དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན

Sanskrit title (Tibetan script, as in the text) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 56 · folio 105a

པའི་དངོས་པོ་གང་ཡང་རུང་བ་དེ་ཇི་ལྟར་གནས་པ་དེ་བཞིན་དུ་སོ་སོར་སྣང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ་རྡོ་རྗེ་སེམས་དཔའ་ལ་དམིགས་པའི་ཏིང་ངེ་འཛིན་གང་ལ་གནས་པར་བྱས་ན་དེ་རྣལ་འབྱོར་གྱི་སྟོབས་དེས་དེ་བཞིན་དུ་འགྱུར་རོ། །ཇི་ལྟར་དེ་གཉིས་ཁ་དོག་ཤེས། །

ཞེས་བྱ་བ་ལ་ཇི་ལྟར་ཁ་དོག་ཅེས་བྱ་བ་ནི་འོག་ནས་བཤད་པའི་དག་པ་ལ་སོགས་པའི་ཁ་དོག་གཟུང་ངོ་། །དེ་གཉིས་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེ་སེམས་དཔའ་གཉིས་སོ། །ཤེས་ཞེས་བྱ་བ་ནི་རྟོགས་པར་བྱའོ་ཞེས་པའོ། །དེ་ལྟར་འཇིག་རྟེན་དེས་ཤེས་ཏེ། །ཞེས་བྱ་བ་ནི་ཁ་དོག་དང་རྗེས་སུ་

མཐུན་པར་ཞེས་བྱ་བའི་དོན་ཏོ། །དེས་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །དེ་དག་ཀྱང་དག་ལ་དག་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དག་ལ་ཞེས་བྱ་བ་ནི་ཤེལ་ལྟར་དྲི་མ་མེད་པ་ལ་བྱའོ། །དག་དང་ཞེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་དེ་ཉིད་དག་ན་འདིའི་སེམས་དག་གོ་ཞེས་ཤེས་པར་བྱའོ། །དཀར་

འོད་གསལ་ཞེས་བྱ་བ་ལ་དཀར་བ་ནི་དུང་དང་མེ་ཏོག་ཀུན་ད་དང་ཟླ་བ་ལྟར་དཀར་བ་ནི་འོད་གསལ་ཏེ། དགེ་བའི་ཆོས་ཀྱིས་སྣང་བར་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམར་ལ་ཆགས་དང་ཞེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་གཉིས་མེ་ཏོག་ལེ་བརྒན་གྱིས་བཙོས་པའི་གོས་ལྟར་དམར་ན་སྐྱེ་བོ་

རྣམས་ཀྱི་སེམས་ཆགས་པ་ཡིན་པར་ཤེས་པར་བྱའོ། །རབ་དམར་ཁྲོ་ཞེས་བྱ་བ་ནི་ཤིན་ཏུ་དམར་བའི་འབར་བའི་ཕྲེང་བས་ཀུན་དུ་དཀྲིས་ན་ཁྲོས་པར་ཤེས་པར་བྱའོ། །ཁ་དོག་ཇི་བཞིན་པ། དེ་ཡི་བདག་ཉིད་ཉིད་དུ་འགྱུར། །ཞེས་བྱ་བ་ནི་སྙིང་གའི་ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེ་སེམས་པའི་

གཟུགས་ཅི་དང་ཅི་ལྟར་སྣང་བ་དེ་དང་དེ་བཞིན་དུ་ཕ་རོལ་གྱི་སེམས་ཤེས་པར་བྱའོ། །ད་ནི། ཟླ་བའི་དཀྱིལ་འཁོར་འོད་བཅས་པའི། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ནི། །ཞེས་བྱ་བ་ནི་སྤྱིར་རྡོ་རྗེ་སེམས་དཔའ་

ལ་སོགས་པ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་བཅིང་བའོ། །ཟླ་བའི་དཀྱིལ་འཁོར་འོད་བཅས་པ། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་འོད་དང་མཚུངས་པས་ན་ཟླ་བའི་དཀྱིལ་འཁོར་འོད་དང་བཅས་པའིའོ། །རང་གི་ལུས་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པའི་རྣལ་འབྱོར་པའིའོ། །

Vol. 56 · folio 105b

ཇི་ལྟར་ཤེས་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་ཏིང་ངེ་འཛིན་ལ་གནས་ནའོ། །དེ་ལྟར་འགྲོ་བའི་ཡིད་ཤེས་སོ། །ཞེས་བྱ་བ་ནི་བདག་གི་ལུས་ལ་ཁ་དོག་དང་བྱ་བ་ལ་སོགས་པ་ཇི་ལྟར་ཤེས་པ་དེ་བཞིན་དུ་འགྲོ་བ་རྣམས་ཀྱི་སེམས་ལ་སོགས་པ་ཡང་ཤེས་པར་གྱིས་ཤིག་པའོ། །དེ་ལྟར་

འདི་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་འབྲེལ་པ་བསྟན་པ་ཡིན་པར་ཤེས་པར་བྱའོ། །ད་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་སྒོ་ནས་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ནི་རས་དང་རྩིག་པ་ལ་སོགས་པའོ། །

ཁྲོས་པར་གྱུར་ནས་དཀྱིལ་འཁོར་ནི། །ཞེས་བྱ་བ་ལ་ཁྲོས་པར་གྱུར་པ་ནི་ཁྲོ་བོ་གང་ཡང་རུང་བའི་རང་གི་ལྷའི་རྣལ་འབྱོར་དང་ཡིད་ཀྱིས་ཁྲོ་བ་མངོན་སུམ་དུ་བྱ་བ་གཟུང་ངོ་། །དེ་ལྟར་ཁྲོས་པར་གྱུར་ནས་དཀྱིལ་འཁོར་ནི་ཞེས་བྱ་བ་སྟེ། ཟླ་བའི་དཀྱིལ་འཁོར་དང་ནམ་མཁའ་ལ་སོགས་པ་ཇི་ལྟ་

བུར་མཐོང་བ་དེ་ལྟ་བུར་ཕ་རོལ་གྱི་ཡིད་ཤེས་པར་བྱའོ། །ད་ནི་ནམ་མཁའ་འམ་ས་ཕྱོགས་ཞེས་བྱ་བ་ལ་སོགས་པས་འགྲོ་བ་འདུལ་བའི་སྒོ་ནས་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ནམ་མཁའ་འམ་ས་ཕྱོགས་ཕྲ་མོ་འམ་ཞེས་བྱ་བ་ལ་ཕྲ་མོ་ཞེས་བྱ་བ་འདིས་ནི། ལྕེ་ནི་རྐན་ལ་

བཅར་ནས་སུ། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པའི་རྡོ་རྗེ་ཕྲ་མོ་གཟུང་བར་བྱ་བའོ། །ཡང་ན་ཡི་གེའི་ཕྲེང་བས་ནམ་མཁའ་ལ་སོགས་པ་ལ་དགོད་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཆོས་ཀྱི་དབྱིངས་སྟོན་པའི་ཚིགས་སུ་བཅད་པ་འབྱུང་བའི་ཡི་གེ་འམ།

བཟླས་པའི་ཡི་གེ་འམ་ནམ་མཁའ་ལ་བསྒོམས་པ་ལས་མདོར་ན་སྟེ། མདོར་བསྡུ་ན་རྣལ་འབྱོར་པས་ཁ་དོག་ཅི་འདྲ་བར་ཞེས་བྱ་བ་རྡོ་རྗེ་ཕྲ་མོ་དང་ཡི་གེའི་ཕྲེང་བ་ཅི་འདྲ་བར་མཐོང་བ་དང་འདྲ་བར། དེས་འཇིག་རྟེན་པ་རྣམས་ཀྱི་སེམས་ཤེས་པར་བྱའོ། །ད་ནི། འཇིག་རྟེན་ཀུན་ལ་

བལྟས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པས་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་སྒོ་ནས་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏོ། །འདི་སྐད་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ལ་ལས་ཀྱི་ཕྱག་རྒྱ་བཅིངས་ནས།ལས་ཀྱི་རྡོ་རྗེ་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཀོད་དེ།

Vol. 56 · folio 106a

སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བདེན་པ་དང་ཞེས་བྱ་བ་ལ་སོགས་པ་དང་། རང་གིས་ཡོངས་སུ་གསུངས་པའི་ཆོས་ཀྱི་བདེན་པའི་བྱིན་གྱི་རླབས་ཀྱིས། གང་གི་སེམས་ལ་སོགས་པ་གང་ཤེས་པར་འདོད་པ་དེ་བདག་ལ་སེམས་ལ་སོགས་པ་ཕྱིན་ཅི་མ་

ལོག་པར་སྣང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། དེ་ལྟར་སེམས་དཔའ་དེ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ་བལྟས་ན་ཚུལ་འདིས་འཇིག་རྟེན་ཐམས་ཅད་ལ་བལྟས་པར་གྱུར་པ་ཡིན་ནོ། །དེ་བས་ན་དེས་དེ་ལྟར་བལྟས་པ་ན། ཇི་ལྟ་བུར་སྣང་བར་གྱུར་པ་དེ་དང་འདྲ་བར་འགྲོ་བའི་སེམས་

ཤེས་པར་བྱའོ། །གལ་ཏེ་སྣང་བ་སྐྱེས་སུ་ཟིན་ཀྱང་འདིའི་ཡིད་ཀྱིས་མཐོང་བར་གྱུར་ན་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མཐོང་བར་གྱུར་པ་དེ་དང་འདྲ་བར་ཞེས་བྱ་བ་གསུངས་ཏེ། ནམ་མཐོང་བ་དེ་ན་དེ་དང་འདྲ་བའི་སེམས་སུ་ཤེས་པར་བྱའོ། །དེ་ཉིད་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་བྱེད་པ་

འདི་ཉིད་ཀྱི་ལྷག་མ་སྟོན་ཏེ། དེ་ཉིད་ལ་ནི་སྙོམས་ཞུགས་ནས། །ཞེས་བྱ་བ་ནི་བརྟག་པ་བཞིར་གཏོགས་པ་ལས་བསྟན་པ་གང་ཡིན་པ་རྣམས་སོ། །འགྲོ་བ་དང་ནི་འོང་བ་དང་། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་བསྒོམ་པ་ལ་དམིགས་པ་བཞིན་དུ་ཕན་ཚུན་འགྲོ་ཞིང་འཆག་པར་བྱེད་པའོ། །དེ་ལ་

འཆག་པ་ནི་གང་དུ་དགའ་བར་འགྲོ་བའོ། །འགྲོ་བ་དང་འོང་བ་ནི་ཕྱོགས་ངེས་པ་གཅིག་ཏུ་འགྲོ་བ་དང་འོང་བ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་མཐོང་བ་དེ་ལྟར་རྟོགས། །ཞེས་བྱ་བ་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་པའི་བྱེ་བྲག་ཇི་ལྟར་མཐོང་བ་དེ་བཞིན་དུ་གང་གི་

དོན་དུ་ཡེ་ཤེས་བསྐྱེད་པ་དེ་དག་ཀྱང་དེ་བཞིན་དུ་སྤྱོད་པར་རྟོགས་ཤིང་རིགས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ད་ནི་སྙོམས་པར་ཞུགས་པ་སྟེ། །ཞེས་བྱ་བ་ལ་སོགས་པས་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པར་སྤྱིར་བསྒྲེ་བར་བྱེད་དེ། བཤད་མ་ཐག་པ་ལས་ནི་སྤྱོད་པས་ཤེས་པར་

བྱ་བ་བསྟན་པ་ཡིན་པར་ཟད་ཀྱི་དངོས་པོ་ཐམས་ཅད་ཤེས་པའི་མན་ངག་ཏུ་བྱས་པ་ནི་མ་ཡིན་ནོ། །སྙོམས་པར་ཞུགས་པ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱས་ནས་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་ཟིན་པའོ། །དེ་བསམ་པ་ནི་ཏིང་ངེ་འཛིན་ལ་དམིགས་པའི་སེམས་རྩེ་གཅིག་ཏུ་བཞག་པ་

Vol. 56 · folio 106b

དེས་རྣམ་པར་རྟོགས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བསམ་པས་ཅིར་འགྱུར་ཞེ་ན། སེམས་ཅན་གང་དང་གང་ཡིན་པ། །དེ་དང་དེ་ནི་དེ་བཞིན་དུ། །སེམས་ཅན་རྣམས་ཐམས་ཅད་རྟོགས་པར་འགྱུར་ཞེས་བྱ་བ་སྟེ། སེམས་ཅན་ཞེས་བྱ་བ་ལ་སྲོག་ཆགས་གང་དང་གང་གི་དགོས་

པ་གང་དང་གང་ཡིན་པ་རྣལ་འབྱོར་པ་སྙོམས་པར་ཞུགས་ཏེ། བསམས་ན་དེ་དང་དེ་ནི་ཞེས་བྱ་བ་སྲོག་ཆགས་རྣམས་ཀྱི་དེ་བཞིན་དུ་སེམས་ཅན་རྣམས་ཐམས་ཅད་རྟོགས་པར་འགྱུར་ཞེས་བྱ་བ་སྟེ། སེམས་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། འདིར་ངེས་པའི་དོན་ནི་དགོས་

པ་ཐམས་ཅད་ཤེས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །སུ་ཞིག་གིས་དེ་སྐད་ཅེས་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་ཀྱི་མཚན་མའི་ཡེ་ཤེས་སྟོན་ཏེ། དངོས་གྲུབ་ཀྱི་ཡེ་ཤེས་ཞེས་བྱ་

བ་ལ་དངོས་གྲུབ་ནི་དམ་པ་གྲུབ་པ་ལ་སོགས་པའོ། །དེའི་མཚན་མ་ནི་ཆོས་གང་སྐྱེས་པ་ལས་བདག་གི་དངོས་གྲུབ་ཉེ་བར་སྟོན་ཏོ་ཞེས་ཤེས་པ་སྐྱེ་བ་སྟེ། དེའི་ཡེ་ཤེས་ནི་དངོས་གྲུབ་ཀྱི་མཚན་མའི་ཡེ་ཤེས་ཞེས་བྱ་བ་སྟེ། འདི་ཉིད་བར་གྱི་ཚིག་མི་མངོན་པར་བྱས་ནས་དངོས་གྲུབ་ཀྱི་ཡེ་

ཤེས་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱག་རྒྱ་ཡིན་པས་ན་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། གང་གི་ཕྱག་རྒྱ་ལས་ཇི་སྐད་གསུངས་པ་ཤེས་པའོ། །དེ་སྟོན་པར་བྱེད་པའི་གཞུང་ཡིན་པས་ན་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུད་དོ། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །དེ་

ལ་དང་པོར་ནི། སེམས་དཔའ་བྱིན་གྱིས་བརླབས་ཚུལ་གྱིས། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏེ། སེམས་དཔའ་བྱིན་གྱིས་བརླབས་ཚུལ་གྱིས། །ཞེས་བྱ་བ་ལ་སོ་སོར་སྣང་བ་གསལ་བར་འབྱུང་ངོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ།

སེམས་དཔའ་ནི་འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཡིན་པར་ཤེས་པར་བྱའོ། །དེ་བྱིན་གྱིས་བརླབ་པ་ནི་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་རང་གི་ལྷའི་རྣལ་འབྱོར་དུ་བསྐྱེད་པ་སྟེ། སྦྱོར་བ་དེས་བདག་ནི་སངས་རྒྱས་ཀྱི་དངོས་གྲུབ་དང་ཉེ་བར་སྣང་བ་གསལ་བ་འབྱུང་བ་

Vol. 56 · folio 107a

ཡིན་པར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདས་མ་ཐག་པའི་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་བསྒོམས་པས་ནའོ། །དེ་ཉིད་ཀྱིས་ན། ཡེ་ཤེས་ཀྱི་ནི་ཚུལ་དེ་ཡིས། །སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས་སོ། །

ད་ནི། ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་གཞུང་སྟོན་ཏེ། ནམ་མཁའ་འམ་ཞེས་བྱ་བ་འདིས་ནི་གནས་མེད་པར་སྟོན་ཏོ། །ཕྱོགས་གཞན་དུ་ཞེས་བྱ་བ་འདིས་ནི་རས་དང་རྩིག་པ་

ལ་སོགས་པར་རོ། །ཅི་ནམ་མཁའ་འམ་ཕྱོགས་གཞན་འབའ་ཞིག་ཏུ་ཟད་དམ་ཞེ་ན། སེར་སྐྱའི་འོད་ཀྱི་དཀྱིལ་འཁོར་མཐོང་། །ཞེས་བྱ་བ་སྟེ། མཐོང་བར་གྱུར་ན་ཞེས་བྱ་བ་དང་སྦྱར་རོ། །ཅི་དེ་བཞིན་གཤེགས་པའི་རིགས་ཟློས་པས་མཐོང་བ་དེ་འབའ་ཞིག་ཏུ་ཟད་དམ་

ཞེ་ན། སྨྲས་པ་མ་ཡིན་ཏེ། སེམས་དཔའ་ཉིད་ཀྱི་ཕྱག་རྒྱ་ཉིད། །མངོན་སུམ་ཉིད་དུ་མཐོང་གྱུར་ནའོ། །ཞེས་བྱ་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པའི་དངོས་གྲུབ་ཀྱི་མཚན་མ་ཞེས་པའོ། །ད་ནི་དེ་ལྟ་བུའི་དབྱིབས་གྱུར་པའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་

རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་གཞུང་སྟོན་ཏེ། དེ་ལྟ་བུའི་ཡེ་ཤེས་ཞེས་བྱ་བ་ནི་འོད་སེར་སྐྱའི་དཀྱིལ་འཁོར་ཇི་ལྟར་བསྒོམ་པའི་འོ། །དབུས་ནི་སྔོ་བསངས་ཞེས་བྱ་བ་ནི་ཨུཏྤ་ལ་སྔོན་པོ་ལྟ་བུའོ། །སྣང་ན་ནི་ཞེས་བྱ་བ་ནི་བསྒོམ་པའི་སྟོབས་ཀྱིས་ཕྱག་རྒྱ་བལྟ་བའམ། ཕྱག་རྒྱ་

ཆེན་པོ་ལྟ་བུ་མིག་ལམ་དུ་གྱུར་ནའོ། །རྡོ་རྗེ་རིགས་མཆོག་དངོས་གྲུབ་ནི། །ཞེས་བྱ་བ་ནི་རྡོ་རྗེ་རིགས་ཟློས་པས་ནམ་དེ་ལྟ་བུ་མཐོང་བ་དེ་ནི་རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཀྱི་མཆོག་མྱུར་དུ་འགྲུབ་པའི་ལྟས་ཡིན་ནོ། །ཅི་སྟེ་འདོད་ན་ཞེས་བྱ་བ་ནི་དངོས་གྲུབ་ཇི་ལྟ་བུ་འདོད་པ་ཞེས་བྱ་བའི་དོན་ཏོ། །

ད་ནི་དེ་ཉིད་ལ་ནི་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་གཞུང་སྟོན་ཏེ། དེ་ཉིད་ཅེས་བྱ་བ་ནི་འོད་སེར་སྐྱའི་དཀྱིལ་འཁོར་གང་ཡིན་པའོ། །མཁའ་འདྲ་བའི་པདྨོ་སྔོན་པོ་ལྟ་བུར་མཐོང་ཞེས་བྱ་བ་ནི་བསྒོམས་པའི་སྟོབས་ཀྱིས་སྟོན་ཀའི་ནམ་མཁའ་

Vol. 56 · folio 107b

ལྟར་སྔོ་བའི་པདྨོའོ། །པདྨོའི་རིགས་ཟློས་པའི་རྣལ་འབྱོར་པས་ནམ་མཐོང་བ་དེའི་ཚེ་པདྨོའི་རིགས་ཀྱི་དངོས་གྲུབ་ཏུ་འགྱུར་བར་ཤེས་པར་བྱའོ། །འདི་སྐད་སྟོན་ཏེ། ཇི་ལྟར་རྡོ་རྗེ་རིགས་ལ་འོད་སེར་སྐྱའི་དཀྱིལ་འཁོར་གྱི་དབུས་ནི་འོད་སྔོན་པོ་མཐོང་བ་དེ་བཞིན་དུ་པདྨོའི་རིགས་ཀྱི་ཡང་དཀྱིལ་

འཁོར་དེའི་དབུས་པདྨོ་ནམ་མཐོང་བ་དེའི་ཚེ་པདྨོའི་རིགས་འགྲུབ་པར་འགྱུར་བའོ། །ད་ནི་ནམ་མཁའ་འམ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་གཞུང་སྟོན་ཏེ། ནམ་མཁའ་འམ་ནི་ཕྱོགས་གཞན་ན། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཉིད་མཁས་

བཞིན་དྲི་མེད་ལས། །ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་འོད་སེར་སྐྱའི་དཀྱིལ་འཁོར་གོང་དུ་བཤད་པ་ཉིད་དོ། །མཁའ་བཞིན་དྲི་མེད་ལས་ཞེས་བྱ་བ་ནི་ནམ་མཁའ་དང་། ཤེལ་བཞིན་དུ་དྲི་མ་མེད་པའོ། །འོད་ཟེར་དཀྱིལ་འཁོར་འཕྲོ་བར་ནི། །ཞེས་བྱ་བ་ནི་འོད་ཟེར་གྱི་གཟུགས་

རྣམ་པར་འཕྲོ་བའོ། །དེ་ལྟ་བུར་ནོར་བུའི་རིགས་ཟློས་པའི་རྣལ་འབྱོར་པ་དེས་མཐོང་ཞིང་རྟོགས་པར་གྱུར་ན་དངོས་གྲུབ་ཀྱི་མཚན་མ་དེས་ན་མྱུར་དུ་འགྲུབ་པར་འགྱུར་བར་ཤེས་པར་བྱའོ། །ད་ནི་རྡོ་རྗེ་སེམས་སོགས་ཞེས་བྱ་བ་ལ་སོགས་པ་འདི་དག་གིས་རབ་ཏུ་བྱེད་པ་འདི་ཉིད་ཀྱི་ལྷག་

མ་སྟོན་ཏེ། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཐོག་མར་བྱས་པའི་སེམས་དཔའ་གང་ཡིན་པ་དེ་དག་ནི་རྡོ་རྗེ་སེམས་སོགས་སེམས་དཔའ་སྟེ་བཅུ་དྲུག་པོ་རྣམས་སོ། །ཇི་ལྟ་བུ་ཞེ་ན། ཟླ་བའི་དཀྱིལ་འཁོར་འོད་བཅས་པར། །ཞེས་བྱ་

བ་སྟེ། འོད་ཟླ་བའི་དཀྱིལ་འཁོར་དང་མཚུངས་པ་གང་ཡིན་པ་དེ་ནི། ཟླ་བའི་དཀྱིལ་འཁོར་འོད་བཅས་པར། །ཞེས་བྱ་བའོ། །བདག་ཉིད་ཀྱིས་ཀྱང་མདུན་མཐོང་ནའོ། །ཞེས་བྱ་བ་ལ་མདུན་ཞེས་བྱ་བ་ནི་མདུན་དུ་བདག་ཉིད་ཀྱིས་མཐོང་བའོ། །ཀྱང་ཞེས་བྱ་བའི་སྒྲས་ནི་སེར་སྐྱའི་དཀྱིལ་འཁོར་

ལ་སོགས་པ་དངོས་གྲུབ་ཀྱི་མཚན་མ་སྔ་མ་རྣམས་སོ། །དུས་ནམ་གྱི་ཚེ་མཐོང་ཞེ་ན། དངོས་གྲུབ་དུས་སུའོ། །ཅི་གཟུགས་བརྙན་མཐོང་ངམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རང་བཞིན་དུ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་

Vol. 56 · folio 108a

ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་གྱི་རྒྱུད་ཀྱི་སྦྱོར་བས་བཟླས་བརྗོད་ལ་ཞུགས་པ་རྣམས་གྲུབ་ནས་ཀྱང་། བསྒོམ་པ་གྲུབ་པའི་འབྲས་བུ་གང་ཡིན་པ་སྟོན་ཏོ། །དེ་ལ་དང་པོ་ནི་དེ་བཞིན་གཤེགས་པའི་རིགས་བཤད་ལ། དེ་ལས་ཀྱང་ཐོག་མ་ཁོ་ནར་

དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལུས་ཀུན་དེ་བཞིན་གཤེགས་པ་རྣམས་དང་ནི། །ཞེས་བྱ་བ་ནི་ལུས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་དེ་བཞིན་གཤེགས་

པ་རྣམས་ཀྱི་གཟུགས་བསྒོམ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་བསྒོམ་པའོ། །དེ་བཞིན་ལུས་ལ་འབྱུང་མཐོང་ནའོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་འཇུག་པ་དང་། འབྱུང་བ་དང་། ཁྱབ་པར་གནས་ནས་བཞུགས་པར་ཡང་

