སྤྱོད་པའི་གླུའི་མཛོད་ཀྱི་འགྲེལ་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཙརྱཱ་ཀོ་ཥ་གཱི་ཏ་ཊཱི་པྱཱ་ཎི་པྲྀཏྟི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 52 · folio 187a

ཡིས་ཕུག །མདའ་གཅིག་ཉིད་ནི་བསྡོགས་བྱས་ནས། །མཆོག་གི་མྱ་ངན་འདས་པ་ཕུག །སྨྱོན་པ་ཤ་ཝ་རི་པ་ནི། །ཆེར་ཁྲོས་རི་བོ་མཆོག་རྩེ་ཡི། །མཚམས་སུ་ཞུགས་ནས་ཤ་ཝ་རི། །བདག་གིས་ཇི་ལྟར་མཆོང་བར་བྱེད། །གྲུབ་པའི་སློབ་

དཔོན་ས་ཝ་རི་པའི་ཞབས་ཀྱིས་དོན་དེ་ཉིད་སྙིང་རྗེ་ཆེན་པོའི་རོས་ཕུག་པས་འཇིག་རྟེན་པའི་དོན་དུ་གསུངས་སོ། །མཐོ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་རང་ལུས་སྒལ་ཚིགས་ཀྱི་དབྱིག་པ་མཐོ་བའི་རི་རབ་ཀྱི་རྩེ་མོ་ལ་བདེ་བ་ཆེན་པོའི་འཁོར་

ལོར་ས་ཡིག་གི་ཕ་རོལ་ཧ་ཡིག་དེ་ཉིད་འཛིན་པ་དེ་ཉིད་ས་ཝ་རིའོ། །དེའི་ཁྱིམ་ཡེ་ཤེས་ཀྱི་ཕྱག་རྒྱ་བདག་མེད་མ་ཨ་ཡིག་ལས་སྐྱེས་པ་ལ་འདུག་པར་བྱེད་དོ། །རྨ་བྱའི་མདོངས་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ཕྱོགས་ཀྱི་རྣམ་པར་རྟོག་པའི་གཟུགས་ཀྱིས་ལྷག་པར་

གནས་པ་དེ་ལ་གོས་དང་རྒྱན་དུ་བྱས་པའོ། །མ་རུ་ནི་གུཉྫ་སྟེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་གུ་ཧྱའི་གསང་སྔགས་ལྷག་པར་རྣམ་པར་འཛིན་པའོ། །རྐང་པ་གཞན་གྱི་རྐང་པས་དྷཱུའི་རྐང་པར་ཤེས་པར་བྱའོ། །རྐང་པ་གཉིས་པས་གོམས་པའི་རང་

བཞིན་གསུངས་སོ། །སྨྱོན་པ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་བདག་མེད་མའི་ངོ་བོས་དབུགས་འབྱིན་པ་སྟེར་བར་བྱེད་དོ། །ཀྱེའི་སྨྱོན་པ་ཡུལ་ལ་འཁྲུལ་པའི་སེམས་ས་ཝ་རི་ཐབས་དང་ཤེས་རབ་གཅིག་པའོ། །གུ་ལི་ཞེས་པ་ནི་དགའ་བ་ལ་སོགས་

པའི་རྣམ་པར་རྟོག་པ་མ་བྱེད་ཅིག་པའོ། །བདག་ཉིད་ཁྱོད་ཀྱི་ཁྱིམ་མི་མོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པ་ནི་མཛེས་པ་ཅན་ནོ། །སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་དེའི་ལུས་ཀྱི་རི་རབ་བོ། །ཤིང་མཆོག་ནི་མ་རིག་པའི་གཟུགས་ལ་དགའ་བ་ལ་སོགས་

པའི་སྔགས་ཀྱི་སྣ་ཚོགས་པའི་རབ་ཏུ་བྱེད་པའི་རྒྱས་པ་རང་གི་གཟུགས་སུ་གྱུར་པའོ། །འདིའི་ཡལ་ག་ཡང་ཕུང་པོ་ལྔ་ནམ་མཁའ་ལ་འོད་གསལ་ལ་རེག་པའོ། །དེའི་ཕྱིར་དེ་བདག་མེད་མ་གཅིག་པུའོ། །རྣ་རྒྱན་ཞེས་པ་ནི་སྣ་ཚོགས་པའི་གནས་ལ་འཁོར་

Vol. 52 · folio 187b

ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་རུས་པའི་རྒྱན་གྱིས་བརྒྱན་པར་བྱས་ནས། རྡོ་རྗེ་ནི་ཐབས་ཀྱི་ཡེ་ཤེས་རྣམ་པར་འཛིན་པ་ཟུང་འཇུག་གི་ཚུལ་གྱིས་འདིར་ལུས་ཀྱི་རི་བོ་ལ་འགྲོ་བ་ནི་རོལ་པར་བྱེད་པའོ། །རྐང་པ་གསུམ་པས་རོལ་པའི་བདེ་བའི་སྟོབས་གསུངས་ཏེ།

ཁམས་གསུམ་ཞེས་བྱ་བ་ལ་སོགས་པའི་ཁམས་གསུམ་ནི་ལུས་དང་ངག་དང་ཡིད་རྣམས་ནམ་མཁའ་ལ་འོད་གསལ་བ་བརྐྱང་ནས་དེ་ཡིས་གཟུང་བའི་བདེ་བ་ཆེན་པོར་ཉལ་བར་བྱས་ནས་ས་ཝ་རི་སེམས་ཀྱི་རྡོ་རྗེ་ནི་ལྟོས་འགྲོ་དང་ལྷན་ཅིག་གཟུགས་འཚོང་མ་

ཞེས་བྱ་བ་ནི་ཉོན་མོངས་པ་འཇོམས་པའི་ཕྱིར་དཱ་རི་ཀ་སྟེ། བདག་མེད་མ་གཟུགས་འཚོང་མའོ། །དགའ་བས་ཞེས་པ་ནི་རོལ་པའི་དཔེ་མེད་པ་འཕེལ་བར་འགྱུར་རོ། །མཚན་མོ་ཞེས་པ་ནི་མུན་པར་ཐབས་དང་ཤེས་རབ་ཀྱི་རྣམ་པར་རྟོག་པ་འཇོམས་པའོ། །

དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། དཔལ་གྱི་རྡོ་རྗེ་བདུད་རྩི་ཉིད་ཀྱང་འཁོར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་བཞི་པས་རྒྱུ་དང་འབྲས་བུའི་ངོ་བོ་གསུངས་ཏེ། རྨ་བྱའི་མདོངས་ཞེས་བྱ་བ་ལ་སོགས་པ་ནི་སྙིང་གི་འོད་གསལ་གོ་ལར་མོས་

པ་དང་ག་བུར་ནི་ཟུང་དུ་འཇུག་པའི་ངོ་བོས་རྒྱུ་དང་འབྲས་བུ་ཉིད་ཀྱིས་དེ་ཡིས་དེར་མོས་པའོ། །སྟོང་པ་ཞེས་པ་ནི་དེ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །བདག་མེད་མའི་ཡེ་ཤེས་རྣལ་འབྱོར་མས། མགུལ་པ་ནི་ལོངས་སྤྱོད་ཀྱི་

འཁོར་ལོར་རྣམ་པར་འཛིན་པ་བདེ་བ་ཆེན་པོའི་ཡེ་ཤེས་འོད་ཟེར་གྱིས། ནམ་ཞེས་པ་ནི་རང་གི་ལུས་ལ་ཉོན་མོངས་པའི་མུན་པ་རང་ཉམས་པའོ། །དེ་བཞིན་དུ་ཡང་སཱུ་ཏ་ཀེ་ལས་ཀྱང་། རྒྱུ་དང་འབྲས་བུ་རྒྱས་གདབ་པ། །ཞེས་བྱ་བ་ལ་སོགས་པ་གསུངས་

སོ། །རྐང་པ་ལྔ་པས་རྡོ་རྗེ་བླ་མའི་བདག་ཉིད་ཆེ་བ་གསུངས་ཏེ། བླ་མའི་གསུང་གི་ཞེས་བྱ་བ་ལ་སོགས་པའི་བླ་མ་དམ་པའི་གསུང་གཞུར་བྱས་ནས་རང་གི་ཡིད་བྱང་ཆུབ་ཀྱི་སེམས་ཀྱི་མདའོ། །མདའ་གཅིག་ཉིད་ནི་བསྡོགས་བྱས་ནས། །ཞེས་པ་ནི་གཉིས་

Vol. 52 · folio 188a

པོ་དག་གཅིག་ཏུ་བྱས་ནས་དབྱངས་གཅིག་ངེས་པར་སྒྲོགས་པས་དེ་ལ་གོམས་པར་བྱས་པར་གྱུར་པ་དེ་ཡིས་མྱ་ངན་ལས་འདས་པས་ས་ར་ཧའི་ཞབས་བདག་གིས་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་སྐྱོན་བཅོམ་པའོ། །རྐང་པ་དྲུག་

པས་སེམས་ཀྱི་ཡང་དག་པར་ཇི་ལྟ་བའི་ངོ་བོ་གསུངས་ཏེ། སྨྱོན་པ་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་ཆང་གིས་རབ་ཏུ་མྱོས་པ་དག་གི་སེམས་རྡོ་རྗེ་ཉིད་ས་ཝ་རིའོ། །ཆེར་ཁྲོས་པ་ཞེས་པ་ནི་ཡེ་ཤེས་ཀྱི་དགའ་བའི་དྲིས་བསྐུལ་བར་གྱུར་པ་བདེ་བ་ཆེན་པོའི་

འཁོར་ལོར་པདྨ་བཞིན་དུ་གྱེན་དུ་རབ་ཏུ་བསྐྱོད་པ་ལས་དེ་ལ་ནུབ་པར་གྱུར་པའོ། །རི་མཆོག་ཅེས་བྱ་བ་ནི་གསུངས་པའི་དོན་གྲུབ་པའི་སློབ་དཔོན་བདག་གིས་ཇི་ལྟར་བཙལ་བར་བྱ། དེ་བཞིན་དུ་ལུང་ལས་ཀྱང་། ཇི་སྲིད་སེམས་ནི་རབ་འཇུག་པ། །བགྲོད་པ་

རྣམས་ཀྱི་མཐར་ཐུག་མེད། །སེམས་ཉིད་ལོག་པར་གྱུར་པ་ལ། །བགྲོད་བྱ་དང་ནི་བགྲོད་བྱེད་མེད། །པ་ཊ་ཧ་མཉྫ་རི་ཞེས་བྱ་བའི་གླུ་དབྱངས་ལཱུ་ཡི་པའི་ཞབས་ཀྱིའོ། །དངོས་པོ་མ་ཡིན་དངོས་པོ་མེད་པའང་མ་ཡིན་པའི། །འདི་འདྲའི་སངས་རྒྱས་གང་གིས་ཡིད་

ནི་ཆེས་པར་བྱེད། །ལཱུ་ཡིས་སྨྲས་པ་རྨོངས་པ་ཡ་མཚན་མཚོན་དུ་མེད། །ཁམས་གསུམ་ཉིད་དུ་རོལ་པ་དབྱིབས་དང་སྤྱོད་ལམ་མེད། །གང་གི་ཁ་དོག་མཚན་མ་གཟུགས་ནི་མི་ཤེས་སོ། །དེ་ནི་ཇི་ལྟར་ལུང་དང་རིག་བྱེད་དག་ལས་བཤད། །གང་གིས་ཇི་ལྟར་

སྨྲ་བ་བདག་གིས་དྲི་བར་བྱ། །ཆུ་ཡི་ཟླ་བ་ཇི་བཞིན་བདེན་དང་བརྫུན་པའང་མིན། །ལཱུ་ཡིས་སྨྲས་པ་བདག་གི་བསྒོམ་པ་ཇི་ལྟ་བུ། །གང་ཞིག་བླངས་འདུག་དེ་ནི་བདག་གིས་མ་མཐོང་ངོ་། །ཡེ་ཤེས་ཀྱི་དགའ་བས་བརྗིད་པའི་ལཱུ་ཡི་པའི་ཞབས་ཀྱིས་དེ་ཁོ་ན་ཉིད་

ཀྱི་དོན་ཁྱད་པར་དུ་འཕགས་པའི་ཕྱིར་གསུངས་ཏེ། དངོས་པོ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དེ་ཉིད་དེ་ཁོ་ན་ཉིད་མ་ཡིན་ནོ། །གང་གི་ཕྱིར་ན་རིལ་པོར་འཛིན་པའི་དབྱེ་བ་མེད་པ་ལ་རྣམ་པར་དཔྱོད་པས་དངོས་པོར་དམིགས་པ་མེད་དེ་ཅི་སྟེ་དངོས་པོར་ཐོབ་

Vol. 52 · folio 188b

པར་འགྱུར། །དངོས་པོ་མེད་པ་ཡང་མ་ཡིན་ཏེ། བདེན་པ་མ་ཡིན་པའི་ངོ་བོའི་ཕྱིར་འདི་འདྲ་བའི་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་གང་གིས་ཀྱང་དེ་ཉིད་ཡིད་ཆེས་པར་བྱེད་ཅེས་སོ། །དྷྲཱུའི་རྐང་པས་ངོ་བོ་ཉིད་ཀྱི་རང་བཞིན་ཐོབ་པར་དཀའ་བ་གསུངས་ཏེ།

ལཱུ་ཡིས་སྨྲས་པ་ཞེས་བྱ་བ་ལ་སོགས་པའི་གྲུབ་པའི་སློབ་དཔོན་ལཱུ་ཡི་པའི་ཞབས་ཉིད་ཀྱིས་ཏེ། འདི་ཉིད་མཚོན་པར་དཀའ་བའི་དེ་ཉིད་བྱིས་པའི་རྣལ་འབྱོར་པས་མཚོན་མི་ནུས་པའོ། །གང་གི་ཕྱིར་ཁམས་གསུམ་ནི་ལུས་ངག་ཡིད་གསུམ་རྣམ་པར་

རོལ་པ་ནི་རྩེ་བར་བྱེད་པའོ། །དེའི་རྒྱུད་ལ་རིང་པོ་དང་ཐུང་ངུ་དང་ཟླུམ་པོ་ལ་སོགས་པ་དབྱིབས་མི་ཤེས་པས་གང་དུ་ངེས་པར་གནས་པར་བྱེད་ཅེས་པའོ། །རྐང་པ་གཉིས་པས་གསུངས་པའི་དོན་དེ་ཉིད་གསལ་བར་བྱེད་དོ། །གང་གི་ཞེས་བྱ་བ་ལ་སོགས་

པ་ནི་གང་གི་དེ་ཉིད་ཀྱི་མཚན་མའི་གཟུགས་རྟོགས་པ་མེད་པ་སྟེ། དེ་ཡང་ཇི་ལྟར་སྣ་ཚོགས་པའི་སྙན་དངགས་དང་། འདུལ་བ་དང་ལུང་དང་བསྟན་བཅོས་དང་རིག་བྱེད་རྣམས་ཀྱིས་བཤད་པའོ། །དེ་བཞིན་དུ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། དམར་པོ་མ་ཡིན་

སེར་པོ་དང་། །བཙོད་ཁའི་ཁ་དོག་དེ་མི་དམིགས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསུངས་ཏེ། གང་གི་ཞེས་བྱ་བ་ལ་སོགས་པ་ནི་གང་གིས་ཅི་ཞིག་གྲོལ་ཏེ་སོ་སོའི་སྐྱེ་བོའི་ཕྱིར་བར་གྱི་གྲུབ་མཐའ་ཅི་

ཞིག་སྦྱིན་པར་བྱ། ཇི་ལྟར་ཆུ་ཟླ་བདེན་པ་ཡང་མ་ཡིན་མི་བདེན་པ་ཡང་མ་ཡིན་པའོ། །དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་སྒོམ་པའི་གྲོང་ཁྱེར་གྱི་གཟུགས་བརྙན་ནོ། །དེ་ཇི་ལྟར་སྦྱར་ཏེ་བཤད་པར་བྱ། ཡང་ན་དེ་ལ་ཇི་ལྟར་ཡིད་ཆེས་པར་བྱེད་དེ་སྨྲར་མེད་པའི་

ཕྱིར་རོ། །རྐང་པ་བཞི་པས་སེམས་ཀྱི་ངོ་བོ་གསུངས་ཏེ། ལཱུ་ཡིས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ལཱུ་ཡི་པའི་ཞབས་ཀྱིས་གསུངས་པ་སྟེ། བདག་གིས་བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་སྒོམ་པ་རྣམས་ངོ་བོ་མེད་པས་ཅི་ཞིག་བསྒོམ་པར་བྱ། དེའི་

Vol. 52 · folio 189a

ཕྱིར་རྐང་པ་བཞི་པ་བཟུང་ནས་བདག་གནས་པ་སྟེ། དེ་ཡང་བླ་མའི་གསུང་གིས་རྣམ་པར་དཔྱད་ནས་དེའི་དབྱིབས་མངོན་དུ་བསྟན་པ་མེད་དེ་མ་མཐོང་བའོ། །དེ་བཞིན་དུ་ཡང་། སེམས་ནི་ངེས་པར་རྟོགས་པ་ཡིས། །གང་གི་ཚེ་ན་

གོམས་བྱེད་པ། །དེ་ཚེ་སེམས་ནི་ངས་མ་མཐོང་། །གང་དུ་སོང་ཞིང་གང་ནས་འགྱུར། །མལ་ལ་རེ་ཞེས་བྱ་བའི་གླུ་དབྱངས་བྷུ་སུ་ཀུའི་ཞབས་ཀྱིའོ། །སྙིང་རྗེའི་སྤྲིན་ནི་རྒྱུན་མི་འཆད་པར་འཕྲོ། །དངོས་པོ་དངོས་མེད་རྟོག་ཅིང་རྟོག་ཅིང་སེལ། །ཡ་མཚན་ཆེ་

བ་ནམ་མཁའི་མཐིལ་དུ་ཤར། །ལྷན་སྐྱེས་རང་བཞིན་ལྟོས་ཤིག་བྷུ་སུ་ཀུ། །གང་གི་ཡིད་ལ་མིག་འཕྲུལ་ཆད་གྱུར་པ། །རང་གི་ཡིད་ལ་དགའ་བ་སྟེར་བར་བྱེད། །ཡུལ་ནི་རྣམ་དག་བདག་གི་དགའ་བ་རྟོགས། །ནམ་མཁའི་མཐིལ་དུ་ཇི་ལྟར་ཟླ་བ་ཤར། །

དེར་ནི་ཁམས་གསུམ་པོ་ནི་རྣམ་པར་བརྐྱང་། །གང་ཤར་བྷུ་སུ་ཀུ་ཡི་མུན་པ་སེལ། །དེ་ཁོ་ན་ཉིད་ཀྱི་དོན་བདེ་བ་ཆེན་པོའི་དགའ་བས་རབ་ཏུ་ཚིམ་པའི་འདུ་ཤེས་གསུམ་པའི་ཞབས་ཀྱིས་གསུངས་སོ། །སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་དང་དངོས་པོ་མེད་

པར་གཟུང་བའི་རྣམ་པར་རྟོག་པ་སེལ་བ་སྟེ་རང་བཞིན་མེད་པར་བྱས་ནས་ཡོངས་སུ་དག་པའི་ལོངས་སྤྱོད་རྫོགས་པའི་སྐུ་རྣལ་འབྱོར་གྱི་དབང་ཕྱུག་གི་བླ་མའི་དྲིན་ལས་འཕྲོ་བའོ། །དེའི་ཕྱིར་བྷྲཱུའི་རྐང་པས་དེའི་མཐུ་གསུངས་ཏེ། ཤར་བ་ཞེས་བྱ་བ་ལ་

སོགས་པ་དེ་ལས་དེ་ཁོ་ན་ཉིད་རྟོགས་པ་སྟེ། འོད་གསལ་ཡ་མཚན་ཆེ་བ་ཟུང་འཇུག་གི་འབྲས་བུ་ཤར་བར་གྱུར་པའོ། །དེའི་ཕྱིར་ཀྱེའི་རྣལ་འབྱོར་པ་འདུ་ཤེས་གསུམ་པའི་ཞབས་བླ་མའི་དྲིན་ལས་དགའ་བ་གསུམ་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་

བཞིན་ལྟོས་ཤིག་ནི་ཤེས་པར་གྱིས་ཤིག་པ་སྟེ། བདག་ཉིད་ལ་རང་གིས་འབོད་པར་བྱེད་པའོ། །རྐང་པ་གཉིས་པས་དེའི་མཐུ་སྟོན་པར་བྱེད་དེ། །གང་ཞིག་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ལྷན་ཅིག་སྐྱེས་པའི་དགའ་བ་སོ་སོར་བལྟ་བས་མིག་འཕྲུལ་ནི་

Vol. 52 · folio 189b

དབང་པོའི་ཚོགས་ཆད་ཅིང་མེད་པར་བྱེད་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། གང་དུ་དབང་པོ་ཐིམ་གྱུར་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་ཞེས་བྱ་བ་ལ་སོགས་པ་ནི་འབྱུང་བས་རྣམ་པར་མི་རྟོག་པའི་རྣམ་པས་རང་གི་ཡིད་བྱང་

ཆུབ་ཀྱི་སེམས་རྡོ་རྗེ་བླ་མའི་དྲིན་གྱིས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། སེམས་དང་སེམས་མེད་ཡོངས་སྡུད་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གསུམ་པས་ལམ་གྱི་རྗེས་སུ་བསྔགས་

