ནི་གང་། །ཕུང་
པོ་རྣམ་ཤེས་བརྒྱལ་བ་ལ། །འདོད་པའི་དངོས་གྲུབ་གང་ལས་འབྱུང་། །དེ་བཞིན་དུ་སཾ་པུཊ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ལས་ཀྱང་། དཔག་མེད་རྣམ་རྟོག་མུན་པས་ཟིལ་གནོན་པའི། །རླུང་གིས་གཡོ་བའི་གློག་བཞིན་གཡོ་བ་ཅན། །འདོད་ཆགས་ལ་སོགས་བསྲུང་
དཀའ་དྲི་མ་ཡི། །སེམས་ཉིད་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །དེའི་ཕྱིར་གང་འགའ་ཞིག་ཕྱོགས་གཅིག་ཏུ་བཅོམ་ལྡན་འདས་ཀྱིས་དགེ་བ་རྣམས་ཡོངས་སུ་སྨིན་པ། རིམ་པ་ལྔ་པའི་ཐབས་འཛིན་པ་ལ་ཞུགས་པ་སྔོན་དུ་འགྲོ་བ་ཟུང་འཇུག་བཅིངས་པའི་ངོ་བོ་ལྷན་
ཅིག་སྐྱེས་པའི་དགའ་བའི་འབྲས་བུ་རྟག་ཏུ་ཚོལ་བ་ན་དེ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་བྱེད་པར་འགྱུར་རོ། །འཕགས་པ་ལྷའི་ཞབས་ཀྱིས་གསུངས་ཏེ། རིམ་པ་ལྔའི་གོ་རིམས་མེད་ན་རྫོགས་པའི་རིམ་པ་ཡང་དག་པའི་བྱང་ཆུབ་མངོན་སུམ་དུ་བྱེད་པ་ཐོབ་
Vol. 52 · folio 159b
པར་མི་འགྱུར་རོ། །བརྟན་པར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་ནི་འདིས་ནི་དགེ་བའི་བཤེས་གཉེན་གྱིས་སྡོམ་པ་ལ་སོགས་པའི་རིམ་པས་གོ་རིམས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བའི་མཆོག་རྣལ་འབྱོར་པས་དམ་ཚིག་གི་བརྡའི་རྫས་ཀྱིས་བླ་མ་དམ་པ་མཉེས་པར་བྱས་
ནས་ནམ་ཕྱེད་ན་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པ་ཇི་ལྟ་བ་བཞིན་དུ་བརྟན་པར་བྱའོ། །དེ་བཞིན་དུ་བདེ་བ་ཆེན་པོ་དགའ་བ་བཞི་པ་ཉིད་ཀུན་གྱི་ཚད་མའོ། །ལཱུ་ཡིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་སྦྱོར་བས་མི་
འཛག་པའི་བདེ་བའི་ཕྱིར་དཔལ་ལྡན་བླ་མ་ལ་ཞུས་ན་ཁྱད་པར་གྱིས་དགའ་བ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དེས་ཆོས་ཐམས་ཅད་དམིགས་པ་མེད་པའི་ཚུལ་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བ་ཆེན་པོ་ཉིན་དང་མཚན་དུ་ཤེས་སོ། །དེ་བཞིན་དུ་དཔལ་གསང་
བ་འདུས་པ་ལས་ཀྱང་། རྡོ་རྗེ་བླ་མ་དང་བྲལ་ན། །ཉོན་མོངས་མ་ལུས་སྤངས་པ་དང་། །ཞི་བ་མྱང་འདས་གོ་འཕང་དང་། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །དེ་བཞིན་དུ་ཡང་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་རྡོ་རྗེའི་བཟླས་པ་ལས་གསུངས་ཏེ། འགའ་ཞིག་རི་དབང་རྩེ་ལས་རབ་ཏུ་
ལྷུང་གྱུར་ན། །ལྟུང་བར་མི་འདོད་ན་ཡང་དེ་བཞིན་རྣམ་པར་ལྟུང་། །བླ་མའི་དྲིན་གྱིས་ཕན་པའི་མན་ངག་ཐོབ་གྱུར་ན། །གྲོལ་བར་མི་འདོད་ན་ཡང་དེ་བཞིན་གྲོལ་བར་འགྱུར། །ས་ར་ཧའི་ཞབས་ཀྱིས་བཤད་སྦྱར་ལས་ཀྱང་གསུངས་ཏེ། གང་ཞིག་འཁོར་བའི་འཁོར་
ལོ་མི་སྒྲུབ་ན། །བདག་ཉིད་ཆེད་དུ་ཡིད་ནི་ཉེར་སྦྱོར་ཞིང་། །དེ་བློ་བརྟན་པ་དང་བས་ཞུགས་གྱུར་ན། །སྤྲོས་བྲལ་རང་གི་བདག་པོའི་ས་ཉིད་དོ། །དེ་ཡང་སོ་སོ་རང་རིག་སྐྱེ་འགྱུར་ཏེ། །བདེ་བ་རྟོག་པའི་དྲ་བ་ལས་གྲོལ་བྱེད། །དུས་ཀུན་དུ་ནི་བླ་མ་དམ་པ་ཡིས། །དེ་ཡི་ཞབས་
ཟུང་སྤྱི་བོས་གུས་པར་འདུད། །དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང་། བསོད་ནམས་ཉིད་ལས་བདག་གིས་ཤེས། །བླ་མའི་རིམ་པ་ཉེར་བསྟན་ཕྱིར། །རྐང་པ་གཞན་གྱིས་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ཉེ་བར་གསལ་ཞིང་རྗེས་སུ་བསྔགས་པ་གསུངས་ཏེ།
Vol. 52 · folio 160a
མ་ལུས་ཏིང་འཛིན་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཉིད་ཀྱིས་མཐའ་མེད་པའི་ཏིང་ངེ་འཛིན་རྣམས་ཀྱིས་ཚུལ་གྱི་དབྱེ་བ་ནི་མི་དགེ་བ་བཅུ་ཡོངས་སུ་སྤངས་པའི་ཕྱིར་དང་། དབང་པོ་རྣམས་འགོག་པའི་ཕྱིར་ངེས་པར་གསུངས་སོ། །ཏིང་ངེ་
འཛིན་དེ་རྣམས་ཀྱིས་འདིར་བྱ་བ་ཅུང་ཟད་ཀྱང་མེད་དེ། འདོད་ཆགས་ཆེན་པོའི་ཚུལ་ལ་བདེ་བ་དང་བྲལ་བའི་ཕྱིར་དཀའ་ཐུབ་དང་སྨྱུང་གནས་ལ་སོགས་པའི་ངེས་པས་སོ། །དེའི་ཕྱིར་དཔལ་གསང་བ་འདུས་པ་ལས། དཀའ་སྤྱད་ངེས་པ་དྲག་པོ་ཡིས། །ལུས་ནི་སྐམས་
ཤིང་སྡུག་བསྔལ་ཏེ། །སྡུག་བསྔལ་ལས་ནི་སེམས་གཡེང་བྱེད། །རྣམ་གཡེང་ལས་ནི་དངོས་གྲུབ་གཞན། །ཞེས་སོ། །དེ་བཞིན་དུ་དགྱེས་པ་རྡོ་རྗེ་ལས་ཀྱང་། འདོད་ཆགས་ཀྱིས་ནི་འཇིག་རྟེན་འཆིང་། །འདོད་ཆགས་ཀྱིས་ནི་རྣམ་གྲོལ་པའི། །བཟློག་པའི་བསྒོམ་པ་འདི་
ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་སོ། །དེ་བཞིན་དུ། བདེ་བ་རྩ་ནས་བཏོན་ན་བདེ་བ་ཆེན་པོའི་དེ་ཉིད་དང་བྲལ་བས་སངས་རྒྱས་པའི་མུ་སྟེགས་པ་རྣམས་ནི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་ཞིང་སྐྱེ་བ་དང་ཡང་འཆི་བར་བྱེད་དེ། དེ་རྣམས་དེ་ཁོ་ན་ཉིད་ཀྱི་
སྐལ་བ་དང་མི་ལྡན་པས་སོ། །དེ་བཞིན་དུ་ཡང་ལུང་ལས། བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང་། །དེ་ཉིད་བྲལ་བས་འགྲུབ་མི་འགྱུར། །ཞེས་པའི་ཚིག་ལས་འདོད་ཆགས་ཆེན་པོའི་ཚུལ་གྱི་སྤྱོད་པའང་གསུངས་ཏེ། དཔལ་གསང་བ་འདུས་པ་ལས། དཀའ་ཐུབ་སྡུག་བསྔལ་
བསྟེན་མི་བྱ། །འདོད་ཡོན་ལྔ་ནི་སྤང་མི་བྱ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །བདེ་བ་ཡིས་ནི་བྱང་ཆུབ་བསྒྲུབ། །ཅེས་སོ། །དེ་བཞིན་དུ་དཔལ་ས་ར་ཧའི་ཞབས་ཀྱིས་ཀྱང་། གང་ཞིག་ཕྲ་རབ་སེམས་ཀྱི་མྱུ་གུ་ལ། །གལ་ཏེ་ཡུལ་བཅུད་དྲི་མེད་ཀྱིས་མ་བརླན། །
ནམ་མཁའ་ཁྱབ་པའི་འབྲས་བུ་སྦྱིན་པ་ཡི། །དཔག་བསམ་ལྗོན་ཤིང་ཉིད་ནི་ཇི་ལྟར་འཐོབ། །ཆགས་པ་ཆེན་པོའི་ཚུལ་གྱིས་སྤྱོད་པའི་དོན་མི་འཛགས་པ་མངོན་དུ་གྱུར་པ་ནི་ཚད་མའོ། །དེ་རྣམས་ཀྱི་ལོག་པའི་ཤེས་པས་མངོན་པར་ཆགས་པའི་ཞེན་པ་འགོག་པའི་
Vol. 52 · folio 160b
དོན་ནོ། །རྐང་པ་གསུམ་གསུངས་པ་སྤོངས་ཤིག་ཅེས་པ་ལ་སོགས་པ་ནི་སྡེབ་སྦྱོར་དྲུག་དང་། གཡོ་སྒྱུ་བྱེད་པ་ལ་སོགས་པ་བཅིང་བ་དང་བྲལ་བའོ། །སྟོང་ཉིད་ཕྱོགས་ཞེས་པ་ནི་བདག་མེད་པའི་ཆོས་ནི་ཞགས་པ་སྟེ་དེ་ལ་འདིར་ཉེ་བར་འཁྱུད་པར་གྱིས་ཤིག་པའོ། །
ཀྱེའི་ནི་བོད་པ་སྟེ། ཀྱེའི་ཐར་པའི་ངང་ཚུལ་ལོ། །དེ་བཞིན་དུ་ཡང་ལུང་ལས། དེ་དང་དེ་རྣམས་རི་རྩེ་ཡང་དག་མཐོ་བ་ཡི། །འཇིག་ཚོགས་ལྟ་བའི་རི་བོ་རྒྱ་ཆེན་གནས་པ་རྣམས། །བདག་མེད་རྟོགས་པའི་རྡོ་རྗེས་བདག་འཇིག་ཅིང་། །ལྷན་སྐྱེས་སྡུག་བསྔལ་ཉིད་ཀྱང་
འཇོམས་པར་བྱེད། །རྐང་པ་བཞི་པས་ཇི་ལྟ་བ་བཞིན་དུ་གྱུར་པའི་ཆོས་ཀྱི་བདག་ཆེན་པོ་མཐོང་བའི་རྐྱེན་དུ་གསུངས་ཏེ། སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་སྒྲུབ་པའི་སློབ་དཔོན་ལཱུ་ཡི་ཞབས་ཀྱིས་འདི་བཞིན་དུ་གསུངས་ཏེ། བསམ་གཏན་དབང་གིས་ཞེས་བྱ་བ་
ནི་གྲུབ་པའི་སློབ་དཔོན་ལཱུ་ཡི་པའི་ཞབས་ཀྱིས་བདག་གིས་ནི། ཡིད་དང་རྣམ་ཤེས་ཡུལ་དབང་ཐིམ་གྱུར་ཏེ། །དཔལ་གྱི་བླ་མའི་བཞི་པའི་མན་ངག་ཐོབ། །གོམས་པས་ཟུང་དུ་འཇུག་པའི་ངོ་བོ་མཐོང་། །དེ་བཞིན་དུ་ལུང་ལས་ཀྱང་། ལུས་ནི་ཡང་དག་བདེ་བས་རྒྱལ། །
དབང་པོ་རྣམས་ནི་གཉིད་ལོག་བཞིན། །ཡིད་ཀྱང་ནང་དུ་ཐིམ་པ་བཞིན། །སེམས་ནི་སེམས་མེད་གསལ་བར་སྣང་། །ཟླ་བ་ཞེས་པ་ནི་དཀར་པོ་རི་བོང་འཛིན་པ་རྣམ་པར་དག་པ་ཨཱ་ལིའོ། །ཉི་མ་ནི་འོད་ཟེར་སྟོང་ལྡན་རྣམ་པར་དག་པ་ཀཱ་ལིའོ། །དེ་གཉིས་གདན་དུ་བྱས་ཏེ་
རང་གི་ལྷའི་ང་རྒྱལ་གྱིས་སྟེང་དུ་སྡོད་པ་ནི་མངོན་སུམ་དུ་བྱས་པའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། ཨཱ་ལི་ཀཱ་ལི་ཡང་དག་སྦྱོར། །རྡོ་རྗེ་སེམས་དཔའི་གདན་དུ་བྱ། །ཞེས་སོ། །རུས་སྦལ་འཇོ་ཞིང་སྟེགས་བུ་གཟུང་དུ་མེད། །བསེ་ཡབ་ལྗོན་པའི་འབྲས་བུ་ཆུ་སྲིན་
ཟ། །སྒོ་བདུན་ཁང་བཞུགས་ཉོན་ཅིག་རིགས་ངན་ཀྱེ། མདོ་ཕུགས་ཁང་ལོགས་ནམ་ཕྱེད་རྐུན་མས་ཁྱེར། །སྒྱུག་མོ་གཉིད་སོང་མནའ་མ་གཉིད་མེད་གྱུར། །མདོ་ཕུགས་ཁང་ལོགས་རྐུན་ཁྱེར་གང་དུ་ཚོལ། །ཉིན་མོ་མནའ་མ་བྱ་རོག་མཐོང་བས་འཇིག །མཚན་
Vol. 52 · folio 161a
མོར་སོང་ན་ཀཱ་མ་རཱུ་རུ་འགྲོ། །འདི་འདྲའི་གླུ་འདི་ཀུཀྐུ་རི་པས་བླངས། །བྱེ་བའི་ནང་ན་གཅིག་སྙིང་འཇུག་སྲིད་དམ། །ཆེན་པོ་ཞེས་བྱ་བའི་གླུའི་གདངས་སོ། །དེ་ཉིད་བདེ་བ་ཆེན་པོའི་རྒྱལ་པོ་རང་གི་ཆང་གི་བཏུང་བས་ཡིད་རབ་ཏུ་དགའ་ནས་ཀུཀྐུ་རི་བའི་
ཞབས་ཀྱིས་དགོངས་པའི་སྐད་ཀྱིས་རབ་ཏུ་གསལ་པོར་གསུངས་ཏེ། དུ་ལི་ཞེས་བྱ་བ་ལ་སོགས་པའི་དུ་ནི་གཉིད་ཀྱི་རྣམ་པ། ལི་ནི་གང་ལ་ཐིམ་པར་འགྱུར་ཏེ། བདེ་བ་ཆེན་པོའི་རྣམ་པ་པདྨ། དུ་ལི་ནི་རུས་སྦལ་ཏེ་དགོངས་པའི་སྐད་ཀྱི་བརྡས་ཁོང་དུ་ཆུད་པར་བྱའོ། །
ལས་ཀྱི་ཕྱག་རྒྱ་དང་རབ་ཏུ་སྦྱོར་བ་ལས་དགའ་བ་ལ་སོགས་པའི་རིམ་པའི་སྒོ་ནས་འཇོ་བ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཨ་ཝ་དྷཱུ་ཏཱིའི་ལམ་གྱིས་འོང་བའོ། །སྟེགས་བུ་ནི་རྡོ་རྗེ་ནོར་བུ་ལས་ལྟུང་ན་གཟུང་དུ་མེད་པ་སྟེ་བྱིས་པའི་རྣལ་འབྱོར་པས་དེ་འཛིན་པར་མི་ནུས་སོ། །དེ་
བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་། འདི་ནི་གཟུང་དཀའི་རི་བོ་ཡིས། །མཉམ་དང་མི་མཉམ་འཛིན་པར་བྱེད། །ཀཱཧྞས་སྨྲས་པ་མཚོན་དཀའ་དང་། །བརྗོད་དཀའ་གང་གི་ཡིད་ཀྱིས་བསྒོམ། །དེའི་ཕྱིར་བླ་མ་བརྒྱུད་པའི་རིམ་པས་རྣལ་འབྱོར་གྱི་དབང་ཕྱུག་
རྣམས་ཀྱིས་ཤེས་ཏེ། ལུས་ལྗོན་ཤིང་གི་འབྲས་བུའི་དེ་ཉིད་བྱང་ཆུབ་ཀྱི་སེམས་བསེ་ཡབ་ཀྱི་འབྲས་བུ་བཞིན་དུ་ཡོད་པའོ། །ཆུ་སྲིན་ཞེས་པ་ནི་མཚན་ཉིད་དང་བྲལ་བས་ཡོངས་སུ་སྦྱངས་པ་ཀུཾ་བྷ་ཀའི་ཏིང་ངེ་འཛིན་གྱིས་རང་གིས་ཉམས་སུ་མྱོང་བའི་རིམ་པས་དེ་ཟ་
བ་ནི་རང་བཞིན་མེད་པར་བྱེད་པའོ། །དྷྲཱུའི་རྐང་པས་བསྟན་པར་གསུངས་ཏེ། སྒོ་མདུན་ཞེས་པ་ནི་འབྱུང་བའི་རླུང་ལ་ཉེ་བར་ལྟོས་ནས་འཇུག་པ་ཡང་ཁོང་དུ་ཆུད་པར་བྱའོ། །རིགས་ངན་ཞེས་པ་ནི་བདག་ཉིད་ཡོངས་སུ་དག་པའི་ཨ་ཝ་དྷཱུ་ཏཱིའི་ཚུལ་དུ་གྲོལ་བ་རྣལ་
འབྱོར་གྱི་དབང་ཕྱུག་གིས་གསུངས་ཏེ། ཡོངས་སུ་དག་པའི་ཨ་ཝ་དྷཱུ་ཏཱི་པ་གསོན་དང་། དང་པོ་རྡོ་རྗེ་བཟླས་པའི་མན་ངག་གིས་སྣ་ཚོགས་པའི་དགའ་བ་ཨ་ཝ་དྷཱུ་ཏཱིའི་ཁང་པར་གཉིས་པོ་ལེན་པའོ། །དེ་ལ་ཁང་པ་ནི་སླར་ཡང་ནམ་ཕྱེད་ལ་བཞི་པའི་མཚམས་
Vol. 52 · folio 161b
སོ། །མདོ་ཕུགས་ཁང་ལོགས་ཞེས་པ་ནི་དེ་ཉིད་འཇུག་པ་ལ་སོགས་པའི་རླུང་གི་སྐྱོན་གྱི་དངོས་པོ་རྣམས་ལྷན་ཅིག་སྐྱེས་པའི་དགའ་བས་རྐུ་བར་བྱེད་དོ། །རྐང་པ་གཉིས་པས་དེ་ཉིད་ཀྱི་དོན་རྒྱས་པར་བཤད་དེ། སྒྱུག་མོ་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་མྱུར་བའི་
དབུགས་ཏེ། ཞི་བའི་དགའ་བའི་རྣལ་འབྱོར་གྱི་གཉིད་དུ་སོང་བ་ཨ་ཝ་དྷཱུ་ཏཱིར་དགོངས་པའི་སྐད་ཀྱིས་སོ། །ཐོག་མ་མེད་པའི་སྲིད་པའི་རྣམ་པར་རྟོག་པ་སྤངས་ཏེ་རང་བཞིན་གྱིས་རྣམ་པར་དག་པའི་ཨ་ཝ་དྷཱུ་ཏཱིའི་གཟུགས་ཀྱིས་རྣལ་འབྱོར་མ་ཉིད་ཀྱང་ཉིན་དང་མཚན་དུ་
གཉིད་སད་པར་བྱེད་དེ། མདོ་ཕུགས་ཁང་ལོགས་ནི་འོད་གསལ་གྱི་རྐུན་པོས་རབ་ཏུ་འཇུག་པ་ལ་སོགས་པའི་རླུང་གི་སྐྱོན་གང་གི་ཚེ་ཁྱེར་བ་དེའི་ཚེ་གཟུང་བ་ལ་སོགས་པའི་དངོས་པོ་མེད་པས་རྣལ་འབྱོར་གྱི་དབང་ཕྱུག་གིས་ཕྱོགས་བཅུ་གང་དུ་ཡང་ཅུང་ཟད་ཀྱང་བཙལ་
དུ་མེད་པའོ། །རྐང་པ་གསུམ་པས་ཡོངས་སུ་དག་པ་ཨ་ཝ་དྷཱུ་ཏཱིའི་དབྱེ་བས་བདེན་པ་གཉིས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། ཉིན་མོ་ཞེས་བྱ་བ་ལ་སོགས་པ་ནི་ཆུང་ངུ་ལ་སོགས་པའི་ལྷག་པའི་བསམ་པའི་དབྱེ་བས་དེ་ཨ་ཝ་དྷཱུ་ཏཱི་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་
ཀྱི་གཟུགས་ཀྱིས་འཇིག་རྟེན་གསུམ་པོ་སྤྲུལ་ནས་སླར་ཡང་རང་ཉིད་ཉིན་མོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །བྱ་རོག་ཅེས་བྱ་བ་ནི་དུས་ཀྱི་སྐྱེས་བུས་ཤིན་དུ་འཇིགས་ཏེ་སྐྲག་པར་བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང་། དཔེར་ན་རི་མོ་མཁན་གྱིས་ནི། །གནོད་སྦྱིན་
ཤིན་ཏུ་འཇིགས་བྱེད་གཟུགས། །ཡང་དག་བྲིས་ནས་བདག་ཉིད་སྐྲག །དེ་བཞིན་མི་མཁས་འཁོར་བ་པ། །ཞེས་སོ། །མཚན་མོ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་དག་པའི་ཨ་ཝ་དྷཱུ་ཏཱི་པའི་ཕུང་པོ་ལྔ་ལ་སོགས་པ་ལ་དབང་བསྐུར་བར་བྱེད་དོ། །ཀཱ་མ་རཱུ་
ཞེས་པ་ནི་རང་ཉིད་བདེ་བ་ཆེན་པོའི་འཁོར་ལོའི་རང་གི་གནས་སུ་རྣམ་པར་མི་རྟོག་པས་འགྲོ་བར་བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང་། རང་གནས་གནས་ལ་ལྷན་སྐྱེས་ཀྱི། །རླུང་གིས་རྟོག་པའི་དྲ་བ་གྲོལ། །ཞི་བའི་གནས་ཚིམ་གང་གིས་ཀྱང་། །སྐྱེད་བྱེད་དེ་ཉིད་སྟོང་
Vol. 52 · folio 162a
པའི་དངོས། །དེའི་ཕྱིར་བླ་མས་གནང་བའི་སྙིང་རྗེ་ཆེན་པོའི་ཐབས་ཀྱི་རྒྱུ་མནོས་པས་འཁོར་བ་འདིར་རབ་ཏུ་སྐྱེས་ཤིང་རྟག་ཏུ་དགའ་བས་སེམས་ཅན་གྱི་དོན་མཛད་དོ། །ཤིན་དུ་རྙེད་པར་དཀའ་བ་རྟོགས་པར་བྱ་བའི་ཕྱིར་རྐང་པ་བཞི་པ་གསུངས་ཏེ།
འདི་འདྲའི་ཞེས་བྱ་བ་ལ་སོགས་པ་ནི་འདི་འདྲ་ནི་འདི་ལྟ་བུ་སྤྲོས་པ་མེད་པ་སྤྱོད་པའི་གླུ་རྣལ་འབྱོར་གྱི་དབང་ཕྱུག་གིས་བརྟན་པར་བྱེད་ཅིང་སྤྱོད་པ་ལ་སོགས་པ་ཅན་ཀུཀྐུ་རི་པའི་ཞབས་ཀྱིས་གསུངས་པའི་དེ་ཉིད་འདིའི་དོན་རྣལ་འབྱོར་བྱེ་བ་རྣམས་ཀྱི་ནང་ནས་གལ་ཏེ་གཅིག་
གི་སྙིང་གི་ནང་དུ་འཇུག་སྲིད་དམ་ཞེས་སོ། །དེ་བཞིན་དུ་ཡང་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་། འཇིག་རྟེན་ཁེངས་པའི་ང་རྒྱལ་འཛིན། །ང་ཡིས་དོན་དམ་ཤེས་སོ་སྙམ། །བྱེ་བའི་ནང་ནས་གལ་ཏེ་གཅིག །མིག་སྨན་མེད་པའི་མི་སྣང་འགྱུར། །ཆེན་པོ་ཞེས་
བྱ་བའི་གླུའི་གདངས་སོ། །བི་རཱུ་པའི་ཞབས་ཀྱིའོ། །ཆང་མ་གཅིག་ཉིད་ཁྱིམ་ནི་གཉིས་ན་ཆང་སྤྱོད་བྱེད། །ཕབས་དང་རྩི་མེད་ཆུ་བདག་ཆང་ནི་སྦྱོར་བར་བྱེད། །ལྷན་ཅིག་སྐྱེས་པ་བརྟན་པར་བཟུང་ཀྱི་རྣལ་འབྱོར་ཆང་། །གང་གིས་རྒས་དང་འཆི་མེད་ཕུང་པོ་འགྱུར་
མེད་བརྟན། །སྒོ་ནི་བཅུ་པར་རྟགས་ཀྱིས་མཚོན་པ་མཐོང་བར་འགྱུར། །ཆང་ཉོ་འོངས་པ་རང་གིས་ཆང་ནི་ཁུར་ནས་འོངས། །ཆུ་ཚོད་དྲུག་ཅུ་རྩ་བཞིའི་གྷ་ཊཱའི་སྟེགས་བུ་བཤམས། །ཆང་འཐུང་རབ་ཏུ་ཞུགས་ནས་ངེས་པར་བྱུང་བ་མེད། །ཆང་གི་བུམ་པ་གཅིག་གི་མཆུ་
ནི་ཤིན་ཏུ་ཕྲ། །བི་རཱུས་སྨྲས་པ་བརྟན་པ་ཉིད་དུ་བསྐྱོད་པར་གྱིས། །ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའི་དབྱེ་བས་དེ་ལ་ཨ་ཝ་དྷཱུ་ཏཱི་པ་བི་རཱུ་པའི་ཞབས་ཀྱིས་མཆོག་གི་སྙིང་རྗེས་ཡང་ནས་ཡང་ཡིད་ཐེ་ཚོམ་མེད་པར་རབ་ཏུ་གསལ་པོར་གསུངས་ཏེ། ཆང་མ་གཅིག་
གིས་ཞེས་བྱ་བ་ལ་སོགས་པ་ནི་གཅིག་ཉིད་དྲུག་གི་སྦྱོར་བ་ལས་དེ་ཨ་ཝ་དྷཱུ་ཏཱིའི་ཆང་མ་ནི་སྟེང་དུ་སྣའི་དྲིལ་བུའི་བུ་ག་ལ་ཟླ་བ་དང་ཉི་མ་གཡོན་དང་གཡས་པ་དག་རྣལ་འབྱོར་པ་དར་མས་སྟོབས་དང་ལྡན་པས་གཉིས་པོ་སྦྱོར་བར་བྱེད་པར་དབུ་མར་རབ་ཏུ་འཇུག་པར་བྱེད་དོ། །
Vol. 52 · folio 162b
དེས་ནི་རང་བྱིན་གྱིས་བརླབ་པ་བསྟན་པར་བྱེད་དོ། །སླར་ཡང་རང་ཉིད་དེ་བཞིན་དུ་འོངས་པ་འོག་ཏུ་སྣ་ནི་རྡོ་རྗེ་ནོར་བུའི་རྩེ་མོའི་བུ་གར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ནི་མ་རིག་པའི་ས་བོན་ཞེ་སྡང་ལ་སོགས་པའི་དྲི་མ་དང་བྲལ་ཞིང་འོད་གསལ་བས་བླ་མའི་མན་ངག་ལས་
དགོངས་པའི་སྐད་ཆུ་བདག་ཆང་ཞེས་ཏེ། བདེ་བས་རབ་ཏུ་ཚིམ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་འཆིང་བར་བྱེད་དོ། །བརྟན་པའི་རྐང་པས་དོན་དམ་བྱང་ཆུབ་ཀྱི་སེམས་བརྟན་པོར་བྱེད་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་ཞེས་པ་ནི་རྡོ་རྗེ་བླ་མའི་དྲིན་ལས་སྣ་ཚོགས་པའི་
དགའ་བ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་བརྟན་པར་བྱའོ། །ཀྱེ་རྣལ་འབྱོར་པ་ཆང་ཞེས་པ་ནི་དགོངས་པའི་སྐད་ཀྱིས་དེ་ཁོ་ན་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་ཁོང་དུ་ཆུད་པར་བྱའོ། །དེའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་བྱིན་གྱིས་བརླབས་པར་གྱུར་པས་མི་འགྱུར་