སྦྱར་ཏེ། འདི་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ཡིན་པར་བལྟའོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་མངོན་པར་ཤེས་པ་རྣམས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ་བཅིངས་ན། །ཞེས་བྱ་

བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དུ་བྱས་ནས་ཞེས་བྱ་བའི་དོན་ཏོ། །ཅི་དེ་ཙམ་ཁོ་ནས་འབྲས་བུ་འཐོབ་བམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ཞིག་སྙམ་ཡིན་ན། རབ་མཉམ་གཞག་པས་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་མཉམ་པར་གཞག་པས་ན་རབ་མཉམ་གཞག་པའོ། །འབྲས་བུ་

ཅི་ཞིག་འཐོབ་པར་འགྱུར་ཞེ་ན། མངོན་ཤེས་ལྔ་ནི་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། མངོན་པར་ཤེས་པ་ལྔ་ནི་ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམས་སོ། །ཇི་ལྟར་

འཐོབ་ཅེ་ན། ཆོ་ག་འདི་ཡིས་ནི་ཞེས་བྱ་བ་གསུངས་ཏེ། འོག་ནས་བཤད་པས་སོ། །སུ་ཞིག་གིས་འཐོབ་པར་འགྱུར་ཞེ་ན། སྒྲུབ་པ་ཞེས་བྱ་བ་གསུངས་སོ། །ཆོ་ག་དེ་གང་ཞིག་ཡིན་ཞེ་ན། ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་ཆོ་ག་སྟོན་ཏེ། དེ་ལས་ཀྱང་ལྷའི་མིག་གིས་མངོན་པར་ཤེས་

Vol. 56 · folio 108b

པ་དང་པོར་སྟོན་པས། རྫུ་འཕྲུལ་གྱི་སྤྱན་གྱི་ཡེ་ཤེས་བཤད་དེ་ཞེས་བྱ་བ་གསུངས་སོ། །ཡེ་ཤེས་དེ་ཇི་ལྟར་འབྱུང་ཞེ་ན། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །མིག་གི་རྣམ་ཤེས་བསྐྱེད་ནས་ཀྱང་། །ཞེས་བྱ་བ་སྟོན་ཏོ། །འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་

ཟློས་པའི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོར་མཉམ་པར་གཞག་སྟེ་ཞེས་བྱ་བའི་ཕྱག་རྒྱ་ཆེན་པོ་བསྐྱེད་ནས། ཇི་སྐད་གསུངས་པའི་རིམ་གྱིས་དང་པོར་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པས་བརྟན་པར་བྱས་ལ། དེ་ནས་བདེན་པའི་བྱིན་གྱིས་བརླབས་བྱས་ཏེ་སྔར་བཤད་པའི་ཚུལ་གྱིས་ཡིད་

རྩེ་གཅིག་པར་བྱས་ལ་གང་གི་ལུས་སམ་ཕྱོགས་སུ་འདས་པའམ། མ་འོངས་པའམ། དགེ་བའམ། མི་དགེ་བ་གང་གི་གཟུགས་ཤེས་པར་འདོད་པ་དེའི་ལུས་སམ། ཕྱོགས་སུ་དབང་པོ་མ་ཉམས་པ་དང་། དེའི་ཕྱོགས་སྣང་བ་དང་བཅས་པ་དང་། གཟུགས་འཛིན་པའི་

ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ཏེ། དེ་ལྟར་ན་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུའི་ཚོགས་རྣམས་བསྒོམ་ཞིང་མིག་གི་རྣམ་པར་ཤེས་པ་བསྐྱེད་ལ་སྣང་བ་དང་བཅས་ཤིང་གཟུགས་ཤིན་ཏུ་གསལ་བར་མངོན་སུམ་དུ་ངེས་པར་མཐོང་བ་ཁོ་ནར་བསམ་པར་བྱའོ། །འོན་ཏང་

ན་ཆོས་ཉིད་ཀྱིས་གང་གི་རྒྱུའི་ཚོགས་མངོན་སུམ་དུ་བསྒོམས་ན་རྣལ་འབྱོར་པ་གྲུབ་པར་མ་གྱུར་ན་ཡང་བསྒོམ་པའི་སྟོབས་ཀྱིས་རྣམ་པར་ཤེས་པའི་འབྲས་བུ་དེ་འབྱུང་བར་འགྱུར་ཏེ། ཐ་ན་རྣལ་འབྱོར་པའི་རྨི་ལམ་དུ་ཡང་རྨི་ལམ་བདེན་པ་མཐོང་བ་སྟོན་པར་འགྱུར་རོ། །དེ་བས་ན། གང་

ཡང་རུང་བ་དེས་བསམས་ན། །ཤིན་ཏུ་རིང་བ་འང་མཐོང་བར་འགྱུར། །ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བུའི་མིག་གི་རྣམ་པར་ཤེས་པ་དེས་གང་ཡང་རུང་བ་བསམས་ན་ཞེས་བྱ་བ་ཡིད་ཀྱིས་ལུས་སམ་ཕྱོགས་གང་ཡང་རུང་བར། འདས་པའམ། མ་འོངས་པའམ། ད་ལྟར་གྱི་གཟུགས་

བསམས་ནའོ། །ཤིན་ཏུ་རིང་བ་འང་མཐོང་བར་འགྱུར། །ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བར་སྦྱར་རོ། །འང་ཞེས་བྱ་བའི་སྒྲས་ནི་གམ་ན་གནས་ཀྱང་སྒྲིབ་གཡོགས་ཀྱིས་ཆོད་པ་དང་། རྩིག་པ་དང་། མུན་པས་བསྒྲིབས་པའམ། རང་བཞིན་གྱིས་བསྐལ་པ་

Vol. 56 · folio 109a

ཡང་དྲུང་ན་གནས་པ་བཞིན་དུ་མཐོང་བར་འགྱུར་རོ། །དེ་ལྟར་མཐོང་ཞེས་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི། ཕྱག་རྒྱ་ཆེན་པོ་མཉམ་གཞག་ནས། །ཞེས་བྱ་བ་ལ་སོགས་པས་ལྷའི་རྣ་བའི་མངོན་པར་ཤེས་

པ་སྟོན་ཏེ། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །འདིར་ཡང་རྫུ་འཕྲུལ་གྱི་སྤྱན་གྱི་སྐབས་སུ་གོ་རིམས་ཇི་ལྟར་སྨོས་པ་དེ་དང་འདྲ་སྟེ། འདིར་རྣ་བའི་རྣམ་པར་ཤེས་པ་མངོན་སུམ་དུ་བྱ་བ་དང་། སྒྲ་ཙམ་ཞིག་ཁྱད་པར་ཡོད་དུ་ཟད་དོ། །དེས་ནི་ཞེས་བྱ་བ་

ནི་རྣ་བའི་རྣམ་པར་ཤེས་པས་དགོས་པ་གང་བསམས་ཀྱང་དེ་ཤིན་ཏུ་རིང་པོ་ན་གནས་པ་ཡང་ཐོས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །ད་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་སྟོན་ཏེ། ཕྱག་རྒྱ་ཆེན་

པོར་མཉམ་གཞག་སྟེ། །ཡིད་ཀྱི་རྣམ་ཤེས་བསྐྱེད་ནས་ཀྱང་། །ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྩེ་གཅིག་ཏུ་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་གང་ལ་དེས་བརྟགས་ན། །ཞེས་བྱ་བ་ནི་རྩེ་གཅིག་པར་བྱ་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེས་སེམས་ཅན་གང་གི་སེམས་ཤེས་

པར་བྱ་བར་འདོད་པ་དེ་ལ་ངེས་བརྟགས་ན་ཞེས་བྱ་བ་དེས་མངོན་སུམ་དུ་བྱས་ལ་ངེས་པར་བརྟགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་སེམས་ནི་དེས་ཤེས་འགྱུར། །ཞེས་བྱ་བ་ནི་ཡེ་ཤེས་སུ་ཉེ་བར་མཚོན་པ་སྟེ། དེས་དེའི་སེམས་ཤེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་

བདག་གིས་ལུས་དང་སེམས་ཀྱི་གནས་སྐབས་ཀྱི་ཉམས་ཇི་ལྟར་མཐོང་ཞིང་ཤེས་པ་ལས་ངའི་ལུས་དང་སེམས་འདི་སྙམ་དུ་སེམས་ཤིང་ཤེས་པ་ལས་ན་འདིའི་ལུས་ཀྱང་རྣམ་པ་འདི་ལྟ་བུ་ཡིན་ཞིང་འདིའི་སེམས་ཀྱང་རྣམ་པ་འདི་ལྟ་བུ་ཡིན་པར་ཤེས་པར་བྱའོ་ཞེས་པ་སྟེ། འདི་ནི་

རེ་ཞིག་ལས་དང་པོ་བའི་ཕ་རོལ་གྱི་སེམས་ཤེས་པའི་ཐབས་ཡིན་གྱི་རྣལ་འབྱོར་པ་བསྒོམ་པའི་ཁྱད་པར་ཤིན་ཏུ་གོམས་པ་རྣམས་ཀྱི་ནི་ཕ་རོལ་གྱི་སེམས་ཀྱི་དབང་ལས་རང་གི་སེམས་དེ་དང་འདྲ་བ་ཁོ་ནར་སྐྱེའོ། །དེ་བས་ན་རྣལ་འབྱོར་པ་གྲུབ་པ་རྣམས་རང་གི་སེམས་ཀྱི་ཉམས་ཀྱི་ཚུལ་ལས་

Vol. 56 · folio 109b

ཕ་རོལ་གྱི་སེམས་ཀྱི་ལུང་བསྟན་ན། དེ་དེ་བཞིན་དུ་འགྱུར་ཏེ་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ནི། བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟ་བས་ན་དགོས་པ་དེ་བརྗོད་པའི་ཕྱིར་ཕ་རོལ་གྱི་སེམས་ཤེས་པ་ཚད་མེད་པར་བཤད་དེ། འདི་ནི་འདི་ལྟར་ངེས་པར་ཤེས་པར་བྱ་དགོས་སོ། །ད་ནི་

ཕྱག་རྒྱ་ཆེན་པོར་ཞེས་བྱ་བ་ལ་སོགས་པས་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་སྟོན་ཏེ། ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱས་ལ། བདག་གམ་གཞན་

གྱི་ཚེ་སྔ་མའི་རྣམ་པར་ཤེས་པར་འདོད་ན་གནས་དབེན་པར་འདུག་སྟེ། སེམས་རྩེ་གཅིག་ཏུ་བཞག་ལ་བདེན་པའི་བྱིན་གྱིས་བརླབས་བྱས་ཏེ། བདག་རང་ཉིད་ཀྱི་བསོད་ནམས་ཀྱི་རང་བཞིན་གྱི་ཆོས་བསོད་ནམས་ཀྱི་མཚན་ཉིད་ཅན་དྲན་ཚུན་ཆད་ནས་ཇི་སྙེད་བྱས་པ་དེ་དག་ཐམས་

ཅད་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པས་བདག་གམ་སེམས་ཅན་འདིའི་ཚེ་རབས་འདས་པ་ན་སྐྱེ་བ་ཇི་ལྟར་མྱོང་བ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་ངའི་སེམས་རྩེ་གཅིག་

ཏུ་བྱས་པ་འདི་ལ་སྣང་བར་གྱུར་ཅིག་ཅེས་དེ་ལྟར་བདེན་པའི་བྱིན་གྱིས་བརླབས་བྱས་ལ། བདག་གམ་ཕ་རོལ་གྱི་གཟུགས་ལ་རྣལ་འབྱོར་པའི་ཡིད་ཀྱིས་བརྟག་པར་བྱའོ། །དེ་ལྟར་བརྟགས་ན་དེའི་སྔོན་གྱི་སྐྱེ་བ་དེ་ད་ལྟ་འདིར་དེས་ཤེས་པར་འགྱུར་རོ་ཞེས་པ་ནི་འདས་པའི་གཟུགས་ཏེ།

ད་ལྟར་གྱི་དུས་འདིར་ཤེས་པར་འགྱུར་རོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་སྔོན་གྱི་ལུས་ཀྱིས་མྱོང་བའི་ས་བོན་དང་ད་ལྟར་གྱི་རྣམ་པར་ཤེས་པའི་རྒྱུད་ལ་ཡོད་པ་དེ་རྣལ་འབྱོར་པ་དེའི་བསྒོམ་པའི་སྟོབས་ཀྱིས་དྲན་པའི་ས་བོན་སྨིན་པར་བྱས་པ་དང་རྣལ་འབྱོར་པ་དེ་ཉིད་དམ་སེམས་ཅན་གཞན་དག་

གི་ལུས་ལ་སྔོན་གྱི་གཟུགས་སྣང་བར་འགྱུར་ཏེ། བདེན་པར་སྨྲ་བ་དང་འདྲ་བའི་ཕྱིར་རོ། །འདི་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ཡིན་ཏེ། རྣལ་འབྱོར་མ་གྲུབ་པ་དང་བསམ་གཏན་མ་ཐོབ་པ་རྣམས་ལ་ཡང་འབྱུང་བར་འགྱུར་རོ། །སུ་ཞིག་གིས་དེ་སྐད་གསུངས་ཤེ་ན།

Vol. 56 · folio 110a

བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ་ཞེས་པའོ། །ད་ནི་རྫུ་འཕྲུལ་གྱི་ཆོ་ག་ཞེས་པའི་མངོན་པར་ཤེས་པ་སྟོན་ཏེ། ཕྱག་རྒྱ་ཆེན་པོ་བཅིངས་ནས་ཀྱང་། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །རྫུ་འཕྲུལ་གང་དང་གང་འདོད་པ། །ཞེས་བྱ་བ་ལ་རྫུ་འཕྲུལ་

ནི་འཕེལ་བ་སྟེ། སེམས་ཀྱི་འབྱོར་པའི་བདག་ཉིད་ཆེ་བའི་མཐུ་སྟོན་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལ་འགྲོ་བ་དང་། མི་སྣང་བར་གྱུར་པ་དང་། གཟུགས་སྣ་ཚོགས་སུ་སྟོན་པ་དང་། བར་དུ་ཆོད་པ་དང་། འབྱོར་པ་དང་ནམ་མཁའ་དང་ཐག་རིང་བ་རྣམས་སུ་ཡང་མྱུར་དུ་འགྲོ་བ་དང་། ཕྱི་

རོལ་གྱི་དངོས་པོ་སྤྲུལ་ཅིང་བསྒྱུར་བ་སྟེ། འཇིམ་པ་ལ་སོགས་པ་ལས་གསེར་ལ་སོགས་པར་བྱེད་པ་དང་། དངོས་པོ་མི་གནས་པའི་རྣམས་ཡུན་རིང་མོ་ཞིག་གི་བར་དུ་གནས་པར་བྱིན་གྱིས་རློབ་པ་ལ་སོགས་པ་སྟེ། དེ་ལ་སོགས་པའི་བདག་ཉིད་ཀྱི་ཚེ་བ་སྟོན་པ་ནི་རྫུ་འཕྲུལ་ལོ། །དེ་

བས་ན། རྫུ་འཕྲུལ་གང་དང་གང་འདོད་པ། །ཞེས་གསུངས་སོ། །གང་དུ་འདོད་ཅེས་རྟོགས་པ་ལ། །དེས་ནི་གང་ནའང་རུང་བར་ནི། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་དེ་གང་དུ་འདོད་པ་དེར་དངོས་པོ་དེ་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་གིས་སྟོན་ཞེ་ན། ཏིང་ངེ་འཛིན་གྱིས་

མཐོང་བར་འགྱུར། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སེམས་མཉམ་པར་བཞག་ན་ཅི་དང་ཅི་བསམ་པ་དེ་དང་དེའི་དངོས་པོ་དེ་དེ་བཞིན་དུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དེ་བཞིན་དུ་སྣང་བར་འགྱུར་ཞིང་། གཞན་དག་གིས་ཀྱང་དེ་བཞིན་དུ་མཐོང་བར་འགྱུར་ཏེ། ཏིང་ངེ་འཛིན་ལ་

སེམས་རྩེ་གཅིག་ཏུ་གྱུར་པའི་ཡིད་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཕྱིར་རོ། །རྩེ་གཅིག་པའི་ཡིད་དང་ལྡན་པའི་རྣལ་འབྱོར་པས་ནི་གང་མི་འདོད་པ་དེ་མི་བྱེད་ཅིང་གང་འདོད་པ་དེ་ཐམས་ཅད་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་རོ། །ཇི་སྐད་དུ་སུ་ཞིག་གིས་གསུངས་ཤེ་ན། དེའི་ཕྱིར་བཅོམ་

ལྡན་འདས་བྱང་ཆུབ་ཀྱི་སེམས་ཆེན་པོས་གསུངས་སོ་ཞེས་བྱ་བའོ། །ད་ནི་རྡོ་རྗེའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་རིགས་ལ་ཕྱག་རྒྱ་བཞི་ཆར་གྱི་སྦྱོར་བ་ཡོད་མོད་ཀྱི་འོན་ཀྱང་། ཕྱག་རྒྱ་ཆེན་པོས་མངོན་པར་ཤེས་པ་ལྔའི་འབྲས་བུ་སྟོན་ལ།

Vol. 56 · folio 110b

འདིར་ནི། ཁམས་གསུམ་རྣམ་རྒྱལ་མཆོག་ཏུ་ནི། །རབ་མཉམ་གཞག་པས་བཅིངས་ནས་ཀྱང་། །ཞེས་བྱ་བ་གསུངས་ཏེ། རྟོག་པ་འདི་ལ་དམ་ཚིག་གི་ཕྱག་རྒྱ་གཙོ་བོ་ཡིན་པར་བཤད་པའི་ཕྱིར་རོ། །དེ་ཡང་ཁམས་གསུམ་རྣམ་རྒྱལ་མཆོག་ཏུ་ནི། །ཧཱུཾ་ཞེས་བྱ་བ་བཞིའི་ཕྱག་རྒྱ་འཇིག་རྟེན་

གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པ་སྟེ། དེ་བཅིང་བར་བྱའོ། །ཅི་ཕྱག་རྒྱ་བཅིངས་པ་ཙམ་གྱིས་མངོན་པར་ཤེས་པ་འཐོབ་བམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རབ་མཉམ་གཞག་པས། མངོན་པར་ཤེས་པ་ལྔ་འཐོབ་བོ་ཞེས་

བྱ་བར་སྦྱར་ཏེ། ཤིན་ཏུ་མཉམ་པར་གཞག་པས་ན་རབ་མཉམ་གཞག་པའོ། །གང་གིས་ཤེ་ན། དེའི་ཕྱིར་ཆོ་ག་འདིས་ནི་ཞེས་བྱ་བ་སྟོན་ཏེ། འོག་ནས་བཤད་པས་ཞེས་བྱ་བའི་དོན་ཏོ། །སུ་ཞིག་གིས་འཐོབ་པར་འགྱུར་ཞེ་ན། སྒྲུབ་པ་པོ་ཞེས་བྱ་བ་གསུངས་སོ། །ཆོ་ག་དེ་ཅི་ལྟ་

བུ་ཞིག་ཅེ་ན། ཁྲོས་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཁྲོས་ནས་དགོས་པ་ཐམས་ཅད་ནི། །ཞེས་བྱ་བ་ལ་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཁྲོས་ནས་ཞེས་སྨོས་པས་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། ཡིད་ཀྱིས་ཁྲོ་བ་མངོན་སུམ་དུ་བྱའོ་

ཞེས་སྟོན་ཏེ། གང་གི་ཕྱིར་རིགས་འདིར་ཁྲོ་བ་ཉིད་དམ་ཚིག་ཡིན་ཏེ། དེ་བས་ན་ཆོ་ག་འདི་ལས་གཞན་གྱི་དགོས་པ་འགྲུབ་པར་མི་འགྱུར་རོ་ཞེས་སྟོན་ཏོ། །ལྟག་འོག་གོ་རིམས་ཇི་བཞིན་བྱ། །ཞེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་ལ་སོགས་པ་དང་། རྡོ་རྗེ་

ཕྲ་མོ་གོམས་པར་བྱ་བ་རྣམས་རིམ་བཞིན་དུ་བྱ་བའོ། །འཕྲུལ་གྱི་མིག་ལ་སོགས་ཚུལ་གྱིས། །ཞེས་བྱ་བ་ལ་རྫུ་འཕྲུལ་གྱི་མིག་ལ་སོགས་པའི་སྦྱོར་བ་ནི་སྔར་བཤད་པ་ཡིན་ཏེ། རྣལ་འབྱོར་དེའི་ཚུལ་གྱིས། མངོན་ཤེས་ཀུན་དུ་སྐད་ཅིག་འགྱུར། །ཞེས་བྱ་བའོ། །དེ་སྐད་སུ་ཞིག་གིས་

གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཞེས་པའོ། །ད་ནི་འགྲོ་བ་འདུལ་བ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འགྲོ་བ་འདུལ་བའི་ཕྱག་རྒྱ་མཆོག །རབ་མཉམ་གཞག་པས་བཅིངས་ནས་ནི། །ཞེས་བྱ་

Vol. 56 · folio 111a

བ་ལ་འགྲོ་བ་འདུལ་བའི་ཕྱག་རྒྱ་མཆོག་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ཏོ། །རང་གི་ལྷའི་རྣལ་འབྱོར་དུ་བྱས་པ་འབའ་ཞིག་ཏུ་མ་ཟད་ཀྱིས། རབ་མཉམ་གཞག་ཅེས་བྱ་བ་སྟེ་ཤིན་ཏུ་མཉམ་པར་གཞག་

པར་བྱ་བའོ། །བཅིངས་ནས་ནི་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལ་སོགས་པའི་རིམ་གྱིས་སོ། །ཇི་ལྟར་ཞེ་ན། ཆོ་ག་འདིས་ནི་སྒྲུབ་པ་པོས། །ཞེས་བྱ་བའོ། །ཅི་ཞིག་འཐོབ་ཅེ་ན། མངོན་པར་ཤེས་པ་ལྔ་འཐོབ་བོ། །ཞེས་བྱ་བ་གསུངས་སོ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །ཞེས་

བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པ་ལས་བྱུང་བའི་རིམ་གྱིས་སོ། །འདིར་ཕྱག་རྒྱ་ཆེན་པོ་བསྟན་མོད་ཀྱི་འོན་ཀྱང་དེ་གཙོ་བོ་མ་ཡིན་པར་ཤེས་པར་བྱ་སྟེ། གཞན་དུ་ན་ཆོས་ཀྱི་ཕྱག་རྒྱ་ཉིད་གཙོ་བོ་ཡིན་ལ་དེ་བས་ན་དེ་ནི། ཆོ་ག་བཞིན་དུ་འདོད་པ་ཆགས། །ཞེས་བྱ་བས་སྟོན་ཏེ། ཆོ་ག་བཞིན་དུ་ཞེས་བྱ་བ་ནི་

བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་ལ་སོགས་པའི་རིམ་གྱིས་སོ། །འདོད་པ་ནི་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་ཏེ། དེས་ཆགས་པས་ན་འདོད་པས་ཆགས་པའོ། །འཕྲུལ་གྱི་མིག་ལ་སོགས་ཚུལ་གྱིས། །ཞེས་བྱ་བ་ནི་དེ་ལྟར་སྔར་བཤད་པའི་ཚུལ་གྱིས་སོ། །མངོན་

ཤེས་ཐམས་ཅད་འཐོབ་པར་འགྱུར། །ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མངོན་པར་ཤེས་པ་ཐམས་ཅད་འཐོབ་པར་འགྱུར་ཞེས་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་འཇིག་རྟེན་དབང་པོས་གསུངས་སོ་ཞེས་པའོ། །འདིར་ཆོས་ཀྱི་ཕྱག་རྒྱའི་འབྲས་བུ་ནི་མ་

བསྟན་ཏེ། གང་གི་ཕྱིར་འདིར་འདོད་ཆགས་ཆོས་སུ་བསྟན་པའི་ཕྱིར་རོ། །ད་ནི། དོན་ཀུན་གྲུབ་པའི་ཕྱག་རྒྱ་ནི། །ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དོན་ཀུན་གྲུབ་པའི་ཕྱག་རྒྱ་ནི་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་

ཆེན་པོ་བཅིངས་པའོ། །ཕྱག་རྒྱ་བཅིངས་པ་འབའ་ཞིག་གིས་འགྲུབ་པར་འགྱུར་བ་མ་ཡིན་གྱིས་ཏིང་ངེ་འཛིན་ཡང་དགོས་སོ་ཞེས་བསྟན་པའི་ཕྱིར་རབ་མཉམ་གཞག་པས་ཞེས་གསུངས་སོ། །ཇི་ལྟར་འཐོབ་ཅེ་ན། ཆོ་ག་འདིས་ནི་ཞེས་བྱ་བ་གསུངས་ཏེ་འོག་ནས་འབྱུང་བའི་ཆོ་ག་འདིས་སོ། །

