དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན

Sanskrit title (Tibetan script, as in the text) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 55 · folio 160b

འཁོར་གྱི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་གང་ཡིན་པ་དེ་ནི། ཡེ་ཤེས་ཀྱི་ཁུ་ཚུར་གྱི་ཕྱག་རྒྱར་གསུངས་སོ། །དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དམ་ཚིག་ལས་ཞེས་བྱ་བ་གསུངས་ཏེ། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། མདུན་དེ་བཞིན་ཞེས་གང་གསུངས་པའི་རྡོ་རྗེ་བསྡམས་པ་དེ་གཉིས་སུ་བྱས་ཏེ།

རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །ཞེས་བྱ་བ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་ཇི་སྐད་གསུངས་པའི་ཚུལ་དུ་ལས་ཀྱི་ཕྱག་རྒྱ་རྣམས་སྦྱར་བར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་

བཤད་པ་ཀོ་ས་ལའི་རྒྱན་ལས་རྡོ་རྗེ་ཡེ་ཤེས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།དང་པོ་ནི་ཕྱག་རྒྱ་ཆེན་པོའོ། །གཉིས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །གསུམ་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་གསུམ་གྱི་དཀྱིལ་འཁོར་བསྟན་ཟིན་ཏོ། །ཆོས་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་ཕྱག་

རྒྱ་གཙོ་བོར་མ་བསྟན་མོད་ཀྱི། འོན་ཀྱང་ཆོས་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་ཕྱག་རྒྱ་རྣམས་ཀྱི་དོན་བསྟན་པ་ཡིན་ནོ། །ད་ནི་ལས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །ཡང་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་

འཁོར་ལ་ལྟོས་པའོ། །བདུད་བཞི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་གི་གོང་ན་གཞན་མེད་པས་ན་བླ་ན་མེད་པའོ། །བླ་ན་མེད་པ་ཡང་ཡིན་ལ་མཆོད་པའི་ཆོ་ག་རྒྱས་པ་ཡང་ཡིན་པས་བླ་

ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པའོ། །དེ་ལ་ཆོ་ག་ནི་རྣམ་པའོ། །རྒྱས་པ་ནི་བྱེ་བྲག་རྣམས་སོ། །ཁྱབ་པ་ནི་སྤེལ་པའོ། །དེ་ཉིད་ནི་ལས་ཏེ། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའོ། །དེ་ཉིད་ནི་མི་ཕྱེད་པས་རྡོ་རྗེ་ཞེས་བྱ་སྟེ། དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་

ངེ་འཛིན་གང་དོན་དང་ལྡན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ་མངོན་སུམ་དུ་མཛད་པའོ། །ཉིད་ཀྱི་རིག་པའི་དམ་པ་ཡིན་པས་ན་རང་གི་རིག་པའི་མཆོག་སྟེ། མ་རིག་པ་འཇིག་པའི་རྒྱུར་གྱུར་པས་ན་རིག་པའོ། །གཞན་རྣམས་ལས་ཕུལ་

Vol. 55 · folio 161a

དུ་བྱུང་བས་ན་མཆོག་གོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །སྨྲས་པ་ཞེས་བྱ་བ་ནི་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །དོན་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་ཅིང་སངས་རྒྱས་པས་ན་དེ་བཞིན་གཤེགས་པའོ། །ཐུགས་

འཁྲུལ་པ་མེད་པ་མངའ་བས་ན་མི་གཡོ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའོ། །དེའི་དཀྱིལ་འཁོར་དུ་གཏོགས་པའི་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་ནས་

ཞེས་བྱ་བ་ཡང་བཤད་ཟིན་ཏོ། །ཡོན་ཏན་གྱི་རང་བཞིན་ཅན་གྱི་རིན་པོ་ཆེ་རྣམ་པ་སྣ་ཚོགས་འདི་ལས་འབྱུང་བས་ན་རིན་པོ་ཆེ་འབྱུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་རིན་ཆེན་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་ཆེན་ནོ། །དེར་གཏོགས་པའི་མཆོད་པ་བླ་ན་མེད་པའི་

ཆོ་ག་རྒྱས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ངེས་པའི་ཚིག་གི་ཚུལ་གྱིས་ན་དེ་ཁོ་ན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་གསུངས་པར་མཛད་པས་ན་དེ་བཞིན་གཤེགས་པའོ། །ཚེ་ཚད་མེད་ཅེས་བྱ་བ་ལ། ཚད་ནི་ཡོངས་སུ་ཆད་པའོ། །ཚད་ཡོད་པ་མ་ཡིན་པས་ན་ཚད་མེད་པའོ། །ཚེ་ཚད་མེད་པ་མངའ་བས་ན་

ཚེ་ཚད་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཆོས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཆོས་སོ། །དེར་གཏོགས་པའི་དཀྱིལ་འཁོར་གྱི་མཆོད་པ་བླ་ན་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །དོན་ཡོད་པའི་དངོས་གྲུབ་མངའ་བས་ན་གདོན་མི་ཟ་བར་གྲུབ་པ་སྟེ།

གདོན་མི་ཟ་བ་ནི་ངེས་པ་ཡིན་ལ། གྲུབ་པ་ནི་མངོན་པར་འདོད་པའི་དོན་གྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ལས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་སོ། །དེར་གཏོགས་པའི་དཀྱིལ་འཁོར་གྱི་མཆོད་པ་བླ་ན་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །དཀྱིལ་

འཁོར་བྱིན་གྱིས་བརླབ་པའི་ཕྱིར་དང་། དེ་བཞིན་གཤེགས་པ་དགོད་པར་བྱ་བའི་སྔགས་ལྔ་བསྟན་ཟིན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་པའི་ལྷ་རྣམས་བསྐྱེད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡང་ཏིང་ངེ་འཛིན་དེ་ལ་སྙོམས་པར་འཇུག་པར་མཛད་

Vol. 55 · folio 161b

པ་སྟོན་ཏེ། ཡང་ཞེས་བྱ་བ་ནི་སྔགས་སྔ་མ་ལ་ལྟོས་པའོ། །ཁྱད་པར་དུ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དེ། འབར་བའི་རྣམ་པར་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ། མཆོད་པ་ནི་རྗེད་པ་སྟེ། གོས་

དང་མེ་ཏོག་ལ་སོགས་པའོ། །ཆོ་ག་ནི་རྣམ་པའོ། །རྒྱས་པ་ནི་ཕལ་མོ་ཆེའོ། །དེ་ཚད་ཇི་ཙམ་དུ་ཆེ་བ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པ་ཞེས་སྨོས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པའོ། །ཁྱབ་པ་ཉིད་ནི་ལས་ཏེ། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་

སོགས་པའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་ཏེ་ཏིང་ངེ་འཛིན་གང་གི་མིང་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ། མངོན་སུམ་དུ་མཛད་ནས་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྗེས་ཐོགས་ལའོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་སྐད་

ཅིག་མ་དེ་ཉིད་ཀྱི་ཚེ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་བཞི་པོ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་མཆོད་པའི་སྤྲིན་རྒྱ་མཚོའི་ལྷ་མོ་རྣམས་སུ་གྱུར་ནས། སངས་རྒྱས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཐམས་ཅད་བསྟན་ནས་བཞུགས་སོ་ཞེས་བྱ་བར་སྦྱར་

རོ། མཆོད་པའི་སྤྲིན་རྒྱ་མཚོའི་ལྷ་མོ་དེ་རྣམས་ཀྱང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་ཐམས་ཅད་ནི་སྟོང་པ་ཉིད་ཆེན་པོ་སྟེ། དེ་ཡང་ཐམས་ཅད་དུ་འགྲོ་བའོ། །དེའི་ཁྱབ་པ་ནི་ཁྱབ་པར་གྱུར་པའོ། །ད་ནི་ཁྱབ་པ་དེ་ཉིད་གསལ་བར་སྟོན་

ཏེ། འདི་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་ཀུན་ནས་འཇུག་པ་ཡིན་པས་ན་ནམ་མཁའི་དབྱིངས་ཀུན་དུ་རྒྱས་པ་སྟེ། རྒྱས་པ་ནི་ཁྱབ་པའོ། །རྣམ་པ་སྣ་ཚོགས་པའི་མཆོད་པ་ཐམས་ཅད་ཀྱི་རྒྱན་གྱི་ཆོ་ག་རྒྱས་པ་ཡང་ཡིན་ཏེ། རྣམ་པ་སྣ་ཚོགས་པ་ནི་རྣམ་པ་དུ་མའོ། །མཆོད་པ་ནི་རྗེད་པའོ། །ཐམས་

ཅད་ནི་མ་ལུས་པའོ། །རྒྱན་ནི་ཕལ་མོ་ཆེའོ། །ཆོ་ག་རྒྱས་པ་ནི་བཀོད་པའི་རྣམ་པ་ཕལ་མོ་ཆེའོ། །རབ་འབྱམས་ནི་རྒྱུན་ནོ། །དེ་དག་གི་སྤྲིན་ནི་ཚོགས་སོ། །དེ་དག་གི་རྒྱ་མཚོ་ནི་རྩིས་ཀྱི་གྲངས་ལས་འདས་པའི་གྲངས་ལ་རྒྱ་མཚོ་ཞེས་བྱ་བའི་སྒྲར་བཤད་དོ། །དེ་ལྟ་བུའི་རྒྱ་མཚོ་རྣམས་སུ་གྱུར་ཏེ་བྱུང་

Vol. 55 · folio 162a

ནས་གང་དུ་གནས་ཤེ་ན། དེའི་ཕྱིར་འཇིག་རྟེན་གྱི་ཁམས་རབ་འབྱམས་ཀྱི་སྤྲིན་རྒྱ་མཚོ་རྣམས་སུ་ཞེས་གསུངས་ཏེ། འཇིག་རྟེན་གྱི་ཁམས་ནི་གླིང་བཞི་པ་ལ་སོགས་པ་སྔར་བཤད་པའོ། །འཇིག་རྟེན་གྱི་ཁམས་དེ་རྣམས་ཀྱི་རབ་འབྱམས་དང་། དེ་རྣམས་ཀྱི་སྤྲིན་དང་། དེ་རྣམས་

ཀྱི་རྒྱ་མཚོ་དེ་རྣམས་སུ་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་རྣམས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་གང་ཡིན་པ་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པའི་ཁྱད་པར་རྣམས་སྟོན་ཅིང་བཞུགས་སོ། །མཛད་པའི་ཁྱད་པར་དེ་དག་ཀྱང་གང་ཡིན་ཞེ་ན། དེ་བསྟན་

པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་ན་མེད་པ་ཞེས་སྨོས་པས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་དགར་བའོ། །བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་སྨོས་པས་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་

པ་གཟུང་ངོ་། །དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མཆོད་པའི་སྤྲིན་གྱི་རྒྱ་མཚོའི་ལྷ་མོར་གྱུར་ནས་བཞུགས་སོ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །འོག་ནས་བཤད་པའི་ཚིག་རྣམས་ལ་ཡང་བྱེད་པའི་ཚིག་འདི་ཉིད་ལྟར་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་མ་བྱས་པ་ལ་ནི་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་བྱ་བ་ཉེ་བར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་བྱ་བ་ལ་ནི་ཀུན་དུ་བཟང་པོའི་སྤྱོད་པ་སྒྲུབ་པ་ཉེ་བར་སྟོན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་རྣམས་ལ་ནི་བྱང་ཆུབ་ཆེན་པོའི་སྙིང་པོར་ཉེ་བར་འགྲོ་བ་སྟོན་ཏོ། །བདུད་རྣམས་ཚར་

མ་བཅད་པ་ལ་ནི་བདུད་ཐམས་ཅད་འདུལ་བ་སྟོན་ཏོ། །མངོན་པར་རྫོགས་པར་བྱང་ཆུབ་པ་རྣམས་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་སྟོན་ཏོ། །དེ་ཡང་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་ནི་བྱང་ཆུབ་པར་མངོན་པར་རྫོགས་པར་སངས་རྒྱས་

པའི་དོན་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པར་གྱུར་པས་ན་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་པ་ནི་དཀྱིལ་འཁོར་མ་བསྐྱེད་པ་རྣམས་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་པ་

Vol. 55 · folio 162b

སྟོན་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་མ་རྒྱལ་བ་རྣམས་ལ་ནི་ཁམས་གསུམ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱ་བ་སྟོན་ཏོ། །དམ་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་རྣམས་ལ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟོན་པ་སྟེ། འདིས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་སྟོན་པ་ཡིན་ནོ། །འཇིག་རྟེན་པའི་

ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ཀྱི་དོན་བྱ་བ་ནི་དོན་སྒྲུབ་པ་སྟེ། འདིས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་སྟོན་ཏོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་མཐོང་བའི་ཆོས་ཀྱི་ཉེས་དམིགས་སེལ་བ་དང་། མངོན་པར་མཐོ་བའི་བདེ་བ་ལ་ཉེ་བར་སྦྱོར་བར་བྱེད་

པ་ལ་སོགས་པ་སྟོན་ཏོ། །དེ་ལྟ་བུས་ནི་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཡིན་པས་ན་སངས་རྒྱས་ཀྱི་རྫུ་འཕྲུལ་ལོ། །ཆོ་འཕྲུལ་ནི་མཐུ་སྟོན་པ་དེ་འོད་ཟེར་འགྱེད་པ་ལ་སོགས་པའོ། །སངས་རྒྱས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་དེ། དེ་

དག་ཐམས་ཅད་བསྟན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་སྟེ། ལས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་ལྷ་མོ་རྣམས་སུ་གྱུར་ཅིང་བཞུགས་སོ། །མཆོད་པའི་སྤྲིན་རྒྱ་མཚོའི་ལྷ་མོ་དེ་དག་ཀྱང་ཞེས་བྱ་བ་ནི་མཆོད་པའི་སྤྲིན་གྱི་རྒྱ་མཚོའི་ལྷ་མོ་ཡིན་པས་མཆོད་པའི་

སྤྲིན་རྒྱ་མཚོའི་ལྷ་མོའོ། །རང་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་འཛིན་ཅིང་ཞེས་བྱ་བ་ལ། རང་གི་ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པ་སྟེ། ལག་པ་གཉིས་ཀྱིས་འཛིན་པ་གང་ཡིན་པ་དེ་ནི་རང་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

རྣམས་སོ། །ཆོ་ག་བཞིན་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་དང་རོལ་མོ་དང་མེ་ཏོག་ལ་སོགས་པ་ཉེ་བར་བསྡུ་བ་ནི་ཆོ་ག་སྟེ། མཆོད་པའི་བྱ་བ་གང་ལ་ཡོད་པ་དེ་ནི་ཆོ་ག་བཞིན་དུ་མཆོད་པ་ཞེས་བྱའོ། །དེ་ཡང་ལེགས་པར་མཆོད་པས་ན་ཡང་དག་པར་མཆོད་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །

ཅི་ཞིག་ངོ་མཚར་ཞེ་ན། གང་གི་ཕྱིར་སངས་རྒྱས་མཆོད་པའི་བདག་ཅེས་བྱ་བའོ། །ཇི་ལྟ་བུའི་སངས་རྒྱས་ཀྱི་མཆོད་པ་ཡིན་ཞེ་ན། དེའི་ཕྱིར། མཆོད་པ་ཀུན་ནི་བྱེད་པ་ཡིན། །ཞེས་བྱ་བ་གསུངས་སོ། །སངས་རྒྱས་ཀྱི་མཆོད་པ་དེ་ཡང་གང་ཞིག་ཡིན་ཞེ་ན། ཇི་སྐད་གསུངས་པའི་བྱང་ཆུབ་ཀྱི་

Vol. 55 · folio 163a

སེམས་ལ་སོགས་པའི་མཆོད་པ་དང་། ཕྱི་ཡོ་བྱད་ཀྱི་མཆོད་པ་རྣམས་སོ། །གལ་ཏེ་ཁྱོད་དེ་ལྟ་བུའི་སངས་རྒྱས་ཀྱི་མཆོད་པ་ཡོད་པ་ཡིན་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར། གང་ཕྱིར་སངས་རྒྱས་བྱིན་ཅན་དུ། །སངས་རྒྱས་ཀུན་གྱིས་གྲུབ་པར་མཛད། །ཅེས་གསུངས་སོ། །

འདི་སྐད་སྟོན་ཏེ། ངས་མཆོད་ན་སངས་རྒྱས་པའི་མཚན་ཉིད་ཆེ་བ་ཉིད་ཀྱང་སངས་རྒྱས་ཐམས་ཅད་ཀྱིས་གསོལ་བར་མཛད་དེ། འདི་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་མཆོད་པའི་ལྷ་མོ་རྣམས་བསྐྱེད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་སྟོན་པར་མཛད་པ་ཡིན་ཏེ། དེ་

ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལ་ལྟོས་པའོ། །ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ལ་སོགས་པའི་ལས་ཞེས་བྱ་བ་ལ། མཆོད་པ་ནི་རྗེད་པ་སྟེ། །མེ་ཏོག་ལ་སོགས་པའོ། །སོགས་ཞེས་སྨོས་པས་ནི་

བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་གཟུང་ངོ་། །ལས་ཞེས་བྱ་བ་ནི་ནན་ཏན་དུ་སྒྲུབ་པའོ། །རྡོ་རྗེ་རྣམས་ཀྱི་བྱ་བ་ཡིན་པས་ན་རྡོ་རྗེའི་བྱ་བ་སྟེ། མིང་རྡོ་རྗེའི་བྱ་བའི་དཀྱིལ་འཁོར་དེ་བཤད་པའོ། །ལས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་ལས་ཀྱི་

དཀྱིལ་འཁོར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རབ་ཏུ་དགའ་བ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགའ་བ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །དེའི་ཡིད་དུ་འོང་བ་གང་ཡིན་པ་དེ་ནི་རབ་ཏུ་དགའ་ཞིང་བདེ་བའོ། །དེ་སྒྲ་གང་གིས་སྟོན་པར་བྱེད་པ་དེ་ལ་ཡང་

དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་མཆོད་པ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་སྟེ། མཆོད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མཆོད་པ་ཆེན་པོའོ། །ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའི་དབང་སྩོལ་ཞིང་། བྱང་ཆུབ་

ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་ཉིད་ཀྱིས་དོན་ཆེན་པོ་མཛད་པས་ན་དབང་མོ་ཆེན་མོའོ། །གདུལ་བྱའི་སྐྱེ་བོ་རྣམས་ཀྱི་མི་ཤེས་པའི་མུན་ནག་བསལ་བར་བྱ་བའི་ཕྱིར། སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་གྱིས་སྣང་བ་མཛད་པས་ན་རྡོ་རྗེ་ཉི་མ་ནི་སྣང་བ་ཆེན་མོའོ། །སློང་མོ་བའི་སྐྱེ་བོ་ཐམས་ཅད་ཀྱི་བསམ་པ་

Vol. 55 · folio 163b

ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར། རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་ནི་རིན་པོ་ཆེ་ཆེན་པོའི་ཆར་འབེབས་མའོ། །གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སེལ་བར་བྱེད་པའི་དོན་གྱིས་ན་རྡོ་རྗེ་བཞད་པ་ནི་རབ་ཏུ་དགའ་ཞིང་མགུ་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་

ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་མཆོད་པ་དབང་བསྐུར་བའི་མཚན་ཉིད་ནི་དབང་བསྐུར་བའི་མཆོད་པའོ། །ཡེ་ཤེས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཡེ་ཤེས་ཆེན་མོའོ། །དེའི་དོན་གྱི་གླུ་ཡིན་པས་ན་ཡེ་ཤེས་ཆེན་མོའི་གླུའོ། །དབྱངས་ཀྱང་ཡིན་ལ་ཆེན་མོ་ཡང་ཡིན་པས་ན་དབྱངས་ཆེན་མོ་སྟེ། སངས་

རྒྱས་ཀྱི་ཞིང་ཐམས་ཅད་དུ་ཕྱོགས་བཅུར་ཁྱབ་པ་དེའི་རྗེས་སུ་འཇུག་པའི་ཤེས་རབ་གང་ཡིན་པ་དེ་ནི་དབྱངས་ཆེན་མོའི་རྗེས་སུ་འབྲང་མའོ། །ཇི་ལྟར་རྗེས་སུ་འབྲང་ཞེ་ན། ཉེ་བར་བརྟགས་པའི་སྒོ་ནས་ཏེ། འདིའི་ངོ་བོ་ཉིད་གང་ཡིན་ཞེས་རྣམ་པར་བརྟགས་ན་སྒྲའི་ངོ་བོ་ཉིད་དམིགས་སུ་མེད་དེ། ངག་དང་ཚིག་དང་

ཡི་གེའི་ཆ་ཤས་ཀྱི་རྡུལ་ཕྲ་རབ་ཀྱི་བར་དུ་སྒྲ་ལ་ཉེ་བར་བརྟགས་ན་དེའི་རང་བཞིན་དམིགས་སུ་མེད་དོ། །སྨྲ་བའི་ཕྱོགས་དང་ཉན་པའི་ཕྱོགས་ལ་ཡང་དེའི་གནས་དམིགས་སུ་མེད་དོ། །ཚིག་དང་དོན་ལ་རེ་རེ་ནས་རྣམ་པར་བརྟགས་ན་སྤྱི་ཡང་དོན་དམ་པར་དམིགས་སུ་མེད་དོ། །དེ་དེ་ལྟར་ཉེ་བར་བརྟགས་ན་

འདི་ལྟར་འགྱུར་ཏེ། འདི་ནི་རྣམ་པར་རྟོག་པ་ཙམ་ལས་བྱུང་བ་ཡིན་པས་ན་ཇི་སྲིད་དུ་རྣམ་པར་རྟོག་པར་འགྲོ་བ་དེ་སྲིད་དུ་དབྱངས་ཀྱིས་ཁྱབ་པར་འགྱུར་རོ། །དེ་བས་ན་དེ་ལྟར་ཤེས་ནས་འཇིག་རྟེན་གྱི་ཁམས་གཅིག་ཉིད་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་

རྣམས་སུ་ཁྱབ་པར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ནས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་འཇིག་རྟེན་གྱི་ཁམས་གཅིག་ན་གནས་པ་ཉིད་ན་ཅིག་ཅར་ཐོས་པར་འགྱུར་ཏེ། དེ་ལྟ་བུ་ནི་དབྱངས་ཀྱི་རྗེས་སུ་འབྲང་བའི་ཤེས་རབ་ཡིན་ནོ། །དེ་སྟོན་པར་བྱེད་པའི་རིག་པ་གང་ཡིན་པ་དེ་ལ་ཡང་

དབྱངས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །རིག་པ་གང་ཞིག་ཕྱག་རྒྱ་བཅིངས་ནས་བརྗོད་ལ། བརྗོད་ནས་ཀྱང་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་བ་གང་ཡིན་པ་དེ་ནི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་མའོ། །སྔགས་རྣམས་ཀྱི་སྤྱོད་པ་ཡིན་པས་ན་སྔགས་ཀྱི་སྤྱོད་པ་སྟེ། དེ་སྟོན་པར་བྱེད་པའི་རིག་

Vol. 55 · folio 164a

པ་གང་ཡིན་པ་དེ་ལ་ཡང་སྔགས་ཀྱི་སྤྱོད་མ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་ཆོས་ཀྱི་དཀྱིལ་འཁོར་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཆོད་པའོ། །སེམས་དཔའ་འབེབས་པ་དང་ལྡན་པས་ན་སེམས་ཅན་ནོ། །བྱང་ཆུབ་ཀྱི་ཡན་