བའི་བདེ་བའི་ཞགས་པས་བཅིང་བར་བྱས་ནས་གང་གིས་གོམས་པའི་ཁྱད་པར་གྱིས་རྒས་པ་དང་འཆི་བ་ཉིད་མེད་པ་བརྟན་པའི་ཕུང་པོ་འདིས་ཐོབ་པར་བྱེད་དོ། །དེ་བཞིན་དུ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། བརྟན་པའི་སྙིང་པོ་མི་རྙིངས་དང་། །མི་ཆོད་མི་
འཇིགས་མཚན་ཉིད་དོ། །མི་འཚིག་པ་དང་ཆུད་མི་ཟ། །སྟོང་ཉིད་རྡོ་རྗེ་ཞེས་བརྗོད་དོ། །རྐང་པ་གཞན་གྱིས་སོ་སོར་རྒྱས་པར་བཤད་པ་གསུངས་ཏེ། སྒོ་བཅུ་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཀྱི་སྒོར་ཡང་ཆགས་པ་ཆེན་པོའི་བདེ་བས་རབ་ཏུ་དགའ་
བའི་རྟགས་བལྟས་ནས་དྲི་ཟའི་སེམས་ཅན་ཉིད་རང་ཉིད་འོངས་ཏེ་སྒོ་ནས་རབ་ཏུ་ཞུགས་ནས་བདེ་བ་ཆེན་པོའི་ཆུ་སྐྱེས་ཀྱི་རོའི་བཏུང་བས་རང་གི་སེམས་ཚིམ་པར་བྱེད་དོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་། ཨེ་ཝཾ་ཡི་གེའི་ས་བོན་ལེན། །ཆུ་སྐྱེས་ཀྱི་ནི་མེ་
ཏོག་ལ། །སྦྲང་རྩི་བྱེད་པའི་གཟུགས་ཀྱིས་ནི། །རབ་དགའི་དཔའ་བོ་སྦྲང་རྩི་སྣོམ། །ཀཱཧྞས་སྨྲས་པ་སེམས་ཉིད་ནི། །གང་དུ་མི་འཇིགས་ཆད་པ་མེད། །མི་གཡོ་བ་ཡི་རླུང་ཉིད་ཀྱིས། །ཁྱིམ་མི་མོ་ཡི་ཁྱིམ་ན་འཁོར། །ཇི་ལྟར་རང་ཉིད་ཀྱིས་ནི་སྒོམ་ཞེ་ན། །དེ་ཉིད་
Vol. 52 · folio 163a
དགྱེས་པའི་རྡོ་རྗེ་ལས་ཀྱང་། རང་ཉིད་བྱེད་པོ་རང་ཉིད་འཕྲོག །རང་ཉིད་རྒྱལ་པོ་རང་ཉིད་གཙོ། །ཞེས་པའི་ཚིག་ལས་སོ། །རྐང་པ་གསུམ་པས་དྲི་ཟའི་སེམས་ཅན་གྱི་འགྲོ་བ་འགག་པ་གསུངས་ཏེ། ཆུ་ཚོད་དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལ་སོགས་པའི་དྲུག་ཅུ་
རྩ་བཞིའི་པད་འདབ་ལ་གྷ་ཊཱི་དགོངས་པའི་སྐད་ཀྱིས་སྤྲུལ་པའི་འཁོར་ལོར་སྟེགས་བུ་ནི་དགོངས་པའི་སྐད་ཀྱིས་དེ་ཉིད་ཀྱང་གདན་ནོ། །དེ་ལ་ཆགས་པ་ཆེན་པོའི་མེ་འབར་བ་ལས་དྲི་ཟའི་སེམས་ཅན་རབ་ཏུ་འཇུག་གོ། །དེའི་འཇུག་པ་ནི་འབྱུང་བ་མེད་པའོ། །དེ་བཞིན་དུ་ནག་པོ་
སྤྱོད་པའི་ཞབས་ཀྱིས་ཀྱང་། འོག་དང་སྟེང་དུ་འཇུག་གཉིས་དང་། །བྲལ་ཞིང་དེ་ལ་མི་གཡོར་གནས། །ཀཱཧྞས་སྨྲས་པ་སེམས་ཉིད་ནི། །གང་དུ་མི་འགྲོ་ཆད་པ་མེ། །མི་གཡོ་བ་ཡི་རླུང་ཉིད་ཀྱིས། །ཁྱིམ་མི་མོ་ཡི་ཁྱིམ་ན་འཁོར། །རྐང་པ་བཞི་པ་གསུངས་པ་ནི། །
བུམ་པ་གཅིག་གི་ཞེས་བྱ་བ་ལ་སོགས་པའི་དེ་ཉིད་སྔོན་དུ་གསུངས་པ་ཨ་ཝ་དྷཱུ་ཏཱི་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དབྱེར་མེད་པར་བྱེད་པའི་ཕྱིར་གྷ་ཊཱི་སྟེ་སྣ་གཉིས་འགོག་པའི་ཕྱིར་ཤིན་དུ་ཕྲ་མོའི་གཟུགས་བི་རཱུ་པའི་ཞབས་ཀྱིས་དེ་བཞིན་ཉིད་གསུངས་ཏེ།
དེ་ཡིས་ཁུ་བའི་རྩ་བླ་མའི་མན་ངག་ལས་དེ་ལ་མི་ལྷུང་བ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ནས་དབའ་རླབས་མེད་པའི་ཚུལ་གྱིས་བསྐྱོད་པའོ། །དེ་བཞིན་དུ་དབང་བཤད་པ་ལས་ཀྱང་། ཇི་སྲིད་མི་ལྟུང་འོད་གསལ་རང་བཞིན་ཏེ། །བསིལ་ཟེར་བྱེད་པ་འཛིན་པའི་ཁུ་
བ་ཉིད། །ལྷ་མོའི་པདྨའི་འདབ་མའི་ནང་ཉིད་དུ། །རོ་མཉམ་གྱུར་པ་རྒྱལ་བའི་ཚོགས་རྣམས་ཀྱིས། །རྡོ་རྗེ་ནོར་བུའི་རྩེ་མོར་འཕྲོ་བ་ཡིས། །འཇིགས་པ་མེད་པའི་སྙིང་རྗེས་འགྲོ་བ་བྱེད། །དེ་ཉིད་དཔལ་གྱི་སྙིང་རྗེའི་སྟོབས་ཀྱིས་ནི། །ཁྱབ་བདག་ལྷན་ཅིག་སྐྱེས་
པའི་ཚུལ་ཉིད་ཤེས། །སྐྱ་རེངས་ཞེས་བྱ་བའི་གླུའི་གདངས་གུཎྜི་རིའི་ཞབས་ཀྱིའོ། །ཀ་མགོ་ནོན་ལ་ཡན་ལག་འཁྱུད་ལ་བྱིན། །ཆུ་སྐྱེས་རྡོ་རྗེ་སྦྱོར་ཚོད་དུས་མིན་དགོངས་མོ་གྱིས། །རྣལ་འབྱོར་ཁྱོད་མེད་སྐད་ཅིག་ཀྱང་མི་འཚོ། །ཁྱོད་ཞལ་འོ་བྱེད་ཆུ་སྐྱེས་ཁུ་བ་འཐུང་། །
Vol. 52 · folio 163b
འཕངས་ནས་ལེན་མི་ཤེས་པ་རྣལ་འབྱོར་མ། །མ་ཎི་ཀུཎྜ་ལི་ཕྱིར་ཨོ་ཌྱན་མཉམ། །སྒྱུག་མོའི་ཁྱིམ་ཕྱིན་ལྡེ་ཀྱོག་ལྡེ་མིག་གོ། །ཟླ་བ་ཉི་མ་གཉིས་ཀྱི་སྒོ་གླེགས་ཅན། །གུཎྜ་རཱི་བདག་ཀུནྜ་རེ་པ་སྨྲས། །མི་དང་མི་མོའི་དབུས་སུ་རྟགས་མཚན་བཙུགས། །དེ་ཉིད་ཀྱི་དོན་
དཔལ་ཧེ་རུ་ཀའི་རྟོགས་པ་གུཎྜ་རིའི་ཞབས་ཀྱིས་གཞན་རྣམས་ལ་རང་བཞིན་མེད་པ་རྟོགས་པར་བྱེད་པ་ནི་ཀ་མགོ་ཞེས་བྱ་བ་ལ་སོགས་པ་བརྐྱང་མ་དང་རོ་མ་དང་ཀུན་འདར་མའི་རྩ་གསུམ་མནན་ནས་ཤིན་དུ་གསལ་སྣང་དུ་བྱས་པ་དེ་ཉིད་ཡོངས་སུ་དག་པའི་ཨ་ཝ་དྷཱུ་ཏཱི་པ་རྣལ་
འབྱོར་མ་བདག་མེད་མའོ། །ཡན་ལག་འཁྱུད་ལ་ཞེན་པ་ནི་ཨཾ་ཀ་ནི་རྟགས་ཏེ་སྒྲུབ་པ་པོ་ལ་སྟེར་བར་བྱེད་དོ། །དེ་ཡང་སྐྱོད་པར་བྱེད་པའོ། །ཡང་རྣམ་པ་སྣ་ཚོགས་ལ་སོགས་པའི་མཚན་ཉིད་རྣལ་འབྱོར་པས་དགའ་བ་ལ་སོགས་པའི་རིམ་པ་སྟེར་པར་བྱེད་དོ། །
སླར་ཡང་དེ་ཉིད་སྒོམ་པ་པོས་རྒྱུན་མི་འཆད་པར་མངོན་པར་སྦྱོར་བ་ལས་དབུགས་འབྱིན་པ་སྟེར་བར་བྱེད་དོ། །ཆུ་སྐྱེས་རྡོ་རྗེ་ཞེས་པ་ནི་ཀྱེའི་མཆོག་གི་རྣལ་འབྱོར་པ་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་སྦྱོར་བ་ལ་ཆགས་པས་དགའ་བ་ལ་ཡང་དག་
པར་འཇོ་བ་དེ་ཡིས་དུས་མིན་པ་ཞེས་པ་ནི་དུས་དང་བྲལ་ནས་བདག་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་སུམ་དུ་བྱེད་དོ། །དེའི་ཕྱིར་བདེ་བ་ཆེན་པོ་གསལ་བར་གྲགས་པའི་བདག་ནི་དགོངས་པའོ། །འདི་བཞིན་དུ་གསུངས་ཏེ་ཀྱེའི་བདག་མེད་རྣལ་འབྱོར་མ་
ཁྱོད་མེད་ན་སྐད་ཅིག་ཀྱང་བསྲུང་བར་དཀའ་བའི་ཤུགས་ཅན་རབ་ཏུ་གཡོ་བའི་ཕྱིར་སྲོག་གི་རླུང་བདག་གིས་འཛིན་པར་མི་ནུས་སོ་ཞེས་སོ། །དེ་བཞིན་དུ་ལུང་ལས་ཀྱང་། སྐྱེ་དང་གནས་དང་འཇིག་རྣམས་ལ། །བར་དོའི་སྲིད་པ་གནས་པ་སྟེ། །ཇི་སྲིད་རྣམ་རྟོག་འཇིག་
རྟེན་པ། །རླུང་དང་སེམས་ཀྱིས་རྣམ་པར་བྱས། །ཁྱོད་ཞལ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡང་འོ་བྱེད་པའོ། །ཆུ་སྐྱེས་ཁུ་བ་ཞེས་པ་ནི་གཙུག་ཏོར་གྱི་པདྨའི་ཆང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བླ་མའི་དྲིན་ལས་སྣ་ཚོགས་པའི་དགའ་བ་སྐལ་བ་དང་ལྡན་པའི་དུས་སུ་བྱེད་
Vol. 52 · folio 164a
པར་འགྱུར་ཏེ། སྐལ་མེད་ཌིཎྜི་མ་རུ་བརྗོད། །སྐལ་ལྡན་ཀཱ་ལིཾ་ཛ་རར་འདོད། །ཅེས་སོ། །རྐང་པ་གཞན་གྱིས་རྣལ་འབྱོར་མའི་བསྔགས་པ་གསུངས་ཏེ། འཕངས་ནས་ཞེས་བྱ་བ་ལ་སོགས་པ་ནི་འཕངས་པ་ནི་རང་གི་གནས་སུ་སྦྱོར་བ་ལས་དེ་བྱང་
ཆུབ་ཀྱི་སེམས་ཀྱི་གཟུགས་བདག་མེད་མའི་རྣལ་འབྱོར་མ་མཚན་ཉིད་དང་བྲལ་བས་སྦྱངས་པའི་དགའ་བས་ནོར་བུའི་རྩ་བ་ནས་རྨོངས་པའི་དྲི་མས་མ་གོས་པར་འགྱུར་རོ། །སླར་ཡང་དེ་ལ་རྩེ་བའི་རོ་ཉམས་སུ་མྱོང་བའི་ནོར་བུའི་རྩ་བ་ནས་སྟེང་དུ་འགྲོ་ཞིང་འོངས་པས་བདེ་
བ་ཆེན་པོའི་འཁོར་ལོའི་བར་དུ་འགྲོ་བར་འགྱུར་རོ་ཞེས་སོ། །དེའི་ཕྱིར་ནག་པོ་སྤྱོད་པ་པའི་ཞབས་ཀྱིས་གསུངས་ཏེ། དེ་ཉིད་རི་བོ་མཆོག་ཅེས་བདག་གིས་སྨྲས། །དེ་ཉིད་བདེ་བ་ཆེན་པོ་ཉིད་ཀྱི་གནས། །རོ་གཅིག་ཉིད་གྱུར་ཆང་ནི་ལྷན་ཅིག་སྐྱེས། །ཇི་སྲིད་བདེ་བ་ཆེན་པོའི་དུམ་བུ་ལོང་། །
རྐང་པ་གསུམ་པས་གནས་ཡོངས་སུ་དག་པ་གསུངས་ཏེ། སྒྱུག་མོའི་ཁྱིམ་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་ཇི་སྲིད་རྣལ་འབྱོར་གྱི་དབང་ཕྱུག་གིས་ལྷ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས་སྐུ་རྡོ་རྗེ་བརྟན་པར་བྱས་ནས་རྡོ་རྗེ་བཟླས་པའི་མན་ངག་གིས་ཟླ་བ་དང་ཉི་མ་དག་གི་ཕྱོགས་སུ་ལེན་
པ་འགོག་པས་གསུང་རྡོ་རྗེ་བརྟན་པར་བྱེད་དོ། །ཐུགས་རྡོ་རྗེ་བརྟན་པར་བྱེད་པའི་ཕྱིར་ཏེ་སྣ་ཚོགས་པ་དགའ་བ་ཨ་ཝ་དྷཱུ་ཏཱི་པས་ལྷན་ཅིག་སྐྱེས་པའི་དགའ་བ་དང་རོ་གཅིག་པའི་ངོ་བོས་དབུགས་ཀྱི་ཁྱིམ་དུ་རི་རབ་ཀྱི་རྩེ་མོར་ལེན་པར་བྱེད་དོ། །ལྡེ་ཀྱོག་ཅེས་པ་ནི་ལྡེ་མིག་
ཡང་དག་པར་སྦྱོར་བར་བྱེད་པ་ནོར་བུའི་རྩ་བའི་སྒོར་དགག་པར་བྱའོ། །བདག་ཉིད་ཡང་དག་པའི་བྱང་ཆུབ་རང་ཉིད་ཀྱིས་མངོན་སུམ་དུ་སོང་བ་སྨྲ་བར་བྱེད་དོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་། གང་ལ་ཡིད་རླུང་འཇུག་པ་ཡིན། །སྒོ་ནི་སྦྱོར་བས་བརྟན་
པར་བྱ། །གལ་ཏེ་མི་ཟད་མུན་དེ་ལ། །ནོར་བུའི་སྒྲོན་མེ་སྦར་བྱས་ནས། །རྒྱལ་བའི་རིན་ཆེན་སྟེང་གི་ནི། །གལ་ཏེ་ནམ་མཁའ་ཕྲད་བྱས་ནས། །འཁོར་བ་ཟ་བར་ཀཱཧྞ་སྨྲ། །མྱ་ངན་འདས་པ་ཉིད་ཀྱང་འགྲུབ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་གྲུབ་པའི་སློབ་
Vol. 52 · folio 164b
དཔོན་གཱུཎྜ་རཱི་བདག་ཉིད་དེ་ལྟ་བུའི་བསྔགས་པ་གསུངས་པ་ནི་སྨྲ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་རབ་ཏུ་བྱིན་པ་ལས་གཞན་ཁ་ཕྱིར་ཕྱོགས་པའི་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཀུ་ནྡུ་རུ་ཡིས་དབང་པོ་གཉིས་སྙོམས་པར་འཇུག་པའི་སྦྱོར་བ་མི་འགྱུར་བའི་
བདེ་བས་ཉོན་མོངས་པའི་དགྲ་བཅོམ་པས་བདག་དཔའ་བོའོ། །སླར་ཡང་དེ་རྣམས་ཀྱི་ནང་དུ་རྟགས་མཚན་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་རྟགས་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་དག་གི་མངོན་དུ་གྱུར་པ་མངོན་པར་ཤེས་པས་མཐོང་བའི་དོན་ནོ། །གུ་ཛྫ་
རཱི་ཞེས་བྱ་བའི་གླུའི་གདངས་ཙཱ་ཊཱི་ལའི་ཞབས་ཀྱིའོ། །སྲིད་པའི་ཆུ་ཀླུང་ཀློང་བཅས་ཟབ་མོ་རྒྱུག་ཅིང་འབབ། །མཐའ་མ་གཉིས་ནི་རབ་འདྲེད་དབུས་ན་འདུག་གནས་མེད། །ཆོས་དབྱིངས་དོན་དུ་ཙཱ་ཊཱི་ལ་ཡིས་ཟམ་པ་བྱས། །ཕ་རོལ་འགྲོ་བའི་འཇིག་རྟེན་ངེས་པར་
སྒྲོལ་བར་བྱེད། །མ་རིག་ལྗོན་ཤིང་གཤགས་ནས་སྤང་ལེབ་ཡང་དག་བསྒྲིགས། །གཟོང་གཉིས་ཀྱིས་ནི་བརྟན་པར་མྱ་ངན་འདས་པ་ཕུག །ཟམ་པ་དེ་ལ་འགྲོ་ན་གཡས་གཡོན་མ་འགྲོ་ཅིག །ཉེ་བར་བདོག་པས་རིང་དུ་འགྲོ་བར་མ་བྱེད་ཅིག །གལ་ཏེ་ཁྱེད་རྣམས་འཇིག་
རྟེན་ཕ་རོལ་འགྲོ་ན་ཡང་། །བླ་མེད་བྱང་ཆུབ་ཙཱ་ཊཱི་ལ་ལ་དྲི་བར་གྱིས། །དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་གྱུར་པའི་ཙཱ་ཊཱི་ལའི་ཞབས་ཀྱིས་སྒྲ་གཞན་གྱིས་རབ་ཏུ་གསལ་བར་གསུངས་ཏེ། སྲིད་པའི་ཆུ་ཀླུང་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་བཤད་པའི་བརྐྱང་མ་དང་རོ་མའི་རྩའི་
སྣང་བ་རྣམས་གསུམ་ཚུ་རོལ་ཕ་རོལ་ཟབ་པ་ཉིད་ཀྱིས་ཆུ་ཀླུང་དགོངས་པའི་སྐད་ཀྱིས་ཁོང་དུ་ཆུད་པར་བྱའོ། །ཉིན་མོ་དང་མཚན་མོ་དང་ཐུན་མཚམས་སུ་ཡུལ་ལ་རྣམ་གཡེང་སྐྱེད་པ་ཉམས་པར་བྱེད་པ་ཡང་ངོ་། །དེའི་ཕྱིར་ཀློང་དང་བཅས་པའི་འཇིགས་སུ་རུང་བ་རང་བཞིན་གྱི་
སྐྱོན་ནི་ཟབ་མོ་སྟེ། ལམ་དྲུག་གི་སྒོ་ནས་ཆུ་དང་དྲི་མ་ལ་སོགས་པ་རབ་ཏུ་འབབ་པའི་ཕྱིར་རོ། །དེའི་ཕྱིར་ན་དེ་བཞིན་དུ་མཐའ་གཉིས་ནི་ཚུ་རོལ་དང་ཕ་རོལ་ཏེ་གཡོན་དང་གཡས་སུ་ཤིན་ཏུ་འདྲེད་པ་ཞེས་བྱའོ། །རང་བཞིན་གྱི་སྐྱོན་གྱི་འདམ་གྱིས་མ་གོས་པ་དབུ་མའི་དོན་ལ་
Vol. 52 · folio 165a
བདག་ཉིད་དེ། ཨ་ཝ་དྷཱུ་ཏཱིའི་ཚད་མའི་རང་བཞིན་གྱིས་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་བྱེད་པར་མི་ནུས་སོ། །དྷྲཱུའི་རྐང་པས་བཞི་པའི་དགའ་བ་ཉེ་བར་གསལ་བར་གསུངས་ཏེ། ཆོས་ཀྱི་དོན་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ།
བུམ་པ་དང་སྣམ་བུ་དང་ཀ་བ་དང་རྫས་ལ་སོགས་པར་གྱུར་པ་སྟེ་རང་བཞིན་གྱིས་མེད་པའི་གཟུགས་ཞེས་སོ། །དཔལ་ཧེ་རུ་ཀའི་རྒྱུད་ཀྱི་དེ་ཁོ་ན་ཉིད་ཀྱི་ལེའུ་གསུངས་པ་རྣམ་པར་དཔྱོད་པ་དམིགས་པ་མེད་པ་དེ་ཡིས་གྲུབ་པའི་སློབ་དཔོན་ཙཱ་ཊཱི་ལི་པས་ཟམ་པ་ཞེས་གསུངས་
པ་ནི་ཀུན་རྫོབ་དང་དོན་དམ་པ་གཅིག་ཏུ་བྱེད་པ་བླ་མའི་དྲིན་གྱིས་ཉེ་བར་འབྱེད་པར་བྱེད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། སྟོང་ཉིད་སྙིང་རྗེ་དག་ནི་སྦྱོར་བ་མེད་གྱུར་ན། །སྲིད་དང་མྱང་འདས་མི་གནས་ཐོབ་པར་མི་ནུས་སོ། །གལ་ཏེ་སྙིང་རྗེ་འབའ་ཞིག་སྒོམ་
པར་བྱེད་གྱུར་ཀྱང་། །སྐྱེ་བ་སྟོང་གིས་ཐར་པ་ཐོབ་པར་མི་འགྱུར་རོ། །གྲུབ་པའི་སློབ་དཔོན་གྱི་ཐབས་འདིས་ཐར་པ་རང་གི་ལུས་ཀྱིས་ནི་རྣལ་འབྱོར་པས་སོ། །དེ་རྣམས་ཀྱང་ངེས་པར་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་བྱེད་དོ་ཞེས་སོ། །རྐང་པ་གཞན་གྱིས་བཤད་པའི་དོན་
གསལ་བར་བྱེད་པ་གསུངས་ཏེ། གཤགས་ནས་ཞེས་བྱ་བ་ལ་སོགས་པ་ནི་མ་རིག་པའི་ལྗོན་ཤིང་ནི་ཡུལ་ལ་འཇུག་པའི་དབང་ལས་དེ་ལ་དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་བཀས་ནས་དེའི་ཡུལ་དུ་འཛིན་པའི་འགོག་པའི་ཕྱིར། རྟག་ཏུ་འོད་གསལ་
ནི་ཡང་སྤང་ལེབ་སྟེ་ལྷན་ཅིག་ཏུ་བྱེད་པ་ནི་ཡང་དག་བསྒྲིགས་པའོ། །སླར་ཡང་འདིའི་འབྲས་བུ་རྟོགས་པར་བྱ་བའི་ཕྱིར་ཟུང་འཇུག་གི་སྟ་རེས་བརྟན་པར་བྱེད་པའི་ཕྱིར་རོ། །རྐང་པ་གསུམ་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། ཟམ་པ་ཞེས་བྱ་བ་ལ་སོགས་
པ་ནི་རང་བྱིན་གྱིས་བརླབ་པ་དང་འོད་གསལ་བ་དག་གཅིག་ཏུ་བྱེད་པ་ནི་ཟམ་པ་སྟེ་སྐྱེ་བོ་སེམས་པ་རྣམས་འཁོར་བའི་རྒྱ་མཚོ་ལས་ཕ་རོལ་ཏུ་བྱེད་པའི་ཕྱིར་རོ། །ཀྱེ་རྣལ་འབྱོར་པ་དེ་ལ་འགྲོ་ན་གཡོན་དང་གཡས་སུ་ཟླ་བ་དང་ཉི་མར་སྣང་བ་དག་སྔོན་དུ་རྡོ་རྗེའི་བཟླས་པས་
Vol. 52 · folio 165b
འགོག་པ་ལས་སླར་ཡང་ཕྱི་ནས་སྒོམ་པས་བསམ་པར་མི་བྱའོ། །འདིས་གོམས་པའི་དབང་གིས་བྱང་ཆུབ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་རིང་བ་སྟེ་ཤིན་དུ་ཉེ་བ་ཉིད་དོ། །དེའི་ཕྱིར་ལམ་ངན་པ་ལ་འགྲོ་བ་ལ་དེ་བཞིན་དུ་རིང་དུ་མ་འགྲོ་ཅིག་ཅེས་པའི་དོན་ནོ། །རྣལ་
འབྱོར་གྱི་གནས་རྐང་པ་བཞི་པས་གསུངས་ཏེ། གལ་ཏེ་ཁྱེད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་གསལ་སྣང་གསུམ་གྱིས་རྨོངས་པ་ཆེན་པོའི་རྩ་ལས་ཕ་རོལ་ཏུ་འགྲོ་བར་འདོད་པ་རྣམས་ལ་ཀྱེ་རྣལ་འབྱོར་པ་དེའི་ཚེ་གྲུབ་པའི་སློབ་དཔོན་གྱི་མན་ངག་བདག་གིས་ངེས་པར་
ཤེས་སོ་ཞེས་གསུངས་པའོ། །གཞན་རྣལ་འབྱོར་པས་དེ་བཞིན་ཉིད་སྒྲུབ་པ་མི་ཤེས་ཏེ་པོ་སྟི་བལྟས་པའི་ང་རྒྱལ་ལས་སོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་། དོ་ཧ་མཛོད་ལས་མངོན་པར་གསུངས་ཏེ། ལྷན་སྐྱེས་གཅིག་པའི་ལམ་མཆོག་དེ་ཉིད་ནི། །
ཀཱཧྞ་པ་ཡིས་གསལ་བར་ཡོངས་སུ་ཤེས། །ལུང་དང་བསྟན་བཅོས་མང་པོ་བཀླགས་པ་དང་། །སྦྱངས་ཀྱང་དབྱིངས་པས་ཅུང་ཟད་ཤེས་མི་འགྱུར། །པ་ཏ་ཧ་མཉྫ་རི་ཞེས་བྱ་བའི་གླུའི་གདངས་བྷུ་སུ་ཀུའི་ཞབས་ཀྱིས་སོ། །གང་གིས་ཟས་ལ་འདུས་ནས་ཅི་སྟེ་འདུག །
མཐའ་སྐོར་རྒོལ་བ་ཕྱོགས་བཞི་རྣམས་གནས་སོ། །རི་དགས་རང་ཤར་རང་གི་དགྲ་རུ་ལངས། །སོར་རྟོག་སྐད་ཅིག་མི་འདོར་བྷུ་སུ་ཀུ། །རྩྭ་ལ་མི་རེག་རི་དགས་ཆུ་མི་འཐུང་། །ཀྱེ་མ་རི་དགས་ཕོ་མོ་གནས་མི་ཤེས། །རི་དགས་སྨྲ་ཉོན་རྩྭ་མེད་རི་དགས་མ། །ནགས་
འདི་སྤངས་ནས་འཇིགས་མེད་གནས་སུ་སོང་། །མཆོང་ཞེས་རྒྱུག་པས་རི་དགས་རྐང་མི་སྣང་། །བྷུ་སུ་ཀུས་སྨྲས་བླུན་སྙིང་ལ་མི་འཇུག །དེ་ལྟ་བུའི་དོན་གཞན་གྱི་དོན་དུ་སེམས་སྙིང་རྗེས་བསྐུལ་བའི་བྷུ་སུ་ཀུ་པའི་ཞབས་ཀྱིས་རི་དགས་ཀྱི་སྒྲས་དགོངས་པའི་སྐད་ཀྱིས་
གསུངས་སོ། །གང་གིས་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་མེད་པའི་དུས་ནས་བཟུང་ནས་ཤེས་བཞིན་མ་ཡིན་པའི་སྐྱོན་གྱིས་འཆི་བདག་གི་བདུད་ཀྱི་དུག་གིས་བསྐོར་ནས་འདུག་པ་སོད་སོད་ཅེས་རྒོལ་བ་བདག་གི་སེམས་ཀྱི་རི་དགས་ཀྱིས་ཐོས་ནས། ད་ནི་བླ་མ་
Vol. 52 · folio 166a
དམ་པའི་ཞབས་ཀྱི་རྡུལ་གྱི་སྟོབས་ཀྱིས་དེ་རྣམ་པར་སྤངས་ལ་ཆོས་ཐམས་ཅད་དམིགས་སུ་མེད་པ་དེ་ཡིས་གཟུང་བ་དང་འཛིན་པའི་ངོ་བོ་ཉིད་དུ་མེད་པའི་ཕྱིར་ཅིས་ཀྱང་བཟུང་ནས་བདག་ཉིད་གྲོལ་བར་གནས་པའོ། །དྷྲཱུའི་རྐང་པས་བརྟན་པར་བྱེད་དོ། །
རང་གི་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་དེ་བཞིན་དུ་རང་གིས་བྱས་པའི་མ་རིག་པ་དང་སེར་སྣའི་སྐྱོན་གྱིས་གཡོ་བ་དེ་ཡིས་ཡང་སེམས་ཅན་དེ་ཉིད་རི་དགས་ཏེ། ཐམས་ཅད་ཀྱི་དགྲ་ཡིས་བསྐོར་བས་སེམས་ཀྱི་རི་དགས་སྐད་ཅིག་ཉིད་ཀྱང་སྤོང་བའོ། །བྷུ་སུ་ཀུའི་ཞབས་ཀྱི་
