དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན
Sanskrit title (Tibetan script, as in the text) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 56 · folio 79a
སུ་པདྨའི་དབུས་སུ་ནོར་བུ་བྲི་བར་བྱའོ། །དེ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །ལྟག་འོག་གོ་རིམས་དེ་བཞིན་བྱ། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེའི་འཇིག་རྟེན་དབང་ཕྱུག་གི་གནས་སུ་ནི་པདྨོའི་སྟེང་དུ་ཕྱག་གཉིས་ནོར་བུ་སྦྱིན་པར་བྲི་བར་བྱའོ། །རྡོ་རྗེ་རྣོན་པོའི་གནས་སུ་ནི་རལ་གྲིའི་སྟེང་དུ་
ནོར་བུ་འདུག་པར་བྲིའོ། །རྡོ་རྗེ་རྒྱུའི་གནས་སུ་ནི་འཁོར་ལོའི་དབུས་སུ་ནོར་བུ་བྲིའོ། །རྡོ་རྗེ་སྨྲ་བའི་གནས་སུ་ནི་ལྕེའི་དབུས་སུ་ནོར་བུ་བྲི་བར་བྱའོ། །དཀྱིལ་འཁོར་བཞི་པ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་བཞི་པ་སྟོན་པ་ཡིན་ཏེ། དེའི་དབུས་སུ་རིན་པོ་ཆེའི་ཆར་འབེབས་པ་དང་ལྡན་པར་བྲི་བར་བྱའོ། །
ལས་ཀྱི་ཕྱག་རྒྱ་ཇི་བཞིན་པས། །ཡོངས་སུ་བསྐོར་བར་བྲི་བར་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་བཞི་ཆར་གྱིས་ཡོངས་སུ་བསྐོར་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། ནོར་བུའི་མཚན་པར་ལྡན་པ་རྣམས། །ཞེས་བྱ་བའོ། །ལྟག་འོག་གོ་རིམས་ཇི་བཞིན་བྱ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་རྡོ་རྗེ་ལས་
ཀྱི་གནས་སུ་ནི་ཕྱག་རྒྱའི་རྩེ་མོས་རྡོ་རྗེ་གར་བྱེད་པའི་སྟེང་དུ་ནོར་བུ་བྲི་བར་བྱའོ། །གཉིས་པར་ནི་གོ་ཆའི་སྟེང་དུའོ། །གསུམ་པར་ནི་མཆེ་བའི་སྟེང་དུའོ། །བཞི་པར་ནི་ནོར་བུའི་ཁུ་ཚུར་གྱི་སྟེང་དུའོ། །སྒེག་མོ་ལ་སོགས་པའི་གནས་རང་རང་གི་ཕྱག་རྒྱ་ལ་ནོར་བུས་མཚན་པ་བྲི་བར་བྱའོ། །དེ་རྣམས་
ཀྱི་རིག་པ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ནོར་བུ་གསང་བའི་དཀྱིལ་འཁོར་འདིར། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་རོ། །ལས་རྣམས་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི་སློབ་དཔོན་གྱི་ལས་ཏེ།
གང་སློབ་དཔོན་གྱིས་དཀྱིལ་འཁོར་བྲིས་ནས་ལས་བྱ་བ་གང་དག་ཡིན་པ་དེ་ཐམས་ཅད་འདིས་སྟོན་ཏོ། །དེ་ཡང་དང་པོར་བདག་ཉིད་ཞུགས་ནས་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ལ་ཕྲེང་བ་ཕུལ་ཏེ། དེ་ཉིད་ཀྱིས་བདག་ལ་དབང་བསྐུར་བར་བསམ་པ་ལ་སོགས་པ་དང་བཤོས་འབུལ་བའི་བར་དུ་བྱ་བའོ། །དེ་ནས་
སློབ་མ་བཅུག་ལ་མནའི་སྙིང་པོ་བྱིན་ཏེ་དེ་ནས་འདི་སྐད་དུ་བསྒོ་བར་བྱའོ། །ཁྱོད་ཀྱིས་ཚུལ་འདི་སུ་ལ་ཡང་མ་སྨྲ་ཞིག་ཅེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱ་སྟེ། དམ་ཚིག་མི་ཤེས་པ་ལ་སྨྲས་པའི་ཉེས་དམིགས་ནི་གང་གི་ཚེ་འདིར་དབུལ་བ་དང་། དུས་མ་ཡིན་པར་འཆི་བ་དང་། ཚེ་གཞན་དུ་ཡང་
Vol. 56 · folio 79b
དམྱལ་བར་ལྟུང་བའོ། །དེ་ལྟར་དམ་ཚིག་ལ་བཞག་ནས་ཇི་ཞིག་བྱ་ཞེ་ན། རང་གི་ནོར་བུའི་དམ་ཚིག་གི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་རང་གི་ལྷ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དེ་དང་པོར་བཅིངས་
ལ་དེའི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །མཁའ་ལ་རྡོ་རྗེ་རིན་ཆེན་བྱ། །ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་ལྟ་བུ་ནོར་བུ་ཡིད་ཀྱིས་ནམ་མཁའ་ལ་བསམས་ལ་ཇི་སྲིད་ནོར་བུ་དེ་མིག་ལམ་དུ་གསལ་བར་སྣང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་ཞིང་གོམས་པར་བྱ་བའོ། །རང་གི་གནས་སུ་དེ་བཞག་ན། །ཞེས་བྱ་བ་ལ་རང་གི་གནས་ནི་
དབང་བསྐུར་བའི་གནས་སོ། །གཞག་པ་ནི་བསྒོམས་པ་ལས་བྱུང་བའི་ནོར་བུ་དེ་གནས་དེར་གཞག་པའོ། །རང་གིས་བྱས་པའི་རྒྱལ་པོར་འགྱུར། །ཞེས་བྱ་བ་ནི་གང་གི་དྲིན་གྱིས་ཐོབ་པ་ཡང་མ་ཡིན་གྱི། རང་ཉིད་ཀྱིས་བསྒོམས་པའི་མཐུས་ཐམས་ཅད་ཟིལ་གྱིས་མནན་ཅིང་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
སྦྱོར་བ་གཉིས་པ་ལ་ཡང་དེ་བཞིན་ཏེ། རྡོ་རྗེ་རིན་ཆེན་བཅིངས་ནས་ནི། །ཞེས་བྱ་བ་ནི་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིང་བའོ། །དེ་ནས། བསྒོམ་པ་ཡོངས་སུ་རྫོགས་པ་དང་། །བདག་གི་གནས་སུ་བཞག་ན་ནི། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེས་ཅིར་འགྱུར་ཞེ་ན། དབང་བསྐུར་བ་ནི་འཐོབ་པར་
འགྱུར། །ཞེས་བྱ་བ་གསུངས་ཏེ་འདོད་པ་བཞིན་དུ་རྒྱལ་པོར་དབང་བསྐུར་བ་ལ་སོགས་པ་འཐོབ་པར་འགྱུར་བའོ། །གསུམ་པ་ཆོས་ཀྱི་རིགས་ལ་ཡང་། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོས་ཀྱི་རིན་ཆེན་ནི་ལྷའི་ཆོས་ཀྱི་ཕྱག་རྒྱའོ། །ཆོས་ཀྱི་བདག་པོ་བླ་མེད་འགྱུར། །ཞེས་བྱ་བ་ནི་
ཆོས་ཀྱི་རྒྱལ་པོ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་པར་ཤེས་པར་བྱའོ། །ཡང་ན་ས་དགུ་པ་ལ་ཆོས་སྨྲ་བ་ཆེན་པོ་ཉིད་འཐོབ་པར་འགྱུར་བའོ། །བཞི་པར་ཡང་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་རིན་ཆེན་ནི་ལས་ཀྱི་ཕྱག་རྒྱ་གང་ཡང་རུང་བ་ཡིན་པར་ཤེས་པར་བྱའོ། །ལས་
ཀྱི་བདག་པོ་ནི་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པ་སྟེ། ལས་ཐམས་ཅད་པ་ཡིན་པར་ཤེས་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་སྙིང་གར་རྡོ་རྗེ་རིན་ཆེན་ཡིད་ཀྱིས་བསམས་ལ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་
Vol. 56 · folio 80a
ཅི་ཞིག་འཐོབ་ཅེ་ན། དབང་བསྐུར་བ་མཆོག་ཏུ་རྨད་དུ་བྱུང་བ་འཐོབ་ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། འགྲོ་བ་རྣམས་ཀྱིས་ཤིན་ཏུ་རྙེད་པར་དཀའ་བའི་དབང་བསྐུར་བ་ཡང་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རབ་མཉམ་གཞག་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་དཔྲལ་
བར་བསྒོམ་པའོ། །ཇི་ལྟ་ཞེ་ན་རབ་མཉམ་གཞག་པས་ཞེས་བྱ་བ་གསུངས་ཏེ། འདིས་ཀྱང་སྒོམ་པ་བརྟན་པར་བྱ་བ་སྟོན་ཏོ། །རིན་ཆེན་རྡོ་རྗེ་བཅིངས་གྱུར་ན། །ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་མའི་ཕྱག་རྒྱ་བཅིངས་ལ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། ཐམས་ཅད་ཀྱི་ནི་རྒྱལ་པོར་འགྱུར། །
ཞེས་བྱ་བ་གསུངས་ཏེ། ས་ཐམས་ཅད་ཀྱི་བདག་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་རིགས་ལ་ལྕེ་ལ་རྡོ་རྗེ་རིན་པོ་ཆེ་བསམ་པར་བྱའོ། །ཇི་ལྟ་ཞེ་ན། ཏིང་ངེ་འཛིན་གྱིས་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་ཅེས་བྱ་བ་འདིས་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཡིན་པར་སྟོན་ཏོ། །
དེ་ལྟར་བསྒོམས་པས་ཅི་ཞིག་འཐོབ་ཅེ་ན། དབང་བསྐུར་བ་ཡང་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ཇི་ལྟ་བུ་ཞེ་ན། ཆོས་ཀྱི་རྒྱལ་པོ་ཉིད་དུ་ནི། །ཞེས་བྱ་བ་གསུངས་སོ། །རབ་མཉམ་གཞག་པས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་རང་གི་ལུས་ཀྱི་གཙུག་ཏོར་དུ་སྒོམ་པ་གོམས་པར་བྱ་
བའོ། །ཇི་ལྟར་ཞེ་ན་རབ་མཉམ་གཞག་པས་ཞེས་བྱ་བ་གསུངས་ཏེ། རྩེ་གཅིག་པའི་ཡིད་ཀྱིས་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ཕྱག་རྒྱ་བཅིངས་ན་ནི། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཡང་བཅིང་བར་བྱ་བའོ། །དེས་ཅིར་འགྱུར་ཞེ་ན། ལས་ལེགས་བྱེད་པའི་རྒྱལ་པོར་འགྱུར། །ཞེས་བྱ་བ་སྟེ། ལས་གྲུབ་
པ་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་པོར་ཞེས་བྱ་བ་ལ་སོགས་པ་ལ། རས་ལ་སོགས་ལ་བྲིས་ན་ནི། །ཞེས་བྱ་བ་ནི་རས་ལ་སོགས་པ་ལ་རྡོ་རྗེ་རིན་པོ་ཆེ་བྲི་བར་བྱའོ། །སོགས་པ་སྨོས་པས་ནི་རྩིག་པ་དང་ཤིང་ལེབ་ལ་སོགས་པ་བསྡུའོ། །དེ་ནས་ཅི་ཞིག་བྱ་ཞེ་
ན། ཕྱག་རྒྱ་ཆེན་པོར་བདག་ཉིད་ཀྱིས་བསྒོམས་ན་ཞེས་བྱ་བ་གསུངས་པ་ཡིན་ཏེ། རང་གི་ལྷའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅིར་འགྱུར་ཞེ་ན། རྒྱལ་པོ་ཆེན་པོར་དེ་འགྱུར་རོ། །ཞེས་བྱ་བ་གསུངས་སོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རས་ཞེས་བྱ་བ་
Vol. 56 · folio 80b
ནི་རས་ལ་སོགས་པ་ལ་རྡོ་རྗེ་རིན་ཆེན་བྲི་བའི་དོན་ཏོ། །ཇི་ལྟ་བུ་ཞེས་བྱ་བ་ནི་བླ་ན་མེད་ཅེས་བྱ་བ་སྟེ། ཤིན་ཏུ་མཆོག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅི་ཞིག་བྱ་ཞེ་ན། སེམས་དཔའ་རྡོ་རྗེ་བསྒོམས་ན་ནི། །ཞེས་བྱ་བ་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེས་མཚན་པའི་རྡོ་རྗེའི་ཕྱག་
རྒྱ་རིན་ཆེན་མའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། དམ་ཚིག་རྣམས་ཀྱི་བདག་པོར་འགྱུར། །ཞེས་བྱ་བ་གསུངས་སོ། །རིན་ཆེན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོས་ཀྱི་རིགས་ཀྱི་བསམ་གཏན་གྱི་ཕྱག་རྒྱ་གང་ཡང་རུང་བ་ཡིན་པར་ཤེས་པར་བྱའོ། །རས་ལ་སོགས་
ལ་ཞེས་བྱ་བ་ལ་སོགས་པ་འདི་དག་ཀྱང་གོ་སླའོ། །གསེར་རམ་ཞེས་བྱ་བ་ལ་སོགས་པ་ལ་སྔར་ནི་རིན་པོ་ཆེ་སྤྱིར་སྨོས་མོད་ཀྱི། ད་ནི་རྫས་ཀྱི་ཁྱད་པར་འབའ་ཞིག་སྨོས་པར་ཟད་དོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ནོར་བུའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་གསང་བའི་ཡེ་ཤེས་
བསླབ་པོ་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་སྦ་བར་བྱ་བ་གང་ཡིན་པ་དེ་ནི་གསང་བའོ། །དེའི་ཡེ་ཤེས་ཡིན་པས་ན་ནོར་བུའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་གསང་བའི་ཡེ་ཤེས་ཏེ། དེ་ལ་བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་བྱ་བ་ནི་རྡོ་རྗེས་
མཚན་པའི་ནོར་བུ་ཡིན་པས་ན་རྡོ་རྗེ་ནོར་བུ་ཡིན་ལ། འདི་ཉིད་ནི་དོན་གྱི་མཆོག་རབ་ཏུ་སྒྲུབ་པར་བྱེད་པས་ན་རྡོ་རྗེ་ནོར་བུ་ཆེན་པོའོ། །དེ་བཅིང་བ་ནི་ཤིང་ལ་སོགས་པའམ། གསེར་ལ་སོགས་པ་ལས་བྱས་པའོ། །ནོར་བུ་བླ་མེད་བུད་མེད་བུ་གར་བཅུག་ཅེས་བྱ་བ་ལ་བུད་མེད་ནི་འདིར་དམ་ཚིག་གི་ཕྱག་རྒྱ་སྟེ། དེའི་བུ་ག་
ནི་དེའི་ནང་སྦུབས་ཏེ་ནང་གི་ཁོང་སྟོང་ངོ་། །དེར་སྔོན་དུ་བསྙེན་པའི་ཚེའམ། སྒྲུབ་པའི་ཚེ་ནོར་བུ་དེ་གཞུག་པར་བྱ་ཞིང་ཕྱག་རྒྱ་དེ་དང་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། དེ་ལྟར་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དམ་ཚིག་མཆོག་གི་ནོར་
བུ་ནི། །ཞེས་བྱ་བ་ནི་ཤིང་ལ་སོགས་པའི་དམ་ཚིག་མཆོག་གི་ཕྱག་རྒྱ་གཞུག་པའོ། །བུད་མེད་བུ་ག་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །དམ་ཚིག་མཆོག་བཅིངས་ཞེས་བྱ་བ་ནི་ནོར་བུ་ཕྲ་མོ་འདི་གང་དུ་གཞུག་པའོ། །དེ་ལྟར་བཅུག་པ་དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་འགྱུར་ཞེས་བྱ་བ་གསུངས་སོ། །ཡུལ་གང་དུ་ཞེ་ན་
Vol. 56 · folio 81a
ཐམས་ཅད་ཀྱི་དབང་བསྐུར་བ་ཞེས་བྱ་བ་གསུངས་ཏེ་དབང་བསྐུར་བ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནོར་བུ་ཆེ་བཅིངས་ལ། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །ཆོས་ཀྱི་ཕྱག་རྒྱ་བསྒོམ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་ཆར་གྱི་སྦྱོར་བ་དང་ལྡན་དུ་ཟིན་ཀྱང་ཆོས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་
པར་སྟོན་ཏོ། །འདས་མ་ཐག་པ་ལ་ནི་དམ་ཚིག་གི་ཕྱག་རྒྱའོ། །དང་པོའི་སྦྱོར་བ་ལ་ནི་ཕྱག་རྒྱ་ཆེན་པོ་གཙོ་བོ་ཡིན་པར་བཤད་དོ། །ནོར་བུ་དེ་ནི་བུད་མེད་བུ་གར་བཅུག །ཅེས་བྱ་བ་ནི་སྔ་མ་དང་འདྲ་སྟེ། །དམ་ཚིག་གི་ཕྱག་རྒྱ་ཉིད་ཀྱི་ནང་དུ་གཞུག་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བཅུག་ནས་ཅིར་འགྱུར་ཞེ་ན། བླ་ན་
མེད་པའི་དངོས་གྲུབ་འགྱུར། །ཞེས་བྱ་བ་གསུངས་སོ། །ལས་ཀྱི་ཕྱག་རྒྱའི་ནོར་བུ་བཅིངས། །ཞེས་བྱ་བ་ནི་ལས་ཀྱི་རིགས་ལ་ལས་ཀྱི་རྡོ་རྗེས་མཚན་པའི་ནོར་བུ་ནི་ལས་ཀྱི་ནོར་བུའོ། །བཅིངས་ཞེས་བྱ་བ་ནི་གཞུག་པའོ། །གང་དུ་ཞེ་ན་བུད་མེད་བུ་གར་རོ། ལས་ཀྱི་ཕྱག་རྒྱ་བཅིངས་པར་གྱུར། །ཞེས་བྱ་བ་ནི་འདིར་ཡང་
ལས་ཀྱི་རིགས་སུ་གཏོགས་པ་ལ་ལས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་སྟོན་ཏོ། །ནོར་བུ་གཞུག་པ་ནི་དམ་ཚིག་གི་ཕྱག་རྒྱ་ཉིད་དུ་སྟེ། དེ་ལྟ་བུ་མེད་ན་ལས་ཀྱི་ཕྱག་རྒྱར་བཅུག་ཀྱང་འགལ་བ་མེད་དོ། །དེ་ལྟར་བཅུག་པའི་ལས་ཀྱི་ཕྱག་རྒྱས་ཅིར་འགྱུར་ཞེ་ན། ལས་ཀུན་གྱི། དངོས་གྲུབ་བླ་ན་མེད་པར་འགྱུར། །ཞེས་བྱ་བ་སྟེ་
ལས་ཀུན་ནི་འདིར་མཆོད་པའི་ལས་ཡིན་པར་ཤེས་པར་བྱའོ། །འདིའི་དོན་ཀྱང་རྡོ་རྗེ་དབྱིངས་ཀྱི་གསུང་པའི་དཀྱིལ་འཁོར་དུ་གསང་བའི་དངོས་གྲུབ་ཀྱི་མཚན་མའི་རྡོ་རྗེ་ཁུ་ཚུར་གྱི་ཁོང་ལ་སྦྱིན་པར་བྱའོ་ཞེས་བསྟན་ཟིན་ཏོ། །དེ་ནས་དཀྱིལ་འཁོར་ཆེན་པོ་འདིར། །ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་ཆེན་པོ་བཅིང་བ་
བཤད་དེ་ཞེས་བྱ་བ་ནི་རྩ་བའི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་ཉིད་འདིར་ཕྱག་རྒྱ་ཆེན་པོ་ཡིན་པར་བསྟན་ཏོ། །དེ་ལ་རིན་ཆེན་རྡོ་རྗེ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་རྡོ་རྗེ་མྱུ་གུ་བཅིང་བ་ན་རྣམ་པར་སྣང་མཛད་ཀྱི་གནས་སུ་དཀྱིལ་འཁོར་ཆེན་པོར་བསྟན་པའི་ཕྱག་རྒྱ་དང་པོ་རིན་ཆེན་རྡོ་རྗེའི་མྱུ་གུ་གང་ཡིན་པ་
དེ་ཉིད་འདིར་རིན་ཆེན་རྡོ་རྗེའི་མྱུ་གུ་ཞེས་གསུངས་ཏེ། དེའི་གུང་མོ་དང་། སྲིན་ལག་དང་། མཐེའུ་ཆུང་རྣམས་བརྐྱང་སྟེ་སྦྱར་ལ་སྤྱི་བོར་གཞག་པར་བྱའོ། །དེས་ཅི་ཞིག་ཏུ་འགྱུར་ཞེ་ན། གྲུབ་མཆོག་སྦྱིན་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་བཅིངས་པའོ། །མཛུབ་མོ་
Vol. 56 · folio 81b
གཉིས་མདུད་ཅེས་བྱ་བ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་ལ་གཅིག་ལ་གཅིག་སྦྲེལ་བར་བྱ་བ་དང་། མཐེ་བོ་གཉིས་དང་། སྲིན་ལག་རྡོ་རྗེ་ཞེས་བྱ་བ་ནི་མཐེ་བོ་གཉིས་དང་སྲིན་ལག་གཉིས་སོ་སོར་སྦྱར་ལ་བསྒྱུར་ནས་ནི་མཛོད་སྤུར་གཞག་པ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བསྒྱུར་ཞེ་ན། ཕྱག་རྒྱ་བཀན་ལ་
སྲིན་ལག་སྦྱར་བའི་རྩེ་མོ་མཛོད་སྤུའི་གནས་སུ་གཏུགས་ན་དེ་ལྟ་བུས་ནི་བསྒྱུར་ནས་མཛོད་སྤུར་གཞག་པར་འགྱུར་རོ། །འདིའི་འབྲས་བུ་གང་ཞིག་ཡིན་ཞེ་ན། དབང་བསྐུར་འཐོབ་ཅེས་བྱ་བ་གསུངས་ཏེ་འདིས་ནི་མི་བསྐྱོད་པའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་རིན་
ཆེན་གྱི་སྦྱོར་བས་སོ། །དེ་ཉིད་ཡོངས་སུ་བསྒྱུར་ནས་ནི། །ཞེས་བྱ་བ་ནི་མཛོད་སྤུ་འཇོག་པའི་ཕྱག་རྒྱ་སྔ་མའི་གཟུགས་བཀྲོལ་ལ་རྡོ་རྗེ་རིན་ཆེན་ལྟ་བུར་བཅིངས་ན་ཡོངས་སུ་བསྒྱུར་བར་འགྱུར་རོ། །དེ་ནས་ཅི་ཞིག་བྱ་ཞེ་ན། མཛུབ་མོ་གཉིས་རྩེ་གདོང་སྤྲད་པ། །ཞེས་བྱ་བ་སྟེ་མཛུབ་མོ་གཉིས་ཀྱི་རྩེ་མོ་གཉིས་སྤྲད་ལ་
དབང་བསྐུར་བའི་གནས་སུ་གཏུགས་པར་བྱའོ། །འདིའི་འབྲས་བུ་གང་ཡིན་ཞེ་ན། དེ་ནི་དབང་བསྐུར་འཐོབ་བྱེད་པའོ། །ཞེས་བྱ་བ་སྟེ་འདི་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱའོ། །མཐེབ་གཉིས་མཛུབ་མོ་
གཉིས་ཀྱི་ནི། །ཆོས་ཀྱི་རྡོ་རྗེའི་ཚུལ་དུ་ཡང་། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། མཛུབ་མོ་གཉིས་མཐེ་བོ་གཉིས་དང་ལྷན་ཅིག་ཏུ་བསྒྲེང་ལ་པདྨའི་འདབ་མའི་ཚུལ་དུ་ནོར་བུ་ཟླུམ་པོར་བྱའོ། །དེ་ལྟར་ན་ཆོས་ཀྱི་རྡོ་རྗེ་མའི་ཚུལ་དུ་བཅིངས་པ་ཡིན་ནོ། །དཔྲལ་བར་བཞག་པ་ནི་ཞེས་བྱ་བ་ནི་དཔྲལ་བའི་གནས་སུ་སྦྱར་བའོ། །
དེས་ཅིར་འགྱུར་ཞེ་ན། ཆོས་ཆེན་གྱི་ནི་དབང་བསྐུར་འགྱུར། །ཞེས་བྱ་བ་སྟེ། ཆོས་སྨྲ་བ་ཆེན་པོར་དབང་བསྐུར་བ་སྦྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ནི་འོད་དཔག་ཏུ་མེད་པའི་གནས་ཀྱི་ཕྱག་རྒྱའོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ལས་ཀྱི་རྡོ་རྗེ་བཅིངས་ནས་ཀྱང་། །ཞེས་བྱ་བ་ནི་ལས་ཀྱི་རྡོ་རྗེ་མའི་