ལག་གི་མེ་ཏོག་གི་རང་བཞིན་ཡིན་པས་ན་བྱང་ཆུབ་ཆེན་པོའི་ཡན་ལག་ཅན་ནོ། །སྣང་བའི་ངོ་བོ་ཉིད་ཀྱིས་མིག་ལ་ཕན་འདོགས་པའི་སྤྱན་འདི་ལ་མངའ་བས་ན་མིག་ལྡན་མའོ། །བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པས་ན་དྲི་ལྡན་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ཀྱི་

དཀྱིལ་འཁོར་གྱི་མཆོད་པ་ཡིན་པས་ན་ལས་ཀྱི་མཆོད་པའོ། །དེ་ནས་འདིར་ཞེས་བྱ་བ་ནི་རིག་མ་སྟོན་པར་བྱེད་པའི་སྐབས་སྟོན་ཏོ། །མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་མ་ལུས་པ་རྣམས་ཀྱི་དེ་བཞིན་གཤེགས་པ་ལུས་པ་མེད་པ་ཐམས་ཅད་ལ་མཆོད་པ་བྱེད་པ་སྟེ། ལུས་པ་

མེད་པ་ཞེས་བྱ་བ་ནི་ལྷག་མ་མེད་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་བྱ་བ་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་བྱ་བ་ཡིན་པས་ན་རྡོ་རྗེའི་བྱ་བ་སྟེ། རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་བྱ་བ་ནི་མཆོད་པའི་ལས་ཏེ། དེ་རྣམས་ཀྱིས་མཛད་པ་ཡིན་པའི་ཕྱིར་དང་། དེ་ལ་དམིགས་ནས་བྱ་བ་

ཡིན་པའི་ཕྱིར་ཏེ། བྱ་བ་དེའི་ལས་ཀྱི་དཀྱིལ་འཁོར་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །ལས་ཀྱི་དཀྱིལ་འཁོར་མཐོང་བ་མེད་པར་ནི་མཆོད་པའི་ལས་རྣམ་པར་དག་པར་མི་འགྱུར་རོ། །དེ་བས་ན་རབ་ཏུ་བཤད་བྱ་བ་ཞེས་བྱ་བ་སྟེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་

བཤད་བྱའོ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་ནི་མཆོད་པའི་ལས་ཀྱི་རྒྱུའི་དཀྱིལ་འཁོར་ཡིན་པས་ན་ལས་ཀྱི་དཀྱིལ་འཁོར་རོ། །དམ་པ་སྟེ་ཞེས་བྱ་བ་ནི་ཡོངས་སུ་དག་པ་ཡིན་པས་ན་མཆོག་ཏུ་གྱུར་པའོ། །ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་སྟེ་རྡོ་རྗེ་དབྱིངས་ནི་

བཤད་ཟིན་ཏོ། །དེ་དང་འདྲ་བ་ནི་དེ་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། རྡོ་རྗེའི་བྱ་བ་ཞེས་ཀྱང་གྲགས། །ཞེས་བྱ་བ་སྟེ་རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་གཞག་པར་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །སངས་རྒྱས་སྐུ་རྣམས་གཞག་

Vol. 55 · folio 164b

པར་བྱ། །ཞེས་བྱ་བ་སྟེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ལྔའི་གཟུགས་བྲིས་པ་དེ་བཞིན་དུ་འདིར་ཡང་སངས་རྒྱས་ལྔ་བྲི་བར་བྱའོ། །ལྷ་ལྷག་མ་རྣམས་ཇི་ལྟར་བྲི་བར་བྱ་ཞེ་ན། རྡོ་རྗེ་སེམས་ལ་སོགས་ཚུལ་དུ། །ལྷ་མོ་ཕྱག་རྒྱ་བཅས་པར་བྲི། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་

སེམས་དཔའ་ལ་སོགས་པའི་ཚུལ་དུ་སྐུ་མདོག་དང་། གདན་དང་ན་བཟའ་དང་། རྒྱན་ལ་སོགས་པར་བྲི་བའོ། །ཕྱག་རྒྱ་རྣམས་དང་བཅས་པའི་ལྷ་མོ་ཡིན་པས་ན་ལྷ་མོ་ཕྱག་རྒྱ་བཅས་པ་སྟེ། ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་གང་དང་གང་

ཡིན་པ་དེ་དང་དེ་དག་ཏུ་མཆོད་པའི་ལྷ་མོ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣམ་པ་དང་། དེའི་ཕྱག་རྒྱ་འཛིན་པར་བྲི་བར་བྱའོ། །འདི་ནི་མཆོད་པའི་དཀྱིལ་འཁོར་ཡིན་པས་ན་དེའི་ཕྱིར་སེམས་དཔའ་ཆེན་པོ་དེ་རྣམས་མཆོད་པའི་ལྷ་མོའི་ཚུལ་དུ་བཞུགས་ཏེ། དཀྱིལ་འཁོར་དང་པོར་རྡོ་རྗེ་སེམས་དཔའ་

ལ་སོགས་པ་ནི་སྒེག་མོ་ལ་སོགས་པའི་གཟུགས་སུའོ། །ཐ་མར་རྡོ་རྗེ་ལ་སོགས་པ་ནི་བདུག་པ་མ་ལ་སོགས་པའི་གཟུགས་སུའོ། །རིན་པོ་ཆེའི་རིགས་སུ་རྡོ་རྗེ་རིན་ཆེན་ལ་སོགས་པ་ནི་ཚོགས་ཀྱི་མཆོད་པ་རྣམས་པ་བཞིའི་གཟུགས་སུའོ། །ཆོས་ཀྱི་རིགས་སུ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་ནི་

ཆོས་ཀྱི་མཆོད་པ་བཞིའི་གཟུགས་སུའོ། །གང་འདིར་མཆོད་པའི་ལྷ་མོ་རྣམས་འབྱུང་བ་དེར་ཡང་བྲི་བར་བྱའོ། །དེ་བཞིན་དུ་སྒོ་སྲུང་རྣམས་ཀྱང་བུད་མེད་ཀྱི་གཟུགས་ཉིད་དུ་བྲི་བར་བྱའོ། །གཞག་པའི་སྔགས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ། །དེ་ལྟ་བྲི་བའི་ཆོ་ག་ཟིན་

ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཆོ་ག་སྟོན་ཏེ། དེ་ནས་བྱ་བ་ནི་རྗེས་ཐོགས་ལའོ། །དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་དང་། བཤོས་ལ་སོགས་པའི་མཆོད་པའི་ཆོ་ག་རྒྱས་པ་ནི་ལས་ཀྱི་དཀྱིལ་འཁོར་རྡོ་རྗེའི་བྱ་བ་འདིར་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་དེ། འཇུག་པ་

ལ་སོགས་པའི་ཆོ་ག་རྒྱས་པ་ཡིན་པས་ན་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ། །སོགས་པ་སྨོས་པས་ནི་མནའི་སྙིང་པོ་སྦྱིན་པ་དང་། དབབ་པ་དང་། དབང་བསྐུར་བ་ལ་སོགས་པ་བསྡུའོ། །འཇུག་པ་ལ་སོགས་པའི་ཆོ་ག་དེ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འཇུག་པ་ལ་

Vol. 55 · folio 165a

སོགས་པའི་ཆོ་ག་དང་ཐ་དད་པ་མ་ཡིན་པས་ན། དེ་སྙེགས་པའི་ཕྱིར་དེ་ལ་དང་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་འཇུག་པར་བྱ་སྟེ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བཅུག་ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་བཅུག་ནས་ཀྱང་འདི་སྐད་དུ་ཞེས་བྱ་བ་གསུངས་སོ། །ཅི་ཞིག་

བསྒོམ་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་བའི་དམ་ཚིག་ཡིན་གྱིས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་མཆོད་པ་གང་ཡིན་པ་དེ་ནི་དམ་ཚིག་གི་དཀྱིལ་འཁོར་འདི་ཡིན་ནོ། །གལ་ཏེ་འདི་མཆོད་པའི་དམ་ཚིག་ཡིན་ན་ཇི་ཞིག་བྱ་ཞེ་ན། དེའི་

ཕྱིར་དམ་ཚིག་བསྲུངས་ན་མཆོད་པ་བཅུ་དྲུག་པོ་འདི་རྣམས་ཁྱོད་(གྱིས་‚ཀྱིས་)ཉིན་རེ་ཞིང་རྒྱུན་མི་འཆད་པར་བྱའོ། །ཅི་ནུས་སུ་ཞེས་བྱ་བ་ནི་འབྱོར་པ་ཡོད་ན་ཕྱིའི་མེ་ཏོག་ལ་སོགས་པས་མཆོད་པའམ། བསྒོམ་པ་གོམས་པར་གྱུར་ན་ཡིད་ཀྱི་མཆོད་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་ནམ་མཁའི་ངོས་དང་ཕྱོགས་དང་

ཡུལ་དང་། གྲོང་དང་། གཙུག་ལག་ཁང་དང་གནས་ཁང་ལ་སོགས་པར་ཅི་ནུས་སུ་གང་བར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་དམ་ཚིག་བྱིན་ནས་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་ཕྱག་རྒྱ་ཇི་ལྟར་བྲིས་པ་རྣམས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ལ་ཐུག་གི་བར་དུ་

རིམ་གྱིས་བསྟན་པར་བྱ་བ་དང་། ཇི་སྐད་གསུངས་པའི་ཚུལ་གྱིས་དབང་བསྐུར་བར་བྱའོ། །དེ་ནས་ཐམས་ཅད་ཀྱི་མཚན་མ་ལག་པ་གཉིས་སུ་སྦྱིན་ནོ་ཞེས་བྱ་བ་སྟེ། ཐམས་ཅད་ཅེས་སྨོས་པས་ནི་ལས་ཀྱི་དཀྱིལ་འཁོར་བྱ་སྟེ། དེའི་མཚན་མ་ནི་ལས་ཀྱི་རྡོ་རྗེ་ཁ་བཞི་པ་ཡིན་པས་དེ་ཉིད་ཀྱིས་དབང་བསྐུར་

བར་བྱའོ་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བའི་ཕན་ཡོན་བསྟན་པ་ནི་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །འདི་སྐད་སྟོན་ཏེ། མཆོད་པ་རྣམ་པ་བཅུ་དྲུག་ཉིན་རེ་ཞིང་བྱེད་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་

དང་། གཞན་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་བའོ། །མཆོད་པ་བཅུ་དྲུག་པོ་འདི་རྣམས་ཁྱོད་ཀྱིས་ཉིན་རེ་ཞིང་ཅི་ནུས་སུ་གྱིས་ཤིག་ཅེས་ནི་གསུངས་ན། གང་གིས་ཇི་ལྟར་བྱ་བ་མི་ཤེས་པ་དེའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏོ། །དེ་ནས་བྱང་ཆུབ་ཆེན་པོའི་སེམས་བསྒྲུབ་པའི་

Vol. 55 · folio 165b

མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ལ། བྱང་ཆུབ་ཆེན་པོ་ཞེས་བྱ་བའི་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྟོས་པ་ཡིན་ནོ། །དེའི་སེམས་ཡིན་པས་ན་བྱང་ཆུབ་ཆེན་པོའི་སེམས་ཏེ། དེ་བསྒྲུབ་པ་ནི་མཆོད་པའོ། །དེའི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་བསླབ་པར་བྱ་

བའོ། །དེ་ཇི་ལྟར་བསླབ་པར་བྱ་ཞེ་ན། དེའི་ཕྱིར། བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །བདག་ནི་སངས་རྒྱས་ཡིན་བསམ་ཞིང་། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ལ་སེམས་དཔས་ན་བྱང་ཆུབ་སེམས་སོ། །དེ་བརྟན་བསྐྱེད་པ་ནི་མཆོག་ཏུ་དད་པས་ཤིན་ཏུ་འདོད་པ་དང་བསྐྱེད་པ་གང་ཡིན་

པའོ། །དེ་ལྟར་བརྟན་པར་བསྐྱེད་པ་དེ་ལས་སངས་རྒྱས་ཉིད་ལག་མཐིལ་ན་གནས་པ་ཙམ་དུ་སེམས་ཤིང་། བདག་ནི་སངས་རྒྱས་ཉིད་ཡིན་ནོ། །ཞེས་བསྒོམས་ཏེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་དེ་ཉིད་ལས་སངས་རྒྱས་སུ་འགྱུར་ཏེ། དེའི་ཕྱིར་རྣལ་འབྱོར་པས་བདག་ནི་སངས་རྒྱས་

ཡིན་ནོ་ཞེས་བསམ་པར་བྱའོ། །ཅི་ཞིག་བྱས་པས་ཤེ་ན། དགའ་བས་བདག་ནི་མཆོད་བྱེད་ན། །ཞེས་བྱ་བ་སྟེ། དགའ་བ་ནི་ཡིད་དགའ་བའོ། །གང་ལ་ཞེ་ན། བྱང་ཆུབ་ཀྱི་སེམས་དེ་ཉིད་ལའོ། །དགའ་བ་དེས་མཆོད་པ་ནི་ཚིམ་པར་བྱ་བ་སྟེ་བསྟན་པར་བྱའོ། །མཆོད་པ་དེས་བདག་ཉིད་ཇི་

ལྟར་འགྱུར་ཞེ་ན། སངས་རྒྱས་ཀྱི་ནི་བདེ་བའང་འཐོབ། །ཅེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། བདག་ཉིད་སངས་རྒྱས་སུ་བསྒོམས་ན། རིམ་གྱིས་སངས་རྒྱས་ཀྱི་བདེ་བ་ཉིད་ཀྱང་འཐོབ་པར་འགྱུར་བའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་གནས་ཀྱི་མཆོད་པ་བསྟན་ནས། ད་ནི་རྡོ་རྗེ་

རྒྱལ་པོའི་གནས་ཀྱི་མཆོད་པ་སྟོན་ཏེ། བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །བདག་ནི་སངས་རྒྱས་ཡིན་བསམ་ཞིང་། །ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ཕྲེང་བ་ལ་སོགས་ཞེས་བྱ་བ་ལ། ཕྲེང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུ་རྒྱན་

གྱི་རིན་པོ་ཆེའི་ཕྲེང་བའོ། །སོགས་པ་ཞེས་སྨོས་པས་ནི་གདུ་བུ་དང་དཔུང་རྒྱན་ལ་སོགས་པའི་རྒྱན་རྣམས་བསྡུའོ། །རབ་མཆོད་པས་ཞེས་བྱ་བ་ནི་མཆོད་པའི་མཆོག་དང་ལྡན་པའི་མཆོད་པ་རྣམས་ཀྱིས་མཆོད་པས་སོ། །མཆོད་ན་ཞེས་བྱ་བ་ནི་ཡང་དག་པར་མཆོད་ན་དེ་ལ་དབང་བསྐུར་བར་འགྱུར་བའོ། །

Vol. 55 · folio 166a

སུ་ལ་ཞེ་ན། བདག་ཉིད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབང་བསྐུར་བར་འགྱུར་བའོ། །དེ་ནི་རྡོ་རྗེ་ཆགས་པའི་གནས་ཀྱི་མཆོད་པ་སྟོན་ཏེ། བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྙན་པའི་གླུ་ཡིས་རབ་མཆོད་

པས། །ཞེས་བྱ་བ་ལ། གླུ་ལས་བདེ་བ་འབྱུང་བ་ནི་སྙན་པའི་གླུ་སྟེ། གླུས་ཚིགས་སུ་བཅད་པ་འདོན་པས་དམ་པའི་ཆོས་སྨྲ་བ་ལས་ཡིད་བདེ་བ་གང་ཞིག་སྐྱེ་བ་དེ་ནི་སྙན་པའི་གླུའོ། །གང་ཞིག་གླུ་དང་གར་ལ་སོགས་པ་ལས་ལྡོག་པའི་བསླབ་པ་བླངས་ཀྱང་རང་བཞིན་གྱིས་གླུ་གར་ལ་སོགས་པ་ལ་ཡང་དགའ་བ་

ཞིག་ཡིན་ན། དེས་ཥ་ཌ་བ་ལ་སོགས་པའི་གླུ་བླངས་པ་ལས་གང་ཡིད་བདེ་བ་སྐྱེ་བ་དེ་ཡང་སྙན་པའི་གླུ་ཞེས་བྱའོ། །སྙན་པའི་གླུའི་རྣམ་པ་དེས་བདག་མཆོད་པ་སྟེ། བདག་ཅེས་བྱ་བ་ནི་རང་གི་སེམས་སོ། །དེ་ནི་མགུ་བར་འགྱུར་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འཁོར་བར་དགའ་བར་བྱའོ་

ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བརྟན་པ་ཉིད་དུ་བསྐྱེད་པ་སྟེ། སྐྱེ་བ་གཞན་རྣམས་སུ་གནས་གཞན་གྱིས་བསྐལ་དུ་ཟིན་ཀྱང་། གང་ཉམས་པར་མི་འགྱུར་བའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བརྟན་པ་བསྐྱེད་ནས། བདག་ནི་

སངས་རྒྱས་ཡིན་བསམ་ཞིང་། །ཞེས་བྱ་བ་སྟེ། རྒྱུ་མ་ཚང་བ་མེད་པ་ཡང་དག་པར་ཡོད་ཅིང་འབྲས་བུ་ལ་ཐེ་ཚོམ་མི་ཟ་བས། སངས་རྒྱས་ནི་བདག་ཉིད་ཡིན་པར་ང་རྒྱལ་བསྐྱེད་དེ། གར་ལ་སོགས་པ་ལ་མངོན་པར་དགའ་བར་གྱུར་ན། དེ་ལས་ལྡོག་པའི་བསླབ་པའི་གཞི་བླངས་སུ་ཟིན་ཀྱང་།

གར་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་སྨིན་པར་བྱ་བའི་ཕྱིར། གར་བྱེད་ཅིང་དེས་བདག་ཉིད་ལ་མཆོད་ལ། གར་ལས་བྱུང་བའི་ཡིད་བདེ་བས་མཆོད་ཅིང་། བདག་ཅེས་བྱ་བ་རང་གི་སེམས་བདེ་བར་གྱུར་ན། སངས་རྒྱས་ཀྱིས་ཀྱང་དེ་མཆོད་འགྱུར། །ཞེས་བྱང་ཆུབ་ཀྱི་སེམས་

བརྟན་པར་བྱེད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ཉམས་སུ་ལེན་པ་ཡིན་པའི་ཕྱིར་རོ། །འདི་ནི་བཞི་ཆར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་སྟེ། ཅི་ནས་ཀྱང་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང་། མངོན་པར་འགྱུར་བ་དང་། རྣམ་པར་དག་པར་འགྱུར་བ་དང་། སེམས་

Vol. 55 · folio 166b

ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་། འཁོར་བར་ཡོངས་སུ་གཏོང་བར་མི་བྱེད་པ་ཡིན་ནོ། །ད་ནི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པས་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཐབས་སུ་གྱུར་པའི་མཆོད་པ་ནི། དེ་ནས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་

པར་བྱའོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སངས་རྒྱས་ཐམས་ཅད་དོ། །དེའི་མཆོད་པ་དང་དེའི་ཕྱག་རྒྱ་དང་དེའི་ཡེ་ཤེས་ཡིན་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་ཏེ། དེ་བསླབ་པར་བྱའོ་ཞེས་བྱའོ། །

ལུས་དང་ངག་དང་སེམས་ནི་ལུས་དང་ངག་དང་སེམས་སོ། །དེ་དག་ཉིད་ནི་བརྟན་པའི་ཕྱིར་རྡོ་རྗེ་ཡིན་པས་ན་ལུས་དང་ངག་དང་སེམས་རྡོ་རྗེའོ། །འདི་རྣམས་ཉིད་མཆོག་ཏུ་དད་པས་ངོ་བོ་ཉིད་ཐམས་ཅད་འབུལ་བར་བྱེད་པས་ན་མཆོག་གོ། །ལུས་དང་ངག་དང་སེམས་རྡོ་རྗེའི་ཚུལ་གྱིས་

ཕྱག་འཚལ་ཞིང་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བའི་མཆོད་པ་བྱས་ན། རྟག་ཏུ་སྟེ་གཅིག་ཏུ་འགྲོ་བ་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་འགྱུར་རོ། །དེ་ལྟར་ཕྱག་བྱ་བའི་མཆོད་པས་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པར་མཆོད་ནས། ད་ནི་རྗེས་སུ་ཡི་

རང་བའི་མཆོད་པ་སྟོན་ཏོ། །ཇི་ལྟ་ཞེ་ན། དེའི་ཕྱིར། སངས་རྒྱས་ཐམས་ཅད་བསོད་ནམས་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སངས་རྒྱས་ཐམས་ཅད་དོ། །སངས་རྒྱས་ཐམས་ཅད་བསོད་ནམས་ཆེ། །ཞེས་བྱ་བ་ནི་བསོད་ནམས་ཀྱང་

ཡིན་ལ་ཆེ་བ་ཡང་ཡིན་པས་བསོད་ནམས་ཆེའོ། །དེ་ལྟར་རེ་ཞིག་དེ་བཞིན་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཚོགས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་དུ་མར་གསུངས་སུ་ཟིན་ཀྱང་མཐར་ཐུག་པར་མི་འགྱུར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན། སངས་

རྒྱས་ཐམས་ཅད་བསོད་ནམས་ཆེ། །ཞེས་གསུངས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་དེ་གང་ལས་སྐྱེས་ཤེ་ན། སྐུ་གསུང་ཐུགས་ནི་རྡོ་རྗེ་སྐྱེས། །ཞེས་བྱ་བ་གསུངས་ཏེ། སྐུའི་རྡོ་རྗེ་ལས་སྐྱེས་པ་དང་། གསུང་གི་རྡོ་རྗེ་ལས་སྐྱེས་པ་དང་། ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་པའི་བསོད་ནམས་

Vol. 55 · folio 167a

གང་ཡིན་པ་དེ་ལ་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རང་བ་ཉིད་མཆོད་པ་ཡིན་པས་ན་རྗེས་སུ་ཡི་རང་བས་མཆོད་ན་ཞེས་བྱའོ། །དྲིས་པས་རྗེས་སུ་ཡི་རང་བ་ཇི་ལྟར་ན་མཆོད་པར་འགྱུར། རྗེས་སུ་ཡི་རང་བ་ལ་སོགས་པ་མཆོད་པར་མི་འགྱུར་བ་དེ་ནི་བདེན་མོད་ཀྱི། ཆོས་ཀྱིས་མཆོད་པར་

འགྱུར་ཏེ། གང་གི་ཕྱིར་རྗེས་སུ་ཡི་རང་བའི་བསམ་པའི་ཁྱད་པར་ལས་བསོད་ནམས་ཚད་མེད་པར་སྐྱེ་བར་འགྱུར་རོ། །བསོད་ནམས་ཚད་མེད་པ་སྐྱེས་པས་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ། །ཚོགས་ཡོངས་སུ་རྫོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་ཏེ། དེ་ལྟར་ན་