སོར་རྟོག་ནི་བླ་མ་དམ་པའི་ཞབས་ཀྱི་མདའ་ཡིས་གཞན་ལ་འཕེན་པའོ། །དེ་ལྟ་བུ་ཉིད་ཅེས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། ཇི་སྲིད་པགས་པས་བཏུམས་པ་འདི། །རང་གི་བློ་ཡིས་གུད་དུ་གྱིས། །ཤ་ཡང་རུས་པའི་དྲ་བ་ལས། །
ཤེས་རབ་མཚོན་གྱིས་དབྱེ་བར་བྱ། །རུས་པའང་སོ་སོར་དབྱེ་བྱས་ནས། །རྐང་མར་ནང་དུ་བལྟས་པ་ལས། །འདི་ལ་སྙིང་པོ་ཅི་ཞིག་ཡོད། །རང་ཉིད་དེ་བཞིན་རྣམ་པར་དཔྱོད། །སེམས་ཀྱི་རི་དགས་ཐེ་ཚོམ་མེད་པར་རྟོགས་པ་གང་ལས་བཤད་ན་རྩྭ་མི་ཟ་ཞེས་
བྱ་བ་ལ་སོགས་པ་སྟེ། དཔེར་ན་ཕྱིའི་རི་དྭགས་རྩྭ་ཟ་ཞིང་འབབ་ཆུ་འཐུང་བར་བྱེད་པ་དེ་བཞིན་དུ་སེམས་ཀྱི་རི་དྭགས་མི་བྱེད་དོ། །ཁྱད་པར་དུ་རྣམ་པར་དཔྱོད་པའི་རང་བཞིན་གྱིས་དེ་དག་སེམས་དང་རླུང་དག་གི་གནས་ནི་འདུག་གནས་དབང་པོའི་སྒོ་ཡིས་མི་རྟོགས་སོ། །
དེ་བཞིན་དུ་ནག་པོ་སྤྱོད་པ་པའི་ཞབས་ཀྱིས་དོ་ཧ་མཛོད་ལས་གསལ་པོར་གསུངས་ཏེ། རི་མཆོག་རྩེ་མོ་མཐོང་བ་ཡི། །ཐང་ལ་ཤ་བ་རི་དགས་བཅས། །གདོང་ལྔ་པ་ཡང་མི་མཆོང་ཞིང་། །གླང་ཆེན་མཆོག་ནི་རིང་དུ་གནས། །རྐང་པ་གསུམ་པས་ལུས་ཀྱི་ནགས་ཡུལ་
ལ་ལོ་མ་གཡོ་བ་ཉེ་བར་སྡུད་པ་གསུངས་ཏེ། རི་དགས་ཞེས་བྱ་བ་ལ་སོགས་པ་ནི་ཡུལ་གྱི་ཆུ་དང་སྲིད་པ་ཟ་བར་རི་དགས་ཏེ་འགོག་པའི་ཕྱིར་རོ། །རི་དགས་ཞེས་པ་ནི་དགོངས་པའི་སྐད་ཀྱིས་དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་བདག་མེད་མ་སྒོམ་པ་པོ་གོམས་པས་དབང་དུ་
Vol. 52 · folio 166b
འགུགས་ཤིང་དབུགས་འབྱིན་པ་སྟེར་བར་བྱེད་དོ། །ཀྱེའི་སེམས་ཀྱི་རི་དགས་ལུས་ཀྱི་ནགས་འདིའི་ལུས་ཀྱི་ཁྱིམ་སྤངས་ནས་གང་ལ་བདེ་བ་ཆེན་པོའི་པདྨའི་ཚལ་དུ་སོང་ནས་འཁྲུལ་པའི་རྣམ་པར་རྟོག་པ་མེད་པ་ལ་སྤྱོད་དོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་སྡོམ་པ་ལས་
ཀྱང་། དམིགས་མེད་ཀུན་དུ་ཁྱབ་པ་ཡིས། །ཡིད་ནི་སྙིང་རྗེ་རོ་གཅིག་པས། །འདིར་ནི་འདོད་ལྡན་མ་བཞིན་དུ། །ཅིག་ཅར་སྟོང་ཉིད་འཁྱུད་པར་གྱིས། །རྐང་པ་བཞི་པས་ཀྱང་ཆུང་ངུ་དང་ཆེན་པོ་ལ་སོགས་པའི་རྗེས་སུ་བསྔགས་པ་གསུངས་ཏེ། མཆོང་ཞིང་རྒྱུག་པས་རི་
དགས་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་རྣལ་འབྱོར་པ་དེའི་རང་གི་སེམས་ཀྱི་རི་དགས་ཀྱི་ཆ་ཤས་ལ་སོགས་པའི་རྣམ་པར་རྟོག་པས་མི་རྟོག་པའོ། །འགའ་ཞིག་གིས་ཀྱང་ཕྱིའི་བསྟན་བཅོས་དང་ལུང་གི་མངོན་པའི་ང་རྒྱལ་གྱི་མཁས་པ་དེ་རྣམས་ཀྱིས་ཀྱང་ཆོས་
འདི་ལ་ཡང་དག་པར་རྨོངས་ཤིང་ཤིན་དུ་རིང་དུ་གྱུར་པ་སྟེ། གྲུབ་པའི་སློབ་དཔོན་བྷུ་སུ་ཀུ་པའི་ཞབས་ཀྱིས་གསུངས་པ་དེ་རྣམས་ཀྱི་སྙིང་ལ་དེ་ཁོ་ན་ཉིད་དུ་ཅུང་ཟད་མིག་ཉེ་བར་ཞི་བ་ཙམ་དུ་ཡང་མི་འགྱུར་རོ། །གང་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྷ་མོ་བཞིས་ཞུས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས།
ཐུབ་ཆེན་ཆོས་ཀྱི་ཕུང་པོ་ནི། །བརྒྱད་ཁྲི་དང་ནི་བཞི་སྟོང་ལ། །གང་གིས་དེ་ཉིད་མི་ཤེས་པ། །དེ་རྣམས་ཐམས་ཅད་འབྲལ་མེད་ཡིན། །རྔའི་ཚོགས་པ་ཞེས་བྱ་བའི་གླུའི་དབྱངས་ནག་པོ་སྤྱོད་པ་པའི་ཞབས་ཀྱིའོ། །འཇིགས་བྱེད་དུས་མཚན་མ་ཡིས་ལམ་ནི་བཀག །དེ་མཐོང་ཀཱཧྞ་སེམས་ནི་རྣམ་མི་དགའ། །
ཀཱཧྞས་གང་དུ་ཕྱིན་ནས་གནས་འཆའ་བྱེད། །ཡིད་ཀྱི་སྤྱོད་ཡུལ་གང་དེ་བཏང་སྙོམས་འདུག །ཁམས་གསུམ་གསུམ་པ་གསུམ་ཀྱང་སོ་སོར་འདུག །ཀཱཧྞས་སྨྲས་པ་སྲིད་པ་ཡོངས་སུ་གཅོད། །གང་དང་གང་བྱུང་དེ་དང་དེ་ཡང་སོང་། །བདག་ཉིད་འོངས་ནས་ཀཱཧྞ་ཡིད་མི་བདེ། །འདི་ནི་ཀཱཧྞ་རྒྱལ་པོའི་ཕོ་
བྲང་ཉེ། །ཀཱཧྞས་སྨྲས་ཀྱང་བདག་གི་སྙིང་མི་འཇུག །འགྲོ་བའི་དོན་ལ་སྙིང་རྗེའི་ཁུར་གྱིས་ཐུགས་བརླན་པའི་སློབ་དཔོན་ནག་པོ་སྤྱོད་པའི་ཞབས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་ཁྱད་པར་དུ་འཕགས་པ་གསུངས་ཏེ། འཇིགས་བྱེད་ཅེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་རང་གི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་
Vol. 52 · folio 167a
བས་རྡོ་རྗེ་བཟླས་པའི་མན་ངག་ཐོབ་པ་ནག་པོ་སྤྱོད་པ་བས་འཇིགས་བྱེད་ནི་ཡེ་ཤེས་ཀྱི་སྣང་བ་དང་དུས་མཚན་མ་ནི་སྣང་བ་མཆེད་པ་གཅིག་ཏུ་བྱས་ནས་ཨ་ཝ་དྷཱུ་ཏཱིའི་ལམ་དུ་བརྟན་པ་དང་འགོག་པའོ། །སླར་ཡང་བླ་མ་དམ་པའི་དྲིན་ལས་རང་བཞིན་གྱིས་ཡོངས་སུ་དག་པ་ཨ་
ཝ་དྷཱུ་ཏཱི་པའི་གཟུགས་ནག་པོ་སྤྱོད་པའི་ཞབས་ཀྱིས་ཡིད་ཁྱད་པར་དུ་འཕགས་པར་གྱུར་པའོ། །ཀཱཧྞ་གང་དུ་ཕྱིན་ནས་ཞེས་བྱ་བ་ལ་སོགས་པ་ནི་དྷྲཱུའི་རྐང་པས་རང་གིས་གནས་སུ་འགོག་པས་འགོག་པ་གསུངས་ཏེ། རང་ཉིད་དེ་བཞིན་དུ་བདག་ལ་སོགས་པ་འབོད་པར་བྱེད་དེ། ཀྱེ་ནག་པོ་སྤྱོད་པ་པ་རྡོ་རྗེའི་
ཚིག་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་གཟུགས་ཀྱིས་བདེ་བ་ཆེན་པོས་ཁྱབ་པ་ནི་འགྲོ་བ་ཞེས་སོ། །དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཀྱི་རྒྱལ་པོར་གསུངས་པའི་དོན་མངོན་དུ་བྱེད་པ་ལས་གང་དུ་གནས་འཆའ་བ་ནི་བདག་ཉིད་ཀྱིས་གནས་པར་བྱེད་པའོ། །ཐམས་ཅད་དེའི་རང་བཞིན་ཡིན་པའི་ཕྱིར་
གང་རྣམས་ཀྱིས་ཀྱང་རྣལ་འབྱོར་པའི་ཡིད་ཀྱི་སྤྱོད་ཡུལ་ཡིད་ཀྱི་དབང་པོས་རྟོགས་པ་ཉིད་གཙོ་བོར་གྱུར་ཏེ། དེ་རྣམས་ཀྱང་འདིར་ཆོས་ལ་བཏང་སྙོམས་ཏེ་དེ་ལས་རིང་དུ་གྱུར་པ་ཉིད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། གང་དུ་ཡིད་རླུང་མི་རྒྱུ་ཞིང་། །ཉི་མ་ཟླ་བ་འཇུག་མེད་
དེར། །རྨོངས་པ་སེམས་ཀྱིས་ངལ་སོ་གྱིས། །ས་ར་ཧ་ཡིས་མན་ངག་བསྟན། །རྐང་པ་གཉིས་པས་དེ་ལ་གསལ་བར་བྱེད་པ་གསུངས་ཏེ། གསུམ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་མཐོ་རིས་དང་ས་སྟེངས་དང་ས་འོག་དང་། ནང་གི་ལུས་དང་ངག་དང་ཡིད་དང་། ཉིན་མོ་དང་མཚན་མོ་དང་
ཐུན་མཚམས་རྣམས་རྣལ་འབྱོར་མའི་རྒྱུད་ལ་སོགས་པར་ཁོང་དུ་ཆུད་པར་བྱའོ། །དེ་རྣམས་ཕན་ཚུན་བདེ་བ་ཆེན་པོས་ཁྱབ་པར་བྱེད་པ་ཉིད་ཀྱིས་དབྱེ་བའི་མཚན་ཉིད་མི་དམིགས་པ་སྟེ། རྣལ་འབྱོར་པས་དོན་དམ་པར་རིག་པས་སོ། །དེ་བཞིན་དུ་ལུང་ལས་ཀྱང་། མཐོ་རིས་ས་སྟེང་ས་འོག་རྣམས།
གཅིག་གི་གཟུགས་གྱུར་སྐད་ཅིག་ལས། །ཤེས་པའི་ཚིག་ལས་དེ་རྣམས་ཀྱིས་དོན་སྤྱོད་པ་པ་གླུ་དབྱངས་ཞབས་ཀྱིས་གསུངས་ཏེ། སུམ་ཅུ་བདུན་དང་དགུ་དང་སུམ་ཅུ་བརྒྱད། །དེ་རྣམས་དཀྱིལ་འཁོར་གསུམ་ལ་ཁྱད་པར་མེད། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཆོས་ཐམས་
Vol. 52 · folio 167b
ཅད་ཁོང་དུ་ཆུད་པ་ནག་པོ་སྤྱོད་པའི་ཞབས་ཀྱིས། བདག་ནི་སྲིད་པའི་རྣམ་རྟོག་གཅོད་པ་པོ། །ཞེས་གསུངས་སོ། །རྐང་པ་གསུམ་པས་རང་གི་རྗེས་སུ་བསྔགས་པ་གསུངས་ཏེ། །གང་དང་གང་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་གང་དང་གང་སྐྱེས་པ་དེ་དང་དེའི་དངོས་པོ་ཐིམ་པར་གྱུར་པའོ། །
དེ་རྣམས་སྐྱེ་བ་དང་འཇིག་པ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་བླ་མའི་དྲིན་ལས་ཡོངས་སུ་ཤེས་པས་ནག་པོ་སྤྱོད་པའི་ཞབས་ཀྱི་ཡིད་ཁྱད་པར་དུ་འཕགས་པ་ཡོངས་སུ་དག་པར་གྱུར་ཏོ། །དེ་བཞིན་དུ་ལུང་ལས་ཀྱང་། སྲིད་པའི་དེ་ཉིད་ཡོངས་ཤེས་ན། །མྱ་ངན་འདས་ཞེས་བྱ་བར་བརྗོད། །
རྐང་པ་བཞི་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་རང་ཉིད་ཀྱི་བདག་ལ་འབོད་པར་བྱེད་དེ་ཀྱེའི་རྡོ་རྗེ་ནག་པོ་ཞབས་རིམ་པ་ལྔ་སྔོན་དུ་སོང་ན་སླར་ཡང་རྒྱལ་པོའི་ཕོ་བྲང་བདེ་བ་ཆེན་པོའི་གྲོང་ཁྱེར་པ་དག་ལ་ཤིན་དུ་ཉེ་བར་འགྱུར་རོ། །དེ་བཞིན་དུ་ཀླུ་སྒྲུབ་ཞབས་ཀྱིས་
ཀྱང་། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ཀྱི། །དེ་ཐབས་རྫོགས་སངས་རྒྱས་ཀྱིས་ཀྱང་། །སྐས་ཀྱི་རིམ་པ་བཞིན་དུ་སྤྲུལ། །ལྷ་རྣམས་རོལ་པ་ཞེས་བྱ་བའི་གླུ་དབྱངས་ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་ཀྱང་། སྙིང་རྗེའི་གྲུ་ནི་གསེར་གྱིས་རབ་ཏུ་
ཁེངས། །དངུལ་ལ་གཞག་པའི་གནས་ཉིད་མེད་པར་གྱུར། །ནམ་མཁའ་བལྟས་ནས་ལ་བ་པ་ཡིས་འགྲོ། །སྐྱེ་བ་སོང་ནས་སླར་ཡང་ཇི་ལྟར་འབྱུང་། །གྲུ་ཡི་བརྟོད་ཕུར་ཐོང་ལ་ཉག་ཐག་ཐོང་། །བླ་མ་དམ་པ་ལ་དྲིས་པ་ཡིས་འགྲོ། །གྲུ་ཡི་མཇུག་ལ་ཞོན་པས་མཚོན་ཞིང་འགྲོ། །གྲུ་སྐྱ་མེད་པར་
མཉེན་པ་གང་གིས་འགྲོ། །བྱང་དང་ལྷོ་དག་བཅུམ་ནས་གྲུ་སྣ་ཞོན། །བདེ་བ་ཆེན་པོའི་གྲོགས་དང་ལམ་དུ་འཛོམ། །མཆོག་གི་སྙིང་རྗེའི་དགའ་བའི་ཐུགས་ཚིམ་པའི་ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱི་སྙིང་རྗེའི་དགོངས་པའི་སྐད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གསལ་བར་མཛད་ནས་གསུངས་ཏེ། གསེར་
ཞེས་བྱ་བ་ལ་སོགས་པ་ནི་སྙིང་རྗེའི་ཞེས་བྱ་བ་དགོངས་པའི་སྐད་ཀྱིས་དེ་ལ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལ་གྲུ་ཞེས་བྱ་སྟེ། གཟུགས་ཀྱི་རྒྱན་དུ་གཞན་ལ་རྟོགས་པར་བྱའོ། །དེ་དང་དེའི་བདག་ཉིད་དེ་ཡིས་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དང་ལྷན་ཅིག་བླ་མའི་དྲིན་གྱི་བཅུད་ཀྱིས་གང་ནས་བདེ་
Vol. 52 · folio 168a
བ་ཆེན་པོའི་འཁོར་ལོར་འགྲོ་བའོ། །རྒྱ་མཚོའི་སྟེང་དུ་འགྲོ་བ་ནི་བདག་ཉིད་ལ་བོད་པ་སྟེ་གྲུབ་པའི་སློབ་དཔོན་ལ་བའི་ན་བཟའ་ཅན་གྱི་ཞབས་ཀྱིས་བསྒྲོད་པར་བྱེད་པའོ། །རཱུ་པ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་
པར་ཤེས་པ་ལ་སོགས་པ་རྣམས་ཀྱི་དབྱེ་བའི་གནས་མེད་པ་སྟེ། ཐམས་ཅད་དེ་བཞིན་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་རྣམས་བཞི་པའི་ཐབ་ས་ལ་གྲུས་འགྲོ་བ་སྟེ། བདག་གྲུབ་པའི་སློབ་དཔོན་དུ་གྱུར་ནས་སྐྱེ་བ་མཐའ་དག་ཏུ་ལྡོག་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །དེ་ཉིད་
བདག་ལ་བོད་པ་སྟེ་ལ་བའི་ན་བཟའ་ཅན་གྱི་ཞབས་ལ་རྣམ་པར་མི་རྟོག་པ་རབ་ཏུ་འབབ་པ་གོམས་པར་གྱིས་ཤིག་པའོ། །དེ་བཞིན་དུ་རབ་ཏུ་མི་གནས་པ་གསལ་བར་མཛད་པ་ལས་ཀྱང་། ཇི་སྲིད་འགའ་ཞིག་རྣམ་པར་རྟོག །རབ་སྐྱེས་ཡིད་ནི་སྤང་བྱ་སྟེ། །དེ་སྲིད་དུ་ནི་གཉིས་ཉིད་ཕྱིར། །
གང་ཡང་དགའ་བའི་ངོ་བོ་ཉིད། །མཆོག་ཏུ་བདེ་བར་བྱེད་པས་སོ། །དེ་ཡང་རྣམ་པར་རྟོག་པ་ཙམ། །གང་ཡང་ཆགས་པ་དང་བྲལ་བའི། །དངོས་མེད་དེ་ཡང་དེ་གཉིས་ལ། །དེ་ཡི་དངོས་པོར་འཛིན་པའི་ཕྱིར། །མྱ་ངན་འདའ་བར་མི་འགྱུར་རོ། །འགའ་ཞིག་ཀྱང་ནི་ཡུལ་ཉིད་ལ། །རྣམ་པར་
མི་རྟོག་བདག་སེམས་ལས། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །རྐང་པ་གཞན་གྱིས་དེ་ཉིད་ཀྱི་དོན་གསལ་བར་གསུངས་ཏེ།
བརྟོད་ཕུར་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་ལ་སྣང་བའི་ཉེས་པ་ལ་བླ་མའི་གསུང་གིས་བརྟན་པ་སྐྱེད་པར་བྱེད་དོ། །ཀྱེའི་མཆོག་གི་རྣལ་འབྱོར་པ་ཞེས་སོ། །ཉག་ཐག་ནི་མ་རིག་པའི་སྲད་བུ་མྱུར་དུ་གྲོལ་བར་བྱས་ལ་དེ་ཡིས་འགྲོ་བར་གྱིས་ཤིག་པའོ། །དེ་རྣམས་ཀྱི་སྣང་བའི་ཁྱད་པར་
གྱིས་བླ་ན་མེད་པའི་ཆོས་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འདིར་ཐེ་ཚོམ་མེད་དོ། །རྐང་པ་གསུམ་པས་བླ་མའི་གདམས་པ་དང་བྲལ་བས་ཕྱིན་ཅི་ལོག་ཏུ་གྱུར་པར་གསུངས་ཏེ། གྲུའི་མཇུག་ཅེས་བྱ་བ་ལ་སོགས་པ་ནི་དགའ་བྲལ་གྱི་ལམ་དུ་སོང་ནས་ཕྱོགས་བཞིར་གཟུང་བ་དང་འཛིན་པ་ལ་
Vol. 52 · folio 168b
སོགས་པའི་རྣམ་པར་རྟོག་པ་ལ་གལ་ཏེ་ལྟ་ཞིང་རྟོག་པར་བྱེད་ན་དེའི་ཚེ་བླ་མའི་གསུང་གི་མཉེན་པ་དང་བྲལ་བས་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱིས་རབ་ཏུ་བགྲོད་པ་བདེ་བ་ཆེན་པོའི་འཁོར་ལོར་འགྲོ་བར་མི་ནུས་ཏེ། སླར་ཡང་ངེས་པར་འཁོར་བར་ལྟུང་བར་འགྱུར་ཏེ། དེ་ལྟར་ཡང་ནག་
པོ་སྤྱོད་པའི་གླུ་དབྱངས་ཀྱིས་ཀྱང་། དོང་དུ་ལྷུང་ན་ག་པུར་ཉམས་པར་འགྱུར། །ཞེས་གསུངས་སོ། །གང་ཞིག་སླར་ཡང་བླ་མ་དམ་པའི་གསུང་གིས་རྡོ་རྗེ་དང་ཆུ་སྐྱེས་ཀྱི་བདེ་བའི་རྗེས་སུ་ཚོལ་བར་བྱེད་པ་དེ་འཁོར་བའི་རྒྱ་མཚོའི་ཕ་རོལ་དུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ནག་པོ་སྤྱོད་པ་པ་
གླུ་དབྱངས་ཞབས་ཀྱིས་ཀྱང་། གང་ཞིག་ཕུག་པས་ཡིད་ཀྱི་རིན་པོ་ཆེ། །ཉིན་རེ་ཉིན་རེ་ལྷན་ཅིག་སྐྱེས་པ་འཕྲོ། །དེ་ཉིད་ཀྱིས་ནི་ཆོས་ཀྱི་གནས་ཉིད་ཤེས། །ཐུབ་པ་རྣམས་ཀྱིས་གཞན་དུ་ཅི་ཞིག་གསུངས། །རྐང་པ་བཞི་པས་འབྲས་བུ་གསལ་བར་བྱེད་པ་གསུངས་ཏེ། བྱང་དང་ལྷོ་ཞེས་བྱ་
བ་ལ་སོགས་པ་ནི་གཡོན་དང་གཡས་ཀྱི་སྣང་བ་གཉིས་པོ་དབུས་སུ་རབ་ཏུ་ཞུགས་པའི་ཕྱིར་ལམ་སྣ་ཚོགས་པའི་དགའ་བར་གྱུར་པ་བྱང་ཆུབ་ཀྱི་སེམས་ལ་རང་གི་ཡེ་ཤེས་ཡོངས་སུ་སྦྱངས་ནས་བདེ་བ་ཆེན་པོའི་འཁོར་ལོ་རྒྱ་མཚོར་མཚོན་ནས་དེའི་ཚེ་འཛོམ་པ་སྟེ། དེ་ལ་ལམ་དུ་ནི་བདེ་བ་ཆེན་པོའི་
གྲོགས་བདག་མེད་པའི་ཡེ་ཤེས་ལ་མངོན་པར་འཁྱུད་པ་བདག་ཉིད་ཀྱིས་ཐོབ་པར་འགྱུར་རོ། །པ་ཌ་ཧའི་ཚོགས་པ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །ཨེ་ཝཾ་ཡི་གེ་བརྟན་བྱས་ཀ་གཉིས་ཉེད། །རྣམ་པ་སྣ་ཚོགས་ཁྱབ་བྱེད་འཆིང་བ་སྟོན། །ཀཱཧྞ་རྩེ་ཞིང་སྦྲང་གི་ཆང་གིས་མྱོས། །
ལྷན་སྐྱེས་ཆུ་སྐྱེས་ཚལ་ཞུགས་སེམས་མེད་གྱུར། །ཇི་ལྟ་ཇི་ལྟར་གླང་ཆེན་གླང་མོར་ཆགས། །དེ་ལྟ་དེ་ལྟར་དེ་ཉིད་ངོས་འགྲམ་འབབ། །འགྲོ་དྲུག་མཐའ་དག་རང་བཞིན་དག་པ་སྟེ། །དངོས་དང་དངོས་མེད་ལ་ཆགས་མ་དག་པ། །སྟོབས་བཅུའི་རིན་ཆེན་ཕྱོགས་བཅུ་རྣམས་སུ་འཕྲོ། །རིག་པའི་གླང་
དབང་ཉོན་མོངས་ཉིད་ཀྱིས་བཙལ། །དགའ་བའི་ཚོགས་པས་ཁྱབ་པ་དེ་ཡིས་ནག་པོ་གླུ་དབྱངས་ཞབས་ཀྱི་སེམས་ཀྱི་གླང་པོ་ཆེའི་དགོངས་པའི་སྐད་ཀྱིས་དེ་ཉིད་ཀྱི་དོན་གྱི་གཟུགས་ཀྱི་རྒྱུན་དུ་གསུངས་ཏེ། ཨེ་ཝཾ་ཡི་གེ་ཞེས་བྱ་བ་ལ་སོགས་པའི་བཾ་ཡིག་ཟླ་བའི་སྣང་བ་ཨེ་ཡིག་ཉི་མ་སྟེ། གཉིས་པོ་
Vol. 52 · folio 169a
ཉིན་མོ་དང་མཚན་མོའི་ཤེས་རབ་ཀ་བ་གཉིས་མཉེས་ནས་སྣང་བ་མེད་པར་བྱས་ཏེ། རྡོ་རྗེ་བཟླས་པས་གཞན་སྣ་ཚོགས་པའི་རབ་ཏུ་བྱེད་པ་ཨ་ཝ་དྷཱུ་ཏཱི་ཁྱབ་བྱེད་འགོག་པ་ཕྱུང་ནས་གསུམ་པོ་དེ་རྣམས་ཀྱི་དམིགས་པ་མེད་པའི་ཆང་གི་བཏུང་བས་རབ་ཏུ་མྱོས་པའོ། །ཡོད་པའི་
ཤེས་པ་ལ་གླང་པོ་ཆེའི་དབང་པོར་སྤྱོད་པའི་ཞབས་ཀྱིས་གསུངས་སོ། །ཆུ་སྐྱེས་ཚལ་ནི་བདེ་བ་ཆེན་པོའི་ཆུ་སྐྱེས་ཀྱི་ཚལ་དུ་ཕྱིན་ན་རྣམ་པར་མི་རྟོག་པར་རོལ་པར་བྱེད་པའོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། ཕྱི་རོལ་གང་དེ་བདེན་མེད་རང་བཞིན་བྲལ། །ཤེས་པ་
ཡང་ནི་ཕྱི་རོལ་དོན་བཞིན་ནོ། །གང་ཞིག་སྟོང་པར་ཡོངས་སུ་རྟོག་བྱེད་ན། །དེ་ཡང་སྟོང་ཉིད་འདོད་པ་འབའ་ཞིག་མིན། །དེ་ཉིད་ཡོངས་སུ་རྟོག་པའི་དངོས་ཚོགས་ནི། །དེ་ཉིད་མེད་ལ་དེ་ཉིད་གཅིག་པའི་བློས། །སྒྱུ་མའི་གར་མཁན་གར་གྱི་བྱ་བ་ལ། །གར་མཁན་རྣལ་འབྱོར་དབང་ཕྱུག་རྩེ་བར་
བྱེད། །རྐང་པ་གཞན་གྱིས་དེ་ཉིད་གསུངས་པ་སྟེ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཕྱི་རོལ་དུ་གླང་པོ་ཆེ་གླང་མོ་ལ་ཆགས་པའི་མྱོས་པས་རྒྱུག་པར་བྱེད་དོ། །དེ་བཞིན་དུ་བཅོམ་ལྡན་འདས་བདག་མེད་མ་ལ་ཆགས་པ་དེ་ཡིས་སེམས་ནི་གླང་པོ་ཆེའི་དབང་པོ་ནག་པོ་སྤྱོད་
པ་པའི་ཞབས་ཀྱི་དེ་བཞིན་ཉིད་ཀྱི་ཆང་རབ་ཏུ་འབབ་པར་བྱེད་དོ། །དེའི་ཕྱིར་རྐང་པ་གསུམ་པས་དངོས་པོ་དང་དངོས་པོ་མེད་པའི་དམིགས་པ་གསུངས་ཏེ། འགྲོ་དྲུག་ཅེས་བྱ་བ་ལ་སོགས་པ་ནི་སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་
སྐྱེས་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་འགྲོ་བ་དྲུག་པོ་རྣམས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་དངོས་པོ་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པའི་སྐྲའི་རྩེ་མོ་ཙམ་ཡང་མ་དག་པ་མེད་པའོ། །དེ་བཞིན་དུ་དབུ་མའི་བསྟན་བཅོས་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་
བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྐང་པ་བཞི་པས་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་མཚན་ཉིད་གསུངས་ཏེ། སྟོབས་བཅུ་ཞེས་བྱ་བ་ལ་སོགས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དེ་བཞིན་ཉིད་ཀྱི་རིན་པོ་
Vol. 52 · folio 169b
ཆེ་ཕྱོགས་བཅུར་ཁྱབ་པ་དེ་ཡིས་ཉམས་སུ་མྱོང་བ་གོམས་པའི་སྟོབས་ཀྱིས་འཕྲོ་བ་དག་ཉིད་ཀྱིའོ། །དེའི་ཕྱིར་དེ་བཞིན་ཉིད་ཀྱི་རིན་པོ་ཆེའི་མཐུས་མ་རིག་པའི་གླང་པོ་ཆེའི་དབང་པོ་མ་ཆགས་པའི་མྱོས་པ་གང་ལས་སོ། །དེ་ཤ་ཁ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིས་སོ། །
གྲོང་ཁྱེར་ཕྱི་རོལ་གཡུང་མོ་ཁྱོད་ཀྱི་ཁྱིམ། །རེག་གིན་རེག་གིན་འགྲོ་དེ་བྲམ་ཟེའི་བུ། །ཀྱེའི་གཡུང་མོ་ཁྱོད་དང་མཉམ་འགྲོགས་བྱ། །ཀཱཧྞ་ཐོད་པའི་རྣལ་འབྱོར་སྐྱུག་བྲོ་སྤངས། །གཅིག་ཉིད་པད་འདབ་དྲུག་ཅུ་རྩ་བཞི་ལ། །དེར་གནས་གཡུང་མོ་གར་བྱེད་པ་པུ་ལཱིའི། །བདག་གིས་གཡུང་
མོ་ཁྱོད་ལ་བདེན་དངོས་དྲིས། །འོང་དང་འགྲོ་བ་གང་གི་གྲུ་ལ་བྱེད། །རྒྱུད་འཚོང་གཡུང་མོ་གཞན་ཡང་མེ་ཏོག་སྟེགས། །ཁྱོད་ཀྱི་ཆེད་དུ་འདམ་བུའི་སྟན་གཞག་གོ། །ཀྱེ་ཁྱོད་གཡུང་མོ་བདག་ནི་ཀ་པཱ་ལི། །ཁྱོད་ཀྱི་ཆེད་དུ་བདག་གི་རུས་ཕྲེང་བཅས། །རྫིང་བུ་བཅོམ་ནས་གཡུང་མོ་པད་
རྩ་ཟོས། །གཡུང་མོ་བླངས་ནས་བདག་གི་ཕ་རོལ་གསོད། །དེ་ཁོ་ན་ཉིད་ཀྱི་དོན་བདག་མེད་པའི་ཆོས་ཁོང་དུ་ཆུད་པ་ནག་པོ་སྤྱོད་པའི་ཞབས་ཀྱིས་གཡུང་མོའི་སྒྲས་དགོངས་པའི་སྐད་ཀྱིས་གསུངས་ཏེ། གྲོང་ཁྱེར་ཞེས་བྱ་བ་ལ་སོགས་པ་ནི་མི་རེག་པའི་སྦྱོར་བའི་ཕྱིར་ཏེ། གཡུང་མོ་ནི་
ཡོངས་སུ་དག་པའི་ཨ་ཝ་དྷཱུ་ཏཱི་བདག་མེད་མར་ཁོང་དུ་ཆུད་པར་བྱའོ། །བྲམ་ཟེ་ཞེས་པ་ནི་བྲམ་ཟེ་ཧཱུཾ་ཡིག་གི་ས་བོན་ལས་སྐྱེས་པ་གཡོ་བའི་སྦྱོར་བ་ལས་སེམས་ནི་བྲམ་ཟེའི་བུའོ། །མན་ངག་ཐོབ་པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་ཁུ་བའི་གཟུགས་ནོར་བུའི་རྩ་བ་ལས་དགའ་
བྲལ་ལ་རེག་ཀྱིན་རེག་ཀྱིན་ཁྱོད་འགྲོ་སྟེ་ཀྱེ་བདག་མེད་མའི་གྲོང་ཁྱེར་ལ་ཞེས་སོ། །དེ་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཚོགས་པར་ཤེས་པར་བྱའོ། །དབང་པོའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་བླ་མའི་མན་ངག་གིས་ཁྱོད་ཀྱི་ཁྱིམ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་བདག་གྲུབ་པའི་སློབ་
དཔོན་ནག་པོ་ཞབས་ཀྱིས་རྟོགས་པ་ཞེས་སོ། །ཀྱེའི་གཡུང་མོ་ཞེས་བྱ་བ་ལ་སོགས་པ་ནི་ཀྱེའི་གཡུང་མོ་ནི་བདག་མེད་མ་ཁྱོད་དང་བདག་ལྷན་ཅིག་མངོན་པར་འཁྱུད་པར་བྱའོ། །གང་དང་འདྲ་བའི་གནས་དེ་དང་འདྲ་བ་དག་ལ་བདག་ནི་སྐྱུག་བྲོ་བ་དང་ངོ་ཚ་བ་ལ་སོགས་པའི་སྐྱོན་དང་བྲལ་བའོ། །
Vol. 52 · folio 170a
དེ་བས་ན་བདག་རྟག་ཏུ་རྒྱུན་མི་འཆད་པར་འཛིན་པས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་བོ། །ཇི་ལྟར་དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང་། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ལ་བདག་གིས་བཤད་ཀྱིས་ཉོན། །རྐང་པ་
གཉིས་པས་གོམས་པའི་གནས་གསུངས་ཏེ། གཅིག་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི་འཁོར་ལོར་པདྨ་འདབ་མ་དྲུག་ཅུ་རྩ་བཞི་དང་ལྡན་པ་ལ་དེ་ལ་གནས་པའི་བཅོམ་ལྡན་འདས་བདག་མེད་མ་དང་ལྷན་ཅིག་རོ་གཅིག་དེ་ཡིས་ཆགས་པ་ཆེན་པོའི་དགའ་བས་ཤིན་ཏུ་ཡིད་དུ་འོང་བ་
ཉིད་ཀྱིས་ནག་པོ་སྤྱོད་པ་པ་གར་བྱེད་དོ། །དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང་། གར་ནི་ཧེ་རུ་ཀ་གཟུགས་ཀྱིས། །རྗེས་དྲན་ཐོབ་པ་སྦྱོར་བ་ལས། །རྐང་པ་གསུམ་པས་བདག་མེད་མ་ཁོང་དུ་ཆུད་པ་བརྟན་པར་བྱེད་དོ། །ཀྱེའི་ཁྱོད་ཅེས་བྱ་བ་ལ་སོགས་པ་ནི་ཀྱེའི་བདག་མེད་མ་བདེན་
པའི་དངོས་པོའི་རང་བཞིན་གྱི་བསམ་པས་ཁྱོད་ལ་བདག་གིས་དྲིས་པའོ། །ཆོས་ཐམས་ཅད་བདག་མེད་པ་དེའི་གང་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་གྲུའི་ལམ་གྱིས་ཁྱོད་ཀྱིས་འགྲོ་བ་དང་འོང་བ་བྱེད་པ་ཁྱོད་ཀྱིས་མི་བྱེད་དོ་ཞེས་པའི་དོན་ཏེ། ཐམས་ཅད་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཀྱིས་
ཞེས་སོ། །དེ་བཞིན་དུ་དཔལ་དགྱེས་པའི་རྡོ་རྗེ་ལས་ཀྱང་། དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ལྷན་ཅིག་སྐྱེས་པའི་ངོ་བོར་བརྗོད། །ངོ་བོ་ཉིད་ནི་མྱ་ངན་འདས། །རྣམ་དག་རྣམ་པའི་སེམས་ཉིད་དོ། །རྐང་པ་བཞི་པས་ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་ཉིད་དུ་གསུངས་ཏེ། རྒྱུད་ཅེས་བྱ་བ་
ལ་སོགས་པ་ནི་རྒྱུད་ཅེས་པ་བྷ་ག་པདྨའི་གནས་སུ་མ་རིག་པའི་རང་བཞིན་ནོ། །མེ་ཏོག་སྟེགས་ནི་དེའི་འདབ་མར་ཡུལ་གྱི་སྣང་བའོ། །དེ་དག་བླ་མའི་ཞབས་ཀྱི་དྲིན་གྱིས་བདག་ཉིད་འཚོང་བ་ནི་ཁྱོད་ཀྱིས་ཡོངས་སུ་སྤོང་བར་བྱོས་ཀྱེའི་བདག་མེད་མ་ཞེས་སོ། །དེའི་ཕྱིར་གར་མཁན་བཞིན་
དུ་འཁོར་བའི་མཛོད་དག་གིས་ཁྱོད་ཀྱི་ཆེད་དུ་ཡོངས་སུ་སྤང་བར་བྱའོ་ཞེས་སོ། །རྐང་པ་ལྔ་པས་རྣལ་འབྱོར་གྱི་དབང་ཕྱུག་གི་སྤྱོད་པ་རབ་ཏུ་གསལ་བར་གསུངས་ཏེ། ཀྱེའི་ཁྱོད་ཅེས་བྱ་བ་ལ་སོགས་པ་ནི་ཀྱེའི་གཡུང་མོ་བདག་མེད་མའི་རང་བཞིན་དེ་ཡིས་ཁྱོད་ལ་བཟང་པོས་བླ་མ་དམ་
Vol. 52 · folio 170b
པའི་དྲིན་ལས་བདག་གིས་ཤེས་སོ། །བདག་ཀྱང་ཐོད་པ་ཅན་གྱི་སྤྱོད་པ་འཛིན་པ་སྟེ། ཀཾ་ནི་ཁྱོད་ཀྱི་བདེ་བ། པཱ་ནི་སྐྱོང་བར་ནུས་པའོ། །དེའི་ཕྱིར་ཁྱོད་ཀྱི་ཆེད་དུ་བདག་ནག་པོ་སྤྱོད་པས་དེ་བཞིན་གཤེགས་པ་དྲུག་གི་འཁོར་ལོ་དང་རྣ་རྒྱན་དང་མགུལ་རྒྱན་དང་རུས་རྒྱན་གྱི་སྤྱོད་པ་བཟུང་ནས་ཕྱི་རོལ་
གྱི་སྔགས་དང་རྒྱུད་ལ་ལྟོས་པ་མེད་པ་དེས་རིགས་ལྔའི་སྤྱོད་ལམ་བྱའོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་། གལ་ཏེ་སྔགས་རྒྱུད་ཅུང་ཟད་ཅིག་མེད་པར། །རང་གི་ཆུང་མ་བླངས་ནས་རྩེ་བར་བྱེད། །རང་ཁྱིམ་ཆུང་མ་ཇི་སྲིད་མ་དག་པ། །དེ་སྲིད་རིགས་ལྔའི་སྤྱོད་ལམ་གལ་ཏེ་ཅི། །
རྐང་པ་དྲུག་པས་གཡུང་མོའི་དབྱེ་བ་རྣམ་པ་གཉིས་གསུངས་ཏེ། རྫིང་བུ་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་དྲིན་གྱིས་རྣམ་པར་དམན་པ་ཡིས། །དེ་ཉིད་གཡུང་མོ་ཨ་ཝ་དྷཱུ་ཏཱི་པ་ཡོངས་སུ་མ་དག་པ་ཅན་ནོ། །རྫིང་བུ་ནི་ལུས་ཀྱི་རྫིང་བུའོ། །དེ་ལ་རྩ་བ་དེ་བཞིན་ཉིད་བྱང་ཆུབ་ཀྱི་སེམས་ཀུན་
རྫོབ་ཁུ་བའི་ངོ་བོས་གསོད་པ་སྟེ། བདག་གིས་རང་བཞིན་མེད་པར་བྱེད་པའོ། །དེ་བཞིན་དུ་ཕྱི་རོལ་གྱི་བསྟན་བཅོས་ལས་ཀྱང་། གང་ཞིག་སྔགས་ཀྱིས་བྱིན་བརླབས་ཆུ། །སྣོད་ཀྱི་ཁྱད་ཀྱིས་བསྐུར་བ་འཐོབ། །སྦྲུལ་གྱི་ཁ་རུ་མིད་གྱུར་ན། །ཉ་ཕྱིས་ལས་སྐྱུགས་མུ་ཏིག་གི། །ནཱ་ཌཱི་པ་
དང་ཌོམྦི་པའི་ཞབས་ཀྱིས་སྟོང་པ་ཞེས་བྱ་བ་ལ་སོགས་པའི་གླུ་ནི་རྣམ་པར་མ་བཤད་དོ། །པ་ཌ་ཧ་མཉྫ་རི་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །ནཱ་ཌི་ནུས་ལྡན་བརྟན་གཟུང་ཁ་ཊྭཱཾ་ག །གཞོམ་མེད་ཌ་མ་རུ་སྒྲོགས་དཔའ་བོའི་གདངས། །ཀཱཧྞ་ཐོད་ཅན་རྣལ་འབྱོར་ཞུགས་
ནས་སྤྱོད། །ལུས་ཀྱི་གྲོང་ཁྱེར་ཞེས་བྱར་རིགས་གཅིག་སྤྱོད། །ཨཱ་ལི་ཀཱ་ལི་དྲིལ་བུ་རྐང་གདུབ་ཅན། །ཟླ་བ་ཉི་མ་རྣ་བའི་རྒྱན་དུ་བྱས། །འདོད་ཆགས་ཞེ་སྡང་གཏི་མུག་ཐལ་བས་བྱུགས། །མཆོག་གི་ཐར་ཐོབ་མུ་ཏིག་དོ་ཤལ་བཅངས། །སྒྱུག་མོ་ཨ་ནེ་སྐུད་པོ་ཁྱིམ་དུ་གསོད། །མ་
ནི་གསོད་པས་ཀཱཧྞ་ཀ་པཱ་ལི། །མཆོག་གི་བདེ་བ་ཆེན་པོས་བརྗིད་པའི་ནག་པོ་སྤྱོད་པས་སླར་ཡང་དེ་ཁོ་ན་བཞིན་དུ་དོན་དམ་པ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་གསུངས་ཏེ། ནཱ་ཌཱི་ཞེས་བྱ་བ་ལ་སོགས་པ་ནི་རྩ་སུམ་ཅུ་སོ་གཉིས་ལ་དེ་རྣམས་ཀྱི་ནང་ནས་ནུས་ལྡན་གྱི་རྩ་ནི་གཙོ་བོ་ཨ་ཝ་དྷཱུ་
Vol. 52 · folio 171a
ཏཱིར་ཁྱད་པར་གྱི་དགའ་བའི་ངོ་བོ་བླ་མའི་དྲིན་ལས་ནོར་བུའི་རྩ་བར་རྣམ་པར་གཟུང་བར་བྱའོ། །ཁ་ཊྭཱཾ་ག་ཞེས་བྱ་བ་ནི་ཁ་ནི་སྟོང་པ་ཉིད་འོད་གསལ་བས་ལྷན་ཅིག་སྐྱེས་པ་ལ་ཡང་དག་པར་རེག་པའོ། །ཌ་མ་རུའི་སྒྲ་ནི་གཞོམ་དུ་མེད་པའི་དབྱངས་དཔའ་བོའི་གདངས་
ཀྱིས་སྟོང་པ་ཉིད་སེང་གེའི་སྒྲ་སྒྲོགས་པར་གྱུར་པས་ནག་པོ་སྤྱོད་པ་པ་ནི་ཐོད་པ་ཅན་ནོ། །ལུས་ཀྱི་གྲོང་ཁྱེར་དུ་རབ་ཏུ་ཞུགས་ནས་རབ་ཏུ་སྤྱོད་པ་ནི་ཉོན་མོངས་པ་མངོན་པར་ཟ་བའི་ཚུལ་གྱིས་རིགས་གཅིག་པ་དེ་ཡིས་སྤྱོད་ལམ་གྱིས་འཆག་པར་བྱེད་ཅེས་སོ། །རྐང་པ་གཉིས་པས་རྣལ་
འབྱོར་པའི་རྒྱན་གསུངས་ཏེ། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་གིས་རྡོ་རྗེའི་བཟླས་པས་ཡོངས་སུ་སྦྱངས་པའི་ཟླ་བ་དང་ཉི་མ་ལ་སོགས་པས་དྲིལ་བུ་དང་རྐང་གདུབ་ལ་སོགས་པ་རྣལ་འབྱོར་པའི་རྒྱན་དུ་བྱེད་པ་ཞེས་སོ། །རྐང་པ་གསུམ་
པས་རྣལ་འབྱོར་པའི་རྒྱན་གསུངས་ཏེ། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ནི་དེ་རྣམས་དེ་བཞིན་དུ་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་མེས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྲེག་པར་བྱེད་པའོ། །ཐལ་བ་དེ་རྣམས་ཀྱིས་ལུས་ལ་རྣམ་པར་བྱུགས་ཤིང་སླར་ཡང་རྡོ་རྗེ་སེམས་
དཔའི་རང་བཞིན་གྱིས་བདག་ལ་དམིགས་ཏེ། མཆོག་གི་ཐར་པའི་མུ་ཏིག་གིས་བརྒྱན་ནས་འཆག་པའོ་ཞེས་སོ། །རྐང་པ་བཞི་པས་ཐོད་པ་ཅན་གྱི་སྤྱོད་པ་གསུངས་ཏེ། གསོད་པ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་རླུང་སྟེ། དེ་ལ་ཡིད་དང་རླུང་དབང་དུ་བྱས་ཏེ་
མིག་གི་དབང་པོ་ལ་སོགས་པའི་རྣམ་པར་ཤེས་པའི་རླུང་སྣ་ཚོགས་པའི་རབ་ཏུ་བྱེད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་མ་རིག་པ་ཡང་རང་བཞིན་མེད་པར་བྱས་ལ་སྒྱུ་མའི་ཚུལ་གྱིས་ཐབས་དང་ཤེས་རབ་དབྱེར་མེད་པ་ལ་ཉེ་བར་སྤྱོད་པ་ནག་པོའི་སྤྱོད་པ་པ་སྟེ། འགྲོ་བ་པ་ལ་
འགྲོ་བའི་དོན་གྱི་བསམ་པས་རྡོ་རྗེ་ཐོད་པ་ཅན་དུ་བྱས་ནས་འཁྱམ་པའོ། །དེ་བཞིན་དུ་ད་ཨུ་ཌའི་ཞབས་ཀྱིས་ཀྱང་། སེམས་ཅན་རྡོ་རྗེ་འཛིན་དང་འགྲོ་བ་ཡི། །བུད་མེད་ཐོད་པ་ཅན་གྱི་ཆུང་མ་མཚུངས། །ང་རྒྱལ་དང་བཅས་ཧེ་རུ་ཀ་གཟུགས་དེས། །བཅོམ་ལྡན་གང་ཞིག་བདག་
Vol. 52 · folio 171b
ནི་དབྱེ་བ་མེད། །ཇི་ལྟར་དཔལ་གྱི་པདྨའི་མྱོས་བྱེད་དང་། །གོ་ཀུ་ད་ཧ་ནར་བྱས་གུས་པར་གྱིས། །འདི་ཡིས་ཐམས་ཅད་བློ་གྲོས་དབང་པོ་རྣམས། །རྩེ་གཅིག་ཡིད་ཀྱི་རྣལ་འབྱོར་དབང་ཕྱུག་འགྲུབ། །རྔ་བོ་ཆེ་ཞེས་བྱ་བའི་གླུའི་དབྱངས་ནག་པོ་ཞབས་ཀྱིའོ། །སྙིང་རྗེའི་རྒྱལ་
མཚན་རྒྱན་པོ་རྩེ་བར་བྱེད། །བླ་མའི་གསུང་གིས་སྲིད་པའི་སྟོབས་ལས་རྒྱལ། །ཕྱོགས་སུ་ཌུ་ཨ་བསྐུལ་ན་རྒྱལ་པོ་ལ། །ཕན་ཐབས་ཀཱཧྞ་རྒྱལ་བའི་ཕོ་བྲང་ཉེ། །དང་པོར་མི་རེང་བཏོན་ན་གསོད་པར་འགྱུར། །གླང་ཆེན་བཏོན་ནས་སྐྱེ་བོ་ལྔ་དང་རྩེས། །བློ་ཡིས་རྒྱལ་པོ་
ཡོངས་སུ་མྱ་ངན་འདས། །ངེས་པར་བྱས་པས་སྲིད་པའི་དཔུང་ལས་རྒྱལ། །ཀཱཧྞས་སྨྲས་པ་བདག་ནི་བདེ་མཆོག་བཟང་། །རེ་མིག་དྲུག་ཅུ་རྩ་བཞི་རྩིས་ནས་ལེན། །སླར་ཡང་དེ་ལ་དེ་ལྟ་བུའི་དོན་རྒྱན་པོ་འགྱེད་པ་དགོངས་པའི་སྐད་ཀྱིས་ནག་པོ་སྤྱོད་པའི་ཞབས་ཀྱིས་གསལ་པོར་
གསུངས་ཏེ། སྙིང་རྗེའི་ཞེས་པ་ནི་རང་བྱིན་གྱིས་བརླབས་པ་སེམས་ཀྱི་ངོ་བོས་སེམས་སུ་ཤེས་པར་བྱའོ། །རྒྱལ་ཞེས་པ་ནི་དེའི་རྟེན་ཏིང་ངེ་འཛིན་གྱི་སྒྲིབ་པ་སྐྱོན་བདུན་རྟོགས་པར་བྱའོ། །དེ་རྣམས་ལས་རྒྱལ་བ་ནི་དམིགས་པ་མེད་ཅེས་བྱའོ། །རྒྱན་པོ་ནི་སྔགས་ཀྱི་ཚུལ་
གསང་ལ་བཞི་པའི་དགའ་བའི་སྟོབས་དེ་ལ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བླ་མའི་མན་ངག་ལས་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་མཉམ་དུ་སྦྱོར་བ་གཉིས་པོ་གཅིག་པ་དེ་ཡིས་རྒྱུན་མི་འཆད་པར་དགའ་བ་མངོན་པར་སྦྱོར་བར་རྩེ་བར་བྱེད་པ་ནི་སྲིད་པའི་སྟོབས་ཡུལ་སྣང་བའི་སྟོབས་
ལས་ཉོན་མོངས་པའི་དབང་གིས་བདག་ཅག་ནག་པོ་སྤྱོད་པ་པ་རྒྱལ་བ་ཞེས་སོ། །བརྟན་པའི་རྐང་པས་གསལ་བར་གསུངས་ཏེ། བསྐུལ་ན་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་དེ་བཞིན་དུ་རྡོ་རྗེ་བཟླས་པའི་རིམ་པས་སྣང་བ་གཉིས་པོ་སྟེ་བསྐུལ་བ་ཞེས་པ་ནི་གཅོད་པར་བྱེད་པའོ། །
ཡང་རྒྱལ་པོ་ནི་མ་རིག་པའི་སེམས་ལ་ཕན་པར་བྱེད་པ་པོའི་ཐབས་ཀྱིས་ཞེས་ཏེ། ཆགས་པའི་མཐར་ཁྱད་པར་གྱི་དགའ་བ་བྱུང་བའི་དུས་སུ་བྱང་ཆུབ་ཀྱི་སེམས་མི་འགྱུར་བ་མན་ངག་གི་ཁྱད་པར་གྱི་དགའ་བས་ནག་པོ་སྤྱོད་པ་རྒྱལ་པོའི་ཕོ་བྲང་རང་ཉིད་ཀྱིས་ཉེ་བར་འཇོམས་པར་གྱུར་
Vol. 52 · folio 172a
པ་ཞེས་སོ། །དེ་བཞིན་དུ་ཨུ་ཌའི་ཞབས་ཀྱིས་ཀྱང་། །ཆགས་པའི་མཐའ་མར་ཁྱད་པར་དགའ་འཛུག་པ། །བསམས་པ་ཡིས་ནི་རང་བཞིན་གནས་པར་བྱེད། །གང་ཞིག་ཤེས་པའི་ཡིད་ནི་རབ་ཏུ་འཇུག །གཞན་ཡང་རླུང་དག་འགོག་པར་གྱུར་པ་ཡིས། །གང་
ལ་དུས་དེ་གཞན་དུ་འབྱུང་མི་འགྱུར། །བདེ་བ་མངོན་སུམ་ཕ་རོལ་དེ་ཡིས་གནས། །དེ་ལ་རང་གི་ཉམས་མྱོང་གང་དེ་སླར། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཕྱིར། །རྐང་པ་གཉིས་པ་གོམས་པས་ཤིན་དུ་འགྲོ་བ་གསུངས་ཏེ། དང་པོར་ཞེས་བྱ་བ་ལ་སོགས་པ་ནི་མི་
རེང་ཞེས་བྱ་བ་དགོངས་པའི་སྐད་ཀྱིས་དྲུག་ཅུ་ལྷག་པ་བརྒྱའི་རང་བཞིན་དག་གིས་རྡོ་རྗེ་བཟླས་པའི་རིམ་པས་དང་པོ་ལ་རང་བཞིན་མེད་པར་བྱས་ནས་སླར་ཡང་གླང་ཆེན་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་དེ་བཞིན་ཉིད་ཀྱི་སེམས་གླང་པོ་ཆེའི་དབང་པོས་ཕུང་པོ་ལྔའི་བདག་ཉིད་དང་
ཡུལ་ལྔའི་དར་བྱེད་པ་དང་བདག་ཏུ་བྱེད་པ་ལ་སོགས་པའི་རྒྱན་པོ་རབ་ཏུ་སྤངས་ནས་བདག་མེད་པ་མངོན་སུམ་དུ་བྱེད་པ་ཞེས་སོ། །རྐང་པ་གསུམ་པས་དེ་ཉིད་གསལ་བར་གསུངས་ཏེ། བློ་ཡིས་ཞེས་པ་ནི་བློ་གྲོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་རེག་པར་བྱའོ། །རྒྱལ་པོར་ཞེས་
པ་ནི་ཉོན་མོངས་པས་བསྐྱེད་པའི་སེམས་ཡོངས་སུ་མྱ་ངན་ལས་འདའ་བར་སྐྱེད་པར་བྱེད་པའོ། །དེའི་ཕྱིར་སྲིད་པའི་དཔུང་གི་དངོས་པོའི་གྲོང་གི་སྟོབས་གཟུགས་ལ་སོགས་པའི་ཡུལ་རྣམས་ལས་རང་གི་བྲེལ་བ་མཐའ་དག་བྱས་པས་བདག་རྒྱལ་བའོ། །དེ་བཞིན་དུ་ཀླུ་
སྒྲུབ་ཞབས་ཀྱིས་ཀྱང་། གང་གི་སེམས་ཀྱིས་བྱིས་དེ་རྣམས། །འཁོར་བ་ཉིད་དུ་འཆིང་བར་འགྱུར། །རྣལ་འབྱོར་སེམས་དེ་ཉིད་ཀྱིས་ནི། །བདེ་བར་གཤེགས་པའི་གོ་འཕང་འགྱུར། །རྐང་པ་བཞི་པས་བདག་རྣལ་འབྱོར་པའི་གོ་འཕང་གི་རྗེས་སུ་བསྔགས་པ་གསུངས་ཏེ།
སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ནག་པོ་སྤྱོད་པ་པས་གསུངས་པའོ། །བདེ་མཆོག་ནི་ཡང་དག་པ་ཇི་ལྟ་བའི་བསམ་པའི་དགོངས་པས་རེའུ་མིག་དྲུག་ཅུ་རྩ་བཞི་སྤྲུལ་པའི་འཁོར་ལོར་གནས་པར་བྱས་ནས་རང་སེམས་འོད་གསལ་བ་རང་གིས་འཛིན་པའོ། །འདོད་པ་སྦྱིན་པ་ཞེས་
Vol. 52 · folio 172b
བྱ་བའི་གླུ་དབྱངས་ནག་པོ་ཞབས་ཀྱིའོ། །སྐྱབས་གསུམ་གྲུར་བྱས་གཞོན་ནུ་མ་རྣམས་བརྒྱད། །རང་ལུས་སྙིང་རྗེ་སྟོང་པའི་ཆུང་མ་ཅན། །སྲིད་མཚོ་ལས་སྒྲོལ་སྒྱུ་མ་རྨི་ལམ་བཞིན། །དབུས་སུ་རྫིང་བཅས་ཆུ་རླབས་ཡོང་མི་ཤེས། །དེ་བཞིན་གཤེགས་པ་ལྔ་ཡིས་མཉེན་པ་
བྱས། །ཀཱཧྞ་ལུས་ནི་སྒྱུ་འཕྲུལ་ལས་སྒྲོལ་བྱེད། །དྲི་རེག་རོ་ནི་ཇི་ལྟ་དེ་ལྟའོ། །གཉིད་ནི་མེད་ཀྱང་རྨི་ལམ་དེ་བཞིན་ནོ། །སེམས་ཀྱིས་མཉེན་པས་སྟོང་ཉིད་གྲུར་འཇུག་ལ། །ཞོན་ནས་ཀཱཧྞ་བདེ་བ་ཆེན་པོའི་གྲོགས། །གསུངས་པའི་དོན་བསྟན་པར་བྱ་བའི་ཕྱིར་གླུ་གཞན་
གྱིས་གསུངས་ཏེ། སྐྱབས་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་ནི་ལུས་དང་ངག་དང་ཡིད་དོ། །ཡིད་དེ་ནི་བཞི་པ་གང་ལ་ཐིམ་པར་གྱུར་པའོ། །དེ་ལ་བདེ་བ་ཆེན་པོའི་ལུས་ལ་གྲུའི་དགོངས་པའི་སྐད་དུ་བརྟག་པར་བྱའོ། །དེའི་ཕྱིར་སྟོང་པ་དང་སྙིང་རྗེ་དག་གཅིག་པ་ཉིད་