ཕྱག་རྒྱ་བཅིང་བའོ། །ལས་ཀྱི་རྡོ་རྗེ་མ་ནི་འདིར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་གང་ཡིན་པ་དེ་གཟུང་ངོ་། །དེ་བསྒྱུར་ནས་དཔྲལ་བ་ཉིད་དུ་ཡང་ཞེས་བྱ་བ་ནི་བཀན་ལ་མཐེ་བོ་གཉིས་ཀྱི་རྩེ་མོ་སྦྱར་ནས་དབང་བསྐུར་བའི་གནས་སུ་བཞག་ལ་སྲིན་ལག་གཉིས་སྦྱར་ནས་ཁ་གྱེན་དུ་བསྟན་པར་བྱ་སྟེ། དེ་ལྟ་བུ་ནི་བསྒྱུར་བ་ཡིན་
Vol. 56 · folio 82a
ནོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ནང་དུ་བཅུག་ལ། མཐེའུ་ཆུང་གཉིས་དང་མཐེ་བོ་གཉིས་སོ་སོར་གཤིབས་པ་ནི་རྡོ་རྗེ་ལས་མའི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་འདིའི་མིང་ཇི་སྐད་ཅེས་བྱ་ཞེ་ན། དབང་བསྐུར་ཀུན་གྱི་ཕྲེང་བ་སྟེ། །ཞེས་གསུངས་པ་ཡིན་ནོ། །དེ་
ལ་དཔྲལ་བར་བཞག་པའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། དབང་ནི་བསྐུར་བར་འགྱུར་ཞེས་བྱ་བ་སྟེ། ཕྱག་རྒྱ་འདི་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཡིན་པར་ཤེས་པར་བྱའོ། །ཕྱག་རྒྱ་ལྔ་པོ་འདི་དག་ནི་དཀྱིལ་འཁོར་བྱིན་གྱིས་རློབ་པར་བྱེད་པ་ཡིན་ཏེ། དང་པོའི་རིག་པ་ལྔའི་ཕྱག་རྒྱ་ཡིན་པར་ཤེས་
པར་བྱའོ། །ད་ནི་རིན་ཆེན་འབྱུང་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་གནས་ནས་བརྩམས་ཏེ་དགོད་པའི་ཕྱག་རྒྱ་རྣམས་སྟོན་ཏོ། རིན་ཆེན་འབྱུང་བའི་ཕྱག་རྒྱ་ནི། །རྡོ་རྗེ་དབྱིངས་སྐྱེས་དམ་ཚིག་ཀྱང་། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། །བཅོམ་ལྡན་འདས་རིན་ཆེན་འབྱུང་བའི་ཕྱག་རྒྱ་ནི་རྡོ་རྗེ་
དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དམ་ཚིག་གི་ཕྱག་རྒྱར་གསུངས་པ་གང་ཡིན་པ་སྟེ་དེ་བཅིང་བའོ། །ཇི་ལྟར་ཞེ་ན། རིན་ཆེན་གནས་ཞེས་བྱ་བ་སྟེ། རྡོ་རྗེ་བསྡམས་པ་ལས་གུང་མོའི་སོར་མོ་གཉིས་རིན་པོ་ཆེར་བྱས་པའི་ཁ་གཉིས་གྱེན་དུ་བསྟན་པ་བཅིངས་ན་རིན་ཆེན་གནས་སུ་འགྱུར་བའོ། །གང་དུ་ཞེ་ན།
དཔྲལ་བར་བཞག་ན་ཞེས་བྱ་བ་གསུངས་སོ། །དེ་བཅིངས་པས་ཅིར་འགྱུར་ཞེ་ན། དབང་བསྐུར་འགྱུར་ཞེས་བྱ་བ་གསུངས་སོ། །ཕྱག་རྒྱ་འདི་ནི་རྣམ་པར་སྣང་མཛད་ཀྱི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །འདིར་རིན་ཆེན་འབྱུང་བ་ཞེས་སྨོས་པས་ནི། རྟོག་པ་འདི་དག་གཙོ་བོར་བསྟན་པར་བྱ་བའི་ཕྱིར་ཡིན་ནོ། །
མཐེབ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། མཐེབ་གཉིས་ཕན་ཚུན་བསྣོལ་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་པའོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་སྦྱར། །ཞེས་བྱ་བ་ནི་མཛུབ་མོ་གཉིས་གཤིབས་པའོ། །དེ་ནས་ཅི་བྱ་བ་སྟོན་པ་ནི། མཛུབ་གཉིས་ནོར་བུའི་ཕྱག་རྒྱར་བྱ། །ཞེས་བྱ་བ་གསུངས་
ཏེ། མཐེ་བོ་གཉིས་སྐྱིལ་མོ་ཀྲུང་དུ་བྱས་པ་ཞེས་པའོ། །འདི་བཅིངས་པའི་འབྲས་བུ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་ནོར་བུ་ཆེན་པོ་འཐོབ། །ཅེས་བྱ་བ་གསུངས་ཏེ། ཕྱག་རྒྱ་འདི་ཡང་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་
Vol. 56 · folio 82b
བསྡམས་པ་བྱས་ནས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིང་བའོ། །ནོར་བུའི་ཁུ་ཚུར་བཅིངས་ནས་ནི། །ཞེས་བྱ་བ་ནི་ནོར་བུའི་ཁུ་ཚུར་བཅིང་བའོ། །གུང་མོ་གཉིས་ཀྱང་ནོར་བུར་བྱ། །ཞེས་བྱ་བ་ནི་གུང་མོ་གཉིས་ཀྱང་ནོར་བུ་ལྟ་བུར་བྱའོ་ཞེས་བྱ་བའི་དོན་ཏོ། །མིང་ཇི་སྐད་ཅེས་བྱ་བའི་ཕྱག་རྒྱར་འགྱུར་ཞེ་ན།
ནོར་བུའི་ཕྲེང་བ་ཞེས་བྱ་བ་གསུངས་སོ། །འདིས་ཅི་ཞིག་བྱེད་ཅེ་ན། དབང་བསྐུར་འགྱུར་ཞེས་བྱ་བ་གསུངས་སོ། །འདི་ནི་རྡོ་རྗེ་རིན་ཆེན་མའི་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །གུང་མོ་ནོར་བུ་འདྲར་བྱས་ལ། །ཞེས་བྱ་བ་ནི་གུང་མོ་
གཉིས་ནོར་བུར་བྱ་བའོ། །དེས་ན་མཛུབ་མོ་སྲིན་ལག་གཉིས་པདྨོ་ཁ་བྱེ་བ་འདྲ་བར་བྱས་པས་ཞེས་བྱ་བ་ནི་མཛུབ་མོ་གཉིས་དང་སྲིན་ལག་གཉིས་གྱེན་དུ་བརྐྱང་ན་དེ་ལྟ་བུ་ནི་པདྨོ་འདྲ་བར་བྱས་ཞེས་བྱ་བའོ། །དེས་ཅིར་འགྱུར་ཞེ་ན། འགྲུབ་ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སྒྲུབ་པའི་ཚེ་ཕྱག་རྒྱ་འདི་
བཅིངས་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བ་སྟེ་འདི་ནི་རྡོ་རྗེ་ཆོས་མའི་གནས་ཀྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ། །གུང་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་གུང་མོ་གཉིས་ནི་ནོར་བུར་བཅིང་བའོ། །སོར་མོ་ཐམས་ཅད་བསྒྲེང་བ་རྣམས། །ཞེས་བྱ་ནི་ཐམས་ཅད་བརྐྱང་བའོ། །ནོར་བུ་ཉིད་དུ་བསྒོམས་ན་ནི། །ཞེས་བྱ་བ་
ནི་སོར་མོ་དེ་ཐམས་ཅད་ནོར་བུ་འདྲ་བར་བསྒོམ་པའོ། །དེས་ཅིར་འགྱུར་ཞེ་ན། འཁོར་རྣམས་མཆོག་དང་ལྡན་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། གུང་མོའི་ནོར་བུའི་འཁོར་གྱིས་བསྐོར་བར་བསྒོམས་པས་འཁོར་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ལས་ཀྱི་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱ་
ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་རིན་ཆེན་གྱི་ཚུལ་དུ་བཅིང་བའོ། །ཇི་ལྟར་ཞེ་ན། གུང་མོ་མཐེ་བོ་སྦྱར་བ་དང་། །ཞེས་བྱ་བ་གསུངས་སོ། །སོར་མོ་ལྷག་མ་རྣམས་ཇི་ལྟར་བྱ་ཞེ་ན། སྲིན་ལག་མཐེའུ་ཆུང་བསྙམས་པ་རྣམས། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ།
སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་སོ་སོར་སྦྱར་བར་བྱའོ། །གང་དུ་བཞག་ཅེ་ན་ཁར་བཞག་ཅེས་བྱ་བ་གསུངས་སོ། །མིང་ཇི་སྐད་ཅེས་བྱ་བ་འདི་ཕྱག་རྒྱར་འགྱུར་ཞེ་ན། ལྕེ་རྩེ་ཞེས་བྱ་བ་གསུངས་སོ། །འབྲས་བུ་ཅི་ཞིག་སྟེར་བར་འགྱུར་ཞེ་ན། ནོར་རབ་སྟེར་ཞེས་བྱ་བ་གསུངས་སོ། །འདི་ནི་མི་བསྐྱོད་
Vol. 56 · folio 83a
པའི་གནས་ཀྱི་ཕྱག་རྒྱ་གཉིས་པ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱ་འདི་ནི་དགོད་པའི་སྔགས་གཉིས་པའི་ཕྱག་རྒྱ་ཡིན་ནོ། །དེ་ལས་ཞེས་པ་ལ་སོགས་པ་ལ་སྔར་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་རྡོ་རྗེར་བྱ་ཞེས་བྱ་བ་སྟེ། མཛུབ་མོ་གཉིས་གཤིབས་ན་རྡོ་རྗེ་སེམས་
དཔའི་གནས་ཀྱི་ཕྱག་རྒྱར་འགྱུར་བའོ། །དེ་གཉིས་དེ་བཞིན་ལྕགས་ཀྱུར་བྱ། །ཞེས་བྱ་བ་ནི་མཛུབ་མོ་དེ་དག་ཉིད་ལྕགས་ཀྱུར་བྱས་ན་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །མཛུབ་མོས་མཛུབ་མོ་དྲང་བ་དང་། །ཞེས་བྱ་བ་ལ་ཡང་དེ་ཉིད་ཅེས་བྱ་བར་སྦྱར་ཏེ། ཕྱག་རྒྱ་གཡོན་ལོགས་སུ་བསྐོར་ལ་
མཛུབ་མོ་གཡས་པས་གཡོན་པ་བཟུང་སྟེ་མདའ་འདྲེན་པའི་ཚུལ་དུ་དྲངས་ན། རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་གཉིས་དགའ་བར་རབ་སྦྱིན་པའོ། །ཞེས་བྱ་བ་ལ་ཡང་དེ་ཉིད་ཅེས་བྱ་བར་སྦྱར་ཏེ། མཛུབ་མོ་གཉིས་མཐེ་བོ་དང་སྦྱར་ལ་སེ་གོལ་གཏོགས་པའི་ཚུལ་དུ་བྱས་ན་ལེགས་
སོ་ཞེས་བྱ་བའི་ཕྱག་རྒྱར་འགྱུར་རོ། །གུང་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ནོར་བུར་བཅིང་བའོ། །མཛུབ་གཉིས་ངོས་ལ་བཀུག་པའོ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཚུལ་དུ་མཛུབ་མོ་གཉིས་བཀུག་པ་གུང་མོ་གཉིས་ཀྱི་ཚིགས་གསུམ་པོའི་
དྲུང་དུ་གཞག་པར་བྱ་སྟེ། འདི་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་ཕྱག་རྒྱ་གཉིས་པའོ། །སྲིན་ལག་ངོས་གཉིས་མདུད་པ་ལ། །ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་ལས་སོར་མོ་གཡས་པའི་སྲིན་ལག་གི་ཚིགས་གསུམ་པས་སོར་མོ་གཡོན་པའི་སྲིན་ལག་གི་ཚིགས་གསུམ་པ་བཟུང་ལ་མཐེ་བོ་གཉིས་
ཀྱིས་བཅིངས་པ་དེ་བཀབ་པ་འདི་ནི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་རྡོ་རྗེ་ཉི་མར་བསྐོར། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ཉིད་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་གཡས་ལོགས་ནས་བསྐོར་བ་ནི་རྡོ་རྗེ་ཉི་མའི་གནས་ཀྱི་ཕྱག་རྒྱ་ཡིན་ནོ། །དཔུང་པ་སྤྱི་བོར་བརྐྱང་
བར་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་སྤྱི་བོ་ནས་གྱེན་དུ་དཔུང་པ་བརྐྱང་ནས་བཞག་ན་རྡོ་རྗེ་དབལ་གྱི་གནས་ཀྱི་ནོར་བུའི་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཕྱག་རྒྱར་འགྱུར་རོ། །བཞད་མོའི་ཚུལ་དུ་བྱས་པའོ། །ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་ཁར་གཡས་ལོགས་ནས་དགོད་པ་སྟོན་པའི་ཚུལ་དུ་བསྐོར་ན་རྡོ་རྗེ་བཞད་པའི་གནས་
Vol. 56 · folio 83b
ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་བྱས་ནས་ཀྱང་། །ཞེས་བྱ་བ་ནི་བཅིང་བའོ། །མཛུབ་མོ་སྲིན་ལག་གྱེན་དུ་བསྒྲེང་། །ཞེས་བྱ་བ་ནི་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ཟུར་བཞི་པར་བརྐྱང་བར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེ་དག་པདྨོ་འདྲ་བར་བྱ། །ཞེས་
བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སོར་མོ་བརྐྱང་བ་བཞི་པོ་གང་ཡིན་པ་དེ་ཉིད་པདྨོའི་ཡིན་ནོ། །དེ་ནས་གུང་མོ་གཉིས་ནོར་བུར་བྱས་ན་སྣང་བ་མཐའ་ཡས་ཀྱི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ལས་ཐ་མ་རབ་སྦྱིན་བྱ། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་ཀྱི་མཐེའུ་ཆུང་གཉིས་བཀུག་པ་བརྐྱང་
ལ། རབ་ཏུ་སྦྱིན་པ་བྱེད་པའི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་ཆོས་ཀྱི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་རལ་གྲིར་སྦྱར་བ་དང་། །ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་ལག་པ་གཉི་གས་རལ་གྲི་འདེབས་པའི་ཚུལ་དུ་བྱས་ལ་ནུ་མ་གཡས་པའི་ཐད་ཀར་བཞག་པ་འདི་ནི་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱར་
འགྱུར་རོ། །རྡོ་རྗེ་འཁོར་ལོའི་ཚུལ་དུ་བྱ། །ཞེས་བྱ་བ་ནི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་དང་མཐེའུ་ཆུང་གཉིས་རྡོ་རྗེ་ཐལ་མོའི་ཚུལ་དུ་གཉིས་ཀ་བསྟན་པ་འདི་ནི་འཁོར་ལོའི་ཚུལ་ཡིན་ཏེ་རྡོ་རྗེ་འཁོར་ལོའི་གནས་ཀྱི་ཕྱག་རྒྱའོ། །དེ་ཉིད་ཁ་ནས་དབྱུང་བར་བྱ། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་དེ་
ཉིད་ཁའི་ཕྱོགས་ནས་གྱེན་དུ་ཚིག་འབྱུང་བའི་ཚུལ་དུ་དྲངས་ན་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་རིན་ཆེན་མྱུ་གུར་བཅིང་། །ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་ནི་བཤད་ཟིན་ཏེ། མཐེ་བོ་རྡོ་རྗེ་དང་མཛུབ་མོ་རིན་པོ་ཆེ་སྟེ་བཅིང་བའོ། །སོར་མོ་ཐམས་ཅད་བརྐྱང་བ་དང་། །ཞེས་བྱ་
བ་ནི་སོར་མོ་ལྷག་མ་རྣམས་བརྐྱང་བ་སྟེ། འདི་ནི་གདོན་མི་ཟ་བར་གྲུབ་པའི་གནས་ཀྱི་ཕྱག་རྒྱའོ། །དེ་དག་སྤྱི་བོར་བཞག་པ་ནི། །ཞེས་བྱ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་མགོ་བོའི་གཙུག་ཏོར་གྱི་གནས་སུ་བཞག་པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རིན་ཆེན་ཆར་གྱིས་རབ་འབེབས་སོ། །ཞེས་བྱ་བ་གསུངས་
ཏེ། སོར་མོ་བརྐྱང་བ་གང་ཡིན་པ་དེ་ཉིད་རིན་པོ་ཆེའི་ཆར་འབེབས་པའི་ཚུལ་དུ་བསྟན་པར་བྱ་བའོ། །ཕྱག་རྒྱ་འདི་ཉིད་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་ཡང་བསྟན་མོད་ཀྱི། འོན་ཀྱང་རིན་པོ་ཆེའི་ཆར་འབེབས་པར་སྟོན་པའི་ཚུལ་གྱིས་ཐ་དད་པར་ཟད་དེ་ཕྱག་རྒྱ་འདི་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་ཡིན་པར་ཤེས་པར་བྱའོ། །
Vol. 56 · folio 84a
དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་དོ། །འཁོར་ལོའི་ཚུལ་དུ་ནི་ཞེས་བྱ་བ་ནི་གུང་མོ་དང་སྲིན་ལག་དང་། མཐེའུ་ཆུང་རྣམས་ཕན་ཚུན་བསྣོལ་ལ་འཁོར་ལོ་ལྟ་བུར་བྱའོ། །གང་དུ་ཞེ་ན། སྙིང་གར་ཞེས་བྱ་བའོ། །ཇི་ལྟར་བྱ་ཞེ་ན། རིན་ཆེན་གཉིས་
བྱས་པ་ཞེས་གསུངས་པ་སྟེ། རིན་པོ་ཆེ་ཡང་གཉིས་སུ་བྱས་ལ་སྙིང་ག་ཉིད་དུ་བཞག་ན་རིན་ཆེན་གོ་ཆའི་ཕྱག་རྒྱར་འགྱུར་རོ། །ནོར་བུ་འཛིན་རྩེ་མཆེ་བ་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་དང་མཛུབ་མོ་གཉིས་ཀ་ནོར་བུར་བྱ་བ་འདི་ནི་ནོར་བུ་འཛིན་པར་འགྱུར་རོ། །དེ་ནས་རྩེ་མོ་མཆེ་བ་ཞེས་
བྱ་བ་ནི་ཕྱག་རྒྱ་ཁར་བཞག་ལ་བཞི་ཆར་གྱི་ཡང་རྩེ་མོ་བརྐྱང་ལ་གཞག་པ་ནི་མཆེ་བ་བཞིའི་ཚུལ་དུ་བྱས་པ་ཡིན་པས་ན་འདི་ནི་ནོར་བུ་འཛིན་རྩེ་མཆེ་བ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་ཕྱག་རྒྱའོ། །དབུས་སུ་བསྙམས་པ་ཁུ་ཚུར་རོ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་བཀྲོལ་ཏེ་
བཀུག་ལ་བཞག་མཐེ་བོ་གཉིས་དབུས་སུ་གཤིབས་པར་བྱ་བ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་བསྙམས་པའོ། །འདི་སྐད་སྟོན་ཏེ། སྔར་བཤད་པའི་རྟོག་པ་གསུམ་ཆར་ལ་ཡང་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་མཐེ་བོ་གཉིས་དབུས་སུ་གཤིབས་པར་བསྟན་གྱི། འདིར་ནི་དབུས་སུ་བསྙམས་ལ་བསྒྲེང་སྟེ་བཞག་ཅིང་
མཐེ་བོ་གཉིས་དང་མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་པ་འདི་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་དེའི་འོག་ཏུ་ཇི་སྐད་བཤད་པའི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཕྱག་རྒྱ་ཆེན་པོ་དེ་དག་ཉིད། །སྙིམ་སྦྱར་
བྱས་ཏེ་བཅིངས་ན་ནི། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དེར་ནི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་བསྡམས་པ་ལས་འབྱུང་གི །ད་ནི་ཕྱག་རྒྱ་དེ་རྣམས་ཉིད་སྙིམ་པ་སྦྱར་བ་ལས་འབྱུང་བ་ཡིན་པར་ཤེས་པར་བྱ་སྟེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་གི་ཚུལ་དུ་གཞག་པ་ནི་སྙིམ་སྦྱར་ཞེས་བཤད་དེ་གང་གཞན་དག་ལས་
ཐལ་མོ་ཁོང་སྟོང་དུ་བྱའོ་ཞེས་གསུངས་པའོ། །དེ་བས་ན་མདོར་ན་གསང་བའི་གསང་བ་ཞེས་བྱ་བ་སྟེ་མདོར་བསྡུ་ན་གསང་བའི་དཀྱིལ་འཁོར་དུ་གསང་བ་སྟེ་དམ་ཚིག་གི་ཕྱག་རྒྱ་རྣམས་ལ་བྱའོ། །དངོས་གྲུབ་བཞིར་གྱུར་སྦྱིན་པར་བྱེད། །ཅེས་བྱ་བ་ནི་ཕྱག་རྒྱ་རྣམ་པ་བཞིའི་འབྲས་བུ་སྩོལ་བར་འགྱུར་རོ་ཞེས་བྱ་
Vol. 56 · folio 84b
བའི་དོན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། གསང་བའི་དཀྱིལ་འཁོར་འདིར་ནི་ཕྱག་རྒྱ་ཆེན་པོ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་དེའི་ཡང་སྐུའི་ཕྱག་རྒྱ་སྟེ། དེ་དག་དངོས་གྲུབ་གང་ཡིན་པ་དང་། དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་གང་ཡིན་པའོ། །གསང་བའི་དཀྱིལ་འཁོར་འདིའི་ཆོས་ཀྱི་ཕྱག་རྒྱ་ཐམས་
ཅད་ཀྱི་དངོས་གྲུབ་གང་ཡིན་པ་དང་། འདིར་ཡང་གསང་བའི་ཁུ་ཚུར་གཉིས་སུ་བྱས་པ་ལས། ལས་ཀྱི་ཕྱག་རྒྱར་འགྱུར་བས་འོག་ནས་བཤད་པ་གང་ཡིན་པ་སྟེ་དེ་རྣམས་ཀྱི་ཡང་དངོས་གྲུབ་གང་ཡིན་པའོ། །དེ་ལྟར་ཡང་དག་པར་བསྡུས་པ་ལ། དངོས་གྲུབ་བཞི་འགྱུར་སྦྱིན་པར་བྱེད། །
གསུངས་པ་ཡིན་ནོ། །གསང་བའི་དཀྱིལ་འཁོར་གཞན་དུ་ནི་གསང་བའི་ཕྱག་རྒྱ་ཐམས་ཅད་དུ་མི་འཆིང་བར་དགག་པར་གསུངས་པ་ཡིན་ནོ། །འདིར་ཇི་ལྟར་ཤེས་པར་བྱ་ཞེ་ན། ཇི་ལྟར་རྡོ་རྗེ་གསང་བ་བཞིན། །དུས་རྣམས་ཀུན་དུ་བཅིང་མི་བྱ། །ཞེས་བྱ་བ་གསུངས་ཏེ། གསང་བའམ་དོན་ཆེན་
པོ་ལ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་ཕྱག་རྒྱ་རྣམས་ནི་གོ་སླའོ། །ལས་ཀྱི་ཕྱག་རྒྱས་ཇི་ལྟར་འགྱུར་ཞེ་ན། གསང་བ་གསང་བའི་ཁུ་ཚུར་མཆོག །གཉིས་སུ་བྱས་ན་ལས་ཀུན་བྱེད། །ཅེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། གསང་བའི་དཀྱིལ་འཁོར་གྱི་གསང་བའི་
ཕྱག་རྒྱ་གང་ཡིན་པ་དེ་ཁུ་ཚུར་གྱི་མཆོག་ཡིན་པ་དང་། རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཁུ་ཚུར་གང་ཡིན་པ་དེ་གཉིས་སུ་བྱས་ན་ཞེས་བྱ་བ་སྟེ། ལས་ཀྱི་ཕྱག་རྒྱར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་
ཐམས་ཅད་དུ་གཏོགས་པའི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཀྱང་ཡིན་ལ། རྟོག་པའི་རྒྱལ་པོ་ཆེན་པོ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོའོ། །དེའི་རིན་པོ་ཆེ་གསང་བའི་ཕྱག་
རྒྱའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི་མཆོད་པ་ལ་སོགས་པའི་ལས་རྣམས་དང་དོན་འབྱུང་བ་དང་བདག་པོ་ཐོབ་པའི་ལས་རྣམས་ཀྱི་ཆོ་ག་རྒྱས་པ་སྟེ། རིན་པོ་ཆེའི་རིགས་ཀྱང་སྤྱིར་ན་ལས་ཀྱི་དམ་ཚིག་གི་རྟོག་པ་ཆེན་པོའི་ཁོངས་སུ་འདུས་པར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་
Vol. 56 · folio 85a
པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རིན་པོ་ཆེའི་རིགས་ཀྱི་གསང་བའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། ཕྱག་རྒྱའི་དཀྱིལ་འཁོར་གྱི་རྗེས་ལའོ། །ཡང་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་
ལ་ལྟོས་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་འདི་ལ་སྐལ་བ་ཕུན་སུམ་ཚོགས་པ་མངའ་བས་ན་བཅོམ་ལྡན་འདས་ཏེ་བྷ་གའི་སྒྲ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡིན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡང་ཡིན་
ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱིས་དབང་བསྐུར་བ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་སྟེ། དབང་བསྐུར་བ་ཞེས་སྨོས་པས་ནི་རིན་པོ་ཆེའི་རིགས་ཡིན་པར་སྟོན་ཏོ། །དེའི་ཡེ་ཤེས་ཡིན་པས་ན་དབང་
བསྐུར་བའི་ཡེ་ཤེས་ཏེ་ཡེ་ཤེས་སྨོས་པས་ནི་ཆོས་ཀྱི་དཀྱིལ་འཁོར་ཡིན་པར་སྟོན་ཏོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་
འཛིན་གང་ཡིན་པ་དེའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་རིག་པའི་མཆོག་འདི་གསུངས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་སོགས་
པའི་འཁོར་ལོས་སྒྱུར་བ་བཞིས་ཀྱང་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་རང་རང་གི་རིག་པ་དམ་པ་གསུངས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། རིག་པ་དམ་
པ་ལྔ་བསྟན་པའི་རྗེས་ལའོ། །བྱང་ཆུབ་ལ་སེམས་དཔས་ནི་བྱང་ཆུབ་སེམས་དཔའོ། །ནམ་མཁའ་ཉིད་ཀྱི་སྐྱེ་གནས་མངའ་བས་ན་ནམ་མཁའི་སྙིང་པོ་སྟེ། ནམ་མཁའི་ཕྱོགས་ལས་རྫུས་ཏེ་སྐྱེས་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་གང་ཡིན་ཞེ་
Vol. 56 · folio 85b
ན། རང་གི་རིགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསུངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་དཀྱིལ་འཁོར་མ་བསྟན་ན་དེ་དང་འབྲེལ་བའི་དགོས་པ་མི་འབྱུང་བས། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ་ཞེས་པ་ཅི་ཞིག་བཤད་ཅེ་ན། ཡེ་ཤེས་དཀྱིལ་འཁོར་དམ་
པ་སྟེ། ཞེས་གསུངས་པའོ། །ཅི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ལ། །ཞེས་བྱ་བ་སྟེ་རྡོ་རྗེ་དབྱིངས་དང་མཚུངས་པ་ཞེས་བྱ་བའི་དོན་ཏོ། །མིང་ཇི་སྐད་དུ་བྱ་བ་ཞེ་ན། རིན་ཆེན་ཡེ་ཤེས་ཞེས་བཤད་དོ། །ཞེས་གསུངས་པ་སྟེ། རིན་པོ་ཆེའི་རིགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་
ཡིན་པས་ན་རིན་ཆེན་ཡེ་ཤེས་སོ། །བཤད་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་པའོ། །དཀྱིལ་འཁོར་དེ་ཐིག་ཇི་ལྟར་གདབ་པར་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་གསུངས་སོ། །དེར་སེམས་དཔའ་
རྣམས་ཇི་ལྟར་བྲི་བར་བྱ་ཞེ་ན། ཆོས་ཀྱི་དཀྱིལ་འཁོར་ཚུལ་དུ་ནི། །སྙིང་གའི་མཚན་མར་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། རང་གི་ཕྱག་རྒྱ་ཐུགས་ཀར་ལག་པ་གཉིས་རྡོ་རྗེ་བསྡམ་པར་བྱ་བ་དེ་བཞིན་དུ་འདིར་ཡང་བྲི་
བར་བྱའོ། །དེ་ནས་དཀྱིལ་འཁོར་འདིའི་ཞེས་བྱ་བ་ལ་སོགས་པས་དེ་ལྟར་བྲི་བ་དགོད་པའི་སྙིང་པོ་སྟོན་ཏེ། རྣམ་པར་སྣང་མཛད་ཀྱི་གནས་སུ་ནི་སྔར་བཤད་པའི་རིག་པ་དམ་པ་ཉིད་ཕྱག་རྒྱ་དགོད་པ་དང་། དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལས་གཉི་ག་བྱེད་པ་ཡིན་ནོ། །ཕྱག་ན་རྡོ་རྗེ་ལ་སོགས་པ་
བཞི་པོ་རྣམས་ཀྱི་དགོད་པའི་སྙིང་པོ་ནི་འདི་དག་ཡིན་པར་རིག་པར་བྱ་སྟེ་ནོར་བུའི་རིགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སེམས་དཔའ་རྣམས་སྤྱན་དྲང་བའོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་བྲིས་པའི་རྗེས་ལའོ། །དཀྱིལ་
འཁོར་འདིར་ཞེས་བྱ་བ་ནི་དཀྱིལ་འཁོར་དུའོ། །ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱས་ནས་ཞེས་བྱ་བ་ནི་སློབ་དཔོན་གྱིས་ལས་ཐམས་ཅད་བྱའོ་ཞེས་སྟོན་ཏོ། །སློབ་མ་ལ་འདི་སྐད་དུ་བསྒོ་བར་བྱ་སྟེ་ཞེས་བྱ་བ་ནི་སློབ་མ་གཞུག་པའི་ཆོ་ག་རྣམས་སྟོན་ཏོ། །ཆོས་མ་མཐོང་བ་ཞེས་བྱ་བ་ནི་དམ་ཚིག་མ་ཐོབ་
Vol. 56 · folio 86a
པའོ། །དམ་ཚིག་མ་བསྲུངས་པའི་ཉེས་དམིགས་སྟོན་པ་ནི་ཁྱོད་དངོས་གྲུབ་མ་ཐོབ་པར་མྱུར་དུ་ཤི་བར་གྱུར་ཏ་རེ་ཞེས་བྱ་བ་ནི་བསྒོ་བའོ། །དེ་སྐད་བརྗོད་ནས་ནོར་བུའི་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་བསྐྱེད་
པའི་ཐབས་ཀྱི་མན་ངག་དེ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་སྟོན་ཏེ། རྡོ་རྗེ་སྙིང་པོ་བྲིས་ནས་ནི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་བྲི་བའོ། །གང་དུ་ཞེ་ན། རས་ལ་སོགས་ལ་ཞེས་བྱ་བ་གསུངས་ཏེ། སོགས་པ་སྨོས་པས་ནི་ཤིང་
ལེབ་དང་རྩིག་པ་དང་ནམ་མཁའ་ལ་སོགས་པ་བསྡུའོ། །ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་སེམས་རྩེ་གཅིག་པས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་མངོན་སུམ་དུ་བྱ་བའོ། །ཅི་ཞིག་བྱ་ཞེ་ན། དོན་ནི་བསླང་བྱ་ཞིང་ཞེས་བྱ་བ་སྟེ། ཅི་འདོད་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་བསླང་བར་བྱ་ཞེ་ན།
རིན་ཆེན་བྱིན་ཅིག་ཅེས་ཀྱང་བརྗོད། །ཅེས་བྱ་བའོ། །འདི་སྐད་སྟོན་ཏེ། འབད་པ་ཆེན་པོས་འདུ་འཛི་ཐམས་ཅད་སྤངས་ལ་བཅོམ་ལྡན་འདས་མངོན་སུམ་དུ་གྱུར་པ་ལྟ་བུར་བསམས་ནས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་རིན་པོ་ཆེ་སྩོལ་ཅིག་ཅེས་བརྗོད་པར་བྱའོ། །སྦྱོར་བ་གཉིས་
པ་ལ་ཡང་རིན་པོ་ཆེའི་རིགས་སུ་གཏོགས་པས་རིན་པོ་ཆེ་བསླང་བ་གསུངས་པ་ཡིན་ནོ། །སྦྱོར་བ་གསུམ་པ་ལ་ཡང་ཁྱད་པར་དུ་བསྒོམ་དགོས་པས་ན་རྣམ་པར་བསྒོམས་ཏེ་ཞེས་གསུངས་པ་ཡིན་ནོ། །མཉམ་པར་གཞག་ཅེས་བྱ་བ་ནི་སྙོམས་པར་ཞུགས་པ་སྟེ། རང་གི་ལྷར་མཉམ་པར་གཞག་པའོ། །
ཆོས་ཀྱི་རིགས་ལ་ནི་ཡེ་ཤེས་གྲུབ་པ་གཙོ་བོ་ཡིན་པས་ན་དམ་པའི་ཆོས་བཀླག་པ་ཡང་བྱའོ། །སྦྱོར་བ་བཞི་པ་ལ་ཡང་དམ་པའི་ལས་ཏེ་ལས་བཟང་པོ་མཆོད་པ་ལ་སོགས་པའི་ལས་རྣམས་སོ། །ལས་བྱིན་ཞེས་བྱ་བ་ནི་ལས་ཀྱི་སེམས་དཔའ་ལ་བོད་པའོ། །སྙིང་པོ་ཐམས་ཅད་ལ་རྡོ་རྗེ་སྙིང་པོ་སྨོས་པ་ནི་དཀྱིལ་
འཁོར་རྣམས་དེའི་སྤྲུལ་པ་ཡིན་པའི་ཕྱིར་རོ། །བཞི་ཚོམས་གཉིས་པའི་སྦྱོར་བ་ལ་ཡང་ནམ་མཁའ་ལ་སོགས་པ་ལ་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་ཡིད་ཀྱིས་དམིགས་པར་བྱ་བ་འབའ་ཞིག་ཐ་དད་པར་བྱ་བ་ཙམ་དུ་ཟད་དོ། །ལེགས་སེམས་པ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོ་སྟེ་དེར་བྲི་བ་
Vol. 56 · folio 86b
ཙམ་ཞིག་ཁྱད་པར་ཡོད་ཀྱི་དངོས་གྲུབ་རྣམས་ནི་སྔ་མ་ཁོ་ནར་ཟད་དོ། །ཕུན་སུམ་ཞེས་བྱ་བ་ནི་འབྱོར་པའོ། །ལས་བསགས་ཞེས་བྱ་བ་ནི་ལས་མང་པོ་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དོན་ཏོ། །བཞི་ཚོམས་གསུམ་པ་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་སྙིང་གར་ཡིད་ཀྱིས་བྲིས་ལ། ཤིན་ཏུ་མཉམ་
གཞག་བསྒོམ་བྱས་ལ། །ཞེས་བྱ་བ་ལ་སྙིང་གར་དེའི་གཟུགས་མི་གཡེང་བའི་ཡིད་ཀྱིས་གོམས་པར་བྱ་བའོ། །གང་གི་ཚེ་སྙིང་འཕར་བ་ཞེས་བྱ་བ་འདིས་ནི་དངོས་གྲུབ་ཀྱི་མཚན་མ་སྟོན་ཏེ། དེའི་ཚེ་གྲུབ་པས་ནོར་སྟེར་རོ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། བསྒོམ་པའི་མཚན་མ་བརྟན་པར་གྱུར་ན་སྙིང་
འདར་བར་འགྱུར་ལ་དེ་ནས་དོན་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་གཉིས་པ་ལ་ནི་བསྒོམ་པ་ཉིད་རྣམ་པར་བསྒོམ་པ་ཡིན་པར་ཤེས་པར་བྱ་སྟེ། ཁྱད་པར་དུ་བསྒོམ་པས་ན་རྣམ་པར་བསྒོམ་པའོ། །མགོ་བོ་འདར་བའི་མཚན་མས་ནི་འབྲས་བུ་དབང་བསྐུར་བའི་ཅོད་པན་བཅིང་བ་ཡིན་
པར་ཤེས་པར་བྱའོ། །སྦྱོར་བ་གསུམ་པ་ལ་ཡང་ཁར་བཅུག་ལ་ཞེས་བྱ་བ་ལ་ཡིད་ཀྱིས་ལྕེ་ལ་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གཞིག་ཅིང་བསྒོམ་པའོ། །གང་ཚེ་དེ་ནི་བྱེ་གྱུར་པ། །ཞེས་བྱ་བ་ནི་གང་གི་ཚེ་བསྒོམ་པ་འདི་བརྟན་པར་གྱུར་པ་དང་བྱེ་གྱུར་པ་དེ་ཁར་ཁམ་ཆེན་པོ་བཅུག་པ་བཞིན་དུ་གདངས་
པར་གྱུར་པའོ། །དེ་ལྟ་བུའི་མཚན་མ་དེས་ན་རྣལ་འབྱོར་པ་དེ་དག་གྲུབ་པ་འཐོབ་པར་འགྱུར་རོ། །སྦྱོར་བ་བཞི་པ་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་སྤྱི་བོར་བཞག་ལ་ཁྱད་པར་དུ་བསྒོམ་པ་དང་། གང་ཚེ་དེ་ཉིད་འབར་གྱུར་པ། །དེ་ཚེ་འཕང་དུ་ལྡིང་བར་འགྱུར། །ཞེས་བྱ་བ་འདིས་ནི་ནམ་མཁའ་ལ་འགྲོ་
བ་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྙིང་པོ་རྣམས་ལ་ཧྲྀ་ད་ཡ་གརྦྷེ་ཞེས་སྨོས་པ་ནི་སྙིང་པོའི་སྐྱེ་གནས་ཏེ་གནས་བསྟན་པ་ཡིན་ནོ། །ད་ནི་ཕྱག་རྒྱ་རྣམ་པ་བཞིའི་སྒོ་ནས་སྦྱོར་བ་རྣམ་བཞི་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་དེ་ཁོ་ན་ཉིད་བསྐུལ་བའི་སྙིང་པོ་བཞི་པོ་གནོད་སྦྱིན་གྱི་སྐད་དང་ལྡན་པས་ཇི་
ལྟ་བ་བཞིན་དུ་བསྐུལ་ན་གདོན་མི་ཟ་བར་སྩོལ་བར་མཛད་དེ། དེ་བས་ན་འཐོབ་ཅེས་གསུངས་པ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླའོ། །སེམས་དཔའ་ཐམས་ཅད་ཟློས་པ་དག་གིས་ཀྱང་ནོར་ལ་སོགས་པའི་སྦྱོར་བ་བཞི་བྱེད་ཅིང་བསྒྲུབ་པའི་ཚེ་ན་དེ་ཁོ་ན་ཉིད་སྒྲུབ་པ་འདི་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་
Vol. 56 · folio 87a
ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ནོར་བུ་ཞེས་སྨོས་པ་ནི་ནོར་བུའི་རིགས་ཡིན་པར་སྟོན་ཏོ། །ཡེ་ཤེས་སྨོས་པ་ནི་ཆོས་ཀྱི་འཁོར་ལོ་སྟོན་ཏོ། །དེའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ལ་གསང་བ་ནི་སྦ་བ་ལ་བྱ་སྟེ། དེའི་ཕྱག་རྒྱའི་ཡེ་ཤེས་གང་ཡིན་པ་དེ་
བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དབང་པོ་གཉིས་ནི་མཉམ་སྤྲད་ན། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་བྱེད་པའི་ཚེ། རང་གི་དབང་པོ་ལ་ལྷའི་དབང་པོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་ལྷ་དང་མཉམ་པ་ཉིད་དུ་བྱས་པའི་དབང་པོ་ལ་ནི་དབང་པོ་གཉིས་མཉམ་པར་སྦྱོར་བ་ཞེས་
སྔར་ཡང་མང་དུ་བཤད་པ་ཡིན་ཏེ། དབང་པོ་གཉིས་མཉམ་པར་སྦྱོར་བ་དེས་ཐམས་ཅད་དུ་ལས་ཐམས་ཅད་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དངོས་གྲུབ་མཆོག་ནི་འཐོབ་པར་འགྱུར། །ཞེས་བྱ་བ་ལ་མཆོག་ནི་དམ་པ་ལ་བྱའོ། །སྦྱོར་བ་གཉིས་པ་ལ་ཡང་བཞི་
ལ་རི་མོ་བྲིས་པ་བཞིན་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། མདུན་དུ་རི་མོ་བྲིས་པ་བཞིན་དུ་ཡིད་ཀྱིས་བྲིས་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །སྦྱོར་བ་གསུམ་པར་ཡང་སྡུག་པ་དེ་དང་གར་རྩེས་པ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། རས་ལ་སོགས་པ་གང་ཡང་རུང་བར་རང་གི་ལྷའི་
གཟུགས་བྲིས་པ་གང་ཡིན་པ་དེ་ལ་རྣལ་འབྱོར་པ་གང་གིས་སྡུག་ཅིང་ཡིད་དུ་འོང་བར་ཡིད་ཀྱིས་རྩེ་ཞིང་དགའ་བསྐྱེད་ན་རྣལ་འབྱོར་པ་དེ་ལ་འཇིག་རྟེན་པ་ཐམས་ཅད་ཀྱིས་དགའ་བར་བྱེད་དོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བསྒོམ་པ་བརྟན་པར་གྱུར་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དགོས་
པ་ཐམས་ཅད་གྲུབ་པས་ཆོ་འཕྲུལ་ཐམས་ཅད་བསྟན་ན་སེམས་ཅན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །སྦྱོར་བ་བཞི་པ་ལ་ཡང་། ནམ་མཁའ་ཀུན་གྱི་རྡུལ་དབྱིབས་ཀྱི། །ཞེས་བྱ་བ་ནི་བསྒོམ་པའི་རབ་ཀྱི་མཐར་ཕྱིན་པར་སྟོན་ཏོ། །རྡོ་རྗེ་སྙིང་པོ་བསྒོམས་ནས་ནི། །དབང་པོ་གཉིས་ནི་མཉམ་སྦྱར་ན། །ཞེས་
བྱ་བ་ནི་དབང་པོ་གཉིས་ནི་མཉམ་པར་སྦྱོར་བའི་རྒྱུར་གྱུར་པས་ནམ་མཁའ་ཐམས་ཅད་ཀྱི་རྡུལ་གྱི་གཟུགས་རྡོ་རྗེ་སྙིང་པོར་བསྒོམས་ན་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་རོ་ཞེས་སྦྱར་རོ། །འདི་སྐད་སྟོན་ཏེ། ནམ་མཁའི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཐམས་ཅད་རྡོ་རྗེ་སྙིང་པོར་བསམས་ལ། དེ་རྣམས་
Vol. 56 · folio 87b
དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ནས་དེ་རྣམས་དང་ལྷན་ཅིག་དབང་པོ་གཉིས་མཉམ་པར་སྦྱོར་བས། རྡོ་རྗེ་སྙིང་པོ་བསྒོམས་ན་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་རྒྱ་རྣམ་པ་བཞིའི་ཡེ་ཤེས་སྟོན་ཏོ། །དེ་ལས་ཀྱང་རེ་ཞིག་ཕྱག་
རྒྱ་ཆེན་པོ་དེ་སྟོན་ཏེ། ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ་ཞེས་བྱ་བ་འདི་ནི་འདི་སྐད་སྟོན་ཏེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དེ་བཞིན་ཐུགས་ཀར་ཉིད་ཕྱག་རྒྱ་ཏིང་ངེ་འཛིན་དུ་གཞུག་པ་དང་། ཕྱག་གཉིས་རྡོ་རྗེ་བཅིང་བར་བཅིངས། །ཞེས་ཇི་སྐད་བསྟན་པ་བཞིན་དུ་འདིར་ཡང་སྦྱར་བར་ཤེས་པར་
བྱའོ། །འདིའི་དངོས་གྲུབ་ཇི་ལྟ་བུར་འགྱུར་ཞེ་ན། དངོས་གྲུབ་ཀྱང་དེ་དང་འདྲའོ་ཞེས་གསུངས་པ་ཡིན་ཏེ། །ཆོས་ཀྱི་དཀྱིལ་འཁོར་དེར་ཇི་སྐད་བསྟན་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དམ་ཚིག་གི་ཕྱག་རྒྱར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ནོར་བུ་ནི་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་གཞག་པར་བྱའོ་
ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། ཆོས་ཀྱི་དཀྱིལ་འཁོར་དེར་རྡོ་རྗེ་བསྡམས་པ་ལས་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་བཅིངས་ཤིང་རྡོ་རྗེ་བསྡམས་པ་དམ་ཚིག་གི་ཕྱག་རྒྱར་བསྟན་པར་འཇོག་པ་དེ་བཞིན་དུ། སྐྱིལ་མོ་ཀྲུང་འདུག་གན་རྐྱལ་དུ། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ནོར་བུར་གཞག་པར་བྱའོ། །
དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་དག་ནི་གོ་སླའོ། །རྟོག་པ་ཐམས་ཅད་དུ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་སྔགས་ཀྱི་བདག་པོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་མ་བསྟན་པ་གང་ཡིན་པ་དེར་ནི་བདག་པོ་དེ་རྣམས་ཀྱི་ཡི་གེའི་གཙོ་བོ་རྣམས་དེར་སྦྱར་བར་བྱ་སྟེ། རིན་པོ་
ཆེའི་རིགས་འདིར་ནི་ཏྲཾ་ཞེས་བྱ་བའོ། །འགྲོ་བ་འདུལ་བར་ནི་ཧྲཱི་ཞེས་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་ནི། ཧཱུཾ་ནི་སངས་རྒྱས་རྡོ་རྗེ་ཡི། །ཞེས་ཇི་སྐད་གསུངས་པའོ། །དེ་བཞིན་གཤེགས་པའི་རིགས་སུ་ནི་དེ་བཞིན་གཤེགས་པ་ལྔའི་བཛྲ་ཛྙཱ་ན་སངས་རྒྱས་རྣམས་ཞེས་འགྲེས་
གཅིག་གིས་ཆོས་ཀྱི་ཕྱག་རྒྱ་སྟོན་ཏོ། །མདོར་ན་ལས་ཀྱི་ཕྱག་རྒྱ་ནི་གནས་ཇི་བཞིན་པར་གཞག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་རྡོ་རྗེ་རིན་ཆེན་མྱུ་གུ་བཞག་ལ་དེ་གཉིས་སུ་བཞག་སྟེ། བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་ཀྱིས་ལས་ཀྱི་ཕྱག་རྒྱ་རྣམས་བསྟན་
Vol. 56 · folio 88a
པར་བྱའོ། །རྒྱུད་ཐམས་ཅད་ཀྱི་བདག་པོའི་གནས་རྣམས་སུ་ཡང་གང་དུ་ལས་ཀྱི་ཕྱག་རྒྱའི་ཁྱད་པར་མ་གསུངས་པ་དེར་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པ་དང་སྦྱར་བར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ཀྱི་རིགས་ཀྱི་དམ་ཚིག་བསྟན་པ་
གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཀྱང་ཡིན་ལ་རྟོག་པའི་རྒྱལ་པོ་ཆེན་པོ་ཡང་ཡིན་ཏེ། དེ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ནི་ཆོས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་སྟེ་དེ་རྫོགས་སོ།། །།དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་
ལས་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། ཆོས་ཀྱི་དཀྱིལ་འཁོར་གྱི་རྗེས་ལ་ལས་ཀྱི་དཀྱིལ་འཁོར་གྱི་གནས་སྐབས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་སྔ་མ་ལ་ལྟོས་པའོ། །བཅོམ་ལྡན་འདས་ཞེས་