པ་གསུངས་ཏེ། ཡུལ་ནི་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཟླ་བས་ནམ་མཁའ་འོད་གསལ་བར་བྱེད་དོ། །དེ་བཞིན་དུ་བདག་གི་ཡུལ་རྣམས་ཀྱི་རྣམ་པར་དག་པ་ལས་སོ། །དགའ་བ་ཞེས་པ་ནི་ཁྱད་པར་གྱི་དགའ་བ་དང་མཆོག་དགའ་ཁོང་དུ་ཆུད་པས་ལྷན་ཅིག་

སྐྱེས་པའི་དགའ་བའི་ཟླ་བས་གཏི་མུག་གི་མུན་པ་འཇོམས་པར་བྱེད་པའོ། །རྐང་པ་བཞི་པས་འབྲས་བུ་ཐོབ་པའི་ཕྱིར་དེའི་མཐུ་གསུངས་ཏེ། དེར་ནི་ཞེས་བྱ་བ་ལ་སོགས་པ་ནི་དེ་ལ་འཇིག་རྟེན་གསུམ་དུ་དགའ་བ་བཞི་དང་བྲལ་ན་ཐབས་གཞན་མེད་པའོ། །གང་ཞིག་

ཤར་བས་གྲུབ་པའི་སློབ་དཔོན་འདུ་ཤེས་གསུམ་པའི་ཞབས་ཀྱིས་ཉོན་མོངས་པའི་མུན་པ་བསལ་བའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། གང་ཤར་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །པ་ཌ་ཧ་མཉྫ་རི་ཞེས་བྱ་བའི་གླུ་

དབྱངས་འཕགས་པ་ལྷའི་ཞབས་ཀྱིའོ། །གང་ལ་ཡིད་དང་དབང་པོ་རླུང་རྣམས་ཞུགས་གྱུར་ན། །བདག་གིས་མི་ཤེས་གང་དུ་སོང་དང་གང་དུ་སླེབ། །ཡ་མཚན་སྙིང་རྗེ་ཌ་མ་རུ་ཉིད་སྒྲོགས་པར་བྱེད། །འཕགས་པ་ལྷ་ནི་དམིགས་པ་མེད་ལ་རྣམ་པར་མཛེས། །

ཟླ་བ་ཟླ་བའི་འོད་ཟེར་ཇི་བཞིན་ཡོངས་སུ་ཤེས། །སེམས་ཀྱི་རྣམ་འགྱུར་དེ་ལ་འཕངས་ནས་ཡོངས་སུ་ཞུགས། །སྤངས་གྱུར་སྲིད་པའི་སྐྱུག་བྲོ་འཇིག་རྟེན་སྤྱོད་པ་རྣམས། །བལྟ་ཞིང་ལྟ་བས་སྟོང་པ་ཉིད་ལ་རྣམ་པར་དཔྱད། །འཕགས་པ་ལྷ་ནི་ཀུན་ལ་རྣམ་པར་དཔྱོད་

Vol. 52 · folio 190a

པར་བྱེད། །འཇིགས་པ་དང་ནི་སྐྱུག་བྲོ་རིང་དུ་ཟད་པར་བྱས། །དེ་ཁོ་ན་ཉིད་ཀྱི་དོན་གྱིས་རབ་ཏུ་དགྱེས་པའི་འཕགས་པ་ལྷའི་ཞབས་ཀྱིས་གསུངས་ཏེ། གང་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་དུ་འོད་གསལ་དཀྱིལ་འཁོར་ལ་སོགས་པ་སྡུད་པའི་

རིམ་པས་ཡུལ་དང་རླུང་དང་དབང་པོ་ལ་སོགས་པ་རང་བཞིན་མེད་པར་གྱུར་པ་དེ་ལ་རབ་ཏུ་ཞུགས་པར་གྱུར་ན། བདག་གིས་ཞེས་བྱ་བ་ནི་སེམས་ཀྱི་རྒྱལ་པོ་མཚོན་པ་ཡང་མི་ཤེས་ཤིང་གང་དུ་སོང་བ་ཉིད་ཀྱང་ངོ་། །དྷྲཱུའི་རྐང་པས་དགའ་བ་བརྟན་པར་བྱེད་དོ། །

ཡ་མཚན་ཞེས་པ་ནི་རྨད་དུ་བྱུང་བའི་སྙིང་རྗེ་ཞེས་ཏེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བླ་མའི་དྲིན་ལས། ཌ་མ་རུ་ཞེས་པ་ནི་གཞོམ་དུ་མེད་པའི་སྒྲར་བྱེད་པ་སྟེ། གཞོམ་དུ་མེད་པའི་སྒྲའི་ཡེ་ཤེས་རྣམ་པར་རྟོགས་པའོ། །དེའི་ཕྱིར་འཕགས་པ་ལྷའི་ཞབས་དམིགས་པ་

མེད་པ་ཆོས་ཐམས་ཅད་མི་དམིགས་པ་ལ་རྣལ་འབྱོར་གྱི་དབང་ཕྱུག་གིས་མཛེས་ཤིང་བརྗིད་པའོ། །རྐང་པ་གཉིས་པས་ཡུལ་གྱི་རང་བཞིན་གསུངས་ཏེ། ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཟླ་བ་ནུབ་པ་ན་དེར་ཟླ་བའི་འོད་ཟེར་ཡང་དེ་ལ་ནུབ་པར་འགྱུར་བའི་ཕྱིར་

རོ། །རྣམ་འགྱུར་ཞེས་པ་ནི་དེ་བཞིན་དུ་སེམས་ཀྱི་རྒྱལ་པོ་ཡང་གང་གི་ཚེ་སེམས་མེད་པ་འོད་གསལ་ལ་ཐིམ་པར་འགྱུར་རོ། །དེའི་ཚེ་དེའི་རྣམ་པར་རྟོག་པ་ཐིམ་ཞིང་། དེ་ལ་ནུབ་པར་འགྱུར་རོ། །དེ་བཞིན་དུ་ལུང་ལས་ཀྱང་། ཟླ་བ་ནུབ་པར་གྱུར་པ་ཇི་བཞིན་དུ། །ཆུ་

ཡི་ཟླ་བ་ཇི་སྙེད་ནུབ་པར་འགྱུར། །དེ་བཞིན་སེམས་ཀྱང་ལྷན་སྐྱེས་ལ་ནི་ནུབ། །དེ་བཞིན་རྣམ་པར་རྟོག་པ་ཀུན་ཀྱང་ངོ་། །རྐང་པ་གསུམ་པས་དངོས་པོ་ཆ་ཤས་མེད་པ་གསུངས་ཏེ། སྤངས་ནས་ཞེས་བྱ་བ་ལ་སོགས་པ་ནི་དེའི་ཕྱིར་གྲུབ་པའི་སློབ་དཔོན་བདག་གིས་

འཇིགས་པ་དང་ངོ་ཚ་བ་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་པ་ཡོངས་སུ་སྤངས་ནས་བླ་མའི་གསུང་གི་ལམ་གྱིས་སྟོང་པ་ཉིད་ལ་ངེས་པར་ལྟ་བའོ། །དངོས་པོ་ནི་བདག་མེད་པའི་གཟུགས་ལ་ལྟ་བའོ། །རྐང་པ་བཞི་པས་བདག་ཉིད་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ།

Vol. 52 · folio 190b

འཕགས་པ་ལྷ་ཞེས་བྱ་བ་ལ་སོགས་པའི་འཕགས་པ་ལྷའི་ཞབས་ཀྱིས་བླ་མ་དམ་པའི་དྲིན་ལས་བདག་མེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་མཛད་ནས་འཁོར་བའི་སྐྱོན་ཐམས་ཅད་སུན་ཕྱུང་ནས་འབྲས་བུ་མེད་པར་མཛད་དོ་ཞེས་སོ། །དེ་ཤ་ཁ་ཞེས་བྱ་བའི་གླུ་

དབྱངས་ས་ར་ཧའི་ཞབས་ཀྱིའོ། །ནཱ་ད་ཐིག་ལེ་ཉི་ཟླའི་དཀྱིལ་འཁོར་མེད། །སེམས་ཀྱི་རྒྱལ་པོ་ངོ་བོ་ཉིད་ཀྱིས་གྲོལ། །དྲང་པོའི་ལམ་སྤངས་གཞན་ནི་མ་ལེན་ཅིག །བྱང་ཆུབ་ཉེའོ་རིང་དུ་མ་འགྲོ་རེ། །ལག་གདུབ་ལྟ་ལ་མེ་ལོང་མ་ལེན་ཅིག །བདག་གིས་བདག་ཉིད་

ངེས་པར་ཤེས་པས་སོ། །ཕ་རོལ་ཚུ་རོལ་འགྲོ་བ་དེ་ཡིས་སོ། །སྡུག་པའི་སྐྱེ་བོ་དང་འགྲོགས་འཆི་བར་འགྱུར། །གང་གི་གཡས་གཡོན་དག་ནི་དོང་དང་གཡང་། །ས་ར་ཧས་སྨྲས་དྲང་པོའི་ལམ་མོ་ཀྱེ། དེ་ཁོ་ན་ཉིད་ཀྱི་དོན་ཆོས་ཐམས་ཅད་ཁོང་དུ་ཆུད་པ་གྲུབ་

པའི་སློབ་དཔོན་ས་ར་ཧའི་ཞབས་ཀྱིས་སྐྱེ་བོ་རྣམས་ཀྱི་ཕྱིར་གསུངས་སོ། །ནཱ་ད་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་གསུང་གི་བདུད་རྩིའི་རླབས་ཀྱིས་མཐུས་དོན་དམ་པ་རིག་པ་སེམས་ཀྱི་རིན་པོ་ཆེ་ནཱ་ད་དང་ཐིག་ལེ་ལ་སོགས་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་

པའི་རང་བཞིན་གྱིས་ཡོངས་སུ་གྲོལ་བ་ནི་ཐོག་མ་མེད་པའི་མ་རིག་པའི་ཤེས་པའི་རབ་རིབ་ལས་སོ། །སླར་ཡང་གཞན་གྱི་ངོ་བོ་བལྟ་བའི་ཕྱིར་རོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ཨ་ཧོ་ཤིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྷཱུའི་རྐང་པས་ལམ་གྱི་

རྗེས་སུ་བསྔགས་པ་གསུངས་ཏེ། དྲང་པོ་ཞེས་བྱ་བ་ལ་སོགས་པ་དེ་ནི་དེའི་ཕྱིར་ཨ་ཝ་དྷཱུ་ཏཱིའི་ལམ་རྣམ་པར་སྤངས་ནས་རྣལ་འབྱོར་གྱི་དབང་ཕྱུག་གི་ཐབས་གཞན་མེད་པའོ། །དེ་ཡིས་འགྲོ་ན་བྱང་ཆུབ་རྒྱལ་པོའི་ཕོ་བྲང་ཉེ་བར་གནས་པའོ། །རེ་ནི་ཡང་དག་པར་བོད་

པའོ། །ཀྱེ་བྱིས་པའི་རྣལ་འབྱོར་པ་ལམ་ཀྱོག་པོ་ལ་ལྷུང་བས་སླར་ཡང་འཁོར་བའི་སྲིད་པ་མ་ལེན་ཅིག་པའོ། །རྐང་པ་གཉིས་པས་རང་གི་རྐྱེན་ཉིད་དུ་བྱེད་པ་གསུངས་སོ། །ལག་པ་ཞེས་བྱ་བ་ལ་སོགས་པ་ནི་ལག་པའི་གདུ་བུ་ལ་མེ་ལོང་གིས་ཅི་ཞིག་བྱེད་པ་སྟེ། ཀྱེ་བྱིས་

Vol. 52 · folio 191a

པའི་རྣལ་འབྱོར་པ་ཁྱེད་ཀྱིས་སོ། །རང་གིས་དེ་ཉིད་རྡོ་རྗེ་བླ་མའི་དྲིན་ལས་རང་གི་ཡིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཤེས་པའི་ཕྱིར་རོ། །དེ་ལྟ་བས་ན་ཁྱོད་བླ་ན་མེད་པའི་ཆོས་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་སོ། །རྐང་པ་གསུམ་པས་

བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། ཕ་རོལ་ཚུ་རོལ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་དོན་དམ་པ་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་མཆོག་གི་རྣལ་འབྱོར་པས་རྟོགས་པར་འགྱུར་བའོ། །དེའི་རྗེས་སུ་དེ་བླ་མའི་དྲིན་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་

པར་འགྱུར་བའི་ཕྱིར་འཁོར་བའི་སྲིད་པར་དེ་སོ་སོའི་སྐྱེ་བོས་ཁོང་དུ་ཆུད་པར་འགྱུར་རོ། །དེ་བས་ན་གཏི་མུག་ལ་སོགས་པ་གདུག་པའི་སྐྱེ་བོ་དང་འགྲོགས་ན་འཁོར་བའི་རྒྱ་མཚོར་བྱིང་བར་འགྱུར་རོ། །རྐང་པ་བཞི་པས་སླར་ཡང་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ།

གཡས་གཡོན་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །དེའི་ཕྱིར་ས་ར་ཧའི་ཞབས་ཀྱིས་ཀྱང་། བདེ་བ་ཆེན་པོའི་གྲོང་ཁྱེར་དུ་ནི་བགྲོད་པའི་ཕྱིར། །ཀུན་སྤངས་ལམ་བཞིན་འབྲས་བཟང་མ་ཡོར་གྱིས། །དེ་བཞིན་དུ་གླུ་དབྱངས་གཞན་ལས་ཀྱང་། ཁྲལ་ས་

འགག་དང་ཤོག་མ་མེད་པ་ཡིས། །མིག་གིས་མཐོང་བའི་ལམ་ལ་འགྲོ་བར་གྱིས། །པ་ཌ་ཧ་མཉྫ་རི་ཞེས་བྱ་བའི་གླུ་དབྱངས་ཊེ་ཎ་ཊེ་ཎ་པའི་ཞབས་ཀྱིའོ། །གྲོང་ཁྱེར་དབུས་ན་བདག་གི་ཁྱིམ་སྟེ་ཁྱིམ་ཚེས་མེད། །ཁྲུ་བ་ལ་ནི་ཟན་མེད་རྟག་ཏུ་འདྲིམ་པར་བྱེད། །སྦལ་པ་

ཡིས་ནི་སྦྲུལ་ཉིད་འདོད་པ་ཉིད་དུ་བྱེད། །འོ་མ་བཞོས་པས་ནུ་མ་ལ་ནི་ཞུགས་པར་འགྱུར། །གླང་ནི་སྐྱེས་གྱུར་པ་ནི་མོ་གཤམ་ལ། །འབྲི་ནི་འཇོ་བར་བྱེད་དེ་ཐུན་མཚམས་གསུམ། །གང་དེ་བློ་ལྡན་དེ་ནི་བློ་མེད་པ། །གང་དེ་ཆོམ་པོ་དེ་ནི་མཁར་སྲུངས་སོ། །རྟག་ཏུ་ཅེ་སྤྱང་སེང་

གེ་མཉམ་དུ་འཛིན། །ཊེ་ཎ་ཊེ་ཎ་ཞབས་ཀྱི་གླུ་ནི་སུས་ཀྱང་གོ་བ་ཉུང་། །དོན་དེ་ཉིད་མཆོག་ཏུ་དགའ་བའི་ཚོགས་ཀྱིས་ཚིམ་པའི་གྲུབ་པའི་སློབ་དཔོན་ཊེ་ཎ་ཊེ་ནས་དགོངས་པའི་སྐད་ཀྱིས་གསུངས་ཏེ། གྲོང་ཁྱེར་དབུས་ཞེས་བྱ་བ་ལ་སོགས་པ་ནི་ཌཱ་ཞེས་པ་ནི་ཌཱ་མ་ལ་མི་བདེན་པའི་

Vol. 52 · folio 191b

གཟུགས་ཏེ་ལུས་དང་ངག་དང་ཡིད་གསུམ་གྱི་དྲུག་ཅུ་ལྷག་པའི་བརྒྱའི་རང་བཞིན་གྱི་ཉེས་པ་གང་དུ་བདེ་བ་ཆེན་པོའི་འཁོར་ལོ་ལ་ཐིམ་པར་གྱུར་པ་དེ་ཉིད་བདག་གི་ཁྱིམ་ཚེས་སུ་གནས་པ་ཟླ་བ་ཉི་མ་ཉིད་རྡོ་རྗེ་བཟླས་པའི་རིམ་པས་དེ་ཉིད་ལ་ཐིམ་པར་གྱུར་པའོ། །ཕྲུ་བ་ཞེས་པ་ནི་ལུས་

ཀྱི་གཞི་ལ། ཟན་ནི་དེའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྣམ་པར་ཤེས་པའི་ངོ་བོ་བླ་མའི་དྲིན་གྱིས་དེ་ལ་དེའི་དམིགས་པ་ཡོད་པ་མ་ཡིན་པའོ། །དེའི་ཕྱིར་བདག་མེད་པའི་ངོ་བོ་ཉིད་དེ་ཡིས་རྣལ་འབྱོར་གྱི་དབང་ཕྱུག་རྟག་ཏུ་རྒྱུན་མི་འཆད་པར་ཞུགས་ནས་ཡང་དང་ཡང་དུ་སེམས་

ལ་རྟོག་པར་བྱེད་དོ། །དྷྲཱུའི་རྐང་པས་དོན་དེ་ཉིད་བརྟན་པར་བྱེད་དོ། །སྦལ་པ་བེམ་ག་ལ་སོགས་པ་སྟེ། བི་ག་ཏ་ཡན་ལག་མེད་པ་སྟེ། དེ་སྦལ་པའོ། །ཡན་ལག་མེད་པ་སྟོང་པ་ཉིད་དེ་ལ་འོད་གསལ་དུ་རིག་པར་བྱའོ། །ཡན་ལག་ནི་འགྲོ་བ་དྲུག་ཏུ་བརྐྱང་ཞིང་འགྲོ་བའི་

ཕྱིར་སྦྲུལ་ལོ། །དེ་ཉིད་རླུང་གི་ངོ་བོ་དེ་ཡིས་ཡན་ལག་དང་བྲལ་བའི་འོད་གསལ་གྱིས་རྣམ་པར་ཤེས་པའི་རླུང་གིས་བསྐུལ་བའོ། །འོ་མ་བཞོས་པས་ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་དང་ཡང་དག་པར་འཁྱུད་པས་རྡོ་རྗེའི་རྩེ་མོར་བྱང་ཆུབ་ཀྱི་སེམས་གང་རྣལ་འབྱོར་གྱི་དབང་ཕྱུག་

གི་ནུ་མ་ཞེས་པ་རྡོ་རྗེའི་རྩ་བ་ནས་བདེ་བ་ཆེན་པོའི་འཁོར་ལོར་འགྲོ་བའི་ཕྱིར་རོ། །ཅི་སྟེ་ངོ་མཚར་བ་ཞེས་སོ། །རྐང་པ་གཉིས་པས་གོམས་པའི་ཁྱད་པར་གསུངས་ཏེ། གླང་ཞེས་བྱ་བ་ལ་སོགས་པ་ལ་བ་ལ་ནི་ཤའོ། །དེ་ཧ་ལུས་ལ་སྟེར་བར་བྱེད་པའི་ཕྱིར་རོ། །བ་ལ་དེ་

ཉིད་བྱང་ཆུབ་ཀྱི་སེམས་ལ་སྣང་བ་གསུམ་རབ་ཏུ་སྐྱེས་པར་གྱུར་པར་རོ། །བ་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གི་ཁྱིམ་དུ་མོ་གཤམ་བདག་མེད་མ་དེ་ལ་དབང་དུ་བྱེད་པའོ། །འབྲི་ནི་རང་གི་རྡོ་རྗེའི་རྩེ་མོར་བླ་མའི་དྲིན་ལས་དེའི་སྣང་བའི་སྐྱོན་གཉིས་འཇོ་བ་ཞེས་པ་ནི་རང་བཞིན་མེད་

པའི་བྱ་བར་བྱེད་པའོ། །ཐུན་མཚམས་གསུམ་ཞེས་པ་ནི་ཉིན་དང་མཚན་དུ་རྣལ་འབྱོར་པས་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། རྡོ་རྗེ་དང་ནི་ཆུ་སྐྱེས་ཡང་དག་སྦྱོར། །རྣལ་འབྱོར་དྲི་མེད་མཆོག་གི་བདེ་ཆེན་འགྱུར། །དེ་ཡི་ཚེ་ན་དགའ་བའི་དབྱེ་བ་ནི། །

Vol. 52 · folio 192a

དེ་ལ་མཚོན་དུ་མེད་པ་ཡོངས་ཀྱི་ཚད། །རྐང་པ་གསུམ་པས་རང་བཞིན་ཡོངས་སུ་འཇལ་བ་གསུངས་ཏེ། གང་དེ་བློ་ཞེས་བྱ་བ་ལ་སོགས་པ་ནི་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་བློ་གང་ཡིན་པ་དེ་རྣམ་པར་རྟོག་པའི་ཤེས་པའོ། །དེ་དོན་དམ་པ་རིག་པ་རྣམས་

ཀྱིས་སོ་སོར་བླ་མའི་དྲིན་ལས་དམིགས་པ་མེད་པའི་ངོ་བོ་ཉིད་དོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། གང་འདིར་མཚན་བཅས་བདེ་བ་དེ་ཉིད་ནི། །ཆེན་པོ་རྣམས་ཀྱི་མཚན་མ་ཡོངས་སུ་ཞི། །ཞེས་སོ། །དེའི་ཕྱིར་ན་ཡང་གང་དེ་ཉིད་སེམས་ཀྱི་རྒྱལ་པོ་ནི་ཆོམ་པོ་སྟེ་མ་