ནི་རང་ལུས་ཏེ། ཟུང་དུ་འཇུག་པའི་ངོ་བོ་དེ་ཡིས་བདེ་བ་ཆེན་པོའི་ལུས་ཀྱིས་སོ། །གཞོན་ནུ་མ་རྣམ་བརྒྱད་ཅེས་པ་ནི་སངས་རྒྱས་ཀྱི་དབང་ཕྱུག་ལ་སོགས་པའི་བདེ་བ་ཉམས་སུ་མྱོང་བའོ། །དྷྲཱུའི་རྐང་པས་བཞི་པའི་ཐབས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། སྒྲོལ་ཞེས་བྱ་
བ་ལ་སོགས་པ་ནི་ཐབས་ཀྱི་གྲུ་དེ་ཡིས་སྲིད་པའི་རྒྱ་མཚོ་ལས་ནག་པོ་སྤྱོད་པ་པས་སྒྲོལ་བའོ། །སྒྱུ་མའི་རང་བཞིན་དང་རྨི་ལམ་གྱི་དཔེར་བྱས་ཏེ་དབུས་སུ་རྫིང་ནི་ལུས་ལ་མཆོག་ཏུ་དགའ་བ་རང་བྱིན་གྱིས་བརླབ་པའི་སེམས་ཀྱི་ཆུ་རླབས་ནི་གཡོ་བ་དང་བཅས་པའི་བདེ་བ་ཟ་
བའི་རང་བཞིན་ཞེས་ཏེ་འདིར་ནི་རང་གི་ཚོར་བ་ཡང་མི་དམིགས་པའོ། །དེ་བཞིན་དུ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་རབ་ཏུ་མི་གནས་པ་གསལ་བ་ལས། ཇི་སྲིད་འགའ་ཞིག་རྣམ་པར་རྟོག །རབ་སྐྱེས་ཡིད་ནི་སྤང་བྱ་སྟེ། །དེ་སྲིད་དུ་ནི་གཉིས་ཉིད་ཕྱིར། །གང་འདིར་དགའ་བའི་ངོ་
བོ་ཉིད། །མཆོག་ཏུ་བདེ་བར་བྱེད་པའོ། །དེ་ཡང་རྣམ་པར་རྟོག་པ་ཙམ། །གང་ཡང་ཆགས་པ་དང་བྲལ་བའི། །དངོས་མེད་དེ་ཡང་དེ་གཉིས་ལ། །དེ་ཡིས་དངོས་པོར་འཛིན་པའི་ཕྱིར། །མྱ་ངན་འདའ་བར་མི་འགྱུར་རོ། །འགའ་ཞིག་ཀྱང་ནི་ཡུལ་ཉིད་ལ། །རྣམ་པར་མི་
Vol. 52 · folio 173a
རྟོག་བདག་སེམས་ལས། །རྐང་པ་གཉིས་པས་ཕུང་པོ་ཡོངས་སུ་དག་པ་གསུངས་ཏེ། དེ་བཞིན་གཤེགས་པ་ལྔ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་དག་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རང་གི་ལུས་མཉམ་པར་ཡོངས་སུ་ཤེས་པར་
བྱའོ། །བདེ་བ་ཆེན་པོའི་གྲུ་བཟུང་ནས་བདག་ཉིད་ལ་རང་གིས་བོད་པ་སྟེ། ཀྱེའི་ནག་པོ་སྤྱོད་པའི་ཞབས་སྒྱུ་མའི་དྲ་བ་ལྟར་བྱས་པའི་ཕུང་པོ་ཁམས་ལ་སོགས་པའི་ཡུལ་གྱི་རྒྱ་མཚོ་དགག་པར་གྱིས་ཤིག་པའོ། །དེ་བཞིན་དུ་སཱུ་ཏ་ཀེ་ལས་ཀྱང་། ཕུང་པོ་དང་ནི་ཁམས་དང་དེ་
བཞིན་དབང་པོ་རྣམས། །ལྔ་ཉིད་ལྔ་ཉིད་རབ་ཏུ་དབྱེ་བ་བྱས་པ་ལས། །རེ་རེ་ཡང་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས། །འཁོར་བའི་ལས་རྣམས་གང་ལས་འབྱུང་བ་ཉིད་དུ་འགྱུར། །རྐང་པ་གསུམ་པས་ཐེ་ཚོམ་མེད་པར་རྟོགས་པར་བྱ་བའི་ཕྱིར་སྒོམ་པ་
རྣམ་པར་དག་པ་གསུངས་ཏེ། དྲི་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་དྲི་དང་རོ་དང་རེག་བྱ་ལ་སོགས་པའི་ཡུལ་ལ་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པ་དེ་ལས་སོ་སོར་གཉིད་དང་རྨུགས་པ་དང་བྲལ་བ་དེ་ཡིས་སོ། །གཉིད་སད་པའི་གནས་སྐབས་སུ་
ཡང་རྨི་ལམ་བཞིན་དུ་སོ་སོར་གསལ་བའོ། །དེ་བཞིན་དུ་མདོ་ལས་ཀྱང་། གཉིད་ལོག་རབ་ཏུ་སད་ནས་དོན་ལ་དབྱེ་བ་མེད། །རྨི་ལམ་འབྲས་བུ་མངོན་འདོད་ཡང་དག་རྟོག་བྱེད་པ། །ཉིན་དང་མཚན་དུ་རྨི་ལམ་དང་ལྡན་སྐྱེ་བོ་རྣམས། །རབ་ཏུ་འབད་པ་ཆེན་པོས་ཡུན་ནི་རིང་པོས་
བསྒྲུབ། །རྐང་པ་བཞི་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཀྱི་གྲུའི་ལམ་ལ་སེམས་གདོས་པ་འཛིན་པར་ཡང་དག་པར་བསྐྱེད་པ་དང་འགྲོགས་ཏེ་ནག་པོ་སྤྱོད་པའི་ཞབས་བདེ་བ་ཆེན་པོའི་
གླིང་དང་མཚུངས་པར་འགྲོ་བར་བྱེད་དོ། །དྷ་ནི་སཱི་ཞེས་བྱ་བའི་གླུ་དབྱངས་ཌོམྦི་པའི་ཞབས་ཀྱིའོ། །གངྒཱ་དང་ནི་ཡ་མུ་ན་དབུས་གཙང་པོ་འབབ། །དེར་ཞུགས་གདོལ་པའི་བུ་མོ་རོལ་པས་སྒྲོལ་བར་བྱེད། །བསྐྱོད་ཅིག་ཌོམྦི་ཀྱེའི་བསྐྱོད་ཅིག་ཌོམྦིའི་ལམ་ནི་དྲང་པོ་ལ། །བླ་མ་
Vol. 52 · folio 173b
དམ་པའི་ཞབས་ཀྱི་དྲིན་གྱིས་སླར་ཡང་རྒྱལ་བའི་ཕོ་བྲང་འགྲོ། །སྐྱ་བ་འཛིན་པ་ལྔ་ཡིས་གྲུ་འཛུག་སྐུལ་བྱེད་གདང་བུ་རྒྱབ་ཏུ་བཅིངས། །ནམ་མཁའི་ཀོ་བ་ཆུ་ཡིས་བྲན་པས་མཚམས་ནས་ཆུ་ནི་འབྱུང་མི་འགྱུར། །ཟླ་བ་ཉི་མ་གཉིས་ཀྱི་འཁོར་ལོ་བསྐྱེད་དང་སྡུད་པ་བུ་ལིནྡ། །གཡོན་
དང་གཡས་ཀྱི་ལམ་མི་བསམ་ཞིང་རྒྱུན་མི་འཆད་པར་འབབ། །ཌོམྦི་འགྲོན་བུ་མི་ལེན་རང་གི་འདོད་པས་ཕ་རོལ་སྒྲོལ་བར་བྱེད། །གང་ཞིག་དེ་ལ་ཞུགས་ནས་བགྲོད་མི་ཤེས་པ་ཕན་ཚུན་དོགས་སུ་འབྱིང་། །དེ་ལ་དེ་ལྟ་བུའི་དོན་མཆོག་གི་སྙིང་རྗེས་སླར་ཡང་གྲུབ་པའི་སློབ་དཔོན་
ཌོམྦི་པས་གྲུས་བསྒྲོད་པ་དགོངས་པའི་སྐད་ཀྱིས་གསུངས་ཏེ། གངྒཱ་ཞེས་བྱ་བ་ལ་སོགས་པ་ནི་གངྒཱ་དང་ནི་ཡ་མུ་ན་དགོངས་པའི་སྐད་ཀྱིས་ཟླ་བ་དང་ཉི་མའི་སྣང་བ་གཟུང་བ་དང་འཛིན་པའི་སྟེ། གང་གིས་ཁུ་བའི་རྩ་ལ་ཁྱད་པར་གྱི་དགའ་བ་ཨ་ཝ་དྷཱུ་ཏཱིའི་དབུས་སུ་འཇུག་པའོ། །
དེའི་ཕྱིར་དེ་ཉིད་གྲུ་དགོངས་པའི་སྐད་དུ་རྟོགས་པར་བྱེད་དོ། །དེ་ལ་གནས་པའི་ལྷན་ཅིག་སྐྱེས་པའི་ཆང་གི་བཏུང་བ་ནི་གདོལ་པའི་བུ་མོ་གཡུང་མོ་བདག་མེད་མས་འཁོར་བའི་གྲུ་ལ་རྣལ་འབྱོར་གྱི་དབང་ཕྱུག་ཕ་རོལ་དུ་སྒྲོལ་བར་བྱེད་པའོ། །བརྟན་པའི་རྐང་པས་རྐྱེན་གྱི་ཡང་དག་པར་
མཐོང་བ་ལས་དགེ་བ་ལ་གོམས་པར་བྱེད་པ་སྟེ། བསྐྱོད་ཅིག་ཅེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པས་སྦྱངས་པའི་ཁྱད་པར་གྱི་དགའ་བའི་ལམ་ཐོབ་པར་གྱུར་ནས་ཟས་དང་སྐོམ་ལ་ཁྱོད་ཆགས་སམ་ཀྱེའི་ཌོམྦི་ཞེས་བདག་ཉིད་ལ་འབོད་པར་བྱེད་དེ། ཅིའི་ཕྱིར་ཡུན་རིང་སྡོད་
པར་བྱེད། །བླ་མ་དམ་པའི་དྲིན་གྱིས་རྒྱུན་མི་འཆད་པར་གོམས་པར་བྱེད་པར་སླར་ཡང་རྒྱལ་བའི་ཕོ་བྲང་བདེ་བ་ཆེན་པོའི་གྲོང་ཁྱེར་དང་ཤིན་ཏུ་ཉེ་བར་གནས་པའོ། །དེ་བཞིན་ཉིད་ཀྱི་རྗེས་སུ་སེམས་པས་རྒྱུན་མི་འཆད་པར་བསྒྲོད་ཅིང་གོམས་པར་བྱའོ། །རྐང་པ་གཉིས་པས་གོམས་
པའི་རྗེས་སུ་བསྔགས་པ་གསུངས་ཏེ། ལྔ་ཞེས་བྱ་བ་ལ་སོགས་པའི་སྐྱ་བ་འཛིན་པ་ནི་རིམ་པ་ལྔའི་མན་ངག་བླངས་ནས་གདང་བུ་ནི་ནོར་བུའི་རྩ་བར་གྱུར་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་དགའ་བས་རྣམ་པར་བཟུང་སྟེ། དྲི་མ་མེད་པ་བརྒྱ་ཡིས་འཁོར་ལོའི་ཕྱོགས་
Vol. 52 · folio 174a
སུ་འབབ་པར་བྱའོ། །ནམ་མཁའི་ཀོ་བ་ནི་དབང་བཞི་པས་དབང་བསྐུར་བ་དང་ལྡན་པའི་རྣལ་འབྱོར་གྱི་དབང་ཕྱུག་གི་ལུས་ལ་ཆུ་ནི་ཡུལ་ལ་གཡོ་བ་མི་འཇུག་པའོ། །རྐང་པ་གསུམ་པས་གོམས་པའི་ཁྱད་པར་ལས་སྣང་བ་གསུམ་འགོག་པ་གསུངས་ཏེ།
འཁོར་བ་སྐྱེད་པ་དང་སྡུད་པའི་བྱེད་པ་པོའོ། །ཆོས་ཐམས་ཅད་དམིགས་པ་མེད་པའི་རྒྱ་མཚོ་ལ་འགྲོ་བ་ན་གཡས་གཡོན་དང་མདུན་རྒྱབ་ཏུ་མི་ལྟ་བ་ཞེས་སོ། །ཀྱེའི་ཌོམྦི་རང་གི་འདུན་པས་མཚན་ཉིད་དང་བྲལ་བས་རྣམ་པར་སྦྱངས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གྲུ་ལ་གོམས་
པར་བྱའོ། །རྐང་པ་བཞི་པས་བདག་མེད་པའི་ཆོས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། འགྲོན་བུ་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་དུ་ཕན་ཚུན་དུ་སྒྲོལ་བར་བྱེད་པ་ལ་གླུ་དབྱངས་འགྲོན་བུ་ལ་སོགས་པ་ལེན་པར་བྱེད་པའོ། །དེ་ཁོ་ན་ཉིད་ལ་གཟུང་བ་དང་འཛིན་པ་དེ་
ཡིས་བཅོམ་ལྡན་འདས་མ་བདག་མེད་མ་དེ་མི་ལེན་པའོ། །ཤེས་བ་ཙམ་དུ་བཟུང་བ་དེ་ཡིས་སྲིད་པའི་རྒྱ་མཚོ་ལས་ཕ་རོལ་དུ་བྱེད་པའོ། །བདག་མེད་མའི་ཆོས་ལ་འདྲིས་མེད་པའི་ཕྱིའི་བསྟན་བཅོས་ཀྱི་ང་རྒྱལ་ཅན་གྱི་རྣལ་འབྱོར་པ་གང་ཞིག་དེ་རྣམས་ཀྱི་ལུས་ཀྱི་ངོགས་སུ་
འཁྱམ་པར་འགྱུར་ཏེ། མི་ཤེས་པའི་བྱིས་པ་རྣམས་ངོགས་སུ་འབྱིང་བར་འགྱུར་རོ། །དགའ་བར་བྱེད་པ་ཞེས་བྱ་བའི་གླུ་དབྱངས་ཤཱནྟི་པའི་ཞབས་ཀྱིའོ། །རང་རིག་རང་བཞིན་རྣམ་དཔྱོད་པ། །མཚན་ཉིད་མེད་ལ་མཚོན་དུ་མེད། །གང་གང་ལམ་ནི་དྲང་པོར་སོང་། །དེ་ཡི་ལམ་
ནི་གཞན་དུ་སོང་། །ལུས་ཀྱི་ངོ་བོ་མི་ཤེས་པ། །རྨོངས་པའི་ལམ་དྲང་འཁོར་བ་པ། །སྐྲ་རྩེ་ཏིལ་འབྲུ་གཅིག་མ་ཡོ། །རྒྱལ་པོ་ཡི་ནི་གསེར་ལམ་ལོག །སྒྱུ་མ་ལ་རྨོངས་རྒྱ་མཚོ་ཡིས། །མཐའ་དང་གཏིང་ཉིད་མི་རྟོགས་པའི། །མངོན་དུ་གྲུ་སྐྱལ་རྫས་མི་མཐོང་། །འཁྲུལ་
པ་མགོན་ལ་ཅིས་མི་འདྲི། །སྟོང་པའི་ལམ་དུ་མཚན་མ་མཐོང་། །འཁྲུལ་པའི་བག་ཆགས་ཀྱིས་མི་འགྲོ། །འདི་ཡིས་དངོས་གྲུབ་ཆེན་པོ་བརྒྱད། །དྲང་པོའི་ལམ་དུ་འགྲོ་བས་འགྲུབ། །ལྷོ་བྱང་གཉིས་ཀྱི་ལམ་འཕྲང་སྤངས། །ཤཱནྟིས་ཉེར་སྡུད་གསལ་བར་སྨྲས། །ཁྲལ་
Vol. 52 · folio 174b
ས་ཤོ་གམ་འགག་མེད་པའི། །མིག་གིས་ཤེས་པའི་ལམ་ལ་འགྲོ། །ཤིན་ཏུ་མཆོག་ཏུ་དགའ་བ་ཉིད་ཀྱི་ཤཱནྟི་པས་དེ་ལྟ་བུའི་དོན་གསལ་བར་མཛད་དོ། །རང་རིག་ཅེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་མཉམ་དུ་སྦྱོར་བ་ལ་རང་གིས་ཡང་དག་པར་རིག་པ་ནི་
ཉམས་སུ་མྱོང་བའི་རང་བཞིན་གྱིས་གྲུབ་པའི་སློབ་དཔོན་ཤཱནྟི་པས་མཚན་ཉིད་མེད་པ་ལ་སོགས་པ་ནི་རྣམ་པར་དཔྱོད་པ་དང་། རྣམ་པར་རྟོག་པར་མ་སོང་བའོ། །གང་ཡང་འདས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱང་འདིས་ཁྱད་པར་གྱི་དགའ་བ་ཨ་ཝ་དྷཱུ་ཏཱིའི་ལམ་མཆོག་
ཏུ་གྱུར་པས་དེ་རྣམས་ཀྱིས་ཀྱང་ཕྱིར་མི་ལྡོག་པ་བདེ་བ་ཆེན་པོའི་འཁོར་ལོའི་རྫིང་བུའི་ཚལ་དུ་སྦྱོར་བའོ། །དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང་། ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བར། །དེ་བཞིན་
གཤེགས་པ་ཉིད་དུ་འགྱུར། །ཞེས་སོ། །བརྟན་པའི་རྐང་པས་དེ་ཁོ་ན་ཉིད་ཀྱི་དོན་བརྟན་པར་བྱེད་དོ། །ལུས་ཞེས་བྱ་བ་ལ་སོགས་པ་ནི་ཀུ་ལ་སྟེ་རང་གི་ལུས་ལ་ཀྱེའི་རྨོངས་པ་བྱིས་པའི་རྣལ་འབྱོར་པ་འདིར་ཁྱད་པར་གྱི་དགའ་བའི་ཐབས་ལམ་སྤངས་ནས་ལམ་གཞན་གྱི་
སྡོམ་པས་མངོན་པར་བདེ་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང་། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དག་པ་འདི་ནི་འགྲོ་བའི་བདག །ཅེས་སོ། །དེ་ནས་རྡོ་རྗེའི་ལམ་གཡོན་དང་གཡས་སུ་སྐྲའི་རྩེ་མོ་ཙམ་ལ་སོགས་པའི་རྣམ་པར་རྟོག་པ་
ཡང་མི་བྱའོ། །ཀྱེའི་བྱིས་པའི་རྣལ་འབྱོར་པ་ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་གྱི་ལམ་བཟུང་ནས་སྐྱེད་མོས་ཚལ་དུ་རོལ་རྩེད་ལ་འཇུག་པ་ལྟར་འདིར་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཀྱང་ཨ་ཝ་དྷཱུ་ཏཱིའི་ལམ་གྱི་རོལ་རྩེད་ཀྱི་བདེ་བ་ཆེན་པོའི་འཁོར་ལོའི་ཆུ་སྐྱེས་ཀྱི་
སྐྱེད་མོས་ཚལ་དུ་འཇུག་པར་བྱེད་དོ། །དེ་བཞིན་དུ་བི་རཱུ་པའི་ཞབས་ཀྱིས་ཀྱང་། ཉི་ཟླར་འགྲོ་བ་གཞོམ་པའི་ཕྱིར། །རྟག་ཏུ་རྡོ་རྗེ་བསླང་བར་བྱ། །གཞན་དུ་ན་ནི་ཀུན་སྤངས་འཆར། །སྲོག་གི་རླུང་ནི་འཇུག་པ་མེད། །བྱིས་པའི་རྣལ་འབྱོར་པའི་དབང་དུ་བྱས་ནས་
Vol. 52 · folio 175a
རྐང་པ་གཉིས་པ་གསུངས་ཏེ། སྒྱུ་མ་ལ་རྨོངས་རྒྱ་མཚོ་ཡི། །ཞེས་བྱ་བ་ལ་སོགས་པའི་སྒྱུ་མ་ནི་ཤེས་རབ་ཏུ་བརྗོད་དེ། དེ་ལ་མངོན་པར་ཆགས་པ་ནི་རྨོངས་པའོ། །དེ་ཉིད་རྒྱ་མཚོ་ཆེན་པོ་དེའི་མཐའི་ཚད་བྱིས་པའི་རྣལ་འབྱོར་པས་མི་ཤེས་སོ།
དེ་ནས་དེ་ལ་བླ་མ་དམ་པའི་གསུང་གིས་གྲུ་རྐྱལ་རྣམ་པར་སྤངས་ནས་གཞན་གྱི་གྲུའི་ཐབས་ཀྱང་མེད་དེ། ཀྱེའི་བྱིས་པའི་རྣལ་འབྱོར་པ་བླ་མ་དམ་པའི་མགོན་ལ་ཅིའི་ཕྱིར་འཁྲུལ་པ་འདྲི་བར་མི་བྱེད། དེའི་འཁྲུལ་པའི་མཐའ་རྣམ་པར་སྤངས་ནས་དཔལ་གྱི་བླ་མའི་ཞལ་
ལས་བཞི་པའི་དགའ་བའི་ཐབས་བླངས་ནས་དེའི་སྒྱུ་མ་ལ་རྨོངས་པ་རྒྱ་མཚོའི་མཐའ་ཚད་མའི་ངོ་བོ་ཉིད་དུ་བྱའོ། །དེ་བཞིན་དུ་བླ་ན་མེད་པའི་མཚམས་སྦྱོར་ལས་ཀྱང་། སྒྱུ་མའི་དེས་པ་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་
གྱི་རབ་དབྱེ་འདི། །འདི་ཉིད་ལ་ནི་གསལ་བར་མཚོན། །རྐང་པ་གསུམ་པས་ལམ་གྱི་ཆེ་བའི་བདག་ཉིད་གསུངས་ཏེ། སྟོང་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡང་ལམ་ཐོབ་ནས་འོད་གསལ་སྟོང་པ་ཉིད་དུ་བྱ་སྟེ་ཆད་པར་ཐལ་བའི་འཁྲུལ་པར་མི་བྱའོ། །ཀྱེའི་
རྨོངས་པ་འདིར་དེ་ཉིད་འོད་གསལ་བས་ཡང་སྦྱངས་ཤིང་རང་བྱིན་གྱིས་བརླབ་པའི་སེམས་ལ་སྒོམ་པ་པོས་སླར་ཡང་དངོས་གྲུབ་བརྒྱད་ངེས་པར་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ལུང་ལས་ཀྱང་། ལྷན་སྐྱེས་ཡེ་ཤེས་མེ་ཡིས་ནི། །སྒྱུ་མའི་གྲོང་ཁྱེར་རབ་
དགའ་བསྲེགས། །རྟག་ཏུ་སྟོང་ཉིད་མཐོང་བ་ཡིས། །རྣལ་འབྱོར་པ་ནི་ལྷ་མིག་ཉིད། །རྐང་པ་བཞི་པས་དེ་ཉིད་རྒྱས་པར་བཤད་པ་གསུངས་ཏེ། བྱང་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ཤཱནྟི་པས་ལྷོ་བྱང་གི་སྣང་བ་གཉིས་ཡོངས་སུ་སྡུད་པ་གསལ་
པོར་བྱས་ནས་ཡུལ་གྱི་དངོས་པོར་ཉེ་བར་སྡུད་པར་བྱེད་དོ། །འདིར་ཡོངས་སུ་དག་པའི་ཨ་ཝ་དྷཱུ་ཏཱིར་ཁྱད་པར་གྱི་དགའ་བའི་ལམ་གྱིས་འགྲོ་བར་གྱུར་པ་ལ་འགག་དང་ཁྲལ་ས་དང་ཤོ་གམ་དང་འཕྲང་ལ་སོགས་པའི་འཇིགས་པ་མེད། རྩ་དང་ཚེར་མ་དངོས་ལ་
Vol. 52 · folio 175b
སོགས་པའི་བར་ཆད་མེད་པའོ། །དེ་ནས་མིག་ཟིམ་བུ་མི་གཡོ་བའི་མིག་ཟུང་གིས་ཡང་དག་པར་མཐོང་སྟེ། དེ་བཞིན་དུ་ལུང་ལས་ཀྱང་། མིག་ནི་གཡོ་བ་མེད་བྱས་ཏེ། །མགོ་ནི་ཅུང་ཟད་སྨང་བྱས་ནས། །སེམས་ཉིད་བརླན་པའི་སེམས་ཀྱིས་ནི། །སྟོང་ཉིད་སྟོང་
པར་མིག་གིས་མཐོང་། །རྔ་བོ་ཆེ་ཞེས་བྱ་བའི་གླུ་དབྱངས་ས་འཛིན་ཞབས་ཀྱིའོ། །རྣམ་གསུམ་སྦྱོར་ཞིང་གཞོམ་མེད་སྒྲ་ནི་རབ་འཇིགས་གླང་ཆེན་སྒྲོགས། །དེ་ཐོས་བདུད་རྣམས་སྐྲག་བྱེད་ཀྱེ་མ་ཡུལ་གྱི་དཀྱིལ་འཁོར་ཐམས་ཅད་འཇོམས། །སེམས་ཉིད་མྱོས་
པར་གྱུར་པའི་གླང་ཆེན་དབང་པོ་རྒྱུག །རྒྱུན་མི་འཆད་པར་ནམ་མཁའི་ཕྱོགས་སུ་ཉི་ཟླ་འཁོར། །དགེ་སྡིག་གཉིས་ཀྱི་ལྕགས་སྒྲོག་འཐེན་ནས་ཀ་བའི་གནས་སུ་ཉེད་པར་བྱེད། །ནམ་མཁའ་གཞོམ་མེད་སྒྲ་རུ་གྱུར་ནས་སེམས་ནི་མྱ་ངན་འདས་པར་བཞུགས། །བཅུད་
ཆེན་བཏུང་མྱོས་ཁམས་གསུམ་མ་ལུས་བཏང་སྙོམས་སོ། །ཡུལ་ལྔ་འདྲེན་བྱེད་གང་ལ་གང་དུའང་མི་མཐུན་ཕྱོགས་མི་མཐོང་། །མི་བཟད་ཉི་མས་རབ་ཏུ་གདུངས་པས་ནམ་མཁའི་འཁོར་སར་འགྲོ་ཞིང་སློབ། །མ་ཧེནྡྲ་ཡིས་སྨྲས་པ་འདི་ལ་བྱིན་ཏེ་ཅི་ཡང་ངས་མ་
མཐོང་། །ཡེ་ཤེས་ཀྱི་བཏུང་བས་རབ་ཏུ་མྱོས་པའི་གྲུབ་པའི་སློབ་དཔོན་ས་འཛིན་གྱི་ཐུགས་ཉིད་གླང་པོ་ཆེའི་དབང་པོ་དགོངས་པའི་སྐད་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱ་བའི་ཕྱིར་རྣམ་གསུམ་ནི་སྐུའི་དགའ་བ་ལ་སོགས་པ་སྟེ། དེ་ལ་དབྱེར་མེད་པ་ཉེ་
བར་སྤྱོད་པ་བཟུང་ནས་ཡེ་ཤེས་ཀྱི་བཏུང་བས་མྱོས་པ་ནི་ཐོབ་པའོ། །གསང་བ་འདུས་པ་ལས། དེ་བཞིན་དུ་ཡང་སྐུའི་རྣམ་པས་ཐུགས་ལ་ཐུགས་ཀྱི་རྣམ་པས་སྐུ་ལ། ཐུགས་ལས་གསུང་གིས་རབ་ཏུ་བརྗོད་པར་གསུངས་སོ། །དེའི་གནས་ལས་ཡེ་ཤེས་
ཀྱི་སྦྲང་གི་བཏུང་བས་རབ་ཏུ་དགྱེས་པའི་གྲུབ་པའི་སློབ་དཔོན་ས་འཛིན་གྱི་ཐུགས་ཉིད་གླང་པོ་ཆེའི་དབང་པོའོ། །གཞོམ་མེད་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་སྒྲའོ། །རབ་ཏུ་འཇིགས་ཤིང་སྐྲག་པ་ནི་སྟོང་པ་ཉིད་ཀྱི་གདངས་ཐོས་ནས་མགྲིན་པར་སྒྲོགས་པར་བྱེད་དོ། །
Vol. 52 · folio 176a
དེ་ལ་གཞོམ་དུ་མེད་པའི་སྒྲ་ཐོས་ནས་འཁོར་བ་སྐྲག་པར་བྱེད་པ་གློ་བུར་གྱི་ཕུང་པོ་དང་ཉོན་མོངས་པ་ལ་སོགས་པའི་བདུད་རྣམས་འཇོམས་པར་བྱེད་པའོ། །དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང་། གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་
ཤཱཀྱ་སེང་གེ་སོགས། །མཁས་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་སྟོབས་ཆེན་བཅོམ། །བརྟན་པའི་རྐང་པས་དེའི་ཤིན་ཏུ་དགའ་བས་རབ་ཏུ་ཚིམ་པ་གསལ་བར་གསུངས་ཏེ། མྱོས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་ཀྱིས་མྱོས་
པའི་ཕྱིར་སེམས་ནི་གླང་པོ་ཆེའི་དབང་པོའོ། །ཉི་མ་དང་ཟླ་བ་ཉིན་མོ་དང་མཚན་མོའི་རྣམ་པར་རྟོག་པ་བཤིག་ནས་ནམ་མཁའི་མན་ངག་ལ་བཞི་པའི་དགའ་བའི་མན་ངག་བླངས་ནས་རྒྱུག་པར་བྱེད་པ་ནི་བདེ་བ་ཆེན་པོའི་རྫིང་བུ་རྒྱུན་མི་འཆད་པའོ། །རྐང་པ་གཉིས་
པས་དེ་ཁོ་ན་ཉིད་གསལ་བར་གསུངས་ཏེ། དགེ་སྡིག་ཅེས་བྱ་བ་ལ་སོགས་པ་ནི་སྡིག་པ་དང་བསོད་ནམས་དག་འཁོར་བའི་ཞགས་པ་གཉིས་པོ་འགོག་པའི་ཕྱིར། ཀ་བ་ཞེས་པ་ནི་མ་རིག་པའི་ཀ་བ་འཇོམས་པའོ། །ནམ་མཁར་ཊ་གེ་ཞེས་པ་ནི་གཞོམ་དུ་