ཆོས་ཀྱིས་མཆོད་པར་འགྱུར་རོ། །དེའི་ཕྱིར་རྗེས་སུ་ཡི་རང་བས་མཆོད་ན་ཞེས་གསུངས་པ་ཡིན་ཏེ། རྗེས་སུ་ཡི་རང་བའི་མཆོད་པ་ཞེས་བྱ་བའི་དོན་ཏོ། །མྱུར་དུ་སངས་རྒྱས་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་མྱུར་ཞིང་མགྱོགས་པ་ཉིད་དུ་སངས་རྒྱས་ཉིད་འཐོབ་བར་འགྱུར་རོ། །ད་ནི་ལུས་དང་ངག་

སེམས་ཞེས་བྱ་བ་ལ་སོགས་པས་བདག་དབུལ་བའི་མཆོད་པ་སྟོན་ཏེ། བདག་ཉིད་དབུལ་བས་ན་བདག་དབུལ་བའོ། །ཇི་ལྟར་བདག་དབུལ་བར་བྱ་ཞེ་ན། རབ་ཏུ་དང་བའི་སེམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམས་མངོན་སུམ་དུ་བྱས་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་

ཐམས་ཅད་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་རྣམས་ཀྱི་སྤྱན་སྔར། བདག་ཉིད་ཡན་ལག་བརྒྱད་ཀྱིས་རབ་ཏུ་འདུད་པས་ཕྱག་བྱས་པར་ལྷག་པར་མོས་པར་བྱས་ལ། དེ་ནས་རང་གི་ལུས་ཀྱི་བ་སྤུའི་བུ་ག་རེ་རེ་ལས་ཀྱང་མཆོད་པའི་སྤྲིན་ཚད་མེད་པ་རྣམས་

འབྱུང་བར་བསམ་ཞིང་། ཇི་ལྟར་མཐོང་བ་དང་ཐོས་པའི་མཆོད་པའི་རྣམ་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཅི་ནུས་སུ་མཆོད་པར་བྱའོ། །བསྟོད་པ་རྣམ་པ་སྣ་ཚོགས་ཀྱིས་བསྟོད་པར་བྱའོ། །དེ་བས་ན་མཆོད་པ་འདི་ནི་ཡིད་ལས་བསྐྱེད་པ་ཡིན་པས་ན་ལྷ་རྫས་ཀྱི་ལུས་དང་ངག་དང་

སེམས་རྡོ་རྗེ་ཡིན་ནོ། །དེ་ལྟ་བུའི་རྣམ་པ་ཐམས་ཅད་ཀྱིས་མཆོད་པས་ཐུན་བཞིར་སངས་རྒྱས་རྣམས་ལ་མཆོད་པར་བྱའོ་ཞེས་ལྷག་པར་མོས་པར་བྱས་ན། དེ་ཡང་སེམས་ཅན་ཐམས་ཅད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པར་འགྱུར་རོ། །ད་ནི་ལུས་དང་ངག་སེམས་

Vol. 55 · folio 167b

ཞེས་བྱ་བ་ལ་སོགས་པས་ཡོངས་སུ་བསྔོ་བའི་མཆོད་པ་སྟོན་ཏེ། ལུས་དང་ངག་དང་སེམས་ཉིད་ནི་བརྟན་པས་ན་རྡོ་རྗེ་ཞེས་བྱའོ། །དགེ་བའི་ཚོགས་རྣམས་ཐམས་ཅད་ནི། །ཞེས་བྱ་བ་ལ། དགེ་བའི་ཚོགས་ནི་བསོད་ནམས་བསགས་པའོ། །ཐམས་ཅད་ནི་མ་ལུས་པའོ། །དེ་ཡང་

ཐུན་མཚམས་བཞིར་དགེ་བའི་ཚོགས་བསགས་པ་གང་ཡིན་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ལྟར་ན། ཡོངས་སུ་བསྔོ་བའི་མཆོད་པ་ཡིས། །ཞེས་

བྱ་བ་སྟེ། བྱང་ཆུབ་ཏུ་ཡོངས་སུ་གྱུར་པར་ཡོངས་སུ་བསྔོས་པས་ན་ཡོངས་སུ་བསྔོ་བ་སྟེ་འབུལ་བའོ། །འདི་སྐད་སྟོན་ཏེ། ངེས་པར་བྱང་ཆུབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་བསྔོ་བ་ཉིད་ནི་མཆོད་པ་ཡིན་པས་ན་དེས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ན། སངས་

རྒྱས་ཀུན་དང་མཉམ་པར་འགྱུར། །ཞེས་བྱ་བ་སྟེ། རིམ་གྱིས་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མཆོད་པ་འདི་བཞི་ཆར་ཡང་ཚོགས་ཀྱི་མཆོད་པ་ཞེས་བྱ་སྟེ། འདི་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་སྟོན་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་

རིགས་ཀྱི་སྒོ་ནས་ཆོས་ཀྱི་མཆོད་པ་སྟོན་ཏེ། ཟབ་མོའི་ཆོས་སྒོམ་པ་ཉིད་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་མཆོད་པ་བྱས་པ་ཡིན་ནོ། །དེ་ཡང་། །ཆོས་རྣམས་རང་བཞིན་གྱིས་འོད་གསལ། །ཞེས་བྱ་བ་ལ་ཆོས་ནི་རང་གི་མཚན་ཉིད་འཛིན་པས་ན་ཆོས་ཏེ། འདུས་བྱས་ཀྱི་དངོས་པོ་

ཐམས་ཅད་དོ་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་རོ། །རང་བཞིན་གྱིས་འོད་གསལ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་འོད་གསལ་བས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དོན་དམ་པར་རང་བཞིན་གྱིས་དྲི་མ་མེད་པ་ཞེས་བྱ་བའི་དོན་ཏོ། །ངོ་བོ་ཉིད་ཀྱིས་གཟོད་ནས་དག །ཅེས་བྱ་བ་ནི་ཆོས་

རྣམས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ལས་འདུས་བྱས་ལ་སོགས་པའི་ཁྱད་པར་གང་གིས་ཀྱང་ཕྱིས་དག་པར་བཅོས་སུ་མེད་པའོ། །ཆོས་འདི་དག་གིས་མཆོད་པས་ན། །ཞེས་བྱ་བ་ནི་ཆོས་དེ་ལྟར་བསྒོམས་ན་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་ཡིན་ནོ། །དེ་ལྟར་ཆོས་ཀྱི་མཆོད་པས།

Vol. 55 · folio 168a

དགའ་བའི་བདེ་བ་འཐོབ་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །འདི་སྐད་སྟོན་ཏེ། ཆོས་བདག་མེད་པར་བསྒོམས་པས་གང་དུ་ཡང་ཆགས་པ་མེད་དོ། །ཆོས་ཀྱི་རང་བཞིན་རབ་ཏུ་རྟོགས་པ་ཐོབ་པས་རྟག་ཏུ་དགའ་བས་གནས་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་

ཆོས་ཀྱི་གནས་ཀྱི་མཆོད་པ་བསྟན་ནས། ད་ནི། ཆོས་རྣམས་ཀུན་ནི་འདུས་པ་ཡི། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རྣོན་པོའི་གནས་ཀྱི་མཆོད་པ་སྟོན་ཏེ། ཆོས་རྣམས་ཀུན་ནི་བསྡུས་པ་ཡི། །ཞེས་བྱ་བ་ནི་ཆོས་ཐམས་ཅད་བརྩི་བའོ། །ཨ་ཞེས་བྱ་བ་སྒོ་ཞེས་བརྗོད། །ཅེས་བྱ་བ་ནི་ཨ་ཞེས་

བྱ་བ་སྐྱེ་བ་མེད་པ་སྟེ། །ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་སྒོར་གྱུར་པ་ཡིན་ཞེ་ན། དོན་དམ་པར་མ་སྐྱེས་པའི་དོན་སྟོན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཏེ་ཆོས་དེ་དག་ཐམས་ཅད་ཀྱི་སྒོ་ནི་ཨ་ཡིན་ཏེ། གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

ཆོས་ཀྱི་ཕྱག་རྒྱ་འདི་ཡིས་ནི། །ཞེས་བྱ་བ་ནི་དོན་དམ་པར་ཆོས་རྣམས་ཀྱི་ཕྱག་རྒྱ་མ་སྐྱེས་པར་རྟོགས་པའི་མཚན་ཉིད་ཀྱིས་བྱེད་པས་ན་ཆོས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་དང་མཚན་མ་ཞེས་བྱ་བ་ནི་དོན་གྱི་རྣམ་གྲངས་ཡིན་ནོ། །འདི་སུའི་ཕྱག་རྒྱ་ཡིན་ཞེ་ན། ཆོས་ཀྱི་རྒྱལ་པོའི་ཕྱག་རྒྱ་སྟེ། དོན་དམ་པར་ན་

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་མ་སྐྱེས་པར་འདུས་པ་ཉིད་དུ་རིག་པར་བྱ་སྟེ། འདི་ཉིད་ནི་ཕྱག་རྒྱའོ། །སྡུག་བསྔལ་ཐམས་ཅད་ཅེས་བྱ་བ་ནི་འགྲོ་བ་དྲུག་གི་འཁོར་ལོར་ངེས་པ་རྣམས་ཏེ། དེའི་སྡུག་བསྔལ་ཐམས་ཅད་གཅོད་པ་ནི་གང་གིས་ཆོས་ཀྱི་མཆོད་པ་འདིས་དེ་བཞིན་

གཤེགས་པ་ཐམས་ཅད་ལ་མཆོད་ནའོ། །ད་ནི། འདིར་ནི་ཆོས་རྣམས་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རྒྱུའི་གནས་ཀྱི་མཆོད་པ་སྟོན་ཏེ། འདིར་ནི་ཆོས་རྣམས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་ལུང་དང་རྟོགས་པའི་ཆོས་རྣམས་སོ། །རྒྱུ་ནི་དེ་བཞིན་གཤེགས་པ་སྟེ། །ཞེས་བྱ་བ་

ནི་དེས་ཐུགས་སུ་ཆུད་པའི་ཕྱིར། ལུང་དང་རྟོགས་པའི་ཆོས་རྣམས་དེས་དང་པོ་ཁོ་ནར་བཀའ་སྩལ་པ་ཡིན་པའི་ཕྱིར་རོ། །དོན་དམ་པར་ན་གང་འཇིག་རྟེན་པའི་ཆོས་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་བརྟེན་ནས་འཇུག་པ་ཡིན་པར་ཟད་པས་ན། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་རྒྱུ་ནི་

Vol. 55 · folio 168b

དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྟོད་པའི་མཆོད་པས་མཆོད་ན། ཆོས་ནི་འཛིན་པར་འགྱུར་ཞེས་བྱ་བ་སྟེ། ཆོས་ཀྱི་མཛོད་འཛིན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ད་ནི། ཆོས་རྣམས་ཐམས་ཅད་རང་བཞིན་

གྱིས། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སྨྲ་བའི་སྒོ་ནས་མཆོད་པ་སྟོན་ཏེ། སྒྲ་བརྙན་ནི་བྲག་ཅ་སྟེ། ས་ཕྱོགས་དོག་པ་དག་ཏུ་སྒྲའི་རྐྱེན་གྱིས་དེའི་རྗེས་ཁོ་ན་ལ་རྐྱེན་དེས་དེ་དང་མཐུན་པའི་སྒྲ་གྲགས་པ་གང་ཡིན་པ་དེ་ནི་སྒྲ་བརྙན་ཞེས་བྱའོ། །དེ་ཡང་ཚིག་གི་དོན་མེད་དོ། །དེ་ལྟ་བུའི་སྒྲ་བརྙན་དང་

མཚུངས་པའི་ཆོས་གང་ཡིན་པ་དེ་རྣམས་ནི་སྒྲ་བརྙན་དང་མཚུངས་པའི་ཆོས་ཞེས་བྱ་སྟེ། དེ་ལྟར་དེ་ཁོ་ན་ཉིད་དུ་ན་ཆོས་ཐམས་ཅད་རང་བཞིན་གྱིས་ཚིག་གི་དོན་དང་བྲལ་བའོ་ཞེས་བརྗོད་ལ། དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་བསྒོམས་པས་མཆོད་ན་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་མཆོད་

པས་མཆོད་པར་འགྱུར་རོ། །མཆོད་ན་སངས་རྒྱས་གསུང་ཡང་འཐོབ། །ཅེས་བྱ་བ་ནི་ཚངས་པའི་དབྱངས་ཉིད་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །འདི་ནི་བཞི་ཆར་ཡང་ཆོས་ཀྱི་མཆོད་པ་སྟེ། དོན་དམ་པའི་ཆོས་བསྒོམས་པས་མཆོད་པ་ནི་དག་པ་སྟེ། མ་དག་པའི་རྣམ་པར་རྟོག་པ་བསལ་བའི་

ཕྱིར་རང་བཞིན་གྱིས་དག་པའི་ཆོས་བསྒོམ་པ་དང་། མ་སྐྱེས་པའི་དོན་སྟོན་པའི་ཀུན་དུ་བཟང་པོ་བསྒོམ་པ་དང་། ཆོས་ཀྱི་རྣམ་པ་དེ་ལྟ་བུ་དེ་སྟོན་པའི་རྒྱུ་དེ་བཞིན་གཤེགས་པ་ཡིན་པས་ན་ཆོས་ཀྱི་འཁོར་ལོ་བསྒོམ་པ་དང་། བཤད་པའི་ཆོས་དེ་དག་ཀྱང་དོན་དམ་པར་ཚིག་གི་དོན་དང་བྲལ་བས་

ན་སྤྲོས་པ་མེད་པ་ཡིན་ནོ། །དེ་ལྟར་ཆོས་བསྒོམ་པ་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གྱི་མཆོད་པ་སྟོན་ཏེ། ཏིང་ངེ་འཛིན་བསྒོམ་པ་ཉིད་མཆོད་པའི་ཕྱག་རྒྱ་ཡིན་པས་ཏིང་ངེ་འཛིན་བསྒོམ་པའི་མཆོད་པའི་ཕྱག་རྒྱའོ། །དེའི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་

བསྒོམ་པའི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་ཏེ། དེ་བསླབ་པར་བྱའོ་ཞེས་པའོ། །ལུས་དང་ངག་དང་སེམས་ཡིན་པས་ལུས་དང་ངག་སེམས་སོ། །དེ་ཉིད་བསྒོམ་པས་བརྟན་པར་བྱས་པས་ན་རྡོ་རྗེ་ཞེས་བྱའོ། །དེ་བས་ན་ལུས་དང་ངག་དང་སེམས་རྡོ་རྗེ་ལ་རང་གི་རྡུལ་ཕྲ་རབ་རྣམས་བསམ་

Vol. 55 · folio 169a

མོ། སེམས་ལ་རྡུལ་ཕྲ་རབ་མེད་མོད་ཀྱི། འོན་ཀྱང་སེམས་ལས་བྱུང་བའི་རྣམ་པ་མང་བས་ན་སེམས་དང་སེམས་ལས་བྱུང་བའི་ཚོགས་གཟུང་ངོ་། །དེ་ལྟར་ན། ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་རྡུལ་ནི་ཕྲ་མོ་རྣམས། །ཞེས་གསུངས་པ་ཡིན་ཏེ། རང་གི་

ནི་བདག་ཉིད་ཀྱིའོ། །རྡོ་རྗེའི་དབྱིབས་སུ་བསྒོམས་ན་ནི། །ཞེས་བྱ་བ་ནི་རྡོ་རྗེའི་དབྱིབས་ཉིད་དུ་ཡིད་ཀྱིས་བྱ་བའོ། །རྡོ་རྗེའི་བདག་ཉིད་མྱུར་དུ་འཐོབ། །ཅེས་བྱ་བ་ལ། རྡོ་རྗེའི་བདག་ཉིད་ནི་རྡོ་རྗེའི་སྐུ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པའི་ཚེ། འདིའི་གཟུགས་རྡོ་རྗེའི་སྐུར་འགྱུར་བ་སྟེ། གང་ལས་

རྡོ་རྗེ་སེམས་དཔར་གྱུར་པ་དེ་ལས་ཀྱང་སངས་རྒྱས་ཀྱི་སྐུར་གྱུར་པའོ། །ཡང་ན་རྡོ་རྗེའི་སྐུར་གྱུར་ཅེས་བྱ་བ་གཞན་དུ་ན་རྡོ་རྗེ་ལྟར་མི་ཕྱེད་པའི་ལུས་དང་ལྡན་པས་ན་རྡོ་རྗེའི་སྐུ་སྟེ། ཇི་སྐད་དུ་བཤད་པའི་ཏིང་ངེ་འཛིན་བསྒོམས་པས་སོ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །

ཡང་ན་ལུས་དང་ངག་དང་སེམས་ཡིན་པས་ན་ལུས་དང་ངག་སེམས་ཏེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །ལུས་དང་ངག་དང་སེམས་དེ་རྣམས་ལ་རང་གི་རྡུལ་ཕྲ་མོ་ཞེས་བྱ་བ་ཅི་རིགས་པར་སྦྱར་བར་བྱ་དགོས་ཏེ། ཚུལ་གཅིག་པར་བསྟན་པ་ཡིན་དུ་ཟིན་ཀྱང་དོན་གྱི་དབང་གིས་ཕྱོགས་གཅིག་ལ་རྗེས་སུ་འཇུག་

པ་དེ་དེ་བཞིན་དུ་ཕྱོགས་གཅིག་ཏུ་སྦྱར་བར་བྱའོ། །རྡུལ་ཕྲ་རབ་དེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར། སངས་རྒྱས་ཀུན་དུ་བསྒོམས་ན་ནི། ཞེས་བྱ་བ་གསུངས་ཏེ། རང་གི་རྡུལ་ཕྲ་རབ་རྣམས་སངས་རྒྱས་ཐམས་ཅད་དུ་བསྒོམ་པར་བྱའོ། །བསྒོམས་པས་ཅིར་འགྱུར་ཞེ་ན། ཆོས་ཀྱི་སྐུར་འགྱུར་ཞེས་བྱ་བ་

གསུངས་སོ། །དུས་ཇི་སྲིད་ཅིག་གིས་འགྱུར་ཞེ་ན། དེ་ནི་དེའི་ཕྱིར་མྱུར་དུ་ཞེས་བྱ་བ་གསུངས་སོ། །རྒྱུ་གང་གིས་ན་རྡུལ་ཕྲ་རབ་རྣམས་སངས་རྒྱས་སུ་བསྒོམས་པ་ལས་ཆོས་ཀྱི་སྐུར་འགྱུར་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་

པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྣམས་ཆོས་ཀྱི་སྐུ་སེམས་དཔའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣལ་འབྱོར་གྱི་སྟོབས་ཀྱིས་ཁུ་བ་དང་ཁྲག་དང་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ངོ་བོ་ཉིད་ཀྱི་ལུས་བརྗེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུར་བསྒོམས་ན་རྣལ་འབྱོར་

Vol. 55 · folio 169b

པ་དེ་ཆོས་ཀྱི་སྐུར་འགྱུར་རོ་ཞེས་གསུངས་སོ། །དེ་ལས་གཞན་པའི་ཏིང་ངེ་འཛིན་གསུམ་པས་རྡུལ་ཕྲ་རབ་དེ་དག་ཉིད་གང་གི་ཚེ་རྡོ་རྗེ་སེམས་དཔའི་ཚུལ་དུ་སྤྱིར་བསྡུས་པའམ། རེ་རེ་ནས་བསྒོམ་པར་བྱ་བ་ཡིན་ནོ། །དེ་བས་ན། རྡོ་རྗེ་སེམས་དཔར་མཉམ་པར་འགྱུར། །ཞེས་བྱ་བ་གསུངས་པ་ཡིན་ཏེ།

རྡོ་རྗེ་སེམས་དཔའ་དང་མཚུངས་པ་རྡོ་རྗེ་སེམས་དཔའ་གཉིས་པར་གྱུར་ཅེས་བྱ་བའི་དོན་ཏོ། །ལྷག་མ་རྣམས་ཀྱི་དོན་ནི་སྔར་བཤད་པ་ཉིད་དོ། །ཏིང་ངེ་འཛིན་བཞི་པས་ནི་རྡུལ་ཕྲ་རབ་དེ་ཉིད་རྡོ་རྗེ་ལ་སོགས་པར་བསྒོམས་པས། ཡིད་ལ་བྱེད་པ་ཐུལ་པའི་རྣལ་འབྱོར་པས་སངས་རྒྱས་ཀྱི་སྐུར་ཉིན་རེ་བཞིན་

ཐུན་བཞིར་བསྒོམས་ནའོ། །སངས་རྒྱས་ཀྱི་སྐུར་བསྒོམས་པས་དངོས་གྲུབ་གང་ཞིག་འཐོབ་ཅེ་ན། རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་གསུངས་པའི་མཆོད་པ་བཅུ་

དྲུག་གི་ནང་ནས་དང་པོའི་མཆོད་པ་བཞི་ནི་དགའ་བ་དང་། རྒྱན་དང་། གླུ་དང་། གར་གྱི་མཚན་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་མི་དགེ་བ་བཅུའི་ལས་སྤོང་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པས་ཚོགས་ཡོངས་སུ་རྫོགས་པར་བྱ་བ་དང་། ཚོགས་

ཀྱིས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ་བ་དང་། སེམས་ཅན་གྱི་དོན་གྱི་ཕྱིར་མཆོད་པ་བཞི་པོ་འདི་བྱ་བར་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་སྟེ། དེ་ཡང་། །ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་ཚེ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་

པར་ནུས། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བཞི་ཚོམས་གཉིས་པས་ནི་དེ་ལྟར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ནས། བསོད་ནམས་ཀྱི་ཚོགས་བསགས་པའི་ཐབས་སུ་གྱུར་པ་ཕྱག་འཚལ་བ་དང་། རྗེས་སུ་ཡི་རང་བ་དང་། རང་གི་ལུས་དབུལ་བ་དང་། བསོད་ནམས་ཀྱི་ཚོགས་ཡོངས་

སུ་བསྔོ་བ་རྣམས་ཀྱི་མཚན་ཉིད་ཀྱི་མཆོད་པ་རྣམ་པ་བཞི་བསྟན་ཏོ། །བཞི་ཚོམས་གསུམ་པས་ནི་དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་ནས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཐབས་སུ་གྱུར་པ། ངོ་བོ་ཉིད་ཀྱིས་དག་པའི་ཆོས་དོན་དམ་པར་བསྒོམ་པ་དང་། ཆོས་ཐམས་ཅད་མ་

Vol. 55 · folio 170a

སྐྱེས་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ལས་བྱུང་བར་བསྒོམ་པ་དང་། བཤད་པའི་ཆོས་རྣམས་སྒྲ་བརྙན་ལྟ་བུར་བསྒོམ་པའི་མཚན་ཉིད་རྣམ་པ་བཞི་ནི་ཆོས་ཀྱི་མཆོད་པ་སྟེ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྐང་བའི་ཕྱིར་

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་ནོ། །བཞི་ཚོམས་བཞི་པས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་གནས་ཡོངས་སུ་གྱུར་པའི་མཚན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པའི་ཐབས་སུ་གྱུར་པ་རང་གི་རྡུལ་ཕྲ་རབ་རྡོ་རྗེར་བསྒོམ་པ་དང་། དེ་བཞིན་