བྱིན་པར་ལེན་པར་བྱེད་དོ། །དེ་ཉིད་ཀྱིས་དངོས་པོ་རྣམ་པར་སྤྱོད་པ་དང་ལྡན་པར་གྱུར་པ་དེའི་མི་མཐུན་ཕྱོགས་དོན་དམ་པའི་ངོ་བོ་ཉིད་དོ། །དེའི་ཕྱིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒྲུབ་པར་དཀའ་བ་དོན་དམ་པའི་བདེན་པ་སྡུག་བསྔལ་དེ་སྡུག་བསྔལ་གྱིས་བསྒྲུབ་པ་ཞེས་

སོ། །རྐང་པ་བཞི་པས་རང་བཞིན་ངོ་བོ་ཉིད་གསུངས་ཏེ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ནི་འཆི་བ་ལ་སོགས་པ་རྒྱུན་དུ་འཇིགས་པར་བྱེད་པ་དེ་ཉིད་དང་བཅས་པའི་སེམས་ནི་ཅེ་སྤྱང་དང་མཚུངས་པའོ། །གང་གི་ཚེ་དགེ་བའི་བཤེས་གཉེན་གྱི་བྱིན་གྱིས་བརླབས་པ་ལས་འོད་

གསལ་རྣམ་པར་དག་པར་བྱེད་དོ། །དེའི་ཚེ་ཟུང་འཇུག་སེང་གེ་དང་འདྲ་བར་བྱེད་དོ། །ཊེ་ཎ་ཊེ་ཎའི་ཞབས་ཀྱི་གླུ་དབྱངས་འདི་འདྲ་སེམས་ཀྱིས་ཡོངས་སུ་རྟོགས་པ་ཉུང་སྟེ། རྟག་ཏུ་ལྟ་བའི་སེམས་ཅན་ཆེན་པོ་གང་ཞིག་གིས་ཀྱང་དོན་ཁོང་དུ་ཆུད་པར་བྱེད་པར་འགྱུར་རམ་ཞེས་

སོ། །བ་ར་ཌི་ཞེས་བྱ་བའི་གླུ་དབྱངས་དཱ་རི་ཀ་པའི་ཞབས་ཀྱིའོ། །སྟོང་པ་དང་ནི་སྙིང་རྗེ་དག །དབྱེ་བ་མེད་པས་ལུས་ངག་ཡིད། །རྣམ་པར་རོལ་པ་དཱ་རི་ཀ །ཕ་རོལ་མཆོག་གི་འགྲམ་དུ་སོང་། །མཚན་ཉིད་མེད་པའི་མཚན་ཉིད་སེམས། །བདེ་བ་ཆེན་པོས་རྣམ་པར་རོལ། །དཱ་རི་

ཀ་པ་ནམ་མཁའ་ལ། །ཕ་རོལ་མཆོག་གི་འགྲམ་དུ་སོང་། །ཁྱོད་ཀྱི་སྔགས་གང་ཁྱོད་རྒྱུད་དང་། །ཁྱོད་ཀྱི་བསམ་གཏན་ཅི་ཞིག་བཤད། །རང་གནས་བདེ་བ་ཆེན་པོར་ཐིམ། །མཚོན་དཀའ་དོན་དམ་མྱ་ངན་འདས། །བདེ་སྡུག་གཅིག་ཏུ་བྱས་ནས་ནི། །མིག་འཕྲུལ་དྲ་བ་ཟ་བར་བྱེད། །

Vol. 52 · folio 192b

རང་གཞན་གཞན་ཉིད་དཱ་རི་ཀ །མ་ལུས་བླ་ན་མེད་པར་ཤེས། །རྒྱལ་པོ་རྒྱལ་པོ་ཉིད་ཀྱི་རྒྱལ། །གཞན་ཡང་རྒྱལ་པོ་རྨོངས་པས་འཆིང་། །ལཱུ་ཡི་པ་ཞབས་དྲིན་གྱིས་ནི། །དཱ་རི་ཀ་པས་ས་བཅུ་ཐོབ། །དོན་དེ་ཉིད་ཆོས་ཟབ་མོ་ཁོང་དུ་ཆུད་པའི་གྲུབ་པའི་སློབ་དཔོན་དཱ་རི་ཀས་གསུངས་སོ་

སྟོང་པ་དང་ནི་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྙིང་རྗེ་ཞེས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། སྟོང་པ་ཞེས་པ་ནི་དེ་ཡོངས་སུ་རྫོགས་པའི་གཟུགས་དོན་དམ་པའི་བདེན་པའོ། །གཉིས་པོ་དབྱེར་མེད་པར་ཉེ་བར་སྤྱོད་པས་གཟུངས་ནས་རྡོ་རྗེ་བླ་མའི་དྲིན་ལས་གྲུབ་པའི་སློབ་དཔོན་

དཱ་རི་ཀས་སོ། །ནམ་མཁའ་ཞེས་པ་ནི་སྣང་བ་ལ་སོགས་པ་སྟོང་ཉིད་གསུམ་དུ་ཤེས་པར་བྱའོ། །དེའི་ཕ་རོལ་འོད་གསལ་བ་བདེ་བ་ཆེན་པོས་ཡོངས་སུ་གང་བ་ལུས་དང་ངག་དང་ཡིད་རྣམས་རང་བཞིན་དང་བྲལ་བའི་ངེས་པས་རྣམ་པར་རོལ་པར་བྱེད་དོ། །དེ་བཞིན་དུ་ལུང་

ལས་ཀྱང་། དངོས་པོ་རྣམས་ལས་སྟོང་པ་ཉིད། །གཞན་དངོས་གནས་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དྷྲཱུའི་རྐང་པས་དོན་དེ་ཉིད་བརྟན་པར་བྱེད་དོ། །མཚན་ཉིད་མེད་ཅེས་པ་ནི་མ་སྐྱེས་པ་མཚན་ཉིད་མེད་པ་སེམས་ཀྱི་མཚན་ཉིད་དོ། །དེ་ཡིས་

འོད་གསལ་བའི་སེམས་ཀྱིས་རྣམ་པར་རོལ་པར་བྱེད་དེ་བདེ་བའི་ཕ་རོལ་དུ་འགྲོ་བའོ། །རྐང་པ་གཉིས་པས་གཞན་མ་ཡིན་པར་འབོད་པར་བྱེད་དོ། །ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཞེས་པ་སྟེ་ཕྱིའི་སྔགས་བཟླས་པས་ཀྱེའི་བྱིས་པ་རྨོངས་པའི་རྣལ་འབྱོར་པ་ཅི་སྟེ།

ཁྱོད་ཀྱི་རྒྱུད་ཀྱི་ཞེས་ཏེ་དེ་ལ་ཀློག་པ་དང་བསམ་གཏན་དང་བཤད་པ་འདིས་ཀྱང་ཅི་ཞིག་བྱེད། རབ་ཏུ་མི་གནས་པའི་བདེ་བ་ཆེན་པོར་ཐིམ་པའི་ཕྱིར་ཁྱོད་ཀྱིས་མྱ་ངན་ལས་འདས་པ་མཚོན་དཀའ་བ་བླ་མའི་ཞབས་ཀྱི་རྡུལ་གྱི་འོད་ཟེར་གྱི་དྲིན་ལས་རབ་ཏུ་གྲུབ་པ་དེ་ཉིད་དོ། །དེ་བཞིན་དུ་ས་

ར་ཧའི་ཞབས་ཀྱིས་ཀྱང་། སྔགས་དང་རྒྱུད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྐང་པ་གཉིས་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་སོ། །སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནི་སྡུག་བསྔལ་ནི་འཁོར་བའི་བདེ་བ་དང་སྡུག་བསྔལ་ཞེས་ཏེ། དོན་དམ་པའི་བདེན་པས་

Vol. 52 · folio 193a

ལྷན་ཅིག་ཏུ་བྱས་ནས་ཀྱེའི་བྱིས་པའི་རྣལ་འབྱོར་པས་བླ་མའི་དྲིན་ལ་ཡུལ་དང་དབང་པོ་ཉེ་བར་ལོངས་སྤྱོད་པར་གྱིས་ཤིག་པའོ། །འདིའི་ཐབས་ཀྱིས་ཐམས་ཅད་བླ་ན་མེད་པར་གྱུར་པ་གྲུབ་པའི་སློབ་དཔོན་དཱ་རི་ཀའི་ཞབས་ཀྱིས་སོ། །འཁོར་བ་ལ་

རང་དང་ཕ་རོལ་དང་གཞན་གྱི་ཆ་ཤས་དང་དབྱེ་བ་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་དྷོ་ཀ་ཌའི་ཞབས་ཀྱིས་ཀྱང་། འཁོར་བར་མང་དུ་ཡང་དག་འཁོར་གྱུར་ཀྱང་། །བློ་གྲོས་དང་ལྡན་འདི་ཡི་མཐུ་ཡིས་ནི། །དངོས་པོ་དངོས་མེད་ཟུང་དུ་རྣམ་པར་དཔྱད། །ཐམས་ཅད་རང་

གི་ཤེས་རབ་ཡང་དག་གནས། །ཕྱོགས་དང་ཕྱོགས་མིན་ལྟ་ཞིང་སྨྲ་གྱུར་པ། །བདག་གིས་ཅུང་ཟད་ཀྱང་ནི་མ་མཐོང་ངོ་། །གཟུང་བ་དང་ནི་འཛིན་པ་སྤངས་པའི་ཕྱིར། །དགའ་དང་སྡུག་བསྔལ་ཇི་བཞིན་དེ་ཉིད་དོ། །རྐང་པ་བཞི་པས་རང་གི་རྗེས་སུ་བསྔགས་པ་གསུངས་

ཏེ། རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གསུམ་གྱིས་རང་གི་བྱ་བ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་མཚོན་ནོ། །གཞན་དུ་གང་ལ་ལྷ་དང་ཀླུའི་དབང་པོ་ལ་སོགས་པ་ཡུལ་ལ་རྨོངས་པས་བཅིངས་ནས་གནས་སོ། །བདག་ནི་སླར་ཡང་ལཱུ་ཡི་པའི་ཞབས་

ཀྱིས་དྲིན་ལས་ས་བཅུ་གཉིས་པའི་རྒྱལ་བ་དང་མཚུངས་པའོ། །མལ་ལ་རི་ཞེས་བྱ་བའི་གླུ་དབྱངས་བྷ་དྲའི་ཞབས་ཀྱིའོ། །དེ་ཙམ་དུས་སུ་འདུག་ཀྱང་བདག་ནི་ཤིན་ཏུ་རྨོངས། །ད་ནི་བླ་མ་དམ་པའི་གསུང་ལས་བདག་གིས་རྟོགས། །ད་ནི་བདག་གི་སེམས་ཀྱི་རྒྱལ་

པོ་ཞི་བར་གྱུར། །ནམ་མཁའ་རྒྱ་མཚོར་རབ་ཏུ་བསྐྱོད་པས་སླེབ་པར་གྱུར། །བདག་གིས་བལྟས་པས་ཕྱོགས་བཅུ་ཐམས་ཅད་སྟོང་པ་ཉིད། །སེམས་དང་རྣམ་པར་བྲལ་བས་སྡིག་དང་བསོད་ནམས་མེད། །རཱ་ཧུ་ལ་ཡིས་བདག་ལ་མཚན་མ་སྨྲས་ནས་བྱིན། །ནམ་མཁའི་

རྒྱ་མཚོར་བདག་གི་སེམས་ནི་སྟོར་བར་གྱུར། །བྷ་དྲས་སྨྲས་པ་ཆ་ཤས་མེད་པ་རབ་ཏུ་ལོང་། །བདག་གི་སེམས་ཀྱི་རྒྱལ་པོ་ཉིད་ནི་སྟོར་བར་གྱུར། །ཡེ་ཤེས་ཀྱི་དགའ་བས་རབ་ཏུ་ཚིམ་པ་དང་ལྡན་པའི་གྲུབ་པའི་སློབ་དཔོན་བྷ་དྲའི་ཞབས་ཀྱིས་དོན་དེ་ཉིད་གསུངས་ཏེ།

Vol. 52 · folio 193b

དེ་ཙམ་དུས་སུ་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་མེད་པའི་འཁོར་བ་ལ་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་སོ། །རྨོངས་པ་ཞེས་པ་ཕྱི་རོལ་ཡུལ་ལ་ཆགས་པས་དཔག་ཏུ་མེད་པའི་བསྐལ་པར་དེ་སྲིད་དུ་གནས་པར་གྱུར་ནས། ད་ནི་སངས་རྒྱས་ཀྱིས་མཐུས་བླ་མ་དམ་པ་དང་ཕྲད་

པས་བདག་གི་སེམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་འགྱུར་རོ། །དྷྲཱུའི་རྐང་པས་དོན་དེ་ཉིད་བརྟན་པར་བྱེད་དོ། །ད་ནི་ཞེས་བྱ་བ་ལ་སོགས་པ་ནི་ད་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་མི་འགྱུར་བའི་བདེ་བས་བདག་གི་སེམས་ཀྱི་རྒྱལ་པོ་མེད་པར་གྱུར་ཏེ། རང་བཞིན་གྱིས་འོད་

གསལ་ལ་རབ་ཏུ་ཞུགས་སོ་ཞེས་པའོ། །རྐང་པ་གཉིས་པས་གོམས་པའི་རང་བཞིན་གསུངས་ཏེ། བདག་གིས་བལྟས་པས་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་དམིགས་པ་མེད་པའི་རྣལ་འབྱོར་གྱིས་ཕྱོགས་གང་དང་གང་དུ་བལྟས་པ་དེ་དང་དེ་ཐམས་ཅད་སྟོང་པ་ཉིད་འོད་

གསལ་གྱི་རང་བཞིན་དུ་བདག་ལ་སོ་སོར་རབ་ཏུ་གསལ་བའོ། །དེའི་ཕྱིར་བཞི་པ་ཤར་བས་སྡིག་པ་དང་བསོད་ནམས་ལ་སོགས་པས་ཀྱང་། འཁོར་བར་འཆིང་བར་བདག་གིས་ཤེས་པ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། སྔོན་དང་ཕྱི་མ་ཞེས་པས་སོ། །རྐང་པ་

གསུམ་པས་རྡོ་རྗེ་བླ་མའི་མཐུ་གསུངས་ཏེ། རཱ་ཧུ་ལ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེའི་རིགས་ལ་ཞེས་ཏེ། རྡོ་རྗེ་བླ་མས་མཚོན་ནས་དངོས་པོ་ལས་གྲོལ་ནས་བཞི་པའི་དགའ་བའི་ཐབས་རབ་ཏུ་སྦྱིན་ནས་བདག་གིས་སླར་ཡང་གུས་པ་དང་བཅས་པས་གོམས་པས་ནམ་མཁའ་ལ་

ཞེས་ཏེ། འོད་གསལ་གྱི་རྒྱ་མཚོར་སྟེར་བར་བྱས་པ་ཞེས་སོ། །རྐང་པ་བཞི་པས་རང་གི་ངོ་བོ་ཉིད་གསུངས་ཏེ། སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ཆ་ཤས་མེད་པ་ཞེས་ཏེ། མ་སྐྱེས་པའི་ཆ་བཟང་པོའི་ཞབས་བདག་གིས་བླངས་པའོ། །གང་ཐོག་མ་མེད་པའི་སྲིད་པའི་

རྣམ་པར་རྟོག་པའི་གཞི་སེམས་ཀྱི་རྒྱལ་པོ་བདག་གིས་ཆོས་ཐམས་ཅད་དམིགས་པ་མེད་པའི་རྒྱ་མཚོར་རབ་ཏུ་ཞུགས་པའོ། །སྟོང་པའི་ཁྱིམ་ནི་ཡོན་པོར་དེ་ཉིད་ངེས་པ་ཅན། གཏི་མུག་མཛོད་ནི་བླངས་ནས་ཐམས་ཅད་བསྐོར་བར་གྱུར། །གཉིད་ཡུར་སེམས་མེད་རང་དང་

Vol. 52 · folio 194a

གཞན་དག་རྣམ་པར་བྲལ། །ལྷན་ཅིག་སྐྱེས་པའི་གཉིད་དུ་ཀཱཧྞ་པ་ནི་སོང་། །སེམས་མེད་ཚོར་བ་མེད་པར་ཤིན་དུ་གཉིད་དུ་སོང་། །ཐམས་ཅད་གྲོལ་བར་བྱས་ནས་བདེ་བར་གཉིད་དུ་སོང་། །བདག་གི་རྨི་ལམ་ན་ནི་ཁམས་གསུམ་སྟོང་པར་མཐོང་། །

འདྲེས་པར་བྱས་ནས་འགྲོ་དང་འོང་བ་བྲལ་བར་འགྱུར། །ཛཱ་ལནྡྷ་རའི་ཞབས་ལས་མངོན་སུམ་ཉིད་དུ་བྱས། །བདག་གིས་རྩར་ཡང་པཎྜི་ཏ་ཡིས་ལྟ་མི་བྱེད། །ལྷན་ཅིག་སྐྱེས་པའི་དགའ་བས་བརྗོད་པའི་ཕྱིར་ནག་པོ་གླུ་དབྱངས་ཞབས་ཀྱིས་དོན་དེ་ཉིད་གསུངས་སོ། །སྟོང་པ་ཞེས་

བྱ་བ་ལ་སོགས་པའི་སྟོང་པ་ཞེས་པ་ནི་སྣང་བ་ཐོབ་པ་ལ་དགོངས་པའི་ཤེས་པ་དེ་བཞིན་དུ་བག་ཆགས་ལ་ཆགས་པར་རིག་པར་བྱའོ། །རྣལ་འབྱོར་གྱི་དབང་ཕྱུག་གིས་དེའི་བག་ཆགས་ཀྱི་སྐྱོན་དེ་བཞིན་ཉིད་ཀྱི་རལ་གྲིས་རང་བཞིན་གྱི་གཏི་མུག་གི་ཡུལ་ལ་ཆགས་པའི་མཚན་

ཉིད་ཐམས་ཅད་གཅོད་པ་ཞེས་སོ། །དྷཱུའི་རྐང་པས་བསམ་གཏན་གྱི་མཚན་ཉིད་གསུངས་ཏེ། གཉིད་ཡུར་བ་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རྣལ་འབྱོར་པས་གཉིད་དུ་སོང་སྟེ་ཁྱོད་ལ་སེམས་མེད་པའོ། །དེ་ལ་ཉམས་པ་ནི་མ་ཡིན་ནོ། །དེའི་ཕྱིར་

ནག་པོ་སྤྱོད་པ་པ་བརྗིད་པའི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་བའི་རྣལ་འབྱོར་པས་གཉིད་དུ་སོང་བའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། གཉིད་ཡུར་དུག་རྣམས་ཟ་བར་བྱེད། །ཅེས་སོ། །དེའི་ལྷན་ཅིག་སྐྱེས་པའི་དགའ་བ་གཉིད་དོ། །རྐང་པ་གཉིས་པས་

དེ་ཉིད་གསུངས་ཏེ། སེམས་མེད་ཅེས་པ་ནི་སེམས་ཀྱི་རྣམ་པར་མི་རྟོག་པའོ། །ཚོར་བ་ཡང་དེ་རྣམ་པར་མི་རྟོག་པའོ། །དེའི་ཕྱིར་དེའི་ཡེ་ཤེས་ཀྱི་མཐའ་དག་ཅེས་པ་ནི་འཇིག་རྟེན་གསུམ་པོ་ཤིན་ཏུ་ཡོངས་སུ་སྦྱངས་པས་ཇི་ལྟ་བ་བཞིན་དུ་གྱུར་པ་དེ་ལྟ་བུའི་ཡེ་ཤེས་ཀྱི་

གཉིད་དུ་སོང་བའོ། །རྐང་པ་གསུམ་པས་རང་གི་དགོངས་པའི་ཡེ་ཤེས་གསུངས་སོ། །རྨི་ལམ་ཞེས་བྱ་བ་ལ་སོགས་པའི་འགྲོ་བ་དང་འོང་བ་ཞེས་པ་ནི་སྔོན་དུ་གསུངས་པའི་རིམ་པས་ཟླ་བ་དང་ཉི་མ་དག་འགྲོ་བ་དང་འོང་བ་འགོག་པའི་ཕྱིར་འདྲེས་མར་བྱས་པ་ཞེས་

Vol. 52 · folio 194b

པ་ནི་ཨ་ཝ་དྷཱུ་ཏཱིར་རླུང་དང་ལྷན་ཅིག་སྐྱེས་པའི་དགའ་བ་ལ་རབ་ཏུ་ཞུགས་པའི་ཕྱིར་བདག་གི་རྨི་ལམ་དང་འདྲ་བར་ས་གསུམ་པོ་སྟོང་པར་མཐོང་བའོ། །དེ་བཞིན་དུ་ལུང་ལས་ཀྱང་། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་མཐར། །དེའི་བུ་སྐྱེ་དང་ཤི་བ་མཐོང་གྱུར་པ། །སྐྱེས་

ནས་དགའ་དང་ཤི་ནས་མི་དགའ་བ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །རྐང་པ་བཞི་པས་རྡོ་རྗེ་བླ་མའི་བདག་ཉིད་ཆེ་བ་གསུངས་ཏེ། མངོན་སུམ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་གྱི་བླ་མ་ཛཱ་ལནྡྷ་རིའི་ཞབས་ཀྱིས་གང་ལ་ཆོས་ཉིད་མངོན་སུམ་དུ་མཛད་

པ་དེའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་ལ་རེག་པའི་དྲིན་ལས་སོ། །གང་དང་གང་རྣམས་པོ་སྟི་བལྟས་པར་གྱུར་པའི་པཎྜི་ཏའི་སློབ་དཔོན་དེ་དང་དེ་རྣམས་ཀྱིས་བདག་གི་རྩ་བར་ཡང་ཉེ་བར་མ་མཐོང་བའོ། །དགའ་བ་སྟེར་བ་ཞེས་པའི་གླུ་དབྱངས་ཏཱ་ཊ་ཀའི་ཞབས་ཀྱིའོ། །