བྱ་བ་ནི་དབང་ཕྱུག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དབང་བསྐུར་བ་ཞེས་སྨོས་པས་ནི་རིན་པོ་ཆེའི་རིགས་ཡིན་པའི་ཕྱིར་རོ། །ལས་སྨོས་པས་ནི་ལས་ཀྱི་དཀྱིལ་འཁོར་ཡིན་པར་སྦྱར་རོ། །དམ་ཚིག་སྨོས་པས་ནི་དེའི་
སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་གཟུང་སྟེ། དེ་ལས་ཀྱི་ངོ་བོ་ཉིད་ཀྱི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རང་གི་རིག་པ་དམ་པ་གསུངས་སོ་ཞེས་བྱ་བ་ནི།
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེ་ལ་སོགས་པ་བཞིས་ཀྱང་རང་རང་གི་རིགས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་རང་རང་གི་རིག་པ་དམ་པ་གསུངས་སོ། །འདིར་བྱིན་གྱིས་རློབ་པ་ལ་སོགས་པ་མ་
སྨོས་མོད་ཀྱི། འོན་ཀྱང་དཀྱིལ་འཁོར་གཞན་གྱི་ཚུལ་དུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིན་ཆེན་དགོས་པ་ཞེས་བཤད་དོ། །ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། དཀྱིལ་
Vol. 56 · folio 88b
འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ལ་དཀྱིལ་འཁོར་ཆེན་པོ་ནི་འདིར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱའོ། །དེའི་དབུས་སུ་ཚུལ་བཞིན་དུ། །སངས་རྒྱས་སྐུ་གཟུགས་གཞག་པར་བྱ། །ཞེས་བྱ་བ་ནི་དཀྱིལ་འཁོར་དེའི་དབུས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་
མཛད་ཀྱི་གནས་སུ་ཚུལ་བཞིན་དུ་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་སྐུ་གཟུགས་སེང་གེའི་གདན་ལ་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཞལ་བཞི་པ་ཕྱག་གཉིས་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པ་འོག་ནས་བཤད་པའི་སྔགས་ཀྱིས་སངས་རྒྱས་སྐུ་གཟུགས་གཞག་པར་བྱ་བ་སྟེ། སངས་རྒྱས་ཀྱི་ཕྱག་
རྒྱ་ཆེན་པོའི་གཟུགས་གཞག་པར་བྱའོ། །དཀྱིལ་འཁོར་ལྷག་མ་རྣམས་སུ་ཅི་ཞིག་གཞག་པར་བྱ་ཞེ་ན། བདག་པོ་བཞིའི་གནས་སུ་ནི་དོན་ཐམས་ཅད་གྲུབ་པ་ལ་སོགས་པའི་འཁོར་ལོས་སྒྱུར་བ་རྣམས་བྲི་བར་བྱའོ། །གནས་ལྷག་མ་བཅུ་དྲུག་པོ་རྣམས་སུ་ནི། སེམས་དཔའ་ཆེན་པོའི་ཚུལ་
གྱིས་ནི་རིན་ཆེན་སེམས་མ་རྣམས་བྲིའོ་ཞེས་བྱ་བ་སྟེ། སེམས་དཔའ་ཆེན་པོའི་སྦྱོར་བས་སེམས་དཔའ་གང་གི་ཚུལ་གང་ཡིན་པ་དང་། མཚན་མ་གང་ཡིན་པ་དང་། ཕྱག་རྒྱ་གང་ཡིན་པ་དེས་རིན་ཆེན་སེམས་མ་རྣམས་བྲི་བར་བྱའོ་ཞེས་པ་སྟེ། ཐམས་ཅད་དུ་བུད་མེད་ཀྱི་གཟུགས་སུ་བྲི་བར་བྱའོ་
ཞེས་བྱ་བའི་དོན་ཏོ། །རཏྣ་པཱུ་ཛཱ་གྷྱེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་དགོད་པའི་སྔགས་ཡིན་ནོ། །སརྦ་ཨརྠ་སིདྷི་ལ་སོགས་པ་ཨོཾ་ཞེས་བྱ་བ་དང་ལྡན་པ་ནི་མི་བསྐྱོད་པའི་གནས་སུ་དོན་ཐམས་ཅད་གྲུབ་པ་དགོད་པའི་སྔགས་ཡིན་ནོ། །ལྷག་མ་རྣམས་ནི་གནས་ལྷག་མ་རྣམས་སུ་ཤེས་པར་
བྱའོ། །སྒེག་མོ་ལ་སོགས་པའི་གནས་སུ་ཡང་དགོད་པའི་སྔགས་ལྷག་མ་རྣམས་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། རིག་པ་རྣམས་བསྟན་པའི་རྗེས་ལའོ། །འདིར་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་འདིར་རོ། །ཆོ་ག་ཇི་ལྟ་བ་
བཞིན་དུ་རྒྱས་པར་བྱས་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲི་བ་དང་། སློབ་དཔོན་གྱི་ལས་མཆོད་པ་བྱ་བ་དང་། བཤོས་དབུལ་བ་ལ་སོགས་པ་སྔར་བཤད་པ་རྣམས་གཟུང་ངོ་། །བཅུག་སྟེ་འདི་སྐད་དུ་བསྒོ་བར་བྱའོ་ཞེས་བྱ་བ་ནི་མནའི་སྙིང་པོ་སྟོན་ཏོ། །གསང་བའི་དམ་ཚིག་མ་བསྲུངས་
Vol. 56 · folio 89a
བའི་ཉེས་དམིགས་ནི་ལས་ཀྱི་སྒྲིབ་པས་ནོན་ནས་ཤི་བར་གྱུར་ཏ་རེ་ཞེས་བྱ་བ་སྟེ། ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལ་སོགས་པ་ངེས་པར་མྱོང་བར་བྱ་བ་དངོས་གྲུབ་ཀྱི་གེགས་སུ་གྱུར་པའོ། །དེ་ནས་ལས་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི། ལས་ཀྱི་དཀྱིལ་འཁོར་གྱི་
དངོས་གྲུབ་སྒྲུབ་པའི་ཡེ་ཤེས་ནི་ལས་ཀྱི་ཡེ་ཤེས་ཏེ་དེ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྙིང་པོ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའོ། །དེའི་ཕྱག་རྒྱ་ཆེན་པོར་བསྒོམ་པ་སྟེ། ཕྱག་རྒྱ་ཆེན་པོ་ནི་དེའི་སྐུའི་ཕྱག་རྒྱའོ། །དེ་
བསྒོམས་ནས་རབ་མཉམ་གཞག་ཅེས་བྱ་བ་ནི་ཤིན་ཏུ་མཉམ་པར་གཞག་པས་ན་རབ་མཉམ་གཞག་པ་སྟེ། འབད་པ་ཆེན་པོས་སེམས་རྩེ་གཅིག་ཏུ་བྱས་ལ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མཉམ་པར་གཞག་པས་ཅི་ཞིག་བྱ་ཞེ་ན། སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ། །ཞེས་བྱ་བར་སྦྱར་
རོ། །མཆོད་པ་ཀུན་གྱིས་མཆོད་ན་ནི། །ཞེས་བྱ་བ་ནི་མཆོད་པའི་རྣམ་པ་ཐམས་ཅད་དེ། བདུག་པ་ལ་སོགས་པའི་མཆོད་པ་བཞི་དང་། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་མཆོད་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པའི་མཆོད་པ་དང་རྒྱལ་པོའི་མཆོད་པ་རྣམ་པ་
སྣ་ཚོགས་པའོ། །གང་གི་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ། །དེ་ལྟར་མཆོད་པས་དེ་ཅི་ཞིག་ཏུ་འགྱུར་ཞེ་ན། དབང་དུ་གྱུར་ཞེས་བྱ་བ་སྟེ་མཉེས་པར་འགྱུར་གྱིས་མི་མཉེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་གང་ཡང་རུང་བ་བཅིངས་ལ་ཞེས་
བྱ་བ་ནི་གང་གི་སེམས་དཔའ་གང་ཟློས་པ་དེས་དེའི་ཕྱག་རྒྱ་བཅིང་བར་བྱའོ། །ཇི་ལྟ་བུ་ཞེ་ན། དམ་ཚིག་མཆོག་ཅེས་བྱ་བ་སྟེ། །དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །གང་གིས་ཤེ་ན། ཏིང་ངེ་འཛིན་གྱིས་སོ། །འདི་སྐད་སྟོན་ཏོ། །དང་པོ་སེམས་དཔའ་དེའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེས་
ཡིད་རྩེ་གཅིག་ཏུ་གྱུར་པས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཅི་ཞིག་བྱ་ཞེ་ན། སངས་རྒྱས་ཐམས་ཅད་མཆོད་ན་ནི། །ཞེས་བྱ་བ་གསུངས་སོ། །དེ་ནས་ཅིར་འགྱུར་ཞེ་ན། དབང་བསྐུར་དམ་པ་དེས་འཐོབ་བོ། །ཞེས་བྱ་བ་གསུངས་
Vol. 56 · folio 89b
སོ། །འདི་སྐད་སྟོན་ཏེ། རྒྱལ་པོ་ལ་སོགས་པའི་དབང་བསྐུར་བ་ནས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་བར་དུ་ཇི་ལྟར་འདོད་པ་འཐོབ་པར་འགྱུར་རོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་དེའི་ཏིང་ངེ་འཛིན་བསྒོམ་པ་གོམས་པར་བྱའོ། །ཇི་ལྟར་ཞེ་ན། རབ་
མཉམ་གཞག་པས་ཞེས་བྱ་བ་སྟེ་རྩེ་གཅིག་པའི་ཡིད་ཀྱིས་སོ། །ཅི་ཞིག་བྱེད་ཅེ་ན། སངས་རྒྱས་ཐམས་ཅད་རབ་མཆོད་ན། །ཞེས་བྱ་བ་གསུངས་སོ། །དེ་ནས་ཅིར་འགྱུར་ཞེ་ན། འགྲོ་བའི་དམ་པ་འཇིག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། འགྲོ་བའི་དམ་པ་ནི་སངས་རྒྱས་བཅོམ་ལྡན་འདས་
ཏེ་དེ་ཡང་འཇིག་པར་འགྱུར་བའོ། །འདི་སྐད་སྟོན་ཏེ། དོན་དམ་པར་བསྒོམ་པ་བྱས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱང་འཇིག་མོད་ཀྱི། དེ་ལ་ཡང་མངོན་པར་ཞེན་པར་ནི་མི་བྱའོ། །དེ་ལྟར་གྲུབ་ཀྱིས་ཀྱང་ལྷག་མ་རྣམས་འཇིག་པར་བྱེད་པ་ལ་ནི་གཞིག་པར་བྱས་ལ་རང་གི་དབང་དུ་གྱུར་ནས་
སླར་ཡང་སྲོག་སྦྱིན་པར་བྱའོ། །སེམས་ཅན་གྱི་ཚོགས་ལྷག་མ་རྣམས་ཤི་བ་ལ་སླར་གསོ་བ་ཡང་ཤི་བ་གསོ་བར་བྱ་བའི་སྔགས་དང་ཕྱག་རྒྱ་དེ་ཉིད་ཀྱིས་སེམས་ཅན་དེའི་ཆ་བྱད་དང་འདྲ་བར་དེའི་རོའི་སྙིང་གར་འཚོ་བའི་ཁམས་གཞུག་ཅིང་བྱེ་མའི་ནང་དུ་ཆུ་སོང་བ་ལྟར་ལུས་དེའི་ཡན་ལག་ཐམས་ཅད་དུ་
མངོན་པར་ཁྱབ་པར་བྱས་ཏེ། སྨྲ་བའམ་ལངས་པར་བསམ་མོ། །བསམ་གཏན་མ་ཐོབ་ཅིང་མཚན་མ་ཡིད་ལ་འཛིན་པ་ཙམ་གྱིས་རྣལ་འབྱོར་པ་ཞིག་ཡིན་ན་ཡང་ཇི་ལྟར་བསམས་པ་དེ་ཁོ་ན་བཞིན་དུ་འགྲུབ་པར་འགྱུར་བས་འདིར་ཐེ་ཚོམ་མི་བྱའོ། །གལ་ཏེ་ཐེ་ཚོམ་བྱས་པར་གྱུར་ན་ནི་སྦྱོར་བ་ཡང་
འགྲུབ་པར་མི་འགྱུར་རོ། །དེ་ལྟར་འཚོ་བའི་ཁམས་སླར་སྦྱོར་བ་འདི་ལྟ་བུས་འཚོ་བ་སླར་ཡང་སྦྱིན་པར་བྱའོ། །མངོན་སྤྱོད་ཀྱི་རྒྱུད་ལས་གསུངས་པ་ཐམས་ཅད་ལ་ཡང་སླར་གསོ་བའི་སྦྱོར་བ་འདི་བཞིན་དུ་ཤེས་པར་བྱའོ། །གང་ལ་འདུལ་བའི་ཕྱིར་གནོད་པའི་རྣམ་པ་ཇི་ལྟ་བུ་བྱས་པས་དེ་དུལ་
བར་གྱུར་པ་དང་། གནོད་པ་དེ་དང་དེ་སེམས་ཅན་དེ་དང་དེའི་ལུས་ལ་རབ་ཏུ་ཞི་བར་བསམ་ཞིང་ཆོས་ཀྱི་དབྱིངས་ལ་དམིགས་པ་དངོས་པོ་འདི་དག་རྣམ་པར་རྟོག་པས་བརྟག་པར་ཟད་པར་བསམ་ཞིང་གནོད་པ་སླར་གསོ་བའི་གཉེན་པོས་དེ་དང་དེ་ལ་ཕན་པར་བྱས་ན་དེ་ངེས་པར་དེ་བཞིན་དུ་འགྱུར་རོ། །རྡོ་རྗེ་སྙིང་པོ་
Vol. 56 · folio 90a
ཞེས་བྱ་བ་ལ་སོགས་པ་ལ། ལས་ཀྱི་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ཇི་ལྟར་བཅིང་ཞེ་ན། རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་
གང་ཡང་རུང་བས་གནས་ལ་ལས་ཀྱི་ཕྱག་རྒྱ་གང་ཡང་རུང་བ་བཅིངས་ནས། སངས་རྒྱས་ཐམས་ཅད་ལ་མཆོད་ན། །སྐད་ཅིག་གིས་ནི་དོན་ཀུན་འཐོབ། །ཅེས་བྱ་བ་སྟེ་བསམ་པ་དང་སྦྱོར་བ་དག་པས་སངས་རྒྱས་ལ་མཆོད་པ་བྱས་ན་ཇི་ལྟར་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་བྱ་
བའི་དོན་ཏོ། །དེ་ནས་གསང་བའི་ཞེས་བྱ་བ་ལ་སོགས་པ་དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། དངོས་གྲུབ་བསྟན་པའི་རྗས་ལའོ། །གསང་བ་ལས་བྱུང་བའི་ཕྱིར་གསང་བ་སྟེ་སྦས་པ་གང་ཡིན་པའོ། །དེའི་ཕྱག་རྒྱ་ཡིན་པས་ན་གསང་བའི་ཕྱག་རྒྱ་སྟེ། ལས་ཀྱི་དཀྱིལ་འཁོར་གྱི་གསང་བའི་ཡེ་
ཤེས་གང་ཡིན་པ་དེ་འདིར་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །གསང་བ་དེ་གང་ཞིག་ཡིན་ཞེ་ན། དབང་པོ་གཉིས་ནི་མཉམ་སྦྱར་ནས། །ཞེས་བྱ་བ་སྟེ་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་ནས་རང་གི་ལྷ་དགུག་པ་དང་། བཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ནས་དེ་དང་
ལྷན་ཅིག་ཐ་མི་དད་པ་སྟེ། བདག་གང་ཡིན་པ་དེ་ནི་བདག་གི་ལྷ་ཡིན་ལ། བདག་གི་ལྷ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས། །དབང་པོ་གཉིས་ཐ་མི་དད་པར་བྱེད་པ་ནི་དབང་པོ་གཉིས་སྦྱོར་བ་སྟེ། འདི་མེད་པར་དགོས་པ་གང་ཡང་འགྲུབ་པར་མི་འགྱུར་བས་ན་འདི་ནི་གསང་བ་སྟེ་སྦ་བའོ། །འཇིག་རྟེན་ན་
གྲགས་པའི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་མཉམ་པར་སྦྱོར་བའི་ཚུལ་གྱིས་གསུངས་སོ། །ཅིའི་ཕྱིར་དེ་ལྟར་ལྡེམ་པོ་ངག་ཏུ་གསུངས་ཤེ་ན། གླེགས་བམ་མཐོང་བ་ཙམ་གྱིས་ཐུབ་ཆོད་དུ་སྔགས་ལེན་པ་དགག་པའི་ཕྱིར་ཏེ། སློབ་དཔོན་གྱི་མན་ངག་མེད་པར་ནི་དངོས་གྲུབ་ཐོབ་པར་འགྱུར་བ་མ་ཡིན་
ནོ། །དེ་བས་ན། རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ཞེས་བྱ་བ་གསུངས་ཏེ། དབང་པོ་གཉིས་མཉམ་པར་སྦྱོར་བས་ནི་ཏིང་ངེ་འཛིན་འབྱུང་བ་མི་སྲིད་དེ་ཕྱིའི་ཡུལ་ལ་ཞེན་པས་ཤིན་ཏུ་ཉོན་མོངས་ཤིང་བཅིངས་པས་སྨད་ཅིང་སེམས་གཡེང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་དབང་པོ་གཉིས་མཉམ་
Vol. 56 · folio 90b
པར་སྦྱོར་བའི་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་གྱིས་ཅི་ཞིག་བྱེད་ཅེ་ན། སངས་རྒྱས་ཐམས་ཅད་མཆོད་ན་ནི། །ཞེས་བྱ་བ་གསུངས་ཏེ། མེ་ཏོག་ལ་སོགས་པ་ཡིད་ལས་བྱུང་བས་སོ། །འདིས་ཅི་ཞིག་ཏུ་འགྱུར་ཞེ་ན། འཇིག་རྟེན་ཐམས་ཅད་དེ་མགུར་འགྱུར། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་
སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་ན་སྐྱེ་བོ་ཐམས་ཅད་ལ་སྡུག་པར་འགྱུར་རོ། །དེ་ལྟར་དབང་དུ་བྱ་བ་ལ་སོགས་པའི་གསང་བ་བཞི་བཤད་ཟིན་ཏོ། །དེ་ནས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་དམ་པར་འགྱུར་རོ་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་ནི་འདིར་ལྷའི་གཟུགས་ཀྱི་ཕྱག་རྒྱ་ཆེན་པོའི་རི་
མོར་བྲི་བའི་ཚེ་ཇི་སྐད་བསྟན་པ་དང་། རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ། །རང་གི་ཕྱག་རྒྱ་ལག་གཉིས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གསུངས་པ་བཞིན་དུ་བསྒོམས་ན་དངོས་གྲུབ་ཀྱི་དམ་པ་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་
ཆེན་པོའི་རྗེས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་དགོས་པས་ན། དེ་ནས་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་གསུངས་སོ། །རྡོ་རྗེ་རིན་ཆེན་བཅིངས་ནས་ནི། །ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་ནི་རྡོ་རྗེ་རིན་ཆེན་མྱུ་གུ་ཞེས་སྔར་བཤད་ཟིན་ཏེ་དེ་བཅིང་བའོ། །གནས་རྣམས་ཀུན་དུ་གཞག་པར་བྱ། །ཞེས་
བྱ་བ་ནི་ཇི་སྐད་བསྟན་པའི་གནས་རྣམས་སུ་རྡོ་རྗེ་རིན་ཆེན་གྱི་མྱུ་གུ་བཞག་ན་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །དེ་ཇི་ལྟར་གཞག་པར་བྱ་ཞེ་ན། རྡོ་རྗེ་དགོས་པའི་ཚུལ་དུ་ནི། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སྨོས་པས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྟོན་ཏོ། །དགོས་པ་སྨོས་པས་ནི་དེར་གཏོགས་
པའི་ལས་ཀྱི་དཀྱིལ་འཁོར་རོ། །དེའི་ཚུལ་དུ་ནི་རྡོ་རྗེ་བསྡམས་པ་སྙིང་ག་རྩིབ་ལོགས་རྒྱབ་ཏུ་སྦྱར་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའོ། །ལྟག་འོག་ཅེས་བྱ་བ་ནི་སྦྱོར་བ་ཕྱིན་ཅི་མ་ལོག་པར་བྱ་བ་སྟོན་ཏེ་མ་གུས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གོ་རིམས་ཇི་བཞིན་ཞེས་བྱ་བ་ནི་རིམ་པ་ཇི་ལྟ་
བ་བཞིན་དུ་དགོད་པར་བྱའི། འཆོལ་བར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཆོས་ཀྱི་ཕྱག་རྒྱ་དེ་དག་ཀྱང་རང་གི་ལྷའི་རྣལ་འབྱོར་བྱེད་པའི་ཚེ་རང་གིས་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་དགོད་པར་བྱ་བ་དང་། དཀྱིལ་འཁོར་འདྲི་
Vol. 56 · folio 91a
བའི་ཚེ་ཕྱག་རྒྱ་ཆེན་པོ་ལ་ཡང་དགོད་པར་བྱའོ། །དཀྱིལ་འཁོར་བྲིས་ནས་དགུག་པ་དང་གཞུག་པ་ལ་སོགས་པའི་ལས་ཀྱང་བྱས་ལ་ལས་ཀྱི་ཕྱག་རྒྱ་ཡང་བཅིངས་ནས། དམ་ཚིག་གི་ཕྱག་རྒྱ་ཡང་བསྟན་པའི་འོག་ཏུ་ཆོས་ཀྱི་ཕྱག་རྒྱ་ཡང་བརྗོད་པར་བྱའོ། །ཕྱག་རྒྱ་ཆེན་པོ་གང་དང་
གང་དུ་བསམ་པར་བྱ་བའི་དགོས་པ་དེ་དང་དེར་ཡང་འདི་རྣམས་བསམ་པར་བྱ་སྟེ། རྒྱུད་ཐམས་ཅད་ལ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ནི་ལས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་རིན་ཆེན་གཉིས་བྱས་ལ། །ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུ་གཉིས་སུ་བྱ་བའོ། །ལས་ཀྱི་ཕྱག་རྒྱ་དེ་བསྒྲུབ་པོ། །ཞེས་བྱ་བ་
ནི་བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་བཅིང་བའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་བརྟག་པའི་རྒྱལ་པོ་ཆེན་པོའི་ལས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའི་འགྲེལ་པའོ།། །།དཀྱིལ་འཁོར་ཆེན་པོ་
བསྟན་ཟིན་ནས། །ད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་པོའི་དམ་ཚིག་གི་དངོས་གྲུབ་ལ་དབང་དུ་གྱུར་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར། ཕྱག་རྒྱ་བཞིའི་དཀྱིལ་འཁོར་མཐོང་བའི་སློབ་མས་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱ་ཐོགས་ལ་དེས་དཀྱིལ་འཁོར་ཆེན་པོ་བྲི་བ་ལ་སོགས་པའི་ལས་རྣམས་བྱའོ། །
ནུས་པ་ཞན་པ་དང་། རི་མོའི་ལས་ལ་མི་མཁས་པ་དང་། འབྱོར་པ་ཆུང་བ་རྣམས་ཀྱིས་ནི་ཕྱག་རྒྱ་དེ་བསྒྲུབ་དགོས་པའི་ཕྱིར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྱའོ་ཞེས་གསུངས་སོ། །དེ་བསྒྲུབ་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། །གང་འདོད་པའི་ཕྱག་རྒྱ་རྣམས་བསྒྲུབ་པར་བྱ་བའི་ཕྱིར་ཡང་བྱའོ། །ནུས་
པ་ཡོད་པས་ནི་དཀྱིལ་འཁོར་ཆེན་པོ་ཉིད་དམ་གསང་བའི་དཀྱིལ་འཁོར་བྲིས་ལ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་སྟེ། ཚུལ་འདིས་ནི་རྒྱུད་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་བཤད་ཟིན་ཏོ། །རིན་པོ་ཆེའི་ཕྱག་རྒྱ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་རིན་པོ་ཆེ་ལ་དམིགས་པས་ཐུགས་རྩེ་གཅིག་པར་མཛད་པས་ན་དེ་སྐད་ཅེས་བྱ་སྟེ། རིན་པོ་ཆེའི་འབྱུང་གནས་ལ་ནི་རིན་པོ་ཆེའི་ཕྱག་རྒྱ་ཞེས་གསུངས་ཏེ། ཕྱག་རྒྱའི་ཏིང་ངེ་འཛིན་གང་ལ་དམིགས་པར་གྱུར་པ་དེ་ནི་རིན་པོ་ཆེའི་ཕྱག་རྒྱ་ཞེས་