Vol. 56 · folio 111b

སུ་ཞིག་གིས་འཐོབ་པར་འགྱུར་ཞེ་ན། སྒྲུབ་པ་པོས་ཞེས་བྱ་བ་གསུངས་སོ། །ཅི་ཞིག་འཐོབ་པར་འགྱུར་ཞེ་ན། མངོན་པར་ཤེས་པ་ལྔ་འཐོབ་པོ། །ཞེས་བྱ་བ་གསུངས་སོ། །འདིར་ཡང་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་ཞེས་བསྟན་མོད་ཀྱི་འོན་ཀྱང་འདི་གཙོ་བོ་མ་ཡིན་ཏེ། སངས་རྒྱས་རྣམས་

ལ་མཆོད་བྱས་ན། །ཞེས་བྱ་བ་འདིས་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོ་ཡིན་པར་སྟོན་ཏེ། གང་གི་ཕྱིར་སངས་རྒྱས་མཆོད་པ་ལ་ནི་གཙོ་བོར་ལས་ཀྱི་ཕྱག་རྒྱའི་བྱ་བ་ཡིན་པའི་ཕྱིར་རོ། །ལྟག་འོག་གོ་རིམས་དེ་བཞིན་དུ། །ཞེས་བྱ་བ་ལ། གོ་རིམས་ནི་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ལ་སོགས་

པ་སྟེ། བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་དེ་བཞིན་དུ་ཞེས་བྱ་བ་སྔར་བཤད་པའི་འཕྲུལ་གྱི་མིག་ལ་སོགས་པའི་རྣལ་འབྱོར་གྱི་ཚུལ་གྱིས་སོ། །དེས་ཅིར་འགྱུར་ཞེ་ན། མངོན་ཤེས་ལྔ་ནི་ངེས་འཐོབ་པོ། །ཞེས་བྱ་བ་གསུངས་ཏེ། །ཆོས་འདིས་མངོན་པར་ཤེས་པ་ལྔ་འཐོབ་

པར་འགྱུར་རོ་ཞེས་པའོ། །སུ་ཞིག་གིས་དེ་སྐད་གསུངས་ཤེ་ན། བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ་ཞེས་བྱ་བས་སྟོན་ཏོ། །ད་ནི་རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་རབ་ཏུ་བྱེད་པའི་དོན་གྱིས་མཇུག་སྡུད་པ་སྟོན་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་མངོན་

པར་ཤེས་པ་ཡིན་པས་ན་རིགས་ཐམས་ཅད་ཀྱི་མངོན་པར་ཤེས་པའོ། །དེ་ཉིད་ཡེ་ཤེས་ཡིན་པས་ན་རིགས་ཐམས་ཅད་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་སོ། །དེ་ཕྱག་རྒྱ་གང་དག་གིས་འཐོབ་པར་འགྱུར་བ་དེ་ནི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ཤེས་པར་བྱ་བའི་མངོན་པར་

ཤེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ནི་དེ་ཐོབ་པར་བྱ་བའི་ཐབས་ཀྱི་གཞུང་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་བདེན་པ་གསུངས་པས་མངོན་པར་འདོད་པའི་དོན་གྲུབ་པར་འགྱུར་བ་གང་ཡིན་པ་དེ་བསྟན་པར་བྱ་བའི་དོན་ཏོ། །དེ་ལས་ཀྱང་དང་པོར་

བདེན་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའི་བདེན་པ་གྲུབ་པའི་གཞུང་སྟོན་ཏེ། བདེན་པ་ནི་གཞན་དུ་མི་འགྱུར་བ་ཉིད་དོ། །བདེན་པ་འདི་ལ་རྗེས་སུ་འཇུག་པའི་ཚིག་གང་ཡིན་པ་དེ་ནི་བདེན་པའི་རྗེས་སུ་འཇུག་པའི་ཚིག་གོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་

Vol. 56 · folio 112a

པར་བཟུང་བ་སྟེ་དེ་ཉིད་ཀྱིས་མནའི་བྱ་བ་བྱའི་གཞན་དུ་ནི་མ་ཡིན་ནོ། །མནའ་དེ་ཡང་དགོས་པ་ཆེན་པོའི་ཕྱིར་མནའ་འདོར་བ་ཡིན་ཏེ། བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ལ་རེག་པས་གལ་ཏེ་བདག་འདི་ལས་འདས་ན་སངས་རྒྱས་བཅོམ་ལྡན་འདས་

རྣམས་བདག་གིས་བསླུས་པར་གྱུར་ཅིག་ཅེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ལ་དམོད་བཙུགས་པའི་མནའ་བོར་ནས་བདེན་པ་ཆེན་པོ་བསྲུངས་ནའོ། །ཅིར་འགྱུར་ཞེ་ན། མྱུར་དུ་སངས་རྒྱས་ཉིད་འཐོབ་བོ། །ཞེས་བྱ་བ་གསུངས་ཏེ། མྱུར་དུ་ཞེས་བྱ་བ་ནི་མགྱོགས་པར་ཞེས་བྱ་བའི་དོན་ཏོ། །

དེ་ལྟར་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བར་སྟོན་ཏོ། །ད་ནི་དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་བདེན་པའི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། དམ་ཚིག་ཅེས་བྱ་བ་ནི་འདའ་བར་མི་བྱ་བའི་

དོན་ལ་བྱའོ། །དམ་ཚིག་དེ་ལ་མནའ་བོར་བ་ནི་འདོད་པའི་ལྷ་ལ་དམོད་བཙུགས་པ་དང་འབྲེལ་པའི་དོན་ལ་འདའ་བར་མི་བྱ་བའི་ཚིག་ལ་ནི་མནའ་ཞེས་བྱ་བ་སྟེ། བྱ་བ་འགའ་ཞིག་ལ་བླ་མ་ཉེ་བར་གནས་པའི་ཐད་དུ་དེ་བཞིན་གཤེགས་པའི་རིགས་དང་འབྲེལ་པའི་མནའི་བྱ་བ་བྱེད་པ་སྟེ། གལ་ཏེ་ངས་འདི་ལྟ་

བུའི་བྱ་བ་མ་བྱས་སམ་འདི་ལས་འགལ་བ་ཞིག་བྱས་པར་གྱུར་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་བདག་གི་སྙིང་ག་འདི་ནས་འཕང་བར་གྱུར་ཅིག་ཅེས་དེ་བཞིན་གཤེགས་པའི་རིགས་ལ་དམོད་བཙུགས་ལ་མནའ་བོར་ནས་ཀྱང་སྲོག་ལ་བབ་ཀྱང་རྡོ་རྗེའི་བདེན་པ་བསྲུང་བར་བྱའོ། །

དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་མཆོག་ནི་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་ཅི་སྟེ་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་སྒོ་ནས་བདེན་པའི་དངོས་གྲུབ་ཀྱི་

རྒྱུད་སྟོན་ཏེ། རྡོ་རྗེ་འཛིན་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་ལས་སྟོན་པ་སྟེ། ལག་པ་གཉིས་བླ་འོག་ཏུ་གཅིག་ལ་གཅིག་རྒྱབ་སྤྲད་དེ། མཐེ་བོ་དང་མཐེའུ་ཆུང་གཉིས་གཅིག་གིས་གཅིག་བཟུང་བའི་རྡོ་རྗེ་འཛིན་པ་འདིས་མནའ་འདོར་ཞིང་རྡོ་རྗེ་རིགས་ལ་དམོད་བཙུགས་པ་བྱས་ལ།

Vol. 56 · folio 112b

དགོས་པ་ཆེན་པོ་ཉེ་བར་གནས་པ་ཞིག་བྱུང་བ་ལ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ནས་གལ་ཏེ་ངས་འདི་ལས་འགལ་བར་བྱས་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བསླུས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟ་བུའི་འདའ་བར་དཀའ་བའི་མནའ་སྔགས་པས་བོར་ནས། བདེན་

པ་འདི་ནི་བསྲུང་བར་བྱ་བ་སྟེ་འདའ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་སྒོ་ནས་བདེན་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དམ་པའི་ཆོས་ལ་མནའ་འདོར་ཞིང་། །ཞེས་བྱ་བ་ལ་དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་ཏེ། དམ་པ་ནི་སངས་

རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཏེ། དམ་པ་དེ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་སོ། །དེ་དང་ལྡན་པའི་མནའ་ཡིན་པས་ན་དམ་པའི་ཆོས་ལ་མནའ་འདོར་བ་སྟེ། དགོས་པ་ཆེན་པོའི་དུས་འགའ་ཞིག་ཏུ་དེ་བྱ་སྟེ།

གལ་ཏེ་ངས་འདི་ལས་འདས་པ་ཞིག་བྱས་ན་བདག་དམ་པའི་ཆོས་དང་མི་ལྡན་པའམ། དམ་པའི་ཆོས་སྤངས་པའམ། དམ་པའི་ཆོས་རྣམ་པར་འཇིག་པ་ལ་སོགས་པ་བྱེད་པར་ཤོག་ཅིག་པའོ། །དེ་ལྟར་པདྨོའི་རིགས་ཆེན་པོ་ལ་མནའི་མཆོག་འདི་ལྟ་བུ་བྱས་ནས་པདྨོའི་རིགས་ཟློས་པ་

རྣམས་ཀྱིས་བདེན་པའི་མཚན་ཉིད་དམ་ཚིག་ལ་སོགས་པ་བསྲུང་བར་བྱའོ། །ད་ནི་འདི་ལས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་སྒོ་ནས་བདེན་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་མཆོད་པ་ནི་ཡིད་ཀྱིས་མཆོད་པ་དང་། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་དང་

ལྡན་པའོ། །དེ་དང་འབྲེལ་པའི་མནའ་འདོར་བར་བྱ་བ་ནི་དགོས་པ་ཆེན་པོ་ཞིག་གི་དུས་སུ་གལ་ཏེ་བདག་གིས་འདི་ལྟར་མ་བྱས་སམ། འདས་པར་གྱུར་ན་སངས་རྒྱས་ཀྱི་མཆོད་པ་རྣམ་པར་འཇིག་པའམ། ཡོངས་སུ་སྤོང་བར་ཤོག་ཅིག །གལ་ཏེ་དེ་ལས་འདས་ན་བདག་ཚེ་རབས་

ཐམས་ཅད་དུ་དབུལ་པོར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་ནོར་བུའི་རིགས་སུ་གཏོགས་པའི་མནའ་འདའ་བར་དཀའ་བ་འདི་ལྟ་བུ་དོར་བར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། བདེན་པའི་མཆོག་འདི་བསྲུངས་ན་ནི། །ཞེས་བྱ་བ་གསུངས་སོ། །དེ་ནས་ཅིར་འགྱུར་ཞེ་ན། དབང་

Vol. 56 · folio 113a

བསྐུར་བ་ནི་འཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་སྐད་སུ་ཞིག་གི་གསུངས་ཤེ་ན། བཅོམ་ལྡན་འདས་སངས་རྒྱས་མཆོད་པས་གསུངས་སོ་ཞེས་བྱ་བ་སྟེ། རྡོ་རྗེ་ལས་ཀྱིས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་རབ་ཏུ་

བྱེད་པའི་དོན་གྱི་མཇུག་སྡུད་པ་ཡིན་ཏེ། རབ་ཏུ་བྱེད་པ་འདི་ཡང་སྒྲུབ་པ་པོ་འགའ་ཞིག་ལ་གལ་ཏེ་དགོས་པ་ཆེན་པོ་འགའ་ཞིག་ཡོད་ན། མནའ་གང་ལས་བོར་བ་དེས་དེའི་དམ་ཚིག་བསྲུངས་ན་འགྲུབ་པར་འགྱུར་རོ། །ལུང་སྦྱིན་པར་བྱ་བ་དང་། བཟླས་བརྗོད་བྱེད་པ་ཐམས་ཅད་ལ་

སྤྱིར་ནམ་དཀྱིལ་འཁོར་དུ་འཇུག་པའི་དུས་དང་གསང་ཞིང་སྦ་བའི་མན་ངག་སྦྱིན་པའི་དུས་སུ་མནའ་བསྒགས་པ་དེ་ཡང་དེ་དག་གིས་བསྲུང་བར་བྱ་བ་ཡིན་ནོ། །ད་ནི་ས་མ་ཡ་སྟྭཾ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལ་དང་པོར་ནི་དེ་བཞིན་གཤེགས་

པ་རྣམས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ས་མ་ཡ་སྟྭཾ་ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མའི་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་སྙིང་པོ་ལ་ནི་ས་མ་ཡ་སྟྭཾ་ཞེས་བྱ་བའི་སྒྲར་གསུངས་པ་ཡིན་ཏེ། གང་གི་ཕྱིར་འདིའི་དོན་གང་ཡིན་པ་དེ་ནི་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། ཟླ་

བ་དང་རྡོ་རྗེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པའི་རང་བཞིན་དེ་ལས་རྒྱུད་ཐམས་ཅད་ཀྱི་དོན་རིམ་གྱིས་རྫོགས་པར་འགྱུར་རོ། །དེ་བས་ན་དེ་སྐུལ་བར་བྱེད་པའི་སྙིང་པོ་ལ་དམ་ཚིག་གི་དེ་ཁོ་ན་ཉིད་ཅེས་བྱའོ། །དེ་གང་དུ་བརྗོད་པར་བྱ་ཞེ་ན། ཕྱག་རྒྱ་ཀུན་དང་རིགས་རྣམས་ལའང་། །ཞེས་བྱ་

བ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་བརྗོད་ལ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ན་བདག་ཉིད་ཀྱིས་བཅིངས་པ་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་ཐམས་ཅད་མ་བསྒྲུབས་ཀྱང་འགྲུབ་པར་འགྱུར་ཏེ། ཉིད་ཀྱིས་ཞེས་བྱ་བ་ནི་སྔགས་པས་སོ། །བཅིངས་ནས་བརྟན་པར་

འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་འགྲུབ་ཅིང་རང་གི་བྱ་བ་བྱེད་པ་སྟེ། རིགས་བཞིར་གཏོགས་པའི་ཕྱག་རྒྱ་ཐམས་ཅད་དོ། །མ་བསྒྲུབས་པར་ཞེས་བྱ་བ་ནི་དམ་ཚིག་གི་སྙིང་པོ་བརྗོད་པ་མེད་ཀྱང་ངོ་། །ནམ་འགྲུབ་ཅེ་ན། དེའི་འོག་ཏུ་ཞེས་བྱ་བ་གསུངས་སོ། །གང་གི་འོག་ཏུ་ཞེ་ན། དམ་ཚིག་གི་

Vol. 56 · folio 113b

ཕྱག་རྒྱ་བཅིངས་པའིའོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱིས་གསུངས་སོ་ཞེས་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བའི་དོན་ཏོ། །ད་ནི་སུ་ར་ཏ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་

དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །སུ་ར་ཏ་སྟྭཾ་ཞེས་བྱ་བ་བརྗོད་ན་ཅིར་འགྱུར་ཞེ་ན། མ་བསྒྲུབས་པར་ཡང་ཕྱག་རྒྱ་ཀུན། །ཉིད་ཀྱིས་བཅིངས་ནས་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་འགྲུབ་པར་འགྱུར་ཞེ་ན། གང་གི་ཕྱིར་སུ་ར་ཏ་ཞེས་བྱ་བ་འདི་ནི་

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་བསྐུལ་བ་ཡིན་ཏེ། སུ་ར་ཏ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་སྟེ། ཤིན་ཏུ་དག་པ་ཡིན་པས་རབ་ཏུ་དགའ་བའོ། །དེ་ཡང་སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བའི་མཐའ་ཇི་སྲིད་ཀྱི་བར་དུ་བདག་གིས་བཟུང་ནས་སྤྱོད་པར་མཛད་པའི་དོན་ཏེ།

དེས་རབ་ཏུ་དགའ་བ་ནི་གཟུགས་ལ་སོགས་པའི་ཡུལ་ཡོངས་སུ་མ་་གཏོང་བར་སྤྱོད་པའི་ཕྱིར་རོ། །དེ་ཡང་། གཟུགས་སོགས་འདོད་པའི་བདེ་བས་དགྱེས་པའི་ཐུགས། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་ལྟ་བས་ན་འདི་ནི་འདིའི་དེ་ཁོ་ན་ཉིད་ཡིན་པས་རྡོ་རྗེ་

སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིངས་པའི་དུས་ན་དེ་ལ་བསྐུལ་ན་མ་བསྒྲུབས་པར་ཡང་ཕྱག་རྒྱ་ཐམས་ཅད་སློབ་དཔོན་བདག་ཉིད་དམ་སློབ་མས་བཅིངས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་

ཀྱིས་གསུངས་སོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ད་ནི་ཧཱུཾ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་གཞུང་སྟོན་ཏེ། མདོར་བསྡུ་ན་ནི་ཧཱུཾ་ཞེས་བྱ་བ་གཅིག་ཙམ་གྱིས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པོ། །རྒྱས་པར་ནི་ཧཱུཾ་ཞེས་བྱ་བ་བཞིའི་

སྔགས་ཀྱིས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པོ། །ཙམ་གྱིས་ཞེས་བྱ་བ་སྨོས་པས་ནི་ཧཱུཾ་ཞེས་བྱ་བ་གསུམ་དཀར་བའོ། །དེ་བས་ན་ཧཱུཾ་ཞེས་བྱ་བ་གཅིག་པོ་དེ་ཉིད་བརྗོད་ལ་བདག་ཉིད་ཀྱིས་དམ་ཚིག་གི་ཕྱག་རྒྱ་བཅིང་ཞིང་གཞན་ཡང་འཆིང་དུ་གཞུག་གོ། །འདིར་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་

Vol. 56 · folio 114a

ཁྲོ་བོ་ཡིན་པས་ན་དེའི་དེ་ཁོ་ན་ཉིད་ཧཱུཾ་ཞེས་བྱ་བ་བརྗོད་པར་བྱ་བ་སྟེ། དེ་ལས་དེའི་ནང་ན་གནས་པའི་ཁྲོ་བོ་རྣམས་ཤེས་པར་འགྱུར་ཏེ། དེ་ལྟ་བས་ན་འདི་ལ་དེའི་དེ་ཁོ་ན་ཉིད་ཅེས་བྱའོ། །ད་ནི་སརྦ་ཤུདྡྷ་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་

ཉིད་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། པདྨོའི་རིགས་ལ་ཡང་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་ཚེ་ན། བདག་གམ་ཡང་ན་གཞན་ཡང་རུང་པདྨོའི་རིགས་ཟློས་པས་སརྦ་ཤུདྡྷ་ཞེས་བྱ་བའི་དེ་ཁོ་ན་ཉིད་འདི་བརྗོད་ལ། དེ་ནས་གདོད་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་སྙིང་པོ་བརྗོད་ཅིང་དམ་ཚིག་

གི་ཕྱག་རྒྱ་བཅིང་བ་དང་འཆིང་དུ་གཞུག་པར་བྱའོ། །དེ་ནས་ཕྱག་རྒྱ་ལྷག་མ་རྣམས་གདོད་བཅིང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། བུད་མེད་ཆགས་ལ་སོགས་ལྡན་ལ། །ཐམས་ཅད་དུ་ནི་གྲོལ་མི་འགྱུར། །ཞེས་བྱ་བ་གསུངས་ཏེ། འདིར་བུད་མེད་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་

རྒྱ་ལ་བྱ་བར་དགོངས་ཏེ་དེ་དང་སྦྱོར་བ་འདི་ནི་བཅིང་བའོ། །དེ་ཐོག་མར་བྱས་པའི་སྦྱོར་བ་གང་ཡིན་པ་དེ་ནི། བུད་མེད་སྦྱོར་ལ་སོགས་ལྡན་ལ། །ཞེས་བྱ་སྟེ། སྦྱོར་བ་དེས་ཕྱག་རྒྱ་ལྷག་མ་རྣམས་ཆིངས་ཤིག་ཅེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། ཐམས་ཅད་དུ་ནི་གྲོལ་མི་འགྱུར། །

ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། དེ་ཁོ་ན་ཉིད་བསྐུལ་བ་སྔོན་དུ་འགྲོ་བས་བཅིངས་ན་ཕྱག་རྒྱ་ཐམས་ཅད་དགོས་པ་མ་ཟིན་གྱི་བར་དུ་ལྷོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཨོཾ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་

གཞུང་སྟོན་ཏེ། དེ་ཡང་ཨོཾ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བཅིངས་པའི་སྙིང་པོ་ལས་འབྱུང་བ་ཉིད་ཡིན་ནོ། །དེ་བས་ན་དམ་ཚིག་གི་དེ་ཁོ་ན་ཉིད་ཡིན་པས་ཨོཾ་ཞེས་བྱ་བས་མདོར་བསྡུ་ན། ཕྱག་རྒྱ་ཐམས་ཅད་འགྲུབ་འགྱུར་ཏེ། །ཞེས་བྱ་བ་སྟེ། མདོར་བསྡུ་བ་ཞེས་བྱ་བ་ནི་མདོར་

བྱའོ། །དེ་ཁོ་ན་ཉིད་བསྐུལ་བས་དམ་ཚིག་གི་ཕྱག་རྒྱ་འགྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་མཆོག་ཏུ་ཡང་བསྔགས་པ་དེས་འགྲུབ་པར་འགྱུར་བའོ། །སྔགས་པ་དེས་མཆོད་པ་འགྲུབ་པ་ཉིད་ཚོར་ཡང་མ་ཟད་ཀྱི་རང་འབྱུང་ཉིད་ལ་ཞེས་བྱ་

Vol. 56 · folio 114b

བ་སྟེ། སངས་རྒྱས་ཀྱི་མཆོད་པ་ཡང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཆོད་པ་ཞེས་སྨོས་པས་ནི་འདི་གཉི་ག་ལ་སྦྱར་བར་བྱའོ། །རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རིགས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའོ། །དེ་རྣམས་ཀྱི་དམ་

ཚིག་ཡིན་པས་ན། རིགས་ཐམས་ཅད་ཀྱི་དམ་ཚིག་སྟེ། དམ་ཚིག་ཅེས་སྨོས་པས་ནི་ཐ་ཚིག་ལ་བཞག་པའི་གཞུང་ལུགས་བཟུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཕྱག་རྒྱ་བཅིང་བར་འདོད་ན། དང་པོ་ཁོ་ནར་སྙིང་པོ་འདི་བརྗོད་ལ་ཕྱག་རྒྱ་འདི་དག་བཅིང་བར་

བྱའོ་ཞེས་གསུངས་པ་གང་ཡིན་པ་འདི་ནི་དམ་ཚིག་གོ། །འདི་ཉིད་ནི་དཀྱིལ་འཁོར་བ་དེ་དང་དེ་དག་དམ་ཚིག་གི་དེ་ཁོ་ན་ཉིད་ཅེས་གསུངས་པ་ཡིན་ནོ། །དམ་ཚིག་གི་དེ་ཁོ་ན་ཉིད་འདིས་ཀྱང་ཕྱག་རྒྱ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ལ་དེ་ཡང་རྣམ་པ་དུ་མ་ཡོད་པ་ཡིན་པས་ན་ཆོ་ག་

རྒྱས་པའི་སྒྲར་གསུངས་ཏེ། དངོས་གྲུབ་ཀྱི་དོན་གྱི་ཕྱག་རྒྱ་ཡིན་པས་ན་དངོས་གྲུབ་ཀྱི་ཕྱག་རྒྱའོ། །དེའི་ཆོ་ག་རྒྱས་པ་ནི་དེའི་རྣམ་པར་རྒྱས་པ་སྟེ་དེ་སྟོན་པའི་གཞུང་རྒྱས་པ་ཡིན་པས་ན་ཆོ་ག་རྒྱས་པའི་རྒྱུད་དོ། །འདས་མ་ཐག་པའི་དམ་ཚིག་གི་ཕྱག་རྒྱ་དང་དེའི་སྙིང་པོ་ནི་དེ་ཁོ་ན་ཉིད་ཅེས་གསུངས་

ཤིང་དེ་ཁོ་ན་ཉིད་དེས་ཀྱང་རང་རང་གི་རིགས་སུ་རང་རང་གི་ཕྱག་རྒྱའི་དེ་ཁོ་ན་ཉིད་འགྲུབ་པར་གསུངས་པ་ཡིན་ནོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་རྣམས་ཀྱིས་གང་འདོད་པ་འགྲུབ་པའི་ཕྱག་རྒྱ་དེ་སྟོན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་