རང་ཉིད་མེད་པས་བདག་གི་ཐེ་ཚོམ་གང་། །འདམ་དང་དོང་རྩེའི་འདོད་པ་བྲལ་བར་འགྱུར། །ཉམས་མྱོང་ལྷན་སྐྱེས་མ་འཁྲུལ་རྣལ་འབྱོར་ཀྱེ། །མཐའ་བཞི་དང་བྲལ་ཇི་བཞིན་ཡིན། །ཇི་ལྟར་འདོད་པ་དེ་ལྟར་ཡོད་པར་གྱིས། །ལྷན་སྐྱེས་ལམ་ནི་རྣལ་འབྱོར་

འཁྲུལ་མ་བྱེད། །སྣོད་སྤྱད་སྒྲོལ་བ་པོ་ནི་ཉིད་ཀྱིས་ཤེས། །ངག་གི་ལམ་ལས་འདས་པ་ཇི་ལྟར་བཤད། །ཏཱ་ཌ་ཀ་ཡིས་འདི་སྨྲའི་གོ་སྐབས་མེད། །གང་ཤེས་དེ་ཡི་མགུལ་དུ་ཞགས་པས་བཅིངས། །ཡེ་ཤེས་ཀྱི་བཏུང་བས་རབ་ཏུ་ཚིམ་པའི་གྲུབ་པའི་སློབ་དཔོན་ཏཱ་ཌ་ཀ་

ཉིད་ཀྱིས་དོན་དེ་ཉིད་གསུངས་སོ། །རང་ཉིད་མེད་པས་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་ཞབས་ཀྱི་རྡུལ་གྱི་དྲིན་ལས་དེ་བཞིན་གཤེགས་པའི་གསུང་གི་ཐབས་ཀྱི་སྒོ་ནས་རང་གི་ལུས་རྣམ་པར་དཔྱད་པས་བདག་དང་བདག་གི་འགྲེལ་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེའི་

ཕྱིར་གློ་བུར་གྱི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་གི་བདུད་ལ་སོགས་པ་རྣམས་ཀྱི་སོམ་ཉི་ཟ་བ་ཡང་བདག་ལ་མེད་པའོ། །དེ་བཞིན་དུ་ལུང་ལས་ཀྱང་། བདག་ནི་འཇུག་པར་བྱེད་ཅེས་བྱ་བ་ལ་སོགས་པས་སོ། །དེ་ལ་ང་ནི་བདག་གི་སྲིད་པའི་དོན་གྱི་རྣམ་པར་རྟོག་

Vol. 52 · folio 195a

པའི་ངོ་བོ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པ་རྣམས་ནི་ཤིན་དུ་རིང་དུ་བྱས་པའོ། །དེ་བཞིན་དུ་ལུང་ལས་ཀྱང་། འགའ་ཞིག་སྔོན་དུ་བཅིངས་མེད་ཅིང་། །ད་ནི་གྲོལ་བར་གྱུར་པ་མེད། །འདིར་ནི་བཅིངས་གྲོལ་རྣམ་རྟོག་པ། །གང་དེ་ཡེ་ཤེས་མཚན་

ཉིད་མིན། །དྷྲཱུའི་རྐང་པས་གསུངས་པའི་དོན་དེ་ཉིད་གསལ་བར་བྱེད་དོ། །ཉམས་མྱོང་ཞེས་བྱ་བ་ལ་སོགས་པ་ནི་བདག་ལ་ཡང་དག་པར་འབོད་པར་བྱེད་དོ། །ཀྱེའི་ཏཱ་ཌ་ཀ་ཉམས་སུ་མྱོང་བའི་དོན་ཇི་ལྟར་བརྗོད་པར་ནུས་ཏེ། དེའི་ཕྱིར་ཉམས་སུ་མྱོང་བ་ནི་ལྷན་ཅིག་སྐྱེས་པ་

ཞེས་ཇི་ལྟར་རྗོད་པར་བྱེད། ཉེ་བར་སྒོམ་པ་ཀུན་རྫོབ་ཏུ་མི་འགོག་པས་གཞན་ལ་མོས་པར་བྱེད། རང་བཞིན་ནི་མ་ཡིན་ནོ། །དེ་བཞིན་དུ་ལུང་ལས་ཀྱང་། ཚིག་ཏུ་སྦྱོར་བ་སྟོན་པ་ཡིས། །སངས་རྒྱས་གཉིས་སུ་མེད་པར་བརྟག །བསམ་མེད་མཆོག་ལ་སྦྱོར་བ་ཡིས། །

སངས་རྒྱས་ཀྱང་མེད་གཉིས་མེད་མེད། །དེའི་ཕྱིར་མཐའ་བཞི་ལས་གྲོལ་བའི་ངོ་བོ་ལས་སླར་ཡང་དེའི་རབ་ཏུ་བྱེད་པས་གནས་པ་ཞེས་སོ། །དེ་བཞིན་དུ་ལུང་ལས་ཀྱང་། ཡོད་མིན་མེད་མིན་ཡོད་མེད་མིན། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་དོན་དེ་ཉིད་

སོ་སོར་རྒྱས་པར་སྟོན་པར་བྱེད་དོ། །ཇི་བཞིན་ཞེས་བྱ་བ་ལ་སོགས་པ་ནི་གང་སྐྱེ་བའི་དུས་སུ་གྲུབ་པའི་བདག་མེད་པ་ལ་མངོན་པར་ཆགས་པ་ལས་བདེ་བ་ཆེན་པོའི་རང་བཞིན་དུ་རྒྱས་པའི་ང་རྒྱལ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །སླར་ཡང་རྡོ་རྗེ་བླ་མས་དེ་ལ་ངེས་པའི་

དོན་བསྟན་པར་བྱེད་དོ། །དེའི་ཕྱིར་ཀྱེའི་གྲུབ་པའི་སློབ་དཔོན་ལྷན་ཅིག་སྐྱེས་པ་དང་ཐ་དད་མ་བྱེད་ཅིག་པ་སྟེ། ཐེ་ཚོམ་མེད་པས་སེང་གེའི་ཚུལ་གྱིས་འགྲོ་བ་ལ་བགྲོད་པར་བྱེད་དོ། །རྐང་པ་གསུམ་པས་རྣལ་འབྱོར་གྱི་དབང་ཕྱུག་གི་མཚན་མ་གསུངས་ཏེ། སྣོད་

སྤྱད་ཅེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཕ་རོལ་ཚུ་རོལ་དུ་སྒྲོལ་བར་བྱེད་པས་སྒྲོལ་བའི་གླ་ལེན་པའི་ཕྱིར་ཕ་རོལ་གྱི་འགྲོ་གནས་སུ་རྣམ་པར་ཐར་པར་འདོད་པ་རྣམས་འགྲོ་བ་ལ་ལྟ་བར་བྱེད་དོ། །དེ་རྣམས་ཀྱི་སྣོད་སྤྱད་ལ་སོགས་པ་འགོག་པའི་བྱེ་བྲག་ཀྱང་ལྟ་བར་

Vol. 52 · folio 195b

བྱེད་དོ། །ཕྱིའི་དོན་ལས་འདས་པ་རང་རིག་པའི་མཚན་ཉིད་དང་ལྡན་པའི་ཆོས་འཇིག་རྟེན་གྱི་ཚིག་གི་སྒོ་ནས་ཇི་ལྟར་བསྟན་པར་བྱ། དེ་བཞིན་དུ་ཡང་དག་ལ་ཡིད་ཆེས་པའི་ཆོས་རྟོགས་པ་བྱས་པ་ལས་ཡོན་ཏན་ཉིས་འགྱུར་གྱི་རྟགས་འཇིག་རྟེན་པས་ངེས་པ་

རྣལ་འབྱོར་གྱི་དབང་ཕྱུག་གིའོ། །དེ་བཞིན་དུ་ལུང་ལས་ཀྱང་། དུ་བ་ལས་ནི་མེར་ཤེས་བཞིན། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་ཤིན་དུ་རྣམ་པར་མི་རྟོག་པ་གསུངས་སོ། །སྨྲ་བའི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ཏཱ་ཌ་ཀས་དེ་

བཞིན་དུ་སྨྲ་བར་བྱེད་དོ། །འདིའི་ཆོས་ལ་བྱིས་པའི་རྣལ་འབྱོར་པས་གོ་སྐབས་ཙམ་ཡང་མེད་དོ་ཞེས་སོ། །གང་ཞིག་ཡང་དོན་དམ་པར་རིག་པ་དེ་རྣམས་ཀྱང་གལ་ཏེ་སྨྲ་བར་བྱེད་ནའང་འདིས་ཆོས་ཁོང་དུ་ཆུད་པར་བྱས་ནས་དེའི་ཚེ་དེ་ཉིད་ཀྱི་མགུལ་པར་འཁོར་བའི་

ཞགས་པས་བཅིངས་པའོ། །དེ་བཞིན་དུ་ལུང་ལས་ཀྱང་། ཏིལ་དང་སྦུན་པ་ཙམ་གྱི་དུག་གི་ལོ་མས་ཀྱང་། །ཞེས་པ་ལ་སོགས་པས་སོ། །བྷཻ་ར་བི་ཞེས་བྱ་བའི་གླུ་དབྱངས་ས་ར་ཧའི་ཞབས་ཀྱིའོ། །ལུས་ནི་གྲུ་ཡི་དུམ་བུ་ཡིད་ནི་སྐྱ་བ་སྟེ། །བླ་མ་དམ་པའི་

གསུང་གི་སྐྱ་བ་འཛིན་པའོ། །སེམས་ཉིད་བརྟན་པ་ཉིད་དུ་བཟུང་གིས་གྲུ་པ་རྣམས། །ཐབས་གཞན་གྱིས་ནི་ཕ་རོལ་འགྲོ་བ་མེད། །གྲུ་ནི་འབབ་པ་གྲུ་ཤིང་མཉེན་པའི་ཡོན་ཏན་ཡིན། །ཚོགས་ཞིང་ཚོགས་པས་ལྷན་ཅིག་སྐྱེས་པས་གཞན་དུ་ཤེས། །ལམ་ནི་འགོག་

པའི་འཇིགས་པ་རྣམ་པར་འོང་བར་གྱུར། །སྲིད་པའི་དབའ་རླབས་ཐམས་ཅད་རྣམ་པར་འཁྲུགས་པར་གྱུར། །ཕ་རོལ་ཚུ་རོལ་ཆུ་རྒྱུན་དྲག་པོ་རབ་ཏུ་འབབ། །ས་ར་ཧ་ཡི་ཞབས་ཀྱིས་སྨྲས་པ་ནམ་མཁའི་ཏིང་ངེ་འཛིན། །བྱམས་པའི་རང་བཞིན་ཅན་ས་ར་ཧའི་ཞབས་

ཀྱིས་ཀྱང་དོན་དེ་ཉིད་ལུས་ལ་གླུ་དགོངས་པའི་སྐད་ཀྱིས་གསུངས་སོ། །ལུས་ནི་གྲུའི་དུམ་བུ་ཞེས་བྱ་བ་ལ་སོགས་པ་ནི་རྟེན་དང་བརྟེན་པའི་འབྲེལ་བས་ལུས་ལ་གྲུར་ཡོངས་སུ་བརྟགས་སོ། །ཡིད་ནི་རྣམ་པར་ཤེས་པ་གྲུའི་སྐྱ་བ་ཉིད་ཀྱང་ངོ་། །བླ་མ་དམ་པའི་

Vol. 52 · folio 196a

གསུང་གི་མཉེན་པས་བཟུང་ནས་རྡོ་རྗེ་དང་ཆུ་སྐྱེས་མཉམ་པར་སྦྱོར་བས་སྲིད་པའི་ཆུ་གཏེར་གྱི་དབུས་སུ་ཡེ་ཤེས་ལྔའི་བདག་ཉིད་མཚན་ཉིད་དང་བྲལ་བས་རྣམ་པར་སྦྱངས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པས་ལུས་ཀྱི་གྲུ་མི་འགྱུར་

བར་གྱིས་ཤིག་པའོ། །ཀྱེའི་ས་ར་ཧའི་ཞབས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཐབས་གཞན་མེད་དོ་ཞེས་པའོ། །དེ་བཞིན་དུ་ཨུ་ཌའི་ཞབས་ཀྱིས་ཀྱང་། ལྔ་པོ་འདི་ཡིས་གཏི་མུག་འགྲམ་ལས་སྒྲོལ་བར་བྱེད། །ཕ་རོལ་དུ་ནི་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་

གཉིས་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། གྲུ་ནི་འབབ་དང་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཕྱི་རོལ་དུ་གྲུ་འགྲོ་བ་སྐྱ་བ་འཛིན་པའི་ཡོན་ཏན་གྱིས་འདྲེན་པར་བྱེད་དོ། །དེ་བཞིན་དུ་འདིར་གྲུ་ནི་ཡང་ཉམས་སུ་མྱོང་བའོ། །ཀྱེའི་རྣལ་འབྱོར་པ་རྡོ་རྗེ་བླ་

མའི་ལྷན་ཅིག་སྐྱེས་པའི་དགའ་བའི་ཐབས་ཟུང་ལ་གྲུ་ནི་ཡོངས་སུ་མ་སྤོང་ཅིག་པའོ། །གང་གི་དེ་མ་ཐག་ཏུ་བདེ་བ་ཆེན་པོའི་གླིང་དུ་སོང་ཅིག་པའོ། །རྐང་པ་གསུམ་པས་བདུད་ཀྱི་ལས་སུ་གནས་པ་གསུངས་ཏེ། ལམ་དུ་ཞེས་བྱ་བ་ལ་སོགས་པ་ནི་ཟས་དང་སྐོམ་དང་

ཡུལ་ལ་སྒྲུབ་པ་པོ་ཆགས་པ་ཉིད་ཀྱི་ཚེ་ལམ་ཉམས་པར་འགྱུར་རོ། །ཨ་ཝ་དྷཱུ་ཏཱིར་སོང་བས་སྤང་བའི་ཕྱིར་རོ། །འགོག་པའི་ཞེས་པ་ནི་དེའི་ཚེ་ཟླ་བ་དང་ཉི་མ་གཉིས་སྟོབས་དང་ལྡན་པར་གྱུར་པའོ། །རྒྱུ་དེའི་ཕྱིར་སྲིད་པའི་རྒྱ་མཚོར་ཡུལ་གྱི་དབའ་རླབས་ཀྱི་བདག་མེད་

པའི་ཆོས་ལ་ཐམས་ཅད་ཀྱིས་རབ་ཏུ་བྱེད་པས་འཁྲུལ་པར་གྱུར་པ་ཞེས་སོ། །རྐང་པ་བཞི་པས་ཨ་ཝ་དྷཱུ་ཏཱིའི་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། ཕ་རོལ་ཚུ་རོལ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ལ་ཞེས་པ་ལམ་ངན་པ་ཟླ་བ་ལ་སོགས་པ་སྟེ་གང་དུ་ཨ་ཝ་དྷཱུ་ཏཱི་ལ་ཐིམ་པར་

གྱུར་པའོ། །དེ་ནི་རང་བཞིན་གྱི་ཡོངས་སུ་དག་པ་ཨ་ཝ་དྷཱུ་ཏཱིའི་སྒྲས་རྟོགས་པར་བྱའོ། །ལ་ཡ་ཞེས་པ་ནི་དེ་གཟུང་ནས་སོ། །རྒྱུན་དྲག་པོ་ཞེས་པ་ནི་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་རྒྱུན་གྱིས་འཇུག་པས་དོན་དམ་པ་རིག་པ་གང་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་སྟེ་དེ་སྟེང་དུ་འགྲོ་

Vol. 52 · folio 196b

བར་བྱེད་དོ། །ནམ་མཁའ་ཞེས་པ་ནི་དྲི་མ་མེད་པའི་འཁོར་ལོའི་གླིང་དུ་ཐིམ་པར་འགྱུར་རོ་ཞེས་གསུངས་སོ། །མཱ་ལ་ལཱ་སི་ཞེས་བྱ་བའི་གླུ་དབྱངས་ས་ར་ཧའི་ཞབས་ཀྱིའོ། །སྟོང་ཉིད་ལག་པས་ཧྲོལ་ཅིག་ཀྱེ། །ཁྱོད་ཀྱི་རང་གི་ཡིད་ཀྱི་སྐྱོན། །བླ་མའི་གསུང་གི་སྤྱོད་ལམ་ཀྱེ། །ཁྱོད་

ཉིད་སླར་སྡོང་ཇི་ལྟ་བུ། །རྨད་བྱུང་ཧཱུཾ་སྐྱེས་ནམ་མཁའ་ལ། །ཀྱོག་པོར་འགྲོ་བ་བསླང་གྱིས་ལ། །ཕ་རོལ་འགྲོ་བ་འཇོམས་པ་ཡིས། །ཁྱོད་ཀྱི་གཡོ་སྒྱུ་སྣ་ཚོགས་པ། །ངོ་མཚར་སྲིད་པའི་གཏི་མུག་ལ། །ཀྱེ་མ་རང་དང་གཞན་དག་མཐོང་། །འགྲོ་འདི་ཆུ་ཡི་ཆུ་བུར་འདྲ། །ལྷན་

ཅིག་སྐྱེས་པའི་སྟོང་པ་བདག །བདུད་རྩི་ཡོད་བཞིན་དུག་མེད་ཀྱི། །གཞན་དབང་སེམས་ཀྱི་བདག་ཁྱིམ་ན། །བཏུང་བ་བདག་གིས་གོའོ་ཀྱེ། །བདག་ནི་མ་རུངས་གཉེན་འདུན་ཟ། །ས་ར་ཧས་སྨྲས་མཆོག་ཡིན་གྱུར། །བདག་ཅི་མ་རུངས་གླང་ལ་ནི། །གཅིག་པུས་འགྲོ་

བ་འཇོམས་པར་བྱེད། །ཀྱེ་མ་བདག་ནི་རང་འདོད་སྤྱོད། །གྲུབ་པའི་སློབ་དཔོན་ས་ར་ཧའི་ཞབས་ཀྱིས་དོན་དེ་ཉིད་དངོས་པོའི་ངོ་བོ་ཉིད་རྟོགས་ནས་འཇིག་རྟེན་པའི་ཆེད་དུ་གསུངས་སོ། །སྟོང་ཉིད་ཅེས་བྱ་བ་ལ་སོགས་པ་ནི་ཀྱེའི་རང་གི་ཡིད་སེམས་ཀྱི་རྒྱལ་པོ་ཁྱོད་མ་རིག་

པ་ལ་སོགས་པའི་ཉེས་པ་རྣམས་བདེ་བ་མ་ཡིན་པའི་ངོ་བོར་རྟོགས་པའི་ཕྱིར། རྨི་ལམ་གྱི་རྗེས་ལ་ཡང་མངོན་པར་འདོད་པ་དེ་ཡིས་དཔེར་ན་ལྷ་ཐམས་ཅད་ལག་ཏུ་རྣམ་པར་བརྐྱང་བ་བཞིན་དང་གཉིད་སད་པ་བཞིན་དུ་དེ་རྣམས་ཀྱི་སླར་ཡང་གང་ཇི་ལྟར་སྨྲ་ཞེས་སོ། །

དེ་ལ་ད་ནི་སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུས་བདག་གི་བླ་མ་དམ་པའི་གསུང་གི་ཟླ་བའི་འོད་ཟེར་གྱི་རང་བཞིན་གྱིས་འཇིག་རྟེན་གསུམ་པོ་རབ་ཏུ་གསལ་བའོ། །དེའི་ཕྱིར་གནས་གང་དུ་ཁྱོད་གནས་བྱེད་དེ་ཀྱེའི་སེམས་ཀྱི་རྒྱལ་པོ་ཞེས་སོ། །དྷཱུའི་རྐང་པས་དོན་དེ་

ཉིད་བརྟན་པར་བྱེད་དོ། །རྨད་དུ་བྱུང་བ་ནི་ངོ་མཚར་བ་བླ་མའི་ཞབས་ཀྱི་པདྨའི་དྲིན་ལས་རོལ་པའི་ཕྱིར་བདག་གིས་རྟོགས་པ་ཧཱུཾ་ཡིག་ས་བོན་ལས་བྱུང་བ། ཀྱེའི་སེམས་ཀྱི་རྒྱལ་པོ་ནམ་མཁའ་ལ་ཞེས་ཏེ་འོད་གསལ་ལ་རབ་ཏུ་ཞུགས་པའོ། །ད་ནི་མ་རིག་པའི་སྐྱོན་

Vol. 52 · folio 197a

སྣ་ཚོགས་པ་འགྱོད་པ་བཅོམ་པ་ཁྱོད་ཉིད་དེ། །རྐང་པ་གཉིས་པས་སེམས་ཅན་ཤིན་ཏུ་ཆེན་པོའི་རྗེས་སུ་བསྔགས་པ་གསུངས་ཏེ། ངོ་མཚར་ཞེས་བྱ་བ་ལ་སོགས་པ་ནི་སྲིད་པའི་སེམས་ཅན་གྱི་ཅི་སྟེ་གཏི་མུག་ལ་གང་ངོ་མཚར་བ་གང་ལས་བདག་