གཤེགས་པ་ཐམས་ཅད་པར་བསྒོམ་པ་དང་། རྡོ་རྗེ་སེམས་དཔར་བསྒོམ་པ་དང་། རང་སངས་རྒྱས་སུ་བསྒོམ་པའི་མཚན་ཉིད་རྣམས་སོ། །རྣམ་པ་འདི་བཞི་ནི་ཏིང་ངེ་འཛིན་གྱི་མཆོད་པ་སྟེ། སངས་རྒྱས་ཀྱི་ཕྱག་རྒྱ་བསྒྲུབ་པའི་ཕྱིར་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་མཆོད་པ་བཅུ་དྲུག་པོ་འདི་དག་

ཁྱོད་ཀྱིས་ཉིན་རེ་ཞིང་ཅི་ནུས་སུ་གྱིས་ཤིག་ཅེས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་བསྒོམ་པར་བྱ་བའི་ཆོས་ཀྱི་མཆོད་པའི་རྣམ་པ་འདི་ལྟ་བུས་མཆོད་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཆོད་པར་འགྱུར་བ་ཡིན་ཏེ།

དེ་དག་གི་མངོན་པར་བཞེད་པའི་དོན་ཉམས་སུ་བླངས་པ་ཡིན་པའི་ཕྱིར་རོ། །དེ་ཡང་བཀའ་བཞིན་ཉམས་སུ་བླངས་པའི་ལན་གླན་པས། ཕན་པར་གསུངས་པ་དེ་ལ་ཡང་དག་མཆོད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །ཏིང་ངེ་འཛིན་གྱི་མཆོད་པ་རྣམ་པ་བཞི་བསྟན་པའི་འོག་ཏུ། ད་ནི་དེ་ནས་

ཞེས་བྱ་བ་ལ་སོགས་པས་དེའི་ཐབས་ཡང་དག་པར་སྟོན་ཏེ། རང་གི་ལྷའི་རྣལ་འབྱོར་སྒྲུབ་པའི་ཏིང་ངེ་འཛིན་ནི་ཐབས་དང་པོ་ཡིན་ནོ། །དེ་ལ་ཡང་སེམས་དཔའ་རྣམས་ཀྱི་དང་པོ་ནི་རྡོ་རྗེ་སེམས་དཔའ་ཡིན་ཏོ། །དེ་བས་ན་དེའི་ཏིང་ངེ་འཛིན་སྒྲུབ་པའི་ཐབས། ལུས་ཀུན་འཁྱུད་པའི་བདེ་བ་ཡིས། །

ཞེས་བྱ་བ་ལ་སོགས་པས་དང་པོར་སྟོན་ཏེ། ལུས་ཀུན་འཁྱུད་པའི་ཞེས་བྱ་བ་ལ། ལུས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ལུས་ཀུན་ནོ། །ལུས་ཀྱི་སྒྲ་ནི་བསགས་པ་དང་འདུས་པ་ལ་བྱ་ལ། དེའི་འཁྱུད་པ་ནི་བདག་ཏུ་ང་རྒྱལ་བས་འཛིན་པ་སྟེ། དེ་ཡང་རྒྱུད་ཕྱི་མ་ལས་དང་པོ་ཁོ་ནར་ཕྱག་

Vol. 55 · folio 170b

རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་རོ། །ཚིག་རེར་ཐམས་ཅད་བདག་ཡིན་པས། །ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །དེ་བས་ན་ལུས་ཀྱི་འཁྱུད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔར་བསྒོམ་པ་ལ་བྱའོ། །དེ་ལྟར་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྒོམས་པ་དེ་ལས་བདེ་བ་གང་སྐྱེས་པ་དེ་ནི་

ལུས་ཀུན་གྱིས་འཁྱུད་པའི་བདེ་བ་སྟེ། དེ་ཉིད་ནི་མཆོད་པའོ། །སུ་ཞིག་ལ་ཞེ་ན། རང་བྱུང་རྣམས་ལ་ཞེས་བྱ་བ་སྟེ་སངས་རྒྱས་རྣམས་ལའོ། །ཕུལ་ན་ཞེས་བྱ་བ་ནི་སངས་རྒྱས་རྣམས་ལ་བསྟབས་པའོ། །དེ་ལྟར་ཕུལ་བས་ཅིར་འགྱུར་ཞེ་ན། དེའི་ཕྱིར། རྡོ་རྗེ་སེམས་དཔའ་དང་འདྲ་བར། །

ཞེས་བྱ་བར་གསུངས་ཏེ། གང་གི་ཕྱིར་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྒོམས་པ་དེའི་ཕྱིར་རྡོ་རྗེ་སེམས་དཔའ་དང་མཚུངས་པར་འགྱུར་རོ། །དེ་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །མྱུར་དུ་འགྱུར་ཞེས་བྱ་བ་ནི་མྱུར་བ་ཉིད་དུའོ། །རྡོ་རྗེ་སེམས་དཔའི་གནས་

ཀྱི་ཏིང་ངེ་འཛིན་གྱི་མཆོད་པ་བསྟན་ནས། ད་ནི་ཤིན་ཏུ་ཆགས་པར་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཏིང་ངེ་འཛིན་གྱི་ཐབས་སྟོན་ཏོ། །ཤིན་ཏུ་ཆགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཏེ། རིན་པོ་ཆེ་པདྨ་རཱ་ག་མགོ་ལ་ཡོད་པའི་འོད་དམར་བས་ན་ཤིན་ཏུ་ཆགས་པའོ། །

དེ་དང་ལྷན་ཅིག་ཏུ་སྦྱོར་བ་ནི་གཅིག་ཏུ་གྱུར་པ་ལ་ཤིན་ཏུ་ཆགས་པར་སྦྱོར་བ་ཞེས་བྱའོ། །ཆགས་པ་སྦྱོར་བ་དེ་ཇི་ལྟ་བུ་ཞེ་ན། དམ་དུ་གཟུང་བའི་ཞེས་བྱ་བ་གསུངས་ཏེ། དམ་དུ་གཟུང་བ་ནི་བརྟན་པར་གཟུང་བའོ། །དེའི་འོག་ཏུ་རྣལ་འབྱོར་བསྒོམ་པའི་ཚེ་རང་གི་ལྷ་དང་ཐ་མི་དད་པ་ཐོབ་པས་ལྷའི་

བདག་ཉིད་ཀྱིས་ངོ་བོ་རྣལ་འབྱོར་པས་ཡོངས་སུ་གཟུང་བའི་བདེ་བ་སྐྱེ་བའི་བདེ་བ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཏིང་ངེ་འཛིན་(ཀྱི་‚གྱི་)བདེ་བའི་ཁྱད་པར་གྱི་རྣམ་པ་འདི་ལྟ་བུས་མཆོད་པར་བྱའོ་ཞེས་སངས་རྒྱས་རྣམས་ལ་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་དེ་ལྟར་

ཕུལ་ན། རྡོ་རྗེ་རིན་ཆེན་འདྲ་བར་འགྱུར། །ཞེས་བྱ་བ་ཡིན་ནོ། །ད་ནི་ཤིན་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཆོས་ཀྱི་གནས་ཀྱི་མཆོད་པ་སྟོན་ཏེ། ཤིན་ཏུ་དགའ་བ་མངའ་བས་ན་ཤིན་ཏུ་དགའ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཆོས་སོ། །འདི་ནི་ཆོས་རབ་ཏུ་རྣམ་པར་

Vol. 55 · folio 171a

འབྱེད་པའི་ཚེ། ཤིན་ཏུ་དགའ་བའི་ཆོས་ལས་བདེ་བ་སྐྱེ་བ་གང་ཡིན་པ་དེ་ནི་ཤིན་ཏུ་དགའ་བའི་བདེ་བ་སྟེ། དེ་ལ་ཆགས་པ་གང་ཡིན་པ་དེ་ནི་ཤིན་ཏུ་དགའ་ཞིང་བདེ་བའི་ཆགས་པའོ། །དེས་བསྟུན་པས་ན་ཤིན་ཏུ་དགའ་ཞིང་བདེ་བའི་ཆགས་པས་བསྟུན་པའོ། །དེ་ཡང་

བསྟུན་པ་ནི་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་གཅིག་ཏུ་བྱེད་པ་སྟེ། རང་བཞིན་དག་པའི་ཆོས་རྣམས་ལ་རྣམ་པར་ལྟ་བའི་ཕྱིར། པདྨའི་ཕྱག་རྒྱ་ལ་གཟིགས་པའི་ཚེ། པདྨའི་འདབ་མ་འབྱེད་པའི་ཚུལ་གྱིས་སོ། །བསྟུན་པར་གྱུར་པའི་མཆོག་ཅེས་བྱ་བ་ལ། མཆོག་ནི་ཕུལ་དུ་བྱུང་བ་ལ་

བྱ་སྟེ། ཆོས་ཀྱི་སྒོ་རྣམ་པ་ཐ་དད་པ་དཔག་ཏུ་མེད་པ་ཕན་ཚུན་ནང་འགལ་བའི་དོན་དབྱེར་མེད་པར་གཅིག་ཏུ་སྦྱོར་བར་བྱེད་པ་ལ་བསྟུན་པར་གྱུར་པའི་མཆོག་ཅེས་བྱའོ། །དེ་ལས་བྱུང་བའི་བདེ་བ་ཡིན་པས་ན། བསྟུན་པར་གྱུར་པའི་མཆོག་བདེ་བ། ཞེས་བྱའོ། །དེ་སངས་རྒྱས་རྣམས་ལ་ཕུལ་

ན་ནི་ཞེས་བྱ་བ་ལ། སངས་རྒྱས་རྣམས་ལ་ཕུལ་བ་ནི་ཚིམ་པར་བྱ་བའོ། །རྡོ་རྗེ་ཆོས་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི། དབང་པོ་གཉིས་ནི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ལས་ཀྱི་གནས་ཀྱི་

མཆོད་པ་སྟོན་ཏེ། གཉིས་ཀྱི་དབང་པོ་ཡིན་པས་ན་དབང་པོ་གཉིས་ཏེ། ལྷ་དང་སྔགས་པ་གཉིས་ཀྱི་དབང་པོ་གཉིས་གང་ཡིན་པ་དེ་ནི་དབང་པོ་གཉིས་སོ། །དེ་སྦྱོར་བ་གང་ལ་མཉམ་པར་སྦྱོར་བ་གང་ཡིན་པ་དེ་ནི་དབང་པོ་གཉིས་ནི་མཉམ་སྦྱོར་བ་སྟེ། བདག་གང་ཡིན་པ་དེ་ནི་བདག་གི་ལྷ་ཡིན་ལ།

བདག་གི་ལྷ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་དེ་ལས་བདེ་བ་གང་ཞིག་སྐྱེ་བ་དེ་ནི་དབང་པོ་གཉིས་མཉམ་པར་སྦྱོར་བའི་བདེ་བའོ། །ཀུན་དུ་ཞེས་བྱ་བ་ལ་སོགས་པའི་རིགས་ཐམས་ཅད་ཀྱིས་བསྡུས་པའི་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལས་བདེ་བ་གང་ཞིག་སྐྱེ་

བ་དེ་སངས་རྒྱས་རྣམས་ལ་མཆོད་པ་བྱ་བའི་ཕྱིར་ཏེ། མཆོད་པའི་རྒྱུར་ཕུལ་ན། རྡོ་རྗེ་ལས་དང་འདྲ་བར་འགྱུར། །ཞེས་བྱ་བ་སྟེ། རྣལ་འབྱོར་པ་དེ་རྡོ་རྗེ་ལས་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རཱ་ཏི་བཛྲ་ཞེས་བྱ་བ་ནི་དགའ་བའི་རྡོ་རྗེ་སྟེ། བྱང་ཆུབ་སེམས་ལ་དགའ་བ་ལ་

Vol. 55 · folio 171b

ནི་དགའ་བའི་རྡོ་རྗེ་ཞེས་བྱ་བའི་སྒྲར་གསུངས་སོ། །རཱ་ག་བཛྲ་ཞེས་བྱ་བ་ནི་ཆགས་པའི་རྡོ་རྗེ་སྟེ། ནོར་བུའི་ཆགས་པའོ། །པྲ་ཏི་བཛྲ་ཞེས་བྱ་བ་ནི་སྡུག་པའི་རྡོ་རྗེ་སྟེ། ཆོས་ལ་སྡུག་པར་སེམས་པའོ། །ཀཱ་མ་བཛྲ་ཞེས་བྱ་བ་ནི་འདོད་པའི་རྡོ་རྗེ་སྟེ། འདོད་པ་ནི་ཡིད་དུ་འོང་བ་གཟུགས་དང་སྒྲ་དང་

དྲི་དང་རོ་དང་རེག་བྱ་རྣམས་སོ། །དེ་དག་ཐམས་ཅད་སངས་རྒྱས་ལ་མཆོད་པའི་སྤྲིན་སྤྲུལ་ནས་ཕུལ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ལས་ལ་འདོད་པའི་རྡོ་རྗེ་ཞེས་བྱ་བའི་སྒྲར་གསུངས་སོ། །དེ་ཡང་འདོད་པ་རྣམས་ཀྱི་རྡོ་རྗེ་ཡིན་པས་ན་འདོད་པའི་རྡོ་རྗེ་ཞེས་བསྟན་ཏོ། །གསང་བའི་མཆོད་པའི་

ཕྱག་རྒྱ་ཡེ་ཤེས་བསྟན་ཟིན་ནས། ད་ནི་གསང་བའི་དོན་བརྗོད་པར་བྱ་སྟེ། གསང་བ་ནི་གང་སྦས་པའི་གསང་བ་བྱའོ། །ལུས་ཀུན་གྱིས་འཁྱུད་ཅེས་བྱ་བ་ནི་སྒྲ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱ་བ་ལ། ལུས་ཀུན་གྱིས་འཁྱུད་ཅེས་བྱ་བའི་སྒྲར་འདིར་མངོན་པར་འདོད་པ་ཡིན་ཏེ། ལྷའི་ལུས་

ཐམས་ཅད་མ་ལུས་པར་ཡིད་ཀྱིས་མངོན་སུམ་དུ་བྱས་ལ་འཁྱུད་པར་བྱ་ཡི། མ་ཚང་བར་ནི་མ་ཡིན་ཏེ། །འདི་ནི་དང་པོའི་མན་ངག་གོ། །འདི་ཉིད་ལ་ཤིན་ཏུ་ཆགས་པར་སྦྱོར་བས་དམ་དུ་བཟུང་བ་སྟེ། འཁྲུལ་པ་སྤང་བའི་ཕྱིར་བརྟན་པར་གཟུང་བར་གྱིས་ཤིག་པའོ། །འདི་ནི་གཉིས་པའི་མན་

ངག་གོ། །དེར་འདི་ལྟར་གཟུང་བ་དེ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས། ཏིང་ངེ་འཛིན་གྱི་དམིགས་པའི་ལྷའི་སྐུ་ལ་ཤིན་ཏུ་དགའ་བ་ཕྱིས་སྐྱེ་བར་འགྱུར་ལ། དགའ་བ་དེས་ཀྱང་དེར་ལུས་ཀྱི་བདེ་བའི་རེག་པ་སྐྱེ་བ་གང་ཡིན་པ་དེ་ནི་ཤིན་ཏུ་དགའ་ཞིང་བདེ་

བའོ། །དེ་ལ་ཆགས་པས་ན་ཤིན་ཏུ་དགའ་ཞིང་བདེ་བའི་ཆགས་པ་སྟེ། དེས་བསྟུན་པ་ནི་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་གཅིག་ཏུ་བྱེད་པའོ། །དེ་ལྟར་མཉམ་པར་གཞག་པའི་སེམས་ཀྱིས་འགལ་བ་མེད་པར་རྟོགས་པ་དེ་ནི་མཆོག་ཀྱང་ཡིན་པས་མཆོག་ཅེས་བྱའོ། །འདི་ནི་གསུམ་པའི་མན་ངག་

གོ། །དེ་ལྟ་བུའི་ལྷའི་སྐུ་ལ་དབང་པོ་གཉིས་མཉམ་པར་སྦྱོར་བ་ཞེས་བཤད་དོ། །ལྷའི་དབང་པོ་དང་རྣལ་འབྱོར་པའི་དབང་པོ་གཉིས་ལྷན་ཅིག་ཏུ་འདྲེས་པའི་ངོ་བོར་ལྷག་པར་མོས་པའོ། །གཅིག་ཏུ་འདྲེས་པའི་ངོ་བོར་ལྷག་པར་མོས་པས་ཏིང་ངེ་འཛིན་གྱི་ལས་གང་ཅུང་ཟད་ཅི་བརྩམས་

Vol. 55 · folio 172a

པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །འདི་ནི་མན་ངག་བཞི་པ་ཡིན་ནོ། །དངོས་གྲུབ་དོན་དུ་གཉེར་བ་རྣམས་ཀྱིས་རྣམ་པར་ཕྱེ་བ་འདི་དག་ཤིན་ཏུ་ཡང་སྦ་བར་བྱ་དགོས་པས་ན་གསང་བའི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་

རྣམས་ཀྱི་དབྱིབས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གཟུང་ངོ་། །མཆོད་པའི་ཕྲིན་ལས་ཞེས་སྨོས་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་གཟུང་ངོ་། །དེའི་ཕྱག་རྒྱ་ཆེན་པོ་དང་དེའི་ཡེ་ཤེས་སོ། །

བསླབ་པར་བྱ་སྟེ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་པའོ། །རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱ་ཆེན་པོའི་ལྷ་མོ་གང་ཡིན་པ་དེའི་རང་གི་ཕྱག་རྒྱ་གཉི་ག་རྡོ་རྗེ་དང་བཅས་པར་ཐུགས་ཀར་འཇོག་པའོ། །རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་རང་གི་ཕྱག་གཉིས་ལྕགས་ཀྱུ་དང་བཅས་པར་རྩིབ་ལོགས་གཡས་

པར་འཇོག་པའོ། །རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་མདའ་གཞུ་དང་བཅས་པར་རྩིབ་ལོགས་གཡོན་པར་འཇོག་པའོ། །རྡོ་རྗེ་ལེགས་པའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་ལེགས་སོ་ཞེས་བྱ་བའི་ཕྱག་རྒྱ་རྒྱབ་ཏུ་འཇོག་པའོ། །རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་

གཉིས་རིན་པོ་ཆེ་དང་བཅས་པ་དཔྲལ་བར་འཇོག་པའོ། །རྡོ་རྗེ་ཉི་མའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་ཉི་མའི་ཕྱག་རྒྱ་དང་བཅས་པ་ལྟག་པར་འཇོག་པའོ། །རྡོ་རྗེ་རྒྱལ་མཚན་གྱི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཐོགས་པ་ཕྲག་པར་འཇོག་པའོ། །རྡོ་རྗེ་

བཞད་མོའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་རྡོ་རྗེ་གཉིས་ཀྱི་བར་དུ་སོའི་ཕྲེང་བ་གཉིས་དང་བཅས་པ་དགད་པའི་གནས་སུ་འཇོག་པའོ། །རྡོ་རྗེ་ཆོས་ཀྱི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་པདྨའི་ཕྱག་རྒྱ་དང་བཅས་པའི་ཕྱག་གཉིས་ཀ་ཞལ་དུ་འཇོག་པའོ། །ཐམས་ཅད་དུ་ཡང་ཕྱག་གཉིས་རང་རང་གི་ཕྱག་རྒྱ་དང་

བཅས་པར་འཇོག་པ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ཆེན་པོ་ནི་རྣ་བ་གཡས་པར་འཇོག་པའོ། །རྡོ་རྗེ་རྒྱུའི་ཕྱག་རྒྱ་ཆེན་པོ་ནི་རྣ་བ་གཡོན་པར་འཇོག་པའོ། །རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཆེན་པོ་ནི་ལྟག་པར་འཇོག་པའོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྤྱི་བོར་འཇོག་པའོ། །རྡོ་རྗེ་གོ་ཆའི་

Vol. 55 · folio 172b

ཕྱག་རྒྱ་ཆེན་པོ་ནི་ཕྲག་པར་འཇོག་པའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོ་ནི་མཆེ་བའི་ཕྱག་རྒྱ་དང་བཅས་ཏེ་ཁར་འཇོག་པའོ། །རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་ཀ་སྟ་ཟུར་གཡས་པར་འཇོག་པའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་སྟོན་ཏེ། ཕྱག་རྒྱ་ཆེན་པོའི་ཚུལ་

གྱིས་ནི། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོར་གོམས་པས་སོ། །རྡོ་རྗེ་བཅིང་བ་དམ་བྱས་ལ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་པས་སོ། །སྙིང་ག་ལ་སོགས་གནས་ཚུལ་དུ། །ཞེས་བྱ་བ་ནི་གནས་དེ་དག་ཉིད་དུ་བཞག་ན་དམ་ཚིག་གི་ཕྱག་རྒྱ་བཅིངས་པར་འགྱུར་རོ། །བཞག་ནས་རྒྱལ་བ་རྣམས་

མཆོད་དོ། །ཞེས་བྱ་བ་ནི་དེ་རྣམས་ཀྱི་རྒྱལ་བ་རྣམས་མཆོད་པར་བྱའོ་ཞེས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྔར་བཤད་པ་དེ་རྣམས་ཉིད་དོ། །མཆོད་པའི་ཞེས་བྱ་བ་ནི་མཆོད་པའི་དཀྱིལ་འཁོར་རོ། །ཆོས་ཀྱི་ཡེ་ཤེས་བསླབ་པར་བྱའོ། །

ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལས་ཀྱི་ཕྱག་རྒྱ་སྟེ། མདོར་བསྡུས་པ་ནི་མདོར་བྱས་པའོ། །དམ་ཚིག་ཕྱག་རྒྱ་གཉིས་སུ་བྱ། །ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བསྡམས་པ་བཞག་པའི་གནས་ཀྱི་དབྱེ་བ་བསྟན་པའི་གནས་དེ་དང་དེ་

ནས་རྡོ་རྗེ་བསྡམས་པ་བཏེག་ལ་གཉིས་སུ་བྱས་ཏེ་བསྒྱིངས་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་དེའི་ལས་ཀྱི་ཕྱག་རྒྱ་རྣམས་བསྟན་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ལས་ཀྱི་དཀྱིལ་འཁོར་གྱི་འགྲེལ་

པའོ།། །།ཕྱག་རྒྱ་བཞི་པའི་དམ་ཚིག་གི་ཆོ་གར་བྱ་བའི་ཕྱིར་དཀྱིལ་འཁོར་བཞི་བསྟན་ཟིན་ནས། ད་ནི་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་དངོས་གྲུབ་ཀྱི་ཆོ་གར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སྒྲུབ་པའི་དཀྱིལ་འཁོར་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བཞིར་བསྡུས་པའི་ཕྱག་རྒྱ་བཞི་བསྐྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་དེ་

Vol. 55 · folio 173a

བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ་དཀྱིལ་འཁོར་བཞིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱང་ཡིན་ལ་རྟོག་པ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྟོག་པ་ཆེན་པོའོ། །རྟོག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པ་ཆེན་པོ་