སྨོས་པས་ནི་འདིར་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཟུང་ངོ་། །དེ་རྣམས་འགྲུབ་པར་བྱ་བའི་ཕྱིར་དང་། སྦྱོར་བ་དེ་ལ་གནས་པའི་རྣལ་འབྱོར་པ་རྣམས་འགྲུབ་པར་བྱ་བའི་ཕྱིར་རོ། །ཕྱག་རྒྱ་རྣམས་ཀྱི་གཞུང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་དངོས་གྲུབ་ཀྱི་ཕྱག་རྒྱའི་རྒྱུད་དོ། །དེ་ལས་ཀྱང་དང་པོ་ཁོ་ནར་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་གཤེགས་པའི་ཕྱག་རྒྱ་སྒོམ་པར་བྱེད་པ་ལས་དངོས་གྲུབ་འབྱུང་བ་ནི་མཐོང་བ་དང་མ་མཐོང་བའོ། །དེ་ལ་མཐོང་བ་ནི་ཚེ་དང་ཡེ་ཤེས་སྐྱེ་བ་ལ་སོགས་པ་

Vol. 56 · folio 115a

པའོ། །མ་མཐོང་བ་ནི་དབང་པོ་ཡོངས་སུ་སྨིན་པའི་ཁྱད་པར་གྱིས་འཚང་རྒྱ་བ་ལ་ཐུག་གི་བར་གྱི་ཡོན་ཏན་ཇི་སྙེད་ཡོད་པ་རྣམས་བསྡུའོ། །དེ་བཞིན་གཤེགས་པ་དྲན་བྱེད་ཅིང་། །ཞེས་བྱ་བ་ནི་བདག་ཉིད་ཀྱི་ལུས་ལ་སངས་རྒྱས་རྗེས་སུ་དྲན་པར་བྱ་བའོ། །སངས་

རྒྱས་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ནི་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོར་བསྐྱེད་པའོ། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་ཚེ་དང་ཡེ་ཤེས་ལ་སོགས་པ་གང་ཅུང་ཟད་བསྒྲུབ་པ་དེ་དག་ཐམས་ཅད་མྱུར་དུ་འགྲུབ་

པར་འགྱུར་བའོ། །འདི་དག་བསྒྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། སངས་རྒྱས་བྱང་ཆུབ་བརྟན་པ་ཡང་། །ཞེས་བྱ་བ་སྟེ། བརྟན་པ་ཞེས་སྨོས་པ་ནི་ཕྱིར་མི་ལྡོག་པ་ལ་བྱ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་གྲུབ་ནས་ཐམས་ཅད་མཁྱེན་པར་

མ་རེད་དུ་ཟིན་ཀྱང་སངས་རྒྱས་ཀྱི་མཛད་པ་ཅུང་ཟད་བྱས་ནས་སླར་ཡང་དངོས་གྲུབ་ཟད་པ་དང་། བྱང་ཆུབ་སེམས་དཔའ་ཉིད་དུ་གནས་པ་དག་ཀྱང་སྲིད་པས་ན་དེ་ལ་ལྟོས་ཏེ་བརྟན་པ་ཞེས་གསུངས་པ་ཡིན་ནོ། །ད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་

ཀྱི་ཕྱག་རྒྱའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེ། །བཅིངས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལ་སོགས་པའི་རིམ་གྱིས་སོ། །ནི་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། བཅིང་བར་བྱ་བ་ཉིད་ཡིན་གྱི་བཅིང་བར་མི་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མདུན་དུ་

ཡང་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མདུན་ཏེ་མིག་སྔར་ཡང་རྡོ་རྗེ་སེམས་དཔའ་གཉིས་པ་བསྒོམ་པའོ། །བསྒོམས་ན་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བསྒོམ་ཞིང་ཡང་དང་ཡང་དུ་གོམས་པ་མངོན་སུམ་དུ་བྱེད་པའོ། །ཤིན་ཏུ་མྱུར་བར་དངོས་གྲུབ་འགྱུར། །ཞེས་བྱ་བ་ནི་སྔགས་

པ་དེ་རབ་ཏུ་མྱུར་བ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། ཏིང་ངེ་འཛིན་ལ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་རོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དམ་ཚིག་གི་ནི་མཆོག་བཅིངས་ལ། །ཞེས་བྱ་བ་ལ། དམ་ཚིག་གི་མཆོག་ནི་འཇིག་

Vol. 56 · folio 115b

རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་ཧཱུཾ་ཞེས་བྱ་བ་བཞི་བཟུང་སྟེ། འདིར་ཁྲོ་བོ་ཏི་རིནྟི་རིའི་དམ་ཚིག་གི་ཕྱག་རྒྱ་ཡིན་དུ་ཟིན་ཀྱང་། ད་ནི་དམ་ཚིག་གི་ཕྱག་རྒྱ་བཅིང་བའི་དུས་སུ་དགོས་པ་ཡིན་ཏེ། འདི་ནི་སྒྲུབ་པའི་དུས་ན་ཤིན་ཏུ་ཡང་དགོས་པ་ཡིན་ཏེ་ཕྱག་རྒྱ་ཐམས་ཅད་ཀྱི་

གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་བཅིང་བར་བྱའོ། །གང་གིས་ཤེ་ན་ཕྱག་རྒྱ་ཆེན་པོས་སོ། །དེ་བས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། འདིར་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཧཱུཾ་མཛད་ཉིད་ཡིན་པར་བལྟ་བར་བྱ་སྟེ། དེ་དང་ཐ་མི་དད་པའི་ཕྱིར་རོ། །དེ་ཡང་ལྷ་

ཐམས་ཅད་ཁྲོ་བོའི་གཟུགས་སུ་བསྟན་པ་ཡིན་ཡང་མི་བསྐྱོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་བསྒོམས་ན་ནི། །ཞེས་བྱ་བ་ནི་མདུན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་གཉིས་བསྒོམ་པ་ཡིན་པར་མངོན་ནོ། །དེ་ཉིད་ཀྱིས་ནི། ཉི་རིམ་དུ་ནི་དངོས་

གྲུབ་འཐོབ། །ཅེས་གསུངས་པ་ཡིན་ཏེ། །བསྒོམ་པ་ཤིན་ཏུ་རྫོགས་པའི་ཕྱིར་རོ། །ཉི་རིམ་ཞེས་བྱ་བ་ནི་ཁ་ཅིག་གིས་རྣལ་འབྱོར་གཉིས་བསྒོམས་ཏེ། གང་ཡང་རུང་བ་ཞིག་བསྒྲུབས་པ་དང་། རྣལ་འབྱོར་གཉིས་བསྒོམས་པ་དེས་འབྲས་བུ་ཉི་རིམ་འཐོབ་པར་འགྱུར་ཏེ། གལ་ཏེ་ཉི་

རིམ་མ་ཡིན་པ་བསྒོམས་པས་ཚེ་ལོ་སྟོང་གི་དངོས་གྲུབ་ཀྱི་འབྲས་བུར་འགྱུར་བ་ཞིག་ན་ཉི་རིམ་བསྒོམས་པ་དེ་ལ་ལོ་ཉིས་སྟོང་དུ་འགྱུར་བ་ལ་སོགས་པ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །ད་ནི་དེ་ལས་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དངོས་གྲུབ་ཀྱི་ཕྱག་རྒྱའི་རྒྱུད་སྟོན་ཏེ། ཆོས་ཀྱི་ཕྱག་

རྒྱ་བཅིངས་ནས་ཀྱང་། །ཞེས་བྱ་བ་ལ་ཆོས་ཀྱི་ཕྱག་རྒྱ་ནི་ཡི་གེའི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལ་དགོད་པ་སྟེ། དེ་བཅིངས་ཞེས་བྱ་བ་ནི་དེ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བསམས་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་མེད་པར་མི་འབྱུང་བས་འཇིག་རྟེན་དབང་པོའི་ཏིང་ངེ་འཛིན་གྱིས་

ཞེས་བྱ་བ་གསུངས་ཏེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆིངས་ཤིག་ཅེས་བྱ་བའི་དོན་ཏོ། །འཇིག་རྟེན་མགོན་པོ་བསྒོམས་ན་ནི། །ཉི་རིམ་དུ་ནི་དངོས་གྲུབ་འགྱུར། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་ནོར་བུའི་རིགས་ཀྱི་དངོས་གྲུབ་ཀྱི་ཕྱག་

Vol. 56 · folio 116a

རྒྱའི་རྒྱུད་སྟོན་ཏེ། ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཀྱང་། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །ཏིང་ངེ་འཛིན་གང་གིས་བྱ་བ་མི་ཤེས་པས་དེའི་ཕྱིར་རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། དེ་ལ་འདིར་རྡོ་རྗེ་སྙིང་པོའི་ལས་ཀྱི་ཕྱག་རྒྱ་ནི་

རྡོ་རྗེ་ཁུ་ཚུར་གཉིས་དཔྲལ་བར་བཞག་པ་ཉིད་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་སྙིང་པོ་བསྒོམས་ན་ནི། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །རིགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བ་ནི། རིགས་རེ་རེ་ཞིང་ཡང་ཕྱག་རྒྱ་རྣམ་པ་བཞི་བཞིར་

སྨོས་པ་ལས། རིགས་རེ་རེ་ལ་ཕྱག་རྒྱ་རེ་རེ་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་ཇི་སྐད་གསུངས་པའི་དངོས་གྲུབ་རྣམས་སྟོན་པས་ན་རིགས་ཐམས་ཅད་ཀྱི་ཆོ་ག་རྒྱས་པའི་རྒྱུད་གསུངས་པ་ཡིན་ནོ། །དེའི་རྗེས་ལ་ཉི་རིམ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་

ཕྱག་རྒྱ་རེ་རེ་བསྒོམས་པས་རིགས་རེ་རེར་འགྲུབ་པར་གསུངས་པ་ཡིན་ནོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་རྣམ་པ་བཞི་ཆར་ཡང་རིགས་རེ་རེ་ཞིང་ཕྱག་རྒྱའི་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒོམས་པས་འགྲུབ་པར་འགྱུར་བ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་

པའི་དངོས་གྲུབ་ཐམས་ཅད་དང་། ཕྱག་རྒྱ་བཞིའི་དངོས་གྲུབ་གང་ཡིན་པ་དེ་སྟོན་པའི་གཞུང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་བསྒྲུབ་པའི་རྒྱུད་དོ། །འདི་གསུངས་སོ་ཞེས་བྱ་བ་ནི་རྒྱུད་དེ་སྟོན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་ཕྱག་རྒྱ་ཐམས་ཅད་

ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཕྱག་རྒྱ་ཐམས་ཅད་ཀྱི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་བ་དེ་སྟོན་ཏེ། ཕྱག་རྒྱ་ཐམས་ཅད་བཅིངས་ནས་ནི། །ཞེས་བྱ་བ་ལ་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམ་པ་བཞིའོ། །བདག་

ཉིད་དང་ནི་མདུན་དུ་ཡང་། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཞེས་བྱ་བ་ལ་སངས་རྒྱས་རྗེས་སུ་དྲན་པ་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱར་བསྐྱེད་ལ་རང་གི་ལུས་སངས་རྒྱས་ཀྱི་སྐུར་བསྒོམ་པ་ནི་བདག་ཉིད་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་

Vol. 56 · folio 116b

བྱེད་པ་ཡིན་ནོ། །དེ་བརྟན་པར་བྱས་ལ་མདུན་དུ་ཡང་རྣམ་པ་དེ་ལྟ་བུའི་གཟུགས་དམིགས་ཤིང་བསྒོམས་ན་སངས་རྒྱས་རྗེས་སུ་དྲན་པ་མདུན་དུ་བསྒོམ་པ་ཡིན་ནོ། །དེ་ལྟར་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པར་གྱུར་ན་ཕྱག་རྒྱ་ཆེན་པོ་དང་ལྡན་པའི་ཕྱག་རྒྱ་བཞི་ཆར་ཡང་བཅིངས་པ་ཙམ་

གྱིས་འགྲུབ་པར་སྟོན་ཏེ། རྣམ་པ་དེ་བཞི་རེ་རེ་ཞིང་ཡང་འགྲུབ་པར་འགྱུར་བ་ཡིན་ལ་དེ་ལ་ཡང་དེ་མ་ཐག་ཏུ་འགྲུབ་པ་ནི་ཕྱག་རྒྱ་བཞིའི་རྣལ་འབྱོར་རྩེ་གཅིག་ཏུ་བྱས་པའི་མཐུ་ཡིན་པའི་ཕྱིར་རོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་

ཞེས་བྱ་བའོ། །ད་ནི་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པའི་རྒྱུད་སྟོན་ཏོ། །སྙིང་པོ་བཟླས་པ་ནི་ཇི་ལྟར་བྱ་ཞེ་ན། རྡོ་རྗེ་བཟླས་པའི་ཚུལ་གྱིས་ན། །ཞེས་བྱ་བ་གསུངས་སོ། །འདོད་པ་བདག་ཅེས་

བསྒོམས་ནས་ཀྱང་། །ཕྱག་རྒྱ་ཐམས་ཅད་བསྒྲུབས་ནས་ནི། །ཞེས་བྱ་བ་ལ་བསྒྲུབས་ནས་ནི་ཞེས་བྱ་བའི་བསྒྲུབ་པར་བྱ་བ་དེ་གང་ཡིན་ཞེ་ན། ཕྱག་རྒྱ་ཐམས་ཅད་ཅེས་བྱ་བའོ། །ཕྱག་རྒྱ་ཐམས་ཅད་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། འདོད་པ་བདག་ཅེས་བསྒོམས་ནས་ཀྱང་། །ཞེས་གསུངས་

ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ལ་ཕྱག་རྒྱ་ཐམས་ཅད་རག་ལས་པས་ན་འདི་སྐད་ཅེས་བྱ་སྟེ། དེ་བས་ན་དེའི་གཟུགས་སུ་བསྒོམ་པའི་རྣལ་འབྱོར་པས་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་འགྱུར་རོ། །དེ་ལྟར་བཤད་མ་ཐག་པའི་བཟླས་བརྗོད་དང་།

རྡོ་རྗེ་སེམས་དཔར་བསྒོམ་པ་དེ་ཉིད་ཀྱིས། །དངོས་གྲུབ་ཀུན་གྱི་མཆོག་བསྒྲུབ་བོ། །ཞེས་བྱ་བ་ཡིན་ཏེ། དངོས་གྲུབ་ཐམས་ཅད་ཀྱི་མཆོག་སྟེ། དངོས་གྲུབ་ཀྱི་རྒྱུད་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་

དཔས་གསུངས་སོ་ཞེས་བྱ་བ་སྟོན་ཏོ། །ད་ནི་བདག་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྒྱུད་སྟོན་ཏེ། བདག་ཉིད་ཀྱིས་ནི་རྡོ་རྗེ་དབྱིབས། །ཞེས་བྱ་བ་ནི་ཕྱག་རྒྱ་བཅིང་བའི་དུས་ཉིད་ན་བདག་ཉིད་རྡོ་རྗེའི་གཟུགས་སུ་བསྒོམ་པའོ། །

Vol. 56 · folio 117a

ཇི་ལྟར་ཞེ་ན། རབ་མཉམ་གཞག་པས་སྒོམ་བྱེད་ཅིང་། །ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་མཉམ་པར་གཞག་པས་ན་རབ་མཉམ་གཞག་པ་ཡིད་གཞན་དུ་མ་གྱུར་པས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན།

དེ་མ་ཐག་ཏུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་སྐད་དུ་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་གསུངས་སོ་ཞེས་བྱ་བ་སྟེ། ཕྱག་ན་རྡོ་རྗེས་ཞེས་བྱ་བའི་དོན་ཏོ། །ད་ནི་བདག་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པས་

པདྨོའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བདག་ཉིད་ཀྱིས་ནི་བདག་ཉིད་ཉིད། །པདྨོའི་དབྱིབས་སུ་བསྒོམས་ན་ནི། །ཞེས་བྱ་བ་ནི་པདྨོའི་རིགས་སུ་གཏོགས་པའི་ཕྱག་རྒྱ་འཆིང་བའི་དུས་སུ་ཐོག་མ་ཉིད་དུ་རང་གི་ལྷའི་རྣལ་འབྱོར་པས་བདག་ཉིད་པདྨོའི་དབྱིབས་སུ་དང་པོར་

བསྒོམས་ལ་དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། དེའི་ཕྱིར། ཐམས་ཅད་ཤེས་པའི་ངོ་བོ་ཡི། །པདྨོའི་རིགས་ཆེན་གྲུབ་པར་བཤད། །ཅེས་བྱ་བ་གསུངས་ཏེ། ཐམས་ཅད་ཤེས་པའི་ངོ་བོ་ནི། ཀུན་ཤེས་པའི་རང་བཞིན་ནོ། །འདི་སྐད་སྟོན་ཏེ། མངོན་པར་

ཤེས་པའམ་སྨོན་ནས་ཤེས་པའམ། ས་ལ་སོགས་པ་གང་ཡང་རུང་བ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་པའོ། །དེ་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ་ཞེས་པའོ། །ད་ནི་ནོར་བུ་རིན་ཆེན་ཞེས་བྱ་བ་ལ་

སོགས་པས་ནོར་བུའི་རིགས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་བསྒྲུབ་པའི་གཞུང་སྟོན་ཏེ། ནོར་བུ་རིན་ཆེན་འོད་ཟེར་འབར། །བདག་ཉིད་ཀྱིས་ནི་བསྒོམས་ན་ནི། །ཞེས་བྱ་བ་ཇི་ལྟ་བུར་བསྒོམ་ཞེ་ན། ནོར་བུ་རིན་ཆེན་འོད་ཟེར་འབར། །ཞེས་བྱ་བ་སྟེ་འོད་ཟེར་གྱི་ཕྲེང་བ་ཅན་ཞེས་བྱ་བའི་དོན་ཏོ། །

སུ་ཞིག་ཅེ་ན། བདག་ཉིད་རིན་པོ་ཆེར་བསྒོམས་པའོ། །བསྒོམས་ན་ནི་ཞེས་བྱ་བ་ནི་ལྷག་པར་མོས་པར་བྱ་བ་སྟེ། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། མཆོད་པ་ཀུན་གྱི་རང་བཞིན་གྲུབ། །ཅེས་བྱ་བ་གསུངས་ཏེ། མཆོད་པ་ཐམས་ཅད་ཀྱི་ངོ་བོ་ཉིད་

Vol. 56 · folio 117b

གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་འདི་གང་དུ་བསྒྲུབ་ཅེ་ན། ནོར་བུ་ཆེན་པོའི་རིགས་བཤད་པའི། །ཞེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ་ཞེས་བྱ་བས་སྟོན་ཏོ། །དེ་ཡང་གང་གི་ཕྱིར་བདག་

ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཆེན་པོའི་འོད་ཟེར་གྱི་ཕྲེང་བ་ཅན་དུ་ནམ་མཁའི་ངོས་ལ་བལྟས་པར་བསམས་ལ་སངས་རྒྱས་མཆོད་པའི་རྣམ་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་འགེངས་ཤིང་། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡང་བསྐང་བར་བསམས་ཏེ།

དེ་བས་ན་དེ་ལྟ་བུའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པས་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ། །རྟོག་པ་བཞི་ཆར་དུ་ཡང་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་བཞི་པོ་འདི་དག་རིམ་དང་སྦྱར་ཞིང་། ཕྱག་རྒྱ་ཆེན་པོ་ཐོག་མར་བསྒོམས་ན་དངོས་གྲུབ་ཐམས་ཅད་དུ་

འགྱུར་བ་ཡིན་ནོ་ཞེས་ཤེས་པར་བྱ་བའོ། །རིགས་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བ་ནི་མཇུག་སྡུད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་

འདི་གསུངས་སོ་ཞེས་བྱ་བ་ལ་སྔར་དམ་བཅས་ཟིན་ན། འདིར་ཡང་སྨོས་པ་ཅི་དགོས་ཤེ་ན་དེ་ནི་བདེན་མོད་ཀྱི། དང་པོ་ནི་དངོས་གྲུབ་ཐམས་ཅད་ཀྱི་སྤྱིར་བསྟན་པ་ཡིན་ལ། འདིར་ནི་མཇུག་སྡུད་པའི་ཚེ་ན་ནི་གཙོ་བོར་གྱུར་པ་བསྟན་པ་ཡིན་པས་ན་ཉེས་པ་མེད་དོ། །ད་ནི་བདག་ལ་བྱིན་གྱིས་

བརླབ་པའི་རྒྱུད་སྟོན་ཏེ། དེ་ལས་ཀྱང་ཐོག་མར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པའི་རྒྱུད་སྟོན་ཏེ། །སེམས་སོ་སོར་རྟོགས་པ་ལ་སོགས་པ་སྔར་བཤད་པའི་རིམ་གྱིས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བསྐྱེད་ལ་རྡོ་རྗེ་གཟི་བརྗིད་ཀྱི་འོད་ཀྱི་དཀྱིལ་འཁོར་སེམས་

ཞེས་པ་ནས་བརྩམས་ནས་ནི། རྡོ་རྗེ་ཉི་མ་བསྒོམ་པར་བྱ། །ཞེས་ཇི་སྐད་གསུངས་པའི་ཚུལ་གྱིས་རྣམ་པར་བསམས་ལ་དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིང་བར་བྱའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་

Vol. 56 · folio 118a

བརླབས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་པའོ། །རབ་མཉམ་གཞག་པས་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། ཕྱག་རྒྱ་གང་བྱིན་གྱིས་རློབ་པར་བྱེད་པའི་ཚེ་ན་དེ་ཉིད་ལ་སེམས་གཞག་པར་བྱའི་སེམས་ཀྱི་འཇུག་པ་གཞན་དུ་སྐབས་

དབྱེ་བར་མི་བྱ་སྟེ། དེ་ལྟར་ན་རབ་ཏུ་མཉམ་པར་གཞག་པ་ཡིན་ནོ། །ཕྱག་རྒྱ་དེ་གནས་གང་དང་གང་དུ་བཞག་ན་བྱིན་གྱི་རློབ་པར་འགྱུར་ཞེ་ན། སྙིང་ག་མཛོད་སྤུ་མགྲིན་སྤྱི་བོར། །བཞག་ན་ཞེས་བྱ་བ་གསུངས་སོ། །སུ་ཞིག་གིས་བྱིན་གྱིས་རློབ་ཅེ་ན། སངས་རྒྱས་ཀྱིས་བྱིན་གྱིས་རློབ་པོ་ཞེས་

གསུངས་སོ། །གནས་དེ་དག་ཏུ་ཕྱག་རྒྱ་དེ་དག་བཞག་ན་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་སུ་ཞིག་གིས་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །ད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་

བྱིན་གྱིས་བརླབས་པའི་ཕྱག་རྒྱ་སྟོན་ཏེ་འདིར་ཡང་དང་པོ་ཉིད་དུ། བཛྲ་བནྡྷ་ཏྲ་ཊ་ཞེས་བརྗོད་ལ་རྡོ་རྗེ་བསྡམས་པ་སྙིང་གར་དབྱེ་བར་བྱའོ། །དེ་ནས་བཛྲ་ཨ་བེ་ཤ་ཞེས་བྱ་བས་ཡེ་ཤེས་དབབ་པ་བསྐྱེད་ལ་ཇི་སྐད་གསུངས་པའི་ཚུལ་གྱིས་རང་གི་ལུས་རྣམ་པར་བཞག་ནས། དེ་ནས་བསོད་ནམས་

ཀྱི་ཚོགས་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེ་ནས་དེའི་སྟེང་དུ་རང་གི་རིགས་ཀྱི་ཕྱག་རྒྱའི་མཚན་མ་བསམས་ལ། དེའི་སྟེང་དུ་རང་གི་ལྷའི་རྣལ་འབྱོར་བསམས་ཏེ། ཕྱག་རྒྱ་དེ་ཉིད་ལས་རང་གི་ལྷའི་ཕྱག་རྒྱ་ཆེན་པོར་བསམ་མོ། །དེ་ནས་སེམས་དཔའ་རྡོ་རྗེ་མས་བརྟན་པར་བྱའོ། །ཇི་ལྟར་ཞེ་ན།

རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །ཞེས་བྱ་བ་གསུངས་ཏེ། བདག་ནི་རྡོ་རྗེ་སེམས་དཔའོ། །ཞེས་ང་རྒྱལ་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྒྱལ་པོ་ལ་སོགས་པ་ཡང་ཡོད་མོད་ཀྱི་དེ་རྣམས་ནི་རྡོ་རྗེ་སེམས་དཔའི་རྣམ་པ་ཡིན་པར་ཟད་པས་ན་ཉེས་པ་མེད་དོ། །དེ་བས་ན་རྒྱུད་ལས་མ་ཧཱ་ས་མ་ཡ་སཏཱ་