གིས་ངོ་བོ་མི་ཤེས་པའི་ཕྱིར་རང་དང་གཞན་དང་ཕ་རོལ་ཏུ་འབྱེད་པའི་རྣམ་པར་དབྱེ་བ་ལྟ་བར་བྱེད་དོ། །དེའི་ཕྱིར་དེའི་ང་རྒྱལ་བྱེད་པས་ཡིད་ལ་དོན་དམ་པ་སེམས་ལ་འཆར་བ་ཁྱོད་ལེན་པར་བྱེད་དོ། །དེ་བཞིན་དུ་ལུང་ལས་ཀྱང་། ང་རྒྱལ་དང་བཅས་ཡིད་མི་བཟང་། །སྐྱེ་

བར་འཇུག་ཅིང་འཆིང་བར་བྱེད། །ང་རྒྱལ་དང་བྲལ་འགྲོ་བ་ཡང་། །སེམས་ལ་བདག་ལྟ་དེ་ནས་བྲལ། །སྟོན་པ་གཞན་མེད་འགྲོ་བ་ལ། །རྒྱལ་བ་མེད་ཅིང་བདག་མེད་སྨྲ། །གཞན་མིན་དེ་ལས་ཉེ་བར་ཞི། །བསྒྲུབ་པ་དེ་ལ་འདི་ཡིད་ལམ། །དེ་ཉིད་རིག་ལ་ཆུ་ཟླ་སོགས། །

དཔེ་ནི་བཅུ་གཉིས་སྒོ་རུ་གྱིས། །ཐམས་ཅད་སྟོང་པའི་ཚད་མ་ཡིས། །སྐྱེ་བ་མེད་ལ་སྒྲུབ་པོར་བྱེད། །ཅེས་སོ། །རྐང་པ་གསུམ་པས་དགའ་བ་བཞིའི་བདག་ཉིད་ཆེ་བ་གསུངས་ཏེ། བདུད་རྩི་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ལ་གནས་པ་ཡོད་ན་

གཟུགས་ལ་སོགས་པ་ཡུལ་གྱི་དུག་ཇི་ལྟར་སྤྱོད་པར་བྱེད། ཀྱེའི་ལས་ཀྱི་དབང་ཕྱུག་སེམས་ཀྱི་རྣམ་པར་དཔྱོད་པ་ཅན། །ཁྱིམ་ཞེས་པ་ནི་རང་གི་ལུས་ཀྱི་བཏུང་བ་ཅན་ཞེས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཚོགས་ལ་ཁྱོད་ཀྱི་རང་གི་ཁྱིམ་མི་མོ་ཡེ་ཤེས་

ཀྱི་ཕྱག་རྒྱ་བདག་མེད་མ་ལ་ཡང་དག་པར་འཁྱུད་པ་དེའི་བཏུང་བ་ནི་རང་བཞིན་མེད་པར་བདག་གིས་བྱེད་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ཁྱིམ་མི་མོ་ལ་གཞན་གྱི་དུག་ནི་ཟ་བར་བྱེད། །ཅེས་པ་ལ་སོགས་པས་སོ། །རྐང་པ་བཞི་པས་རང་གི་འདོད་པའི་སྤྱོད་

པ་གསུངས་ཏེ། གྲུབ་པའི་སློབ་དཔོན་ས་ར་ཧའི་ཞབས་ཀྱིས་ཀྱང་། ས་ར་ཧས་སྨྲས་ཞེས་བྱ་བ་ལ་སོགས་པ་ནི་མ་རུངས་གླང་ལ་ཞེས་པ་ནི་མ་རུངས་པ་ཡུལ་གྱི་སྟོབས་སྟེར་བའི་ཕྱིར་དུཥྚ་བ་ལ་ད་སེམས་ཀྱི་རྒྱལ་པོར་རིག་པར་བྱའོ། །གཅིག་པུ་དེ་ཡིས་མ་རུངས་འཇིག་

Vol. 52 · folio 197b

རྟེན་གསུམ་འཇོམས་པས། །དེ་ལྟ་བས་ན་མ་རུངས་པའི་གླང་པོས་བདག་གིས་ཅི་ཞིག་བྱ། །གོ་ཞེས་པ་ནི་གླང་པོའོ། །དེའི་དམིགས་པ་དང་བཅས་པ་ལུས་ལ་སྟོང་པ་འོད་གསལ་གྱི་གཟུགས་སུ་བྱས་ནས་བླ་མའི་གསུང་གི་དྲིན་ལས་རང་གི་འདུན་པས་འགྲོ་བ་གསུམ་དུ་

རྣམ་པར་སྤྱོད་པར་བྱེད་དོ། །དེ་བཞིན་དུ་ཞི་བ་ལྷའི་ཞབས་ཀྱིས་ཀྱང་། རང་གི་འདུན་པས་སྤྱོད་པའི་གནས། །ཞེས་བྱ་བ་ལ་སོགས་པས་སོ། །མཱ་ལ་སའི་གོ་ཌ་ལ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །གང་ཞིག་ཡིད་ཀྱི་སྤྱོད་ཡུལ་མིག་འཕྲུལ་འདྲ། །

ལུང་དང་པོ་སྟེ་བརྫུན་གྱི་ཕྲེང་བ་ཡིན། །ཇི་ལྟར་སྨྲ་བས་ལྷན་སྐྱེས་བརྗོད་པར་ནུས། །ལུས་ངག་ཡིད་ལ་གང་དུ་མི་འཇུག་གོ། །བླ་མས་བརྫུན་གྱི་ཐབས་ཀྱིས་སློབ་མ་ལ། །ངག་གི་ལམ་ནས་འདས་པ་ཇི་ལྟར་སྨྲ། །གང་དེ་སྨྲ་བ་དེ་དང་དེ་རྣམས་བརྫུན། །བླ་མའི་ཐབས་

ཀྱིས་སློབ་མ་འཁྲུལ་བར་བྱས། །ཀཱཧྞས་རྒྱལ་བའི་རིན་ཆེན་ཇི་ལྟར་སྨྲ། །ལྐུགས་པས་འོན་པར་སྨྲ་བ་ཇི་བཞིན་ནོ། །ལྷན་ཅིག་སྐྱེས་པའི་དགའ་བས་ཚིམ་པའི་ནག་པོ་གླུ་དབྱངས་ཞབས་རབ་ཏུ་དགའ་བས་གསུངས་སོ། །གང་ཞིག་ཡིད་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གང་ཡིད་

དང་དབང་པོའི་སྤྱོད་ཡུལ་ནི་རྟོག་པ་དང་རྣམ་པར་རྟོག་པའི་དྲ་བའོ། །ལུང་དང་སྔགས་དང་བསྟན་བཅོས་ལ་སོགས་པའི་ཤེས་པ་ཡང་དེ་ཐམས་ཅད་ཀྱང་ངོ་། །དེ་བཞིན་དུ་ཡང་ལུང་དང་རིག་བྱེད་རྙིང་མ་ཞེས་བྱ་བ་ལ་སོགས་པས་སོ། །དྷཱུའི་རྐང་པས་ལྷན་ཅིག་སྐྱེས་པ་

སྨྲ་དཀའ་བ་གསུངས་ཏེ། དེའི་ཕྱིར་རིག་བྱེད་དུ་ཇི་ལྟར་ལྷན་ཅིག་སྐྱེས་པ་བླ་ན་མེད་པའི་ཡེ་ཤེས་བརྗོད་པར་ནུས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ལུས་དང་ངག་དང་ཡིད་ལྷན་ཅིག་སྐྱེས་པ་གང་ལ་ཐིམ་པར་གྱུར་པའོ། །དེ་བཞིན་དུ་ཏི་ལོ་པའི་ཞབས་ཀྱིས་ཀྱང་། སོ་སོ་

རང་རིག་འབྲས་བུ་ནི། །ཏི་ལོ་པ་ཡིས་ཞབས་ཀྱིས་སྨྲས། །གང་ཞིག་ཡིད་ཀྱི་སྤྱོད་ཡུལ་སྦས། །དེ་ནི་དོན་དམ་མ་ཡིན་ནོ། །རྐང་པ་གཉིས་པས་དེ་ཁོ་ན་ཉིད་ཀྱི་རང་བཞིན་གསུངས་སོ། །བརྫུན་པ་ཞེས་བྱ་བ་ལ་སོགས་པ་ནི་བདེན་པ་མ་ཡིན་པས་བླ་མས་སློབ་མ་ལ་མན་ངག་སྟེར་བར་བྱེད་དོ། །

Vol. 52 · folio 198a

གང་ཡང་ལྷན་ཅིག་སྐྱེས་པ་དེ་རིག་བྱེད་མ་ཡིན་པས་སོ། །དེ་བས་ན་བླ་མས་ཇི་ལྟར་སྨྲ་བར་བྱེད་ཅེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། དེ་མེད་བླ་མས་ཇི་ལྟར་སྨྲ། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གསུམ་པས་དོན་དེ་ཉིད་བརྟན་པར་བྱེད་དོ། །གང་དེ་

ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་བྱུང་བའི་ཚིག་ཙམ་དུ་གྱུར་པ་གང་ལས་སྨྲ་བར་བྱེད་དེ། ལྷན་ཅིག་སྐྱེས་པ་དེ་ཐམས་ཅད་བརྫུན་ཏེ་རང་བཞིན་བདེན་པ་མ་ཡིན་པའོ། །གང་ཡང་རྡོ་རྗེ་བླ་མ་དེས་ཀྱང་འདིར་ཆོས་ལ་ཚིག་གིས་ཕོངས་ནས་རིགས་པས་སོ། །དེའི་སློབ་མས་ཀྱང་ཚིག་

ཉིད་ཀྱིས་ཅུང་ཟད་ཀྱང་ཐོས་པ་མེད་དོ། །དེའི་ཕྱིར་དེ་ཡང་འོན་པ་སྟེ་དེར་ཟབ་མོའི་ཆོས་ལ་བློ་གྲོས་རྟོགས་པའོ། །སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནག་པོ་སྤྱོད་པ་པ་ཉིད་ཀྱིས་གསུངས་པའོ། །ཅི་འདྲ་ན་རྒྱལ་བའི་རིན་པོ་ཆེ་དགའ་བ་མཐའ་ཡས་པ་བླ་ན་མེད་པའི་བདེ་བ་རྒྱ་ཆེན་པོའི་

ཕྱིར་རིན་པོ་ཆེ་བཞི་པོའི་དགའ་བར་རྟོགས་པར་བྱའོ། །དཔེར་ན་འོན་པ་ལ་བརྡ་ལ་སོགས་པས་ལྐུགས་པའི་རྟོགས་པ་སྨྲ་བར་བྱེད་དོ། །དེ་བཞིན་དུ་རིང་དུ་བླ་མ་དམ་པས་སློབ་མ་ལ་དགའ་བའི་མཐུས་བདེ་བ་ཆེན་པོ་རྒྱ་ཆེར་སྟོན་ཏོ། །དེ་བཞིན་དུ་ཌ་ཨུ་ཌའི་ཞབས་ཀྱིས་ཀྱང་།

རིང་བ་མ་ཡིན་རིང་བ་ཞེས་བྱ་བ་ལ་སོགས་པས་སོ། །གུཉྫ་རཱི་ཞེས་བྱ་བའི་གླུ་དབྱངས་བྷཱུ་སུ་ཀཱུ་པའི་ཞབས་ཀྱིའོ། །དང་པོ་མ་སྐྱེས་པ་ཉིད་ཀྱིས། །འགྲོ་རྣམས་དེ་ཡིས་འཁྲུལ་པར་ཤེས། །ཐག་པ་སྦྲུལ་མཐོང་སྐྲག་པ་ཡིས། །ཇི་ལྟར་གང་གི་ཁམས་ཀྱི་ཟས། །ངོ་མཚར་གང་ཞིག་

རྣམ་པར་དཔྱོད། །ལག་པས་སྒྲེ་བར་མ་བྱེད་ཅིག །དེ་ལྟར་རང་བཞིན་གལ་ཏེ་འགྲོ། །ཤེས་ན་ཁྱོད་ཀྱི་བག་ཆགས་ཟ། །མྱ་ངན་སྨིག་རྒྱུ་དྲི་ཟའི་གྲོང་། །ཆུ་ཟླ་གཟུགས་བརྙན་ཇི་བཞིན་ནོ། །རླུང་ནི་འཁོར་བས་བརྟན་པར་འགྱུར། །ཆུ་ནི་རྡོ་བ་ཇི་བཞིན་ནོ། །མོ་གཤམ་བུ་ནི་ཇི་

ལྟར་རྩེ་བ་ལྟར། །རྩེད་མོ་རྣམ་པ་མང་པོ་རྩེ་བར་བྱེད། །བྱེ་མའི་མར་ཁུ་རི་བོང་རྭ་དང་ནི། །ནམ་མཁའི་མེ་ཏོག་རྒྱས་པ་ཇི་བཞིན་ནོ། །རཱ་ཨུ་ཏ་ཡི་དམ་གཏམ་བྷུ་སུ་ཀུ། །དངོས་ཚོགས་རང་བཞིན་མཐའ་དག་གཏམ་ཉིད་དོ། །གང་དུ་རྨོངས་པ་འཁྲུལ་པ་ཡོད་གྱུར་ན། །བླ་མ་དམ་

Vol. 52 · folio 198b

པའི་ཞབས་ལ་དྲི་བར་གྱིས། །ལྷན་ཅིག་སྐྱེས་པའི་དགའ་བས་ཚིམ་པ་ཉིད་ཀྱིས་བྷུ་སུ་ཀུའི་ཞབས་ཀྱིས་དོན་དེ་ཉིད་གསུངས་ཏེ། དབང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མར་དངོས་པོ་རྣམས་མ་སྐྱེས་པ་ཉིད་ཀྱིས་འགྲོ་བ་རྣམས་འདིར་རང་དང་གཞན་དོན་ཤེས་པས་ཁོང་དུ་ཆུད་པ་དེས་

དེ་རྣམས་ལ་དངོས་པོ་གཞན་དུ་མི་འགྲོ་བའོ། །དེ་བཞིན་དུ་ལུང་ལས་ཀྱང་། ཨའི་ཡི་གེའི་སྒོ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ནས་འཁྲུལ་པ་མ་རིག་པ་ནི་རབ་རིབ་ཅན་གྱི་མིག་གིས་ནག་པོ་དང་སེར་པོ་ལ་སོགས་པའི་གཟུགས་ཀྱིས་སོ། །ཀྱེའི་བྱིས་པའི་རྣལ་འབྱོར་

པས་དངོས་པོ་ཉིད་དུ་ཤེས་སོ། །དེ་བཞིན་དུ་སློབ་དཔོན་ནི་དཱ་ཏ་ཀཱས། སྐྲ་ཤད་ཇི་བཞིན་ནམ་མཁའ་ལ། །རབ་རིབ་ཅན་གྱི་སྐྱེ་བོས་མཐོང་། །དེ་བཞིན་སྣང་སོགས་ཉེས་པ་ཡིས། །བྱིས་པ་རྣམས་ཀྱི་དངོས་པོར་རྟོག །ཐག་པ་ལ་ནི་སྦྲུལ་དུ་ཤེས། །གང་ཞིག་ཤིན་དུ་སྐྲག་བྱས་ལྟར། །

དེ་ཡང་དེ་ཡི་ཐག་སྦྲུལ་གྱིས། །བདེན་པར་དེ་ཡིས་ཅི་ཞིག་རྨུག །དྷྲཱུའི་རྐང་པས་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། ངོ་མཚར་ཞེས་བྱ་བ་ལ་སོགས་པའི་ངོ་མཚར་ནི་མཚར་དུ་བརྩིས་ཏེ། ཀྱེའི་བྱིས་པའི་རྣལ་འབྱོར་པ་འདིར་ལག་པས་སྒྲེ་བར་མི་དགོས་ཏེ། འདི་འདྲའི་

དངོས་པོས་གལ་ཏེ་འགྲོ་བའི་རང་བཞིན་རྟོགས་པར་གྱིས་ཤིག་པའོ། །དེའི་ཚེ་ཁྱོད་ཀྱིས་ཐོག་མ་མེད་པའི་སྲིད་པར་རྣམ་པར་རྟོག་པའི་བག་ཆགས་ཀྱི་ཉེས་པ་གཟུང་བ་རྣམས་འབྲོས་པར་འགྱུར་རོ། །རྐང་པ་གཉིས་པས་དོན་དེ་ཉིད་ཀུན་རྫོབ་ཏུ་དཔེ་ཡིས་གསལ་བར་བྱེད་དོ། །མྱ་

ངན་སྨིག་རྒྱུ་ཞེས་བྱ་བ་ལ་སོགས་པ་ནི་རི་དགས་སྲེད་དང་དྲི་ཟའི་གྲོང་ཁྱེར་མཐོང་བ་ལ་སོགས་པ་ཇི་བཞིན་དུ་གཟུགས་བརྙན་ཙམ་དུ་དངོས་པོ་རྣམས་མཆོག་གི་རྣལ་འབྱོར་པས་མཐོང་ངོ་། །དེ་བཞིན་དུ་ལུང་ལས་ཀྱང་། སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །དེ་བཞིན་དུ་ནི་བར་སྲིད་དོ། །

ཞེས་པ་ལ་སོགས་པས་སོ། །དེ་ཐམས་ཅད་མ་རིག་པའི་བག་ཆགས་ཀྱི་སྐྱོན་གྱིས་ལོག་པར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་རྟོག་པ་བྱེད་དོ། །དཔེར་ན་རླུང་འཁོར་བས་ཆུ་ཡང་བརྟན་པར་གྱུར་པ་དེ་བཞིན་དུ་དངོས་པོའི་གྲོང་ཁྱེར་རྣལ་འབྱོར་གྱི་དབང་ཕྱུག་གིས་ཤེས་པར་བྱའོ། །དེ་

Vol. 52 · folio 199a

བཞིན་དུ་ལུང་ལས་ཀྱང་། སྟོང་ཉིད་དེ་ཉིད་གྱུར་པ་ཡིས། །དངོས་པོའི་བག་ཆགས་ཀྱིས་བསྒོས་འགྱུར། །རླུང་ནི་འཁོར་བས་བརྟན་གྱུར་པའི། །ཆུ་ཡིས་དེ་ཉིད་ཚོགས་པ་འབྲོས། །རྐང་པ་གསུམ་པས་ཤིན་ཏུ་མེད་པ་མཚོན་ནོ། །མོ་གཤམ་བུ་ཞེས་བྱ་བ་ལ་སོགས་པའི་མོ་

གཤམ་ནི་བཅོམ་ལྡན་འདས་བདག་མེད་མ་དེའི་བུ་ནི་དོན་དམ་པའི་བདེན་པ་དཔེར་ན་བྱེ་མའི་མར་ཁུའམ་དཔེར་ན་རི་བོང་གི་རྭ་བཞིན་ནོ། །དེ་རྣམས་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱི་དེའི་མཚོན་པའོ། །དེ་རྣམས་སྐྱེ་བ་མེད་པའི་ཕྱིར་དོན་དམ་པའི་བདེན་པ་བདེ་བ་ཆེན་པོ་ཡེ་ཤེས་ལྔའི་བདག་ཉིད་དོ། །འགྲོ་བ་ལ་

སྣ་ཚོགས་པའི་རབ་ཏུ་བྱེད་པས་རོལ་པའི་བདེ་བ་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བཞིན་དུ་སཱུ་ཏ་ཀེ་ལས་ཀྱང་། སངས་རྒྱས་ལྔ་བདག་འགྲོ་ཀུན་པ། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་ངོ་བོ་ཉིད་ཡོངས་སུ་དག་པ་གསུངས་ཏེ། བྷུ་སུ་ཀུ་ཞེས་བྱ་བ་ལ་སོགས་པ་ནི་འདུ་ཤེས་གསུམ་པ་ཉིད་ཀྱིས་

གསུངས་ཏེ། དངོས་པོ་རྣམས་ཀྱི་འདིར་ངོ་བོ་ཉིད་བདག་གིས་བཤད་པའོ། །ཀྱེའི་བྱིས་པའི་རྣལ་འབྱོར་པ་གལ་ཏེ་ཁྱོད་ཀྱི་འདིར་འཁྲུལ་པ་ཡོད་པ་དེའི་ཚེ་བླ་མ་དམ་པའི་ཞབས་ལ་གུས་པར་བྱའོ། །འདོད་པ་སྦྱིན་པ་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །སེམས་ཀྱི་ལྷན་སྐྱེས་སྟོང་

ཉིད་རྫོགས། །ཕུང་པོ་དང་བྲལ་སྡུག་བསྔལ་མེད། །སྨྲས་པ་ཇི་ལྟར་ཀཱཧྞ་མེ། །བདག་ནི་ཁམས་གསུམ་གཏན་དུ་འཕྲོ། །རྨོངས་པ་བརྟན་ཉམས་འཇིག་བཅས་མཐོང་། །རླབས་བྲལ་རྒྱ་མཚོ་ཇི་ལྟར་སྐམ། །ཡོད་བཞིན་འཇིག་རྟེན་རྨོངས་མི་མཐོང་། །འོ་མ་མར་ཡོད་བཞིན་མི་མཐོང་། །འགྲོ་འོང་

མེད་པའི་སྲིད་པ་འདི་ཡང་གང་། །ཀཱཧྞ་རྣལ་འབྱོར་ངོ་བོ་ཉིད་བཞིན་རོལ། །ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་ཚིམ་པའི་ནག་པོ་སྤྱོད་པའི་ཞབས་ཀྱིས་དེ་ཉིད་ཀྱི་དོན་གསུངས་སོ། །སེམས་ཞེས་བྱ་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པ་ཞེས་ཏེ་རང་བཞིན་གྱི་ངོ་བོ་ཉིད་ཀྱི་ལྷ་ཐམས་ཅད་སྟོང་པ་