Vol. 56 · folio 91b
བྱ་བའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བཅོམ་ལྡན་འདས་ཀྱིས་རང་གི་རིག་པ་དམ་པ་འདི་གསུངས་པ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་ལོས་སྒྱུར་བ་བཞིས་ཀྱང་རང་རང་གི་ཕྱག་རྒྱ་གསུངས་པ་ཡིན་ནོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་རྒྱ་བཞི་བའི་ཚུལ་དུ་ནི། །དཀྱིལ་འཁོར་ཡོངས་སུ་བརྟག་པར་བྱ། །ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་གནས་ཀྱི་ཕྱག་རྒྱ་བཞི་པོ་གང་ཡིན་པའི་སྦྱོར་བ་སྟེ། གཅིག་ཏུ་ནི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །གཉིས་པར་ནི་རིན་པོ་ཆེས་
མཚན་པའི་རིན་པོ་ཆེའོ། །གསུམ་པར་ནི་པདྨས་མཚན་པའི་རིན་པོ་ཆེའོ། །བཞི་པར་ནི་རྡོ་རྗེ་ཁ་བཞི་པའི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །དབུས་སུ་ནི་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའི་མཆོད་རྟེན་བཞག་པའི་དཀྱིལ་འཁོར་ཡོངས་སུ་བརྟག་པ་འདི་ནི་ཕྱག་རྒྱ་བཞིའི་ཚུལ་ལོ། །དཀྱིལ་འཁོར་
ལས་ལྷག་མ་རྣམས་ནི་སྔར་བཤད་པ་ཉིད་དོ། །དེ་ནས་ཇི་ལྟ་བ་བཞིན་ཞུགས་སམ་བཅུག་སྟེ་མནའི་སྙིང་པོ་སྦྱིན་པར་བྱའོ། །ཁྱོད་ཀྱིས་སུ་ལ་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་ནས་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ནི། སྒྲུབ་པའི་ཐབས་ཀྱི་མན་ངག་སྦྱིན་པར་བྱའོ་ཞེས་
བྱ་བའི་དོན་ཏོ། །རྡོ་རྗེ་རིན་ཆེན་ཏིང་འཛིན་གྱིས། །ཞེས་བྱ་བ་ནི་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ། །རྡོ་རྗེ་རིན་ཆེན་བཅིངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིང་བའོ། །དཔྲལ་བར་རབ་ཏུ་བཞག་ན་ནི། །ཞེས་བྱ་བ་ནི་ཏིང་ངེ་འཛིན་དེས་སོ། །དངོས་གྲུབ་ཐམས་
ཅད་འཐོབ་པར་འགྱུར། །ཞེས་བྱ་བ་ནི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་རྣམས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ་ཞེས་བྱ་བ་ལ་གསང་བའི་ཞེས་བྱ་བ་ནི་བཤད་ཟིན་ཏེ། དེའི་ཕྱག་རྒྱ་བསྟན་པར་བྱའོ་ཞེས་པའོ། །ཁྱོའམ་ཡང་ན་
སྡུག་པའམ། །ཞེས་བྱ་བ་ལ་ཁྱོ་ནི་བྱང་ཆུབ་སེམས་དཔའ་སྟེ་གང་ལ་བརྟེན་པར་བྱ་བ་ལ་ཞུགས་པའོ། །སྡུག་པ་ནི་ཕྱག་རྒྱ་གང་སྒྲུབ་པ་ལ་ཞུགས་པའོ། །སྒྲུབ་པ་ལ་ཞུགས་པ་དེ་གང་ཡིན་ཞེ་ན། བུད་མེད་དམ་ནི་སྐྱེས་པའང་རུང་། །ཞེས་བྱ་བ་གསུངས་པའོ། །དཔྲལ་བ་གཉིས་སྦྱར་ཞེས་བྱ་བ་
Vol. 56 · folio 92a
ལ་དཔྲལ་བ་ནི་སྐྱེས་པའམ་བུད་མེད་ཀྱི་དཔྲལ་བ་གཉིས་གཟུང་ངོ་། །དེ་སྦྱར་བ་ནི་དཔྲལ་བ་སྟེ་དབང་བསྐུར་བའི་གནས་སུ་ཕྱག་རྒྱ་གཞག་པའོ། །ཕྱག་རྒྱ་དང་དཔྲལ་བ་གཏུགས་པ་གང་ཡིན་པ་དེ་ཉིད་ནི་སྤྲད་པ་ཞེས་གསུངས་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་བུད་མེད་ལ་
ནི་ཁྱོ་སྟེ། རྡོ་རྗེ་རིན་ཆེན་སྤྲད་པ་སྟེ་དཔྲལ་བར་འཇོག་པའོ། །སྐྱེས་པ་ཞིག་ན་སྡུག་པ་སྟེ་ཕྱག་རྒྱ་ཡིན་ལ་དེ་ཡང་སྐྱེས་པའི་དཔྲལ་བར་བཞག་པ་ནི་སྤྲད་པ་ཞེས་བྱའོ། །དེ་ལྟར་བྱས་ན་གཉི་ག་ཡང་འགྲུབ་པར་འགྱུར་རོ། །སྐྱེས་པ་དང་བུད་མེད་ཅེས་སྨོས་པ་དང་དཔྲལ་བ་གཉིས་སྦྱོར་བའི་
ཚིག་གིས་ནི་ཇི་སྐད་གསུངས་པའི་དོན་སྤྲོས་པ་ཡིན་པས་ན་གསང་བ་ཞེས་བྱའོ། །ཡང་ན་བུད་མེད་གཅིག་ན་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་ཞུགས་ནས་མཆོད་པའི་ཆོ་ག་ཇི་སྐད་གསུངས་པ་བཞིན་དུ་བྱས་ཤིང་དམ་ཚིག་གི་ཆོ་ག་རྫོགས་པར་བྱས་ནས་བསྒྲུབ་པའི་ཚེ་རང་གི་ལྷའི་རྣལ་འབྱོར་བྱས་
ཏེ། དཀྱིལ་འཁོར་ལ་སོགས་པ་བྲིས་ནས་ཆོ་ག་ཐམས་ཅད་རྫོགས་པར་བྱས་ལ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ནས་དཔྲལ་བ་གཉིས་སྦྱོར་བ་དང་། ཁ་གཉིས་པར་མཚམས་མེད་པར་སྤྲད་པ་སྟེ། དེའི་ངོ་བོར་
བསྒོམ་ཞིང་རྡོ་རྗེ་རིན་ཆེན་དཔྲལ་བར་བཞག་ན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སྐྱེས་པ་ཞིག་ནའང་སྡུག་པ་སྟེ། ཕྱག་རྒྱ་བསྒྲུབ་པར་འདོད་ན་དེ་བུད་མེད་ཀྱི་གཟུགས་སུ་བསམས་ལ་ཇི་སྐད་གསུངས་པའི་ཚུལ་གྱིས་དགུག་པ་ལ་སོགས་པ་བྱས་ནས་ཕྱག་རྒྱ་དཔྲལ་བར་གཞག་ཅིང་དེའི་ངོ་བོ་
ཉིད་དུ་གྱུར་པར་བསྒོམས་ཏེ་སྤྱོད་པས་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་གཉི་ག་ཡང་འགྲུབ་པར་འགྱུར་རོ། །བུད་མེད་ཀྱི་སྒྲུབ་པ་འདི་ནི་རྒྱུད་གང་ནས་ཀྱང་མ་གསུངས་མོད་ཀྱི་རྫོགས་ཀ་འདིར་གསུངས་པ་འདི་ཐམས་ཅད་དུ་ཡང་ཤེས་པར་བྱའོ། །བཅོམ་ལྡན་འདས་ནམ་མཁའི་སྙིང་
པོའི་སྒྲུབ་པ་འདི་ཇི་ལྟར་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །བུད་མེད་ཀྱི་ཕྱག་རྒྱ་ལ་སྐྱེས་པས་ལྷག་པར་མོས་པར་བྱ་བ་དང་། སྐྱེས་པའི་ཕྱག་རྒྱ་ལ་བུད་མེད་ཀྱིས་མོས་པར་བྱ་བ་འདི་ནི་རིག་འཛིན་གྱི་དངོས་གྲུབ་ཀྱི་མན་ངག་ཡིན་ཏེ། འདི་ཉིད་ལ་ཐམས་ཅད་ཀྱི་ཆགས་པ་
Vol. 56 · folio 92b
ཤིན་ཏུ་དམ་པོར་གྱུར་པ་ཡིན་པས་ན་དེ་སྐད་དུ་སྨོས་པ་ཡིན་ཏེ། མངོན་པར་ཞེན་པ་མེད་པས་འགྲུབ་པར་འགྱུར་བ་མེད་དོ་ཞེས་ཤེས་པར་བྱའོ། །རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་རིག་འཛིན་གྱི་དངོས་གྲུབ་འཐོབ་པར་འདོད་ན། སྔར་བསྙེན་པ་ཡང་འདིས་བྱ་ཞིང་སྙིང་པོ་ཡང་འདི་ཉིད་བཟླ་བར་བྱའོ། །
དེ་ནས་ཕྱག་རྒྱ་བཞི་བཅིང་བ་ཇི་ལྟ་བ་བཞིན་དུ་བཅིང་བ་དང་ཞེས་བྱ་བ་ལ་ཕྱག་རྒྱ་རྣམ་པ་བཞི་བཅིང་བ་ཡིན་པས་ན་ཕྱག་རྒྱ་བཞི་བཅིང་བའོ། །རྣམ་པ་བཞི་དེ་བཞིན་དུ་བསླབ་པར་བྱའོ། ཞེས་བྱ་བ་ནི་རེ་རེ་ཞིང་ཡང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱའི་དཀྱིལ་
འཁོར་ཆེན་པོ་ལས་གསུངས་པ་རྣམས་སོ། །དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི། ཇི་ལྟར་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་དེར་ཕྱག་རྒྱ་བཞིའི་དངོས་གྲུབ་རྣམ་པ་བཞི་གསུངས་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་
པ་ཀོ་ས་ལའི་རྒྱན་ལས་རིན་པོ་ཆེའི་རིགས་ཀྱི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་མདོར་བསྡུས་པ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་
རྗེས་ལའོ། །བྱང་ཆུབ་ལ་སེམས་དཔའ་བས་ན་བྱང་ཆུབ་སེམས་དཔའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་མཛད་པ་ལ་ཞུགས་པས་ན་སེམས་དཔའ་ཆེན་པོའོ། །ནམ་མཁའ་ཉིད་ཀྱི་སྐྱེ་གནས་མངའ་བས་ན་ནམ་མཁའི་སྙིང་པོ་སྟེ་དེ་ལས་རྫུས་ཏེ་སྐྱེས་པ་ཡིན་པའི་ཕྱིར་རོ། །འདི་ཞེས་བྱ་
བ་ནི་ཐུགས་ལ་གནས་པའོ། །འདི་ཞེས་བྱ་བ་ནི་གང་ཡིན་ཞེ་ན། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་གསུངས་སོ་ཞེས་བྱ་བ་སྟེ། འདིར་ཞུགས་ན་དོན་ཐམས་ཅད་གྲུབ་པས་ན་འདིའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་རོ། །དེ་ཡང་དཀྱིལ་འཁོར་ནི་སྙིང་པོ་ལ་བྱ་སྟེ་
མར་གྱི་སྙིང་པོ་ལྟ་བུའོ། །དེ་ལེན་པས་ན་དཀྱིལ་འཁོར་ཏེ་དེ་གསུངས་པའོ། །དཀྱིལ་འཁོར་ཞེས་བྱ་བའི་སྒྲས་ནི་སྙིང་པོ་ཉིད་ལ་བྱ་བར་བཤད་དེ་དཀྱིལ་འཁོར་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་དཀྱིལ་འཁོར་གྱི་སྙིང་པོ་འདི་ཉིད་ནི་དངོས་གྲུབ་དོན་དུ་གཉེར་བ་རྣམས་ཀྱི་དཀྱིལ་འཁོར་བྱིན་གྱིས་
Vol. 56 · folio 93a
བརླབ་པ་དང་། ལྷ་དགོད་པ་དང་། བཟླས་པ་བྱ་བ་རྣམས་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་སྟོན་ཏེ། དཀྱིལ་འཁོར་ཆེན་པོ་ལྟ་བུར་བྲིས་ལ་ལྷ་གཞན་མི་དགོད་པར་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་གཅིག་པུ་ཇི་སྐད་གསུངས་པའི་
སྙིང་པོ་འདིས་དབུས་སུ་གཞག་པར་བྱའོ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱས་བཅུག་ལ་མནའི་སྙིང་པོ་སྦྱིན་ཏེ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་པ་སྟེ། གསང་བའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ་
གཟུགས་ལ་སོགས་པའི་འདོད་པ་རྣམས་ལ་ཞེས་བྱ་བ་སྟེ་སོགས་པ་སྨོས་པས་ནི། སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་བསྡུའོ། །ཡིད་དང་རྗེས་སུ་མཐུན་ཞིང་འདོད་པར་བྱ་བ་ཡིན་པས་ན་འདོད་པ་སྟེ། ལྷ་དང་མི་རྣམས་ཀྱི་མངོན་པར་འདོད་པ་གང་ཡིན་པའོ། །ཆགས་བྲལ་བར་མ་གྱུར་ཞེས་བྱ་བ་ལ་
འདོད་པ་རྣམས་ལ་མ་ཆགས་པས་ན་ཆགས་བྲལ་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་པའོ། །ཆགས་པ་དང་མ་བྲལ་བས་ན་ཆགས་བྲལ་མ་གྱུར་པ་སྟེ། བྱང་ཆུབ་ཀྱི་སེམས་བསྟན་པའོ། །འདི་སྐད་སྟོན་ཏེ། སྒྲུབ་པའི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུད་བྱང་ཆུབ་
ཀྱི་སེམས་བརྟན་པར་བྱ་བའོ། །ཇི་ལྟར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་བྱས་ལ་དེ་རྣམས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་བདག་གིས་དངོས་གྲུབ་འདི་དང་། བྱང་ཆུབ་རྟོགས་པར་བགྱིས་ལ་སེམས་ཅན་ཐམས་ཅད་འཁོར་བའི་
བཙོན་ར་ནས་གདོན་པར་བགྱིའོ་ཞེས་དེ་ལྟར་བྱང་ཆུབ་དོན་དུ་གཉེར་བ་དང་། སེམས་ཅན་གདོན་པའི་མཚན་ཉིད་ཅན་གྱིས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་ཡིན་ནོ། །དེ་ལྟ་བུའི་ཆགས་པ་དང་བྲལ་བ་མ་ཡིན་པའི་སེམས་ཀྱིས་དེ་བཞིན་དུ་དུས་གཞན་དག་ཏུ་ཡང་ཡིད་དུ་འོང་བའི་གཟུགས་
མཐོང་བའམ། སྒྲ་ཐོས་པའམ། དྲི་སྣོམ་པའམ། རོ་མྱང་བ་འམ། རླུང་གཡབ་ལ་སོགས་པའི་རེག་བྱ་ཉམས་སུ་མྱོང་བ་ན་དེ་རྣམས་ལས་བདེ་བ་དང་ཡིད་བདེ་བ་གང་དག་མྱོང་བའི་བདེ་བ་དང་ཡིད་བདེ་བ་མཆོག་ཏུ་དགའ་བས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་
Vol. 56 · folio 93b
ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདི་ལྟ་བུའི་ཉོན་མོངས་པ་མེད་པའི་བདེ་བ་དང་ཡིད་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་ཀྱང་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་གྱི་དགའ་བའི་བདེ་བ་དང་ཡང་དག་པར་ལྡན་པར་གྱུར་ཅིག་ཅེས་
བྱ་བ་སྟེ། དེ་ལྟར་བདེ་བ་དང་ཡིད་བདེ་བ་དེ་སངས་རྒྱས་རྣམས་ལ་ཕུལ་བར་གྱུར་ཅིང་འབྲས་བུས་སེམས་ཅན་ཐམས་ཅད་ལ་བསྔོས་པས་རྟོག་པའི་དངོས་གྲུབ་རྣམས་འཐོབ་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་རྩ་བའི་དཀྱིལ་འཁོར་དུ་ཕྱག་རྒྱ་
རྣམ་པ་བཞི་གསུངས་པ་དང་། དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཞི་གསུངས་པ་སྟེ། དེའི་ཡེ་ཤེས་ཡིན་པས་ན་ཕྱག་རྒྱ་བཞིའི་ཡེ་ཤེས་སོ། །དེ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་
ལ། སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་ཞེས་བྱ་བ་ནི་རིན་པོ་ཆེ་ལ་སོགས་པའོ། །དཀྱིལ་འཁོར་བྲིས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་ལ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་རྒྱུད་རྣམས་རྫོགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ན།
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་རྟོག་པ་བཞི་པོའི་དོན་དང་འབྲེལ་པའི་ལེགས་སོ་ཞེས་བྱ་བས་གཟེངས་བསྟོད་པར་མཛད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ་རྒྱུད་རྫོགས་པའི་རྗེས་ལའོ། །ཡང་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་
དུས་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ་འདུས་པ་ནི་ཚོགས་པར་མཛད་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི་སྤྲུལ་པ་དང་ཉེ་བ་ལ་ལྟོས་པའོ། །
འདིས་ཞེས་བྱ་བ་ནི་འོག་ནས་བཤད་པས་སོ། །གང་གིས་ཤེ་ན། ལེགས་སོ་ཞེས་བྱ་བ་བྱིན་པས་སོ། །བསྟོད་དོ་ཞེས་བྱ་བ་ནི་མཆོད་པར་མཛད་པའོ། །ཇི་ལྟ་ཞེ་ན། ལེགས་སོ་ཞེས་རྡོ་རྗེ་སེམས་དཔའ་ཁྱོད་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དེ་བཞིན་གཤེགས་
Vol. 56 · folio 94a
པའི་རིགས་ཀྱི་རྟོག་པ་ལ་ལྟོས་པས་སོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ཀྱི་རྟོག་པ་ལ་ལྟོས་པས་སོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་ཆོས་ཀྱི་རིགས་ཀྱི་རྟོག་པ་ལ་ལྟོས་པས་སོ། །རྡོ་རྗེ་ལས་ཞེས་བྱ་བ་ནི་ལས་ཀྱི་རིགས་ཀྱི་རྟོག་པ་ལ་ལྟོས་པས་སོ། །རྡོ་རྗེ་ཐེག་པ་བླ་
ན་མེད། །ཅེས་བྱ་བ་ལ་རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེ་ཐེག་པའོ། །འདིས་འགྲོ་བས་ན་ཐེག་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་བྱེད་པའི་ཐབས་ཡིན་པའི་ཕྱིར་རོ། །བླ་ན་མེད་ཅེས་བྱ་བ་ནི་མདོ་སྡེའི་སྤྱོད་
པའི་ཚུལ་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་ཞེས་བྱ་བ་ལ་འདི་ནི་དེ་བཞིན་གཤེགས་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །གཞན་རྣམས་ཀྱིས་མི་ཤེས་པས་ན་གསང་བའོ། །ཐེག་པ་ཆེན་པོ་མངོན་འདུས་པ། །ཞེས་བྱ་བ་
ལ་འདིས་འགྲོ་བས་ན་ཐེག་པའོ། །ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པས་ན་ཐེག་པ་ཆེན་པོ་སྟེ། མོས་པས་སྤྱོད་པ་དང་བཅས་པའི་ས་བཅུ་གཅིག་པ་ཡིན་ལ་དེས་བགྲོད་པ་ནི་ས་བཅུ་གཉིས་པ་ཀུན་དུ་བཟང་པོའི་ས་སྟེ། འདི་གཉིས་ཀ་ལ་ཡང་ཐེག་པ་ཆེན་པོ་ཞེས་བྱ་ལ་དེ་སྟོན་པར་བྱེད་པའི་གཞུང་ལ་
ཡང་ཐེག་པ་ཆེན་པོ་ཞེས་བྱའོ། །ཐེག་པ་ཆེན་པོ་དེའི་གཙོ་བོ་བསྡུས་ཏེ་མངོན་པར་བྱང་ཆུབ་པའི་རིམ་པ་སྟོན་པས་ན་དེའི་ཕྱིར། ཐེག་པ་ཆེན་པོ་མངོན་འདུས་པ། །ཞེས་བྱའོ། །མདོ་ཙམ་དུ་སྟོན་པས་ན་མདོ་སྡེ་སྟེ། གཞུང་འབུམ་མདོར་བསྡུས་པ་ཡིན་པར་ཤེས་པར་བྱའོ། །འདི་ནི་ཞེས་
བྱ་བ་ནི་གོང་དུ་བཤད་མ་ཐག་པའོ། །ལེགས་པར་བཤད་ཅེས་བྱ་བ་ནི། ཕྱིན་ཅི་མ་ལོག་པར་གསུངས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདུས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱང་འདི་ཙམ་དུ་ཟད་དེ། འདི་ལྟ་སྟེ། ས་བཅུ་
གཉིས་སོ། །དེ་རྣམས་ཀྱང་འདིར་འདུས་པར་གྱུར་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འདུས་པ་ཞེས་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་
Vol. 56 · folio 94b
ཆེན་པོའི་འགྲེལ་པ་རྫོགས་སོ།། །།ད་ནི་འདི་མན་ཆད་ནི་དཀྱིལ་འཁོར་རྣམ་པ་བཞིའི་རིགས་རྣམ་པ་བཞིར་གཏོགས་པའི་ཕྱག་རྒྱ་རྣམ་པ་བཞིའི་དངོས་གྲུབ་སྒྲུབ་པའི་རྐྱེན་དུ་གྱུར་པ་གང་ཅུང་ཟད་ཡན་ཆད་ཅི་ཡོད་པ་དེ་དག་ཐམས་ཅད་ནི་ཕྱི་མ་ཞེས་བྱའོ། །དེ་ལ་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་
ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱེད་པ་དང་པོས་ནི་ཐོག་མ་ཁོ་ནར་རེ་ཞིག་རྟག་པ་རྣམ་པ་བཞིར་གཏོགས་པའི་དཀྱིལ་འཁོར་དང་པོ་བཞི་ཕྱག་རྒྱ་རྣམ་པ་བཞིའི་དངོས་གྲུབ་དམ་པའི་རྒྱུད་དེ་སྟོན་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། རྩ་བའི་རྒྱུད་ཀྱི་རྗེས་ཐོགས་
ལའོ། །བྱང་ཆུབ་ཆེན་པོར་སེམས་དཔའ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །འདིའི་ཕྱག་ན་རྡོ་རྗེ་མངའ་བ་ཡིན་པས་ན་ཕྱག་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་
ཅད་དེ་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་དང་འབྲེལ་པའི་དེ་ཁོ་ན་ཉིད་ཆེན་པོ་ནི། དེ་ཁོ་ན་ཉིད་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན་དེ་ཁོ་ན་ཉིད་ཆེན་པོ་སྟེ་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །དེ་ཡང་ཚིག་རེ་རེར་ཐམས་ཅད་བདག་ཡིན་
པར་ཞེས་བྱ་བ་ལ་སོགས་པ་འོག་ནས་ཇི་སྐད་བཤད་པ་ལྟ་བུའོ། །དེའི་ཆོ་ག་རྒྱས་པ་ནི་འདི་དག་བྱའོ་ཞེས་བྱ་བའི་རྣམ་པ་རྒྱས་པ་སྟེ་དེ་སྟོན་པར་བྱེད་པའི་གཞུང་ནི་ཆོ་ག་རྒྱས་པའི་རྒྱུད་དོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །གསུངས་སོ་ཞེས་བྱ་བ་ནི་དེ་བཀའ་སྩལ་ཏོ་ཞེས་བྱ་བའི་
དོན་ཏོ། །དེ་ལ་རེ་ཞིག་དང་པོར་ནི་ཕྱག་རྒྱ་ཆེན་པོ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཕྱག་རྒྱ་ཆེན་པོ་བཞིའི་ནང་ནས་ཕྱག་རྒྱ་ཆེན་པོ་ངེས་པར་གཟུང་བ་ཡིན་ནོ། །རེ་ཞིག་དང་པོར་ཞེས་བྱ་བའི་སྒྲ་ནི་གོ་རིམས་སུ་བཞག་པའོ། །ཕྱག་རྒྱ་