ཧཾ་ཞེས་བྱ་བའི་དམ་ཚིག་ཆེན་པོའི་སེམས་དཔའ་ནི་བདག་གོ་ཞེས་གསུངས་པ་ཡིན་ཏེ། ཐམས་ཅད་དུ་ང་རྒྱལ་དུ་བྱ་བ་ཡིན་ནོ། །དེ་ནས་སྔར་བཤད་པའི་གནས་བཞིར་ཕྱག་རྒྱ་བཞག་ལ། བྱིན་གྱིས་བརླབ་ཅེས་བྱ་བ་དེ་ནས་རང་གི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་བའོ། །ད་ནི་རྡོ་རྗེ་རིགས་

Vol. 56 · folio 118b

ཀྱི་བྱིན་གྱིས་བརླབ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བཛྲ་བནྡྷ་ཏྲ་ཊ་ཞེས་བྱ་བ་ལ་སོགས་པས་སྔོན་གྱི་དུས་སུ་བྱ་བ་རྣམས་དེ་བཞིན་དུ་བྱས་ལ་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིང་ངོ་། །རབ་མཉམ་གཞག་པས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི། འཇིག་རྟེན་དབང་

པོའི་ཏིང་འཛིན་གྱིས། །ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་བྱིན་གྱིས་བརླབས་པའི་རྒྱུད་སྟོན་ཏེ། རྡོ་རྗེ་པདྨོ་སྨོས་པ་ནི། །འདིར་རྡོ་རྗེ་ཆོས་མ་ལ་བྱ་སྟེ། རྡོ་རྗེ་དབྱིངས་ལས་སེམས་དཔའ་རྡོ་རྗེ་མར་བསྟན་པ་གང་ཡིན་པའོ། །རབ་ཏུ་བྱིན་གྱིས་བརླབ་ཕྱིར་བརྟག །ཅེས་བྱ་བ་ནི་ལེགས་པར་

བྱིན་གྱིས་བརླབས་པས་ན་རབ་ཏུ་བྱིན་གྱིས་བརླབ་པ་སྟེ། དེའི་ཕྱིར་བརྟག་པ་ནི་དེའི་ཕྱིར་བསྐྱེད་ཅེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི། རྡོ་རྗེ་སྙིང་པོའི་ཏིང་འཛིན་གྱིས། །ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་བྱིན་གྱིས་བརླབ་པའི་རྒྱུད་སྟོན་ཏེ། རྡོ་རྗེ་ནོར་བུ་རིན་པོ་ཆེ་ནི་སེམས་

དཔའ་རྡོ་རྗེ་མའི་གནས་སུ་བརྟན་པའི་རྡོ་རྗེ་རིན་ཆེན་གྱི་མྱུ་གུ་ལ་བྱ་སྟེ་དེ་བཅིང་བའོ། །ལྷག་མ་རྣམས་ནི་གོ་སླའོ། །རིགས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ། །ད་ནི་དབང་བསྐུར་བའི་ཕྱག་རྒྱའི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་། དང་པོར་རིན་ཆེན་རྡོ་རྗེ་རིགས། །ཞེས་བྱ་

བ་ལ་སོགས་པས་དེ་བཞིན་གཤེགས་པའི་དབང་བསྐུར་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་རིན་ཆེན་ཞེས་སྨོས་མོད་ཀྱིས་འོན་ཀྱང་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཉིད་ཡིན་པར་ཤེས་པར་བྱའོ། །གང་དུ་དབང་བསྐུར་བར་བྱ་ཞེ་ན། དེའི་ཕྱིར། དཔྲལ་བར་རབ་ཏུ་བཞག་བྱས་ན། །ཞེས་བྱ་བས་

སྟོན་ཏོ། །སྙིང་པོ་གང་གིས་བྱ་ཞེ་ན། ད་ནི་དེའི་སྙིང་པོ་བསྟན་པ་ནི་རྡོ་རྗེ་རིན་ཆེན་ཞེས་བྱ་བ་སྟེ་བཛྲ་རཏྣའོ། །ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་བས་ན་སྙིང་པོ་དེ་ཉིད་ཀྱིས་ན་དང་པོ་ཡང་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཡིན་པར་མངོན་ནོ། །དེ་བས་ན་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དཔྲལ་བར་

བཞག་ན་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བར་དེ་འགྱུར་རོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བ་སྟོན་ཏོ། །ད་ནི་རྡོ་རྗེ་དབྱིངས་དབང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་བསྐུར་བའི་

Vol. 56 · folio 119a

རྒྱུད་སྟོན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ལ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཙུག་ཏོར་གྱི་གནས་སུ་བཞག་པར་རང་གི་སྙིང་པོས་དང་པོར་བསམ་པར་བྱའོ། །དེ་ནས་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་

ལ་དཔྲལ་བའི་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་རང་གི་སྙིང་པོས་བཞག་ཅིང་བསམ་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་མ་བཅིངས་ལ་རྣ་བ་གཡས་པའི་སྟེང་དུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དེ་བཞིན་དུ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་ཆོས་མ་བཅིངས་ལ་མགོ་བོའི་རྒྱབ་ཏུ་

བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་ལས་མ་བཅིངས་ལ་དེས་རྣ་བ་གཡོན་པའི་སྟེང་དུ་གཏུགས་ཏེ། བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པ་བསམ་པར་བྱའོ། །དེ་ལྟར་ན་རྡོ་རྗེ་དབྱིངས་དབང་ལ་སོགས་པ་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་

མ་ཐོག་མར་བྱས་པ་གང་ཡིན་པ་དེ་དག་ནི་རྡོ་རྗེ་དབྱིངས་དབང་ལ་སོགས་པའོ། །དེ་ལྟ་བས་ན་དེ་རྣམས་ཀྱི། །སངས་རྒྱས་ཕྱག་རྒྱ་མདུན་ནས་ནི། །ཞེས་བྱ་བ་མདུན་ནས་བརྩམས་ཏེ། གཡས་ནས་བསྐོར་ནས་ངོས་བཞི་ཆར་དུ་ཡབ། ཕྲེང་བ་ཉིད་ཀྱིས་དབང་བསྐུར་འགྱུར། །ཞེས་བྱ་

བ་སྟེ། འདི་ནི་རྒྱུད་འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བའོ། །དེ་ཡང་དོན་གྱི་དབང་གིས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་སྤྱི་གཙུག་ཏུ་བཞག་སྟེ་སངས་རྒྱས་བཞི་མགོ་ལ་ཕྲེང་བར་བྱ་བ་དང་། འོག་ནས་འབྱུང་བའི་ཆོ་ག་བྱ་བའོ།།།

ད་ནི། རྡོ་རྗེ་དབང་གི་ཕྲེང་བ་ནི། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དབང་བསྐུར་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའི་གནས་སུ་ཕྱག་རྒྱ་ལྔ་བསྟན་པ་གང་ཡིན་པ་དེ་ནི་འདིར་རྡོ་རྗེ་

དབང་གི་ཕྲེང་བ་ཞེས་གསུངས་ཏེ། དེ་བཅིངས་ནས་དཔྲལ་བར་བཞག་ན་རྡོ་རྗེ་ཕྲེང་བས་དབང་བསྐུར་བར་འགྱུར་རོ། །ད་ནི། ཆོས་ཀྱི་རྡོ་རྗེ་བཅིངས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དབང་བསྐུར་བ་སྟོན་ཏོ། །དེ་ལ་ཆོས་ཀྱི་རྡོ་རྗེ་མ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་

Vol. 56 · folio 119b

གནས་པའི་སེམས་དཔའ་རྡོ་རྗེ་མ་ཉིད་ཡིན་པར་ཤེས་པར་བྱའོ། །མགོ་བོར་བཞག་སྟེ་དེས་དབང་བསྐུར། །ཞེས་བྱ་བ་ནི་དཔྲལ་བའི་གནས་སུ་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་ན་འཇིག་རྟེན་དབང་ཕྱུག་གིས་དབང་བསྐུར་བར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་

གསུངས་སོ། །ད་ནི། རྡོ་རྗེ་རིན་ཆེན་མྱུ་གུ་བཅིངས། །ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་དབང་བསྐུར་བའི་རྒྱུད་སྟོན་ཏོ། །དེ་ལ་རྡོ་རྗེ་རིན་ཆེན་མྱུ་གུ་ནི་སྔར་བཤད་པ་སྟེ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་སེམས་དཔའ་རྡོ་རྗེ་མའི་གནས་སུ་བཅིངས་པའི་ཕྱག་རྒྱ་གང་ཡིན་

པ་དེ་དཔྲལ་བའི་གནས་སུ་བཞག་སྟེ། དེས་དབང་བསྐུར་ན་སངས་རྒྱས་ཐམས་ཅད་ཀྱིས་དེ་མཆོད་པའི་དབང་བསྐུར་བར་འགྱུར་རོ། །དེ་ལས་ཀྱང་རིན་པོ་ཆེའི་རིགས་སུ་སངས་རྒྱས་མཆོད་པ་ལ་སོགས་པའི་ལས་རྣམས་ལ་དེ་དབང་བསྐུར་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བའི་རྒྱུད་

ནི་བཤད་ཟིན་ཏོ། །ད་ནི་ཏིང་ངེ་འཛིན་འགྲུབ་པའི་རྒྱུད་སྟོན་ཏེ། དེ་ལས་ཀྱང་དང་པོར། རྒྱལ་བ་ཀུན་གྱི་རྣམ་པར་ནི། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ཡང་སྔར་བཤད་པའི་ཚུལ་གྱིས་སེམས་སོ་སོར་རྟོགས་པ་ལ་སོགས་པའི་

རིམ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བསམས་ལ་སངས་རྒྱས་ཀྱི་ཕྱག་རྒྱ་བསྒྲུབས་ཏེ། རྡོ་རྗེ་ཉི་མ་ལ་ཐུག་གི་བར་དུ་བསམས་ལ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱའོ། །དེ་ནས། རྒྱལ་བ་ཀུན་གྱི་རྣམ་པར་ནི། །ཞེས་བྱ་བ་མཚན་དང་དཔེ་བྱད་ཀྱི་རྣམ་པར་བྱ་ཞིང་

རྒྱལ་བ་ཐམས་ཅད་ཀྱི་ཕྱག་རྒྱ་མཉམ་པར་གཞག་པ་སྟེ་སེམས་རྩེ་གཅིག་པས་བཅིང་བར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། སྔགས་ཀྱི་རིག་པ་བཟླས་ན་ནི། །ཞེས་བྱ་བ་གསུངས་སོ། །དེ་ལྟར་བཟླས་པས་ཅིར་འགྱུར་ཞེ་ན། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །

དེ་སྐད་སུ་ཞིག་གི་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་སྟོན་ཏོ། །ད་ནི། སེམས་དཔའི་བྱིན་བརླབས་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སེམས་དཔའི་བྱིན་བརླབས་

Vol. 56 · folio 120a

ཚུལ་གྱིས་ནི། །ཏིང་འཛིན་རྡོ་རྗེ་ཆོས་ཀྱིས་ཀྱང་། །ཞེས་བྱ་བ་ལ་རྡོ་རྗེ་ནི་འདིར་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཟུང་ངོ་། །དེ་ཉིད་ཆོས་ཡིན་པས་ན་རྡོ་རྗེ་ཆོས་ཏེ་དེས་སེམས་དཔའི་བྱིན་བརླབས་ཚུལ་གྱིས་ཞེས་བྱ་བ་སྟེ། སེམས་དཔའ་ནི་ཕྱག་རྒྱ་ཆེན་པོའི་ཐུགས་ཀའི་ཟླ་བའི་

དཀྱིལ་འཁོར་རོ། །རྡོ་རྗེ་ཆོས་དེས་ཟླ་བའི་དཀྱིལ་འཁོར་གྱི་སེམས་དཔའ་དེ་བྱིན་གྱིས་བརླབ་པ་ནི་ཡོངས་སུ་གཟུང་བའོ། །འདི་ཉིད་རྣལ་འབྱོར་ཡིན་པས་ན། །སེམས་དཔའི་བྱིན་བརླབས་ཚུལ་གྱིས་ནི། །ཞེས་བྱ་བའོ། །རྣལ་འབྱོར་དེ་ལས་དེ་བཞིན་གཤེགས་པའི་རིགས་སུ་ཏིང་ངེ་འཛིན་ལ་

འཇོག་སྟེ་འདི་བསམ་པ་གཙོ་བོ་ཡིན་པས་ན་ཕྱག་རྒྱ་ཆེན་པོ་ཡང་འདི་ལ་ཡོད་དོ། །རྡོ་རྗེ་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི་ལྕགས་ཀྱུ་ལ་སོགས་པ་ཡང་ཡོད་དོ། །ཡང་ན་རྡོ་རྗེ་ཆོས་ཀྱིས་ཞེས་བྱ་བ་ནི་མི་ཕྱེད་པའི་ཆོས་ཀྱིས་སོ། །སེམས་དཔའི་བྱིན་བརླབས་ཚུལ་གྱིས་ནི། །ཞེས་བྱ་

བ་ནི་སེམས་བྱིན་གྱིས་རློབ་པའི་སྦྱོར་བ་སྟེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས། །ཞེས་བྱ་བའི་དོན་ཏེ། དེ་ལྟར་ན་ཏིང་ངེ་འཛིན་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་དེ་ལྟ་བུ་ལ་གནས་པས་ཅིར་འགྱུར་ཞེ་ན། སྙིང་པོ་ཕྱག་རྒྱ་སྔགས་རིགས་རྣམས། །ཟློས་པས་མྱུར་དུ་འགྲུབ་པར་

འགྱུར། །ཞེས་བྱ་བ་གསུངས་ཏེ། འདི་ནི་གོ་སླའོ། །ད་ནི། འདོད་ཆགས་ལས་ནི་ཁྱོད་བྱུང་སྟེ། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ལ། འདོད་ཆགས་ལས་ནི་ཁྱོད་བྱུང་སྟེ། །ཞེས་བྱ་བ་ལ་འདོད་ཆགས་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་

སོ། །དེ་ལས་བྱུང་བ་ནི་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་དེ་དེ་བདག་ཡིན་ནོ་ཞེས་བསྒོམས་པ་འདི་ནི་ཏིང་ངེ་འཛིན་ཡིན་ནོ། །སྙིང་པོ་ཕྱག་རྒྱ་སྔགས་རིམ་རྣམས། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལ། འཇིག་རྟེན་དབང་པོའི་རིགས་ཟློས་པས། །ཞེས་བྱ་བ་ལ་སོགས་པ་འདི་ནི་

པདྨོའི་རིགས་ཀྱི་ཏིང་ངེ་འཛིན་གྱི་རྒྱུད་དོ། །བྱམས་པས་འགེངས་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་སྔར་བཤད་པ་ཕྱོགས་གཅིག་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་པའོ། །རྣལ་འབྱོར་འདི་སྙིང་པོ་ལ་སོགས་པས་བསྒྲུབ་པར་བྱ་བ་སྟེ་ལྷག་མ་རྣམས་ནི་གོ་སླའོ། །

Vol. 56 · folio 120b

ནམ་མཁའ་ཀུན་གྱི་ཏིང་འཛིན་ནི། །ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། ནམ་མཁའ་ཀུན་གྱི་ཏིང་འཛིན་ནི། །རབ་མཉམ་གཞག་པས་བསྒོམས་ན་ཡང་། །ཞེས་བྱ་བ་ནི་དངོས་པོ་གཅིག་ལ། དེ་ནི་གཅིག་མིན་དུ་མ་མིན། །ཞེས་བྱ་བ་ལ་

སོགས་པས་རྣམ་པར་བསྒོམས་ལ། དངོས་པོ་གཅིག་གི་རང་བཞིན་ཇི་ལྟ་བ་དེ་བཞིན་དུ་དོན་དམ་པར་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་དང་འདྲའོ་ཞེས་པ་སྟེ། དེ་ལྟར་ན། ནམ་མཁའ་ཀུན་གྱི་ཏིང་འཛིན་ནི། །རབ་མཉམ་གཞག་པས་བསྒོམས་ན་ཡང་། །སྙིང་པོ་ཕྱག་རྒྱ་སྔགས་

རིགས་རྣམས། །བསྒྲུབས་ན་ཀུན་དུ་འགྲོ་བར་འགྱུར། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་དངོས་གྲུབ་ཀྱི་རྒྱུད་དོ། །ད་ནི་མཆོད་པའི་དངོས་གྲུབ་ཀྱི་གཞུང་སྟོན་ཏོ། །དེ་ལས་ཀྱང་། དང་པོར་རབ་མཉམ་གཞག་པས་ནི། །ཞེས་བྱ་བ་ལ་

སོགས་པ་འདིས་དེ་བཞིན་གཤེགས་པའི་མཆོད་པའི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ། དང་པོར་ནི། བདུག་པ་ལ་སོགས་མཆོད་བྱས་ལ། །ཞེས་བྱ་བ་གང་ལས་དང་པོ་ཞེ་ན། བསྒྲུབ་པའི་དུས་ལས་སོ། །དེ་ནས་དངོས་གྲུབ་བསྒྲུབ་པར་བྱ་སྟེ། སྒྲུབ་པ་ཡང་འདིར་ཕྱག་རྒྱ་བསྒྲུབ་པ་ཡིན་ཏེ་དགུག་

པ་དང་གཞུག་པ་ལ་སོགས་པས་སོ། །དངོས་གྲུབ་ཀྱི་མཆོག་བསྒྲུབ་པ་ཡང་གཟུང་བར་བྱ་སྟེ། འདིར་གཉིས་ཀ་ཡང་དངོས་གྲུབ་འཐོབ་པར་འགྱུར་ཞེས་བྱ་བ་ཡིན་ནོ། །ད་ནི་གསང་བའི་མཆོད་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་

སྟོན་ཏེ། གསང་བའི་མཆོད་པ་རྣམ་བཞི་ཡིས། །ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམ་པ་བཞི་སྟེ། བཞི་པོ་དེས། གསང་བའི་མཆོད་པ་རྗོད་བྱེད་ཅིང་། །ཞེས་བྱ་བ་གསང་བའི་མཆོད་པ། རྡོ་རྗེ་སེམས་དཔའ་བསྡུས་པས་ན། །ཞེས་བྱ་བ་ལ་སོགས་

པ་གླུའི་ཚིག་ཏུ་བསྟན་པ་དེ་རྗོད་པར་བྱེད་ཅིང་དང་པོར་གསང་བའི་མཆོད་པ་རྣམ་པ་བཞི་བྱའོ། །ཡང་ན་མཆོད་པ་རེ་རེ་ཞིང་རྡོ་རྗེ་གླུ་རེ་རེ་བླང་ཞིང་རང་རང་གི་སྙིང་པོས་མཆོད་པ་བྱའོ། །བདག་དབུལ་བ་ལ་སོགས་པའི་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པས་ཡང་

Vol. 56 · folio 121a

དག་པར་བསྡུས་པའི་ལས་ཀྱི་དཀྱིལ་འཁོར་དུ་བསྟན་པའི་མཆོད་པ་རྣམ་པ་བཅུ་དྲུག་བསྟན་པ་ཡིན་པར་བལྟ་སྟེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་རྣམ་པ་བཞི་དང་། ཕྱག་བྱ་བའི་མཆོད་པ་བཞི་བདག་དབུལ་བ་ཞེས་སྨོས་པར་བསྟན་པ་དང་། ཆོས་ཀྱི་

མཆོད་པ་རྣམ་པ་བཞི་དང་། ཏིང་ངེ་འཛིན་གྱི་མཆོད་པ་རྣམ་པ་བཞི་རྣམས་ཏེ། སོགས་པ་ཞེས་བྱ་བ་སྨོས་པས་ནི་མཆོད་པ་རྣམ་པ་བཅུ་དྲུག་པོ་འདི་དག་བསྡུ་བར་བལྟ་བར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ལ་མཆོད་པ་དེ་རྣམས་ཀྱིས་མཆོད་པ་བྱས་ན་འགྲུབ་པར་འགྱུར་རོ་ཞེས་

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་ཁྲོ་བོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཁྲོ་བོ་རྡོ་རྗེའི་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་ཁྲོ་བོ་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་དོ། །དེའི་མཆོད་པ་ཆེན་པོ་ཡིན་པས་ན་ཁྲོ་བོ་རྡོ་རྗེའི་

མཆོད་པ་ཆེན་པོ་སྟེ། ཆེ་བའི་མཆོད་པ་ཉིད་དེ་གསང་བའི་དཀྱིལ་འཁོར་དེ་ཉིད་དུ་གཏོགས་པའི་གསང་བའི་མཆོད་པ་བཅུ་དྲུག་པོ་རྣམས་ལ་བྱའོ། །དེ་ཇི་ལྟར་བྱ་ཞེ་ན། ཁྲོ་བོའི་གསང་བརྗོད་བྱེད་ཅིང་། །ཞེས་བྱ་བ་སྟེ། དེ་ལ་དེ་དག་གི་སྙིང་པོ་དེ་ཉིད་ལ་ཁྲོ་བོའི་གསང་བའི་སྒྲར་བཤད་དེ། །

དེའི་ཚིག་ཏུ་བརྗོད་ཅིང་བྱེད་པའོ། །ཕྱག་རྒྱ་ཇི་ལྟ་བུར་བཅིང་ཞེ་ན། ཁྲོ་བོ་ཁུ་ཚུར་རབ་བྱས་ན། །ཞེས་བྱ་བ་སྟེ་ཁྲོ་བོའི་ཁུ་ཚུར་བཅུ་དྲུག་པོ་ཐམས་ཅད་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཆོད་པས་ཅིར་འགྱུར་ཞེ་ན། མྱུར་དུ་བདག་གི་རིགས་འགྲུབ་པོ། །ཞེས་བྱ་བ་གསུངས་སོ། །

དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ད་ནི་མདོ་སྡེ་ཟབ་མོས་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི་ཚུལ་རྣམས་ཞེས་བྱ་བ་ལ་གཞུང་བྱས་པ་མདོ་ཙམ་དུ་སྟོན་པས་ན་

མདོ་སྡེ་དེས་རྣམ་པར་བསམས་པའི་དོན་ངེས་པར་སྟོན་པར་བྱེད་པས་ན་མདོ་སྡེའོ། །ཆོས་ཉིད་ཀྱི་དོན་གྱི་དེ་ཁོ་ན་ཉིད་སྟོན་པས་ན་ཟབ་པའོ། །རྣམ་པར་དག་ཅིང་རྒྱ་ཆེ་བ་སྣ་ཚོགས་པའི་གོས་དང་། རིན་པོ་ཆེ་ལ་སོགས་པའི་ཚོགས་བསགས་པ་དང་ལྡན་པས་ན་རྒྱ་ཆེ་བའོ། །མདོ་སྡེ་ཡང་

Vol. 56 · folio 121b

ཡིན་ལ་ཟབ་ཅིང་རྒྱ་ཆེ་བ་ཡང་ཡིན་པས་ན་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པའོ། །དེ་དག་གི་ཚུལ་ནི་དེའི་སྦྱོར་བ་གང་ཡིན་པའི་མཆོད་པའོ། །བརྗོད་པ་ནི་རྣམ་པ་སྣ་ཚོགས་དུ་མར་རོ། །ཕུལ་ནས་ནི་ཞེས་བྱ་བ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་

ཐམས་ཅད་ལའོ། །གང་གིས་ཤེ་ན། ཡིད་དང་ངག་གིས་སོ། །དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་སོ་ཞེས་པས་སྟོན་

ཏོ། །ད་ནི་གདུགས་དང་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། གདུགས་ནི་རིན་པོ་ཆེའི་གདུགས་ལ་སོགས་པའོ། །རྒྱལ་མཚན་ནི་རྣམ་པར་རྒྱལ་བ་ལ་སོགས་པའོ། །འཕེན་ནི་ཚལ་བུའི་དར་འཕེན་ལ་སོགས་པའོ། །རྒྱལ་པོའི་

མཆོད་པ་ཞེས་བྱ་བ་ནི་རྒྱལ་པོའི་མཆོད་པ་ཡིན་པས་ན་རྒྱལ་པོའི་མཆོད་པ་སྟེ། ཅོད་པན་ལ་སོགས་པའི་རྒྱན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་པ་དང་། བསིལ་ཡབ་ལ་སོགས་པ་ལོངས་སྤྱོད་དུ་བྱ་བ་རྣམས་སོ། །དེ་ལྟར་གདུགས་དང་། རྒྱལ་མཚན་དང་། འཕན་རྣམས་དང་། བ་དན་དང་།