མེད་པའི་སྒྲས་བསྐུལ་བར་གྱུར་པས་དེ་ཉིད་སེམས་ཀྱི་གླང་པོ་ཆེའི་དབང་པོ་མྱ་ངན་ལས་འདས་པའི་མཚོའི་ཚལ་དུ་འགྲོ་བའོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་། ས་ཆུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་རང་གི་སེམས་
དང་གཉིས་སུ་མེད་པར་གསུངས་ཏེ། བཅུད་ཆེན་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་དངོས་པོ་མེད་པ་དག་གཅིག་པའི་གཟུང་བ་ལ་རྣམ་པར་རྟོག་པ་མི་བྱའོ། །དེའི་ཡུལ་ལྔ་རྣམས་ཀྱི་འདྲེན་པ་དེ་ཉིད་དྲུག་པ་རྡོ་རྗེ་འཛིན་པ་ཆེན་པོའོ། །སླར་ཡང་ཉོན་མོངས་
པའི་མི་མཐུན་ཕྱོགས་བྱེད་པ་མི་མཐོང་བའོ། །རྐང་པ་བཞི་པས་རྣམ་པར་མི་རྟོག་པ་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་གསུངས་ཏེ། མི་བཟད་ཉི་མ་ཞེས་བྱ་བ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་མེས་བསྐུལ་བར་གྱུར་ནས་དེ་ཉིད་སེམས་ཀྱི་གླང་པོ་ཆེའི་
Vol. 52 · folio 176b
དབང་པོ་ནམ་མཁར་འཁོར་བ་ནི་བདེ་བ་ཆེན་པོའི་འཁོར་ལོའི་རྫིང་བུ་འགྲོ་ཞིང་ཐོབ་པ་གྲུབ་པའིའོ་སློབ་དཔོན་ས་འཛིན་གྱིས་དེ་བཞིན་ཉིད་གསུངས་སོ། །འདི་ལ་བྱིན་པ་ནི་བདག་གིས་འདིའི་ངོ་བོ་ཉིད་ཅི་ཡང་མ་མཐོང་བ་སྟེ། རྣམ་པར་མི་རྟོག་པའོ། །དེ་བཞིན་དུ་ལུང་ལས་
ཀྱང་། ཇི་སྲིད་ཇི་སྙེད་རྣམ་རྟོག་པ། །དེ་སྙེད་ཐམས་ཅད་བརྫུན་པ་སྟེ། །བདེན་པ་དེ་ཉིད་དེ་བཞིན་འགྱུར། །དེ་ཉིད་རྣམ་པར་མི་རྟོག་པ། །ཞེས་སོ། །པ་ཊ་ཧ་མཉྫ་རཱིའི་གླུ་དབྱངས་པི་ཝང་ཞབས་ཀྱིའོ། །ཉི་མའི་ཀུ་བ་ཟླ་བ་རྒྱུད་ལ་སྦྱར། །གཞོམ་མེད་དབྱིག་དྲང་ཨ་
ཝ་དྷཱུ་ཏཱིར་བྱས། །ཀྱེའི་གྲོགས་ཧེ་རུ་ཀ་ཡི་པི་ཝང་སྒྲོགས། །རྒྱུད་ཀྱི་སྒྲ་ཉིད་སྙིང་རྗེ་སྒྲོགས་པ་ཅན། །ཨཱ་ལི་ཀཱ་ལི་གཉིས་ཀྱི་གཉའ་ནོན་ཤེས། །བཟའ་མཆོག་རོ་མཉམ་མཚན་རྣམས་བརྩི་བྱས་ནས། །གང་ལ་ཤིང་དང་ཤིང་བུ་མནན་གྱུར་ན། །དེ་ཚེ་རྒྱུད་ཀྱི་སྒྲ་ཡིས་
ཀུན་དུ་ཁྱབ། །རྒྱལ་པོ་གང་བྱེད་ལྷ་མོ་གླུ་ལེན་བྱེད། །སངས་རྒྱས་གར་ནི་ཁྱད་པར་ཉིད་དུ་དཀའ། །དེ་ཁོ་ན་ཉིད་ཀྱི་དོན་ཧེ་རུ་ཀའི་དོན་རྟོགས་པའི་པི་ཝང་ཞབས་ཀྱིས་པི་ཝང་གི་སྒྲའི་སྒོ་ནས་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཉི་མ་ཞེས་བྱ་བ་ལ་སོགས་པ་ལ་ཉི་མའི་སྣང་བ་ཀུ་བའི་
རྣམ་པར་བལྟས་ནས་ཟླ་བའི་སྣང་བས་རྒྱུད་དུ་བྱས་ཏེ། ཡུལ་གྱི་འཁོར་ལོ་ཅན་ཨ་ཝ་དྷཱུ་ཏཱིར་ལྷན་ཅིག་བྱས་ནས་གཞོམ་དུ་མེད་པའི་སྒྲ་དབྱིག་པ་ལ་སྦྱར་ཏེ། ཀྱེའི་གྲོགས་མོ་བདག་མེད་མ་པི་ཝང་ཞབས་ཀྱིས་པི་ཝང་གི་སྒོ་ནས་དཔལ་ཧེ་རུ་ཀའི་ཡི་གེ་བཞི་པོའི་དོན་གཞོམ་དུ་མེད་
པའི་སྒྲའི་དབྱངས་སུ་བརྗོད་དོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་སྒྲའི་དགོངས་པའི་སྐད་ཀྱིས་འོད་གསལ་བ་ནི་གཞོམ་དུ་མེད་པའི་གཟུགས་སོ། །དེ་ཉིད་སྲིད་པ་ལས་རྣམ་པར་གྲོལ་བར་བྱེད་པ་སྟེ། སྲིད་པར་འཆིང་བར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དགྱེས་པའི་རྡོ་རྗེ་ལས་ཀྱང་།
དངོས་པོར་འཆིང་བ་གསད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་གླུ་དབྱངས་གཞན་ལས་ཀྱང་། སྲིད་པ་ཟ་ཡིས་འཆིང་བ་མ་ཡིན་གློ་བུར་ཡ་མཚན་ཅན། །གང་གིས་འཇིག་རྟེན་འཆིང་ཡང་རྣལ་འབྱོར་དེ་ཡིས་གྲོལ་བའང་བྱེད། །རྐང་པ་གཉིས་
Vol. 52 · folio 177a
པས་དེའི་དོན་བསྟན་པར་བྱེད་དོ། །ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ཨཱ་ལི་དང་ཀཱ་ལིའི་ཡི་གེ་རྣམས་ཀྱི་ནང་ནས་སྙིང་པོའི་ཡི་གེ་ཨ་ཡིན་ཏེ། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་པས་དེ་ལ་
མི་འགྱུར་བའི་ངོ་བོ་ཉིད་རྟོགས་པས་བཟའ་མཆོག་ནི་སེམས་ཀྱི་རྒྱལ་པོའི་ཉེས་པའི་མཚམས་ཀྱི་བུ་ག་བརྩིས་ནས་དེ་ཉིད་པི་ཝང་ཞབས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གྱི་སྒྲའི་སྒོ་ནས་རྟོགས་པར་བྱ་བའི་ཕྱིར་གསུངས་སོ། །དེ་བཞིན་དུ་ལུང་ལས་ཀྱང་། རགས་པར་སྒྲ་ཡི་དངོས་
པོར་གསུངས། །དེ་བཞིན་ཕྲ་མོར་སེམས་དངོས་ཏེ། །སེམས་ཉིད་དང་བྲལ་གང་ཡིན་པ། །དེ་ཉིད་རྣལ་འབྱོར་མི་བཟད་གནས། །རྐང་པ་གསུམ་པས་ངོ་བོ་ཉིད་ཀྱི་རང་བཞིན་གསུངས་ཏེ། ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་སྣའི་ཤིང་ནི་སེམས་ཏེ་སེམས་ཀྱི་རྔ་མོང་
རྟོགས་པར་བྱའོ། །ཤིང་བུ་ནི་ཕྲ་མོ་སྟེ་སྙིང་རྗེ་གཞོམ་དུ་མེད་པའི་ཆ་འོད་གསལ་དུ་རྟོགས་པར་བྱའོ། །གང་ལ་མཚན་ཉིད་དང་བྲལ་བའི་དུས་སུ་སེམས་ཀྱི་རྔ་མོ་དེས་འོད་གསལ་འདྲེན་པས་ན་མནན་པར་གྱུར་པ་ནི་ཀུན་དུ་འགྲོ་བས་དེའི་ཚེ་རྩ་སུམ་ཅུ་སོ་གཉིས་ལྷའི་གཟུགས་
སོ། །སྒྲ་ཞེས་པ་ནི་གཞོམ་དུ་མེད་པ་བདག་མེད་མའི་ཡེ་ཤེས་ཀྱི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དངོས་པོ་དང་དངོས་པོ་མེད་པ་ལ་ཁྱབ་པ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། དེ་ལ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་བཞི་པས་
འབྲས་བུ་ཐོབ་པའི་དགའ་བས་རྡོ་རྗེའི་རྐང་སྟབས་ཀྱི་གར་བྱེད་པ་ཞེས་སོ། །གར་ཞེས་བྱ་བ་ལ་སོགས་པ་ནི་པི་ཝང་ཞབས་ཏེ། རྡོ་རྗེ་འཛིན་པའི་གོ་འཕང་གི་གར་བྱེད་པའོ། །དེ་རྣམས་ཀྱི་ལྷ་མོ་ནི་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པས་རྡོ་རྗེའི་གླུས་བཀྲ་ཤིས་
པར་བྱེད་པའོ། །དེའི་ཕྱིར་སངས་རྒྱས་ཀྱི་གར་ནི་ཁྱད་པར་འཕགས་ཤིང་ལྷག་པའི་ཆ་ཡིས་སེམས་ཅན་པ་རྣམས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། གལ་ཏེ་དགའ་བ་ཕུན་སུམ་ཚོགས། །ཐར་པའི་རྒྱུ་ཡིས་གར་ཉིད་དོ། །
Vol. 52 · folio 177b
ཞེས་བྱ་བ་ལ་སོགས་པས་སོ། །གླུ་དབྱངས་ཆེན་པོ་ཞེས་བྱ་བ་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །ས་གསུམ་པོ་ལ་བདག་ནི་འབད་མེད་འཇུག །བདག་ནི་ཉལ་ནས་བདེ་བ་ཆེན་པོས་རོལ། །ཇི་ལྟར་ཌོམྦི་ནི་ཁྱོད་སྐྲ་ཡགས་ཀྱི། །མཐའ་རིགས་སྐྱེ་བའི་ནང་ན་ཀ་པཱ་ལི། །ཀྱེ་མ་
ཁྱོད་ནི་རྣམ་པར་ཉམས་བྱེད་དེ། །བྱ་བ་བྱེད་པ་རི་བོང་འཛིན་པ་འཇོམས། །གང་དང་གང་ཡང་ཁྱོད་ནི་ངན་པར་བརྗོད། །རིགས་ལྡན་སྐྱེ་བོ་ཁྱོད་ཀྱི་མགུལ་ནས་འཁྱུད། །འདོད་པ་གཏུམ་མོའི་གླུ་ནི་ཀཱཧྞས་བླངས། །གདོལ་པ་མོ་ལས་ལྷག་པའི་དམངས་རིགས་མེད། །
དོན་དེ་ཉིད་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་དོན་ཁོང་དུ་ཆུད་པས་ནག་པོ་སྤྱོད་པའི་ཞབས་ཀྱིས་ཌོམྦི་ནི་དགོངས་པའི་སྐད་ཀྱིས་གསུངས་ཏེ། གསུམ་ཞེས་བྱ་བ་ལ་སོགས་པ་ནི་ནག་པོ་སྤྱོད་པ་བདག་གིས་རྡོ་རྗེའི་བཙུན་མོ་ལ་མངོན་པར་ཆགས་པས་ས་གསུམ་གྱི་
ལུས་དང་ངག་དང་ཡིད་དེ། དེའི་དྲུག་ཅུ་ལྷག་པའི་བརྒྱའི་རང་བཞིན་གྱིས་ཉེས་པ་འབད་པ་མེད་པས་འགོག་པ་སྟེ། དེའི་ཕྱིར་ཉལ་ནས་འཇུག་པའོ། །རོལ་ཞེས་པ་ནི་རོལ་རྩེད་ཀྱིས་རྣལ་འབྱོར་པ་གཉིད་དུ་སོང་བ་དང་བདག་མེད་མའི་ཆོས་ཁོང་དུ་ཆུད་པའོ། །དྷཱུའི་རྐང་
པས་ཡོངས་སུ་མ་དག་པའི་ཨ་ཝ་དྷཱུ་ཏཱི་པ་ཁྲོ་བར་བྱེད་པའོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྐྲ་ཡགས་ཀྱེ་ནི་མི་རྟག་པར་སྒྲོ་འདོགས་པས་ཀྱེའི་ཌོམྦི་ནི་ཡོངས་སུ་མ་དག་པའི་ཨ་ཝ་དྷཱུ་ཏཱི་པ་ཁྱོད་ཀྱིས་ཅི་ཞིག་བྱེད། །གང་ཞིག་ལུས་ལ་ཐིམ་ན་གང་གིས་འོད་གསལ་མི་
ཤེས་པའི་དབང་གིས་དེ་རྣམས་ཕྱི་རོལ་དུ་བྱེད་དོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱོང་བར་བྱེད་པའི་ཕྱིར་ཀ་པཱ་ལ་ནི་དེ་ཡིས་ཌོམྦི་ནི་ཡོངས་སུ་མ་དག་པའི་ཨ་ཝ་དྷཱུ་ཏཱི་པ་གང་གིས་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པ་ཁམས་གསུམ་པ་ཐམས་ཅད་ལོག་པའི་ཤེས་པས་རྣམ་
པར་ཉམས་པར་བྱེད་པའི་ཕྱིར་རོ། །གང་དེ་ཉིད་འཇོམས་པ་ནི་རི་བོང་འཛིན་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འོད་གསལ་གྱི་རྒྱུར་གྱུར་པ་མན་ངག་དང་བྲལ་བའི་རྣལ་འབྱོར་པས་འཇོམས་ཤིང་རྣམ་པར་ཉམས་པར་བྱེད་པའོ། །དེ་བཞིན་དུ་གླུ་དབྱངས་ཞབས་ཀྱིས་ཀྱང་།
Vol. 52 · folio 178a
དོང་དུ་ལྷུང་ན་ག་པུར་འཇིག་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་ཌོམྦི་ནིའི་རང་བཞིན་གསུངས་ཏེ། གང་དང་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་དེ་རྣམས་ཀྱིས་ཀྱང་རང་བཞིན་གྱིས་མངོན་པར་ཤེས་པ་ལྷན་ཅིག་སྐྱེས་
པའི་དགའ་བ་ཡོངས་སུ་དག་པའི་ཌོམྦི་ནི་ཁྱོད་མི་ཤེས་སོ། །དེ་རྣམས་ཀྱང་ལས་ཀྱི་དབང་གིས་སྐྱེ་བས་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་ཞིང་འགལ་བར་སྨྲ་བར་འགྱུར་རོ། །དེ་རྣམས་ལས་གང་ཕྱོགས་གཅིག་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཡང་དག་པར་རྡོ་རྗེ་དང་པདྨ་
མཉམ་དུ་སྦྱོར་བ་ལས་མི་འཛག་པའི་བདེ་བ་དེ་ཡིས་ཁྱོད་རབ་ཏུ་རིག་པར་བྱའོ། །དེ་རྣམས་ཀྱིས་ཀྱང་འགུལ་བ་ལོངས་སྤྱོད་རྫོགས་པའི་འཁོར་ལོར་ཉིན་དང་མཚན་དུ་ཡོངས་སུ་མི་འདོར་བ་ཞེས་སོ། །དེ་བཞིན་དུ་ལུང་ལས་ཀྱང་། ཀཀྐོ་ལ་དང་དགའ་བའི་པོ་ལ་ཕྲད་པ་དེ་ཡིས་
དགའ་བ་འཕྲོ་བ་ཀུནྡུ་རུ། །དེ་མ་ཐག་ཏུ་ཆུ་ཡིས་སྦྱོར་ཞིང་ལག་པ་འཁྲིད་པ་སྐལ་བ་དང་ལྡན་འཁོར་ལོ་ཅན། །ཆུ་ཡིས་གཤེར་ཞིང་མཛེས་པའི་མཚོ་སྐྱེས་འདབ་མའི་བཏུང་བར་མཆུ་ཉིད་རྣམ་པ་ཀུན་དུ་ཆགས། །དུར་ཁྲོད་གནས་སུ་གནས་པར་རྟག་ཏུ་རབ་ཏུ་
དགའ་བ་འགའ་ཞིག་རྣལ་འབྱོར་པས། །རྐང་པ་བཞི་པས་རྣལ་འབྱོར་མའི་བསྔགས་པ་གསུངས་ཏེ་ཀཱཧྞ་ཞེས་བྱ་བ་ལ་སོགས་པ་ནི་འདི་འདྲའི་ལས་ཀྱི་གནས་སྒྲུབ་པའི་ཐབས་གཏུམ་མོའི་གླུ་དབྱངས་ནག་པོ་སྤྱོད་པ་པས་གཞན་དུ་བླངས་པ་ནི་གཞན་མ་ཡིན་པས་
ཌོམྦི་ནི་དང་བྲལ་ན་གཞན་དམངས་རིགས་མེད་ན་ཡང་གྲོང་ཁྱེར་མ་ཉིད་ཡོད་པའོ། །གང་གི་ཕྱིར་ན་སེམས་ཅན་གྱི་དབྱེ་བས་ཐོབ་པར་བྱ་བའི་གནས་ཡོད་པའོ། །དེ་བཞིན་དུ་ཡང་ཡེ་ཤེས་ཡང་དག་པར་བྱང་ཆུབ་པ་ལ་སེམས་ཉིད་ཀྱི་ས་བོན་ཆེན་པོ་ལ་སྲིད་པ་དང་མྱ་
ངན་ལས་འདས་པ་དག་ཀྱང་ཀུན་རྫོབ་ལ་ཀུན་རྫོབ་ཀྱི་ཕྱིར་ཤིན་དུ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་མི་གནས་པའོ། །བྷཻ་ར་བཱི་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །སྲིད་དང་མྱ་ངན་འདས་པ་པ་ཊ་ཧ་དང་རྔ་བོ་ཆེ། །ཡིད་དང་རླུང་དག་གཉིས་པོ་ཁར་རྔ་སྒྲོགས་
Vol. 52 · folio 178b
པར་བྱེད། །རྒྱལ་གྱུར་རྒྱལ་གྱུར་མཁའ་ལ་རྔ་ཆེན་སྒྲ། །ཀཱཧྞས་ཌོམྦི་ནཱི་ནི་བག་མར་བླངས། །གཡུང་མོས་བག་མ་ལེན་པའི་ཁ་ཟས་སྦྱར། །ཞལ་མཐོང་སྟོན་མོ་བླ་མེད་ཆོས་ཉིད་དོ། །ཉིན་མཚན་ཤིན་ཏུ་དགའ་བའི་གྲོགས་དང་འགྲོགས། །རྣལ་འབྱོར་མ་ཡི་དྲ་བར་ནམས་
ལངས་གྱུར། །ཀྱེའི་ཌོམྦི་གྲོགས་དང་གང་གང་དགའ། །སྐད་ཅིག་མི་འདོར་ལྷན་ཅིག་སྐྱེས་པས་མྱོས། །དེ་ཁོ་ན་ཉིད་ཀྱི་དོན་བསྟན་པར་བྱེད་པའི་ནག་པོ་སྤྱོད་པའི་ཞབས་ཀྱིས་གླུ་དབྱངས་གཞན་མངོན་པར་གསུངས་ཏེ། སྲིད་དང་མྱ་ངན་འདས་ཞེས་བྱ་བ་ལ་སོགས་པ་ནི་འཁོར་
བ་དང་མྱ་ངན་ལས་འདས་པ་དག་ཡིད་དང་རླུང་ལ་སོགས་པ་རྣམ་པར་མི་རྟོག་པ་སྔོན་དུ་གསུངས་པའི་རིམ་པས་ཡོངས་སུ་སྦྱངས་པ་རྔ་པ་ཊ་ཧ་ལ་སོགས་པ་སྣོད་དུ་ཉེ་བར་བལྟས་ཏེ་བདེ་བ་ཆེན་པོའི་གྲོགས་བཟུང་ནས་ཌོམྦི་ནཱི་ནི་དེ་ཉིད་ཁུ་བའི་རྩ་ཡོངས་སུ་མ་དག་པའི་ཨ་ཝ་དྷཱུ་ཏཱི་པ་
དེའི་འཛག་པ་གཞོམ་པའི་ཕྱིར་ནག་པོ་སྤྱོད་པའི་ཞབས་གང་གི་ཚེ་རབ་ཏུ་བསྐྱོད་པ་དེའི་ཚེ། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་པ་ནི་སྒྲ་དང་མེ་ཏོག་གི་ཆར་དང་རྔ་བོ་ཆེ་ལ་སོགས་པའི་རྟགས་ནམ་མཁའ་ལ་རབ་ཏུ་བྱུང་བར་གྱུར་པའོ། །རྐང་པ་གཉིས་པས་ཌོམྦི་ནཱི་
བག་མའི་འབྲས་བུ་གསུངས་ཏེ། ཌོམྦི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་དེ་ཁོ་ན་ཉིད་ཌོམྦི་ནཱི་རླུང་གི་ངོ་བོ་དེའི་འགྲོ་བའི་སྒོ་ནས་འགྲོ་བ་གཞོམ་པར་བྱའོ། །སྐྱེ་བའི་ཞེས་པ་ནི་སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཉེས་པ་འཇོམས་པའོ། །དེའི་ཕྱིར་ཞལ་མཐོང་སྟོན་མོ་
ནི་ཉོན་མོངས་པ་མེད་པ་བླ་ན་མེད་པའི་ཆོས་ཉིད་མངོན་སུམ་དུ་བྱས་པ་ནག་པོ་སྤྱོད་པ་བདག་གིས་ཞེས་སོ། །རྐང་པ་གསུམ་པས་རྣལ་འབྱོར་མའི་སྟོབས་གསུངས་ཏེ། ཉིན་མཚན་ཞེས་བྱ་བ་ལ་སོགས་པ་ནི་འདིས་ཡེ་ཤེས་ཀྱི་རྒྱ་མཚོར་ལྷན་ཅིག་རྣལ་འབྱོར་གྱི་དབང་ཕྱུག་
གང་གིས་ཉིན་དང་མཚན་དུ་ཤིན་ཏུ་དགའ་བ་དང་མངོན་པར་འགྲོགས་པར་གྱུར་པའོ། །དེའི་རྣལ་འབྱོར་གྱི་དབང་ཕྱག་གི་རྣལ་འབྱོར་མའི་དྲ་བ་ཞེས་པ་ནི་དེའི་ཡེ་ཤེས་ཀྱི་འོད་ཟེར་རོ། །ནམ་ཞེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པའི་མུན་པ་སངས་པའོ། །དེ་བཞིན་
Vol. 52 · folio 179a
དུ་ལུང་ལས་ཀྱང་། བདག་ཉིད་ཐིམ་གྱུར་བཅོམ་ལྡན་འདས་ནི་སྲོག་གི་བདག་པོ་སྟེ། །དབུགས་ནི་འབྱུང་རྔུབ་གྱུར་པ་རབ་ཞི་སྲོག་གི་མེ་འདི་ཉིད། །གང་གིས་འོད་ཟེར་རབ་བརྒྱད་འོད་གསལ་རྣལ་འབྱོར་དབང་ཕྱུག་སྟེ། །འདི་ཡིས་རང་ལུས་ཉིད་ལས་
དེ་ཉིད་ཕྱུང་ནས་མུན་པ་བཅོམ། །ཞེས་པ་ནི་འཇིག་རྟེན་གསུམ་ཀུན་དུ་གནོན་པའོ། །རྐང་པ་བཞི་པས་རྣལ་འབྱོར་མའི་དྲིན་ལས་རྣལ་འབྱོར་གྱི་དབང་ཕྱུག་གི་སྤྱོད་པ་གསུངས་ཏེ། ཌོམྦི་ཞེས་བྱ་བ་ལ་སོགས་པའི་ཌོམྦིའི་དེ་ཉིད་ནི་རང་བཞིན་ཡོངས་སུ་དག་པའི་ཨ་ཝ་དྷཱུ་ཏཱི་
པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེའི་ཤིན་དུ་མངོན་པར་དགའ་བ་ལ་མངོན་པར་ཆགས་པའི་རྣལ་འབྱོར་པའི་དགའ་བའོ། །དེ་དང་དེ་རྣམས་ཡེ་ཤེས་ཀྱི་ཕྱག་རྒྱ་བདེ་བ་ཆེན་པོའི་དགའ་བ་འཛིན་པའི་ཕྱིར་སྐད་ཅིག་ཀྱང་ཡོངས་སུ་མི་འདོར་བ་ཞེས་བྱའོ། །དེ་བཞིན་དུ་ས་
ར་ཧའི་ཞབས་ཀྱིས་ཀྱང་། ཀུན་དུ་དངོས་མེད་གྱུར་ལྡན་འབབ། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །པ་ཊ་མཉྫ་རཱི་ཞེས་བྱ་བའི་གླུ་དབྱངས་ཀུཀྐུ་རཱིའི་ཞབས་ཀྱིའོ། །བདག་ནི་ཆགས་མེད་ནམ་མཁའི་ཡིད་ཀྱི་བདག །བདག་གི་ཉམས་མྱོང་ཇི་ལྟར་སྨྲ་རྒྱུ་མེད། །
ཀྱེའི་མི་ཁྱོད་སྤངས་ནས་མཐའ་མར་ལྟ། །གང་ཞིག་འདིར་ན་འབབ་པ་དེ་འདིར་མེད། །དང་པོར་བདག་གི་རྣམ་ཤེས་བག་ཆགས་གཏུམས། །རྩ་ལ་རྣམ་དཔྱོད་དེ་ཉིད་བ་པུ་ཌཱ། །བདག་ནི་གཞོན་ནུ་དར་མ་རྫོགས་པར་གྱུར། །རྩ་བར་ལྟུང་བ་ཉེ་བར་སྡུད་པར་བྱེད། །
ཀུཀྐུ་རཱི་པའི་སྲིད་པ་བརྟན་པར་སྨྲ། །འདི་ནི་གང་ཤེས་དེ་ནི་དཔའ་བོ་སྟེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་བདུད་རྩིའི་བཏུང་བས་ཡོངས་སུ་ཚིམ་པའི་ཀུཀྐུ་རཱི་པའི་ཞབས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་གྱི་བདག་ཉིད་བཅོམ་ལྡན་འདས་མ་བདག་མེད་མའི་རྣལ་འབྱོར་
མ་ལ་ལྷག་པར་མོས་ནས་སྨྲས་པ། བདག་ནི་ཆགས་མེད་ཅེས་བྱ་བ་ལ་སོགས་པའི་བདག་ནི་བཅོམ་ལྡན་འདས་མ་བདག་མེད་མ་ཆགས་པ་མེད་པ་སྟེ། ཀུན་ནས་ཆགས་པ་དང་བྲལ་བའོ། །ནམ་མཁའི་ཡིད་ཅན་ཞེས་པ་ནི་ཐམས་ཅད་སྟོང་པ་ལ་ཡིད་ཀྱི་བདག་པོ་
Vol. 52 · folio 179b
འདིའི་ཤིན་དུ་བདེ་བ་ལ་མངོན་པར་ཆགས་པས་བདག་གི་ཁྱད་པར་དུ་འཕགས་པ་ཡང་དག་པའི་སྦྱོར་བ་མི་འགྱུར་བའི་བདེ་བ་མྱོང་བ་གང་དུ་ཡང་སྨྲ་རུ་ཡོད་པ་མ་ཡིན་པའོ། །དྷཱུའི་རྐང་པས་དེའི་དོན་བརྟན་པར་གསུངས་ཏེ། སྤངས་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་
ལས་མཐའ་མ་ནི་མཐར་ཐུག་པའི་བདེ་བ་ཆེན་པོའི་འཁོར་ལོའི་ཁྱིམ་དུ་བལྟས་ནས་འཕྲོ་བའོ། །ཡུལ་ལ་སོགས་པའི་ཚོགས་པ་ལ་བདག་གིས་བདག་མེད་པ་དེའི་དུས་སུ་སེལ་བ་དེའི་མཐུ་ལས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྡོ་རྗེ་འཛིན་
པ་ཆེན་པོའི་གནས་ལ་སྐུ་མཛེས་པར་གྱུར་པས་ཁྱོད་ཀྱེའི་སྐུ་རྡོ་རྗེ་ལགས་སོ་ཞེས་བདག་ཉིད་ལ་རང་གིས་བོས་ནས་གསུངས་པའོ། །རྐང་པ་བཞི་པས་མངོན་སུམ་དུ་བྱས་པས་ཏེ། སྨྲ་བྱ་བ་ལ་སོགས་པ་ནི་འདིར་ཀུན་རྫོབ་བྱང་ཆུབ་སེམས་ནི་སྲིད་པའོ། །བརྟན་པ་