སྟེ། དངོས་གྲུབ་ཀྱི་ཐབས་ཡོངས་སུ་བརྟག་པ་ཡིན་པས་ན་རྟོག་པའོ། །ཆོ་ག་རྒྱས་པ་ཞེས་བྱ་བ་ནི་བྱ་བའི་རྣམ་པ་རྒྱས་པའོ། །འདི་ཞེས་བྱ་བ་ནི་འདས་མ་ཐག་པའོ། །དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་གྲུབ་ཐམས་ཅད་དོ། །དེ་རྣམས་ཀྱི་བསྡུ་བ་ནི་འབྲས་བུའི་ཚུལ་དུ་ཡོངས་སུ་བསྡུས་

པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེའི་སྙིང་པོ་ཐུགས་ལ་གནས་པ་འདི་གསུངས་པའོ། །ཡེ་ཤེས་ཀྱི་ཁུ་ཚུར་འདི་ནི་དེ་བཞིན་གཤེགས་པའི་རིགས་ཟློས་པ་རྣམས་ཀྱི་བསྒྲུབ་པའི་ཚེའི་ཡེ་ཤེས་ཀྱི་ཁུ་ཚུར་རོ། །དེ་ནས་མི་གཡོ་

བའི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པའི་རིགས་སུ་ཁུ་ཚུར་དེ་ཉིད་དང་ལྡན་པས་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་ལ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཟློས་པས་ཀྱང་སྒྲུབ་པའི་ཚེ་ན་ཁུ་ཚུར་འདི་སྦྱར་བར་བྱའོ། །སེམས་དཔའ་གཞན་ཟློས་པས་ཀྱང་རང་གི་ཕྱག་རྒྱ་དང་

ལྷན་ཅིག་ཏུ་སྦྱར་བར་བྱའོ། །དེ་ནས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་དོན་ཡང་བཤད་ཟིན་ཏོ། །དགོད་པར་བྱ་བའི་སྔགས་འདི་ལྔ་ཆར་ཡང་ཕྱག་རྒྱའི་སྙིང་པོའི་སྒྲར་གསུངས་སོ། །ད་ནི་སྒྲུབ་པའི་དཀྱིལ་འཁོར་སྟོན་པར་བཞེད་པས། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་

ན་རྡོ་རྗེ་ཞེས་བྱ་བ་ལ་སྨོས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་རང་གི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བའི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་བྱུང་ན་གཅིག་ནས་གཅིག་ཏུ་བརྒྱུད་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་བཞིའི་ངོ་བོ་ཉིད་

བསྐྱེད་ནས་རྟོག་པ་ཆེན་པོའི་ཆོ་ག་རྒྱས་པ་འདིའི་དངོས་གྲུབ་ཐམས་ཅད་བསྡུ་བ་སྟེ་བསྐྱེད་པ་དེའི་ཕྱིར་རོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། དེའི་ཕྱིར་རྡོ་རྗེའི་དངོས་གྲུབ་ཅེས་བྱ་བ་གསུངས་སོ། །ཕྱག་རྒྱ་ཐམས་ཅད་ཀྱི་ནང་ན་རྡོ་རྗེའི་ཕྱག་རྒྱ་དང་པོ་ཡིན་པས། དཀྱིལ་འཁོར་འདི་དངོས་གྲུབ་ཐམས་ཅད་བསྡུས་

Vol. 55 · folio 173b

པ་ཡིན་མོད་ཀྱི། འོན་ཀྱང་རྡོ་རྗེའི་ཕྱག་རྒྱ་གཙོ་བོ་ཡིན་པས་རྡོ་རྗེའི་དངོས་གྲུབ་ཅེས་གསུངས་སོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཡིན་པས་ན་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རོ། །དྲིས་པ་ལྔ་པ་སངས་རྒྱས་ཀྱི་ཕྱག་རྒྱ་ཡང་འདི་ན་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་

མོད་ཀྱི་དེ་ནི་འབྲི་བ་མ་ཡིན་གྱི་སྐུ་གཟུགས་དངོས་སུ་གཞག་པར་བྱ་བ་ཡིན་ལ་བཞི་ནི་ཕྱག་རྒྱར་བྲིས་པ་ཡིན་པས་ན་དེ་རྣམས་ལས་དཀྱིལ་འཁོར་གྱི་མིང་བཏགས་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བཤད་དོ་ཞེས་བྱ་བ་ནི་དེ་བཀའ་སྩལ་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་

སྟེ། ལས་ཀྱི་དཀྱིལ་འཁོར་གྱི་རྗེས་ལའོ། །རྟོག་པ་རྒྱས་པའི་དངོས་གྲུབ་ཀྱང་རྒྱས་པར་ངེས་པར་བྱ་དགོས་པས་ན། དེའི་ཕྱིར་རྣམ་པར་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་བྱའོ། །ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་ཕྱག་རྒྱའི་དཀྱིལ་འཁོར་རོ། །དམ་པ་ནི་མཆོག་གོ། །ཇི་ལྟ་བུ་ཞེ་ན།

རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། དེའི་ཕྱིར། རྡོ་རྗེའི་དངོས་གྲུབ་ཅེས་ཀྱང་གྲགས། །ཞེས་བྱ་བ་གསུངས་སོ། །ཐིག་ཇི་ལྟར་གདབ་པར་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །མཁས་པས་

རབ་ཏུ་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ། གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། ཞེས་བྱ་བ་ལ་སོགས་པས། མཁས་པ་སྟེ་བློ་དང་ལྡན་པས་ཐིག་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐིག་དེ་ལྟར་བཏབ་ནས་ཇི་ལྟར་བྲི་བར་བྱ་ཞེ་ན། ཐོག་མར་

སངས་རྒྱས་གཟུགས་གཞག་སྟེ། །དེ་ནས་ཕྱག་རྒྱ་བཞི་ཡང་བྲི། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། ཐོག་མ་སྟེ་དང་པོ་ཁོ་ནར་རྣམ་པར་སྣང་མཛད་ཀྱི་གནས་སུ་སངས་རྒྱས་ཀྱི་སྐུ་གཟུགས་བཞག་ལ་མི་བསྐྱོད་པ་ལ་སོགས་པའི་གནས་སུ་སེམས་དཔའ་རྡོ་རྗེ་ལ་སོགས་པ་བཞི་བྲི་བར་

བྱའོ། །རྡོ་རྗེ་ཐིག་གིས་བཏབ་པའི་ནང་གི་དཀྱིལ་འཁོར་གཅིག་ཏུ་རྣམ་པར་སྣང་མཛད་གཞག་པར་བྱའོ། །ལྷག་མ་ཀ་བ་བརྒྱད་ཀྱི་དབུས་སུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་བཞི་དགོད་པར་བྱ་སྟེ། བཞི་པོ་དེ་དག་ནི། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེའི་ཕྱག་རྒྱ་ལ་སོགས་བྲི། །

Vol. 55 · folio 174a

ཞེས་བྱ་བའོ། །སོགས་པ་ཞེས་སྨོས་པས་ནི་རིན་པོ་ཆེ་དང་། པདྨོ་དང་། ལས་ཀྱི་ཕྱག་རྒྱ་རྣམས་བསྡུའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །རྡོ་རྗེའི་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཞེས་བྱ་བ་ལ། རྡོ་རྗེའི་དངོས་གྲུབ་ཀྱི་ཕྱིར་ཕྱག་རྒྱའི་དཀྱིལ་འཁོར་ཡིན་པས་ན་རྡོ་

རྗེའི་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་རོ། །དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་ཞེས་བྱ་བ་ནི་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། མཆོད་པ་ལ་སོགས་པ་བྱས་ནས་སོ། །དེ་བཞིན་དུ་བཙུད་དེ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་

གྱིས་སོ། །བཙུད་ནས་འདི་སྐད་དུ་སྨྲ་བར་བྱའོ་ཞེས་བྱ་བ་ནི་འདི་སྐད་ཅེས་བསྒོ་བར་བྱའོ། །ཁྱོད་ཀྱིས་གསང་བའི་ལེའུ་འདི་སུ་ལ་ཡང་མ་བསྟན་ཅིག་ཅེས་བྱ་བ་ནི་སུ་ལ་ཡང་མ་བསྙད་ཅིག་པ་སྟེ། གསང་བའི་ལེའུ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རོ། །མ་བསྟན་ཅིག་ཅེས་བྱ་བ་ནི་མ་བསྒྲགས་པའོ། །དེ་

ཅིའི་ཕྱིར་ཞེ་ན། ལོག་པར་ལྟ་བའི་སེམས་ཅན་རྣམས་ཀྱང་ཡོད་དོ་ཞེས་བྱ་བ་ནི་ལྟ་བ་ཐ་དད་པ་སྟེ། མུ་སྟེགས་ཀྱི་ལྟ་བ་ཅན་ཞེས་བྱ་བའི་དོན་ཏོ། །སྡིག་པའི་ལས་བྱེད་པ་ཞེས་བྱ་བ་ནི་གང་བསྡུས་བའི་དོན་ལ་མ་དད་ཅིང་། སྨོད་པར་ཡང་བྱེད་པ་སྟེ། དེ་ནས་དེ་ནི་དམ་པའི་ཆོས་སྤོང་བ་ཡིན་པས་ན་སྡིག་

པའི་ལས་བྱེད་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་བསྡུས་པའི་དོན་འདི་ཐོས་པ་ལས་ཁ་ཅིག་བསམ་པ་ལོག་པར་འགྱུར་ན། དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་རྗེས་སུ་གནང་ཞེ་ན། གང་གི་ཕྱིར་སེམས་ཅན་ཤིན་ཏུ་མང་པོ་རྣམས་ལ་ཕན་པར་འགྱུར་ཏེ། དེ་དག་ཀྱང་གང་ཞེ་ན། བརྩོན་འགྲུས་

ཆུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། བརྩོན་འགྲུས་ཆུང་བ་ནི་རྒྱས་པར་བྱ་བ་ལ་སྤྲོ་བ་མེད་པའོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་མེད་པ་ནི་དད་པ་ཡོད་དུ་ཟིན་ཀྱང་སྔགས་སྤྱོད་པའི་ཚུལ་རྒྱས་པས་སྐྲག་པའི་ཕྱིར་སྦྱོར་བ་མེད་པ་ཞེས་བྱའོ། །རི་མོ་མི་ཤེས་པ་ནི་རི་མོའི་ལས་ལ་མི་མཁས་པའོ། །རྣམ་པ་

དེ་ལྟ་བུའི་སེམས་ཅན་སློབ་དཔོན་དང་སློབ་མ་སྟེ། སློབ་དཔོན་ནི་གྲུབ་པའི་ཚེ་ན་བདག་ཉིད་ཀྱིས་བྲིས་སུ་ཟིན་ཀྱང་འཇུག་པ་ལ་མི་མཁས་པའོ། །སློབ་མ་ཡང་ཇི་སྐད་དུ་བཤད་པའི་སྐྱོན་རྣམས་དང་ལྡན་པས་བྲིས་སུ་ཟིན་ཀྱང་འཇུག་པ་ལ་བརྩོན་འགྲུས་དམན་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་

Vol. 55 · folio 174b

སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ལ་འདི་ལྟ་བུའི་ཚོགས་ཆེན་པོ་བྱེད་པར་སུ་ཞིག་གིས་ནུས་ཞེས་འཇུག་པ་ལ་སྤྲོ་བ་མེད་པ་དེ་དག་གི་དོན་དང་རྗེས་སུ་གཟུང་བའི་ཕྱིར་རོ། །རྡོ་རྗེ་ལ་སོགས་པ་འདིར་སྒྲུབ་པས་ན་རྡོ་རྗེའི་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་

འཁོར་རོ། །ཡང་ན་རྡོ་རྗེའི་དངོས་གྲུབ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་རོ། །སྒྲུབ་པའི་དཀྱིལ་འཁོར་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཏུ་གྱུར་པ་ཞེས་བྱ་བ་སྟེ། གང་དུ་ཞུགས་ནས་

རང་གི་ལྷ་དང་རང་གི་ཕྱག་རྒྱ་མནོས་ནས། ཟློས་པ་དང་བསྒོམ་པ་ལ་སོགས་པ་བྱེད་པ་སྟེ། དེ་རང་གི་ལྷའི་ཆོ་ག་མ་གཏོགས་པར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་འདྲི་བ་ལ་སོགས་པའམ། རྒྱུད་ཉན་པར་འོས་པ་ནི་མ་ཡིན་ནོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་

ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱབ་པའི་ཕྱིར་དང་། ཕན་པ་སྟེ་མ་འོངས་པ་ན་བདེ་བར་འགྱུར་བའི་ལས་གང་ཡིན་པ་དང་། བདེ་བ་ཞེས་བྱ་བ་སྟེ་ད་ལྟར་གྱི་ཚེ་འདི་ཉིད་ལ་རྣམ་པར་ཤེས་པ་ལྔའི་ཚོགས་བདེ་བ་དང་ལྡན་པའོ། །ཡིད་བདེ་བ་ཐམས་ཅད་ནི་ཡིད་དང་རྗེས་སུ་མཐུན་པའི་ཚོར་བ་སྟེ། དེ་དག་

མྱོང་བར་བྱ་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱངས་པ་དང་། དེ་བཞིན་གཤེགས་པའི་རིགས་མཉེས་པར་བྱ་བ་ལ་སོགས་པ་ཐམས་ཅད་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་རིགས་སུ་གཏོགས་པའི་རྡོ་རྗེ་ཡིན་པས་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་རྡོ་རྗེ་སྟེ། དེའི་དམ་པའི་དངོས་གྲུབ་དེའི་རྒྱུར་བྱིན་གྱིས་བརླབས་པའོ། །ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་དག་གི་གསང་བ་ནི་དེའི་སྦ་བའོ། །དེ་ཡང་གང་

ཡིན་ཞེ་ན། ཕྱག་རྒྱ་རེ་རེ་མཐོང་བས་རང་གི་རིགས་ཀྱི་ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱི་དམ་ཚིག་ཐོབ་པ་དང་དངོས་གྲུབ་ཐོབ་པའོ། །འདི་དག་ཀྱང་དད་པར་བྱ་བར་དཀའ་བ་ཡིན་པས་ན་གསང་བ་འདི་རྣམས་ལ་ཡིད་མི་ཆེས་པར་མ་བྱེད་ཅིག་ཅེས་བྱ་བ་ནི་དགག་པ་གཅིག་ཡིན་ནོ། །མ་དད་པར་མ་

Vol. 55 · folio 175a

བྱེད་ཅིག་ཅེས་བྱ་བ་ནི་དགག་པ་གཉིས་པ་ཡིན་ཏེ། དེ་ལྟར་ན་དགག་པ་གཉིས་ཀྱིས་གདོད་དཀྱུས་མའི་དོན་རྟོགས་ཤིང་། མངོན་པར་དད་པར་གྱིས་ཤིག་ཅེས་གྲུབ་པ་ཡིན་ནོ། །དད་པར་བྱ་བ་དེ་ཡང་གང་ཞིག་ཡིན་ཞེ་ན། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་གསང་བ་རྣམས་ཀྱི་མཐུ་ལ་ཞེས་དོན་

གྱི་ཤུགས་ཀྱིས་སྦྱར་བར་བྱའོ། །མ་དད་པས་ཅིར་འགྱུར་ཞེ་ན། དེའི་ཕྱིར་སེམས་ཅན་དམྱལ་བ་དང་བྱོལ་སོང་དང་ཡི་དགས་ཀྱི་ཁམས་སུ་ལྟུང་བར་འགྱུར་བ་འམ་ཞེས་བྱ་བ་གསུངས་སོ། །ཅི་ཉེས་དམིགས་དེ་དག་ཏུ་ཟད་དམ་ཞེ་ན། །མ་ཡིན་ཏེ། གཞན་དག་ཀྱང་ཡོད་དོ། །འོ་ན་དེ་གང་ཞིག་ཡིན་ཞེ་ན།

དེའི་ཕྱིར་མི་བདེ་བ་མ་སྤངས་པས་དུས་མ་ཡིན་པར་ཤི་བར་གྱུར་ཏ་རེ་ཞེས་བྱ་བ་གསུངས་ཏེ། མི་བདེ་བ་ཞེས་བྱ་བ་ནི་གང་དུ་ངེས་པར་སྲོག་འཇིག་པར་འགྱུར་བའི་ཉེས་དམིགས་ཏེ། གཡང་སར་ལྟུང་བ་ལ་སོགས་པའོ། །འཚོ་བ་དོན་དུ་གཉེར་བ་རྣམས་ཀྱིས་ནི་གཡང་ས་ལ་སོགས་པ་དེ་དག་སྤང་བར་བྱ་དགོས་སོ། །

སྔགས་སྤྱོད་པ་རྣམས་ཀྱིས་ཀྱང་མ་དད་པར་འགྱུར་བ་མ་སྤངས་པ་ནི་ཡང་བ་མ་སྤངས་པ་ཡིན་པས་མི་བདེ་བ་སྤངས་པས་དུས་མ་ཡིན་པར་ཤི་བར་གྱུར་ཏ་རེ་ཞེས་གསུངས་སོ། །དཀྱིལ་འཁོར་དུ་བཅུག་ཅིང་ཇི་སྐད་དུ་གསུངས་པ་བཞིན་དབང་བསྐུར་ནས། ད་ནི་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་

པ་ལ། ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་བྱ་བ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པའོ། །དེ་དག་གི་དམ་ཚིག་ནི་གཞུང་ལུགས་ལ་རྣམ་པར་གཞག་པ་སྟེ། སྦྱོར་བ་གང་གིས་དངོས་གྲུབ་སྦྱིན་པར་འགྱུར་བའོ། །དེ་སྨྲོས་ཤིག་ཅེས་བྱ་བ་ནི་སྟོན་ཅིག་ཅེས་བྱ་བའི་དོན་ཏོ། །བདག་ཉིད་

ཆེན་པོ་གང་གི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །ཕྱག་རྒྱ་གང་དང་གང་བཅིང་བ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའམ། དམ་ཚིག་གི་ཕྱག་རྒྱའམ། ཆོས་ཀྱི་ཕྱག་རྒྱའམ། ལས་ཀྱི་ཕྱག་རྒྱའོ། །བཟླས་པའི་སྙིང་པོའི་དོན་དུ་ནི། །ཞེས་བྱ་བ་ལ། བཟླས་པ་ནི་སྙིང་པོ་བརྗོད་པའོ། །སྙིང་པོའི་དོན་དུ་

ཞེས་བྱ་བ་ནི་ཟློས་པའི་སྙིང་པོའི་དོན་ཏོ། །འདི་སྐད་སྟོན་ཏེ། སྙིང་པོ་ཞེས་བྱ་བའི་ཚིག་གིས་བྱེད་པ་པོ་དང་། བྱེད་པ་དང་། ལས་དང་། བྱ་བའི་མཚན་ཉིད་ཀྱི་དོན་གང་ཞིག་སྟོན་པའི་སྙིང་པོ་ཟློས་པ་སྟེ། གང་བྱེད་པ་པོར་བཤད་པའི་ཟློས་པ་པོ་དེ་ནི་བདག་ཉིད་ཡིན་པར་བསྒོམ་ཞིང་། གང་བྱེད་པའི་རྡོ་རྗེ་ལ་སོགས་པའི་

Vol. 55 · folio 175b

བྱེད་པ་དེ་ལ་བྱ་བ་དེ་བྱེད་པར་ལྷག་པར་མོས་པ་བྱ་བའོ། །བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་ཀྱིས་བདག་ཉིད་ལ་བསྒོམ་པའོ། །ཡེ་ཤེས་འདི་ཡི་ཚུལ་གྱིས་ནི། །ཞེས་བྱ་བ་ལ། ཡེ་ཤེས་འདིའི་བྱ་བ་ནི་སྙིང་པོའི་དོན་བསྒོམ་པའི་ཡེ་ཤེས་བཤད་མ་ཐག་པ་འདི་ཡིས་སོ། །ཚུལ་གྱིས་ནི་ཞེས་བྱ་བ་ནི་སྙིང་པོའི་དོན་

བསྒོམ་པ་ཤེས་པ་ཡོད་དུ་ཟིན་ཀྱང་། གལ་ཏེ་རྣལ་འབྱོར་གྲུབ་པར་མ་གྱུར་ཅིག །དགོས་པ་གྲུབ་པར་མ་གྱུར་ན། །དེའི་ཕྱིར་ཡེ་ཤེས་འདིའི་ཚུལ་གྱིས། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ། སྙིང་པོའི་དོན་ཡོངས་སུ་ཤེས་པ་དང་རྣལ་འབྱོར་གོམས་པས་གདོད་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་

དག་ཀྱང་གང་ཡིན་ཞེ་ན། ཕྱག་རྒྱ་ཀུན་ནོ། །སུ་ཞིག་གི་ཡིན་ཞེ་ན། བདག་ཉིད་ཆེན་པོའི་སྟེ་སངས་རྒྱས་རྣམས་ཀྱིའོ། །དེ་ལྟར་གང་ལས་ཤེས་ཤེ་ན། ཕྱག་ན་རྡོ་རྗེས་གསུངས་པ་བཞིན། །ཞེས་གསུངས་ཏེ། ཡང་དག་པར་སྡུད་པ་བྱེད་པས་སྨྲས་པའོ། །ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་བསྟན་ཟིན་ནས།

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་སྟོན་ཏེ། གསང་བར་འགྱུར་བ་ཡིན་པས་ན་གསང་བ་སྟེ། གང་ཐམས་ཅད་ལ་བསྙད་པར་བྱ་བ་མ་ཡིན་པའོ། །བདག་ཉིད་ཆེན་པོ་གང་གང་གིས། །ཕྱག་རྒྱ་གང་དང་གང་བཅིང་བ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་

བྱ། །ཞེས་གསུངས་ན། རྣམ་པར་སྨིན་པའི་ལུས་ལ་གནས་ཏེ་རང་གི་བདག་ཉིད་ཀྱི་སེམས་དེའི་གཟུགས་སུ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར། རང་གི་དབང་པོ་གཤིབས་ནས་ནི། །ཞེས་བྱ་བ་གསུངས་ཏེ། གཤིབས་པ་ནི་རྣམ་པར་བསྒོམ་པ་སྟེ། དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་

མའང་མིན། །དེ་དག་འདུས་པའང་མ་ཡིན་ཏེ། །དེ་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །ཞེས་བྱ་བ་འདིའི་ཚུལ་གྱིས་རྣམ་པར་བསྒོམ་མོ། རང་གི་དབང་པོ་སྨོས་པས་ནི་གཟུགས་ཅན་གྱི་དབང་པོ་ལྔ་གཟུང་བར་བྱའོ། །དེ་དག་རྣམ་པར་བསྒོམས་ཏེ། ཡིད་ཀྱི་དབང་པོ་རང་གི་ལྷའི་གཟུགས་སུ་གཟུང་བར་བྱའོ། །རྡོ་རྗེ་ཁུ་

ཚུར་གཟུང་བར་བྱ། །ཞེས་བྱ་བ་ལ། བདག་གང་ཡིན་པ་དེ་ནི་བདག་གི་ལྷ་ཡིན་ལ། བདག་གི་ལྷ་གང་ཡིན་པ་དེ་ནི་བདག་ཡིན་ནོ། །ལུས་དང་ངག་དང་སེམས་རྡོ་རྗེ་གཅིག་ཏུ་བྱེད་པས་འཛིན་པ་ནི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བའོ། །དེ་ཡིས་ཕྱག་རྒྱ་གང་རེག་པ། །ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་རྡོ་རྗེ་གཅིག་ཏུ་བྱེད་པའི་