རྒྱལ་པོའི་མཆོད་པ་དེ་རྣམས་ཀྱིས་ཅི་ཞིག་བྱེད་ཅེ་ན། མཆོད་བྱེད་ཅིང་ཞེས་བྱ་བ་གསུངས་སོ། །ཅི་དེ་དག་འབའ་ཞིག་གི་དངོས་གྲུབ་ཏུ་འགྱུར་རམ་ཞེ་ན་སྨྲས་པ། མ་ཡིན་ཏེ། སྦྱིན་པ་ཐམས་ཅད་སྦྱིན་ན་ནི། །ཞེས་བྱ་བ་གསུངས་སོ། །དེས་ཅིར་འགྱུར་ཞེ་ན། ནོར་བུའི་རིགས་ནི་

ཐམས་ཅད་འགྲུབ། །ཅེས་བྱ་བ་གསུངས་སོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ་ཞེས་བྱ་བ་སྟོན་ཏོ། །བྱིན་གྱིས་བརླབ་པ་ལ་སོགས་པའི་རབ་ཏུ་བྱེད་པ་རྣམས་འབྲས་བུའི་ཚུལ་གྱིས་མཇུག་བསྡུ་པར་བསྟན་པ་ནི། རང་ལ་བྱིན་གྱི་རླབས་

སོགས་ལྡན། །རྡོ་རྗེ་སེམས་དཔའ་མཉམ་པར་འགྱུར། །ཞེས་བྱ་བ་སྟེ། བྱིན་གྱིས་རླབས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། དེ་དང་རབ་ཏུ་ལྡན་པའི་སྔགས་པ་ནི་རྡོ་རྗེ་སེམས་དཔའ་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱིན་གྱིས་རློབ་པ་ལ་སོགས་པའི་ཆོ་ག་

Vol. 56 · folio 122a

གའི་ཚོགས་རྣམས་ཀྱིས་རང་གི་ལྷའི་རྣལ་འབྱོར་བྱས་ནས་ཅི་ཞིག་བྱེད་ཅེ་ན། ཡེ་ཤེས་ཀྱི་དངོས་གྲུབ་ལ་སོགས་པ་རབ་ཏུ་བྱེད་པ་རྣམས་ཀྱི་འབྲས་བུ་སྟོན་པ་ནི། ཆོ་འཕྲུལ་རྣམ་པ་བཞི་ཡིས་ནི། །རྡོ་རྗེ་སྣ་ཚོགས་འགྲུབ་བྱེད་ཅིང་། །ཞེས་བྱ་བ་ཡིན་ཏེ། ཆོ་འཕྲུལ་རྣམ་པ་བཞི་ནི་རྫུ་

འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་གཉིས་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །ཀུན་བརྗོད་པའི་ཆོ་འཕྲུལ་ནི་རྣམ་པ་གཉིས་སུ་འགྱུར་ཏེ། གཅིག་ནི་དེའི་མོད་ཁོ་ན་ལའོ། །གཉིས་པ་ནི་དུས་ཕྱིས་འགྱུར་བ་སྟེ། དཔེར་ན་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་

ཞེས་བྱ་བ་ལ་སོགས་པ་འབྲས་བུ་མངོན་སུམ་དུ་གྱུར་པས་ན་གདོད་ཡིད་ཆེས་པ་བསྐྱེད་པར་འགྱུར་གྱི་དེའི་མོད་ཁོ་ན་ལ་ནི་མ་ཡིན་པའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ལོ། །ཀུན་བརྗོད་པའི་ཆོ་འཕྲུལ་ནི་ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའོ། །

རྗེས་སུ་སྟོན་པའི་ཆོ་འཕྲུལ་ནི་ཆོ་འཕྲུལ་རྣམ་པ་གཉིས་ཀྱིས་མགུ་བར་བྱ་སྟེ། སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པའོ། །དེ་ལྟ་བུའི་ཆོ་འཕྲུལ་རྣམ་པ་བཞིས་གདུལ་བྱ་རྣམས་ཀྱི་ཡིད་སོ་སོར་འཕྲོགས་པས་ནི་ཆོ་འཕྲུལ་ལོ། །དེས་ཅི་བྱེད་ཅེ་ན། རྡོ་རྗེ་སྣ་ཚོགས་འགྲུབ་

བྱེད་ཅིང་། །ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་སྣ་ཚོགས་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་སོ། །རྡོ་རྗེ་སྣ་ཚོགས་ཉི་ཚེར་མ་ཟད་ཀྱི་དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་པའོ། །ལྷག་

མ་རྣམས་ཀྱིས་བྱིན་གྱིས་རློབ་པ་ལ་སོགས་པའི་རབ་ཏུ་བྱེད་པ་རྣམས་ཀྱི་མཇུག་སྡུད་པར་སྟོན་པ་ཡིན་ནོ། །ད་ནི་མངོན་པར་ཤེས་པ་བསྒྲུབ་པའི་རྒྱུད་སྟོན་ཏེ། དེ་སྐད་དུ་གསུངས་པའི་རབ་ཏུ་སྦྱོར་བས་མངོན་པར་ཤེས་པའི་དངོས་གྲུབ་ཐོབ་ནས་དགོས་པ་གྲུབ་པ་དེ་ནི་མངོན་པར་ཤེས་པའི་དངོས་གྲུབ་

ཅེས་བྱ་སྟེ། དེ་ཉིད་སྟོན་པའི་གཞུང་ཡིན་པས་ན་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་དོ། །སྔ་མ་ནི་མངོན་པར་ཤེས་པ་ཉིད་འགྲུབ་པར་བྱེད་པའི་དོན་གྱི་རྒྱུད་ཡིན་པས་ན་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ཐོབ་པར་བྱ་བའི་ཐབས་སོ་ཞེས་བྱ་བའི་དོན་ཏོ། །འདིར་བྱེ་

Vol. 56 · folio 122b

བྲག་ནི་འདི་ཡིན་ནོ། །ད་ནི་དེ་ལ་ལུས་ལ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ལུས་ལ་སངས་རྒྱས་ཏིང་འཛིན་ནི། །ཞེས་བྱ་བ་ནི་གང་གི་ཚེ་རྣལ་འབྱོར་པས་ནམ་བདག་གི་ལུས་སངས་རྒྱས་ཀྱི་སྐུར་བསྒོམས་པའི་སྟོབས་ཀྱིས་མཐོང་

ངམ་སྟོན་ནའོ། །འདི་ནི་བདེ་བར་གཤེགས་པ་ཉིད་ཀྱི་མངོན་པར་ཤེས་པ་བཟང་པོ་ཡིན་ཏེ། བདེ་བར་གཤེགས་པའི་སྐུར་སྟོན་པའི་ཕྱིར་རོ། །འདིའི་མིང་ཇི་སྐད་ཅེས་བྱ་ཞེ་ན། མངོན་ཤེས་ཞེས་བྱའོ། །འདི་ནི་ཤིན་ཏུ་རྟོགས་པ་ཡིན་པས་ན། རབ་ཏུ་རྟོགས་པ་སྟེ། རབ་ཏུ་རྟོགས་པ་ནི་རང་ཉིད་

ཀྱིས་གོམས་པས་ངེས་པར་རྟོགས་པ་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་པ་ཡི་དངོས་གྲུབ་འཐོབ། །ཅེས་གསུངས་སོ། །ད་ནི་རྫུ་འཕྲུལ་གྱི་མིག་ཅེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་མངོན་པར་ཤེས་པའི་རིགས་ཀྱི་དངོས་གྲུབ་ཀྱི་གཞུང་སྟོན་ཏེ།

བྱིན་གྱིས་བརླབ་པ་ལ་སོགས་པའི་རིམ་གྱིས་ཇི་སྐད་གསུངས་པ་བཞིན་དུ་བསྒོམ་པ་བྱས་ནས། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ་སྟེ། ཟླ་རྒྱས་དཀྱིལ་འཁོར་ལ་གནས་པ། །ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་ཁྲོ་བོ་ཞེས་བྱ་

བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཁྲོ་བོ་མངོན་ཤེས་བསྐྱེད་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་རིགས་ལ་ཁྲོ་བོའི་གཟུགས་ཀྱི་རང་གི་ལྷའི་རྣལ་འབྱོར་ཡོངས་སུ་ཤེས་པ་ནི་ཁྲོ་བོའི་མངོན་ཤེས་ཏེ། དེ་བསྐྱེད་ནས་རབ་ཏུ་མཉམ་པར་གཞག་པས་

བསྒྲུབ་པར་བྱའོ། །ཅི་ཞིག་བསྒྲུབ་ཅེ་ན། མངོན་ཤེས་ལྔའོ། །དེ་ནས་མངོན་ཤེས་ལྔར་བདག་ཉིད་གྱུར་ནས་དངོས་གྲུབ་མཆོག་སྟེ་དམ་པ་འཐོབ་པར་འགྱུར་བ་སྟེ། སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་འདོད་ཆགས་མངོན་

ཤེས་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་མངོན་ཤེས་བསྐྱེད་ནས་ཀྱང་། །ཞེས་བྱ་བ་ལ་འདོད་ཆགས་ནི་བཅོམ་ལྡན་འདས་པདྨོ་ལ་ཆགས་པ་སྟེ་སྤྱན་རས་གཟིགས་དབང་ཕྱུག་གོ། །དེའི་རང་གི་ལྷའི་རྣལ་འབྱོར་

Vol. 56 · folio 123a

དུ་བསྐྱེད་པ་ཡོངས་སུ་ཤེས་པ་ནི་འདོད་ཆགས་མངོན་ཤེས་སོ། །དེ་བསྐྱེད་ནས་རབ་ཏུ་མཉམ་པར་གཞག་པས་བསྒོམས་ལ་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱའོ། །དེ་ལྟར་མངོན་པར་ཤེས་པ་ལྔའི་ངོ་བོར་བདག་ཉིད་གྱུར་ནས་དངོས་གྲུབ་ཀྱི་དམ་པ་འདོད་པར་བྱས་ནས།

དམ་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་གསུངས་སོ་ཞེས་བྱ་བ་ལ། དག་པའི་དངོས་གྲུབ་ནི་སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་དོ། །ད་ནི་མཆོད་པའི་མངོན་ཤེས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་མངོན་པར་ཤེས་པའི་དངོས་གྲུབ་

ཀྱི་རྒྱུད་སྟོན་ཏེ། མཆོད་པ་ནི་སངས་རྒྱས་མཆོད་པ་སྟེ། ཕྱིའི་ཡོ་བྱད་ལ་བརྟེན་པ་དང་། ཡིད་ཀྱིས་རྣམ་པ་སྣ་ཚོགས་པ་དུ་མའོ། །དེའི་མངོན་ཤེས་ནི་རྡོ་རྗེ་ལས་ཀྱི་རང་གི་ལྷར་བྱ་བ་ཡོངས་སུ་ཤེས་པའི་མཆོད་པའི་མངོན་ཤེས་སོ། །དེ་བསྐྱེད་པ་ནི་ཡང་དག་པར་བསྐྱེད་ནས་རབ་ཏུ་མཉམ་

པར་གཞག་སྟེ་བསྒོམས་ལ་མངོན་ཤེས་ལྔ་བསྐྱེད་པར་བྱའོ། །དེ་ལྟར་མངོན་པར་ཤེས་པ་ལྔར་བདག་ཉིད་གྱུར་ནས་དངོས་གྲུབ་དམ་པ་འདོད་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །ཞེས་བྱ་བ་གསུངས་ཏེ། དངོས་གྲུབ་ཀྱི་མཆོག་ནི་སངས་རྒྱས་ཉིད་

དམ་རྡོ་རྗེ་སེམས་དཔའ་ཉིད་དོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་པའོ། །ལྷག་མ་རྣམས་ཀྱིས་ནི་མཇུག་སྡུད་པ་སྟོན་ཏོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་རྟོགས་པའི་བྱང་ཆུབ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་བོ། །དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཡེ་ཤེས་ཏེ། སངས་རྒྱས་ཉིད་འཐོབ་པའི་ཡེ་ཤེས་དང་། རྟོག་པ་བཞིའི་འཁོར་ལོས་སྒྱུར་བ་

ཉིད་འཐོབ་པའི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་སྤྲུལ་པའི་གཙོ་བོ་ཡིན་པས་ན་དེ་འཐོབ་པར་བྱེད་པའི་ཡེ་ཤེས་ལ། བྱང་ཆུབ་ཆེན་པོའི་ཡེ་ཤེས་ཞེས་གསུངས་ལ། དེ་འགྲུབ་པར་བྱ་བའི་གཞུང་ཡིན་པས་ན་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་དོ། །གསུངས་སོ་ཞེས་བྱ་

Vol. 56 · folio 123b

བ་ནི་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་སེམས་

དཔའི་རྣལ་འབྱོར་དུ་བསྐྱེད་པའོ། །བདག་ནི་སངས་རྒྱས་དྲན་བྱེད་ཅིང་། །ཞེས་བྱ་བ་ནི་འདི་ལྟར་བདག་ཉིད་སངས་རྒྱས་ཉིད་དུ་བསྒོམས་ན་སངས་རྒྱས་ཉིད་འཐོབ་པར་འགྱུར་རོ། །དེ་བས་ན། སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཡང་ཆོས་

ཉིད་ཡིན་པར་གསུངས་པ། །འདི་ནི་སངས་རྒྱས་སངས་རྒྱས་ཉིད། །གཞན་ལ་སངས་རྒྱས་འགྱུར་བ་མེད། །ཅེས་བྱ་བ་སྟེ། དེར་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་རྒྱུ་འབའ་ཞིག་ཡིན་པར་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན། །ཞེས་བྱ་བ་འདིར་ནི་རྒྱུ་ཡང་ཡོད་མོད་ཀྱི་ཇི་སྐད་གསུངས་པ་

བཞིན་བསྒོམས་ན་བྱང་ཆུབ་འཐོབ་པར་འགྱུར་བས་ན་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྱད་པར་ནི་དེ་ཡོད་དོ། །ད་ནི་རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རྡོ་རྗེ་

སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྐྱེད་ལ་ཕྱག་རྒྱ་ཆེན་པོ་དེ་ཉིད་བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར་བ་སྟེ། རྡོ་རྗེ་སེམས་དཔའ་ཉིད་འཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་གསུངས་སོ་ཞེས་པ་སྟེ། རྡོ་རྗེ་སེམས་

དཔའ་ཞེས་བྱ་བའི་དོན་ཏོ། །འདི་ཡང་རྡོ་རྗེ་སེམས་དཔའ་ཉིད་འཐོབ་པའི་ཡེ་ཤེས་ལ་བྱང་ཆུབ་ཆེན་པོ་ཞེས་གསུངས་པ་ཡིན་ནོ། །ད་ནི་ཁྲོ་བོའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཁྲོ་བོའི་རྒྱལ་པོའི་ཏིང་འཛིན་གནས། །ཞེས་

བྱ་བ་ལ་ཁྲོ་བོའི་རྒྱལ་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་དེ་དེའི་ཏིང་ངེ་འཛིན་ལ་གནས་པ་ནི་དེའི་ཕྱག་རྒྱ་ཆེན་པོར་བསྐྱེད་པའོ། །ལག་པས་དམ་ཚིག་མཆོག་བཅིངས་ལ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་པ་ཞེས་

Vol. 56 · folio 124a

བྱ་བའི་དོན་ཏེ། དེ་ལྟར་བསྒོམས་ན་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། འདི་ནི་བྱང་ཆུབ་ཆེན་པོའི་ཡེ་ཤེས་སོ། །ད་ནི་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པས་ཆོས་ཀྱི་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་

སྟོན་ཏེ། འཇིག་རྟེན་དབང་ཕྱུག་ཏིང་འཛིན་གནས། །ཞེས་བྱ་བ་ལ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཆོས་ཀྱི་ཕྱག་རྒྱ་བཟླས་ཤིང་དེ་བཞིན་དུ་བསྒོམས་ན་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས། བཅོམ་ལྡན་འདས་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་

པོས་གསུངས་སོ་ཞེས་པའོ། །འདི་ཡང་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཉིད་ཡིན་ནོ། །ད་ནི་ནོར་བུའི་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སྙིང་པོའི་ཏིང་འཛིན་གནས། །ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོའི་ཕྱག་རྒྱ་ཆེན་པོར་བསྐྱེད་པའོ། །ལས་ཀྱི་ཕྱག་རྒྱ་ལས་ལེགས་བྱེད། །

ཅེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱས་ལེགས་པར་གོམས་པར་བྱས་པའི་མཆོད་པའི་ལས་བྱེད་པར་བདག་ཉིད་བསྒོམས་ན་རྡོ་རྗེ་ལས་ཉིད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ། །བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི། །ཞེས་བྱ་བ་ནི་བཞི་ཆར་ཡང་འཚང་རྒྱ་བ་ཉིད་དམ། ས་ལ་སོགས་པའི་ཡེ་ཤེས་ཀྱི་དངོས་

གྲུབ་ལ་ཐམས་ཅད་དུ་བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི་ཞེས་གསུངས་པ་ཡིན་ནོ། །ལྷག་མ་རྣམས་ནི་མཇུག་སྡུད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་ལས་ཀྱང་དང་པོར་ཉིད་ཀྱིས་སངས་རྒྱས་ཞེས་བྱ་བ་ལ་སོགས་

པས་དེ་བཞིན་གཤེགས་པ་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ལ་དེ་བཞིན་གཤེགས་པའི་བཟླས་བརྗོད་བྱེད་པའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱའོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་དོན་དུ་

གཉེར་བ་དང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་དང་། བདག་ཉིད་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་པར་གྱུར་པས་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཆགས་པས་གསུངས་སོ་ཞེས་པ་སྟེ། རྡོ་རྗེ་ཆགས་པས་ཞེས་བྱ་བ་ནི་འདིར་

Vol. 56 · folio 124b

མཉེས་པར་བྱ་བའི་དབང་དུ་བྱས་པ་ཡིན་པས་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་རྡོ་རྗེ་ཆགས་པའི་སྒྲར་གསུངས་པ་ཡིན་པར་ཤེས་པར་བྱའོ། །ད་ནི་ཇི་ལྟར་ཡུལ་དང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱིས་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཇི་ལྟར་ཡུལ་

དང་ལྡན་གྱུར་ནས། །ཞེས་བྱ་བ་ནི་གལ་ཏེ་རེ་ཞིག་ཟློས་པ་པོ་ཁྱིམ་པ་གཞན་ཞིག་ཡིན་ན་ཁྲུས་བྱས་ལ་ལུས་དྲི་ཞིམ་པོས་བྱུགས་ཤིང་སྐྲ་དྲི་ཞིམ་པོས་བྱུགས་པ་དང་། གོས་བཟང་པོ་བགོ་བ་དང་། རྒྱན་བཟང་པོ་གདགས་པ་དང་། དྲི་དང་བྱུག་པ་ལ་སོགས་པས་བརྒྱན་པ་དང་། ཡུལ་

གྱི་འབྱོར་པ་ཅི་ཡོད་པའི་ཡུལ་དང་ལྡན་པར་བྱས་ལ་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །གལ་ཏེ་རབ་ཏུ་བྱུང་བ་ཞིག་ཡིན་ན་ཡང་གང་ཆོ་ག་དང་མི་འགལ་བའི་ཡུལ་དང་ལྡན་པར་གྱུར་པ་དང་། ཁྲུས་བྱ་བ་དང་། གོས་དང་། བཟའ་བ་དང་། བཏུང་བ་ལ་སོགས་པ་ཡུལ་ཇི་ལྟ་བ་དང་

ལྡན་པར་གྱུར་པས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ། །ཡུལ་དང་ལྡན་པར་གྱུར་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་དེ་ཉིད་བསྐུལ་ན་ཞེས་བྱ་བ་སྟེ། སུ་ར་ཏ་སྟྭཾ་ཞེས་བྱ་བ་འདི་ནི་དེ་ཁོ་ན་ཉིད་ནི་དེ་བསྐུལ་བ་སྟེ། འདིས་མྱུར་བར་མཉེས་པར་བྱས་པར་འགྱུར་བས་དེ་འགྲུབ་པར་འགྱུར་རོ་ཞེས་བཅོམ་

ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །ད་ནི་སངས་རྒྱས་བཀའ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེའི་རིགས་མཉེས་པར་བྱེད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །ཁྲོས་པས་མངོན་སྤྱོད་བྱས་ན་ནི་འདིས་རྡོ་རྗེ་རྣམས་མཉེས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་

པར་རྒྱལ་བས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །གང་ཞིག་ལ་མངོན་སྐྱོད་བྱ་ཞེ་ན། མ་རུངས་པ་རྣམས་ལའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྦྱང་བའི་ཕྱིར་དང་། སངས་རྒྱས་ཀྱི་བཀའ་བསྒྲུབ་པའི་ཕྱིར་ཇི་སྐད་དུ་གསུངས་པའི་ལས་བྱས་ན་རྡོ་རྗེ་རྣམས་མཉེས་པར་བྱེད་པ་ཡིན་ནོ། །

དེ་ཡང་སེམས་ཅན་སྦྱང་བ་ནི་ལྷ་ཆེན་པོ་ལ་སོགས་པ་ལྟ་བུའོ། །སངས་རྒྱས་བཀའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པའི་ཚིག་ཇི་སྐད་དུ་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ད་ནི་ཆགས་པས་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་མཉེས་པར་བྱ་བའི་

Vol. 56 · folio 125a

དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། པདྨོའི་རིགས་ཟློས་པའི་རྣལ་འབྱོར་པས་ཆགས་པས་ཀུན་དུ་བལྟ་བར་བྱ་སྟེ། སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་མེད་པ་དང་། མ་ཆགས་པ་ཁོང་ཁྲོ་བ་མེད་པའི་རྒྱུས་བལྟ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་

སེམས་ཅན་ཐམས་ཅད་ལ་བྱམས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་གཞན་གྱི་སྡུག་བསྔལ་བསལ་བར་བྱ་བའི་སྙིང་རྗེ་བྱ་བ་དང་། སེམས་ཅན་རྣམས་ལ་མི་འཇིགས་པའི་སྦྱིན་པ་ཡང་སྦྱིན་པར་བྱ་སྟེ་དེ་ལྟར་ན་པདྨོའི་རིགས་མཉེས་པར་བྱས་པ་ཡིན་ནོ། །

ད་ནི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་མཉེས་པར་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དབང་བསྐུར་བ་ནི་རབ་སྦྱིན་དང་། །ཞེས་བྱ་བ་ནི་སངས་རྒྱས་རྣམས་ལ་དབང་བསྐུར་བ་བསྟན་པ་ནི་རབ་སྦྱིན་པ་ཞེས་བྱའོ། །ནོར་སོགས་རབ་ཏུ་སྦྱིན་བྱེད་ཅིང་། །ཞེས་བྱ་བ་ནི་མཆོད་པ་དང་ནོར་

བསགས་པ་སྦྱིན་པ་བྱེད་ན་ནོར་བུའི་རིགས་སུ་སངས་རྒྱས་རྣམས་མཉེས་པར་བྱེད་པ་ཡིན་ནོ། །དེ་ཡང་སངས་རྒྱས་དོན་དུ་སྦྱོར་བ་ཞེས་བྱ་བ་ནི་བཞི་པོ་འདི་དག་ལ་གནས་པ་ནི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་དེ་བཞིན་གཤེགས་པ་ཐམས་

ཅད་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ལས་ཀྱང་དང་པོར་དེ་ལྟར་རྣམ་དག་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དེ་ལྟར་རྣམ་དག་བདེ་སྦྱིན་པ། །འདོད་ཆགས་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ལ་འདིར་འདོད་ཆགས་ནི་བཅོམ་ལྡན་

འདས་བྱང་ཆུབ་ཀྱི་སེམས་ལ་བྱ་བར་ཤེས་པར་བྱའོ། །དེ་ཉིད་ཀྱིས་ན་དེ་ལྟར་རྣམ་པར་དག་པ་དང་བདེ་བ་སྦྱིན་པ་ཡིན་ཏེ། འཁོར་བ་པ་ཐམས་ཅད་ལ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་བདེ་བའི་བར་གྱི་བདེ་བ་དེ་ཐམས་ཅད་སྦྱིན་པར་བྱེད་པས་ན་བདེ་བ་སྦྱིན་པ་སྟེ། དེ་བས་ན་དེ་ལྟ་བུའི་འདོད་ཆགས་ལ་

བརྙས་པར་མི་བྱ་ཞིང་། ཁྱད་དུ་གསད་པར་མི་བྱ་བ་ལ་དོར་ཞིང་སྤང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དག་པའི་ཕྱིར་དང་བདེ་བ་སྦྱིན་པ་ཡིན་པའི་ཕྱིར་སེམས་ཅན་ཀུན་གྱི་དོན་གྱི་རྒྱུར་སྦྱོར་བ་ལ་ནན་ཏན་དུ་བྱ་བ་ལ་བརྩོན་པར་བྱའི། བདག་གྲོལ་བ་འབའ་ཞིག་གི་དོན་དུ་ནི་མ་ཡིན་ནོ། །སྦྱོར་བ་ཞེས་བྱ་བའི་