ཞེས་པ་ནི་བརྟན་པོར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་ལ་རྣལ་འབྱོར་གྱི་དབང་ཕྱུག་གང་དང་གང་དུ་དམིགས་པ་མེད་པའི་ངོ་བོས་ཁོང་དུ་ཆུད་པ་དེ་དང་དེ་རྣམས་ཀྱིས་འདིར་སྲིད་པའི་དཀྱིལ་འཁོར་ཡུལ་གྱི་དགྲ་འཇོམས་པའི་ཕྱིར་དཔའ་བོའོ། །དེ་བཞིན་དུ་ནག་པོ་སྤྱོད་
པའི་ཞབས་ཀྱིས་ཀྱང་། གང་གིས་ཤེས་པ་རྒྱུན་ཆད་མེད་པ་ལྷན་སྐྱེས་སྐད་ཅིག་གིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བ་རཱ་ཌཱི་ཞེས་བྱ་བ་ལ་སོགས་པའི་གླུ་དབྱངས་འདུ་ཤེས་གསུམ་པའི་ཞབས་ཀྱིའོ། །མཚན་མོ་མུན་པར་བྱི་བ་རྒྱུ་བྱེད་ཅིང་། །བདུད་
རྩིའི་ཁ་ཟས་བྱི་བས་ཟ་བར་བྱེད། །ཀྱེའི་རྣལ་འབྱོར་རླུང་བྱི་མ་བསད་ཅིང་། །གང་གིས་འགྲོ་དང་འོང་བ་མ་བཀག་ན། །སྲིད་པ་རྣམ་འཇོམས་བྱི་བས་རྩིག་པ་འབུགས། །གཡོ་བའི་བྱི་བས་སྣོད་རྣམས་བ་ཞིང་འཇོམས། །བྱི་བ་སྒྲ་གཅན་སྤུ་དང་ཁ་དོག་མེད། །
ནམ་མཁའ་རྐང་པས་འགྲོ་ཞིང་ཡིད་ཀྱི་ཆོས། །དེ་ཚེ་བྱི་བ་མཆོང་ཞིང་རབ་ཏུ་འགྲོ། །བླ་མ་དམ་པའི་གསུང་གིས་གཡོ་མེད་བྱ། །གང་དུ་བྱི་བ་འདི་ཡི་རྐང་པ་བཅད་བྱས་ན། །དེ་ཚེ་བཅིངས་གྲོལ་བྷཱུ་སུ་ཀུ་ལ་སྨྲ། །དོན་དེ་ཉིད་བྱི་བ་དགོངས་པའི་སྐད་ཀྱིས་འདུ་ཤེས་
Vol. 52 · folio 180a
གསུམ་པའི་ཞབས་ཀྱིས་གསུངས་ཏེ། མཚན་མོ་མུན་པ་ཞེས་བྱ་བ་ལ་སོགས་པ་ནི་རྐུ་བའི་ཕྱིར་བྱི་བ་དགོངས་པའི་སྐད་ཀྱིས་སེམས་དང་རླུང་དུ་རྟོགས་པར་བྱའོ། །མཚན་མོ་ནི་ཤེས་རབ་ལས་ཀྱི་ཕྱག་རྒྱའི་ཡན་ལག་ཏུ་རྟོགས་པར་བྱའོ། །དེའི་
ལས་ཀྱི་ཡན་ལག་གང་དུ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་པའི་སྐུའི་དགའ་བ་ལ་སོགས་པ་བྱ་བའི་སྒོ་ནས་རྡོ་རྗེ་དང་ཆུ་སྐྱེས་སྙོམས་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ཟས་དེ་ཉིད་ཀྱི་བྱི་བ་སེམས་དང་རླུང་རང་ཉིད་ཀྱིས་བྱེད་པའོ། །དེ་ལ་ཁྱད་པར་གྱི་
དགའ་བའི་སྐད་ཅིག་ལ་དཔལ་ལྡན་བླ་མའི་ཞལ་ནས་ཐོས་པའི་ཐབས་ཀྱི་མྱུར་དུ་དེའི་རང་བཞིན་མེད་པར་བྱའོ། །བྱེད་པ་ནི་བྱིས་པའི་རྣལ་འབྱོར་པས་དེ་དང་བྲལ་བར་བྱས་ནས་འཁོར་བའི་འཁོར་ལོར་འགྲོ་བ་དང་འོང་བ་རྣམ་པ་གཉིས་མི་འཆད་པས་སེམས་
སྡུག་བསྔལ་བར་བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང་། རྣམ་པ་གཉིས་སྤོང་རབ་གསལ་མཁས་པས་རང་རིག་སྐལ་བཟང་ཚོགས་པ་གཅིག །དགའ་བས་ཁྱབ་པ་སྟོབས་ཅན་རོ་ཡིས་གང་བ་ནམ་མཁའི་མཐིལ་དུའོ། །རྣམ་པ་སྣ་ཚོགས་རབ་འཕྲོ་སེམས་
འཁྲུགས་ཞི་བ་དེ་ནང་སོང་བ་ཡིས། །འདིར་ནི་དེ་ཉིད་འཇིག་རྟེན་གསུམ་པོ་ཐིམ་གྱུར་ཡིད་ནི་གསལ་བར་བྱེད། །རྐང་པ་གཉིས་པས་བྱི་བ་སེམས་ཀྱི་ཐ་སྙད་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། སྲིད་པ་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་བར་བྱེད་པའི་ཕྱིར་སྲིད་
པ་རང་ལུས་རྣམ་པར་འཇོམས་པར་བྱེད་པའོ། །རང་བཞིན་གྱིས་གཡོ་བ་དེ་ཡིས་དེ་ཉིད་སེམས་ཀྱི་བྱི་བ་གཞན་གྱི་ངོ་བོར་བྱེད་དེ། རྩིག་པ་ནི་དུད་འགྲོ་དང་དམྱལ་བ་ལ་སོགས་པ་ངན་འགྲོ་རྣམས་སུ་ལྷུང་བ་ཡང་རང་ཉིད་ཀྱིས་སྐྱེད་པར་བྱེད་དོ། །དེའི་ཕྱིར་སེམས་ཀྱི་
བྱི་བའི་རང་བཞིན་གྱི་སྐྱོན་བགྲངས་ནས། ཀྱེའི་རྣལ་འབྱོར་པ་མན་ངག་ཐོས་པ་དེ་ཡིས་དེའི་དངོས་པོར་སྒྲོ་བཏགས་པར་མི་བྱའོ་ཞེས་སོ། །རྐང་པ་གསུམ་པས་དེའི་ངོ་བོ་གསུངས་ཏེ། ནག་པོ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་
Vol. 52 · folio 180b
འཇོམས་པ་ཉིད་ཀྱིས་དེ་ཉིད་སེམས་ཀྱི་བྱི་བ་སྒྲ་གཅན་ནོ། །དེའི་ཕུང་པོ་ཟ་བས་དབྱེ་བས་རྣམ་པར་དཔྱོད་པས་ཀྱེའི་རྣལ་འབྱོར་པ་གདམས་པ་ཐོབ་པ་ལ་མེད་པའོ། །ནམ་མཁའ་ཞེས་པ་ནི་བླ་མའི་མན་ངག་ལས་བདེ་བ་ཆེན་པོའི་ཆུ་སྐྱེས་ཀྱི་ཚལ་དུ་སོང་ནས་སླར་
འོང་བ་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྦྲང་གི་བཏུང་བའི་རོ་མྱོང་བར་བྱེད་པའོ། །དེ་བཞིན་དུ་ཡང་ཕྱི་རོལ་གྱི་ལྟ་བ་པ་མཱི་ན་ནཱ་ཐས། བླ་མ་ཡིས་ནི་དོན་དམ་གསུངས་པའི་ལམ་གྱི་རིམ་པ་ཏིང་འཛིན་སྒོ་གླེགས་ཅན། །ཆུ་སྐྱེས་རྣམ་རྒྱས་གསུངས་ལ་གཤིན་
རྗེའི་རྒྱལ་མེད་ཆུ་སྐྱེས་སྦྲང་རྩི་བུང་བ་འཐུང་། །རྐང་པ་བཞི་པས་རྡོ་རྗེ་བླ་མའི་བདག་ཉིད་ཆེ་བ་གསུངས་ཏེ། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཀྱི་བྱི་བ་འདི་དེ་སྲིད་པ་དེ་ཉིད་རྨོངས་པ་དང་ང་རྒྱལ་ཞི་བར་མི་འགྱུར་རོ། །གང་གི་ཚེ་ཆུ་སྐྱེས་ཀྱི་ཚལ་དུ་སོང་ནས་
བླ་མ་དམ་པའི་གསུང་གི་འཁྲུལ་འཁོར་གྱིས་ཉམས་སུ་མྱོང་བར་བྱེད་དོ། །ཀྱེའི་རྣལ་འབྱོར་པ་དེའི་ཕྱིར་བླ་མའི་བཞེད་པ་བཙལ་བར་བྱའོ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། གང་གི་དྲིན་གྱི་འོད་ཟེར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །རྐང་པ་ལྔ་པས་སེམས་ཀྱི་བྱི་བའི་རང་བཞིན་གསུངས་ཏེ། གང་དུ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་ལྷན་ཅིག་སྐྱེས་པའི་དགའ་བ་ལ་སེམས་ཀྱི་བྱི་བ་རྒྱུ་བའོ། །ང་ཞེས་རྐྱེན་གྱིས་བརྟགས་པ་རྒྱུན་གཅོད་པའོ། །དེའི་ཚེ་འཁོར་བར་འཆིང་བ་གཅོད་
པའོ། །དེ་བཞིན་དུ་ལུང་ལས་ཀྱང་། དེ་ཉིད་ལ་ནི་འཁོར་བ་མེད། །ལུས་འཛིན་འཆིང་བ་འདིར་གང་ལས། །འགའ་ཞིག་གང་དུ་འཆི་མེད་འགྲོ། །དེ་བཞིན་གྲོལ་བྱས་གྲོལ་བར་བྱ། །ལོག་པར་སྒྲོ་བཏགས་བྱས་དེ་ལས། །ཐག་སྦྲུལ་གྲིབ་མ་ཤ་ཟ་འཁྲུལ། །
ཅུང་ཟད་མ་སྤངས་མ་བཟུང་བར། །རོལ་པས་ལེགས་གནས་སྐབས་ཇི་བཞིན། །གུཉྫ་རི་ཞེས་བྱ་བའི་གླུ་དབྱངས་ས་ར་ཧའི་ཞབས་ཀྱིས་སོ། །རང་གི་རྟོགས་བྱས་འཁོར་བ་མྱ་ངན་འདས། །ལོག་ལྟས་འཇིག་རྟེན་རང་ཉིད་འཆིང་བར་བྱེད། །བདག་གིས་མི་
Vol. 52 · folio 181a
ཤེས་བསམ་མེད་རྣལ་འབྱོར་པ། །སྐྱེ་དང་འཆི་བའི་སྲིད་པ་ཇི་ལྟར་ཡིན། །ཇི་ལྟར་སྐྱེ་དང་འཆི་བ་དེ་བཞིན་དུ། །གསོན་དང་ཤི་བ་དག་ལ་ཁྱད་པར་མེད། །གང་འདིར་སྐྱེ་འཆི་དག་ལ་ཐེ་ཚོམ་མེད། །དེ་བྱེད་གསེར་འགྱུར་བཅུད་ལེན་
སྒྲུབ་པར་བྱེད། །གང་གི་གཡོ་དང་མི་གཡོར་བཅས་པར་འཁྱམ། །དེ་རྣམས་རྒ་དང་འཆི་བར་ཅིས་མི་འགྱུར། །སྐྱེ་ལས་ལས་སམ་ཅི་སྟེ་ལས་ལས་སྐྱེ། །ས་ར་ཧས་སྨྲས་བསམ་མེད་པ་དེ་ཆོས། །དོན་དེ་ཉིད་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ས་ར་ཧའི་ཞབས་
ཀྱིས་གསུངས་ཏེ། རང་གིས་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་སྐྱོན་གྱིས་སྲིད་པ་དང་མྱ་ངན་ལས་འདས་པ་རྟོག་པར་སྒྲོ་བཏགས་ཤིང་བྱས་པའི་ཕྱིར་འཇིག་རྟེན་འདིར་འཁྱམ་ཞིང་རང་ཉིད་ཀྱིས་སྲིད་པར་འཆིང་བ་དང་གྲོལ་བར་བྱེད་
པའི་ཕྱིར་རོ། །དྷྲཱུའི་རྐང་པས་རང་གི་ཡེ་ཤེས་བརྟན་པར་བྱེད་དེ། བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ས་ར་ཧའི་ཞབས་ཀྱིས་དེ་ལྟ་བུ་ཉིད་གསུངས་པ་ནི་བླ་མའི་ཞབས་ཀྱི་དྲིན་ལས་དངོས་པོའི་ངོ་བོ་ཉིད་ཡོངས་སུ་ཤེས་པས་བསམ་དུ་མེད་
པའི་རྣལ་འབྱོར་པ་བདག་ཉིད་དོ། །དེའི་ཕྱིར་སྐྱེ་དང་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་པ་ཇི་ལྟ་བ་བཞིན་དུ་གྱུར་པ་ཞེས་པའོ། །དེ་བཞིན་དུ་ཡང་ཚིགས་སུ་བཅད་པ་གཅིག་གིས་བཅོམ་ལྡན་འདས་མ་ལ་སྐྱེ་བ་དང་གནས་པ་དང་འཇིག་པའི་སྐྱོན་དང་བྲལ་བ་
ཞེས་བྱ་བ་ལ་སོགས་པའོ། །རྐང་པ་གཉིས་པས་སྐྱེ་བའི་རང་བཞིན་གསུངས་ཏེ། གང་འདིར་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་བདག་མེད་པར་ཁོང་དུ་ཆུད་པས་གང་གི་སྐྱེ་བ་ཡོད་དེ། ཀྱེའི་རྣལ་འབྱོར་གྱི་དབང་ཕྱུག་རང་ཉིད་ཀྱིས་བདག་ལ་འབོད་པར་བྱེད་དོ། །
གང་ལ་སྐྱེ་བ་མེད་པ་དེ་ལ་འཆི་བ་ཡང་མ་མཐོང་སྟེ། དེ་བཞིན་དུ་ཡང་གཉིས་སུ་མེད་པ་སྒྲུབ་པ་ལས། །རང་གི་རང་བཞིན་སྐྱེ་མེད་པ། །དེ་ཉིད་འཇིག་པར་མ་མཐོང་སྟེ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །དེ་ནི་གཉིས་མེད་ཡེ་ཤེས་མིང་། །དེའི་ཕྱིར་
Vol. 52 · folio 181b
སྐྱེས་བུ་གསོན་པ་དང་ཤི་བ་དག་ལ་ལྷན་ཅིག་དབྱེར་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་སུ་ཏ་ཀེ་ལས་ཀྱང་། རྨི་ལམ་དང་ནི་རབ་སད་གཞན་དུ་དབྱེ་བ་མེད། །རྣམ་པར་རྟོག་བྱེད་རྨི་ལམ་འབྲས་བུ་མངོན་འདོད་ཅན། །རྐང་པ་གསུམ་པས་རང་ཉིད་ཀྱི་རྗེས་སུ་
བསྔགས་པ་གསུངས་ཏེ། གང་ལ་འཆི་བ་ལ་སོགས་པའི་འཇིགས་པའང་ཡོད་པའི་རྣལ་འབྱོར་པ་དེ་ཡང་གསེར་འགྱུར་ལ་སོགས་པ་སྣ་ཚོགས་པའི་ཆོ་ག་རབ་ཏུ་སྦྱོར་བར་བྱེད་དོ། །བདག་ནི་སླར་ཡང་འཆི་བ་ལ་སོགས་པའི་འཇིགས་པའི་ཐེ་ཚོམ་གྱི་རྣམ་པར་
རྟོག་པ་མེད་པའི་གཟུགས་སོ། །རྐང་པ་བཞི་པས་སླར་ཡང་རྗེས་སུ་བསྔགས་པ་གསུངས་ཏེ། གང་གི་ཞེས་བྱ་བ་ལ་སོགས་པ་ནི་བྱིས་པའི་རྣལ་འབྱོར་པ་གང་འཛམ་བུའི་གླིང་གི་གནས་ཆེན་པོར་གཡོ་བ་དང་མི་གཡོ་བར་བཅས་པར་འཁྱམ་པར་བྱེད་དོ། །ཡང་
ན་སྔགས་དང་སྨན་ལ་སོགས་པའི་ནུས་པས་སུམ་ཅུ་རྩ་གསུམ་གྱི་གནས་སུ་བགྲོད་པར་བྱེད་དོ། །དེ་ཡང་བླ་མའི་ལམ་ཐོབ་ནས་འཆི་བ་མེད་པ་ཉིད་ཐོབ་པ་མ་ཡིན་ནོ། །བདག་ནི་གཅད་དུ་མེད་ཅིང་གཞིག་ཏུ་མེད་པའི་གཟུགས་སོ། །རྐང་པ་ལྔ་པས་ལམ་གྱི་བདག་
ཉིད་ཀྱི་ཆེ་བ་གསུངས་ཏེ། སྐྱེ་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་བྱེད་པ་པོ་དང་ལས་བྲལ་བའི་རྣལ་འབྱོར་གྱི་དབང་ཕྱུག་གི་སྐྱེ་བ་ལས་ལས་སུ་ཇི་ལྟར་འགྱུར་ཏེ་ལས་ལས་ཀྱང་སྐྱེ་བ་ཡང་ངོ་། །དེའི་ཕྱིར་ས་ར་ཧའི་ཞབས་ཀྱིས་ཀྱང་རང་གི་བཞེད་པ་གསུངས་ཏེ། དོན་
དམ་པར་རིག་པའི་རྣལ་འབྱོར་པ་ལ་བསམ་དུ་མེད་པའི་ཕྱིར་ཆོས་ཉིད་དོ། །བ་རཱ་ལི་ཞེས་བྱ་བའི་གླུ་དབྱངས་འདུ་ཤེས་གསུམ་པའི་ཞབས་ཀྱིའོ། །གང་ཚེ་བྷུ་སུ་ཀུ་ཁྱོད་རྔོན་འགྲོ་སྐྱེ་བོ་ལྔ་པོ་སོང་། །པདྨའི་ཚལ་དུ་རབ་ཏུ་འཇུག་ན་ཡིད་ནི་གཅིག་ཏུ་གྱིས། །གསོན་པོ་
གསོད་པར་མ་བྱེད་ཤི་བའི་རོ་ནི་མ་བླང་ཅིག །ཤ་ནི་མེད་པར་བྷུ་སུ་ཀུ་པ་ཁྱིམ་དུ་འཇུག་མ་བྱེད། །སྒྱུ་འཕྲུལ་དྲ་བ་བརྐྱང་ནས་སྒྱུ་མའི་རི་དགས་གསད་པར་གྱིས། །བླ་མ་དམ་པའི་གསུང་གིས་གོ་བྱེད་གང་དུ་གང་གིས་གཏམ། །ལུས་ནི་བདག་གི་སྣོད་ཡིན་ཨེ་མ་
Vol. 52 · folio 182a
ས་ཆུ་མེ་དང་ཟས། །དུས་དང་དུས་མིན་གཉིས་གཟར་རླུང་ལམ་སྦྱར་ཚོད་སྐྱ་བས་དཀྲུག །རྒྱ་དང་རྡོ་ལྕགས་ཐག་པ་མེད་པར་རི་དགས་རྒྱག་ཅིང་བྲོས། །མཆོང་ཞིང་མཆོང་ཞིང་བརྒྱུག་པས་ནམ་མཁའི་མཐིལ་དུ་ནུབ་པར་གྱུར། །བྷུ་སུ་ཀུ་པ་མཚན་
མོ་ནམ་ནི་རབ་ཏུ་ལངས་པར་གྱུར། །དོན་དེ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བས་བསྐུལ་བའི་ཡིད་ཀྱི་གྲུབ་པའི་སློབ་དཔོན་བྷུ་སུ་ཀུའི་ཞབས་ཀྱིས་རི་དགས་ཀྱི་དགོངས་པ་རྣམ་པར་སྒོམ་པར་བྱེད་པ་ཉིད་ཀྱིས་སོ། །གང་གི་ཚེ་ཁྱོད་ཅེས་བྱ་བ་ལ་སོགས་པ་ནི་ཀྱེའི་
བྷུ་སུ་ཀུ་ཁྱོད་གལ་ཏེ་ལུས་རླུང་གི་རི་དགས་ལུས་ཀྱི་རླུང་གི་ངོ་བོའོ། །རྔོན་པ་ཞེས་པ་ནི་རང་བཞིན་མེད་པར་བྱེད་པའི་ཐབས་ཚོལ་བས་འགྲོ་བར་བྱའོ། །དེའི་ཚེ་ཡུལ་ལྔ་རྣམས་ལ་གཟུགས་ཀྱི་ཕུང་པོར་གྱུར་པ་མེ་ལོང་ལྟ་བུའི་སའི་ཁམས་མིག་གི་དབང་པོ་
ལ་སོགས་པ་ལ་དཀྱིལ་འཁོར་རྣམས་སྡུད་པའི་རིམ་པས་གསོད་པ་ནི་རང་བཞིན་མེད་པར་བྱེད་པ་ཐོག་མར་བྱེད་པར་འགྱུར་རོ། །སླར་ཡང་རྡོ་རྗེའི་བཟླས་པས་སྣང་བ་གཉིས་པོ་འགོག་ཅིང་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་མཉམ་དུ་སྦྱོར་བ་བླ་མའི་དྲིན་ལས་བདེ་བ་
ཆེན་པོའི་འཁོར་ལོར་ཆུ་སྐྱེས་ཚལ་དུ་རབ་ཏུ་ཞུགས་པ་ལ། །ཡིད་གཅིག་ཏུ་བྱེད་པ་ནི་རྣམ་པར་རྟོག་པ་མེད་པར་འགྱུར་བ་རང་ཉིད་ཀྱིས་བདག་ལ་ཡང་དག་པར་འབོད་པར་བྱེད་པའོ། །དེའི་ཕྱིར་དྷྲཱུའི་རྐང་པས་བརྟན་པ་ལ་དམིགས་པ་གསལ་པོར་བྱེད་པ་
གསུངས་ཏེ། གསོན་པོ་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་ཞུགས་པའི་དབུགས་ནི་གསོན་པོ་ལ་ཨོཾ་ཡིག་ཉིན་མོའི་ཤེས་པས་རང་བཞིན་བཞི་བཅུའི་རང་བཞིན་དང་ལྡན་པའོ། །དབྱུང་བའི་དབུགས་ཤི་བའི་རོ་ཧཱུཾ་ཡིག་མཚན་མོའི་ཤེས་པའི་རང་བཞིན་སུམ་
ཅུ་རྩ་གསུམ་གྱི་རང་བཞིན་གྱི་ངོ་བོའོ། །གནས་པའི་དབུགས་ཀྱི་བཞི་ཨཱཿཡིག་མ་ནིང་གི་ཤེས་པའི་རང་བཞིན་བདུན་གྱི་རང་བཞིན་དང་ལྡན་པའོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེས་ཀྱང་། ཨོཾ་ཡིག་གིས་འཇུག་སེམས་ཅན་རྣམས། །སངས་རྒྱས་སྐུ་ཉིད་མཆོག་
Vol. 52 · folio 182b
ཏུ་རྟག །ཧཱུཾ་ཡིག་འབྱིན་བྱེད་སེམས་ཅན་རྣམས། །ཨཱཿཡིག་གིས་ནི་གནས་པར་བྱེད། །དེ་བཞིན་དུ་སྣང་བ་མཚན་མོའི་ཆ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དང་པོར་སྲོག་ལ་སོགས་པའི་ཤེས་པ་དབུ་མར་རབ་ཏུ་ཞུགས་པར་བྱས་ནས་
དེའི་རྗེས་སུ་ཤ་ནི་དགོངས་པའི་སྐད་ཀྱི་ཁྱད་པར་གྱི་དགའ་བ་རང་བྱིན་གྱིས་བརླབ་པའི་ངོ་བོ་ཉིད་བཞི་པའི་དགའ་པས་མ་སྦྱངས་ན་ཀྱེའི་བྷུ་སུ་ཀུའི་ཞབས་བདེ་བ་ཆེན་པོའི་ཁྱིམ་དུ་འཇུག་པར་མི་བྱེད་པའོ། །དེ་བཞིན་དུ་རིམ་པ་ལྔ་ལས་ཀྱང་། མཚན་མོ་མ་ཡིན་
མཚམས་ཀྱང་མིན། །ཉིན་མོ་ཡང་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། དབང་པོ་གང་དུ་ནུབ་ཅིང་མི་གནས་རང་བཞིན་ལ། །ཀྱེའི་ལྷན་ཅིག་སྐྱེས་དགའ་བླ་མའི་ཞབས་ལ་དྲིས། །རྐང་པ་
གཉིས་པས་ལམ་གྱི་ཐབས་གསུངས་ཏེ། སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་པའི་སྒྱུ་མ་ཞེས་པ་ནི་ལས་ཀྱི་ཡན་ལག་ཏུ་རྟོགས་པར་བྱ་སྟེ། རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་ལ་ཐོབ་པ་དེའི་བདེ་བ་ལ་ཚོགས་པའི་ལུས་ལ་དྲ་བ་གཞག་པ་སྟེ།
དེ་ཡིས་ལུས་ཀྱི་རི་དགས་འཆིང་བར་བྱེད་པ་བླ་མའི་ཞབས་ཀྱི་དྲིན་ལས་དེའི་ངོ་བོ་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་དེ་ལ་བདེ་བ་ཉམས་སུ་མྱོང་བའི་ངོ་བོ་ཉིད་ཐོབ་པ་དེའི་ཚེ་གང་དུ་ཡང་བརྗོད་པར་མི་ནུས་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། དགའ་
བས་མཉེས་གཤིན་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་གོམས་པའི་ཁྱད་པར་དུ་གསུངས་སོ། །ལུས་སྣོད་ཅེས་བྱ་བ་ལ་སོགས་པའི་ལུས་ཉིད་ནི་བདག་གི་སྣོད་གཞིར་གྱུར་པ་དེ་ལས་འབྱུང་བ་ཆེན་པོ་ལྔར་གྱུར་པའི་རྫས་
བཟའ་བར་བྱའོ། །དེ་ལ་དུས་དང་དུས་མིན་ནི་ཟླ་བ་ཉི་མ་དག་དང་གསུམ་པ་ཨ་ཝ་དྷཱུ་ཏཱིའི་རླུང་ལ་བཞི་པའི་དགའ་བས་ཐམས་ཅད་ཡོངས་སུ་འཇོམས་པའི་ཕྱིར། བཟའ་བ་དང་བཏུང་བ་ནི་རང་བཞིན་མེད་པར་བྱེད་པའོ། །དེ་བཞིན་དུ་དཔལ་དུས་ཀྱི་
Vol. 52 · folio 183a
འཁོར་ལོ་ལས་ཀྱང་། གང་ཞིག་ཐིག་ལེ་དཀར་འཛིན་ལྷུང་ན་ཉིན་མཚན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་བཞི་པས་འབྲས་བུ་རྫོགས་པ་གསུངས་ཏེ། རྒྱ་དང་རྡོས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་བདེ་བ་ཆེན་པོའི་དགའ་
བ་ནི་རྒྱ་ཞེས་ཏེ་དགོངས་པའི་སྐད་ཀྱི་སྐུའི་དགའ་བའི་རྣམ་པར་རྟོག་པའོ། །རྡོས་ཞེས་བྱ་བ་ནི་དགོངས་པའི་སྐད་ཀྱིས་གསུང་གི་དགའ་བའི་རྣམ་པར་རྟོག་པའོ། །ཐག་པ་ཞེས་པ་ནི་ཐུགས་ཀྱི་དགའ་བའི་རྣམ་པར་རྟོག་པའོ། །དེ་རྣམས་ཐམས་ཅད་གཟུགས་
ལ་སོགས་པ་ཡང་ནམ་མཁའོ། །བརྒྱུག་པ་ཞེས་པ་ནི་འོད་གསལ་འབེབས་པ་དེ་ཉིད་རླུང་གི་ངོ་བོ་ལུས་ཀྱི་རི་དགས་སོ། །བྲོས་པ་ནི་རང་བཞིན་མེད་པར་གྱུར་པ་རྟག་ཏུ་གོམས་པའི་རྣལ་འབྱོར་པས་ནམ་མཁར་འོད་གསལ་ལ་ཐིམ་པར་གྱུར་པའོ། །དེའི་ཕྱིར་
བྷུ་སུ་ཀུའི་ཞབས་ཀྱིས་མཚན་མོ་ཞེས་པ་ནི་མ་རིག་པའི་མུན་པ་སངས་པ་ནི་བྲོས་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལུང་ལས་ཀྱང་། བདག་ཉིད་དེ་བཞིན་ཐིག་གྱུར་ཏེ། །བཅོམ་ལྡན་འདས་ནི་སྲོག་གི་བདག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དཔའ་
བོའི་ཏི་ལ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །གང་ཚེ་ཟླ་བ་གང་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་དྲི་མ་མེད། །གཏི་མུག་དྲི་མ་གཅོད་པ་བླ་མའི་གསུངས། །ཡུལ་དང་དབང་པོ་ནམ་མཁར་སླེབ་པར་འགྱུར། །མཁའ་མཚུངས་