Vol. 55 · folio 176a

རྣལ་འབྱོར་དེ་ཡིས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །གང་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པའོ། །རེག་པ་ནི་གཟུང་བར་བྱའོ། །དེ་མ་ཐག་ཏུ་དེ་དབང་འགྱུར། །ཞེས་བྱ་བ་ནི་དེ་མངོན་པར་འདོད་པའི་དོན་མྱུར་བ་ཉིད་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ནས་ཞེས་

བྱ་བ་ལ་སོགས་པས་ཕྱག་རྒྱ་ཐམས་ཅད་ཀྱི་ཆོས་ཉིད་སྟོན་ཏེ། ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །དེ་དག་གི་ཆོས་ཉིད་ནི་རང་བཞིན་གྱིས་གནས་པ་སྟེ། ཆོས་གང་བརྩད་དུ་མེད་ཅིང་ལན་གླན་དུ་མེད་པར་གནས་པ་དེ་ལ་ནི་ཆོས་ཉིད་ཅེས་བྱའོ། །བརྗོད་པར་བྱའོ་ཞེས་བྱ་བ་ནི་དེ་བསྟན་པར་བྱའོ་ཞེས་

པའོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་ནི་ཕྲ་མོའི་རྡོ་རྗེ་བསྒོམ་པའི་སྦྱོར་བ་གོམས་པར་བྱས་པའོ། །ཡེ་ཤེས་ཕྱག་རྒྱ་ཞེས་བྱ་བ་ནི་གང་ཡེ་ཤེས་ཀྱིས་རྣམ་པར་བརྟགས་པའོ། །བཅིང་བར་བྱ་ཞེས་བྱ་བ་ནི་དེ་བསྒོམ་པར་བྱ་བའི་དོན་ཏོ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་འདིའི་གོ་རིམས་ཀྱིས་སོ། །

ཡེ་ཤེས་ཕྱག་རྒྱ་དབང་དུ་འགྱུར། །ཞེས་བྱ་བ་ནི་ཕྱག་རྒྱ་གང་ཡེ་ཤེས་ཀྱི་བདག་ཉིད་དུ་སོ་སོར་སྣང་བ་དེ་ལ་ནི་ཡེ་ཤེས་ཕྱག་རྒྱ་ཞེས་བྱ་སྟེ། ཆོས་ཀྱི་ཡེ་ཤེས་ལ་སོགས་པ་ཕྱག་རྒྱ་དེ་ཐམས་ཅད་དབང་དུ་འགྱུར་བ་སྟེ། རྡོ་རྗེ་ཕྲ་མོ་སྔར་བསྒོམས་པས་རང་དབང་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་གླུ་

དང་གར་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་ཀྱི་ཐབས་སྟོན་ཏེ། གླུ་དང་གར་དང་ཟས་དང་བྲོ་དང་སྤྱོད་པ་རྣམས་པ་ནི། གླུ་དང་གར་དང་ཟས་དང་བྲོ་སྤྱོད་པ་ཞེས་བྱ་བ་སྟེ། དེ་ལ་སོགས་པའི་བདེ་བ་གང་ཡིན་པ་དེ་རྣམས། སངས་རྒྱས་རྣམས་ལ་ཕུལ་ན་ནི། །ཞེས་བྱ་བ་ནི་གླུ་གར་ལ་

སོགས་པ་དེ་རྣམས་སངས་རྒྱས་ལ་ཕུལ་ཞིང་བསྟབས་ན། ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །ཞེས་བྱ་བ་ནི་རང་དབང་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས་སྤྱོད་པ་གང་དང་གང་བྱེད་པ་དེ་དང་དེ་དག་ལས་བདེ་བ་གང་སྐྱེས་པ་དེ་དབུལ་བའི་སྒོ་ནས་

སངས་རྒྱས་ཐམས་ཅད་ཡིད་ལ་བྱ་བ་བསྒོམས་ན་ལས་ཀྱི་ཕྱག་རྒྱ་རང་དགར་དབང་དུ་འགྱུར་བ་སྒྲུབ་པར་བྱེད་དོ། །རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་འདི་དག་ཐམས་ཅད་ནི་རྡོ་རྗེ་དབྱིངས་ཏེ་རྣམ་པར་སྣང་མཛད་ཀྱིས་བསྐྱེད་པ་ཡིན་ནོ་ཞེས་ནི་འབྱུང་ན། གོ་རིམས་གང་གིས་རྡོ་རྗེ་དབྱིངས་སུ་འགྱུར་བ་དེ་མ་བསྟན་

Vol. 55 · folio 176b

པས་ན། དེ་ནི་དེ་ནས་དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་སྟེ་སྐྱེད་པར་བྱེད་པའོ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་པ་ཡང་ཡིན་ལ།

གསང་བའི་ཕྱག་རྒྱ་ཡང་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་གསང་བའི་ཕྱག་རྒྱའོ། །དེའི་ཡེ་ཤེས་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་གསང་བའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་པའོ། །མཚན་མ་བསྟན་པར་རང་འགྱུར་ནས། །ཞེས་བྱ་བ་ལ།

མཚན་མ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་སྦྱིན་པ་ལ་སོགས་པའོ། །བསྟན་པ་ནི་དེས་བདག་ཉིད་ལ་ཤིན་ཏུ་བསྟན་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་ལྷག་པར་མོས་ཤིང་། རྫོགས་པར་གྱུར་པར་བདག་ཉིད་རྣམ་པར་བསྒོམས་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་ཕྱེ་སྟེ། རྡུལ་ཕྲ་

རབ་ཀྱང་ཆ་དྲུག་གི་ཚུལ་གྱིས་གཞིག་པར་བྱའོ། །དཀར་པོར་གྱུར་པའི་རས་ལ་གནས། །ཞེས་བྱ་བ་ལ། ཆོས་ཀྱི་དབྱིངས་ཀྱི་རྣམ་པར་གྲོལ་བའི་རེས་སྟོང་པ་ཉིད་ལ་གནས་པར་གྱུར་པའོ། །དེ་ནས་སྟོང་པ་ཉིད་ལ་གནས་པས་ནི་སེམས་ཅན་རྣམས་ཀྱི་དོན་མི་འགྲུབ་པའི་ཕྱིར། མཚན་མའི་མཆོད་རྟེན་བྱིན་བརླབས་

ཏེ། །ཞེས་བྱ་བ་སྟེ། སྦྱིན་པ་བཞི་ལ་སོགས་པའི་བསོད་ནམས་གང་ཡིན་པ་དེ་ཉིད་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་ཟླ་བའི་དཀྱིལ་འཁོར་དུ་བསམ་པ་ནས། ཇི་སྲིད་སངས་རྒྱས་ཀྱི་སྐུར་གྱུར་པ་དེ་སྲིད་ཀྱི་བར་དུ་བསམ་པར་བྱའོ། །དེ་བས་ན་སངས་རྒྱས་ཀྱི་སྐུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་

ཉེ་བར་བསགས་པ་ལས་ཡང་དག་བྱུང་བའི་ཕྱིར་བསགས་པར་གྱུར་པས་ན་མཆོད་རྟེན་ཞེས་བྱའོ། །དེ་ཉིད་ཀྱིས་ན། བདག་ཉིད་རྡོ་རྗེ་དབྱིངས་སུ་བསྒོམ། །ཞེས་བྱ་སྟེ། རྣལ་འབྱོར་པས་ཚུལ་འདིས་བདག་ཉིད་བསྒོམ་པར་བྱའོ། །འདི་ནི་དཀྱིལ་འཁོར་ཐམས་ཅད་དུ་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་

གསང་བའི་ཕྱག་རྒྱ་ཡིན་ནོ། །ད་ནི་རྡོ་རྗེ་བཅིང་བ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་སྟོན་ཏེ། སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་ལས་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་གཤིབས་ན་རྡོ་རྗེ་རྩེ་གསུམ་པའི་དམ་ཚིག་ཡིན་ནོ། །དམ་ཚིག་མཆོག་གི་བྱ་བ་ནི་སངས་རྒྱས་རྣམས་ཀྱིའོ། །ད་ནི་

Vol. 55 · folio 177a

རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱ་བའི་མན་ངག་སྟོན་པར་བྱེད་དེ། རྡོ་རྗེ་ཕྲ་མོའི་ཚུལ་དུ་ནི། །ཞེས་བྱ་བ་ནི་སྦྱོར་བ་གང་གིས་སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་བསྒོམ་པའི་སྦྱོར་བ་དེ་ཉིད་ཀྱིས་རབ་ཏུ་མཉམ་པར་བཞག་ནས། དཀྱིལ་འཁོར་པདྨའི་འདབ་མ་སོར་མོ་གཉིས་

ཙམ་གྱི་ཚོད་དུ་སྣའི་རྩེ་མོར་དམིགས་ཤིང་བསྒོམ་པ་སྟེ། དེ་ཉིད་ལ་ནི་རྡོ་རྗེ་ཕྲ་མོ་ཞེས་བཤད་པས་ན། རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ཏེ། །ཞེས་གསུངས་སོ། །མཚན་མ་ཐོབ་ནས་ནི་སྤྲོ་བ་དང་སླར་ཡང་བསྡུ་བར་བྱ་སྟེ། དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྒྲུབ་པར་བྱའོ། །རྡོ་རྗེ་ཕྱག་

རྒྱ་གཉིས་བཅིངས་ལ། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འདིར་རྡོ་རྗེ་གང་གིས་བཟུང་ནས་སྒྲུབ་པ་དེའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བྱས་ན། །རྡོ་རྗེ་ཕྱག་རྒྱ་གཉིས་སུ་འགྱུར། །ཞེས་བྱ་བ་དེ་ལྟ་བུའི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་པའོ། །དེ་གཉིས་རྡོ་རྗེ་དམ་དུ་གཟུང་། །ཞེས་བྱ་བ་ནི་བསྒྲུབ་པར་

བྱ་བའི་རྡོ་རྗེ་གང་ཡིན་པ་དེའོ། །ཇི་ལྟར་གཟུང་བར་བྱ་ཞེ་ན། དེའི་ཕྱིར། མཛུབ་མོ་མཐེའུ་ཆུང་བསྣོལ་བ་ནི། །ཞེས་གསུངས་ཏེ། མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་ཀྱིས་རྡོ་རྗེ་དེ་གཟུང་བ་སྟེ། ཁུ་ཚུར་གཡས་པའི་མཐེའུ་ཆུང་གཡོན་པའི་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་བཅུག་ལ། བཀན་ཏེ་ལྕགས་ཀྱུའི་

ཚུལ་དུ་གཡས་པའི་མཛུབ་མོ་གཡོན་པའི་མཛུབ་མོ་དང་གུང་མོའི་བར་དུ་བཅུག་ལ་བཀན་ཏེ་ལྕགས་ཀྱུའི་ཚུལ་དུ་བྱ། གཡོན་པའི་མཛུབ་མོ་དང་མཐེའུ་ཆུང་ཡང་དེ་ཉིད་ཀྱི་རྒྱབ་ཏུ་བཀན་ལ་ལྕགས་ཀྱུ་ལྟ་བུར་བྱས་ཏེ་བཞག་ལ་དེ་ཉིད་ཀྱི་བར་དུ་རྡོ་རྗེ་བཅུག་ལ་དམ་དུ་རྡོ་རྗེ་གཟུང་བར་བྱའོ། །རྡོ་རྗེའི་དགོས་པ་ནི་དངོས་གྲུབ་སྟེ། དཀྱིལ་

འཁོར་འདིར་དེ་ཉིད་མཆོག་སྟེ་དམ་པ་ཡིན་པས་ན། རྡོ་རྗེའི་དགོས་མཆོག་དཀྱིལ་འཁོར་རོ། །སྒྲུབ་པའི་དུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དབུས་སུ་བཞག་ལ་ཕྱག་རྒྱ་བཞི་བྲིས་ཏེ་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱ་ལ། མཆོད་པ་དང་བཤོས་ལ་སོགས་པ་ཅི་ནུས་སུ་ཕུལ་ཏེ། གཏོར་མ་ཡང་བྱིན་ལ་གལ་ཏེ་

བདག་ཉིད་ཀྱིས་བྲིས་པ་ཞིག་ན་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ཏེ། དེས་ཕྲེང་བ་བླངས་ལ་ཕྲེང་བ་དེ་སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་ཏེ། དེ་ནས་ཕྲེང་བ་དེ་སླར་བླངས་ལ་དེ་བཞིན་གཤེགས་པས་མགོ་ལ་བཅིང་བར་བསམ་ཞིང་། བདག་ཉིད་ཀྱི་མགོ་ལ་བཅིང་བར་བྱ་སྟེ། དབང་བསྐུར་བ་ལྷག་མ་རྣམས་ཀྱང་

Vol. 55 · folio 177b

དེ་ཉིད་ཀྱིས་སྩལ་པར་བསམ་པ་དང་། སྒྲུབ་པའི་ཕྱག་རྒྱ་དེ་ཡང་བསྲུང་བ་མཛད་ནས་དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་བར་བསམ་མོ། །དེ་ལྟར་བསམས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱས་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཏེ། དེ་ལས་གཞན་དུ་བཞུགས་སུ་གསོལ་

ཏེ། གནས་དེར་སྟན་ཤིན་ཏུ་འཇམ་པོ་བཏིང་ལ། དེར་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བསྒྲུབ་པར་བྱ་བའི་ཕྱག་རྒྱ་ཇི་སྐད་གསུངས་པའི་ཚུལ་གྱིས་གཟུང་ལ། མཚན་ཐོག་ཐག་བཟླས་བརྗོད་བྱའོ། །གལ་ཏེ་བདག་ཉིད་ཀྱིས་བྲི་བར་མི་ནུས་ན། དེས་སློབ་དཔོན་ལ་གསོལ་བ་བཏབ་ལ། དེ་ཉིད་ལ་དབང་བསྐུར་བ་

ལ་སོགས་པ་མནོས་ཏེ། ཞུགས་ནས་འདུག་ལ་ཇི་སྐད་གསུངས་པའི་ཚུལ་བཞིན་དུ་བསྒྲུབ་པར་བྱའོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་ཉེ་བར་བསྡུ་བར་བཞེད་པ་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བསྡུ་བའི་ཚེ་དཀྱིལ་འཁོར་དུ་སྔར་མ་ཞུགས་པ་ཞིག་ཡིན་ན་དེ་ལ་སེམས་དཔའ་རྡོ་རྗེ་མ་ལ་

སོགས་པའི་ཕྱག་རྒྱ་བཞི་བསླབ་པར་བྱ་སྟེ། སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་དེ་དག་ཉིད་ལ་ཕྱག་རྒྱ་ཆེན་པོའི་སྒྲར་གསུངས་སོ། །སངས་རྒྱས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་སྔགས་ཀྱི་བདག་པོར་གྱུར་པ་མེད་དོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་ཇི་ལྟ་བ་

བཞིན་དུ་ཞེས་བྱ་བ་ནི་རྡོ་རྗེ་བསྟོད་པའི་གླུ་ལེན་པ་དང་། ཕྱིའི་དཀྱིལ་འཁོར་དུ་མཆོད་པ་བྱ་བ་ལ་སོགས་པ་ནས་ལྷ་རྣམས་གཤེགས་སུ་གསོལ་བའི་བར་དུ་སྟོན་པ་ཡིན་ནོ། །རྡོ་རྗེའི་དངོས་གྲུབ་སྒྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་

པའི་དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན་དུ། མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཡང་བྲི་བར་བྱའོ་ཞེས་བསྒྲེ་བ་ཡིན་ནོ། །སོགས་པ་སྨོས་པས་ནི་རིན་ཆེན་འབྱུང་ལྡན་དང་ཚེ་དཔག་ཏུ་མེད་པ་དང་གདོན་མི་ཟ་བར་གྲུབ་པ་རྣམས་བསྡུའོ། །བྱང་ཆུབ་སེམས་དཔའ་གང་དང་གང་གིས་ཕྱག་རྒྱ་གང་དང་

གང་སྒྲུབ་པར་འདོད་ན་ཕྱག་རྒྱ་བཞི་དཀྱིལ་འཁོར་གང་དང་གང་ཡིན་པ་དེ་དང་དེར་བདག་པོ་སྩལ་ལ་རང་གི་ལྷའི་རྣལ་འབྱོར་རམ་བདག་པོའི་རྣལ་འབྱོར་དུ་གནས་ཏེ་ཕྱག་རྒྱ་དེ་དང་དེ་དག་བསྒྲུབ་པར་བྱ་བ་འདི་ནི་རྒྱུད་ཐམས་ཅད་ཀྱི་ཚུལ་ཡིན་ནོ། །ཅི་ཕྱག་རྒྱ་ཡང་འདི་དག་ཉིད་དེ་རྣམས་སུ་ཡང་བྲི་བར་བྱའམ་ཞེས་ན་མ་ཡིན་ནོ། །འོ་ན་

Vol. 55 · folio 178a

གང་ཞིག་ཅེ་ན། རང་རང་ཕྱག་རྒྱ་རྣམས་སུ་ཞེས་བྱ་བ་སྟེ། མི་བསྐྱོད་པའི་དཀྱིལ་འཁོར་དུ་རྡོ་རྗེ་དང་ལྕགས་ཀྱུ་དང་མདའ་དང་གཞུ་རྣམས་བྲི་བར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གཞན་རྣམས་སུ་ཡང་རང་རང་གི་ཕྱག་རྒྱ་རྣམས་བྲི་བར་ཤེས་པར་བྱའོ། །དངོས་གྲུབ་ཐམས་ཅད་

ཀྱང་འགྲུབ་པོ་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་རྣམས་སྩོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་ས་ལ་ཇི་ལྟ་བ་དེ་བཞིན་དུ་རས་དང་རྩིག་པ་དང་། ནམ་མཁའ་དང་གནས་ཐམས་ཅད་དུ་བྲིས་སུ་ཟིན་ཀྱང་། ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཀྱི་དངོས་གྲུབ་ཀྱི་དུས་ལ་ངེས་

པ་མེད་པ་ནི་དཀྱིལ་འཁོར་བརྟག་པ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དཀྱིལ་འཁོར་བརྟག་པ་ནི་དཀྱིལ་འཁོར་བྲི་བའོ། །བརྩམས་ཏེ་ཞེས་བྱ་བ་ནི་དེ་ཕན་ཆད་དོ། །ལ་ལ་ནི་དཀྱིལ་འཁོར་དུ་ཞུགས་པ་དེ་ཉིད་ཀྱི་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱི་མཚན་མོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདོད་པ་བཞིན་དུ་ཞེས་བྱ་

བ་ནི་ཇི་ལྟར་མངོན་པར་དགའ་བར་རོ། །ཞག་གཅིག་གིས་ཞེས་བྱ་བ་ནི་ཉིན་མཚན་གཅིག་གིས་སོ། །མཚམས་མེད་པ་ལྔ་བྱས་པ་ཡང་ཞེས་པ་འདིས་ནི་འདི་སྐད་སྟོན་ཏེ། སྒྲིབ་པ་ཤིན་ཏུ་ལྕི་བས་བསྒྲིབས་ཤིང་རྒྱུད་གཞན་ལས་སྤངས་པ་དེ་དག་ཀྱང་འདིར་བསྒྲུབ་པར་བསྟན་པ་ཡིན་ནོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ནི་དུས་

ཇི་སྲིད་དུ་ནུས་པ་དེ་སྲིད་དུ་བསྒོམ་པར་བྱས་ཀྱང་ངོ་། །བདེ་བླག་ཏུ་ཞེས་བྱ་བ་ནི་སྨྱུང་བ་ལ་སོགས་པ་ཡང་མ་བྱས་པར་རོ། །དོན་ཐམས་ཅད་བྱེད་ཅིང་ཞེས་བྱ་བ་ནི་གང་གི་ཁྱིམ་གྱི་བྱ་བ་གང་ཡིན་པ་དེ་ཡང་བྱེད་པའོ། །ཐམས་ཅད་དགའ་བ་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་ལ་རྗེས་སུ་དགའ་བར་བྱེད་པའོ། །ཟོ་ཞེས་བྱ་བ་

ནི་ཚྭ་སྐྱུར་ལ་སོགས་པ་གཞན་དག་ནས་བཀག་པ་དེ་ཡང་འདིར་ནི་དེ་བཞིན་ནོ་ཞེས་སྟོན་ཏོ། །ཟས་ཞེས་བྱ་བ་ནི་མུངྒའི་སྣུམ་ཁུར་དང་། སྐྱ་ཁུར་ལ་སོགས་པའོ། །སྤྱོད་པ་ཞེས་བྱ་བ་ནི་སྤྱོད་ལམ་རྣམ་པ་བཞི་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པའི་དངོས་པོ་རྣམས་ཀྱིས་བདེ་བ་ཉམས་སུ་མྱོང་ཡང་། ལོ་གཅིག་གིས་མཆོག་

འགྲུབ་པོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། དཀྱིལ་འཁོར་གཤེགས་སུ་གསོལ་བའི་ཉིན་མོ་ནས་བརྩམས་ཏེ་ལོ་གཅིག་ལོན་གྱི་བར་གྱིས་ཞེས་བྱ་བར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།རྡོ་རྗེ་དངོས་

Vol. 55 · folio 178b

གྲུབ་ཀྱི་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པའི་དཀྱིལ་འཁོར་བསྟན་ཟིན་ནས། ད་ནི་དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་གཅིག་པ་སྒྲུབ་པ་དང་། དམ་ཚིག་སྒྲུབ་པའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་རྗེས་ལའོ། །ཡང་ཞེས་བྱ་བ་ནི་

རྡོ་རྗེ་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ལ་ལྟོས་པའོ། །སྐལ་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །ཁྱད་པར་དུ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དངོས་གྲུབ་དམ་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་

གྲུབ་དམ་པའོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་དོན་དང་ལྡན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །མིང་ཇི་སྐད་ཅེས་བྱ་བ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་

པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ་སྟེ། གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་ཆོས་མངོན་པར་རྟོགས་པར་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། ཐུགས་ལ་གནས་པ་འདི་རང་

གི་ཐུགས་ཀ་ནས་ཕྱུང་བའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། སྙིང་པོ་གསུངས་པའི་རྗེས་ལའོ། །བྱང་ཆུབ་ཆེན་པོ་ལ་སེམས་དཔས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ། །ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་

རྣམས་ཡོངས་སུ་བསྐྱབ་པ་ནི་ངན་སོང་ལ་སོགས་པ་ལས་སོ། །ཕན་པ་ནི་མ་འོངས་པ་ན་བདེ་བར་འགྱུར་བའི་ལས་གང་ཡིན་པའོ། །བདེ་བ་ནི་རྣམ་པར་ཤེས་པ་ལྔའི་ཚོགས་དང་རྗེས་སུ་མཐུན་པའི་ཚོར་བ་གང་ཡིན་པའོ། །ཡིད་བདེ་བ་ཐམས་ཅད་ནི་ཡིད་དང་རྗེས་སུ་མཐུན་པའི་ཚོར་བ་གང་ཡིན་པ་སྟེ། ཇི་སྐད་བཤད་