ཆེན་པོ་ནི་སྐུའི་ཕྱག་རྒྱའོ། །དེའི་དམ་པའི་དངོས་གྲུབ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཉིད་དུ་གྲུབ་པ་སྟེ། དེ་སྟོན་པར་བྱེད་པའི་གཞུང་གི་རྒྱུད་བཤད་དོ། །དེ་ཡང་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་
Vol. 56 · folio 95a
གཤེགས་པའི་ཕྱག་རྒྱ་ཆེ་བཅིངས་ནས། །ཞེས་བྱ་བ་ནི་སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བསྐྱེད་པའོ། །ནམ་མཁའི་དབྱིངས་ནི་ཐམས་ཅད་དུ། །སངས་རྒྱས་སྐུ་གཟུགས་བྱིན་བརླབས་ལ། །ཞེས་བྱ་བ་ནི་ནམ་མཁའི་
དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ནམ་མཁའི་དབྱིངས་ཐམས་ཅད་དེ། ནམ་མཁའི་གཏོས་དེ་ན་གཡོ་བ་དང་། གནས་པའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་པ་དེ་ཐམས་ཅད་དོ། །དེ་ལ་གཡོ་བ་ནི་ནམ་མཁའི་ལམ་ལ་རྒྱུ་བའོ། །གནས་པ་ནི་གཅིག་པ་ལ་སོགས་པར་གཏོགས་པ་སྟེ།
དེ་དག་ཐམས་ཅད་ཀྱང་ནམ་མཁའི་དབྱིངས་ཡིན་པར་མངོན་པར་འདོད་ལ། ནམ་མཁའི་དབྱིངས་དེ་དག་ཏུ་སངས་རྒྱས་སྐུ་གཟུགས་བྱིན་གྱིས་བརླབས་ལ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་སྐུ་གཟུགས་སུ་ལྷག་པར་མོས་པར་བྱ་བའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། རང་གི་སྙིང་དུ་བཅུག་
ནས་ནི། །ཞེས་བྱ་བ་སྨོས་སོ། །དེ་ཡང་ཇི་ལྟར་ཞེ་ན། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ། །ལེགས་པའི་ཆོ་གས་ཡིད་ཀྱིས་ནི། །ལུས་སུ་སངས་རྒྱས་ཀུན་གཞུག་གོ། །ཞེས་སྔར་ཇི་སྐད་བཤད་པ་ལྟ་བུའོ། །འདིའི་འབྲས་བུ་གང་ཞིག་ཡིན་ཞེ་ན། ཅི་སྟེ་འདོད་ན་ཚེ་འདི་ལ། །ཞི་བ་
དམ་པའི་མཆོག་གྱུར་པའི། །སངས་རྒྱས་ཉིད་འཐོབ་དེས་འདི་འགྲུབ། །ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་པས་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་སྐུ་གཟུགས་སྙིང་གར་བཅུག་པ་བསྒོམ་པ་འདི་བརྟན་པར་བྱས་པས་དེ་འདོད་ན་དངོས་པོ་ཐམས་ཅད་རྡུལ་ཕྲ་རབ་
གཅིག་གི་ནང་དུ་ཡང་ཆུད་པར་བྱེད་ཅིང་དངོས་པོ་གཅིག་ལས་ཀྱང་དངོས་པོ་ཐམས་ཅད་འབྱིན་པར་སྟོན་པ་ལ་སོགས་པ་འདི་ལྟ་བུ་བྱེད་པའོ། །འོན་ཏེ་དེ་ལྟ་བུ་མི་འདོད་ན་ཅིར་འགྱུར་བར་སྟོན་པ་ནི། ཅི་སྟེ་མི་འདོད་གོང་བསྒྲུབ་བཞིན། །ཞེས་བྱ་བ་སྟེ། ཡེ་ཤེས་ཚེ་སྟོབས་ན་ཚོད་དང་། །ཞེས་བྱ་བ་
ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཇི་སྐད་བསྟན་པའོ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་རྗེས་ལ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་སྟོན་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི། །ཞེས་
Vol. 56 · folio 95b
བྱ་བ་ནི་སྐུའི་ཕྱག་རྒྱ་བཅིང་བའོ། །དེ་ཉིད་ཆེན་པོ་བརྗོད་བྱ་སྟེ། །ཞེས་བྱ་བ་ལ་དེ་ཉིད་ཆེན་པོ་ནི་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་དོ། །བརྗོད་པ་ནི་དེ་སྟོན་པའོ། །ཇི་ལྟར་ཞེ་ན། ཚིག་རེར་ཐམས་ཅད་བདག་ཡིན་པར། །ཞེས་བྱ་བ་སྟེ། ཚིག་རེར་ཞེས་པ་ནི་དངོས་པོ་རེ་རེའི་མིང་ནས་
སྨོས་ཤིང་དངོས་པོ་ཐམས་ཅད་བདག་ཉིད་ཡིན་པར་རྣམ་པར་ཤེས་པ་ཙམ་དུ་ཡིད་ལ་བྱ་སྟེ་ཐམས་ཅད་ང་ཡིན་ནོ་ཞེས་ང་རྒྱལ་བསྒོམ་པར་བྱའོ། །དེ་ཡང་གཞན་དག་ལས་རྒྱུ་བ་དང་། མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དོ་ཞེས་གསུངས་པ་ལྟ་བུ་དང་། ལྷ་ཡུལ་ས་དང་རླུང་
དང་མཁའ། །རྒྱ་མཚོ་ཆུ་བོ་ཕྱོགས་རྣམས་ཀྱི། །ནང་གི་བྱེད་པའི་དེ་ཉིད་ཀྱི། །དངོས་པོ་ཕྱི་རོལ་གནས་པ་ཡིན། །ཞེས་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱིས་བཤད་པ་ལྟ་བུ་ཡང་ཡིན་ནོ། །རྣལ་འབྱོར་གང་ལ་གནས་ཏེ་འདི་ལྟར་བསྒོམ་པར་བྱ་ཞེ་ན། སེམས་དཔའི་རྣལ་འབྱོར་གང་དག་
གིས་བསྒོམ། །ཞེས་བྱ་བ་གསུངས་ཏེ། །འདིའི་འབྲས་བུ་གང་ཡིན་ཞེ་ན། ཅི་སྟེ་འདོད་ན་བདག་ཉིད་དེས། །དེ་བྱ་གཟི་ཅན་དགེ་བ་ཡི། །གོ་འཕང་ཚེ་འདི་ཉིད་ལ་འཐོབ། །ཅེས་བྱ་བ་གསུངས་ཏེ། གཟི་ཅན་ཞེས་བྱ་བ་ནི་གཟི་མདངས་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་ལ་བྱ་བར་
བཤད་དོ། །དེའི་གོ་འཕང་ནི་གཟི་ཅན་དགེ་བའི་གོ་འཕང་སྟེ། བྱང་ཆུབ་སེམས་དཔའ་ཉིད་དོ་ཞེས་བྱ་བའི་འདོན་ཏོ། །གལ་ཏེ་བྱང་ཆུབ་སེམས་དཔར་མི་འདོད་ན་དེ་ཅིར་འགྱུར་ཞེ་ན། མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བ་གསུངས་སོ། །འདིས་ནི་ཀུན་དུ་འགྲོ་བ་དང་། །འདོད་པ་ཀུན་
བདག་བདེ་ཆེན་དང་། །རྫུ་འཕྲུལ་ཚེ་སྟོབས་གཟུགས་མཆོག་རྣམས། །ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་རྣམས་སོ། །ཐམས་ཅད་ཀྱི་བདག་ཉིད་དུ་བསྒོམ་པ་འདིས་རྣལ་འབྱོར་པ་རྣམས་རྫུ་འཕྲུལ་གྱི་མཐུ་སྟོན་པར་ཡང་འགྱུར་ཏེ། ས་ཡང་གཡོ་བར་བྱེད་པ་དང་། རི་རབ་ཀྱང་
འདེགས་པར་བྱེད་པ་དང་། རྒྱ་མཚོ་ཡང་ཟློག་པར་བྱེད་དེ། དེ་ལ་སོགས་པ་དངོས་པོ་ཐམས་ཅད་རང་གི་སེམས་ལ་རག་ལས་པས། དེའི་ངོ་བོ་ཉིད་ཀྱི་ལུས་བསྐྱོད་པས་ཇི་ལྟར་འདོད་པ་བཞིན་དུ་བྱེད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་དེས་དབང་
Vol. 56 · folio 96a
བསྐུར་པ་ཡིན་པས་ན་དེར་དམ་ཚིག་གི་ཕྱག་རྒྱ་གཙོ་བོ་ཡིན་པའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་ཀྱི་དམ་པའི་གཞུང་བཤད་པའོ། །ཇི་ལྟ་ཞེ་ན། ཇི་ལྟར་རྡོ་རྗེ་འཛིན་གྲུབ་པ། །དེ་ལྟར་བདག་
ཅེས་བསྒོམས་ན་ནི། །ཞེས་བྱ་བས་སྟོན་ཏོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་དུ་བྱས་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བདག་ཀྱང་རྡོ་རྗེ་འཛིན་པ་བཞིན་དུ་གྲུབ་པ་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། སངས་རྒྱས་དང་ནི་གཟི་ཅན་འཐོབ། །ཅེས་
བྱ་བ་གསུངས་སོ། །གལ་ཏེ་དངོས་གྲུབ་དམ་པ་མི་འདོད་ན་ཅིར་འགྱུར་བ་སྟོན་པ་ནི། མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བ་སྟེ་མཉེས་པར་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་དངོས་
གྲུབ་དམ་པའི་གཞུང་གསུངས་པའོ། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །བདག་ཅེས་བརྗོད་ན་ངེས་པར་ཡང་། །ཞེས་བྱ་བ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི་དོན་དམ་པར་དངོས་པོ་མེད་པའི་ཕྱིར་རོ། །བརྗོད་ན་ཞེས་བྱ་བ་ནི་རང་གི་ཚིག་སྨྲ་བ་སྟེ། སྔོན་དུ་བྱ་བ་ཐམས་ཅད་བྱས་
ནས་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་ཞིང་ཆོས་ཀྱི་ཕྱག་རྒྱ་བརྗོད་ནའོ། །ཅི་ཞིག་འཐོབ་པར་འགྱུར་རོ་ཞེ་ན། སངས་རྒྱས་དང་ནི་གཟི་ཅན་འགྱུར། །ཞེས་བྱ་བ་གསུངས་སོ། །གལ་ཏེ་དངོས་གྲུབ་དམ་པ་མི་འདོད་ན། །མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བ་སྟེ། དོན་དམ་པའི་ཆོས་
ཤེས་པར་འགྱུར་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་དམ་པའི་གཞུང་གསུངས་པའོ། །ཐམས་ཅད་ཀྱི་ནི་ཀུན་དག་པ། །ལས་རྣམས་ཐམས་ཅད་སྦྱངས་ནས་ནི། །ཞེས་བྱ་བ་ལ་འདིར་
ཡང་སྒྲུབ་པའི་ཚེ་ཉིད་ན་ལས་ཀྱི་ཕྱག་རྒྱས་དཀྱིལ་འཁོར་གྱི་དབུས་སུ་འདུག་པ་ན་དངོས་པོ་ཐམས་ཅད་ཀྱི་རྣམས་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་བྱ་བའི་ཚོགས་ཐམས་ཅད་ཡོངས་སུ་དག་པ་ཡིན་ལ། དེ་ལྟར་ལས་ཐམས་ཅད་ཡོངས་སུ་དག་ན་འགྲུབ་པར་འགྱུར་བ་
Vol. 56 · folio 96b
ཡིན་ནོ། །དེ་ལྟར་ལས་ཐམས་ཅད་བསམ་པས་ཡོངས་སུ་སྦྱངས་ན་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། སངས་རྒྱས་གཟི་ཅན་འཐོབ་ཅེས་བྱ་བ་གསུངས་སོ། །གལ་ཏེ་མི་འདོད་ན་ཅི་སྟེ། མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་མཆོད་
པའི་ལས་ལ་སོགས་པ་གྲུབ་པའོ། །དེ་བཞིན་གཤེགས་པའི་རིགས་དམ་པའི་དངོས་གྲུབ་རྣམས་སོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་དངོས་གྲུབ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རང་གི་རིགས་ཀྱི་དམ་པའི་དངོས་
གྲུབ་ཀྱི་རྒྱུད་སྟོན་ཏེ། འདི་དག་ནི་གོ་སླའོ། །དངོས་གྲུབ་ཀུན་སྦྱོར་སངས་རྒྱས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ་འདིར་ཡང་སྔོན་དུ་བསྙེན་པ་ལ་སོགས་པ་བྱས་ནས། སྒྲུབ་པའི་ཚེ་དཀྱིལ་འཁོར་བྲིས་ལ། སྔོན་དུ་བྱ་བ་ཐམས་ཅད་བྱས་ནས། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་
པོའམ། སེམས་དཔའ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་རུངས་པ་འདུལ་བར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བཀའ་དེ་བདག་གིས་བསྒྲུབ་པར་བྱའོ་ཞེས་ཆོས་འདི་མངོན་སུམ་དུ་བྱ་ཞིང་བསམ་པ་འདིས་
བསྒྲུབ་པར་བྱས་ལ། དངོས་གྲུབ་ཀུན་སྦྱོར་ཞེས་བྱ་བ་ནི་སྦྱོར་བ་གང་རྩ་བའི་དཀྱིལ་འཁོར་དུ་གསུངས་པ་དང་། འོག་ནས་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་དངོས་གྲུབ་ཀུན་སྦྱོར་ཞེས་སྨོས་པར་བསྡུ་བར་བྱའོ། །བསམ་པ་འདི་དང་སྦྱོར་བ་འདིས་ཅི་ཞིག་བྱ་ཞེ་ན། །བསྒྲུབ་
ཅེས་བྱ་བ་གསུངས་སོ། །ཅི་ཞིག་ཅེ་ན། ཕྱག་རྒྱ་ཆེན་པོའོ། །ཅི་ཞིག་འཐོབ་ཅེ་ན། ཚེ་འདི་ཉིད་ལ་ཡང་སངས་རྒྱས་འགྲུབ་ཅེས་བྱ་བ་གསུངས་ཏེ། དངོས་གྲུབ་དམ་པའི་ཉེ་བར་མཚོན་པས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་ཡང་ཞེས་བྱ་བ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དེ་ནས་དམ་ཚིག་
གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱག་རྒྱ་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་ཆེན་པོར་སྦྱོར་བས་བདག་རྡོ་རྗེ་སེམས་དཔའ་ཉིད་དུ་འགྲུབ་པ་ཡིན་ནོ་ཞེས་བྱ་བ་དང་། དངོས་གྲུབ་ཀུན་སྦྱོར་བ་ཞེས་སྔར་སྨྲས་པས་སྒྲུབ་པའི་ཚེ་ཉིད་ལ། བསྒྲུབ་པའི་དཀྱིལ་
Vol. 56 · folio 97a
འཁོར་དུ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བདག་ཉིད་གྲུབ་པའི་གཟུགས་ཉིད་དུ་བསྒོམ་པར་བྱའོ། །དེ་ལྟར་རྡོ་རྗེ་འཛིན་པ་དང་འདྲ་བར་ཐེ་ཚོམ་མེད་པའི་ཡིད་ཀྱིས་བསྒོམས་ན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྐད་ཅིག་ཏུ་ནི་གཟི་ཅན་འཐོབ། །ཅེས་གསུངས་ཏེ། གཟི་ཅན་
ནི་བྱང་ཆུབ་སེམས་དཔའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །ཡི་གེ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་བྱེ་བྲག་གིས་ཐམས་ཅད་དུ་ཕྱག་རྒྱ་བཞི་དང་ལྡན་མོད་ཀྱི། །འོན་ཀྱང་རིགས་གང་དུ་གཙོ་བོ་ཡིན་པ་དེར་དེའི་དངོས་གྲུབ་བཤད་དོ། །དེ་བས་ན་འདིར་ནི་
ཆོས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པས་ན། དེ་སྒྲུབ་པའི་ཐབས་ཡི་གེ་མེད་པ་ཞེས་བྱ་བ་ལ་སོགས་པ་འདིས་སྟོན་ཏེ། ཆོས་འདི་དག་ཐམས་ཅད་ལ་ཡི་གེ་ཡོད་པ་མ་ཡིན་པས་ན་ཡི་གེ་མེད་པ་སྟེ། །མིང་ཇི་ལྟར་དགའ་བར་འདོགས་པའི་ཕྱིར་ཆོས་རྣམས་ཀྱི་རང་བཞིན་དང་མིང་གི་ཡི་གེར་འབྲེལ་པ་
ཡོད་པ་མ་ཡིན་ནོ། །མིང་གི་ཡི་གེས་ཀྱང་དོན་ལ་སྤྲོས་པར་བྱེད་ལ་སྤྲོས་པ་ནི་ཐ་སྙད་ཀྱི་བྱེ་བྲག་ཡིན་ཏེ། སྐྱེས་བུ་རྣམས་ཀྱི་བསམ་པའི་བྱེ་བྲག་དང་། དོན་གྱི་བྱ་བའི་བྱེ་བྲག་གིས་དོན་གཅིག་ལ་ཡང་ཐ་སྙད་དུ་མ་འདོགས་པ་དང་། ཐ་སྙད་དུ་མ་ལ་ཡང་དོན་གཅིག་ཏུ་བྱེད་པའི་ཕྱིར་རོ། །
དེ་ལྟ་བུ་ལ་སོགས་པ་སྤྲོས་པའི་མིང་དང་མིང་ཅན་གྱི་རང་བཞིན་གྱི་ངོ་བོ་ཉིད་དང་འབྲེལ་པ་མེད་པས་ན་དོན་དམ་པར་རབ་ཏུ་སྤྲོས་པ་ཡོད་མིན་ཏེ་ཞེས་གསུངས་པ་ཡིན་ནོ། །ཆོས་མཆོག་འདི་ནི་རྗོད་བྱེད་ཅིང་། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཡི་གེ་མེད་ཅིང་སྤྲོས་པ་མེད་པའི་ཆོས་ཀྱི་ཕྱག་རྒྱ་འདི་
བརྗོད་ཅིང་བསྒྲུབ་པའི་ཚེ་སྔར་བཤད་པའི་ཚུལ་གྱིས་དངོས་གྲུབ་ཀུན་གྱི་སྦྱོར་བ་བྱས་ནའོ། །ཆོས་ཀྱི་ཕྱག་རྒྱ་དེ་ལྟར་བསྒོམས་པས་ཅི་ཞིག་འཐོབ་ཅེ་ན། གཟི་ཅན་ཉིད་དུ་གྱུར་ཅེས་བྱ་བའོ། །དགེ་འམ་ཡང་ན་མི་དགེ་བའི། །ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཚེ་ན་
ཡང་དེའི་ཚེ་དགེ་བའམ་མི་དགེ་བའི་ལས་གང་བྱས་པ་འམ་བྱེད་དུ་བཅུག་པ་སྟེ། རྒྱལ་བ་རྣམས་ལ་ཕུལ་གྱུར་ན། །ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལ་དབུལ་བའོ། །དེས་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ཞེས་བྱ་བ་གསུངས་སོ། །
Vol. 56 · folio 97b
དབུལ་བ་ནི་འདིར་ལས་རྣམ་པར་བསྒོམ་པ་སྟེ། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །གནས་པ་མེད་ན་བྱ་བ་གང་། །འབྱུང་གང་བྱ་བའང་དེ་ཉིད་དེ། །བྱེད་པ་ཞེས་ཀྱང་དེ་ལ་བཤད། །ཅེས་བྱ་བ་ལ་སོགས་པས་ལས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་སོ་སོར་རྟོགས་པ་དང་། སྒྲུབ་པའི་དུས་
ན་དངོས་གྲུབ་ཐམས་ཅད་ཀྱི་སྦྱོར་བས་ལས་ཀྱི་ཕྱག་རྒྱ་བཅིངས་ནས། འགྲུབ་པར་འགྱུར་བ་ཤེས་པར་བྱའོ། །འདི་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་སྒོ་ནས་སྟོན་པ་ཡིན་པར་ཤེས་པར་བྱའོ། །ད་ནི་པདྨའི་རིགས་ཀྱི་དངོས་གྲུབ་དམ་པའི་རྣམ་པར་འགྲེལ་པ་སྟོན་
ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །པདྨོའི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་བསྒྲུབ་པའི་དཀྱིལ་འཁོར་དུ་ཞུགས་ཏེ། བྱ་བ་ཐམས་ཅད་ཟིན་པར་བྱས་ནས། དངོས་གྲུབ་འདོད་པས་དང་པོ་ཁོ་ནར་ཆོས་འདི་དག་ཡིད་ལ་བྱ་སྟེ། འདོད་ཆགས་ངོ་བོ་ཉིད་ཀྱིས་དག །ཅེས་བྱ་བ་
ནི་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་རྣམས་ལ་རྒྱུ་མེད་པར་བྱམས་པ་སྟེ། སེམས་ཅན་རྣམས་ཀྱིས་གསོལ་བ་བཏབ་ཀྱང་སེམས་ཅན་འདི་དག་བདག་གིས་འཁོར་བའི་བཙོན་ར་ལས་གདོན་པར་བྱའོ་ཞེས་ཕ་རོལ་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བའི་མཚན་ཉིད་ཅན་འདི་
ནི། འདོད་ཆགས་ངོ་བོ་ཉིད་ཀྱིས་དག་པའོ། །མུ་སྟེགས་ཅན་གྱིས་སྨད་གྱུར་ལ། །ཞེས་བྱ་བ་ལ་མུ་སྟེགས་ནི་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་ཐབས་དང་ལྡན་པ་གང་ཡིན་པ་དེ་ལ་མུ་སྟེགས་ཞེས་བྱ་བ་ལ། དེར་སངས་རྒྱས་ཀྱི་གསུང་སྤངས་ནས། གང་ཐབས་གཞན་ཚོལ་
བ་དེ་ནི་མུ་སྟེགས་གཞན་ཏེ། མུ་སྟེགས་གཞན་ལ་དེ་དག་གི་ངོ་བོ་ཉིད་ཡིན་པས་ན་མུ་སྟེགས་ཅན་ནོ། །དེས་སྨད་པ་ནི་གྲོལ་བ་རྣམས་ལ་ལྟ་ཞིག་སེམས་ཅན་རྣམས་ལ་བྱམས་པ་དགོས་པ་ཅི་ཞིག་ཡོད་ཅེས་པའོ། །དེའི་ཆགས་པའི་གསང་བ་དེ་ལྟ་བུ་ཡིན་ཞིང་མ་ཆགས་པ་
གང་ཡིན་པ་དེ་ཆོས་འདིར་ཐེག་པ་ཆེན་པོའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། ཆོས་འདི་ཉིད་ནི་ཐེག་པ་ཆེན་པོའི་རྩ་བ་ཡིན་ཏེ། འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཞེས་སྟོན་ཏོ། །དེ་ལྟར་བསྒོམས་པས་དེ་ཅིར་འགྱུར་ཞེ་ན། འགྲུབ་པར་འགྱུར་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ།
Vol. 56 · folio 98a
ཐེག་པ་ཆེན་པོའི་ཆོས་ཀྱི་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པ་འཐོབ་པར་འགྱུར་རོ་ཞེས་པའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དམ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཏིང་འཛིན་བརྟན་པའི་ཚུལ་གྱིས་ནི། །བྱམས་པ་ཆེན་པོ་བསྒོམས་ནས་ཀྱང་། །ཞེས་བྱ་བ་ལ་
སོགས་པ་ལ་བསྒོམ་པ་ནི་ཡང་དང་ཡང་དུ་གོམས་ཤིང་འདྲིས་པར་བྱེད་པའོ། །ཅི་ཞིག་གོམས་པར་བྱ་ཞེ་ན། བྱམས་པ་ཆེན་པོ་ཞེས་བྱ་བ་དེ་མཛའ་བའི་ངོ་བོ་ཉིད་ཡིན་པས་ན་བྱམས་པའོ། །བྱམས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བྱམས་པ་ཆེན་པོ་སྟེ། འདོད་པ་ན་སྤྱོད་པའི་སེམས་
ཅན་སྡུག་བསྔལ་བ་རྣམས་ཀྱི་ཡུལ་ལ་བདེ་བའི་རྣམ་པས་ཕན་གདགས་པར་སེམས་པ་ནི་བྱམས་པའོ། །ཁམས་གསུམ་ན་སྤྱོད་པའི་སེམས་ཅན་རྣམས་ལ་བདེ་བའི་རྣམ་པས་ཕན་འདོགས་པར་སེམས་དཔའ་ནི་བྱམས་པ་ཆེན་པོ་སྟེ། དེ་བསྒོམ་པར་བྱ་བའོ། །ཇི་ལྟ་ཞེ་ན། ཏིང་
འཛིན་བརྟན་པའི་ཚུལ་གྱིས་ནི། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །བརྟན་པ་ནི་དེ་ལས་མི་འགྱུར་བའོ། །ཚུལ་གྱིས་ནི་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་གྱིས་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ལ་རྡོ་རྗེ་ཕྲ་མོ་བསྟན་