ས་བོན་གང་ཞིག་མཁའ་མཉམ་འགྲོ། །རང་གི་ཤིང་ལས་ཁམས་གསུམ་གྲིབ་མས་ཁྱབ། །ཇི་ལྟར་ཉིན་བྱེད་ཤར་བས་མཚན་མོ་སེལ་བར་བྱེད། །སྲིད་མཚོར་གཏི་མུག་རབ་རིབ་སེལ་བར་བྱེད། །ཇི་ལྟར་དང་པའི་རྒྱལ་པོས་ཆུ་བོ་འབྱེད། །སྲིད་པ་ཟ་
ཞེས་ཀཱཧྞ་པ་ཡིས་སྨྲ། །དོན་དེ་ཉིད་བདེ་བ་ཆེན་པོའི་རྒྱལ་པོ་ཆོས་ཐམས་ཅད་དམིགས་པ་མེད་པའི་རོ་དེ་ཡིས་སླར་ཡང་ནག་པོ་སྤྱོད་པ་པ་རྣམ་པར་སྒོམ་པར་བྱེད་དོ། །ཟླ་བ་གང་བ་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་དྲིན་ལས་གང་གི་དུས་སུ་ཆ་བཅུ་དྲུག་དང་ལྡན་
Vol. 52 · folio 183b
པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་ཤར་བར་གྱུར་པ་དེའི་དུས་སུ་རྣལ་འབྱོར་གྱི་དབང་ཕྱུག་སེམས་ཀྱི་རྒྱལ་པོ་ཤིན་དུ་དྲི་མ་མེད་པར་འགྱུར་རོ། །དྷཱའི་རྐང་པ་དོན་དེ་ཉིད་བརྟན་པར་བྱེད་དོ། །གཅོད་པ་ཞེས་བྱ་བ་ལ་སོགས་པ་ནི་བློ་གྲོས་དང་ལྡན་པས་
བླ་མའི་གསུང་གིས་གཏི་མུག་ལ་སོགས་པའི་སྒྲིབ་པ་འབྲོས་པར་འགྱུར་རོ། །ཡུལ་དང་དབང་པོ་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁར་འོད་གསལ་ལ་འཇུག་པར་བྱེད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། དུས་མཉམ་ཤར་བ་དེ་ལ་ཕྱག་འཚལ་
ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གཉིས་པ་ཆོས་ཀྱི་ས་བོན་གྱི་ནུས་པ་གསུངས་ཏེ། མཁའ་མཚུངས་ས་བོན་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་དང་མཚུངས་པའི་ས་བོན་ནི་འོད་གསལ་གྱི་རང་བཞིན་སེམས་ལས་སྐྱེས་པ་སྟེ།
དེའི་རང་བཞིན་འོད་རབ་ཏུ་གསལ་བ་ནི་རང་གི་ཤིང་ལྗོན་པའི་གྲིབ་མ་རྣལ་འབྱོར་གྱི་དབང་ཕྱུག་ཡེ་ཤེས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གསུམ་པོ་ཁྱབ་པའོ། །རྐང་པ་གསུམ་པས་དེའི་ཁྱད་པར་གྱི་མཚན་ཉིད་གསུངས་ཏེ། མཚན་མོ་སེལ་ཞེས་བྱ་བ་ལ་
སོགས་པ་ནི་དཔེར་ན་ཉིན་མོར་བྱེད་པ་ཤར་བར་གྱུར་ན་མཚན་མོ་མུན་པ་སེལ་བ་བཞིན་དུ་ཇི་ལྟར་བླ་མ་དམ་པའི་ཞབས་ཀྱི་རྡུལ་གྱི་ཚོགས་ལ་རབ་ཏུ་འདུད་ན་སོ་སོར་ལྟ་བ་ལས་ཡང་དག་པར་སྐྱེས་པའི་རང་བཞིན་གྱི་དྲིན་ལས་སྲིད་པའི་རྒྱ་མཚོར་ཡེ་ཤེས་ཀྱི་གཏི་
མུག་དང་ཞེ་སྡང་ལ་སོགས་པའི་སྒྲིབ་པ་རིང་དུ་འགྲོས་པར་གསུངས་སོ། །རྐང་པ་བཞི་པས་རྣལ་འབྱོར་གྱི་དབང་ཕྱུག་གི་སྤྱོད་པ་གསུངས་ཏེ། ངང་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཕྱི་རོལ་དུ་ངང་པའི་རྒྱལ་པོས་ཆུ་དང་འོ་མ་འདྲེས་པའི་ཆུ་རྣམ་པར་
ཕྱེ་ནས་འོ་མ་འཐུང་བར་བྱེད་དོ། །ནག་པོ་སྤྱོད་པ་ཉིད་ལ་ཀྱེའི་རྣལ་འབྱོར་པ་མཆོག་གི་དེ་ཉིད་ཀྱིས་སྲིད་པའི་རང་བཞིན་ཁོང་དུ་ཆུད་པས་སྲིད་པ་བཟའ་བར་བྱ་བ་ཡིན་གྱིས་ཁྱོད་སྲིད་པ་ལེན་པར་མ་བྱེད་ཅིག་པའོ། །དེ་བཞིན་དུ། ཡེ་ཤེས་བྱང་ཆུབ་པ་ལས་ཀྱང་། །སྲིད་པ་མ་ཡིན་མྱང་
Vol. 52 · folio 184a
འདས་མིན། །ཡང་དག་ཇི་བཞིན་རྟོགས་པ་ལས། །ཞེས་སོ། །འདི་ནི་ཐག་པའི་ཞབས་ཀྱི་གླུ་དབྱངས་སོ། །ཆོས་འབྱུང་རྐང་རྟེན་རྡོ་རྗེའི་གནས་ཀྱི་སྐད། །ལན་ལྔ་འཐག་ཅིང་འཐག་པས་དྲི་མེད་གོས། །བདག་ནི་ཐ་གའི་རང་བཞིན་རྒྱུ་
རྣམས་དང་། །སྤུན་དོག་བདག་གིར་མཚོན་པ་མི་ཤེས་སོ། །ཕྱེད་བཅས་ཁྲུ་གསུམ་ཁྱིམ་འཐག་སུན་སྒྲོན་གསུམ། །ནམ་མཁའ་ཁེངས་གྱུར་དེ་ནི་ཐག་འཐག་གོ། །གཞོམ་མེད་ཐག་བཟངས་སྦྲ་ནི་བླ་མའི་གསུང་བྲལ་མིན། །གནས་གཉིས་བཅད་ནས་རྒྱུན་
རྣམས་བསྒྲིམས་ཤིང་བརྟན་པོར་སྒྱོངས། །ནོར་བུས་སོན་པ་སྟོང་ཉིད་ཀྱིས་མཚོན་སྟོང་ཉིད་སྙིང་། །ཐག་གི་རོ་རྙེད་ཐ་ག་གཏི་མུག་དྲ་བ་གྲོལ། །ཆོས་ཐམས་ཅད་ཁོང་དུ་ཆུད་པའི་དོན་དེ་ཉིད་སེམས་ཅན་རྣམས་ཀྱི་ཕྱིར་གྲུབ་པའི་སློབ་དཔོན་ཐ་ག་པའི་ཞབས་
ཀྱིས་གསུངས་ཏེ། ཆོས་ཞེས་བྱ་བ་ལ་སོགས་པ་ནི་ཆོས་འབྱུང་དགོངས་པའི་སྐད་ཀྱིས་ཤེས་རབ་ཀྱི་ཆོས་འབྱུང་དུ་རྟོགས་པར་བྱའོ། །རྐང་རྟེན་ཞེས་པ་ནི་རྐང་པ་བཞི་དགའ་བ་བཞིའི་རྟེན་དུ་གྱུར་པའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། ཨི་ཡིག་
གང་བྱེད་ལྷ་མོ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་དོན་དམ་རིག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པའི་ཆོས་ཀྱི་འབྱུང་གནས་གང་ཡིན་པ་དེ་ནི་ཆོས་འབྱུང་ངོ་། །རྡོ་རྗེ་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་བྱ་བ་དང་བྱེད་པའི་དངོས་པོ་
ལས་དེའི་གནས་ཀྱི་སྐད་དེ་ནི་རྣལ་འབྱོར་རོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། རྡོ་རྗེ་འབེབས་པས་གཡོ་བ་ཉིད། །པདྨ་ཡོད་པས་རྡོ་རྗེའོ། །བྱ་བ་བྱེད་པས་རྒྱས་འདེབས་པ། །འདི་ནི་བདེ་ཆེན་རྒྱལ་པོའོ། །དེ་ལ་ཤེས་རབ་ཀྱི་ཆུ་སྐྱེས་ལ་མེ་
ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་རྡོ་རྗེ་བླ་མའི་དྲིན་ལས་སོ། །དྲི་མེད་གོས་ཞེས་པ་ནི་རང་བཞིན་གྱིས་འོད་གསལ་གྱིས་ཡོངས་སུ་དག་པར་བྱེད་དོ་ཞེས་སོ། །དེ་བཞིན་དུ་
Vol. 52 · folio 184b
བརྟག་པ་གཉིས་པ་ལས་ཀྱང་། ཀུན་རྫོབ་ཀུནྡ་དང་མཚུངས་པ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་སོ། །དྷྲཱུའི་རྐང་པས་ཡང་དག་པར་རྟོགས་པ་བརྟན་པར་བྱེད་དོ། །བདག་ནི་ཐ་ག་ཞེས་བྱ་བ་ལ་སོགས་པ་ནི་ངོ་བོ་ཉིད་ཀྱི་ཐབས་ཀྱི་བདག་ནི་
ཐ་ག་པའི་ཞབས་སོ། །རྒྱུ་དང་སྤུན་དག་གི་གང་གི་ཕྱིར་ན་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་དམིགས་པས་མཚོན་པ་དག་གིས་མི་ཤེས་སོ། །དེ་བཞིན་དུ་ཡང་། གཟུང་འཛིན་དངོས་པོ་མེད་པའི་ཕྱིར། །སེམས་ནི་གང་དུའང་སྐྱེ་བ་མེད། །གང་ལ་
སེམས་ཉིད་སྐྱེ་མེད་པ། །དེ་ཉིད་མཆོག་གི་གོ་འཕང་ངོ་། །རྐང་པ་གཉིས་པས་རྟེན་དང་བརྟན་པ་གསུངས་ཏེ། ཕྱེད་བཅས་ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་རང་གི་ལུས་ལ་བསམ་གཏན་གྱི་ཁང་པར་གྲོལ་བ་སྟེ། དེ་ལ་དགའ་བ་གསུམ་པ་བསྐྱེད་པའོ། །
ནམ་མཁའ་ཁེངས་གྱུར་ཞེས་པ་ནི་ཡོངས་སུ་དག་པའི་འོད་གསལ་གྱིས་ཡོངས་སུ་སྦྱར་བར་བྱས་པས་སོ་སོར་ལྟ་བ་དང་ལྡན་པས་བདག་གནས་པའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། ལུས་དང་བྲལ་བའི་སེམས་ཉིད་ནི། །གཞན་དུ་སྤང་བར་
བྱ་བ་མེད། །ཅེས་སོ། །རྐང་པ་གསུམ་པས་ཡིད་ཆེས་པའི་ཚོགས་པ་གསུངས་ཏེ། གཞོམ་དུ་མེད་པ་ཞེས་བྱ་བ་ལ་སོགས་པའི་ཐགས་བཟངས་ནི་དགོངས་པའི་སྐད་ཀྱིས་སྲོག་དང་རྩོལ་བ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་རླུང་གཉིས་ལ་གཞོམ་དུ་མེད་
པའི་སྒྲ་དང་གཟུགས་བརྙན་ཡོངས་སུ་རྟོག་པ་ཞེས་སོ། །ལྷན་ཅིག་སྐྱེས་པའི་སྒྲ་བརྙན་དང་། །དེ་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བླ་མ་དམ་པའི་གསུང་གིས་བསྒྲུབ་པར་བྱའོ། །གནས་གཉིས་ཆད་གྱུར་ཞེས་པ་ནི་དངོས་པོ་དངོས་པོ་མེད་པར་འཛིན་
པ་དག་བཅད་ནས་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་སྦྱོར་བ་བསྟན་པས་མི་ཕྱེད་པར་བདག་གིས་བྱའོ་ཞེས་སོ། །རྐང་པ་བཞི་པས་རྣལ་འབྱོར་པའི་རྗེས་སུ་བསྔགས་པ་གསུངས་ཏེ། ནོར་བུས་སོན་པ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་རང་
Vol. 52 · folio 185a
བཞིན་གྱིས་འོད་གསལ་བའི་ཁོང་དུ་ཆུད་པ་ལས་དར་མའི་སྐྱེ་བོ་དང་འཁྱུད་པས་དེ་ཉིད་རང་བཞིན་གྱིས་ཡོངས་སུ་གྱུར་པ་ཨ་ཝ་དྷཱུ་ཏཱི་རྣལ་འབྱོར་མ་བདག་མེད་མའོ། །ནོར་བུར་གནས་ཞེས་པ་ནི་འཐག་པའི་ཚུལ་ཐ་གའི་ཞབས་བདག་གིས་ཐོབ་པའོ། །
དེའི་ཕྱིར་དེའི་དྲིན་ལས་གཏི་མུག་གིས་མངོན་པར་འཁྱུད་པའི་སྲད་བུས་བཅིངས་པ་རྣམ་པར་དྲལ་བར་གྱུར་པའོ། །ཐག་ཅེས་པ་ནི་སྐྱེས་པའི་ཆོས་དང་རྣམ་པར་བྲལ་ནས་རྡོ་རྗེ་འཛིན་པར་གྱུར་ཏོ་ཞེས་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། དེ་ནི་དཔལ་ལྡན་ཞེས་
བྱ་བ་ལ་སོགས་པ་གསུངས་སོ། །ཤ་བ་རི་ཞེས་བྱ་བའི་གླུ་དབྱངས་ཞི་བའི་ཞབས་ཀྱིའོ། །ཚད་མས་བརྟགས་ཤིང་བརྟགས་པའི་ཆ་ཤས་ཆ། །ཆ་ཤས་ཆ་ཤས་བརྟགས་ན་ལྷག་མ་མེད། །དེ་ཉིད་ཕྱིར་ན་གཟུགས་ནི་མ་རྙེད་དོ། །ཤཱནྟིས་སྨྲས་པ་ཅི་ཞིག་སྒོམ་པར་
བྱེད། །ཚད་མས་བརྟགས་བརྟགས་སྟོང་པ་ཉིད་དུ་སོང་། །སླར་ཡང་བླངས་ནས་རང་གི་འགོག་པར་བྱེད། །རྣམ་པ་གཉིས་འབབ་ལམ་ནི་མ་མཐོང་སྟེ། །ཤཱནྟིས་སྨྲས་པ་སྐྲ་རྩེའི་ཆ་མི་ཤོང་། །བྱ་བ་བྱེད་པ་ཟུང་དག་ཡོད་མ་ཡིན། །རང་གིས་རིག་པས་ཤཱནྟི་པ་
ཡིས་སྨྲས། །ཡེ་ཤེས་ཀྱི་དགའ་བའི་བདེ་བས་གང་ཞིང་བརླན་པ་གྲུབ་པའི་སློབ་དཔོན་ཤཱནྟི་པས་དོན་དེ་ཉིད་སྐྱེ་བོ་རྣམས་ཀྱི་ཕྱིར་རབ་ཏུ་གསུངས་སོ། །ཏུ་ལ་ཞེས་བྱ་བ་ལ་སོགས་པ་ནི་རང་བཞིན་གྱིས་ཉེས་པ་ཉིད་ཚད་མས་གཞལ་བར་རིག་པ་ནི་འཇིག་རྟེན་གསུམ་
དང་ལུས་ངག་ཡིད་ཀྱི་འདིར་གཡོ་བ་དང་མི་གཡོ་བ་ལ་སོགས་པའི་དབྱེ་བས་ཆ་ཤས་ཅན་གཅིག་ཚད་མས་སྐྱེས་པར་བྱས་པའི་རང་བཞིན་ཆ་ཤས་དྲུག་ཏུ་བསྒྲུབ་པར་བྱས་ནས་དེ་ཉིད་ཀྱི་ཆ་ཤས་རྡུལ་ཕྲ་རབ་གོང་བུའི་རྡུལ་ཕྲན་ཆ་དྲུག་ཏུ་དངོས་པོ་མེད་པར་ཕྱེ་ཞིང་ཕྱེ་བས་
ཆ་ཤས་མེད་པའོ། །ཆ་ཤས་མེད་པས་མཚོན་པ་དེ་ཉིད་ཀྱང་རྒྱུ་དང་བྲལ་བའི་ཕྱིར་དེའི་སེམས་ཀྱི་རྒྱུའི་ཕྱིར་རྗེས་ལ་ཐོབ་པ་མེད་དོ། །ཤཱནྟིའི་ཞབས་ཀྱིས་གསུངས་པ། དངོས་པོ་དེ་ལ་དམིགས་པ་དང་དངོས་པོ་མེད་པ་ལ་ཅི་ཞིག་བསྒོམ་པར་བྱ་སྟེ། དེ་བཞིན་
Vol. 52 · folio 185b
དུ་ཡང་ཤེས་རབ་ལེའུ་ལས། །རྣམ་པར་དཔྱད་བྱས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གཉིས་པས་དོན་དེ་ཉིད་བརྟན་པར་བྱེད་དོ། །ཚད་མས་བརྟགས་ཞེས་བྱ་བ་ལ་སོགས་པ་ནི་དེ་རྣམ་པར་དཔྱོད་པའི་ཚད་མས་ཡང་ཆ་ཤས་ལ་སོགས་པ་འབྱིན་
པའོ། །སྟོང་པ་ཞེས་པ་ནི་འོད་གསལ་ལ་སེམས་རབ་ཏུ་ཞུགས་པའོ། །དེ་ལ་བདག་གིས་འོད་གསལ་བཟུང་ནས་འགོག་པ་ཞེས་བྱ་བ་ལ་སོགས་པ་ནི་བདག་ཏུ་འཛིན་པའི་བསྒོམ་པར་བྱ་བ་དང་། སྒོམ་པ་པོའི་ངོ་བོ་འགོག་པ་ཞེས་སོ། །དེ་བཞིན་དུ་
བརྟག་པ་གཉིས་པ་ལས་ཀྱང་། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། འབབ་ཅེས་བྱ་བ་ལ་སོགས་པ་ནི་འདིར་མཆོག་གི་ལམ་ལ་གཉིས་སུ་མེད་
པའི་ཕྱིར་རྣམ་པ་གཉིས་སུ་མེད་པའོ། །དེའི་ཕྱིར་ཤཱནྟིའི་ཞབས་ཀྱིས་གསུངས་ཏེ། འདིར་སྐྲའི་རྩེ་མོའི་ཆའི་ཆོས་ཀྱིས་ཞུགས་ན་དེའང་རིང་བ་ཉིད་དོ། །ཡང་ན་སྐྲའི་རྩེ་ཁའི་མཚམས་ཀྱི་ཆ་འདིར་མེད་པའོ། །དེ་བཞིན་དུ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། དེ་ཡི་
ལུས་ལ་ཁོང་སེང་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་བཞི་པས་རང་བཞིན་ལ་དམིགས་པ་གསུངས་ཏེ། བྱ་བ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ཤཱནྟིའི་ཞབས་ཀྱིས་རང་ཉིད་བྱ་བ་དང་བྱེད་པ་དང་བྲལ་བའི་ཕྱིར་བླ་ན་མེད་པའི་
གོ་འཕང་དུ་གསུངས་སོ། །འདི་ཉིད་ཚད་མའི་རིགས་པས་བསྐྱེད་པ་བླ་མ་དམ་པའི་དྲིན་ལས་བླ་ན་མེད་པའི་གོ་འཕང་རང་ཉིད་ཀྱིས་མཁྱེན་པའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། བླ་མའི་རིམ་པ་ཉེར་བསྟེན་པས། །གྱ་ནོམ་པ་ཉིད་བདག་གིས་
ཤེས། །འདོད་པ་སྦྱིན་པ་ཞེས་བྱ་བའི་གླུ་དབྱངས་འདུ་ཤེས་གསུམ་པའི་ཞབས་ཀྱིའོ། །ནམ་ཕྱེད་ཆུ་སྐྱེས་ཁེངས་རྒྱས་སུམ་ཅུ་གཉིས། །རྣལ་འབྱོར་མ་རྣམས་དེ་ལ་ཡན་ལག་ཚིམ། །རི་བོང་འཛིན་ལམ་ཨ་ཝ་དྷཱུ་ཏཱིར་བསྐྱོད། །རིན་ཆེན་ཚིག་ནི་ལྷན་ཅིག་སྐྱེས་
Vol. 52 · folio 186a
པ་སྨྲ། །རི་བོང་འཛིན་བསྐྱོད་མྱ་ངན་འདས་པར་འགྲོ། །པདྨ་ཅན་ནི་པདྨར་འབབ་པའི་ཆུ། །ཁྱད་པར་དགའ་བ་མཚན་ཉིད་དང་བྲལ་བ། །གང་གིས་དེ་ཤེས་དེ་ནི་སངས་རྒྱས་སོ། །བྷུ་སུ་ཀུས་སྨྲས་བདག་གིས་ཚོགས་པ་ཤེས། །ལྷན་ཅིག་
སྐྱེས་དགའ་བདེ་བ་ཆེན་པོར་རོལ། །དོན་དེ་ཉིད་ལྷན་ཅིག་སྐྱེས་པའི་རོས་ཡོངས་སུ་གང་བའི་གྲུབ་པའི་སློབ་དཔོན་བྷུ་སུ་ཀུས་གསུངས་ཏེ། ནམ་ཕྱེད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལ་དབང་གི་ལེའུར་གསུངས་པའི་ཆོ་ག་ལས། ནམ་ཕྱེད་ཀྱི་ཐུན་མཚམས་བཞི་ལ་
ཤེས་རབ་ཡེ་ཤེས་ཀྱི་དབང་སྟེར་བའི་དུས་སུ་རྡོ་རྗེ་ཉི་མའི་འོད་ཟེར་གྱི་ཆུ་སྐྱེས་ནི་བདག་གི་གཙུག་ཏོར་གྱི་ཆུ་སྐྱེས་སུ་རྣམ་པར་རྒྱས་པའོ། །དེའི་དུས་ལ་རྣལ་འབྱོར་མ་སུམ་ཅུ་རྩ་གཉིས་ཞེས་པ་ནི་སུམ་ཅུ་རྩ་གཉིས་བྱང་ཆུབ་ཀྱི་སེམས་འབབ་པ་ལ་ལ་ནཱ་དང་ར་ས་ནཱ་
དང་། ཨ་ཝ་དྷཱུ་ཏཱི་མི་ཕྱེད་མ་ཕྲ་མོའི་གཟུགས་ལ་སོགས་པར་རྟོགས་པར་བྱའོ། །དེའི་གནས་སུ་འབབ་པར་བྱེད་དོ། །དེ་རྣམས་ཀྱི་དགའ་བ་ལ་སོགས་པའི་ཚོགས་པས་ཡན་ལག་ཡང་དག་པར་ཚིམ་པར་གྱུར་པའོ། །བྷྲཱུའི་རྐང་པ་དང་ལྷན་ཅིག་པའི་བླ་མའི་
སྟོབས་གསུངས་ཏེ། དུས་དེར་དེའི་རྒྱུས་རི་བོང་འཛིན་པ་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཨ་ཝ་དྷཱུ་ཏཱིའི་ལམ་གྱི་རྡོ་རྗེའི་རྩེ་མོར་སོན་པ་བླ་མ་དམ་པའི་གསུང་གི་དེ་ཉིད་རིན་པོ་ཆེའི་མཐུ་ལས་དེ་དག་ལ་ལྷན་ཅིག་སྐྱེས་པའི་དགའ་བ་སྟོན་པར་བྱེད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་
ཀྱིས་ཀྱང་། སེམས་ཀྱི་དབང་པོའི་མདའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གཉིས་པས་དོན་དེ་ཉིད་གསུངས་ཏེ། བསྐྱོད་ཅེས་བྱ་བ་ལ་སོགས་པ་ནི་རི་བོང་འཛིན་པ་བྱང་ཆུབ་ཀྱི་སེམས་ཨ་ཝ་དྷཱུ་ཏཱིའི་ལམ་གྱིས་གང་དུ་ཡོངས་སུ་སྐྱོད་པར་བྱེད་པ་དེ་ཉིད་བླ་མའི་
དྲིན་གྱིས་རྡོ་རྗེའི་རྩེ་མོ་མཆོག་ལ་མྱ་ངན་འདས་པ་འོད་གསལ་བར་གྱུར་པའོ། །པདྨའི་རོ་ལ་བདེ་བ་ཆེན་པོའི་རོ་དེ་ཡོད་པའི་ཕྱིར་རོ། །པདྨ་ཅན་ནི་དེ་ཉིད་རང་བཞིན་ཡོངས་སུ་དག་པ་ཨ་ཝ་དྷཱུ་ཏཱི་པ་བདག་མེད་མ་ཆུ་སྐྱེས་ཀྱི་རོ་དེ་ཉིད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རོས་སྐུ་
Vol. 52 · folio 186b
རྡོ་རྗེ་རྒྱས་པའི་ཕྱིར་བདེ་བ་ཆེན་པོའི་འཁོར་ལོར་སྟེང་དུ་འབབ་པའི་ཕྱིར་རོ། །དེ་བཞིན་དུ་ནག་པོ་སྤྱོད་པའི་ཞབས་ཀྱིས་ཀྱང་། རབ་ཏུ་འབབ་པས་རང་སེམས་འཆིང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་དོན་དེ་ཉིད་གསུངས་ཏེ། ཁྱད་
པར་གྱི་དགའ་བ་ལ་སོགས་པ་མཚན་ཉིད་དང་བྲལ་བ་བཞི་པའི་དགའ་བ་དག་པ་འདི་ཁྱད་པར་གྱི་དགའ་བ་གང་གི་རྣལ་འབྱོར་གྱི་དབང་ཕྱུག་གི་རྟོགས་པ་བླ་མའི་དྲིན་གྱིས་ཉིན་མཚན་དུ་གྱུར་པ་དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་
དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །འདིར་དེ་ཉིད་རྣམས་ཀྱི་མ་རིག་པའི་སྐབས་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྡོ་རྗེ་ཌ་ཌཱི་ཞབས་ཀྱིས་ཀྱང་། བ་ལང་ཁུ་རིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་བཞི་པས་རང་གི་རྟོགས་པ་བརྟན་པར་བྱེད་དོ། །
བྷུ་སུ་ཀུས་སྨྲས་ཞེས་བྱ་བ་ལ་སོགས་པ་ནི་བྷུ་སུ་ཀུའི་ཞབས་ཀྱིས་བདག་གིས་བཤད་པ་སྟེ། ཐབས་དང་ཤེས་རབ་སྦྱོར་བས་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བ་ཆེན་པོ་བླ་མ་དམ་པའི་དྲིན་གྱིས་ཁོང་དུ་ཆུད་པས་རོལ་པའོ། །བར་ཌི་ཞེས་པའི་གླུ་དབྱངས་
ས་ར་ཧའི་ཞབས་ཀྱིའོ། །མཐོ་ཞིང་མཐོ་བའི་རི་བོ་དེར། །ས་ཝ་རི་ཡི་བུ་མོ་འདུག །རྨ་བྱའི་མདོངས་ནི་ལུས་ལ་གྱོན། །མ་རུའི་ཕྲེང་བ་མགུལ་དུ་དཔྱངས། །སྨྱོན་པ་ས་ཝ་རི་ནི་འཁྲུལ། །གུ་ལི་མ་བྱེད་ས་ཝ་རི། །ཁྱོད་ཀྱི་རང་གི་ཁྱིམ་མི་མོ། །མིང་ནི་ལྷན་སྐྱེས་
མཛེས་ལྡན་མ། །སྣ་ཚོགས་ཤིང་མཆོག་རྩེ་མོ་ནི། །ནམ་མཁའི་མཐིལ་དུ་ཡལ་ག་རེག །གཅིག་པུར་ས་ཝ་རི་ཉིད་འགྲོ། །རྣ་རྒྱན་འཁོར་ལོ་རྡོ་རྗེ་འཛིན། །ཁམས་གསུམ་པོ་ཡི་ཁྲི་ཉིད་བཤམས། །བདེ་བ་ཆེན་པོའི་ཉལ་ས་བྱས། །ས་ཝ་རི་སྦྲུལ་བདག་
མེད་མ། །གཟུགས་འཚོང་དགའ་བས་ནམ་ལངས་གྱུར། །སེམས་ནི་སོ་རྩི་བདེ་བ་ཆེ། །ག་བུར་ཟ་བ་སྟོང་པ་ཡི། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །བདེ་ཆེན་མཚན་མོ་ནམ་ལངས་གྱུར། །བླ་མའི་གསུང་གི་གཞུ་དང་ནི། །རང་གི་ཡིད་ཀྱི་མདའ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words