ཉིད་བཅུ་དྲུག་གིས་ཡོངས་སུ་རྫོགས་པ་འདི་དག་གི་སེམས་ཀྱི་རྒྱལ་པོའོ། །དེའི་ཕྱིར་ཕུང་པོ་དང་བྲལ་བ་ཞེས་ཏེ། ཀྱེའི་སྐྱེ་བོ་རྣམས་བདག་གི་ཕུང་པོ་དང་བྲལ་བ་ལ་སྡུག་བསྔལ་མ་བྱེད་ཅིག་ཅེས་སོ། །དེ་བཞིན་དུ་དགྱེས་པའི་རྡོ་རྗེ་ལས་ཀྱང་། ཕུང་པོ་དངོས་མེད་བདེ་བའི་མཆོག །ཅེས་སོ། །དྷྲཱུའི་

Vol. 52 · folio 199b

རྐང་པས་ངོ་བོ་གསུངས་ཏེ། ཀྱེའི་བྱིས་པའི་རྣལ་འབྱོར་པ་སྨྲས་པ་ཇི་ལྟར་ནག་པོ་སྤྱོད་པ་མེད་པར་འགྱུར་ཏེ། འཇིག་རྟེན་གྱི་ངོ་བོ་དེའི་བསྒོམ་པར་བྱའོ། །རྟག་ཏུ་འཕྲོ་བར་བྱེད་དེ་དོན་དམ་པའི་ཆུ་གཏེར་ལ་རོལ་པར་བྱེད་དོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལུང་ལས་ཀྱང་། ཇི་ལྟར་ཆུ་ཀླུང་ཆུ་དངས་ལས། །

བདག་གི་ངོ་བོ་མྱུར་དུ་བསྐྱེད། །དེ་བཞིན་སྟོང་ཉིད་ཀུན་དངས་ལས། །སྒྱུ་འཕྲུལ་དྲ་བ་སྟོན་པར་བྱེད། །རྐང་པ་གཉིས་པས་དཔེའི་སྒོ་ནས་དོན་དེ་ཉིད་གསལ་བར་བྱེད་དོ། །རྨོངས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་དབྱིབས་དང་ཁ་དོག་ཉིད་ཀྱི་གང་གིས་དངོས་པོ་དེའི་འཇིག་

པ་མཐོང་བའི་རྨོངས་པ་ཅིའི་ཕྱིར་འཇིག་པར་བྱེད་དེ། ཅི་སྟེ་རྒྱ་མཚོའི་རླབས་ཞིག་པས་རྒྱ་མཚོ་སྐམས་པར་འགྱུར་རམ་ཞེས་སོ། །རྐང་པ་གསུམ་པས་དེ་ཉིད་བརྟན་པར་བྱེད་དོ། །རྨོངས་པ་ཞེས་པ་ནི་དེ་བཞིན་དུ་བླུན་པོས་ཡོད་བཞིན་པ་ཡང་འོ་མའི་ནང་ན་མར་མི་མཐོང་བའོ། །དེ་བཞིན་དུ་འཇིག་རྟེན་གསུམ་མཐོང་བཞིན་པ་

ཡང་མི་མཐོང་བའོ། །རྐང་པ་བཞི་པས་ཡོངས་སུ་གྲུབ་པ་གསུངས་ཏེ། སྲིད་པར་འགྲོ་བ་མེད་ཅེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་ཆུ་སྐྱེས་ཀྱི་རྡུལ་གྱིས་བྱེད་པའི་ཕྱིར་རོ། །འདིར་སྲིད་པའི་རང་བཞིན་ཡོངས་སུ་ཤེས་པ་ནག་པོ་སྤྱོད་པའི་ཞབས་ལ་སྲིད་པ་ལ་འདིར་རོལ་པར་བྱེད་དེ་རྩེ་བར་བྱེད་དོ་ཞེས་པའོ། །

བཾ་ག་ལ་ཞེས་བྱ་བའི་གླུ་དབྱངས་བྷུ་སུ་ཀུའི་ཞབས་ཀྱིའོ། །ལྷན་ཅིག་སྐྱེས་པའི་ཤིང་ཆེན་འཇིག་རྟེན་གསུམ་ན་འཕྲོ། །ནམ་མཁའ་དང་མཚུངས་རང་བཞིན་བཅིངས་ནས་གྲོལ་བ་གང་། །དཔེར་ན་ཆུ་ལ་ཆུ་བཞག་དབྱེ་བར་མི་ནུས་ལྟར། །དེ་བཞིན་ཡིད་ཀྱི་རིན་ཆེན་རོ་མཉམ་ནམ་མཁར་ཞུགས། །གང་ལ་

གང་ལ་བདག་ཉིད་མེད་པ་དེ་ལ་གཞན་དག་དང་། །ཐོག་མ་མཐའ་མེད་སྐྱེ་དང་འཆི་བའི་སྲིད་པ་མེད། །བྷུ་སུ་ཀུས་སྨྲས་ངོ་མཚར་རྗེས་སྨྲས་ངོ་མཚར་ཀུན། །འགྲོ་འོང་དང་བྲལ་དེ་ལ་དངོས་དང་དངོས་མེད་མེད། །ལྷན་ཅིག་སྐྱེས་པའི་བདེ་བས་ཚིམ་པའི་འདུ་ཤེས་གསུམ་པའི་ཞབས་ཀྱིས་དེ་ཁོ་ན་ཉིད་

ཀྱི་དོན་གསལ་བར་མཛད་དོ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ནི་བླ་མའི་ཞབས་ཀྱི་རྡུལ་ལ་རེག་པས་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་བདེ་བར་བྱས་པའི་ས་བོན་བཟུང་ནས་འཇིག་རྟེན་གསུམ་ཁྱབ་པར་བྱེད་པ་རྣལ་འབྱོར་གྱི་དབང་ཕྱུག་གི་ལྷན་ཅིག་སྐྱེས་པའི་སེམས་སུ་བྱེད་པ་དེ་ནི་ནམ་

Vol. 52 · folio 200a

མཁའ་དང་མཚུངས་པའི་དཔེ་སྟེ། བདེ་བ་ཆེན་པོའི་རང་བཞིན་གྱིས་འཇིག་རྟེན་གསུམ་གང་དུ་ཡང་བཅིངས་པ་དང་གྲོལ་བ་མེད་པ་ཞེས་སོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། ཁྱབ་བྱ་ཁྱབ་བྱེད་ངོ་བོ་ཡིས། །བདེ་བ་ཡིས་ནི་འགྲོ་བ་ཁྱབ། །ཚིག་ཕྱི་མའི་རྐང་པས་དྷྲཱུའི་རྐང་པར་རིག་

པར་བྱའོ། །རྐང་པ་གཉིས་པས་དཔེ་ཡིས་ཉེ་བར་འཇལ་བར་བྱེད་དོ། །དཔེར་ན་ཆུ་ལ་ཆུ་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་ཕྱི་རོལ་གྱི་ཆུ་ལ་ཆུ་བཞག་ན་དབྱེར་མེད་པར་བློ་དང་ལྡན་པས་ཤེས་སོ། །དེ་བཞིན་དུ་ཡིད་ཉིད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་རྣལ་འབྱོར་པའི་དབང་པོ་རོ་གཅིག་ཏུ་གྱུར་པ་ནམ་

མཁར་ཞེས་ཏེ་འོད་གསལ་ལ་རབ་ཏུ་ཞུགས་པའོ། །དེ་ལ་དེའི་ཡེ་ཤེས་དམིགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལུང་ལས་ཀྱང་། །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །དེ་བཞིན་ཡེ་ཤེས་འཁོར་ལོ་གནས། །ཞེས་སོ། །རྐང་པ་གསུམ་པས་དངོས་པོའི་རང་བཞིན་གསུངས་ཏེ། གང་ལ་ཞེས་བྱ་བ་ལ་

སོགས་པ་ནི་གང་རྣལ་འབྱོར་གྱི་དབང་ཕྱུག་གི་བདག་དང་བདག་གིར་འཛིན་པའི་འབྲེལ་པ་མེད་པའི་ཕྱིར་དེའི་གཞན་གྱི་འབྲེལ་པ་ཤིན་ཏུ་རིང་དུ་གྱུར་པའོ། །གང་གི་དང་པོར་མ་སྐྱེས་པའི་དངོས་པོ་གང་རྣམས་ལ་དེ་རྣམས་ཀྱི་སྐྱེ་བ་དང་གནས་པ་དང་འཇིག་པ་མ་མཐོང་སྟེ་གྲུབ་པའི་སྐྱེས་བུ་

རྣམས་ཀྱིས་སོ། །དེ་བཞིན་དུ་ལུང་ལས་ཀྱང་། སྐྱེ་མེད་འཆི་མེད་དེ་བཞིན་ཉིད། །གཟུགས་མིན་གཟུགས་མེད་པའང་མིན། །འཁོར་བ་མ་ཡིན་མྱང་འདས་མིན། །བྱེད་པ་དང་བྲལ་དེ་ཡིས་མཚོན། །རྐང་པ་བཞི་པས་དངོས་པོའི་རང་བཞིན་གསུངས་ཏེ། བྷུ་སུ་ཀུས་སྨྲས་ཞེས་བྱ་བ་ལ་སོགས་པའི་ངོ་

མཚར་ཞེས་པ་ནི་མངོན་སུམ་དུ་གསུངས་པའི་འདུ་ཤེས་གསུམ་པའི་ཞབས་ཀྱིས་གསུངས་ཏེ། དངོས་པོ་མཐའ་དག་རྣམས་ཀྱི་དེའི་རང་བཞིན་ནི་འདིར་ཟབ་མོ་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ལས་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ཡོངས་སུ་བསྡུས་པས་འཁོར་བར་སྐྱེ་

བ་དང་སྤྱོད་པ་ཁྱིམ་དུ་འཇུག་པ་དང་། འོང་བ་གང་ཡང་རྣལ་འབྱོར་པས་མ་མཐོང་བའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ཟབ་མོ་ཉིད་ཀྱང་མཚོན་དུ་མེད། །རང་དང་གཞན་དུ་མི་དམིགས་སོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡི། །འབྲས་བུ་རང་རིག་ཉིད་ཀྱིས་ཤེས། །མལླ་རཱི་ཞེས་བྱ་

Vol. 52 · folio 200b

བའི་གླུ་དབྱངས་ཀཾ་ཀ་ཎའི་ཞབས་ཀྱིའོ། །སྟོང་པར་སྟོང་ཉིད་གང་ཚེ་མཐུན་གྱུར་པ། །ཆོས་རྣམས་ཐམས་ཅད་དེ་ཚེ་འཆར་བར་འགྱུར། །ཡོད་པའི་སྐད་ཅིག་བཞི་ལ་ཡང་དག་རྟོགས། །དབུས་སུ་འགོག་པས་བླ་མེད་བྱང་ཆུབ་བོ། །ཐིག་ལེ་ནཱ་ད་སྙིང་ལ་འཇུག་པ་མེད། །གཞན་དུ་བལྟས་པས་གཞན་

ནི་རྣམ་པར་ཉམས། །ཇི་ལྟར་འོངས་པ་དེ་ལྟར་ཤེས་པར་གྱུར། །དབུ་མ་རུ་ནི་ཐམས་ཅད་རྣམ་པར་སྤོང་། །ཀཾ་ཀ་ན་སྨྲས་ཀ་ལ་ཡ་ཡི་དྲིན། །ཐམས་ཅད་རྣམ་བཤིག་དེ་ཉིད་གཞོམ་མེད་དབྱངས། །མཆོག་གི་སྙིང་རྗེའི་བདུད་རྩིའི་བཏུང་བས་རབ་ཏུ་ཚིམ་པ་ཉིད་ཀྱིས་གྲུབ་པའི་སློབ་དཔོན་

ཀེང་རུས་ཞབས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་སྒྲ་གཞན་གྱིས་གསུངས་ཏེ། སྟོང་པ་ཞེས་བྱ་བ་ལ་སོགས་པ་གསུངས་པས་བྱིན་གྱིས་བརླབས་པ་སྟོང་པ་རྡོ་རྗེ་བླ་མའི་བྱིན་གྱིས་བརླབས་པ་ལས་བཞི་པའི་གོ་འཕང་སྟོང་པ་ཉིད་ལ་གང་གི་ཚེ་མཐུན་པར་བྱེད་པ་རང་ཉིད་དེའི་ཚེ་དེའི་དུས་སུ་ཆོས་

ཐམས་ཅད་ཅེས་ཏེ་ཟུང་འཇུག་གི་འབྲས་བུ་འཆར་བར་འགྱུར་རོ་ཞེས་སོ། །དྷྲཱུའི་རྐང་པས་དེ་ཁོ་ན་ཉིད་ཀྱི་དོན་གསུངས་སོ། །སྐད་ཅིག་བཞི་པ་ཞེས་པ་དེ་ལས་སྣ་ཚོགས་པ་ལ་སྐད་ཅིག་གིས་དགའ་བ་བཞི་པ་ཡང་དག་པར་རྟོགས་པའི་ཕྱིར་རང་བྱིན་གྱིས་བརླབས་པས་དབུ་མར་འགོག་

པ་ཞེས་སོ། །རང་བཞིན་བདུན་གྱི་ཉེས་པས་ཏིང་ངེ་འཛིན་གྱི་དྲི་མའི་གཞི་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། དེ་ལ་དགའ་བ་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་གོམས་པའི་འབྲས་བུ་གསུངས་ཏེ། ནཱ་ད་

ཞེས་བྱ་བ་ལ་སོགས་པ་ནི་ཧཱུཾ་ཡིག་རིང་པོ་ཐབས་འཛིན་པའི་ཤེས་པའི་རྣམ་པར་རྟོག་པ་ལ་ཐིག་ལེ་ཞེས་སོ། །ཤེས་རབ་གཟུང་བའི་ཤེས་པའི་རྣམ་པར་རྟོག་པ་ལ་ནི་ནཱ་དའོ། །དེ་གཉིས་ཀར་རྣམ་པར་རྟོག་པས་དེའི་དུས་སུ་སྤོང་བའོ། །དེའི་ཕྱིར་ཆོས་ཐམས་ཅད་དམིགས་པ་མེད་པར་

མཐོང་སྟེ། སེམས་རྟོགས་པ་ཡང་སོ་སོར་མི་དམིགས་པར་མོས་པའོ། །རྐང་པ་གསུམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་བྱེད་པ་ཉིད་གསུངས་ཏེ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་གང་ལས་བྱང་ཆུབ་ཀྱི་སེམས་སྐྱེས་པར་གྱུར་པ་དེ་ལ་རང་གི་བྱང་ཆུབ་ཀྱི་སེམས་

Vol. 52 · folio 201a

དབང་པོ་དང་ཡུལ་གྱི་རྣམ་པར་རྟོག་པ་དང་བྲལ་ནས། གང་ལ་བཞི་པའི་བདེ་བ་རང་རིག་པའི་ངོ་བོ་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། གང་ལ་སེམས་ཉིད་བརྟན་གྱུར་རྣམ་བཟློག་འགྱུར། །རླུང་དང་རོ་མཉམ་ཉིད་དུ་གྱུར་པ་ཡི། །དབང་པོ་ཡུལ་དང་

མཚུངས་ཉིད་ཇི་བཞིན་དུ། །གཞན་དུ་གང་གིས་མཚུངས་པ་ཉིད་དུ་འགྱུར། །རྐང་པ་བཞི་པས་རང་ཉིད་ཀྱི་མཐུ་གསུངས་ཏེ། སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་སློབ་དཔོན་ཀཾ་ཀ་ནའི་ཞབས་ཉིད་ཀྱིས་གསུངས་ཏེ། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལ་སོགས་པ་བྱིས་པའི་རྣལ་

འབྱོར་པའི་ཅ་ཅོ་སྟེ་མཉམ་པ་ཉིད་གཞོམ་དུ་མེད་པའི་སྒྲ་ཡིས་བཅོམ་པའོ། །དེ་བཞིན་དུ་ལུང་ལས་ཀྱང་། སྟོང་ཉིད་སེང་གེའི་སྒྲ་ཡིས་ནི། །སྒྲ་རྣམས་ཐམས་ཅད་སྐྲག་པར་བྱེད། །ཅེས་སོ། །མལླཱ་རི་ཞེས་བྱ་བའི་གླུ་དབྱངས་ནག་པོ་སྤྱོད་པའི་ཞབས་ཀྱིའོ། །ཡིད་ལྗོན་དབང་ལྔའི་ཡལ་ག་

ཅན་དེ་ལ། །འདོད་པ་འབབ་པའི་ལོ་འབྲས་འབབ་པར་བྱེད། །མཆོག་གི་བླ་མའི་གསུང་གི་སྟ་རེས་བཅད། །ཀཱཧྞས་སྨྲས་པ་ཤིང་ལྗོན་སླར་མི་སྐྱེ། །ཤིང་དེ་དགེ་དང་མི་དགེའི་ཆུ་ཡིས་འཕེལ། །མཁས་པས་དཔྱོད་པ་བླ་མའི་ཚད་ཀྱིས་ནི། །ཤིང་གང་གཅོད་དང་གཏུབ་པ་མི་ཤེས་ན། །རུལ་

ནས་ལྟུང་ཞིང་རྨོངས་ཉིད་སྲིད་པར་མོས། །སྟོང་པའི་ཤིང་མཆོག་ནམ་མཁར་སྟ་རེ་ཡིས། །ཤིང་དེའི་ཡལ་ག་རྩ་བ་ཉིད་ནས་གཅོད། །དེ་ཁོ་ན་ཉིད་ཀྱི་དོན་མཆོག་གི་དགའ་བས་རབ་ཏུ་ཚིམ་པའི་ནག་པོ་སྤྱོད་པ་ཉིད་ཀྱིས་གསུངས་སོ། །ཡིད་ལྗོན་ཞེས་བྱ་བ་ལ་སོགས་པ་ནི་ཐོག་མ་

མེད་པའི་སྲིད་པའི་བག་ཆགས་ཀྱི་ཡལ་ག་ལ་བརྟེན་པའི་ཕྱིར་ནག་པོ་སྤྱོད་པའི་ཞབས་ཀྱིས་རང་གི་སེམས་ལྗོན་ཤིང་ཉིད་དུ་ཉེ་བར་བལྟའོ། །དེའི་སེམས་ཀྱི་ལྗོན་པ་ནི་དབང་པོ་ལྔའི་ཡལ་ག་ལས་གྲོལ་བའོ། །འདོད་པ་དེའི་ལོ་མ་དང་འབྲས་བུས་འབབ་པ་ཞེས་སོ། །དྷྲཱུའི་རྐང་

པས་དེའི་སྐྱེ་བ་མེད་པ་མཚོན་པར་བྱེད་དོ། །མཆོག་གི་བླ་མ་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་གསུང་གི་སྟ་རེས་དེའི་བག་ཆགས་གཅོད་ཅིང་ཉམས་པར་བྱེད་པ་ནག་པོ་སྤྱོད་པ་པས་གསུངས་སོ། དེ་ཉིད་སེམས་ལྗོན་ཤིང་བཞིན་དུ་ས་གཞིར་སླར་སྐྱེ་བ་མེད་དོ། །དེ་བཞིན་དུ་

Vol. 52 · folio 201b

བརྟག་པ་གཉིས་པ་ལས་ཀྱང་། གཞན་དུ་སངས་རྒྱས་ཐོབ་མི་འགྱུར། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་བླ་མའི་གསུང་གི་མཐུ་གསུངས་ཏེ། འཕེལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཡང་སེམས་ཀྱི་ལྗོན་ཤིང་དགེ་བ་དང་མི་དགེ་བའི་ཆུ་བླངས་ནས་རང་གི་ཡིད་ལ་སོགས་པ་

འཁོར་བའི་ས་གཞིར་འཁོར་བར་བྱེད་དོ། །དེ་ནས་དཔལ་གྱི་བླ་མ་ལ་དྲིས་ནས་དེའི་གསུང་ཉམས་སུ་མྱོང་བར་བྱས་ནས་རིག་པ་དང་ལྡན་པའི་སྐྱེ་བོས་ཞེས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་དེའི་སེམས་ཀྱི་ལྗོན་ཤིང་གཅོད་པར་བྱེད་དོ། །རྐང་པ་གསུམ་པས་མན་ངག་དང་བྲལ་བའི་རྣལ་འབྱོར་པ་

འཁོར་བ་ཉིད་དུ་གསུངས་ཏེ། ཤིང་གང་ཞེས་བྱ་བ་ལ་སོགས་པ་ནི་གང་ཡང་བྱིས་པའི་རྣལ་འབྱོར་པས་སེམས་ཀྱི་ཤིང་ལྗོན་པ་གཅོད་པ་ཞེས་ཏེ། རང་བཞིན་མེད་པར་བྱེད་མི་ཤེས་པའོ། །དེ་རྣམས་ཀྱང་འཁོར་བའི་སྡུག་བསྔལ་གྱིས་འཁོར་ཞིང་འགྲོ་བ་དྲུག་ཏུ་ལྟུང་བར་འགྱུར་རོ། །སླར་

ཡང་དེ་ལ་སྲིད་པ་ལེན་པར་བྱེད་ཅིང་ཐར་པའི་ལམ་མི་ཤེས་སོ། །རྐང་པ་བཞི་པས་བླ་མའི་གསུང་གི་ལམ་གྱི་རྗེས་སུ་བསྔགས་པ་གསུངས་ཏེ། སྟོང་པའི་ཤིང་མཆོག་ཅེས་བྱ་བ་ལ་སོགས་པ་ནི་དེ་ལས་མ་རིག་པ་སྟོང་པའི་ཤིང་ངོ་། །ཀྱེ་བྱིས་པའི་རྣལ་འབྱོར་པ་ནམ་མཁའ་ཞེས་ཏེ་