པ་དེ་དག་སེམས་ཅན་དེ་རྣམས་ཀྱིས་མྱོང་བར་བྱ་བའི་ཕྱིར་རོ། །གཞན་ཡང་དེ་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་སྐད་དུ་གསུངས་པའི་འབྲས་བུ་དག་འགྲུབ་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་སྟེ། འཚང་རྒྱ་བ་ཐོབ་པར་བྱ་བའི་བར་དུའོ། །

Vol. 55 · folio 179a

ཐེག་པ་ཆེན་པོ་མངོན་པར་རྟོགས་པར་བྱ་བའི་ཕྱིར་དཀྱིལ་འཁོར་ཏེ། མངོན་པར་རྟོགས་པ་ནི་ཆོས་རྣམས་རབ་ཏུ་རྟོགས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བཤད་དོ་ཞེས་བྱ་བ་ནི་བཀའ་སྩལ་པ། ཇི་ལྟར་བཤད་ཅེ་ན། དེ་ནས་རབ་ཏུ་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་

གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །དམ་ཚིག་བསྟན་པ་མེད་པར་ནི་དམ་ཚིག་བསྲུང་བ་མི་འབྱུང་བས་ན་དེའི་ཕྱིར་ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་བྱ་བའོ། །སེམས་དཔའ་ཆེན་པོའི་དཀྱིལ་འཁོར་ཡིན་པས་ན་སེམས་དཔའ་ཆེན་པོའི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། དམ་

པ་སྟེ་ཞེས་བྱ་བའོ། །ཇི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །མིང་ཇི་སྐད་བྱ་བ་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་ཀྱང་བཤད། །ཅེས་བྱ་བའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱིའི་

དཀྱིལ་འཁོར་བྲིས་ལ། རྡོ་རྗེ་ཐིག་གིས་བཏབ་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་བྱས་ནས་རྡོ་རྗེ་སེམས་དཔའ་དགོད་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་བྲིས་པའི་རྗེས་ཐོགས་ལའོ། །དགུག་པ་དང་གཞུག་པ་ལ་སོགས་པ་ཞེས་སྨོས་པས་མནའ་བསྒག་པ་དང་། དབབ་པ་དང་། མེ་ཏོག་དོར་བ་དང་། མེ་ཏོག་གི་ཕྲེང་

བ་བཅིང་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བསྟན་པ་དང་། དབང་བསྐུར་བ་རྣམ་པ་མང་པོ་སྦྱིན་པ་ལ་སོགས་པ་བསྡུའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དངོས་གྲུབ་དེའི་ཡེ་ཤེས་རྣམས་བསྐྱེད་པར་བྱའོ། །དེ་ལ་ཐོག་མ་ཁོ་ནར་མནའི་སྙིང་པོ་སྦྱིན་པར་བྱ་སྟེ།

དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བའོ། །གསང་བ་འདི་ཞེས་བྱ་བ་ནི་གང་འདི་ནས་སྨོས་པ་རྣམས་ཐམས་ཅད་དུ་བཤད་དུ་མི་རུང་བས་ན། ཁོང་དུ་མ་ཆུད་ཅིང་མི་མཁས་པ་རྣམས་ལ་གསང་བར་བྱ་དགོས་སོ། །གལ་ཏེ་སྨྲས་ན་ཉེས་པ་ཅི་ཞིག་ཏུ་འགྱུར་

ཞེ་ན། དེའི་ཕྱིར་ཁྱོད་ངན་སོང་ཐམས་ཅད་དུ་ལྟུང་བའམ་ཞེས་བྱ་བ་གསུངས་ཏེ། ལོག་པར་འགྲོ་བས་ན་ངན་སོང་སྟེ། བདེ་འགྲོར་སྐྱེས་པ་ལས་དམྱལ་བ་ལ་སོགས་པའི་གནས་སུ་སྐྱེས་པ་ནི་ངན་སོང་དུ་ལྟུང་བ་སྟེ། ངན་སོང་དེ་དག་ཏུ་ལྟུང་བར་འགྱུར་ཏ་རེ་ཞེས་བྱ་བའོ། །མི་བདེ་བ་མ་སྤངས་པས་

Vol. 55 · folio 179b

ཞེས་བྱ་བ་ནི་ཉམ་ཐག་པ་རྐྱེན་དང་ཁད་ཉེ་བར་གྱུར་པ་སྟེ། དེ་མ་སྤངས་པ་ནི་སྤྱོད་པར་བྱེད་པས་ན་མི་བདེ་བ་མ་སྤངས་པའོ། །མི་བདེ་བ་མ་སྤངས་པ་དེས་དུས་མ་ཡིན་པར་འཆི་བར་འགྱུར་བ་སྟེ། ཚེ་ཇི་སྲིད་གནས་པར་འཕགས་པ་དེ་སྲིད་དུ་གནས། འཆི་བ་ནི་དུས་སུ་འཆི་བ་ཡིན་ན། དུས་མ་ཡིན་པར་འཆི་བས་ན་དུས་

མ་ཡིན་པར་ཤི་བ་སྟེ། བར་མ་དོར་འཆི་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་མནའ་བསྒག་པའི་རྗེས་ཐོགས་ལའོ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་དམ་པ་སྟེ། འདིས་བསྒྲུབ་པར་བྱ་བ་ཡིན་པས་ན་སྒྲུབ་པ་སྟེ། དེའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་པའོ། །རྡོ་རྗེ་

ཕྲ་མོ་བསྒོམ་པ་བྱས་ལ་ཟླ་བའི་དཀྱིལ་འཁོར་བསྒོམ་པའང་ཇི་སྐད་གསུངས་པ་བཞིན་དུ་བྱ་སྟེ། ཟླ་རྒྱས་དཀྱིལ་འཁོར་ལ་འདུག་སྟེ། །ཞེས་བྱ་བ་ནི་ཟླ་བ་ཡང་ཡིན་ལ་རྒྱས་པ་ཡང་ཡིན་པས་ན་ཟླ་རྒྱས་སོ། །ཟླ་བ་རྒྱས་པ་དེའི་དཀྱིལ་འཁོར་ཡིན་པས་ན་ཟླ་རྒྱས་དཀྱིལ་འཁོར་རོ། །དེ་ལ་འདུག་པས་ན་ཟླ་རྒྱས་དཀྱིལ་

འཁོར་ལ་འདུག་སྟེའོ། །ཕྱག་རྒྱ་ཆེན་པོ་གཟུང་བས་ན། །ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ཡོངས་སུ་གཟུང་བའོ། །བདག་ཉིད་རྡོ་རྗེ་སེམས་དཔར་ནི། བསྒོམས་ན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་གོམས་པར་བྱས་ན་མྱུར་བ་ཉིད་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ནས་ཞེས་བྱ་བ་ལ་

སོགས་པས་ཇི་སྐད་གསུངས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གང་ཡིན་པ་དེ་སྟོན་ཏོ། །འདོད་ཆགས་བྲལ་བ་ཞེས་བྱ་བ་ནི་འདོད་ཆགས་བྲལ་བའི་སྒོ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་སྟོན་ཏོ། །ལྟ་བུ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་དང་འདྲ་བར་བྱེད་

པའི་སྡིག་པ་གཞན་ནི་ཁམས་གསུམ་ཐམས་ཅད་ན་མེད་དེ། གང་གི་ཕྱིར་སྡིག་པ་ཐམས་ཅད་ཀྱི་ནང་ན་མི་བཟད་པ་ནི་མཚམས་མེད་པ་ཡིན་ཏེ། དེ་བྱས་སུ་ཟིན་ཀྱང་ངན་སོང་དུ་སྐྱེས་ནས་སྡིག་པ་ཐམས་ཅད་ཟད་པར་བྱས་ཏེ། སླར་བྱང་ཆུབ་ཀྱི་སྐལ་པ་ཅན་དུ་འགྱུར་གྱི། འདོད་ཆགས་དང་བྲལ་བར་བྱས་ནས་ཉན་ཐོས་

དང་རང་སངས་རྒྱས་སུ་གྱུར་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་སྐལ་བ་ཅན་དུ་མི་འགྱུར་རོ། །དེ་བས་ན། འདོད་ཆགས་བྲལ་བའི་སྡིག་ལྟ་བུ། །ཁམས་གསུམ་ན་ཡང་གཞན་མེད་དེ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན། དེ་བས་འདོད་པའི་ཆགས་བྲལ་བར། །ཁྱོད་

Vol. 55 · folio 180a

ཀྱིས་ཀྱང་ནི་མ་བྱེད་ཅིག །ཅེས་བྱ་བ་གསུངས་པ་ཡིན་ཏེ། འདོད་པ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། དེ་ལ་འདོད་ཆགས་དང་བྲལ་བར་ཞེས་བྱ་བ་ནི་རྒྱབ་ཀྱིས་ཕྱོགས་པར་མི་བྱ་བའོ། །དེ་བས་ན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་

ཐེག་པ་ནི་འདོད་ཆགས་དང་བྲལ་བའི་འཁོར་ལོ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་འཁོར་ལོ་ཡིན་པས་སོ། །དེ་ལ་ལྷག་པར་མོས་པ་ཡང་འདོད་ཆགས་དང་བྲལ་བ་ལ་མོས་པ་ཡིན་པས་འདོད་ཆགས་དང་བྲལ་བའི་འཁོར་ལོ་ཞེས་བྱའོ། །དེ་གཞོམ་པར་བྱ་བ་ནི་སློབ་དཔོན་གྱིས་ཕཊ་ཅེས་བྱ་བའི་སྙིང་

པོ་བརྗོད་པ་ཡིན་ཏེ། དེ་ན་འདོད་ཆགས་དང་བྲལ་བའི་འཁོར་ལོ་བཅོམ་པ་བྱས་པ་ཡིན་ནོ། །དེ་ནས། མནའ་ཡི་སྙིང་པོ་བརྗོད་པར་བྱ། །ཞེས་བྱ་བ་ནི་ཁྱོད་ཀྱིས་འདི་སུ་ལ་ཡང་མ་བསྟན་ཅིག་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་ཇི་ལྟར་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་འདིར་བྱ་བ་ཇི་ལྟ་བ་དེ་བཞིན་

དུ་རྡོ་རྗེ་དབྱིངས་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་ལྷ་གཤེགས་སུ་གསོལ་བའི་ཚེ། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤངས་པའི་མཚན་ཉིད་འདོད་ཆགས་དང་བྲལ་བ་ལྟ་བུའི་སྡིག་པ་གཞན་མེད་དོ་ཞེས་བྱ་བ་ལ་སོགས་པའི་སྡོམ་པ་དང་དམ་ཚིག་སྦྱིན་པར་བྱའོ་ཞེས་

བསྒྲེ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དམ་ཚིག་དང་སྡོམ་པ་བྱིན་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་བསླབ་པར་བྱའོ་ཞེས་པའོ། །དངོས་གྲུབ་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་པོ་འདི་དག་གི་དངོས་གྲུབ་

རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཇི་སྐད་གསུངས་པ་འདིར་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་སྟོན་ཏོ། །དཀྱིལ་འཁོར་འདིར་དངོས་གྲུབ་ཇི་ལྟར་བསྟན་པ་དེ་བཞིན་དུ་རས་དང་རྩིག་པ་ལ་སོགས་པ་ལ་དཀྱིལ་འཁོར་བྲིས་པའི་དངོས་གྲུབ་རྣམས་ལ་ཡང་བརྗོད་པར་བྱའོ། །སྐུ་གཟུགས་ཐམས་ཅད་ཅེས་བྱ་བ་ནི་གསེར་དང་

དངུལ་ལས་བྱས་པ་ནས་རྡོ་དང་ཤིང་ལ་སོགས་པའི་བར་གྱིའོ། །ཇི་ལྟར་འདོད་པའི་ཞེས་བྱ་བ་ནི་རྣལ་འབྱོར་པ་འདིའི་སེམས་གང་དང་གང་གིས་རྩེ་གཅིག་ཏུ་འགྱུར་བ་དེ་དང་། དེ་ཉིད་ནི་དེའི་ཆོ་ག་ཡིན་ཏེ། ཇི་ལྟར་འདོད་པའི་ཆོ་ག་དེས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་སྦྱིན་པར་འགྱུར་བ་ནི་ཇི་སྐད་གསུངས་པའི་དངོས་

Vol. 55 · folio 180b

གྲུབ་ནི་དངོས་གྲུབ་ཐམས་ཅད་དེ། དོན་གྱི་དངོས་གྲུབ་དང་། རིག་པ་འཛིན་པའི་དངོས་གྲུབ་དང་། རྫུ་འཕྲུལ་གྱི་དངོས་གྲུབ་དང་། དངོས་གྲུབ་དམ་པ་ལ་སོགས་པ་རྣམས་སོ། །དངོས་གྲུབ་རྣམས་ཇི་ལྟར་སྦྱིན་པར་བྱ་ཞེ་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་སྟེ། ཇི་ལྟར་ཞུགས་པ་རྣམས་

མགུ་བར་བྱས་ནས་ཞེས་བྱ་བ་ལ་སོགས་པ་བྱ་བ་ལྷག་མ་རྣམས་དཔེའི་ཚུལ་གྱིས་བསྒྲེ་བ་ཡིན་ནོ། །སྔར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདུ་བ་དང་། བྱིན་གྱིས་བརླབ་པ་མ་མཛད་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་རྟོག་པ་བཤད་པའི་ཕྱིར་གསོལ་བ་བཏབ་པ་ཡིན་ནོ། །ད་ནི་གསུངས་པའི་རྟོག་པ་

སངས་རྒྱས་ཀྱི་གསུང་ཡིན་པར་བཤད་པའི་ཕྱིར། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟོན་ཏེ། ཡང་དེ་བཞིན་གཤེགས་པ་ཐམས་ཅད་འདུ་བ་དང་། བྱིན་གྱིས་བརླབ་པ་མཛད་པ་ནི་ལེགས་སོ། །བྱ་བའི་ཕྲིན་ལས་མཛད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐལ་པ་ཕུན་སུམ་ཚོགས་པ་དང་ལྡན་

པས་ན་བཅོམ་ལྡན་འདས་ཏེ། རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེ་ལའོ། །བྱང་ཆུབ་ཆེན་པོ་ལ་སེམས་དཔས་ན་བྱང་ཆུབ་ཀྱི་སེམས་

ཆེན་པོ་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོ་དེ་ལའོ། །རྡོ་རྗེའི་རང་བཞིན་གྱི་སེམས་དཔའ་ཡིན་པས་ན་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ་དེ་ལའོ། །ཕྱག་ན་རྡོ་རྗེ་ཆེན་པོ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོ་སྟེ། ཕྱག་ན་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཕྱག་ན་རྡོ་རྗེ་ཆེན་པོ་སྟེ། ཕྱག་ན་རྡོ་རྗེ་

ཆེན་པོ་དེ་ལའོ། །རྡོ་རྗེ་དགྱེས་པ་ནི་རྡོ་རྗེ་མགུ་བའི་ཕྱག་རྒྱ་ལེགས་སོ་ཞེས་བྱ་བ་ནི་བྱིན་པའོ། །ད་ནི་སྙིང་པོ་སྟོན་ཏེ། ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད། །ཅེས་བྱ་བ་ནི་དཀྱིལ་འཁོར་གང་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་བཤད་པ་དེ་ནི་ཁྱོད་ལེགས་སོ་པའོ། །རྡོ་རྗེ་རིན་ཆེན་ཁྱོད་ལེགས་སོ། །ཞེས་བྱ་བ་ནི་རྡོ་རྗེ་རིན་

ཆེན་གྱི་གཟུགས་ཀྱིས་དཀྱིལ་འཁོར་གང་བཤད་པ་དེ་ཡང་ལེགས་སོ་པའོ། །རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་གཟུགས་ཀྱིས་དཀྱིལ་འཁོར་གང་བཤད་པ་དེ་ཡང་ལེགས་སོ་པའོ། །རྡོ་རྗེ་ལས་ནི་ཁྱོད་ལེགས་སོ། །ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་གཟུགས་ཀྱིས་དཀྱིལ་འཁོར་གང་བཤད་པ་དེ་ཡང་

Vol. 55 · folio 181a

ལེགས་སོ་པའོ། །དེ་ལྟར་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་པར་སྨྲས་པ་ཡིན་ནོ་ཞེས་གསུངས་པ་ལས་ན། སངས་རྒྱས་ཀྱིས་རྗེས་སུ་གནང་བ་ཡིན་ནོ་ཞེས་བསྒྲགས་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་སངས་རྒྱས་ཀྱི་གསུང་ནི་རྣམ་པ་གཉིས་ཏེ། སངས་རྒྱས་རྣམས་ཀྱིས་གསུངས་པ་དང་། སངས་

རྒྱས་ཀྱི་རྗེས་སུ་སྨྲ་བའོ། །སངས་རྒྱས་ཀྱི་རྗེས་སུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་གནང་ནས། འཕགས་པ་རྣམས་ཀྱིས་བཤད་པ་དང་། དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་པས་སངས་རྒྱས་ཀྱིས་རྗེས་སུ་གནང་བར་བཤད་པ་ཡིན་ནོ། །རྡོ་རྗེ་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེ་ཐེག་པའོ། །དེ་ཡང་འདིས་འགྲོ་བས་ན་ཐེག་པ་སྟེ། སྔགས་

ཀྱི་སྤྱོད་པའི་ཚུལ་དུ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཐེག་པ་གཞན་དག་ཀྱང་ཡོད་པས་ན་འདི་ནི་རྣལ་འབྱོར་གྱི་རྒྱུད་ཡིན་པའི་ཕྱིར་བླ་ན་མེད་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ། །དེ་གང་ཡིན་ཞེ་ན། དེའི་ཕྱིར་གསང་

ཞེས་བྱ་བ་གསུངས་ཏེ། ཐམས་ཅད་དུ། བསྒྲགས་པར་བྱ་བ་མ་ཡིན་པ། །ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་མངོན་བསྡུས་པའི། །ཞེས་བྱ་བ་ནི་འདིས་འགྲོ་བས་ན་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བཅུ་མོས་པས་སྤྱོད་པའི་ས་དང་བཅས་པ་དང་བཅུ་གཅིག་གོ། །ཡང་ན་བགྲོད་པར་བྱ་བ་ཡིན་པས་ན་ཐེག་པ་སྟེ།

སངས་རྒྱས་ཀྱི་ས་ཀུན་དུ་བཟང་པོའོ། །ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པས་ན་ཐེག་པ་ཆེན་པོ་སྟེ། དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་ཐེག་པ་ཆེན་པོ་ཞེས་བྱའོ། །འདི་ནི་ཐེག་པ་ཆེན་པོ་དེའི་མངོན་སུམ་དུ་གྱུར་པས་བསྡུས་པ་ཡིན་པས་ན་ཐེག་པ་ཆེན་པོ་མངོན་པར་བསྡུས་པ་སྟེ། བསྡུས་པ་ནི་མདོར་བསྡུས་པའོ། །དེ་གང་ཞིག་ཅེ་

ན། མདོ་སྡེ་འདི་ནི་ཞེས་བྱ་བ་གསུངས་ཏེ། མདོ་ཙམ་དུ་སྟོན་པས་ན་མདོ་སྡེའོ། །ལེགས་པར་བཤད་ཅེས་བྱ་བ་ནི་ཡང་དག་པར་བཤད་པས་ན་ལེགས་པར་བཤད་པ་སྟེ། ཕྱིན་ཅི་མ་ལོག་པར་གསུངས་པ་ཞེས་བྱ་བའི་དོན་ཏོ། །ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བའི་བདག་ཉིད་སྟོན་ཏེ། གང་གི་ཕྱིར་རྟོག་པ་རྒྱས་

པ་རྣམ་པ་མང་པོ་གསུངས་པ་གང་ཡིན་པ་འདི་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་དེའི་ཆེ་བའི་བདག་ཉིད་ཡིན་པས་ན་དེའི་ཕྱིར་དེའི་ཆེ་བའི་བདག་ཉིད་དུ་བསྟན་པ་ཡིན་ནོ། །དེ་ལ་རེ་ཞིག་བྱང་ཆུབ་ཀྱི་སེམས་ཀྱི་བསྒོམ་པ་ལྟ་ཞོག་གི །མིང་ཙམ་ཞིག་བཟུང་བ་ཡང་དངོས་གྲུབ་ཏུ་བྱེད་པའི་མཆོག་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་

Vol. 55 · folio 181b

མཚན་གང་ཡིན་པ་དེ་དག་པ་སྟེ། བསམ་པ་རྣམ་པར་དག་པས་དེ་སྒྲུབ་པར་བྱེད་ན། སངས་རྒྱས་ཉིད་ཀྱང་བདེ་བར་འཐོབ། །ཅེས་བྱ་བ་སྟེ། དཀའ་བར་སྤྱོད་པ་མེད་པར་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ། སྟོང་བར་བྱེད་པ་དག་གིས་ཀྱང་། །གང་ཕྱིར་ཁྱོད་ཀྱི་བསྟན་པ་ནི། །བདེ་བས་བདེ་བ་ཐོབ་བགྱིད་པས། །

དེ་བས་སྨྲ་བའི་སེང་གེ་ནི། །ཁྱོད་ཀྱིས་བསྟན་ལ་མཁས་པ་དགའ། །ཞེས་བཤད་པ་ལྟ་བུའོ། །རྡོ་རྗེ་ཆོས་ཀྱི་སྦྱོར་བས་ནི། །ཞེས་བྱ་བ་ལ། རྡོ་རྗེའི་ཆོས་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། དེའི་སྦྱོར་བ་ནི་པདྨོའི་འདབ་མ་རྣམ་པར་འབྱེད་པའི་ཚུལ་གྱིས་འདོད་ཆགས་རང་བཞིན་གྱིས་རྣམ་པར་དག་པ་ལ་གཟིགས་

པ་ཉིད་དོ། །འདོད་པ་ཀུན་གྱི་བདེ་བས་བདེ། །ཞེས་བྱ་བ་ལ། འདོད་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །དེ་རྣམས་ཀྱི་བདེ་བ་གང་ཡིན་པ་དེ་ནི་འདོད་པ་ཀུན་གྱི་བདེ་བའོ། །ཁ་ན་མ་ཐོ་བ་མེད་པའི་བདེ་བ་མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བྱུང་བ་མ་ཡིན་པ་བདེ་བ་དེས་བདེ་བ་བསྒྲུབས་པ་ནི་ཏིང་ངེ་འཛིན་

གྱི་བདེ་བ་ཡིན་ཏེ། གང་གི་ཕྱིར་བདེ་བ་ལས་སེམས་རྩེ་གཅིག་པར་འགྱུར་རོ། །འདི་སྐད་ཅེས་ཀྱང་གསུངས་ཏེ། དཀའ་ཐུབ་དཀའ་སྤྱད་མི་ཟད་པས། །ལུས་ཅན་ལུས་ནི་སྐམ་འགྱུར་ཞིང་། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ལ། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ཞེས་བྱ་བའོ། །དེ་བས་ན།

ཏིང་ངེ་འཛིན་གྱི་བདེ་བ་དེས། །ཚེ་འདི་ཉིད་ཀྱིས་འགྲུབ་པས་ན། །བདེ་བ་མི་ཟད་མེད་མི་འགྱུར། །ཞེས་བྱ་བ་སྟེ། མི་ཟད་པ་དང་མི་འགྱུར་བའི་བདེ་བ་ནི་སངས་རྒྱས་ཀྱི་བདེ་བའོ། །འདི་སྐད་སྟོན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་ནས་བསླབ་པ་ལྔ་དང་ལྡན་ལ། མི་དགེ་བ་