པར་བྱས་ནས་བྱམས་པ་ཆེན་པོ་བསྒོམས་ལ་དེས་ཁྱབ་ཅིང་སྤྲོ་བར་བྱའོ། །ཆོ་ག་བཞིན་ཞེས་བྱ་བ་ལ་འདིར་ཆོ་ག་ནི་འདི་ཡིན་ཏེ། རྣལ་འབྱོར་པ་གང་དུ་གནས་པ་དེ་ལས་ཤར་ཕྱོགས་ནས་བརྩམས་ཏེ། སེམས་ཅན་གཅིག་བདེ་བ་དང་ལྡན་པར་བསམ་མོ། །དེ་བཞིན་དུ་གཉིས་དང་།
གསུམ་དང་། ཁྱིམ་དང་། གྲོང་དང་། ལྗོངས་དང་། ཡུལ་དང་། ཕྱོགས་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་རྣམས་དང་། ཤར་ལྷོ་མཚམས་ནས་བརྩམས་ཏེ། མཚམས་རྣམས་དང་། སྟེང་དང་། འོག་སྟེ་འདི་དག་ཐམས་ཅད་དུ་སེམས་ཅན་ཐམས་ཅད་
བདེ་བ་དང་ལྡན་པར་སེམས་པ་འདི་ནི་འདིའི་ཆོ་ག་ཡིན་ནོ། །དེ་ལྟ་བུའི་ཆོ་ག་དང་ལྡན་པས་ཁྱབ་པར་བྱ་བ་ལ་མངོན་པར་བརྩོན་པ་དང་ལྡན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཚེ་པདྨོའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་གྲུབ་པའི་དཀྱིལ་འཁོར་དུ་ཞུགས་པ་ནའོ། །དེ་ནས་
Vol. 56 · folio 98b
ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འཐོབ། །ཅེས་གསུངས་སོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། འདོད་ཆགས་ངོ་བོ་ཉིད་དག་ཅེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་དག་པས་ན། ངོ་བོ་ཉིད་ཀྱིས་དག་པ་སྟེ། །འཁོར་བ་ལ་བརྟེན་ནས་བདག་དང་གཞན་གྱི་
རྣམ་པར་གྲོལ་བ་སྐྱེད་པར་བྱེད་པ་སྟེ། ཇི་ལྟར་ན་ངས་སེམས་ཅན་རྣམས་འཁོར་བའི་བཙོན་ར་ལས་གདོན་པར་བྱ་ཞེས། སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེ་ཡང་སངས་རྒྱས་སུ་མ་གྲུབ་པར་ནུས་པ་མ་ཡིན་ནོ་ཞེས་བསམས་ནས་རེ་ཞིག་དང་པོར་བདག་ཉིད་ཀྱིས་ཡིན་
བར་བྱང་ཆུབ་རྟོགས་པར་བྱེད་དེ། དེ་ལྟར་ན་བདག་གྲོལ་ནས་གདོད་ཕ་རོལ་གྲོལ་བར་བྱེད་པ་ཡིན་ནོ། །དེ་ལྟར་ན། འདོད་ཆགས་ངོ་བོ་ཉིད་དག་ཅེས། །སྨྲ་བར་གྱུར་པའི་ཚུལ་འདི་ནི། །ཞེས་གསུངས་པ་ཡིན་ནོ། །སྨྲ་བར་གྱུར་པ་ཞེས་གསུངས་མོད་ཀྱི། འོན་ཀྱང་འདིར་བསྒོམ་པ་ཉིད་
ཡིན་པར་སྟོན་ཏོ། །འདོད་ཆགས་ཕ་རོལ་ཕྱིན་རྙེད་དེ། །ཞེས་བྱ་བ་ནི། གང་གི་ཚེ་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་འདོར་བར། སེམས་ཅན་གྱི་ཁམས་མ་ལུས་པ་བདེ་བ་ལ་ཉེ་བར་སྦྱར་བར་ལྷག་པའི་བསམ་པས། ཁྱབ་པར་བྱས་པ་དེའི་ཚེ། འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྙེད་
པ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འཐོབ། །ཅེས་བྱ་བ་གསུངས་སོ། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་རྒྱུད་བཤད་དེ། པདྨོའི་རིགས་ཀྱི་ལས་ཀྱི་ཕྱག་རྒྱ་དམ་པ་བསྒྲུབ་པ་དེའི་ཚེ་ན། བསྒྲུབ་པའི་དཀྱིལ་འཁོར་བྲིས་ཏེ། སྔོན་དུ་བྱ་བ་ཐམས་
ཅད་བྱས་ནས། ངས་དངོས་གྲུབ་འདི་བསྒྲུབས་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་མཐར་འབྱིན་པར་བྱེད་པ། སྤྱན་རས་གཟིགས་ཀྱི་དབང་པོ་དང་འདྲ་བར་གྱུར་ཅིག་ཅེས་ཆོས་འདི་མངོན་སུམ་དུ་བྱའོ། །ཇི་ལྟ་ཞེ་ན། བདག་གིས་ལྟ་དང་རེག་པ་དང་། །ཞེས་བྱ་བ་ལ་སོགས་
པས་སོ། །སྡུག་བསྔལ་ཀུན་གྱི་མཐར་བྱེད་འགྱུར། །ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་མཐར་འབྱིན་པར་མཛད་པ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཡིན་ཏེ། ལ་ལ་ནི་བཅོམ་ལྡན་འདས་བལྟས་པའི་དོན་མཛད་དེ་མིག་ལམ་དུ་བབ་པས་སོ། །ཁ་ཅིག་ནི་
Vol. 56 · folio 99a
རེག་པས་ཏེ་ཞབས་ལ་སོགས་པས་རེག་པར་བྱས་པ་ཙམ་གྱིས་ནད་ལ་སོགས་པའི་སྡུག་བསྔལ་དང་བྲལ་བའོ། །ཁ་ཅིག་ནི་མཉན་པ་ཙམ་གྱིས་ཇི་ལྟར་གྲུ་ལ་སོགས་པ་ཞིག་པ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ཕྱག་འཚལ་ལོ་ཞེས་གཅིག་གིས་བོས་
པའི་མཚན་དེ་གཞན་རྣམས་ཀྱིས་ཐོས་པ་དང་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཅིང་ཉེ་བར་འཚེ་བ་དེ་དང་བྲལ་བ་ལྟ་བུའོ། །ལ་ལ་ནི་མཚན་ནམ་སྐུ་དྲན་པ་ཙམ་གྱིས་འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་དང་བྲལ་བར་འགྱུར་རོ། །དེ་བས་ན་དེའི་ཆོས་ཉིད་འདི་ལྟ་བུ་ཡིན་པ་དེ་བཞིན་དུ། །
བདག་གི་ཆོས་ཉིད་ཀྱང་དེ་དང་འདྲ་བར་གྱུར་ཅིག་ཅེས་བྱ་བ་སྟེ། འདི་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་སྒོ་ནས་སྟོན་པ་ཡིན་པར་ཤེས་པར་བྱའོ། །ད་ནི་ནོར་བུའི་རིགས་ཀྱི་དངོས་གྲུབ་ཀྱི་དམ་པའི་རྒྱུད་སྟོན་ཏེ། དེར་ཡང་དང་པོ་ཉིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པའི་གཞུང་
སྟོན་ཏོ། །རྡོ་རྗེ་སྙིང་པོའི་ཇི་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་སངས་རྒྱས་ཐམས་ཅད་དབང་བསྐུར་བ་གྲུབ་པར་འགྱུར་བ་དེ་བཞིན་དུ་བདག་ཀྱང་དེ་དང་འདྲ་བར་གྱུར་ཅིག་པའོ། །དེ་ལྟར་བསྒོམ་པ་སྒྲུབ་པའི་ཚེ་ན་ཁྱད་པར་དུ་ཡང་བསྒོམ་པར་
བྱའོ། །དེས་ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་དམ་པའི་དངོས་གྲུབ་ཀྱི་ཚེ་ཡང་། ནམ་མཁའི་སྙིང་པོ་འདྲ་བར་ནི། །སེམས་ཅན་ཀུན་
གྱི་རེ་བ་ཀུན། །ཡོངས་སུ་རྫོགས་པར་བྱེད་གྱུར་ཅིང་། །ཞེས་བྱ་བ་འདི་བསྒོམ་པར་བྱ་བའོ། །དེས་ཅིར་འགྱུར་ཞེ་ན། སྐད་ཅིག་གིས་ནི་གཟི་ཅན་འཐོབ། །ཅེས་བྱ་བ་གསུངས་སོ། །ད་ནི་ཆོས་ཀྱི་ཕྱག་རྒྱ་དམ་པའི་དངོས་གྲུབ་ཀྱི་དམ་པའི་གཞུང་སྟོན་ཏེ། བདག་ཉིད་ཀྱང་ནི་སྤངས་ནས་སུ། །
ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་སྟོན་ཏེ། བདག་ཉིད་ལ་གནོད་པ་དང་ཡང་བསྔོས་ཤིང་ནོར་བྱིན་པས་ཤིན་ཏུ་དགའ་བ་བསྐྱེད་པའོ། །དེ་ཡང་། ཆོས་འབྱུང་ཕྱག་རྒྱ་སྨྲ་ན་ནི། །ཞེས་བྱ་བ་ལ་སྨྲ་བ་ཞེས་བྱ་བ་ནི་བསྒོམ་པ་ལ་བྱ་སྟེ། འདི་ལྟ་བུར་བསྒོམ་པ་ལ་སྨྲ་བ་ཞེས་བྱའོ། །དེ་ལྟར་ན་
Vol. 56 · folio 99b
གང་འདི་ལྟར་ཆོས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཚེ་ན་ནོར་བྱིན་པས་ཤིན་ཏུ་དགའ་བ་སྐྱེད་པར་བྱེད་ན། གཟི་ཅན་ཚེ་འདི་ཉིད་ལ་འཐོབ། །ཅེས་གསུངས་པ་ཡིན་ནོ། །དེ་ནས་ལས་ཀྱི་ཕྱག་རྒྱ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ་ལས་ཀྱི་ཕྱག་རྒྱ་དམ་པ་སྒྲུབ་པའི་དུས་སུ་ཡང་དབུལ་པོ་རྣམས་ལ་
ཕན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྦྱར་རོ། །འདི་སྐད་སྟོན་ཏེ། དངོས་གྲུབ་བསྒྲུབ་པའི་བྱ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་སྡུག་བསྔལ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ་ཞེས་དེ་ལྟར་བརྩོན་པར་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། གཟི་
ཅན་འགྱུར་རོ་ཞེས་བྱ་བ་གསུངས་སོ། །འོན་ཏེ་དངོས་གྲུབ་དམ་པ་མི་འདོད་ན། །ཅི་སྟེ་ཡང་། མི་འདོད་འབྲས་བུ་གོང་མ་བཞིན། །ཞེས་བྱ་བ་སྟེ། འདི་ནི་དོན་ཐམས་ཅད་བསྒྲུབ་པའི་དཀྱིལ་འཁོར་གྱི་སྒོ་ནས་སྟོན་པ་ཡིན་པར་ཤེས་པར་བྱའོ། །རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་
བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། དམ་ཚིག་འདིར་རིགས་གང་གི་ཡོན་ཏན་གང་ངེས་པར་
འབྱུང་བ་དེ་ནི་དེར་དམ་ཚིག་ཅེས་བྱ་བ་སྟེ། དེ་དེར་བསྲུངས་ན་འགྲུབ་པར་འགྱུར་རོ། །དེ་སྟོན་པའི་གཞུང་ནི་རྒྱུད་དོ། །གསུངས་པ་ནི་དེ་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་ནི། གང་གིས་འདོད་ལ་
སྙོམས་ཞུགས་པ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྣལ་འབྱོར་པ་གང་འདོད་ལ་སྙོམས་ཞུགས་ཞེས་བྱ་བ་སྟེ། ཆགས་པ་དང་རབ་ཏུ་ལྡན་པར་སྙོམས་པར་འཇུག་པས་ན་འདོད་ལ་སྙོམས་ཞུགས་པ་སྟེ། སྲེག་པ་དང་ཡང་དག་པར་ལྡན་པའི་བསམ་གཏན་ཞེས་བྱ་བའི་དོན་ཏོ། །
དེ་ལ་འདོད་པས་སྦྱོང་བར་བྱེད། །ཅེས་བྱ་བ་ནི་འོག་མའི་མཉམ་པར་འཇོག་པ་ལ་ཆགས་པའི་སྲེད་པ་གོང་མའི་སྙོམས་པར་འཇུག་པས་སྦྱོངས་ཤིག་པ་སྟེ། འདི་ལ་སྲེད་པ་སྤོངས་ལ་འོག་མའི་མཉམ་པར་འཇོག་པ་བསྐྱེད་ཅིག་པ་སྟེ། །སངས་རྒྱས་ཀྱི་ཕྱག་རྒྱ་བསྒོམ་ཞིང་ཡེ་ཤེས་
Vol. 56 · folio 100a
ཀྱང་འཐོབ་པ་འདི་ལ་ཆགས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་གང་གིས་འདོད་ཆགས་ལ་སྙོམས་པར་ཞུགས་པ་དེ་ལ་ཆེས་ཁྱད་པར་དུ་འཕགས་པའི་འདོད་ཆགས་ལ་སྙོམས་པར་ཞུགས་པའི་ཆགས་པས་སྦྱངས་ན་དེ་ལྟ་བུ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའི་
ཡེ་ཤེས་ཀྱི་དམ་ཚིག་བསྲུངས་པར་གྱུར་པ་ཡིན་ཏེ། འདི་དག་ཀྱང་སངས་རྒྱས་ཕྱག་རྒྱ་ཆེན་པོ་ཡི། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །ཅེས་བྱ་བས་སྟོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདོད་པ་རྣམས་ལ་ཆགས་བྲལ་མིན། །
ཞེས་བྱ་བ་ལ་སོགས་པ་ལ་འདོད་པ་ནི་ཡིད་དུ་འོང་བའི་གཟུགས་དང་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སོ། །དེ་རྣམས་ལ་ཆགས་བྲལ་མིན་པ་ནི་དེ་ལ་རྒྱབ་ཀྱིས་ཕྱོགས་པར་མི་བྱེད་པ་སྟེ། འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ཡིན་པར་གསུངས་སོ། །ཤིན་ཏུ་
ཚུལ་ཆེན་ཞེས་བྱ་བ་ལ་གང་འདོད་པ་རྣམས་ལ་འདོད་ཆགས་དང་མ་བྲལ་བ་འདི་ནི་དེ་བཞིན་གཤེགས་པའི་རིགས་ལ་དམ་ཚིག་ཤིན་ཏུ་མཆོག་གི་དམ་ཚིག་གི་དམ་པ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དག་པ་ཡང་ཡིན་ཏེ་ཉན་ཐོས་དང་རང་སངས་
རྒྱས་རྣམས་ཀྱི་ཐེག་པ་ཡོངས་སུ་གཏོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན། རྒྱལ་བས་ཀྱང་ནི་འདའ་མི་མཛད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡིད་དུ་འོང་བའི་
གཟུགས་ལ་སོགས་པ་སྟོན་ཅིང་གཞལ་ཡས་ཁང་བསྒོམ་པ་ལ་སོགས་པ་ལ་སོགས་པའོ། །དམ་ཚིག་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱིས་བསྲུང་བར་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེ་རིགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སེམས་ཅན་དོན་དུ་ཁྲོ་མིན་ཡང་། །ཞེས་བྱ་བ་
ལ་སོགས་པ་འདི་ལ་ཁྲོ་བ་ཡོད་པ་མ་ཡིན་པས་ན་ཁྲོ་མིན་ཏེ། ཞེ་སྡང་མེད་པ་ལ་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །སུ་ཞིག་གི་ཞེ་ན། ཁྲོ་བོའི་སྟེ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་སེམས་དཔའ་ཟློས་པ་རྣམས་ཀྱིས་ནི་ཁྲོ་བོ་ཆེན་པོར་རབ་ཏུ་སྟོན་པ་དམ་ཚིག་ཡིན་ནོ། །ཅིའི་ཕྱིར་ཁྲོ་བ་མེད་པས་
Vol. 56 · folio 100b
ཁྲོ་བོར་སྟོན་ཞེ་ན། དེའི་ཕྱིར་སེམས་ཅན་དོན་དུ་ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། གང་གི་ཕྱིར། འདི་ནི་རྡོ་རྗེ་རིགས་ཡིན་པས། །རྡོ་རྗེ་རིགས་ཆེན་པོའི་དམ་ཚིག་འདི་ནི་འདའ་བར་དཀའ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དམ་ཚིག་སྟོན་
ཏེ། རང་བཞིན་དག་པར་ཤེས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ་རང་གི་ངོ་བོ་ཉིད་ཀྱིས་དག་པའི་ཕྱིར། རང་བཞིན་དག་པ་སྟེ་གཙང་བ་དང་མི་གཙང་བའི་དངོས་པོ་གང་ཡང་རུང་སྟེ། དོན་དམ་པར་སྒྱུ་མ་དང་འདྲ་བར་ཡོངས་སུ་མ་གྲུབ་པའི་རང་བཞིན་དག་པ་འདི་ཤེས་པར་བྱས་ནས་
ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ཡིན་པས་དེའི་དགོས་པ་གང་དང་གང་བྱེད་པ་ཞེས་བྱ་བ་སྟེ། རྣལ་འབྱོར་གྱི་རྒྱུད་ལ་གནས་པའི་རྣལ་འབྱོར་པ་དེ་བསྒྲུབ་པའི་ཚེའམ། དུས་གཞན་དུ་རང་བཞིན་གྱིས་དག་པའི་ཆོས་རྣམས་ཤེས་པར་བྱས་ལ་དགོས་པ་བྱེད་དོ་ཞེས་སྟོན་ཏོ། །དེ་ཅིའི་
ཕྱིར་ཞེ་ན། འདི་ནི་པདྨོའི་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཇི་ལྟར་རྒྱུད་གཞན་དག་ལས་མཆིལ་མ་དང་། སྣབས་དང་བཤང་བ་དང་། གཅི་བ་ལ་སོགས་པ་བྱུང་བ་ནི་ཁྲུས་ལ་སོགས་པའི་ཆོ་ག་བཤད་དེ་དེ་བཞིན་དུ་
འདིར་ངན་པར་བརྟག་པར་མི་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དམ་ཚིག་བསྲུངས་པ་ཡིན་གྱིས། གཞན་དུ་ན་བསྒོམ་པ་བཏང་ན་ཁྲུས་བྱེད་པ་ལ་འཇུག་པ་ནི་གཡེང་བ་མང་པོར་འགྱུར་བས་འགྲུབ་པར་ག་ལ་འགྱུར། དེ་ལ་ཞེས་བྱ་བ་ལ་
སོགས་པས་ནི་ནོར་བུའི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །ཉུང་ངམ་ཡང་ན་མང་ཡང་རུང་། །ཞེས་བྱ་བ་ལ་སོགས་པ་ལ། གང་ལ་འབྱོར་པ་ཅི་ཡོད་པ་ལས་ཤེས་པར་བྱ་བར་ཤེས་པར་བྱའོ། །ཅི་ཙམ་ནུས་པ་ཉིད་དུ་ནི། །ཞེས་བྱ་བ་ཉུང་ངུ་ལས་ནི་ཉུང་ངུ་། མང་པོ་ལས་ནི་མང་
པོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བྱ་ཞེ་ན། སྦྱིན་པའི་ཞེས་བྱ་བའོ། །ཉི་མ་སྟོངས་པར་བྱ་བ་ཞེས་བྱ་བ་ནི་ཉིན་རེ་ཞིང་རྟག་པར་བྱའོ་ཞེས་སྟོན་ཏོ། །གང་གིས་ཤེ་ན་སྦྱིན་པས་སོ། །ཅིའི་ཕྱིར་ཞེ་ན། འདི་ནི་དམ་ཚིག་ཡིན་ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་ནི་ནོར་བུའི་རིགས་ཟློས་པའི་དམ་
Vol. 56 · folio 101a
ཚིག་ཡིན་པའི་ཕྱིར་རོ། །འདི་སྐད་སྟོན་ཏེ། དེ་ནི་ནོར་འདོད་པ་ཡིན་ལ་དེ་ནི་ནོར་མེད་ན་སྦྱིན་པའི་བསོད་ནམས་མེད་པའི་ཕྱིར་རོ། །སྦྱིན་པས་ཉི་མ་སྟོངས་པར་གྱིས་ཤིག་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རིགས་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱའི་
ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་དེ་ལ་ཞེས་བྱ་བ་ལ་སོགས་པས་དང་པོར་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་ཆོས་ཞེས་གྲགས་སོ་ཞེས་བྱ་བ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་མི་སློབ་པའི་ཆོས་
ཀྱི་ངོ་བོ་ཉིད་ལ་བྱའི། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ལ་ནི་མི་བྱ་སྟེ། སངས་རྒྱས་སུ་བྱེད་པའི་མི་སློབ་པའི་ཆོས་ནི་སངས་རྒྱས་སོ་ཞེས་ཆོས་མངོན་པ་ལས་ཇི་སྐད་བཤད་པ་ལྟ་བུ་དང་། གལ་ཏེ་མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་
བར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །བརྗོད་ནས་ཆོས་ཉིད་ཡི་གེ་ནི། །ཞེས་བྱ་བ་ལ། སངས་རྒྱས་ནི་ཆོས་ཀྱི་རང་བཞིན་ནོ་ཞེས་བྱ་བར་ཡང་དག་པར་ཤེས་པར་བྱས་ལ་སྒྲུབ་
པའི་ཚེའམ། །བཟླས་བརྗོད་ཀྱི་ཚེ་དེ་སྐད་བརྗོད་ན། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དམ་ཚིག་བསྒྲུབས་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ལས་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏོ། །དེ་ལ་འདོད་
ཆགས་ནི་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་ཏེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏེ་དེ་ལས་ལྷག་པར་དག་པའི་ཆོས་གཞན་མེད་དོ། །ཅིའི་ཕྱིར་འདི་ཤིན་ཏུ་དག་པ་ཡིན་ཞེ་ན། གང་གི་ཕྱིར། བདེ་བ་ཐམས་ཅད་རབ་སྦྱིན་བྱེད། །ཅེས་བྱ་བ་གསུངས་ཏེ། བདེ་བ་
ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡིན་ལ། དེ་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཉིད་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པའི་རིགས་ཀྱི་ནི། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ཆོས་དེའི་ཆོས་འདི་ཡིན་པས་ན་དེའི་
Vol. 56 · folio 101b
རིགས་ཟློས་པ་རྣམས་ཀྱང་བསྒྲུབ་པའི་ཚེ་དང་སྔོན་དུ་བསྙེན་པའི་ཚེ་དུས་ཐམས་ཅད་དུ་འདི་དྲན་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་བྱེད་པའི་ཆོས་མཆོག་འདིའོ། །ཞེས་བྱ་བ་གསུངས་སོ། །ད་ནི་སངས་རྒྱས་བཀའ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དངོས་གྲུབ་
སྟོན་ཏེ། སངས་རྒྱས་བཀའ་ནི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བྱ་བ་སྟེ། དཔེར་ན་ལྷ་ཆེན་པོ་ལ་སོགས་པ་བཏུལ་བ་ལྟ་བུའོ། །སྦྱང་བ་དང་ཞེས་བྱ་བ་ལ་སྦྱང་བ་ནི་མ་རུངས་པ་རྣམས་སྐྲག་པར་བྱས་ནས་སྡིག་པ་ལ་འཇུག་པ་ལས་བཟློག་པའི་ཕྱིར་རོ། །
སེམས་ཅན་དྲང་བར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་གང་མ་རུངས་པ་རྣམས་ཀྱིས་ཉེ་བར་གཙེས་པའི་སེམས་ཅན་དེ་རྣམས་འཇིགས་པ་ལས་གདོན་པ་ནི་དྲང་བར་བྱ་བའོ། །དེ་ལྟར་ཁྲོས་པར་མ་གྱུར་ཀྱང་མ་རུངས་བདུད་བྱས་ཞེས་བྱ་བ་ལ་བདུད་བྱས་པ་ནི་ང་རྒྱལ་གཞོམ་པའི་ཕྱིར་བསྒྱེལ་ཞིང་བརྒྱལ་
དུ་བཅུག་ནས་སེམས་མེད་པར་བྱས་པ་སྟེ། ལྷ་ཆེན་པོ་དང་འདྲ་བར་དུས་ཅུང་ཟད་ཞིག་གི་བར་དུ་སེམས་མེད་པར་བྱས་པ་ལ་བདུད་བྱས་པ་སྟེ་བསད་པ་ཞེས་གསུངས་སོ། །དངོས་གྲུབ་འཐོབ་ཅེས་བྱ་བ་ནི་དེ་ལྟ་བུའི་ཆོས་འདི་ལ་གནས་ན་དངོས་གྲུབ་འཐོབ་པོ་ཞེས་གསུངས་སོ། །ད་ནི་པདྨོ་ཆུ་