རང་བཞིན་གྱིས་འོད་གསལ་བའོ། །སྟ་རེ་ཡིས་ནི་བླ་མའི་གསུང་གི་དྲིན་ལས་བག་ཆགས་ཡང་དག་པར་གཅོད་པ་ཞེས་སོ། །གང་གིས་སླར་ཡང་དབང་པོའི་དབང་དུ་མི་བྱེད་པའོ། །ཤམྦ་རཱི་ཞེས་བྱ་བའི་གླུ་དབྱངས་ཛ་ཡཱ་ནནྡེའི་ཞབས་ཀྱིའོ། །རྨི་ལམ་གཟུགས་བརྙན་ཇི་

བཞིན་བལྟ་བར་གྱིས། །བར་གྱི་སྲིད་པ་ཉིད་ཀྱང་དེ་བཞིན་ནོ། །གལ་ཏེ་ཡིད་ནི་རྨོངས་ལས་རྣམ་གྲོལ་ན། །དེ་ཚེ་འགྲོ་དང་འོང་བ་རྒྱུན་ཆད་འགྱུར། །ཚིག་པ་མ་ཡིན་གཤེར་མིན་རྒྱུན་མི་འཆད། །སྒྱུ་མ་ལ་རྨོངས་སྐྲ་དཀར་གཉེར་འཇིགས་ལྟོས། །ལུས་ནི་གྲིབ་མ་སྒྱུ་མ་དང་

མཚུངས་པ། །ཕྱོགས་ནི་གཉིས་པོ་དེར་ནི་སྣ་ཚོགས་མཐོང་། །སེམས་ཀྱི་དེ་ཉིད་རང་བཞིན་སྦྱང་བར་གྱིས། །ཛ་ཡ་ནནྟིས་སྨྲས་པ་གསལ་བྱེད་གཞན་མིན་ནོ། །མཆོག་གི་སྙིང་རྗེ་བསགས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དོན་མངོན་པར་ཤེས་པ་དང་ལྡན་པའི་ཛ་ཡ་ནནྟའི་ཞབས་ཀྱིས་

Vol. 52 · folio 202a

གསུངས་ཏེ། བལྟ་བར་གྱིས་ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་རྨི་ལམ་གྱི་སྐྱེས་བུ་དང་མེ་ལོང་གི་གཟུགས་བརྙན་བཞིན་དུ་དེ་བཞིན་དུ་བར་སྲིད་ཀྱི་རྣམ་པར་ཤེས་པ་མཐོང་ངོ་། །དེ་བཞིན་དུ་ལུང་ལས་ཀྱང་། ཇི་ལྟར་ཆུ་ནང་ཟླ་བ་བཞིན་དུ་ཡོད་མེད་མིན། །ཞེས་བྱ་བ་

ལ་སོགས་པས་སོ། །ཀྱེའི་གལ་ཏེ་ཁྱོད་ཀྱིས་ལམ་མ་རྟོགས་ན་རྣམ་པར་ཤེས་པས་ཡང་དག་པར་འགྲོ་བའི་དུས་ལ་ཡང་བླ་མ་དམ་པའི་གསུང་རྗེས་སུ་དྲན་པས་རང་གི་སེམས་ཀྱི་རྨོངས་པ་ལས་རྣམ་པར་གྲོལ་བར་ཁྱོད་གྱིས་ཤིག་པའོ། །དེའི་དངོས་པོ་མེད་པས་འཁོར་བའི་འགྲོ་བ་

དང་འོང་བ་རྒྱུན་འཆད་པར་འགྱུར་རོ། །དེའི་ཕྱིར་རང་གི་ངོ་བོ་ཉིད་ལ་ལོག་པར་རྨོངས་པས་སོ། །ཅིའི་ཕྱིར་འབྲས་བུ་མེད་པ་ལ་འགོག་པར་བྱེད། དེ་བཞིན་དུ་ཡང་བྷུ་སུ་ཀུའི་ཞབས་ཀྱིས་ཀྱང་། ཉོན་མོངས་ཡུལ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གསུམ་པས་

དོན་དམ་པའི་སེམས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། ཚིག་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་དམ་པའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་ལ་རེག་པ་ལས་དེ་ཉིད་ལས་འཁོར་བའི་ཡིད་གང་དུ་རྨོངས་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེའི་ཚེ་མེས་ཚིག་པར་མི་འགྱུར་ཞིང་

ཆུས་ཀྱང་ཁྱེར་བར་མི་འགྱུར་རོ། །མཚོན་གྱིས་ཆོད་པར་ཡང་མི་འགྱུར་ཏེ། དོན་དམ་པའི་སེམས་རྟགས་ཀྱི་ང་རྒྱལ་གྱིས་སོ། །དེ་བཞིན་དུ་མཐོང་བར་གྱུར་པ་དེ་ཉིད་ཀྱང་བློ་གྲོས་དམན་པ་རྨོངས་པས་མཆོག་ཏུ་འཆིང་བར་བྱེད་དོ། །དེ་བཞིན་དུ་ཕྱིའི་བསྟན་བཅོས་ལས། འབད་པ་

ཡིས་ནི་སྡིག་པ་ཡང་དག་སྤྱོད། །བསོད་ནམས་ཞར་ལ་བྱུང་ཡང་སྤྱོད་མི་བྱེད། །མི་ཡི་འཇིག་རྟེན་འདི་དག་ཡ་མཚན་ཆེ། །འོ་མ་ཡོངས་སུ་སྤངས་ནས་དུག་འཐུང་བྱེད། །རྐང་པ་གཉིས་པས་དོན་དམ་པའི་བདེན་པའི་མཚན་ཉིད་གསུངས་ཏེ། གྲིབ་མ་ཞེས་བྱ་བ་ལ་སོགས་པ་ལ་གཏི་

མུག་ལས་གྲོལ་བ་གང་གི་ཚེ་དོན་དམ་པར་རིག་པར་འགྱུར་རོ། །དེའི་ཚེ་སྒྱུ་མ་དང་འདྲ་བར་རང་གི་ལུས་ཤེས་ནས་མིག་གིས་མཐོང་བར་འགྱུར་རོ། །ཕྱོགས་དང་ཕྱོགས་མ་ཡིན་པ་དབྱེར་མེད་པ་དཔལ་ཧེ་རུ་ཀ་ལྔ་རྟོག་པར་བྱེད་དོ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ལྷ་མོ་སྒྱུ་མ་ཆེན་

Vol. 52 · folio 202b

མོ་ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་སེམས་ཀྱི་འབྲས་བུའི་ངོ་བོ་གསུངས་ཏེ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པའི་དེ་ཉིད་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་བཅུད་ཆེན་པོས་སེམས་ཀྱི་བག་ཆགས་ཀྱི་ཉེས་པ་རྣམ་པར་སྦྱོང་བར་གལ་ཏེ་མཁས་པས་བྱེད་

པ་དེའི་ཚེ་ཛ་ཡ་ནནྟའི་ཞབས་ཉིད་སྨྲ་བར་བྱེད་དེ། སེམས་ནི་གཞན་མ་ཡིན་ཏེ་དངོས་པོ་མེད་པ་མ་ཡིན་ནོ། །རྣམ་དག་དེ་བཞིན་ཉིད་གང་ལས། །དེ་ཉིད་གཞན་དུ་མ་ཡིན་ནོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས་ཀྱང་། དངོས་རྣམས་ཀུན་གྱི་ངེས་པ་ནི། །རྣམ་དག་དེ་བཞིན་ཉིད་དུ་འདོད། །དུ་ཛྫ་

ར་ཞེས་བྱ་བའི་གླུ་དབྱངས་ཆོས་པའི་ཞབས་ཀྱིའོ། །རྡོ་རྗེ་པདྨའི་དབུས་སུ་གྱུར་པ་བླངས། །མཉམ་ཉིད་སྦྱོར་བས་གཏུམ་མོ་འབར་བར་གྱུར། །ཌོམྦི་ནི་ཡི་ཁང་པ་མེ་ཡིས་ཚིག་ནས་འབར། །རི་བོང་འཛིན་པའི་ཆུ་ནི་ལོང་ལ་གཏོར་བར་གྱིས། །རྩྭ་ནི་འབར་བ་མ་ཡིན་དུ་བ་མཐོང་བ་མེད། །རི་རབ་སྟེང་དུ་

བླངས་ནས་ནམ་མཁར་རབ་ཏུ་ཞུགས། །རྗེ་བཙུན་ཁྱབ་འཇུག་དབང་ཕྱུག་ཚངས་པ་རྣམས་ནི་ཚིག །ཡོན་ཏན་དགུ་དང་ཡུལ་གྱི་གྲོང་ཁྱེར་རྣམས་ཀྱང་ཚིག །དྷརྨས་སྨྲས་པ་གསལ་པོར་བླངས་ནས་རབ་ཏུ་ཤེས། །རྩ་ཕྲན་ལྔ་ལས་ཆུ་ནི་སྟེང་དུ་སོང་བར་གྱུར། །དེ་ཁོ་ན་ཉིད་ཀྱི་དོན་ལ་མཆོག་གི་སྙིང་

རྗེ་དང་བྱམས་པའི་ཐུགས་ཀྱིས་གྲུབ་པའི་སློབ་དཔོན་ཆོས་པའི་ཞབས་ཉིད་ཀྱིས་གསུངས་ཏེ། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ནི་ཐབས་དང་ཤེས་རབ་མཉམ་པ་ཉིད་དུ་ཡང་དག་པར་སྦྱོར་བས་བདེ་བ་ཆེན་པོ་འདོད་ཆགས་ཀྱི་མེ་འབར་བདག་གི་ལྟེ་བ་སྤྲུལ་པའི་འཁོར་ལོར་གཏུམ་མོའི་མེ་འབར་

བའོ། །དྷྲཱུའི་རྐང་པས་དོན་དེ་ཉིད་རྣམ་པར་གསལ་བར་བྱེད་དོ། །མེས་ཚིག་ཅེས་པ་ལ་སོགས་པ་ནི་བདེ་བ་ཆེན་པོའི་འདོད་ཆགས་ཀྱི་སྲེད་པ་དང་ལྡན་པས་མེ་ཉིད་དོ། །ཌོམྦི་ནི་ཡོངས་སུ་དག་པའི་ཨ་ཝ་དྷཱུ་ཏཱིའི་ཁྱིམ་དུ་སྦྱོང་བའོ། །དེ་བས་ན་བདེ་བ་ཆེན་པོའི་མེས་བདག་གི་ཡུལ་ལ་སོགས་པའི་

ཚོགས་པ་ལ་བརྟེན་པ་མཐའ་དག་བསྲེག་པའོ། །རི་བོང་འཛིན་པ་ཞེས་པ་ནི་བླ་མ་དམ་པའི་དྲིན་ལས་མཚན་ཉིད་དང་བྲལ་བས་རྣམ་པར་སྦྱངས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཟུང་ནས་དེའི་མེ་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་བརྟག་པ་གཉིས་པ་ལས། ལྟེ་བར་གཏུམ་

Vol. 52 · folio 203a

མོ་སྤར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་གཉིས་པས་ཡེ་ཤེས་ཀྱི་མེའི་རང་བཞིན་གསུངས་ཏེ། རྩ་ནི་འབར་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་དཔེར་ན་ཕྱི་རོལ་དུ་མེ་དྲག་པོ་འབར་བ་དེའི་དུ་བ་ལ་སོགས་པ་མཐོང་བ་དེ་བཞིན་དུ་ཡེ་ཤེས་ཀྱི་མེ་ནི་མི་

མཐོང་སྟེ། འོན་ཀྱང་དངོས་པོ་དང་དངོས་པོ་མེད་པ་བསྲེག་པ་སྔོན་དུ་གསུངས་པའི་རི་རབ་ཀྱི་སྟེང་དུ་མེ་ནི་ནམ་མཁའ་ལ་ཞེས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་ཐིམ་པ་ཞེས་སོ། །རྐང་པ་གཉིས་པས་གསུངས་པའི་དོན་སོ་སོར་རྒྱས་པར་བཤད་དོ། །སྲེག་པ་ཞེས་བྱ་བ་ལ་སོགས་པ་ནི་ཚངས་

པ་ཞེས་པ་དགོངས་པའི་སྐད་ཀྱིས་དྲི་ཆེན་གྱི་རྩར་རིག་པར་བྱའོ། །ཁྱབ་འཇུག་ཅེས་པ་ནི་དྲི་ཆུའི་རྩའོ། །དབང་ཕྱུག་ཅེས་པ་ནི་ཁུ་བའི་རྩ་སྟེ་དེ་རྣམས་ཚིག་པའོ། །སྟེང་དུ་ནི་ལ་ལ་ནཱ་དང་ར་ས་ནཱའོ། །ཡོན་ཏན་དགུ་དང་ཡུལ་གྱི་ཞེས་པ་ནི་མིག་གི་དབང་པོ་ལ་སོགས་པ་དང་ཡུལ་དུ་བཤད་

པ་རྣམས་བསྲེག་པའོ། །དེ་ཉིད་འདོད་ཆགས་ཀྱི་མེས་རང་བཞིན་མེད་པར་གྱུར་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང་། །ཡིད་ནི་འཆི་བ་མེད་པས་སོ། །ཞེས་བྱ་བ་ལ་སོགས་པས་སོ། །རྐང་པ་བཞི་པས་དགའ་བ་བཞི་པའི་རྐྱེན་དུ་གསུངས་ཏེ། དྷརྨས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ཆོས་

པའི་ཞབས་ཉིད་ཀྱིས་གསུངས་སོ། །ཀྱེའི་ལམ་མ་རྟོགས་པས། དཔལ་གྱི་བླ་མའི་ཞབས་ཀྱིས་ཡང་དག་པར་རྡོ་རྗེ་དང་ཆུ་སྐྱེས་མཉམ་དུ་སྦྱོར་བ་གསལ་བར་མཛད་ནས་ལྷན་ཅིག་སྐྱེས་པའི་དགའ་བ་ཤེས་པར་གྱིས་ཤིག་པའོ། །དེའི་བདེ་བ་ཆེན་པོ་ཆུ་སྐྱེས་ལས་འོང་བ་ཉིད་གང་བྱང་ཆུབ་ཀྱི་སེམས་

ནོར་བུའི་རྩེ་མོར་སོན་པ་བཞི་པའི་དགའ་བས་སྦྱངས་པ་ནཱ་ད་དང་བཅས་པ་པདྨའི་ནཱ་ད་ལ་ཞེས་ཏེ་ཨ་ཝ་དྷཱུ་ཏིའི་ལམ་གྱིས་སླར་ཡང་དེ་ཉིད་དུ་འགྲོ་བའོ། །པ་ཌ་ཧ་ཞེས་བྱ་བའི་གླུ་དབྱངས་ཀུཀྐུ་རཱི་པའི་ཞབས་ཀྱིའོ། །རྡོ་རྗེ་ཆུ་སྐྱེས་གཡུལ་ངོར་ཞུགས། །མཉམ་ཉིད་སྦྱོར་བའི་དམག་དཔུང་ཚོགས། །ཡུལ་

དང་དབང་པོའི་གྲོང་རྣམས་བཅོམ། །སྟོང་ཉིད་རྒྱལ་པོ་བདེ་ཆེན་མིང་། །རྔ་སྒྲ་དུང་སྐད་གཞོམ་དུ་མེད་པའི་དབྱངས་རྣམས་སྒྲོགས། །གཏི་མུག་སྲིད་པའི་དཔུང་རྣམས་རིང་དུ་འདའ་བར་བྱས། །དཀྱིལ་འཁོར་གསུམ་གྱི་སྐྱོན་རྣམས་མེ་ཡིས་བསྲེག་པར་བྱས། །བདེ་བའི་གྲོང་ཁྱེར་རྩེ་མོར་

Vol. 52 · folio 203b

གནས་ནས་ཐམས་ཅད་བསྡུས། །སོར་མོ་གྱེན་དུ་བསླང་ནས་ཀུཀྐུ་རཱི་པ་སྨྲ། །འདི་ནི་འཇིག་རྟེན་གསུམ་དུ་བདེ་བ་ཆེན་པོས་རྒྱལ། །དེ་ཁོ་ན་ཉིད་ཀྱི་དོན་སྒྲ་གཞན་གྱིས་ཀུཀྐུ་རཱི་པའི་ཞབས་ཀྱིས་གསུངས་ཏེ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཡུལ་གྱི་སྒྲའི་གཡུལ་ངོ་འགོག་པའི་ཕྱིར་རྡོ་རྗེ་

དང་ཆུ་སྐྱེས་དེ་བཞིན་དུ་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རང་བཞིན་ཀུཀྐུ་རཱིའི་ཞབས་ཀྱིས་འདྲེན་པར་བྱེད་དོ། །མཉམ་ཉིད་ཅེས་པ་ནི་རང་བཞིན་གཅིག་ཏུ་བདེ་བ་ཆེན་པོའི་ངོ་བོ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་གི་མཉམ་པ་ཉིད་དུ་སྦྱོར་བ་དེ་ཉིད་དེའི་དཱ་རི་ཀཱའོ། །དེ་བཞིན་དུ་ལུང་ལས་

ཀྱང་། དངོས་པོ་གཅིག་གི་དེ་ཉིད་གང་གིས་མཐོང་། །དངོས་ཀུན་དེ་ཉིད་ངེས་མཐོང་ངོ་བོ་གཅིག །དངོས་པོ་ཀུན་གྱི་ངོ་བོ་རང་བཞིན་རྣམས། །དངོས་ཀུན་གཅིག་གི་རང་བཞིན་ངོ་བོ་ཉིད། །དྷྲཱུའི་རྐང་པས་བདེ་བ་ཆེན་པོའི་མཐུ་གསུངས་ཏེ། བཅོམ་ཞེས་པ་ནི་བདེ་བ་ཆེན་པོ་ཞེས་པ་

ཐོས་པ་ཙམ་གྱིས་སྲིད་པའི་དཀྱིལ་འཁོར་གྱི་ཡུལ་དང་དབང་པོ་འདི་དག་བཅོམ་པའོ། །རྐང་པ་གཉིས་པས་དོན་དེ་ཉིད་གསལ་བར་མཛད་དོ། །སྒྲོགས་པ་ཞེས་བྱ་བ་ལ་སོགས་པའི་གཞོམ་དུ་མེད་པའི་དབྱངས་ཞེས་པ་ནི་རྔ་སྒྲ་དང་དུང་སྒྲ་གཡུལ་ངོར་སྒྲོགས་ཏེ། གང་སྟོང་པ་ཉིད་ཀྱི་

དབུས་སུ་བསྐྱེད་པས་ཀྱེའི་རྣལ་འབྱོར་པས་སྲིད་པའི་གཡུལ་གྱི་དཔུང་རང་བཞིན་མེད་པར་གྱིས་ཤིག་པའོ། །རྐང་པ་གསུམ་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་བསྔགས་པ་གསུངས་ཏེ། གསུམ་ཞེས་པ་ལ་སོགས་པའི་གསུམ་ནི་བདེ་བ་ཆེན་པོའི་མེས་ལུས་ལ་སོགས་

པ་དཀྱིལ་འཁོར་གསུམ་གྱི་ཉེས་པ་བསྲེགས་ནས་བདེ་བ་ཆེན་པོའི་འཁོར་ལོའི་རྩེ་མོར་གནས་པས་མི་ལྟུང་བའི་བདེ་བ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ཀྱི་མེས་སྡུད་པར་བྱེད་པའོ། །དེ་བཞིན་དུ་ར་ཏི་བཛྲ་གྱིས་ཀྱང་། བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་པདྨས་རྒྱས་འདབས་

པས། །ཞེས་སོ། །རྐང་པ་བཞི་པས་འབྲས་བུའི་ངོ་བོ་གསུངས་ཏེ། གྱེན་དུ་ཞེས་བྱ་བ་ལ་སོགས་པ་ཀུཀྐུ་རཱི་པའི་ཞབས་ཀྱིས། ཀྱེའི་རྣལ་འབྱོར་པས་སོར་མོའི་སྟེང་དུ་བྱས་པ་ནི་གསུངས་པའི་དོན་འདིས་འཇིག་རྟེན་གསུམ་ཞེས་ཏེ། ལུས་དང་ངག་དང་ཡིད་ཀྱི་སྣང་བའི་

Vol. 52 · folio 204a

སྐྱོན་ལས་བདེ་བ་ཆེན་པོས་རྒྱལ་བའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ཁྱིམ་ནི་ཡོད་བཞིན་ནགས་སུ་འགྲོ་བར་མ་བྱེད་ཅིག །ཅེས་པ་ལ་སོགས་པས་སོ། །མལླཱ་རི་ཏཱ་ལ་གཅིག་པ་ཞེས་བྱ་བའི་གླུ་དབྱངས་བྷུ་སུ་ཀུའི་ཞབས་ཀྱིའོ། །རྒྱལ་

པོའི་གྲུ་ནི་པདྨའི་ཚལ་ནས་འབབ། །བརྩེ་བ་མེད་པས་བཾ་ག་ལ་ཡུལ་ཁྱེར། །དེ་རིང་བྷུ་སུ་ཀུ་པ་ནང་འཁྲུག་ཤོར། །རང་གི་ཁྱིམ་མི་མོ་ནི་གཏུམ་པོས་ཁྱེར། །རྣམ་པ་ལྔ་པོ་བསྲེགས་ཤིང་ཡུལ་རྣམས་བརླག །རང་སེམས་རིན་ཆེན་གར་འགྲོ་སླེབ་མི་ཤེས། །གསེར་དངུལ་བདག་ལ་