Vol. 56 · folio 125b

སྒྲ་ནི་ཏིང་ངེ་འཛིན་ཡིན་པར་བཤད་དོ། །དབང་དུ་བྱེད་པ་དང་མཉེས་པར་བྱེད་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། མཉེས་པར་བྱེད་པ་ནི་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ལ། དབང་དུ་བྱེད་པ་ནི་བདག་ཉིད་ཅི་དགར་བྱེད་པ་སྟེ་ཁྱད་པར་ནི་དེ་ཡིན་ནོ། །ད་ནི་འདོད་པ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་

རིགས་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་པ་བསྟེན་ཞེས་བྱ་བ་ལ་འདོད་པ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའོ། །དེ་བསྟེན་པ་ནི་ཡོངས་སུ་ལོངས་སྤྱོད་པ་སྟེ། ཁྲུས་དང་། བཏུང་བ་དང་། བཞོན་པ་ལ་སོགས་པ་བྱ་བའི་ཁྱད་པར་རྣམས་ཀྱིས་ཁྱིམ་པ་དང་རབ་ཏུ་བྱུང་བ་

ཇི་ལྟར་འཚམ་པ་ལ་སྤྱད་པར་བྱ་ཞིང་བསྟེན་པར་བྱའོ། །དེ་བས་ན་བདེན་པའི་བདག་ཉིད་དུ་གྱུར་པར་བྱ་སྟེ། བདེ་བས་ནི་སེམས་རྩེ་གཅིག་པར་འགྱུར་བའི་ཕྱིར་ཏེ། སྡུག་བསྔལ་བས་ནི་སེམས་གཡེངས་ལ། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ཞེས་གཞན་དག་ལས་ཇི་སྐད་གསུངས་

པ་ལྟ་བུའོ། །དེ་བས་ན་དགའ་བར་བྱ་བའི་ཚུལ་གྱིས་འདོད་པ་ལ་བརྟེན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་ཡང་སུ་ར་ཏ་སྟྭཾ་ཞེས་བྱ་བ་དང་དེ་ཁོ་ན་ཉིད་བསྐུལ་བར་ཡང་བྱའོ། །དེ་ལྟར་རྡོ་རྗེ་སེམས་དཔའ་དབང་དུ་བྱས་ནས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་

སངས་རྒྱས་བཀའ་ཡིས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མ་རུངས་པ་རྣམས་བསད་པས་རྡོ་རྗེ་ཧཱུྃ་མཛད་དབང་དུ་བྱེད་པ་ཡིན་ཏེ། དཔེར་ན་ལྷ་ཆེན་པོ་བཞིན་དུ་ཚར་གཅད་པར་བྱ་བའི་ཕྱིར་གསོད་པ་ནི་བརྒྱལ་བར་བྱེད་པ་ཡིན་པར་ཤེས་པར་བྱའོ། །

ལྷག་མ་རྣམས་ནི་འདིའི་རྒྱུ་ཡིན་པར་ཤེས་པར་བྱ་སྟེ། སངས་རྒྱས་ཀྱི་བཀའ་དང་། སེམས་ཅན་རྣམས་དག་པར་བྱ་བ་དང་། ལུས་ཅན་རྣམས་ལ་སྐྱབས་བྱ་བ་དང་། བསྟན་པ་བསྲུང་བ་ནི་མ་རུངས་པ་རྣམས་ཚར་གཅོད་པ་ལས་འདི་དག་ཐམས་ཅད་འབྱུང་བ་ཡིན་ནོ། །ད་ནི་པདྨོའི་འདབ་མ་ཞེས་

བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་དག་པ་ཀུན་རྟོག་ལ། །ཞེས་བྱ་བ་ནི་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་ནི་དག་པ་ཡིན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཀུན་དུ་སློང་བར་མི་བྱེད་ཅིང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་

Vol. 56 · folio 126a

སེམས་ཅན་རྣམས་འཇུག་པར་བྱེད་པའི་ཆགས་པ་ནི་འདོད་ཆགས་དག་པ་ཡིན་པར་བྱའོ། །དེ་ལ་ཀུན་དུ་རྟོག་པ་ནི་བཅད་པའོ། །ཇི་ལྟར་རྟོག་ཅེ་ན། པདྨོའི་འདབ་མ་ཁ་འབྱེད་ཅིང་། །ཞེས་བྱ་བ་གསུངས་སོ། །དེ་ལྟར་བརྟགས་ནས་ཅི་ཞིག་བྱེད་ཅེ་ན། ཆགས་བྱེད་

ཅིང་སེམས་ཅན་རྣམས་སྨིན་པ་དང་། གྲོལ་བའི་ཕྱིར་རང་ཉིད་དགའ་བར་བྱེད་པའོ། །འདོད་པར་བྱེད་པ་ནི་གཞན་རྣམས་ལ་ནི། ཤིན་ཏུ་སྡུག་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། གདུལ་ཕྱིར་ཞེས་བྱ་བ་སྟེ། གདུལ་བའི་དོན་དུའོ། །དེ་སྐད་སུ་ཞིག་གིས་གསུངས་ཤེ་ན། བཅོམ་ལྡན་འདས་

འཇིག་རྟེན་དབང་ཕྱུག་གིས་གསུངས་སོ་ཞེས་པའོ། །ད་ནི་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སངས་རྒྱས་ཐམས་ཅད་དབང་བསྐུར་ཕྱིར། །རྡོ་རྗེ་རིན་ཆེན་ཉིན་རེ་རེར། །སྤྱི་བོར་བཞག་སྟེ་དབང་བསྐུར་ན། །ཞེས་བྱ་བ་

ནི་དེ་བཞིན་གཤེགས་པ་དེ་རྣམས་ཉིད་ཀྱི་དབུར་བཞག་སྟེ། རྡོ་རྗེ་རིན་ཆེན་དབང་བསྐུར་ནས། །སངས་རྒྱས་ཐམས་ཅད་དབང་དུ་འགྱུར། །ཞེས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ་ཞེས་པའོ། །ལྷག་མ་རྣམས་ནི་དབང་དུ་བྱ་བའི་མཇུག་བསྡུ་བ་སྟེ། དབང་དུ་

བྱ་བ་ནི་ཅི་འདོད་པར་བསྒྲུབ་པའི་ཕྱིར་རོ། །ཕྱག་རྒྱ་བསྐྱེད་པའི་ཕྱིར་རམ། དངོས་གྲུབ་ཀྱི་མཆོག་བསྐྱེད་པར་བྱ་བའི་ཕྱིར་ནི་བྱང་ཆུབ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུད་ཡིན་ལ། བསམས་པའི་དོན་བསྒྲུབ་པར་བྱ་བའི་ཕྱིར་ནི་མཉེས་པར་བྱ་བ་དབང་དུ་བྱ་བའི་རྒྱུད་ཡིན་ཏེ། །ལྷ་མཉེས་པར་བྱས་ཤིང་

དབང་དུ་བྱས་ན་ཅི་འདོད་པ་བཞིན་དུ་སྒྲུབ་པར་མཛད་པའི་ཕྱིར་རོ། །ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་བསད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། བྱ་བའི་རྒྱུད་དག་ལས་དྲག་ཤུལ་གྱི་སྦྱོར་བ་ཉིད་ཀྱིས་བསྒྲུབ་པར་གསུངས་པ་གང་ཡིན་པ་དེ་ཉིད་འདིར་བསད་པའི་རྒྱུད་

ཅེས་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་ཚིག་གི་ཁ་བསྐང་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཅེས་བྱ་བ་ནི་སངས་རྒྱས་ཀྱི་དངོས་གྲུབ་ཀྱི་རྒྱུར་གསོད་པ་གང་ཡིན་པའི་རྒྱུད་དེའི་དངོས་གྲུབ་ཀྱི་མན་ངག་བསྟན་པ་སྟོན་ཏེ། སྔགས་པས་གང་ཞིག་དེ་

Vol. 56 · folio 126b

བཞིན་གཤེགས་པའི་དངོས་གྲུབ་གྲུབ་པར་འདོད་ལ་དེས་ཀྱང་སྔགས་བཟུང་བ་ལ་སོགས་པའི་དམ་ཚིག་དང་། སྔགས་བསྙེན་པ་བྱས་པའི་དམ་ཚིག་དང་། བསྒྲུབ་པའི་དམ་ཚིག་གིས་ཕྱིན་ཅི་མ་ལོག་པ་ཉིད་དུ་ཡང་དག་པར་ཞུགས་ཏེ། ནོར་བ་མེད་པ་དང་ལྡན་པས་ལན་མང་དུ་བསྒྲུབས་ཤིང་

ཉམས་སུ་བླངས་སུ་ཟིན་ཀྱང་གང་གི་ཚེ་གྲུབ་པར་མ་གྱུར་ན་དེའི་ཚེ་གདོད་འདིའི་སྤྱད་པར་བྱའོ། །སེམས་ཅན་ཀུན་དོན་མ་མཐོང་ཞིང་། །ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚེ་འདི་སེམས་ཅན་གྱི་དོན་དུ་བརྩམས་པ་ཡིན་ཏེ། དེ་ཡང་མ་མཐོང་བ་ནི་དངོས་གྲུབ་མེད་པའོ། །སངས་རྒྱས་དེ་ཉིད་མ་སྦྱངས་

ལ། །ཞེས་བྱ་བ་ནི་སངས་རྒྱས་ཉིད་འཐོབ་པའི་རྒྱུའི་དོན་ལ་སངས་རྒྱས་དེ་ཉིད་ཅེས་བྱ་སྟེ། དེ་མ་བསྐྱེད་པའོ། །དེ་ཡང་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་རྗེས་ལ་སངས་རྒྱས་ཀྱི་ཕྱག་རྒྱ་བསྒོམ་དགོས་ཏེ། འདི་ནི་སངས་རྒྱས་སངས་རྒྱས་ཉིད། །གཞན་ལས་སངས་རྒྱས་འགྱུར་བ་མེད། །ཅེས་ཆོས་

ཉིད་དུ་ཇི་སྐད་གསུངས་པ་འདི་ནི་དེ་ཁོ་ན་ཉིད་ཡིན་ནོ། །དེ་ལྟར་གྱུར་པའི་དེ་ཁོ་ན་ཉིད་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མངོན་སུམ་དང་། བརྒྱུད་པའི་རྒྱུ་དེ་མ་སྦྱངས་ཤིང་མ་བསྐྱེད་པས་སངས་རྒྱས་ཀྱི་དངོས་གྲུབ་མི་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །ཡིད་དང་ལུས་དང་ངག་གིས་སོ། །བསད་ན་དངོས་

གྲུབ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་བདག་གམ་བསྒྲུབ་པར་བྱ་བའི་ལྷ་བསད་ན་དངོས་གྲུབ་འཐོབ་པར་འགྱུར་རོ། །བསད་པའི་སྦྱོར་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་བསྟན་པའི་ཁྱིམ་དང་གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་ཞེས་བྱ་བ་ལ་སོགས་པ་གང་ཡིན་

པ་དེ་འདིར་སྦྱར་བར་བྱའོ། །ད་ནི་དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་བསད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། དངོས་གྲུབ་ཐམས་ཅད་མ་ཐོབ་ལ། །ཞེས་བྱ་བ་ནི་དངོས་གྲུབ་གང་དང་། གང་བརྩམས་ཤིང་ཡང་དག་པར་སྦྱོར་བ་དང་ལྡན་དུ་ཟིན་ཀྱང་། དངོས་

གྲུབ་རབ་དང་། འབྲིང་དང་ཐ་མ་གང་ཡང་མ་ཐོབ་པ་ནི་དངོས་གྲུབ་ཐམས་ཅད་མ་ཐོབ་པ་ཡིན་ནོ། །རིགས་རྣམས་ཀྱང་ནི་མི་བརྩོན་ཞིང་། །ཞེས་བྱ་བ་ལ་རིགས་ནི་དེ་བཞིན་གཤེགས་པའི་རིགས་སོ། །དེ་ལས་ལྷ་གཅིག་ཀྱང་མི་འགོ་ཞིང་མི་སྟོན་ཏེ། རིགས་ཀྱི་བུ་ཁྱོད་ལ་སྒྲིབ་པ་འདི་ལྟ་བུ་ཡོད་ཀྱིས་

Vol. 56 · folio 127a

དེའི་གཉེན་པོ་འདི་ལྟ་བུ་གྱིས་ཤིག །དེས་ན་གདོད་འགྲུབ་པར་འགྱུར་རོ་ཞེས་ཐ་ན་རྨི་ལམ་དུ་ཡང་མི་སྟོན་ན། དེ་རིགས་རྣམས་ཀྱང་མི་བརྩོན་པ་ཡིན་ནོ། །རྡོ་རྗེས་ཀུན་དུ་བདེགས་ན་ནི། །ཞེས་བྱ་བ་ནི་ཡིད་ཁྲོ་བ་དང་བཅས་པས་རྡོ་རྗེས་བསྣུན་པའམ། སྣའི་ཧཱུཾ་ཞེས་བྱ་བས་རྡོ་རྗེ་

འཕངས་ཏེ་བདག་གམ་ལྷ་བསད་ན་དངོས་གྲུབ་འཐོབ་པར་འགྱུར་ཏེ་དེ་ལྟར་བསྣུན་པས་རྡོ་རྗེ་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །ད་ནི་མ་རུངས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་བསད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མ་རུངས་མི་འདུལ་ཁྲོ་མེད་ཅིང་། །

ཞེས་བྱ་བ་ལ་མ་རུངས་པ་ནི་སེམས་ཅན་རྣམས་ལ་རྣམ་པར་འཚེ་ཞིང་ཉེ་བར་གནོད་པར་བྱེད་པའོ། །དེ་རྣམས་འདུལ་བ་ནི་སྙེམས་པ་མེད་པར་བྱེད་པའོ། །མ་རུངས་པ་འདུལ་བ་དེ་ཡང་ཁྲོ་བ་ལས་འབྱུང་བས་ན་མ་རུངས་འདུལ་བའི་ཁྲོ་བོས་ཞེས་བྱ་བ་སྟེ་འདིས་གདུག་པ་རྣམས་འདུལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །

དེ་ཡང་ཤིན་ཏུ་ཁྲོས་པའི་སེམས་གང་གིས་མ་རུངས་པ་རྣམས་ཚར་གཅད་པར་བསམས་ན་ཚར་གཅོད་པར་བྱ་བའི་མ་རུངས་པ་རྣམས་ལ་དེ་བཞིན་དུ་འགྱུར་བའི་ཕྱིར་ན་འདི་ལ་མ་རུངས་འདུལ་བའི་ཁྲོ་བོ་ཞེས་བྱའོ། །མ་རུངས་པ་རྣམས་མི་འདུལ་བའི་ཁྲོ་བོ་ཡིན་པས་ན། མ་རུངས་མི་འདུལ་ཁྲོ་མེད་ཅིང་། །

ཅེས་བྱའོ། །དེ་བཞིན་སེམས་ཅན་མི་འདུལ་ལ། །ཞེས་བྱ་བ་ནི་གང་གི་ཕྱིར་གང་ལ་དེ་ལྟ་བུའི་ཁྲོ་བོ་མེད་ལ་སེམས་ཅན་གང་འདུལ་བར་མི་ནུས་ན་རྡོ་རྗེའི་རིགས་ཟློས་པས་ཡང་དག་པར་ཞུགས་སུ་ཟིན་ཀྱང་། རིགས་རྣམས་བརྩོན་པར་མི་བྱེད་ཅིང་དངོས་གྲུབ་མ་ཐོབ་ན་དེའི་ཕྱིར་དེས་བྱ་བ་ནི། བདག་ཉིད་

སྡུག་བསྔལ་འཐོབ་བྱེད་ན། ཧཱུཾ་ཞེས་བྱ་བས་གསད་པར་བྱ། །ཞེས་བྱ་བ་སྟེ་སྡུག་བསྔལ་དང་ལྡན་པས་ཞེ་སྡང་བར་གྱུར་ཅིང་། སྨྱུང་བར་གནས་པས་ཉི་མ་གུང་ལ་ལས་བྱའོ། །དེ་ལྟར་ན་བདག་ཉིད་སྡུག་བསྔལ་འཐོབ་པར་བྱེད་ན། ཧཱུཾ་ཞེས་བྱ་བས་སྦྱར་བར་བྱ་སྟེ། དེ་ལྟར་སྦྱོར་བར་བྱད་པས་ན་

དངོས་གྲུབ་སྩོལ་བར་མཛད་པའི་ཕྱིར་རོ། །ད་ནི་སྙིང་རྗེ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་པདྨའི་རིགས་ཀྱི་བསད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། སྙིང་རྗེ་མེད་ཅིང་བྱམས་མེད་ལ། །ཞེས་བྱ་བ་ནི་སྙིང་རྗེའི་ངོ་བོ་ཉིད་ཡིན་པས་ན་སྙིང་རྗེའོ། །བྱམས་པའི་ངོ་བོ་ཉིད་ཡིན་པས་ན་བྱམས་པའོ། །སྙིང་

Vol. 56 · folio 127b

རྗེ་དང་མི་ལྡན་པ་ནི་སྙིང་རྗེ་མེད་པའོ། །བྱམས་པ་དང་མི་ལྡན་པ་ནི་བྱམས་པ་མེད་པ་ལ་ཞེས་བྱའོ། །སེམས་ཅན་མ་རུངས་མི་སྦྱོང་ཞིང་། །ཞེས་བྱ་བ་ནི་གང་འཇིག་ཚོགས་ལ་སོགས་པའི་དྲི་མ་དང་ལྡན་པའོ། །དེ་རྣམས་མི་སྦྱོང་བ་ནི་ཆོས་བསྟན་པས་བལྟ་བའི་ཉེས་པའི་དྲི་མ་མི་སེལ་བའོ། །བདག་ཉིད་

ལ་ནི་བསླུས་ན་ནི། །ཞེས་བྱ་བ་ལ་བདག་ཉིད་བསླུས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་རྣམས་ཀྱི་ཆོས་ཉིད་ལ་ཡིད་མི་ཆེས་པའོ། །གང་གི་ཚེ་པདྨོའི་རིགས་ཟློས་པའི་རྣལ་འབྱོར་པ་ཡང་དག་པར་ཞུགས་སུ་ཟིན་ཀྱང་། ཇི་སྐད་དུ་བཤད་པའི་ཆོས་འདི་རྣམས་མི་

འབྱུང་ན། དེའི་ཚེ་བདག་ཉིད་དམ་ཇི་སྐད་དུ་བཤད་པའི་ཉེས་པའི་ཕྱོགས་སྟེར་བར་བྱེད་པའི་བསྒྲུབ་པར་བྱ་བའི་ལྷ་བསད་ན་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོས་གསུངས་པའོ། །ད་ནི་མི་གཏོང་བ་དག་ལ་ཞེས་བྱ་བ་ལ་སོགས་

པས་ནོར་བུའི་རིགས་ཀྱི་གསང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། མི་གཏོང་བ་ནི་གཏོང་བ་མེད་པའོ། །བདག་ལ་ནོར་མེད་ཅིང་ཞེས་བྱ་བ་ནི་ནོར་གྱི་བདག་པོ་མེད་པ་ཞེས་བྱ་བའི་དོན་ཏོ། །ནོར་སྟོར་བ་དང་ཞེས་བྱ་བ་ནི་གལ་ཏེ་ནོར་ཡོད་ན་དེ་ཡང་རྐུན་པོ་ལ་སོགས་པས་ཁྱེར་བ་ནི་ནོར་སྟོར་བའོ། །གནོད་

བྱེད་ལ་ཞེས་བྱ་བ་ནི་ནོར་ཕྲོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ལུས་ལ་ནད་ལ་སོགས་པ་གནོད་པ་རྣམས་ཀྱང་འབྱུང་བར་འགྱུར་བའོ། །སེམས་ཅན་རྣམས་ནི་དབུལ་གྱུར་ན། །ཞེས་བྱ་བ་ནི་གལ་ཏེ་ནོར་བུའི་རིགས་ཟློས་པའི་སྔགས་པ་ཡང་དག་པར་ཞུགས་ཤིང་རྩེ་གཅིག་པར་གྱུར་ཀྱང་ཉེས་པ་འདི་དག་

འབྱུང་ཞིང་། ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱང་ཐོབ་པར་མ་གྱུར་ཅིང་། སེམས་ཅན་རྣམས་ཀྱང་དབུལ་བའི་སྡུག་བསྔལ་ལ་བལྟ་བར་མི་ནུས་ན་དེའི་ཚེ་བདག་བསྒྲུབ་པར་བྱ་བའི་ལྷ་བསད་ན་དངོས་གྲུབ་འཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རེ་བ་ཐམས་ཅད་ཡོངས་སུ་སྐོང་བས་གསུངས་སོ། །ཅིའི་ཕྱིར་

འདི་ལྟ་བུའི་ལས་བྱེད་ཅིང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་ཤེ་ན། ཁ་ཅིག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་གིས་ནི་སངས་རྒྱས་ཀྱི། །རྣལ་འབྱོར་མ་ཐོབ་ཅེས་བྱ་བ་ལ་མངོན་པར་འདོད་པའི་དོན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ལྷག་མ་རྣམས་ནི་གོ་སླའོ། །ད་ནི་

Vol. 56 · folio 128a

དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བསྲུང་བའི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་གསུངས་ཏེ་འདི་ནི་དགེ་བའི་ཆོས་བསྲུང་བའི་རང་བཞིན་ནོ། །དེ་ལས་ཀྱང་། སེམས་ཅན་ཐམས་ཅད་མི་གཏོང་ཞིང་། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་བསྲུང་བའི་དངོས་གྲུབ་ཀྱི་

རྒྱུད་སྟོན་ཏེ། སེམས་ཅན་ཐམས་ཅད་མི་གཏོང་ཞིང་། །ཞེས་བྱ་བ་ནི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའི་ཉན་ཐོས་ལྟར་བདག་ཉིད་གྲོལ་བ་འབའ་ཞིག་ཙམ་ནི་མི་བྱའོ། །འདི་ནི་དེ་བཞིན་གཤེགས་པའི་བཟླས་བརྗོད་བྱེད་པའི་བསྲུང་བ་གཅིག་ཡིན་ནོ། །གཞན་ཡང་ཅི་ཞིག་ལ་འཇུག་ཅེ་ན།

རྟག་ཏུ་སངས་རྒྱས་མཆོད་བདག་ཉིད། །ཅེས་བྱ་བ་སྟེ། སངས་རྒྱས་མཆོད་པ་བྱེད་པས་རྟག་ཏུ་བདག་ཉིད་ཀྱིས་སངས་རྒྱས་མཆོད་པར་བྱེད་པ་སྟེ། འདི་ནི་བསྲུང་བ་གཉིས་པའོ། །རྟག་པར་སངས་རྒྱས་ཡིད་ལ་བྱེད། །ཅེས་བྱ་བ་ནི་རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་སྟེ། འདི་ནི་བསྲུང་བ་

གསུམ་པའོ། །འདི་ནི་བསྲུང་བ་རྣམས་ཀྱི་མཆོག །ཅེས་བྱ་བ་ནི་བསྲུང་བ་འདི་གསུམ་ཆར་ཡང་ཤིན་ཏུ་རྨད་དུ་བྱུང་ཞིང་མཆོག་ཏུ་ངོ་མཚར་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །སུ་ཞིག་གིས་དེ་སྐད་གསུངས་ཤེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ད་ནི་རྡོ་རྗེ་སེམས་དཔའི་

མཚན་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །ལན་ཅིག་ཙམ་ཡང་བརྗོད་གྱུར་ན། །ཞེས་བྱ་བ་ནི་བསམ་པ་བརྟན་པོས་རྡོ་རྗེ་སེམས་དཔའི་མཚན་བརྗོད་དེ། ཆུ་ཡང་བླངས་ནས་ལྷ་ཆེན་པོ་འཇིགས་བྱེད་ཀྱི་

གཟུགས་ཅན་དུ་གནས་པ་ལ་བརྒྱབ་ན་དེ་ཡང་ཉེ་བར་འཚེ་བར་མི་བྱེད་དོ། །འདི་ནི་སྲུང་བ་རྟག་ཆེན་པོ། །ཞེས་བྱ་བ་ལ་རྟག་ཏུ་དངོས་གྲུབ་སྦྱིན་པར་བྱེད་པ་དང་། སྲུང་བ་ཆེན་པོར་གྱུར་པ་ཡིན་ནོ་ཞེས་པའོ། །ད་ནི། རིགས་དང་རྒྱུད་ཀྱིས་ཆོག་མི་ཤེས། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་སྲུང་བའི་

དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། རིགས་དང་རྒྱུད་ཀྱིས་ཆོག་མི་ཤེས། །ཞེས་བྱ་བ་ལ་རིག་པ་ནི་རིགས་ཀྱི་རིག་པ་ལ་སོགས་པ་སྟེ། རིག་པ་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། སྔགས་དང་སྙིང་པོ་རྣམས་ཀྱང་བསྡུ་སྟེ། རིག་པ་དང་སྔགས་ཞེས་སྨོས་པར་བྱ་བ་ཡིན་ནོ། །དེ་ཡང་རིག་པ་དང་

Vol. 56 · folio 128b

སྙིང་པོས་ཆོག་མི་ཤེས་པ་སྟེ། གང་གི་ཕྱིར་སྔགས་མང་པོ་མཐོང་བ་ལས་འགའ་ཞིག་ལ་ལར་དགོས་པ་ཤེས་པར་འགྱུར་ཞིང་ཤེས་ནས་ཀྱང་སྲུང་བའི་ཆོ་ག་ལ་ལར་སྦྱོར་བར་བྱེད་དོ། །རྒྱུད་ནི་གཞུང་ལ་བྱ་སྟེ་ཐམས་ཅད་ཀྱང་ཅི་ནུས་པ་བསྡུ་བར་བྱའོ། །གང་གི་ཕྱིར་དེར་ཡང་སྦྱོར་བ་ལ་སོགས་པ་མཐོང་ནས་

བསྲུང་བའི་ཆོ་གར་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ། །འཇིག་རྟེན་གསུམ་རྒྱལ་བདག་ཉིད་ཀྱིས། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རང་གི་ངོ་བོ་ཉིད་དུ་བསྒོམ་པ་ནི། འཇིག་རྟེན་གསུམ་རྒྱལ་བདག་ཉིད་དོ། །རྡོ་རྗེ་ཧཱུྃ་ལ་མོས་བྱེད་ལ། །ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་ལ་སོགས་

པ་ལའོ། །འདི་ནི་བདག་དང་གཞན་ལ་བསྲུང་། །ཞེས་བྱ་བ་ནི་བཞི་ཆར་གྱིས་སོ། །ད་ནི་འདོད་ཆགས་དག་ཅིང་ཞེས་བྱ་བ་ལ་སོགས་པས་པདྨོའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། འདོད་ཆགས་དག་པ་ཡིན་པས་ན་འདོད་ཆགས་དག་པ་སྟེ་སེམས་ཅན་སྨིན་དང་གྲོལ་བའི་ཆོས་ཆགས་པའི་ཆོས་

འདི་ནི་རང་བཞིན་གྱིས་དག་པའོ་ཞེས་སྨོས་པའོ། །བྱམས་པ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་བསྐྱེད་པའོ། །ཐམས་ཅད་ལ་ནི་མི་འཇིགས་སྦྱིན། །ཞེས་བྱ་བ་ནི་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པའོ། །འཇིག་རྟེན་དབང་གི་མཚན་ཟློས་པ། །ཞེས་བྱ་བ་ནི་འཇིག་

རྟེན་དབང་ཕྱུག་གི་མཚན་ཟློས་པར་བྱེད་པ་སྟེ། སྲུང་བ་འདི་བཞི་ཆར་ངོ་མཚར་ཆེ་བ་སྟེ། ཤིན་ཏུ་རྨད་དུ་བྱུང་བ་དང་ལྡན་པ་ཡིན་ནོ། །ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་རིགས་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏེ། ཉི་མ་སྟོངས་པར་མི་བྱ་བར། །ཞེས་བྱ་བ་ནི་ཉིན་རེ་ཞིང་རྒྱུན་མི་གཅད་

པར་བྱའོ། །ཅི་ཞིག་རྒྱུན་མི་གཅད་ཅེ་ན། ཅི་ནུས་པར་ནི་སྦྱོར་བྱེད་ཅིང་། །ཞེས་བྱ་བ་གསུངས་སོ། །སུ་ཞིག་ལ་ཞེ་ན། སངས་རྒྱས་སེམས་ཅན་གཏོང་བྱེད་པར། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་རྣམས་དང་སེམས་ཅན་རྣམས་ལ་ཞེས་བྱ་བའི་དོན་ཏོ། །ཐ་ན་འབྲས་རྡོག་མ་གཅིག་ཙམ་སྦྱིན་

པའམ། མེ་ཏོག་གཅིག་ཙམ་དབུལ་བའམ། ཆུ་ཁྱོར་གང་ཙམ་ཞིག་སྦྱིན་པར་བྱེད་པ་སྟེ། བསྲུང་བ་འདི་ནི་ངོ་མཚར་མཆོག་ཏུ་ཆེ་བ་ཡིན་ནོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སྲུང་བས་གསུངས་སོ། །རྡོ་རྗེ་སྲུང་བ་ཞེས་སྨོས་པ་ནི་བསྲུང་བའི་ཆོ་ག་རྫོགས་པའི་མཇུག་སྡུད་པ་ཡིན་ནོ། །ད་ནི་དེ་ནས་བྱང་ཆུབ་སེམས་

Vol. 56 · folio 129a

དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་རྟོགས་པ་བཞིར་གཏོགས་པའི་དཀྱིལ་འཁོར་ཆེན་པོའི་རྒྱུད་ཕྱི་མའི་མཇུག་སྡུད་པ་སྟོན་ཏེ་འདི་ནི་ཕྱག་ན་རྡོ་རྗེས་བསྟན་པ་ཡིན་ལ། དེ་ཡང་ད་ནི་སངས་རྒྱས་རྣམས་ལ་དབུལ་བ་ཡིན་པས་ན་རྒྱུད་འདི་བཞེས་པར་གསོལ་ཞེས་སྨོས་པ་ཡིན་ནོ། །བཅོམ་ལྡན་

འདས་ཞེས་ཚིག་གཅིག་པར་སྨོས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་ཁོངས་སུ་ཆུད་པ་ལ་ལྟོས་པ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་ལྔ་རུ་ཤེས་པར་བྱའོ། །རྒྱུད་གང་གིས་ཞེས་བྱ་བ་ནི་རྒྱུད་འདིའི་ཕན་ཡོན་སྟོན་ཏོ། །སེམས་ཅན་ཐམས་ཅད་རྟོག་པ་ཐམས་ཅད་ཀྱི་དབང་

ཕྱུག་ཏུ་གྱུར་ནས་ཞེས་བྱ་བ་ལ་རྟོག་པ་ཐམས་ཅད་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལ་སོགས་པ་བཞིའོ། །དེའི་དབང་ཕྱུག་ནི་མངོན་པར་ཤེས་པ་ལ་སོགས་པ་བསྟན་ཟིན་པ་སྟེ། རྣལ་འབྱོར་པ་རྣམས་ཀྱི་དབང་ཕྱུག་དེའི་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་གང་

ཡིན་པ་དེ་ནི་དབང་ཕྱུག་ཅེས་བྱ་སྟེ་འདི་ནི་དབང་ཕྱུག་ཡིན་པའི་ཕྱིར་རོ། །དེའི་ངོ་བོ་ཉིད་ཡིན་པས་ན་དབང་ཕྱུག་ཉིད་དུ་གྱུར་པའོ། །རྟོགས་པར་བགྱི་སྟེ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ཁོང་དུ་ཆུད་པར་བྱས་པའོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་འཚང་རྒྱ་བའི་སླད་དུའོ་ཞེས་བྱ་བ་འདིས་ནི་རྒྱུད་འདི་དོན་ཆེ་བ་ཉིད་དུ་སྟོན་ཏོ། །འདིས་ནི་རྒྱུད་འདི་སངས་རྒྱས་རྣམས་ཀྱིས་བཟུང་ཞིང་སངས་རྒྱས་ཀྱི་གསུང་ཡིན་པར་གྱུར་ན་དེའི་འོག་ཏུ་གདོད་འཇིག་རྟེན་རྣམས་ལེན་པར་མི་འགྱུར་བ་བླངས་པར་གྱུར་ནས་མཉེན་པ་དང་། བསམས་པ་དང་། བསྒོམས་པ་

ལ་སོགས་པའི་རིམ་གྱིས་ཇི་སྐད་དུ་གསུངས་པའི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་སྟོན་གྱི། གཞན་དུ་ན་འདི་ནི་ཕྱག་ན་རྡོ་རྗེས་སྨྲས་པར་ཟད་ཀྱི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་ལེན་པར་མི་འགྱུར་བས་ན་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་

གཞུང་གི་དོན་ལེགས་པར་མཉེས་པར་གྱུར་ནས་ལེགས་སོ། །ལེགས་སོ། །ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པས་ལེགས་སོ་ཞེས་བྱ་བ་བྱིན་པ་ཡིན་ནོ། །ལེགས་པར་བཤད་པས་ཞེས་བྱ་བས་ནི་ཕྱིན་ཅི་མ་ལོག་པར་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ངེད་ཀྱིས་བླངས་ཤིང་ཞེས་གསུངས་པ་

Vol. 56 · folio 129b

ཡིན་ཏེ་བླངས་ནས་སངས་རྒྱས་ཀྱི་བཀར་བྱས་ཏེ་གཞག་གོ་ཞེས་པ་དང་བྱིན་གྱིས་བརླབས་སོ་ཞེས་པ་སྟེ། ཅི་ནས་ཀྱང་མྱུར་དུ་ནུབ་པར་མི་འགྱུར་བར་དུས་ཀྱི་མཐར་ཡུན་དུ་གནས་པར་མཛད་པའོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་གྱིས་བརླབས་ཤིང་བླང་བར་མཛད་

པས་ཅི་ནས་ཀྱང་འདི་ལྟར་ནུབ་པར་མི་འགྱུར་བར་མཛད་པ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གཅིག་ཏུ་འདུས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་པ་ནི་རྟོག་པ་བཞིའི་རང་བཞིན་ཉིད་དུ་གྱུར་པ་དང་། འཁོར་ལོས་སྒྱུར་བ་བཞིའི་རང་བཞིན་ཉིད་དུ་

གྱུར་པའི་ཕྱིར་རོ། །རྟོག་པ་ཐམས་ཅད་ཀྱི་ཐབས་ཞེས་བྱ་བ་ལ་སོགས་པ་ལ་རྟོག་པ་ཐམས་ཅད་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་བསྡུས་པ་ལ་སོགས་པ་བཞིའོ། །ཐབས་ནི་དེར་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་ལ་སོགས་པའོ། །ཐབས་ཀྱི་ཆོ་ག་ནི་སྦྱོར་བའོ། །དེའི་རྒྱས་པ་ནི་རྣམ་པར་

དབྱེ་བ་མང་པོའི་བྱེ་བྲག་གིས་ཏེ། འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྡོ་རྗེའི་ཐེག་པ་བླ་ན་མེད་པ་ཡིན་ལ་འདི་ཉིད་ནི་གཞན་གྱིས་མི་ཤེས་པའི་ཕྱིར་གསང་བའོ། །བསྡུས་ཏེ་བསྟན་པའི་ཕྱིར་མདོ་སྡེའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྟོག་པ་བཞི་ཆར་གྱི་དཀྱིལ་འཁོར་

ཆེན་པོའི་རྒྱུད་ཕྱི་མའི་འགྲེལ་པའོ།། །།ད་ནི་རྟོག་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རྒྱུད་དུ་གཏོགས་པ་སྟོན་ཏོ། །དེ་ལས་ཀྱང་ཐོག་མར། སངས་རྒྱས་བྱང་ཆུབ་ཏིང་ངེ་འཛིན། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་

གྲུབ་དམ་པའི་གསང་བའི་རྒྱུད་སྟོན་ཏེ། སངས་རྒྱས་བྱང་ཆུབ་ཏིང་ངེ་འཛིན། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཐུགས་སུ་ཆུད་པའི་ཏིང་ངེ་འཛིན་ཡིན་པས་ན་སངས་རྒྱས་བྱང་ཆུབ་ཏིང་ངེ་འཛིན་ཏོ། །རབ་མཉམ་གཞག་པས་བསྒོམས་ན་ནི། །ཞེས་བྱ་བ་ལ་ཤིན་ཏུ་མཉམ་པར་གཞག་

པས་ན་རབ་མཉམ་གཞག་པའོ། །བསྒོམ་པ་ནི་དེ་གོམས་པར་བྱ་བ་སྟེ་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཏིང་ངེ་འཛིན་བསྒོམས་ན། བྱང་ཆུབ་བདེ་བས་འཐོབ་པར་འགྱུར། །ཞེས་བྱ་བ་སྟེ། འདི་ལྟ་བུར་རྣམ་པར་བསམས་ནས་བརྩོན་པར་བྱས་ནས་ངེས་

Vol. 56 · folio 130a

པར་རྟོགས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ། །དོན་འདི་གསུངས་ཟིན་མོད་ཀྱིས། འོན་ཀྱང་ལྷག་པར་བསྣན་པའི་ཕྱིར་ཡང་གསུངས་པ་ཡིན་ནོ། །ད་ནི་སེམས་དཔའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་

པའི་རིགས་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་སྟོན་ཏེ། སེམས་དཔའ་རྡོ་རྗེ་སྙིང་གར་བཅིངས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱི་བསྒྲུབ་པའི་དུས་སམ། དགོས་པ་ཆེན་པོ་གཞན་དག་ཏུ་རྡོ་རྗེ་དབྱིངས་ཀྱི་གསང་བའི་དཀྱིལ་འཁོར་དུ་གཏོགས་པའི་སེམས་

དཔའི་རྡོ་རྗེ་མའི་ཕྱག་རྒྱ་སྙིང་གར་བཅིངས་ལ་ཇི་ལྟར་བྲིས་པའི་བསྒྲུལ་བས་བསྐུལ་བར་བྱ་ཞིང་དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ། །ཆུང་མ་ཞེས་བྱ་བ་ནི་ཡིད་རྫོགས་པར་བྱ་ཞིང་སྙིང་གར་བརྟན་པར་ཡང་བྱའོ། །ཤིན་ཏུ་སྡུག་པར་ཡང་བྱ་སྟེ། དངོས་གྲུབ་ཐམས་ཅད་དེ་ལ་རག་ལས་པ་ཡིན་པའི་ཕྱིར་

རོ། །དེ་ཉིད་ཀྱིས་ནི་བརྟན་པར་གྱུར་ཅིག་ཅེས་སྨྲས་ནས་ཞེས་གསུངས་པ་ཡིན་ཏེ། བརྟན་པར་གྱུར་པ་ནི་བསྒོམ་པའི་དུས་དང་། དགོས་པའི་དུས་སུ་སེམས་ལས་མ་ཉམས་པར་བྱ་བའོ། །གསང་བའི་རྒྱུད་འདི་ཐམས་ཅད་དུ་གསང་བ་བསྐུལ་བའི་ཕྱག་རྒྱ་གང་ཡིན་པ་དེ་དག་ཐམས་ཅད་ལ་གསང་བ་བསྐུལ་

བའི་ཕྱག་རྒྱ་གང་ཡིན་པ་དང་། ཕྱག་རྒྱ་དང་ལྡན་པ་རྣམས་ལ་སྐྱེས་པ་དང་བུད་མེད་ཀྱི་ཐ་སྙད་དུ་བྱ་བས་སྟོན་པར་མཛད་པ་ནི་གང་གི་ཕྱིར་འདི་དག་ཀུན་རྫོབ་ཡིན་ལ་ཀུན་རྫོབ་ཀྱང་འཁོར་བ་དང་མཐུན་པའི་ཐ་སྙད་དུ་སྨོས་དགོས་ཏེ་དེ་ཁོ་ན་ཉིད་ཐ་སྙད་ཀྱིས་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་མ་ཡིན་པ་

བསྒོམ་པའི་དུས་སུ་འདིར་སྐྱེས་པ་དང་བུད་མེད་ཀྱི་ཆོས་སུ་བྱ་བའི་ཐ་སྙད་ནི་མི་སྲིད་དེ། གང་གི་ཕྱིར་འདིར་ཏིང་ངེ་འཛིན་ལས་དངོས་གྲུབ་འབྱུང་བར་གསུངས་ལ། དེའི་ཚེ་དེ་ལྟ་བུའི་ཆོས་སུ་བྱེད་པ་ལས་ཏིང་ངེ་འཛིན་དུ་འགྱུར་བ་མི་སྲིད་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བས་ན་ཇི་སྐད་དུ་གསུངས་པའི་

བསྐུལ་བས་བསྐུལ་ལ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དེ་སྙིང་གར་བཅིངས་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ། །ཕྱག་རྒྱ་ཐམས་ཅད་ནི་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་ལྷག་མ་རྣམས་སོ། །དེ་དག་བསྒྲུབ་པ་ནི་བསམས་པའི་དོན་གྲུབ་པར་བྱ་བའི་ཕྱིར་རང་རང་གི་ལས་ལ་སྦྱར་

Vol. 56 · folio 130b

བའོ། །གང་གི་ཕྱིར་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བརྟན་པར་གྱུར་ན་ཕྱག་རྒྱ་ཐམས་ཅད་བརྟན་པར་འགྱུར་ཏེ། རང་རང་གི་ལས་ལ་ཐོགས་པ་མེད་པར་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར། ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཞེས་བྱ་བ་གསུངས་ཏེ་འདི་ཞེས་བྱ་བ་ནི་སྨྲས་མ་ཐག་པའོ། །ཆོ་གའི་ཚུལ་

གྱིས་ནི་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་སྦྱོར་བས་སོ། །ཆོ་གའི་ཚུལ་དེས་རང་གི་ལས་རྣམས་མ་གྲུབ་ཀྱང་ཞེས་བྱ་བ་གསང་བའི་བསྐུལ་བ་མེད་པའི་ཇི་སྐད་གསུངས་པའི་སྙིང་པོས་ཕྱག་རྒྱ་རྣམས་རང་རང་གི་ལས་ལ་ངེས་པར་སྦྱར་ན་ཡང་མ་གྲུབ་ན། ཇི་ལྟར་གསང་བའི་ཆུང་མ་ཞེས་སྨྲ་ན་འགྲུབ་

པར་འགྱུར་བ་དེ་བཞིན་དུ་དངོས་གྲུབ་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡིན་ན་ཕྱག་རྒྱ་ཁ་ཅིག་གསང་བའི་བསྐུལ་བ་མེད་དུ་ཟིན་ཡང་སྦྱོར་བ་འགྲུབ་པ་སྲིད་ན་དེས་ཅི་ཞིག་བྱ་ཞེ་ན། དེ་ཡང་བདེན་མོད་ཀྱི་འོན་ཀྱང་། ཤིན་ཏུ་དངོས་གྲུབ་འཐོབ་པར་འགྱུར། །ཞེས་བཅོམ་ལྡན་འདས་སེམས་

དཔའ་རྡོ་རྗེས་གསུངས་སོ། །ད་ནི། ཇི་ལྟར་དེ་ལྟར་ཁྲོས་པ་དང་། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་སྟོན་ཏེ། རྡོ་རྗེའི་རིགས་ཟློས་པའི་རྣལ་འབྱོར་པས་བསྒྲུབ་པ་ལ་ལེགས་པར་ཞུགས་ཤིང་མང་དུ་ཉམས་སུ་བླངས་སུ་ཟིན་ཀྱང་དངོས་གྲུབ་མ་

ཐོབ་ན་དྲག་པོའི་སྦྱོར་བ་འདི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཁྲོས་པར་མཛད་པ་དེ་ལྟར་ཁྲོས་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། བསད་ན་ནི་ཞེས་བྱ་བ་བསད་པའི་སེམས་ངེས་པར་བསྐྱེད་ལ་ཞེས་བྱ་བའི་དོན་ཏོ། །སྐྲག་སྟེ་

དངོས་གྲུབ་སྦྱིན་པར་འགྱུར། །ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཧཱུཾ་ཞེས་བྱ་བས་གསུངས་སོ་ཞེས་བྱ་བ་ལ། སྐྲག་པ་ནི་སེམས་ཅན་རྣམ་པར་ལྟུང་བར་འགྱུར་བས་འཇིགས་པར་ཟད་པ་སྟེ། སེམས་ཅན་ནི་ངན་སོང་དུ་ལྟུང་བར་མི་བྱའོ་ཞེས་དགོངས་ནས་དངོས་གྲུབ་སྩོལ་

བར་མཛད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་ཏིང་ངེ་འཛིན་ཞེས་བྱ་ལ་སོགས་པས་པདྨོའི་རིགས་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་སྟོན་ཏེ། ཏིང་འཛིན་ཕྱག་རྒྱ་བཅིངས་ནས་ནི། །ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་གསང་བའི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱར་གསུངས་པ་གང་ཡིན་པ་དེ་

Vol. 56 · folio 131a

བཅིང་བའོ། །རྡོ་རྗེ་ལྟ་བས་བལྟས་ནས་ཀྱང་། །ཞེས་བྱ་བ་ལ་རྡོ་རྗེ་ལྟ་བ་ནི། རྡོ་རྗེ་ལྟ་བ་ཆགས་པ་ཡིས། །དགའ་བས་མིག་ནི་རབ་ཏུ་བགྲད། །ཅེས་བྱ་བ་བཤད་ཟིན་པའོ། །དེས་བལྟས་པ་ནི་རྣམ་པར་བརྟག་པའོ། །གང་ལ་ཞེ་ན། བདག་གི་ཆུང་མ་སྟེ་རང་གི་ཕྱག་རྒྱའོ། །

གཞན་གྱི་ཆུང་མ་ནི་ཕྱག་རྒྱ་གཞན་པ་སྟེ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་བསྒྲུབ་པའི་ཚེ། ཕྱག་རྒྱ་བཞི་དང་དབུས་ན་གནས་པའོ། །དེས་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྡུག་པའི་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས་སོ། །ད་ནི་དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པས་ནོར་བུའི་

རིགས་ཀྱི་དངོས་གྲུབ་དམ་པའི་གསང་བའི་རྒྱུད་སྟོན་ཏེ། དབང་པོ་གཉིས་ནི་མཉམ་སྦྱར་ལ། །ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་བྱེད་པའི་དུས་སུ་རང་གི་དབང་པོ་དང་ལྷའི་དབང་པོ་རོ་གཅིག་ཏུ་བྱེད་པའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་དང་ལྷན་ཅིག་ཐ་མི་དད་པར་མོས་པར་བདག་ཉིད་ལྷར་གྱུར་པར་སེམས་དཔའ་

རྣལ་འབྱོར་པ་དེ་བདེ་བའི་མཆོག་ཅེས་སྨྲ་བར་བྱེད་ཅེ་ན་མིའི་ལུས་ལ་ལྷའི་ལུས་གྱ་ནོམ་པ་དེའི་བདག་ཉིད་དུ་གྱུར་པའི་མཆོག་ཏུ་བདེ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན། སངས་རྒྱས་ཀུན་ལ་རང་ཉིད་ཀྱི། །ལུས་ཀྱི་དབང་པོ་རྡོ་རྗེ་རིན་ཆེན་དུ་གྱུར་པའི་བདག་གི་ལུས་ཀྱི་དབང་པོ་དེ་དབང་བསྐུར་བའི་ཕྱིར་ཕུལ་ན་མྱུར་དུ་

འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ནོར་བུའི་དབང་པོས་གསུངས་སོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད་སྟོན་ཏེ། དམ་ཚིག་ནི་འདའ་བར་མི་བྱ་བའི་ཆོས་སོ། །དེའི་དངོས་གྲུབ་ཇི་ལྟ་བ་བཞིན་དུ་འབྱུང་བ་འདི་ནི་དམ་ཚིག་གི་དངོས་གྲུབ་བོ། །

དེ་ཉིད་ནི་གསང་བ་སྟེ། གསང་བའི་དཀྱིལ་འཁོར་དུ་གཏོགས་པའི་ཕྱིར་རོ། །རྒྱུད་ནི་དེ་སྟོན་པའི་གཞུང་ངོ་། །གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །དེ་ལས་ཀྱང་དང་པོར་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་དམ་ཚིག་གི་དངོས་གྲུབ་ཀྱི་གསང་བའི་རྒྱུད་

སྟོན་ཏེ། ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་ཞེས་བྱ་བ་ནི་གང་གི་ཚེ་ཞེ་ན། དམ་ཚིག་གི་ཕྱག་རྒྱ་བཅིང་པའི་དུས་ནའོ། །བུད་མེད་ཀུན་ལ་ཆགས་བྱས་ལ། །ཞེས་བྱ་བ་ལ་ནི་ཕྱག་རྒྱ་ཐམས་ཅད་མཉེས་པར་བྱའོ་ཞེས་བྱ་བའི་དོན་ཏེ། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྔགས་བརྗོད་ན་གདོད་ཕྱག་རྒྱ་ཐམས་ཅད་དགྱེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words