ཡིས་མི་ཆགས་པར། །ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ཆོས་སྟོན་ཏེ་མི་ཆགས་པ་ནི་མ་གོས་པའོ། །གང་གིས་ཤེ་ན། ཆུ་ཡིས་ཏེ་ཆུའི་ཉེས་པས་སོ། །མ་ཆགས་པ་སྟེ་གང་ཡིན་ཞེ་ན། པདྨོ་ཞེས་བྱ་བ་གསུངས་ཏེ་དཔེར་ན་པདྨོ་ནི་རང་བཞིན་གྱིས་དམར་བ་ཡིན་དུ་
ཟིན་ཀྱང་། གོས་པ་མེད་པ་དེ་བཞིན་དུ་འདོད་པས་ཆགས་པར་མི་འགྱུར་རོ། །འདི་སྐད་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀྱི་རྒྱུད་དུ་གཏོགས་པའི་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་ནི་སེམས་ཅན་རྣམས་ལ་ཆགས་པའི་རང་བཞིན་ཅན་ཡིན་དུ་
ཟིན་ཀྱང་དེའི་ཉེས་པས་གོས་པར་མི་འགྱུར་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་ཀུན་ནས་བསླངས་པ་མ་ཡིན་པ་དང་། བདག་དང་གཞན་གྱི་གྲོལ་བ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྨྲ་ཞེས་བྱ་བ་ནི་སེང་གེའི་སྒྲ་སྒྲོགས་པའོ། །དགོས་མིན་བྱེད་ཀྱང་ནི་ཞེས་བྱ་བ་ལ་དགོས་པ་ནི་སྔོན་གྱི་
Vol. 56 · folio 102a
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་མཚན་ཉིད་དུ་མཛད་པ་གང་ཡིན་པའོ། །དེ་རྣམས་ཀྱིས་མ་མཛད་པ་སེམས་ཅན་གདུལ་དཀའི་བའི་ཡུལ་རྣམས་ནི་དགོས་མིན་པ་སྟེ། ད་ལྟར་གདུལ་བར་མི་སྤྱོད་པ་དེ་དག་པ་ཡང་
སེམས་ཅན་སྨིན་པ་དང་། གྲོལ་བའི་ཆགས་པ་ཆེན་པོས་ཡོངས་སུ་སྨིན་པར་བྱེད་ཀྱང་སྡིག་པས་གོས་པར་མི་འགྱུར་བ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཉེས་པར་གོས་པར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ད་ནི། སྦྱིན་དང་མཉམ་པའི་ཆོས་མེད་དེ། །ཞེས་བྱ་བ་ལ་སོགས་པས་
ནོར་བུའི་རིགས་ཀྱི་ཆོས་སྟོན་ཏེ། སྦྱིན་དང་མཉམ་པའི་ཆོས་མེད་དེ། །ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་དོན་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་དོན་འབྱུང་བ་དེ་ཡང་སྦྱིན་པའི་བསོད་ནམས་མེད་པར་འབྱུང་བར་མི་འགྱུར་བས་ན་དེ་བས་ན་རིགས་འདིར་ཆོས་འདི་ཉིད་མཆོག་ཡིན་ཏེ། གཞན་
དག་ཏུ་ནི་ཚུལ་ཁྲིམས་ལ་སོགས་པ་མཆོག་ཏུ་གྱུར་པ་དག་ཀྱང་ཡོད་དོ། །སྒྲུབ་པར་བྱེད་ཅིང་སྨྲ་བ་ནི། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏོ། །ཚིག་ཏུ་བརྗོད་པ་འབའ་ཞིག་གིས་སྦྱིན་པའི་མཆོག་ཏུ་བསྔགས་པ་མ་ཡིན་གྱིས་རིན་པོ་ཆེའི་རིགས་འདིར་དོན་འབྱུང་བར་བྱ་བའི་ཕྱིར་འབྱོར་པ་ཅི་ཡོད་པ་
ལས་སྦྱིན་པར་བྱ་བ་འདི་ནི་ནོར་བུའི་རིགས་ཆེན་པོའི་ཆོས་ཡིན་ནོ། །མི་འདོད་དངོས་གྲུབ་གོང་མ་བཞིན། །ཞེས་བྱ་བ་ནི་གལ་ཏེ་དོན་གྱི་དངོས་གྲུབ་མི་འདོད་ན་དེ་བདག་པོ་དང་བཅས་པའི་དངོས་གྲུབ་ལ་སོགས་པ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་དུ་གསུངས་པ་རྣམས་ཡིན་པར་ཤེས་པར་བྱའོ། །
སྒྲུབ་པའི་སྦྱིན་པ་དང་མཉམ་པའི་ཆོས་མེད་དེ་ཞེས་བྱ་བ་འདིས་ཆོས་བསྒོམ་པ་ཉིད་ཡིན་པར་ཤེས་པར་བྱའོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ལས་རྣམས་ཀྱིས་སྟོན་ཏེ། །དེ་ལས་ཀྱང་དང་པོར་སངས་རྒྱས་ཀྱི་ཕྱག་རྒྱ་བསྒྲུབ་
པའི་ལས་དེ་སྟོན་ཏོ། །དེ་ཡང་གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཉིད་རྣམས་སུ། །ཇི་བཞིན་བར་ནི་བཏུལ་ན་ནི། །ལས་ཀྱི་ཕྱག་རྒྱའི་མཆོག་འགྲུབ་སྦྱིན། །ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། གང་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་
Vol. 56 · folio 102b
པོ་སྒྲུབ་པར་བྱེད་པར་འདོད་པ་དེས་སྒྲུབ་པའི་དུས་སམ་སྔོན་དུ་བསྙེན་པ་བྱེད་པའི་དུས་སུ་སེམས་སོ་སོར་རྟོག་པ་ལ་སོགས་པ་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱར་བསྐྱེད་ལ། སེམས་ཅན་ཐམས་ཅད་མངོན་སུམ་དུ་བྱས་ནས། གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ཤིང་བྱང་ཆུབ་ཀྱི་སེམས་
སྦྱིན་པར་བྱའོ། །དེ་ནས་ཚོགས་ཡོངས་སུ་རྫོགས་པ་རྣམས་ནི་སངས་རྒྱས་ཉིད་ལ་དགོད་པར་བྱ། །གང་དག་ཚོགས་མ་རྫོགས་པ་དེ་དག་ནི་ས་བཅུ་འམ་མོས་པས་སྤྱོད་པའི་ས་དང་བཅས་པའི་ས་བཅུ་གཅིག་ལ་ཅི་རིགས་སུ་གཞག་པར་བྱའོ། །གང་ཉན་ཐོས་ཀྱི་ཐེག་པའི་
སྣོད་དུ་གྱུར་པ་དེ་རྣམས་ནི་འབྲས་བུ་བཞི་དང་ལམ་ལ་ཞུགས་པ་བཞི་ལ་ཅི་རིགས་པར་དགོད་པར་བྱའོ། །གང་རང་སངས་རྒྱས་ཀྱི་ཐེག་པའི་སྣོད་དུ་གྱུར་པ་དེ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་གཞག་པར་བྱའོ། །གང་ཐེག་པ་གསུམ་ཆར་གྱི་སྣོད་མ་ཡིན་པ་དེ་དག་ནི་དགེ་བ་བཅུའི་ལས་ཀྱི་ལམ་ལ་
དགོད་པར་བྱའོ། །དེ་ལྟར་སེམས་ཅན་གྱི་ཁམས་ཡིད་ཀྱིས་བཀོད་ནས་བྱ་བ་བྱས་པ་ལྟ་བུར་དགའ་བ་རྗེས་སུ་མྱོང་བའི་སངས་རྒྱས་ཀྱི་ཕྱག་རྒྱ་སྒྲུབ་པར་བྱེད་པས་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་སྦྱིན་པར་འགྱུར་ཏེ། གང་གི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཀྱི་སངས་རྒྱས་ཀྱི་
མཛད་པ་ནི་འདི་ཉིད་ཡིན་པའི་ཕྱིར། དེ་བས་ན་ཕྱག་རྒྱ་དེ་སྒྲུབ་པར་བྱེད་པས་ཀྱང་ལས་འདི་ལ་གོམས་པར་བྱས་ན་ཕྱག་རྒྱ་དེ་མྱུར་བ་དེ་ཉིད་དུ་བསྒྲུབ་པར་འགྱུར་རོ། །ད་ནི་དུས་བཞི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ལས་སྟོན་ཏེ། མཆོད་པ་རྣམ་པ་བཞི་ནི་བྱང་ཆུབ་ཀྱི་
སེམས་ཀྱི་མཆོད་པ་དང་། ཚོགས་ཀྱི་མཆོད་པ་དང་། ཆོས་ཀྱི་མཆོད་པ་དང་། ཏིང་ངེ་འཛིན་གྱི་མཆོད་པ་རྣམས་ཏེ། དེ་ལྟར་མཆོད་པ་རྣམ་པ་བཞིར་བསྟན་པ་དེ་ཡང་རྟག་ཏུ་ལྡན་པ་རྣམ་པ་བཞིར་ཡང་ཞེས་བྱ་བ་ནི་མཆོད་པ་རེ་རེ་ཞིང་ཡང་སྦྱོར་བ་རྣམ་པ་བཞི་བཞིར་ཕྱེ་ན་མཆོད་པ་རྣམ་པ་
བཅུ་དྲུག་ཏུ་འགྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་རྟོག་པའི་ལས་ཀྱི་དཀྱིལ་འཁོར་དུ་བཤད་པ་དང་སྦྱར་བར་ཤེས་པར་བྱའོ། །མཆོད་པ་དེ་རྣམས་ཀྱིས་རྟག་ཏུ་ཞེས་བྱ་བ་སྟེ། དུས་ཐམས་ཅད་དུའོ། །ལྡན་པ་ཞེས་བྱ་བ་ནི་སྦྱོར་བའོ། །ཇི་ལྟ་ཞེ་ན། དུས་བཞི་ཡི་ནི་ཚུལ་དག་ཏུ། །ཞེས་བྱ་བ་སྟེ། དུས་
Vol. 56 · folio 103a
བཞིའི་ཚུལ་ནི་ཐུན་ཚིག་གསུམ་དང་། ནམ་ཕྱེད་ནའོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱིས་མཆོད་པ་རྣམ་པ་བཅུ་དྲུག་དུས་བཞིའི་ཚུལ་གྱིས་ལས་གང་བྱས་ན། དེ་བཞིན་གཤེགས་པའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ལ་སོགས་པ་གང་
གསུངས་པ་དེ་ཐམས་ཅད་བསྒྲུབ་པར་བྱའོ། །ད་ནི་མ་རུངས་སེམས་ཅན་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་རིགས་ཀྱི་བཟླས་བརྗོད་བྱེད་པས་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་གང་ཅི་ཡང་རུང་བ་ཅི་བྱེད་པ་དེ་དག་ཐམས་ཅད་མ་རུངས་པའི་
སེམས་ཅན་ལ་གནོད་པར་བྱ་བ་ཉིད་ཡིན་ཏེ། འདི་ནི་རྡོ་རྗེ་རིགས་ཀྱི་ལས་ཀྱི་དངོས་གྲུབ་སྒྲུབ་པར་བྱེད་པའ། །ད་ནི་འཇིགས་པས་གཟིར་ལ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། པདྨོའི་རིགས་ཀྱི་བཟླས་བརྗོད་བྱེད་པའི་ལས་ནི་འདི་ཡིན་ཏེ། འདི་ལྟ་
སྟེ། འཇིགས་པས་གཟིར་བ་རྣམས་ལ་མི་འཇིགས་པ་སྦྱིན་པའོ། །ཇི་བཞིན་བར་ནི་འདུལ་དེ་བཞིན། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སེམས་ཅན་གང་རྣམ་པ་གང་གིས་འདུལ་བར་འགྱུར་བ་དེའི་བསམ་པ་དང་བག་ལ་ཉལ་ཤེས་པར་བྱས་ལ་ཅི་ནུས་པ་དང་ཇི་ལྟར་དེ་འདུལ་བར་
འགྱུར་བ་དེ་བཞིན་དུ་ཆོས་བསྟན་པར་བྱའོ། །དེ་ལྟར་པདྨོའི་རིགས་ཀྱི་ལས་བྱས་ན་སངས་རྒྱས་ཉིད་ཀྱང་རབ་ཏུ་འགྲུབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ད་ནི་སངས་རྒྱས་དབང་བསྐུར་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་
སྟོན་ཏེ། ནོར་བུའི་རིགས་ཀྱི་བཟླས་བརྗོད་བྱེད་པས་ཀྱང་དོན་གྲུབ་པར་འདོད་ན་ལས་རྣམ་པ་གསུམ་བྱ་སྟེ། གང་ཞེ་ན། འདི་ལྟ་སྟེ་དབང་བསྐུར་བ་སྦྱིན་པ་དང་། ནོར་སྦྱིན་པ་དང་། རེ་བ་ཐམས་ཅད་རྫོགས་པར་བྱེད་པའོ། །དེ་ཇི་ལྟ་བུ་ཞེ་ན། སངས་རྒྱས་དབང་བསྐུར་དེ་བཞིན་དུ། །
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་ལ་དབང་བསྐུར་བ་བསྟན་པ་དང་། ནོར་དོན་དུ་གཉེར་བའི་སེམས་ཅན་རྣམས་ལ་ཅི་ནུས་པར་ནོར་སྦྱིན་པ་དང་། རིག་པ་དང་། ལས་དང་། བཟོ་དོན་དུ་གཉེར་བ་རྣམས་ལ་ཅི་ནུས་པར་ཉོན་མོངས་པ་མེད་པར་བྱས་ཏེ། སེར་
Vol. 56 · folio 103b
སྣ་མེད་པའི་སེམས་ཀྱིས་གུས་པར་བྱ་སྟེ། ཕྱིན་ཅི་མ་ལོག་པའི་ལུང་སྦྱིན་པས་སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱ་བའོ། །དེ་ལྟར་རིན་པོ་ཆེའི་རིགས་ལ་ལས་རྣམ་པ་གསུམ་བྱས་པས་ཅིར་འགྱུར་ཞེ་ན། ལས་ནི་དོན་ཀུན་གྲུབ་བྱེད་པའོ། །ཞེས་བྱ་བ་གསུངས་སོ། །ད་ནི་རིགས་
ཐམས་ཅད་ཀྱི་ཆོས་ཉིད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། གང་དངོས་པོ་རྣམས་ཀྱི་བྱ་བ་དང་། བྱེད་པར་རང་བཞིན་གྱིས་འབྲེལ་པ་དེ་ནི་འདིར་ཆོས་ཉིད་ཅེས་བཤད་དེ་དེའི་ཡེ་ཤེས་ཡིན་པས་ན་ཆོས་ཉིད་ཀྱི་ཡེ་ཤེས་སོ། །དེ་འགྲུབ་པར་བྱ་བའི་དོན་གྱིས་གཞུང་ལ་ནི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་
ཀྱི་རྒྱུད་ཅེས་བྱའོ། །དེ་ལས་ཀྱང་དང་པོ་ཁོ་ནར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་ནི། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་དགོངས། །ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ།
རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒོམས་པའི་རྗེས་ཐོགས་ཉིད་ལ་སངས་རྒྱས་ཀྱི་ཕྱག་རྒྱ་བསྐྱེད་པར་བྱའི། གཞན་དག་གིས་བསྒོམས་པའི་རྗེས་ཐོགས་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེས་རྟོགས་ན། ཆོས་ཉིད་ཀྱིས་དེ་ལྟར་ཡིན་པར་ཟད་ཀྱི། འདིར་དེའི་རྒྱུད་བཤད་དུ་མེད་དེ། དཔེར་
ན་བུ་རམ་གྱི་མངར་བ་ཉིད་དང་། ལན་ཚྭའི་ཚྭ་བྲོ་བ་ཉིད་ལ་རྒྱུད་བཤད་དུ་མེད་པ་དང་འདྲའོ། །འདི་ཉིད་བསྟན་པ་ནི། འདི་ནི་སངས་རྒྱས་སངས་རྒྱས་ཉིད། །གཞན་ལས་སངས་རྒྱས་འགྱུར་བ་མེད། །ཅེས་བྱ་བ་གསུངས་ཏེ། འདི་ཉིད་ནི་སངས་རྒྱས་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།
དེ་ཇི་ལྟར་ཤེས་ཤེ་ན། གཞན་ལས་སངས་རྒྱས་འགྱུར་བ་མེད། །ཅེས་བྱ་བ་གསུངས་སོ། །ད་ནི། ཕྱག་རྒྱ་ཆེན་པོར་བསྒོམས་ནས་ནི། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱིས་ཆོས་ཉིད་མཁྱེན་པའི་དངོས་གྲུབ་ཀྱི་གཞུང་སྟོན་ཏོ། །འདི་སྐད་སྟོན་ཏེ། དེ་བཞིན་
གཤེགས་པའི་རིགས་ལས་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་དངོས་གྲུབ་དམ་པ་ཡང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། །འདིར་ཡང་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཉིད་ཀྱིས་འགྲུབ་པར་འགྱུར་བ། དེ་ཅིའི་ཕྱིར་ཞེས་གལ་ཏེ་རྟོགས་པར་བྱེད་ན།
Vol. 56 · folio 104a
འདི་ནི་ཆོས་ཉིད་ཀྱི་རིགས་པས་དེ་ལྟ་བུ་ཡིན་པར་ཟད་དོ་ཞེས་བརྗོད་པར་བྱའོ། །ད་ནི། ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཆོས་ཉིད་མཁྱེན་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདིར་ཡང་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ལས་
ཐམས་ཅད་འགྲུབ་པར་བརྗོད་པར་བྱའོ། །རྒྱུ་གང་གི་ཕྱིར་དེ་ལྟ་བུའི་ཡིན་ཞེས་ཟེར་ན། འདིར་ཡང་ཆོས་ཉིད་ཀྱི་རིགས་པས་དེ་ལྟ་བུ་ཡིན་པར་ཟད་དོ་ཞེས་བརྗོད་པར་བྱའོ། །ཅི་དམ་ཚིག་གི་ཕྱག་རྒྱ་འབའ་ཞིག་གིས་འགྲུབ་བམ་ཞེ་ན། དེའི་ཕྱིར། ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནི། །ཞེས་གསུངས་
པ་ཡིན་ནོ། །འདི་སྐད་སྟོན་ཏེ། རྡོ་རྗེ་རིགས་ཟློས་པ་རྣམས་ཀྱིས་སྔོན་དུ་བསྙེན་པ་བྱེད་པའི་དུས་དང་། སྒྲུབ་པའི་དུས་སུ་རང་གི་ལྷའི་རྣལ་འབྱོར་དུ་བྱས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་བསྒོམ་པའམ་བཟླས་པ་བྱའོ། །དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་དངོས་གྲུབ་འཐོབ་པར་
འགྱུར། །ཞེས་གསུངས་ཏེ། རྡོ་རྗེ་དངོས་གྲུབ་ཅེས་སྨོས་པ་འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི། ཆོས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་རིགས་ཀྱི་ཆོས་ཉིད་ཀྱི་ཡེ་
ཤེས་ཀྱི་དངོས་ཀྱི་རྒྱུད་སྟོན་ཏེ། ཆོས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ཆོས་ཀྱི་ཕྱག་རྒྱ་རྗོད་བྱེད་ཅིང་། །ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་ཚུལ་ནི་ལྕེ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམ་པ་འདི་ནི་ཆོས་ཀྱི་ཕྱག་རྒྱའི་ཚུལ་ཡིན་པར་ངེས་པར་གསུངས་པ་སྟེ། ཆོས་ཀྱི་ཕྱག་རྒྱའི་སྦྱོར་བ་འདིས། །ཆོས་ཉིད་
ཅེས་བྱ་བ་ཡེ་ཤེས་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་བསྒྲུབ་པར་བྱའོ། །འདི་སུ་ཞིག་གི་ཡིན་ཞེ་ན། རྡོ་རྗེ་ཆོས་ཀྱི་ཆོས་རྣམས་ནི། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་དབང་ཕྱུག་གི་ཞེས་བྱ་བའི་དོན་ཏོ། །ད་ནི། ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་
ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་སྟོན་ཏེ། ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་ནི། །ལས་ཀྱི་རྡོ་རྗེ་སྙིང་གར་གཞག །ཅེས་བྱ་བ་ནི་གང་གི་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེའི་སྦྱོར་བ་བཅིངས་པ་སྟེ། སྦྱོར་བ་དེས། ལས་ཀྱི་རྡོ་རྗེ་སྙིང་གར་གཞག །ཅེས་བྱ་བ་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་
Vol. 56 · folio 104b
སྟེང་དུ་ལས་ཀྱི་རྡོ་རྗེ་ཁ་བཞི་པ་ཡིད་ཀྱིས་བསམས་ལ་དེ་དང་ལྡན་པའི་ང་རྒྱལ་གྱིས་ལས་ཐམས་ཅད་བརྩམ་པར་བྱའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། ཆོས་ཉིད་འདི་དག་བསྒོམས་ན་ནི། །ལས་ཀྱི་ཆོས་ཉིད་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ལས་ཀྱི་ཕྱག་རྒྱ་
འདི་ཉིད་སྙིང་གར་བསྒོམས་ན་ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་དབང་བསྐུར་བའི་མཆོད་པ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ལ་སོགས་པའི་ལས་ཉིད་འཐོབ་པར་འགྱུར་རོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་རིགས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་ཡེ་ཤེས་ནི་སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བ་སེམས་པ་ལ་སོགས་པའི་ཡུལ་ལོ། །དེའི་ཕྱག་རྒྱ་ནི་ཕྱག་རྒྱ་གང་ཞིག་བསྒོམས་ན་ཡེ་ཤེས་དེ་སྐྱེ་བར་འགྱུར་བ་དེ་ལ་ནི་
འདིར་ཕྱག་རྒྱར་གཟུང་ངོ་། །དེའི་དངོས་གྲུབ་ནི་ཇི་ལྟར་མངོན་པར་འདོད་པའི་ཕྱག་རྒྱ་བསྐྱེད་པ་དེ་སྟོན་པར་བྱེད་པའི་རྒྱུད་འདི་གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གནས་སོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་
གཤེགས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །འདི་སྐད་སྟོན་ཏེ། སངས་རྒྱས་ཀྱི་ཕྱག་རྒྱ་བསྒྲུབ་པའི་རྣལ་འབྱོར་པས་གལ་ཏེ་དགོས་པ་འབའ་ཞིག་གི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་ཤེས་པར་འདོད་ན་དེས་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་
ཀྱི་ཕྱག་རྒྱར་བསྐྱེད་ལ་དེར་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་ལས་ཀྱི་ཕྱག་རྒྱ་དང་ལྡན་པར་བསམས་ནས་ཟླ་བའི་དཀྱིལ་འཁོར་དེར་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་རྣམས་བྱའོ། །དེ་ལྟར་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པ་ཡིན་ཏེ་
སེམས་ཀྱིས་རྡོ་རྗེ་སེམས་དཔའ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཟླ་བའི་རྡོ་རྗེ་ཚུལ་གྱིས་ནི། །ཞེས་བྱ་བ་ནི་གང་སྙིང་གའི་ཟླ་བའི་དཀྱིལ་འཁོར་དང་། རྡོ་རྗེ་སེམས་དཔའ་ནི་ཟླ་བ་རྡོ་རྗེ་སྟེ། དེ་ལྟ་བུའི་ཟླ་བ་དང་རྡོ་རྗེའི་སྦྱོར་བ་བྱས་ནས་བདེན་པའི་བྱིན་གྱིས་བརླབས་ཀྱང་བྱས་ལ་ཤེས་པར་འདོད་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words