ཅི་ཡང་མི་གནས་ན། །རང་གི་འཁོར་གྱིས་རིན་ཆེན་བླངས་ནས་གནས། །བདག་མཛོད་བྱེ་བ་ཕྲག་བཞི་མ་ལུས་ཁྱེར། །གསོན་པོ་དང་ནི་ཤི་ལ་ཁྱད་པར་མེད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆུ་གཏེར་ཡོངས་སུ་བསྲུབས་པའི་དེ་ཁོ་ན་ཉིད་ཀྱི་བདུད་རྩིས་ཡོངས་སུ་ཚིམ་པ་

གྲུབ་པའི་སློབ་དཔོན་བྷུ་སུ་ཀུའི་ཞབས་ཀྱིས་ནང་འཁྲུག་གི་དགོངས་པའི་སྐད་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་རབ་ཏུ་གསལ་བར་མཛད་དེ། ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་སྒོའི་བུ་གར་བླ་མ་དམ་པའི་ཞབས་ཀྱི་ཐབས་ཀྱིས་རབ་ཏུ་འཇུག་གོ། །དེ་ལ་དགའ་བ་ལ་སོགས་པའི་སྒྲས་

ཞེས་བྱ་བ་ལ་སོགས་པ་སྟེ། མི་འགྱུར་བའི་བདེ་བ་གཉིས་སུ་མེད་པ་ནི་བཾ་ག་ལར་འབབ་པ་ཞེས་ཏེ་དབྱེར་མེད་པ་ཉིད་དུ་བྱས་པའོ། །དེ་བཞིན་དུ་ལུང་ལས་ཀྱང་། ཉོན་མོངས་བྱང་ཆུབ་སོ་སོར་མིན། །བྱང་ཆུབ་ཉོན་མོངས་ལས་བྱུང་མིན། །འཁྲུལ་པ་ལས་ནི་ཉོན་མོངས་རྟོག །

འཁྲུལ་པའི་རང་བཞིན་དྲི་མ་མེད། །དྷྲུའི་ཚིག་གིས་དེ་ཁོ་ན་ཉིད་ཀྱི་དོན་མངོན་པར་གསལ་བར་མཛད་དེ། དེ་རིང་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་རང་ལ་ཡང་དག་པར་འབོད་པར་གསུངས་ཏེ། ཀྱེའི་བྷུ་སུ་ཀུའི་ཞབས་བསམ་གཏན་ཡོངས་སུ་སྨིན་པའི་གནས་སྐབས་ན་

སྦྱོར་བ་དང་བྲལ་བས་དེ་རིང་ཉིད་ནང་འཁྲུག་ཤོར་བར་གྱུར་པ་སྟེ། གང་གི་ཕྱིར་ནང་གི་ཁྱིམ་མི་མོ་ཞེ་ན། སེམས་ཡོངས་སུ་དག་པ་ཨ་ཝ་དྷཱུ་ཏཱི་ནི་རླུང་གི་གཟུགས་སོ། །གཏུམ་པོས་ཁྱེར་ཞེས་པ་ནི་རེག་བྱ་རང་བཞིན་གྱིས་འོད་གསལ་གྱིས་ལེན་པའོ། །རྐང་པ་གཉིས་

Vol. 52 · folio 204b

པས་ངོ་བོ་ཉིད་འགྱུར་བ་མེད་པ་གསུངས་ཏེ། བསྲེགས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་དེའི་བདེ་བ་ཆེན་པོའི་མེས་རྣམ་པ་ལྔ་པོ་བསྲེགས་པ་ནི་ཕུང་པོ་ལྔ་ལས་བྱུང་བའི་བདག་དང་བདག་གིར་འཛིན་པའི་ཕྱོགས་རྣམས་བསྲེགས་ཏེ་དབང་པོ་དང་ཡུལ་ལྔའོ། །དེའི་ཕྱིར་རང་གི་

རྟོག་པ་ཡོངས་སུ་སྤངས་པས་རང་གི་སེམས་རིན་པོ་ཆེ་མི་ཤེས་པའོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །རྐང་པ་གསུམ་པས་དེ་ཉིད་རྒྱས་པར་བཤད་དེ། གསེར་དངུལ་ཞེས་བྱ་བ་ལ་སོགས་པ་ནི་སོ་ན་ཞེས་པ་ནི་སྟོང་པ་

ཉིད་འཛིན་པའོ། །རཱུ་པ་ཞེས་པ་ནི་གཟུང་བའི་ངོ་བོ་སྟེ། རྣམ་པར་རྟོག་པ་གཉིས་ཀའི་རང་བཞིན་རྣམ་པར་དཔྱད་པར་གྱུར་ན་ཅུང་ཟད་ཀྱང་མི་གནས་པའོ། །རང་གི་འཁོར་གྱིས་ཞེས་པ་ནི་དེ་ཉིད་ལས་ངེས་པར་རྣམ་པར་རྟོག་པ་སྤངས་པས་བདེ་བ་ཆེན་པོའི་རིན་པོ་ཆེར་བདག་ཉིད་

ཐིམ་པའོ། །དེ་བཞིན་དུ་ལུང་ལས་ཀྱང་། དོན་གཉེར་སྐྱེ་བོ་མེད་ན་བློ་གྲོས་མཆོག་གིས་རིང་དུ་ལེན། །གང་ཞིག་སྐྱེས་བུ་དམ་པ་དེ་རྣམས་རྒྱལ་བའི་ལོངས་སྤྱོད་དང་འགྲོགས་ཏེ། །བློ་གྲོས་མཆོག་དང་ལྡན་པས་ཉིན་དང་མཚན་དུ་བསམ་གཏན་སྒོམ་པར་བྱེད། །བདག་བློ་རྨོངས་པས་

བསྒོམ་པ་བདེ་བའི་གོ་འཕང་ལ་བརྟེན་ཉིན་མི་མཐོང་། །སེམས་ཅན་དོན་ཕྱིར་སྙིང་རྗེའི་རོ་ཡིས་མ་རིག་ཐིབས་པོར་སླར་འདོད་པ། །རྐང་པ་བཞི་པས་ཤིན་ཏུ་བསྒོམས་པ་གསུངས་ཏེ། བྱེ་བ་ཕྲག་བཞི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གང་ལ་མཐའ་བཞིས་རྣམ་པར་དཔྱད་

པའི་མཛོད་བདག་གིའོ། །གཉིས་སུ་མེད་པས་ན་ནང་འཁྲུག་པ་དེ་ཡིས་ཁྱེར་བའོ། །དེའི་ཕྱིར་བདག་ནི་གསོན་པ་དང་ཤི་བ་ནི་བསམ་གཏན་ལ་སོགས་པ་ལ་རྣམ་པར་རྟོག་པ་མེད་པའོ། །དེ་བཞིན་དུ་ཡང་དཔལ་ལྡན་དགྱེས་པ་རྡོ་རྗེ་ཉིད་ལས། དེ་ཡི་བདེ་བ་ཉིད་ཐོབ་ཅེས་བྱ་བ་ལ་

སོགས་པས་སོ། །དགའ་བས་རྩེ་བ་ཞེས་བྱ་བའི་གླུ་དབྱངས་རི་ཁྲོད་ཞབས་ཀྱིའོ། །ནམ་མཁའ་ནམ་མཁར་སོན་པ་ལྟ་ཞིང་སྟ་རེས་གཅོད། །མགུལ་དུ་བདག་མེད་གཞོན་ནུ་མ་ནི་སད་ནས་རྙེད། །སྒྱུ་མ་ལ་རྨོངས་མ་རུང་ཡན་ལག་ཅན་ནི་སྤོངས་ཤིང་སྤོངས། །ས་ཝ་རི་ནི་བདེ་ཆེན་

Vol. 52 · folio 205a

གྱིས་སྒེག་སྟོང་པའི་མི་མོ་ལེན། །བདག་གིས་ལྡུམ་ར་བལྟས་པས་ནམ་མཁའ་དང་མཚུངས་མཉམ་ཞིང་འདྲ། །རས་བལ་མེ་ཏོག་ཤིན་ཏུ་རྒྱས་པས་རབ་ཏུ་དགའ་བར་གྱུར། །ཀཾ་གུ་ཙ་ནི་སྨིན་གྱུར་རྔོན་པ་ཕོ་མོ་བཟི་བར་གྱུར། །ཉིན་མཚན་ཤ་ཝ་རི་པ་ཅིར་

ཡང་བསམ་མེད་བདེ་ཆེན་མྱོས། །ཕྱོགས་བཞི་རྣམས་སུ་སྨྱུག་མའི་རིབ་མས་ལེགས་པར་བསྐོར་ནས་བྱིན། །ས་ཝ་རི་ཡིས་དེ་བྱས་བྱ་དང་ཅེ་སྤྱང་རྣམས་ནི་ངུ་། །ཁྱོད་ཀྱིས་བསད་བྱས་ཕྱོགས་བཅུར་གཏོར་མ་དཀར་པོ་གཏོང་བ་ལྟོས། །ས་ཝ་རི་ནི་མྱ་ངན་འདས་གྱུར་སྲིད་རྩ་

ཐམས་ཅད་ཞིག །དེ་ཁོ་ན་ཉིད་ཀྱི་དོན་དམ་པའི་བདེན་པ་མངོན་སུམ་དུ་མཛད་པས་འགྲོ་བའི་དོན་གྱི་ཕྱིར་གྲུབ་པའི་སློབ་དཔོན་ས་ཝ་རིའི་ཞབས་ཀྱིས་གསུངས་ཏེ། ནམ་མཁའ་ནམ་མཁར་ཞེས་བྱ་བ་ལ་སོགས་པ་ནི་ནམ་མཁའ་ཞེས་ལན་གཉིས་གསུངས་པས་སྟོང་པ་ཉིད་དང་

ཤིན་ཏུ་སྟོང་པ་ཞེས་བྱ་བར་རིག་པར་བྱའོ། །དེ་ལ་སྦྱར་ཞིང་བསྡུས་པའི་རིགས་པས་གསུམ་པ་སྟོང་པ་ཆེན་པོ་དང་སྙིང་པོ་ཞེས་ཏེ། འོད་གསལ་བཞི་པ་སྟོང་པས་སྟ་རིར་བྱས་ནས་དེ་ལ་བསྣུན་པ་ལ་སོགས་པ་སྟོང་པ་གསུམ་པོའི་སྐྱོན་གཅོད་པ་ཉིད་དོ། །མགུལ་དུ་ཞེས་པ་

ནི་ལོངས་སྤྱོད་ཀྱི་འཁོར་ལོར་བདག་མེད་པའི་ཆོས་རྟག་ཏུ་ཁོང་དུ་ཆུད་པས་གང་དུ་ཡང་རྣལ་འབྱོར་པ་རབ་ཏུ་སད་པས་དེ་འཇིག་རྟེན་གསུམ་དུ་གསལ་བར་བྱེད་དོ་ཞེས་སོ། །དྷྲཱུའི་རྐང་པས་གྲོགས་ཡོངས་སུ་སྤོང་བར་བྱེད་དེ། སྤོངས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་སྒྱུ་མ་ཞེས་ཏེ།

མ་རུངས་ཡན་ལག་ཅན་ནི་ལས་ཀྱི་ཡན་ལག་ཅན་ནོ། །ཀྱེའི་རྣལ་འབྱོར་པ་རྣལ་འབྱོར་ཆེན་པོས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་གྱིས་ཤིག་པ་སྟེ། བདག་ལ་མཚོན་ཆ་རྣམ་པ་གཉིས་གསུངས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། །འགྲོ་བ་ཞེས་བྱ་བ་ལ་

སོགས་པས་སོ། །དེའི་ཕྱིར་ས་ཝ་རི་ནི་བདེ་བ་ཆེན་པོའི་ངོ་བོ་སྟོང་པ་ཉིད་བདག་མེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་འཛིན་པའི་ཕྱིར་སྒེག་ཅིང་རོལ་པའོ། །རྐང་པ་གཉིས་པས་བྱ་བ་བྱེད་པ་གསུངས་ཏེ། བདག་གི་ལྡུམ་ར་དབེན་པ་སྟེ་བདག་གི་གསུམ་པ་ཨ་ཝ་དྷཱུ་ཏཱི་པའོ། །ནམ་མཁའ་

Vol. 52 · folio 205b

དང་མཚུངས་པ་ནི་བླ་མའི་ཞབས་ཀྱི་དྲིན་གྱིས་འོད་མཚུངས་པར་གྱུར་པའོ། །ཀ་པཱ་ས་ཞེས་བྱ་བ་ནི་ཀ་ཡིག་གི་རྩ་བར་འཇུག་པ་ནི་ཁ་ཡིག་སྟེ་སྟོང་པ་བཞི་པ་བདག་ཉིད་འདིར་གསལ་བར་གྱུར་པའོ། །སླར་ཡང་གཞན་གྱི་ངོ་བོ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཡང་། དུད་འགྲོ་མགོན་ཤར་དྲི་མེད་པའི། །

ཟླ་བ་ཇི་བཞིན་ལྷན་སྐྱེས་སྤྲོ། །རྐང་པ་གསུམ་པས་དེ་ཉིད་ཀྱི་ཁྱད་པར་གསུངས་ཏེ། ལྡུམ་རའི་རྩ་བ་ཞེས་བྱ་བ་ལ་སོགས་པ་ནི་སྟོང་པ་གསུམ་པ་ལ་གཉེན་པོ་སྟེ། ཟླ་བ་ཤར་བ་ཞེས་ཡེ་ཤེས་ཀྱི་ཟླ་བའི་དཀྱིལ་འཁོར་དེ་ཤར་བར་གྱུར་པའོ། །དེའི་ཚེ་ཉོན་མོངས་པའི་མུན་པས་སེལ་ཏེ་བྲོས་པའོ། །

ནམ་མཁའ་ཞེས་པ་ནི་ཀཾ་བདེ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེས་གང་གི་ཡན་ལག་ཏུ་གྱུར་པའོ། །ཀཾ་གུ་ཙ་ན་ཞེས་པ་ནི་བཞི་པ་སྐྱེ་བ་མེད་པ་རང་བཞིན་གྱིས་འོད་གསལ་བའི་གཟུགས་བླ་མའི་དྲིན་གྱིས་མཆོག་གི་རྣལ་འབྱོར་པས་གཉིས་པོ་གཅིག་ཏུ་གྱུར་པར་ཡོངས་སུ་རྟོག་གོ། །དེའི་ཕྱིར་རྔོན་པ་ནི་

ཐུགས་རྡོ་རྗེའོ། །རྔོན་པ་མོ་ཞེས་པ་ནི་ཡེ་ཤེས་ཀྱི་ཆང་གིས་མྱོས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་འཛིན་པའི་ཕྱིར་ཐོགས་པ་མེད་པའི་ནཱ་དའི་དགའ་བས་རབ་ཏུ་མྱོས་པས་རྟག་ཏུ་ཅུང་ཟད་ཀྱང་བསམ་དུ་མེད་པའོ། །དེའི་ཕྱིར་བདེ་བ་ཆེན་པོས་ས་ཝ་རི་ནི་སེམས་མེད་པར་གྱུར་ནས་ཉལ་བའོ། །རྐང་པ་ལྔ་པས་

རབ་ཏུ་འཇུག་པའི་ཐབས་གསུངས་ཏེ། བཞི་ཞེས་བྱ་བ་ལ་སོགས་པ་ནི་དེ་མཚམས་བཞིར་དགའ་བ་བཞི་ལས་ཀྱི་ཕྱག་རྒྱ་ལས་རིག་པར་བྱའོ། །བསྐོར་ནས་ཞེས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གིས་བརྟན་པར་བྱའོ། །དེ་བཞིན་དུ་ལུང་ལས་ཀྱང་། དེ་ལ་དགའ་བ་སྐྱེ་བར་འགྱུར། །ཞེས་པ་ལ་སོགས་པས་

སོ། །དེའི་སྟེང་དུ་གཏུམ་མོ་ཞེས་པས་ཡུལ་དང་དབང་པོའི་ཕྱིར་རོ། །ས་ཝ་རི་ཞེས་པ་ནི་དེ་བྱེད་པའི་ཕྱིར་ཕ་རོལ་གང་ལ་སྟོབས་ཀྱིས་བྱེད་པས་རྔུབ་ཅེས་ཏེ། འདིར་ས་ཝ་རིའི་ཞབས་གྲུབ་པའི་སློབ་དཔོན་འཆི་བ་མེད་པ་ཉིད་མཐོང་ནས་ཅེ་སྤྱང་ལ་སོགས་པའི་བྱའི་ཚོགས་མཐའ་དག་ངུ་བར་གྱུར་པའོ། །

འདིས་ས་ཝ་རིའི་ཞབས་བདག་གིས་བརྩིར་བ་ཞེས་པའོ། །རྐང་པ་དྲུག་པས་རིགས་རྫོགས་པར་གསུངས་ཏེ། བསད་བྱས་ཞེས་པ་ནི་ཡུལ་ལ་སྤྲོ་བ་སྟེ། སེམས་ཀྱི་རྒྱལ་པོ་བླ་མ་དམ་པའི་གསུང་གི་རལ་གྲིས་མི་སྣང་བར་བྱས་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བདག་གི་དེ་ཁོ་ན་ཉིད་

Vol. 52 · folio 206a

ཀྱིས་མཆོད་པར་བྱའོ། །དེ་བཞིན་དུ་ལུང་ལས་ཀྱང་། གཏོར་མའི་མཆོད་པའི་ཡོ་བྱད་ནི། །གཏོར་མ་ཆེན་པོ་དགའ་བ་ཡིན། །ཞེས་སོ། །དེའི་ཕྱིར་ས་ཝ་རི་ནི་སེམས་ཀྱི་རྡོ་རྗེའོ། །བདག་དང་བདག་གིར་འཛིན་པ་ཡོངས་སུ་བཏང་ནས་ངེས་པར་རིག་པར་གྱུར་པའོ། །དེ་ལྟ་བུར་

གྱུར་པ་ནི་ཐོག་མ་དང་ཐ་མ་མེད་པའི་བག་ཆགས་ཀྱི་དོན་བདག་གིས་བསལ་ཞིང་བྲོས་པར་གྱུར་པའོ་ཞེས་སོ། །དེ་བཞིན་དུ་ས་ར་ཧའི་ཞབས་ཀྱིས་ཀྱང་། རྟོག་པ་རྣམས་ཉམས་ཉམས་ལས་སངས་རྒྱས་སུ། །བློ་ངན་རྣམས་ཀྱིས་རྗེས་སུ་སྟོན་པར་བྱེད། །བདག་ལས་དེ་ཉིད་བློ་ལྡན་

རྣམས་ཀྱིས་ནི། །ཅིས་ཀྱང་མཁས་ལས་ལྷག་ཏུ་སྟེར་བར་བྱེད། །དཔལ་ལྡན་ཧེ་རུ་ཀའི་རྒྱུད་ཀྱི་རྒྱལ་པོའི་ཆུ་གཏེར་ཟབ་མོ་འདུས་པ་ལ་སོགས་ལས། །དཔལ་ལྡན་བླ་མ་དམ་པའི་མགོན་གྱི་གསུང་བསྲུབས་པ་ལས་གྲུབ་པ་གང་ཞིག་འཁྲུངས་པ་ནི། །དཔལ་ལྡན་དེ་ཉིད་བདུད་རྩིའི་རོ་རུ་

གྱུར་པ་རང་ལ་སྟོན་པར་བྱེད་པའི་མཐར་གནས་པ། དཔལ་ལྡན་དེ་ཉིད་དཔུང་གཉེན་ཀྱང་ནི་རྟག་ཏུ་ཡང་དག་བསྡུས་པ་རྣམ་པར་སྤྱད་པ་རྣམས། །བསྡུས་པ་དེ་ལ་རྣམ་པར་དཔྱོད་བྱེད་པ། །ཉེ་བར་བསྡུས་པ་སྤྱོད་པའི་གླུ་བརྒྱ་ལ། །སེམས་ཅན་རྣམས་ཀྱིས་བྱང་ཆུབ་རྟོགས་བྱའི་ཕྱིར། །བློ་གྲོས་དད་ལྡན་རྣམས་ཀྱིས་

དང་མཛོད་མཛད། །དེ་ཕྱེད་ཐུབ་པས་བྱིན་གྱིས་རྣམ་དཔྱད་ནས། །སློབ་མས་ཡང་དག་རྟོགས་པར་བྱ་ཕྱིར་དང་། །ཀུན་གྱིས་ཀྱང་ནི་ཤེས་པར་བྱ་བའི་ཕྱིར། །མཛོད་ཀྱི་དོན་ནི་རབ་ཏུ་གསལ་བར་བྱས། །སྐྱེས་བུ་དམ་པ་བཤེས་རྣམས་ལ། །ཐུབ་པས་བྱིན་གྱིས་འགྲེལ་མཛད་པའི། །བདག་གི་བསོད་ནམས་གང་དེ་ཡིས། །སྐྱེས་

བུ་དམ་པ་རྒྱལ་གྱུར་ཅིག །སྤྱོད་པའི་གླུའི་མཛོད་གྲུབ་པ་རྣམས་ཀྱི་རྡོ་རྗེའི་གླུ་དེ་ཁོ་ན་ཉིད་གསལ་བར་ཤེས་པའི་སྐྱེ་བོ་རྣམས་ལ་སློབ་དཔོན་ཐུབ་པས་བྱིན་གྱིས་འགྲེལ་པ་མཛད་པ་ལས་གྲུབ་པ་རྣམས་ཀྱི་རྡོ་རྗེའི་གླུ་འགྲེལ་པ་དང་བཅས་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་

ནས་གདམས་པ་དང་བཅས་པ་ལེགས་པར་ཞུས་ཤིང་། ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པ་ཁུ་དབོན་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་བོད་ཀྱི་ལོ་ཙཱ་བ་བནྡེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་རོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words