བཅུའི་ལས་ཀྱི་ལམ་ལས་བྱུང་བ་མ་ཡིན་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཡན་ལག་ཏུ་གྱུར་པའི་འདོད་པ་ཐམས་ཅད་ལ་ཡང་སྤྱོད་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདེ་བ་ཐམས་ཅད་ཀྱང་མྱོང་བར་བྱེད་ཅིང་། བདེ་བ་ཉིད་དུ་ཁྱིམ་ན་གནས་ཀྱང་ཏིང་ངེ་འཛིན་བརྒྱ་སྟོང་དཔག་ཏུ་མེད་པ་ཐོབ་ལ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་

པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡེ་ཤེས་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད། རྒྱལ་པོ་ཤིན་ཏུ་ལྟ་ན་སྡུག་པར་གྱུར་པ་ན་དེའི་ཚེ་འཁོར་ལོས་སྒྱུར་བ་ཆེན་པོར་གྱུར་ཅིང་། ཁང་བཟངས་རིན་པོ་ཆེའི་ཀ་བ་བརྒྱད་ཁྲི་བ་ན་བཞུགས་ལ། བཙུན་མོ་

Vol. 55 · folio 182a

གཉིས་ལྡན་མ་ལ་སོགས་པ་བཙུན་མོ་བརྒྱད་ཁྲི་མངའ་རུ་ཟིན་ཀྱང་། དེ་ལྟ་བུའི་ཁབ་ན་བཞུགས་པ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་འདི་ལྟ་བུ་ཡོངས་སུ་རྫོགས་པར་མཛད་པ་ལྟ་བུའོ། །དེ་སྐད་དུ་བསྟོད་པ་བྱེད་པ་ལ་ལ་དག་གིས། །ཡུལ་གྱི་དགའ་བ་བསྟེན་པས་འཇིག་རྟེན་སྡུག་བསྔལ་རྣམས་

ཀྱི་གཡེན་སྤྱོ་ཡིས། །བདག་ཏུ་ཆགས་པ་མེད་པའི་བཟོད་ལྡན་ཐུགས་རྗེས་བྱང་ཆུབ་ཐུགས་ཆུད་ཅིང་། །གླིང་བཞིའི་དབང་ཕྱུག་དག་གི་ཡུལ་རྣམས་ཀྱིས་ཀྱང་ཐུགས་འཕྲོག་མ་གྱུར་པར། །གཞན་ལ་ཕན་འདོགས་མཆོག་གིས་དུས་འདའ་མཛད་པ་ཁྱོད་ནི་གཅིག་པུ་ལགས། །ཞེས་བཤད་པ་ལྟ་བུའོ། །དེ་

བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །དེ་ནི་འབུམ་ཡོད་ཅེས་གྲགས་ལ། འདི་ནི་དེའི་བསྡུས་པ་ཡིན་ཏེ། བསྡུས་པ་དེ་ལས་རྟོག་པ་གཅིག་ཡིན་ནོ། །མིང་ཇི་སྐད་ཅེས་བྱ་ཞེ་ན།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའོ། །རྟོག་པའི་རྒྱལ་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པའི་རྒྱལ་པོ་ཆེན་པོ་སྟེ། གཞན་རྣམས་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེ་ཡང་མངོན་པར་བྱང་ཆུབ་པའི་རིམ་པ་འདི་ཉིད་དུ་སྟོན་གྱིས། གཞན་

དག་ཏུ་ནི་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་རྟོག་པའི་རྒྱལ་པོ་ཆེན་པོ་ཞེས་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྒྱལ་པོའི་འགྲེལ་པ་རྫོགས་སོ།། །།འགྲོ་བ་རྣམས་ཞི་བར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་

བསྟན་ཟིན་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྟོན་པར་བཞེད་དེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་རྟོག་པ་ཇི་ལྟར་སྟོན་པའི་དོན་དང་། དཀྱིལ་འཁོར་བླ་ན་མེད་པའི་དོན་སྟོན་པར་འགྱུར་བའི་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་མཛད་པ་ཡིན་

ནོ། དེ་ནས་ཞེས་བྱ་བའི་སྒྲ་ནི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དོ། །ཡང་གཅིག་ཏུ་འདུས་པར་གྱུར་ཏེ་ཞེས་བྱ་བ་ལ། ཡང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པ་ལ་ལྟོས་པའོ། །གཅིག་ཏུ་འདུས་པ་ནི་

Vol. 55 · folio 182b

ཚོགས་པའོ། །གྱུར་ཏེ་ཞེས་བྱ་བ་ནི་མཛད་པའོ། །སྐལ་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་ལྟ་བས་ན་བཅོམ་ལྡན་འདས་དེ་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་འཁོར་ལོ་ཆེན་པོ་བསྐོར་བ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆེན་པོ་

བསྐོར་བ་སྟེ། ཕྱག་རྒྱ་དང་བཅས་པའི་རྒྱུད་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བས་ན་འཁོར་ལོ་ཆེན་པོ་བསྐོར་བ་སྟེ། འཁོར་ལོས་སྒྱུར་བ་དེ་ལའོ། །མཚན་བརྒྱ་རྩ་བརྒྱད་པ་འདིས་ཞེས་བྱ་བ་ནི་འོག་ནས་བཤད་པའོ། །གསོལ་བ་བཏབ་པ་ནི་སྐུལ་མ་འདེབས་པའོ། །དེ་ལ་དང་པོ་ཁོ་ནར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་

ཆེན་པོའི་སྒོ་ནས་བསྟོད་པ་ཡིན་ལ། དེ་ལས་ཀྱང་དང་པོར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་དོན་ལ་བསྟོད་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་སོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་སྒོ་ནས་སོ། །རྡོ་རྗེ་མགོན་པོ་ཞེས་པ་ནི་རྡོ་རྗེ་ཆགས་པའི་སྒོ་ནས་སོ། །

རབ་སྒྲུབ་མཛད་ཅེས་བྱ་བ་ནི་རྡོ་རྗེ་ལེགས་པའི་སྒོ་ནས་ཏེ། འདིར་ཡང་དོན་གྱིས་བསྟན་པར་རིག་པར་བྱའོ། །རྡོ་རྗེ་དབང་བསྐུར་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་སྒོ་ནས་སོ། །རྡོ་རྗེ་འོད་ཅེས་བྱ་བ་ནི་རྡོ་རྗེ་ཉི་མའི་སྒོ་ནས་སོ། །རྡོ་རྗེ་དབལ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་མཚན་གྱི་སྒོ་ནས་སོ། །རྡོ་རྗེ་བཞད་པ་ཞེས་བྱ་བ་ནི་རྡོ་རྗེ་

བཞད་པའི་སྒོ་ནས་སོ། །ཆོས་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་སྒོ་ནས་སོ། །རྡོ་རྗེ་རལ་གྲི་མཆོག་ཆེན་པོ། །ཞེས་བྱ་བ་ནི་རྡོ་རྗེ་རྣོན་པོའི་སྒོ་ནས་སོ། །དཀྱིལ་འཁོར་ཀུན་གྱི་རྒྱལ་པོ་མཆོག །ཅེས་བྱ་བ་ནི་རྡོ་རྗེ་རྒྱུའི་སྒོ་ནས་ཏེ། དཀྱིལ་འཁོར་ཀུན་ཀྱང་ཡིན་ལ་རྒྱལ་པོའི་མཆོག་ཀྱང་ཡིན་པས་དཀྱིལ་འཁོར་ཀུན་གྱི་

རྒྱལ་པོ་མཆོག་སྟེ། དཀྱིལ་འཁོར་ཐམས་ཅད་དུ་སྡུད་པར་མཛད་པའི་ཕྱིར་རོ། །སྤྲོས་མེད་ཅེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་སྒོ་ནས་སོ། །རྡོ་རྗེ་ལས་ཞེས་བྱ་བ་ནི་རང་གི་མཚན་ཉིད་སྨོས་པར་ཟད་དོ། །བསྲུང་བ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་སྲུང་བའི་སྒོ་ནས་སོ། །གནོད་སྦྱིན་གཏུམ་པ་གདོན་ཆེན་པོ། །ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་

སྒོ་ནས་སོ། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཆེ། །ཞེས་བྱ་བ་ལ། ཇི་ལྟར་ཕྱག་རྒྱ་ཆེ་བ་ཡིན་ཞེ་ན། ཕྱག་རྒྱ་ཐམས་ཅད་རབ་ཏུ་སྡུད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན། ཕྱག་རྒྱ་ཀུན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །ད་ནི་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པས་སེམས་ཅན་

Vol. 55 · folio 183a

གྱི་དོན་མཛད་པའི་སྒོ་ནས་བསྟོད་པ་ཡིན་ཏེ། བྱང་ཆུབ་སེམས་དང་བྱང་ཆུབ་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་ཏེ། དེ་ཉིད་ཡོངས་སུ་དག་པ་ནི་འཚང་རྒྱ་བ་ཡིན་པས་ན་བྱང་ཆུབ་ཆེ་ཞེས་བྱ་བ་གསུངས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་

ཅད་ཅེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་སྒོ་ནས་ཏེ། སངས་རྒྱས་རྣམས་བསྡུ་བ་ལ་བྱིན་གྱིས་རློབ་པར་བྱེད་པས་ན་སངས་རྒྱས་སོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་སྒོ་ནས་ཏེ། སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་མཁྱེན་པའི་ཕྱིར་རོ། །ཐེག་ཆེན་ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའི་

སྒོ་ནས་སོ། །དོན་ཀུན་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་སྒོ་ནས་སོ། །ཀུན་གྱི་དེ་ཉིད་དོན་ཞེས་བྱ་བ་ནི་རྡོ་རྗེ་གཟི་བརྗིད་ཀྱི་སྒོ་ནས་ཏེ། ཐམས་ཅད་བསལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །སེམས་ཅན་དོན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་དཔལ་གྱི་སྒོ་ནས་སོ། །ཀུན་རིག་པ་ཞེས་བྱ་བ་ནི་རྡོ་རྗེ་བཞད་པའི་སྒོ་ནས་སོ། །ཀུན་

མཁྱེན་ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་སྒོ་ནས་ཏེ། འདོད་ཆགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན་པས་ན་ཀུན་མཁྱེན་ཞེས་བྱ་བ་གསུངས་སོ། །ཀུན་མཛད་ཅེས་བྱ་བ་ནི་རྡོ་རྗེ་རྣོན་པོའི་སྒོ་ནས་ཏེ། ཤེས་རབ་ཀྱིས་ཐམས་ཅད་ཀྱི་དོན་མཛད་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་རྒྱུའི་སྒོ་ནས་ཏེ། དཀྱིལ་

འཁོར་གྱི་འཁོར་ལོས་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་པའི་ཕྱིར་རོ། །ཀུན་གཟིགས་ཞེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་སྒོ་ནས་ཏེ། ཆོས་ཉིད་སྤྲོས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་དོན་སྟོན་པར་མཛད་པའི་ཕྱིར་རོ། །རྡོ་རྗེ་བདག་རབ་རྡོ་རྗེ་མཆོག །ཅེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་སྒོ་ནས་སོ། །རྡོ་རྗེ་བརྩོན་རབ་རྡོ་རྗེ་

འཆང་། །ཞེས་བྱ་བ་ནི་རྡོ་རྗེ་བསྲུང་བའི་སྒོ་ནས་ཏེ། བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་བརྩོན་རབ་བོ། །རྡོ་རྗེའི་རང་བཞིན་ཅན་གྱི་གོ་ཆ་འཆང་བས་ན་རྡོ་རྗེ་འཆང་བའོ། །དམ་ཚིག་ཆེན་པོའི་དེ་ཉིད་དོན། །ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྒོ་ནས་ཏེ། ཐབས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་སྤྱོད་པས་སོ། །བདེན་

ཆེན་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་སྒོ་ནས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། བསྡུས་པ་ཁུ་ཚུར་ཞེས་བཤད་དོ། །ཞེས་བྱ་བའི་རྣམ་པ་འདིའི་ཚུལ་གྱིས་ན་བདེན་པ་ཉིད་དུ་ཕྱག་རྒྱ་ཐམས་ཅད་སྡུད་པ་ལ་འཇུག་པས་ན་བདེན་ཆེན་ནོ། །ད་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་བསྟོད་པ་ཡིན་ཏེ། རྡོ་རྗེ་ལྕགས་ཀྱུའི་འདོད་

Vol. 55 · folio 183b

པ་ཆེ། །ཞེས་བྱ་བས་ནི་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པའི་དམ་ཚིག་གི་ཕྱག་རྒྱ་སྟོན་ཏོ། །རབ་ཏུ་དགའ་ཞེས་བྱ་བས་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱ་སྟོན་ཏོ། །འོད་ཆེན་པོ་ཞེས་བྱ་བ་འདིས་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་འོད་ཅེས་བྱ་བས་ནི་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱ་སྟོན་ཏེ། འོད་

སྣང་བ་ཞེས་བྱ་བས་ནི་རྡོ་རྗེ་དབལ་གྱི་ཕྱག་རྒྱ་སྟོན་ཏོ། །སངས་རྒྱས་འོད་ཅེས་བྱ་བས་ནི་རྡོ་རྗེ་གཞན་པའི་ཕྱག་རྒྱ་སྟོན་ཏེ། སངས་རྒྱས་ཀྱི་བཞད་པའི་འོད་ཡིན་པའི་ཕྱིར་རོ། །རྡོ་རྗེ་རྒྱལ་མཆོག་ཅེས་བྱ་བས་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་སྟོན་ཏེ། ཆོས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་རྒྱལ་པོ་ཉིད་དུ་གྱུར་ཅིང་མཆོག་ཡིན་པའི་ཕྱིར་

རོ། །ཤེས་རབ་དང་ཡེ་ཤེས་ཀྱིས་རྡོ་རྗེ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་རྡོ་རྗེ་མཆོག་སྟེ་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་སྟོན་པའོ། །རིག་མཆོག་ཅེས་བྱ་བས་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟོན་ཏེ། དཀྱིལ་འཁོར་ཐམས་ཅད་ཡང་དག་པར་བསྡུས་པ་ལ་འཇུག་པས་ན་མཆོག་གོ། །མཆོག་ཅེས་བྱ་བས་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱ་སྟོན་ཏེ།

སྤྲོས་པ་མེད་པས་མཆོག་ཏུ་གྱུར་པའི་ཕྱིར་རོ། །མིའི་མཆོག་ཅེས་བྱ་བས་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟོན་ཏེ། མཆོད་པའི་ལས་ཀྱིས་མི་རྣམས་མགུ་བར་བྱེད་པས་ན་མིའོ། །ཐམས་ཅད་ལས་ཕུལ་དུ་བྱུང་བས་ན་མཆོག་གོ། །རྡོ་རྗེ་དམ་པ་ཞེས་བྱ་བས་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེས་ཐམས་ཅད་སྲུང་བར་བྱེད་པའི་དོན་

གྱིས་སོ། །མཆོག་ཆེན་མཆོག་ཅེས་བྱ་བས་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྟོན་ཏེ། མཆོག་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དེ་རྣམས་ཀྱི་ནང་ན་འཇིག་པར་བྱེད་པའི་མཆོག་ཏུ་གྱུར་པའི་ཕྱིར་མཆོག་ཆེན་མཆོག་གོ། །རིག་མཆོག་ཅེས་བྱ་བས་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟོན་ཏེ། ཐམས་ཅད་

སྡུད་པའི་མཐུ་མངའ་བས་ན་རིག་པ་རྣམས་ཀྱི་དམ་པ་ཡིན་པའི་ཕྱིར་རིག་མཆོག་གོ། །དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་བསྟན་ཟིན་ནས། ད་ནི། རྡོ་རྗེ་དབྱིངས་དང་གསང་བ་ཆེ། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རྣམས་གསང་བའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་

མཛད་པ་ཡིན་ཏེ། རྡོ་རྗེ་དབྱིངས་དང་གསང་བ་ཆེ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ནི་གསང་བའི་ཕྱག་རྒྱའི་སྒོ་ནས་སོ། །རབ་གསང་འཆང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། །དེ་ལྟར་གསང་བའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་ནས། ད་ནི་རྡོ་རྗེ་ཕྲ་བ་ཞེས་བྱ་བ་

Vol. 55 · folio 184a

ལ་སོགས་པས་ཆོས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པར་བསྟན་པ་ཡིན་ཏེ། རྡོ་རྗེ་ཕྲ་བ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོར་བསྟན་པའོ། །བསམ་གཏན་ཆེ་ཞེས་བྱ་བ་ནི་སྤྲོ་བར་བྱེད་པའི་སྒོ་ནས་སོ། །རྡོ་རྗེ་དགོས་ཞེས་བྱ་བ་ནི་དེ་ཉིད་བསྡུ་བའི་སྒོ་ནས་སོ། །སངས་རྒྱས་མཆོག་ཅེས་བྱ་བ་འདིས་

དྲྀཥྚ་བཛྲ་ཞེས་བྱ་བ་འདིའི་དོན་སྟོན་ཏོ། །སངས་རྒྱས་རྡོ་རྗེ་མཆོག་ཅེས་བྱ་བས་ནི་ཕྱག་རྒྱ་ཆེན་པོ་སྟོན་ཏོ། །སངས་རྒྱས་བྱང་ཆུབ་མཁས་པ་ཆེ། །ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་སོ། །སངས་རྒྱས་ཡེ་ཤེས་སངས་རྒྱས་ཆེ། །ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། །སངས་རྒྱས་སངས་རྒྱས་ཞེས་

བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་སྒོ་ནས་ཏེ། མངོན་པར་བྱང་ཆུབ་པའི་ཕྲིན་ལས་སྟོན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་ནས། ད་ནི་སངས་རྒྱས་མཆོད་པ་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། སངས་རྒྱས་མཆོད་པ་ཞེས་

བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་སོ། །མཆོད་པ་ཆེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ། །སེམས་དཔའ་མཆོད་པ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། །རབ་མཆོད་པ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། །དེ་ལྟར་ལས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་ནས། ད་ནི་ཐབས་ཆེན་

ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། ཐབས་ཆེན་དང་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱས་པའི་དོན་བསྡུས་པའི་སྒོ་ནས་སོ། །དངོས་གྲུབ་ཆེ་ཞེས་བྱ་བ་ནི་དངོས་གྲུབ་རབ་ཏུ་སྩོལ་བའི་སྒོ་ནས་སོ། །རྡོ་རྗེའི་དངོས་གྲུབ་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་མིང་གི་སྒོ་ནས་སོ། །

དེ་ལྟར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་ནས། ད་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ཉིད་ལ་སངས་རྒྱས་ཀྱི་སྐུར་འགྱུར་གྱི། གཞན་དུ་མ་ཡིན་པས་ན་དེའི་ཕྱིར་ཕྱག་རྒྱ་ཆེན་པོའི་སྒོ་

ནས་དེ་བཞིན་གཤེགས་པའི་སྐུ་ཆེན་པོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་དབྱངས་ཏེ། །ཞེས་བྱ་བ་ནི་གསུང་གི་ཕྱག་རྒྱའི་སྒོ་ནས་སོ། །དེ་བཞིན་གཤེགས་པའི་ཐུགས་ཆེན་པོ། །ཞེས་བྱ་བ་ནི་ཐུགས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། །རྡོ་རྗེའི་རྡོ་རྗེ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་ཏེ། རྡོ་རྗེ་སེམས་

Vol. 55 · folio 184b

དཔའི་རྡོ་རྗེ་ཡིན་པས་ན་རྡོ་རྗེའི་རྡོ་རྗེའོ། །གླེགས་བམ་ལ་ལས་ནི་རྡོ་རྗེའི་སེམས་ཞེས་ཀྱང་ཟེར་ཏེ། དེར་ནི་བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པའི་སྒོ་ནས་བསྟོད་པ་མཛད་ནས། ད་ནི་སངས་རྒྱས་གཙོ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་

གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། སངས་རྒྱས་གཙོ་བོ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་སྒོ་ནས་ཏེ། མི་བསྐྱོད་པའི་གནས་ཀྱིའོ། །རྒྱལ་བཀའ་ཉན་ཞེས་བྱ་བ་ནི་རིན་ཆེན་ཧཱུྃ་མཛད་ཀྱི་སྒོ་ནས་ཏེ། སངས་རྒྱས་ཀྱི་བཀའ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །སངས་རྒྱས་བཤེས་

གཉེན་ཞེས་བྱ་བ་ནི་ཆོས་ཀྱི་ཧཱུྃ་མཛད་ཀྱི་སྒོ་ནས་ཏེ། བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཡིན་པའི་ཕྱིར་རོ། །རྒྱལ་མཆོག་སྐྱེས་ཞེས་བྱ་བ་ནི་ལས་ཀྱི་ཧཱུྃ་མཛད་ཀྱི་སྒོ་ནས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཆེ་ཞེས་བྱ་བ་ནི་རྣམ་

པར་སྣང་མཛད་ཀྱི་གཟུགས་ཀྱིས་བསྟོད་པའོ། །ཁྱབ་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་ཏེ། རྡོ་རྗེ་སེམས་དཔའ་ནི་ཀུན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །སྟོན་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་སྒོ་ནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པས་ན་འགུགས་པ་ཉིད་སྟོན་པ་ཡིན་ནོ། །ཞི་ཁྲོ་ཞེས་བྱ་བ་ནི་རྡོ་རྗེ་ཆགས་

པའི་སྒོ་ནས་ཏེ། ཀུན་དུ་བཟང་པོ་ཡིན་པས་ན་ཞི་བ་ཡིན་ལ། མདའ་དང་གཞུ་འདྲེན་པས་ནི་ཁྲོ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའི་སྒོ་ནས་ཏེ། དེ་བཞིན་གཤེགས་པ་ལ་ལགས་སོ་ཞེས་བྱ་བ་སྦྱིན་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཆེ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་སྒོ་ནས་ཏེ། ཐུགས་

ལས་རིན་པོ་ཆེ་རྣམས་འབྱུང་ཞིང་རིན་པོ་ཆེ་དང་འདྲ་བར་དངོས་པོ་ཐམས་ཅད་འབྱུང་བ་སེམས་ཙམ་ལ་རག་ལས་པ་ཡིན་པས་ན་འདི་ནི་དེ་ཉིད་ཆེ་ཞེས་བྱའོ། །ཡང་དག་མཐའ་ཞེས་བྱ་བ་ནི་རྡོ་རྗེ་གཟི་བརྗིད་ཀྱི་སྒོ་ནས་ཏེ། ཡེ་ཤེས་ཀྱི་ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱིས་ཡང་དག་པའི་དོན་ཤིན་ཏུ་གསལ་བར་བྱེད་

པ་ཡིན་པའི་ཕྱིར་རོ། །ཆེ་བའི་ཚུལ་ཞེས་བྱ་བ་ནི་རྡོ་རྗེ་དབལ་གྱི་སྒོ་ནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རབ་ཏུ་བསྒོམས་པ་ཡིན་པའི་ཕྱིར་རོ། །ཕ་རོལ་ཕྱིན་པ་ཀུན་མཁྱེན་པ། །ཞེས་བྱ་བ་ནི་རྡོ་རྗེ་བཞད་མོའི་སྒོ་ནས་ཏེ། ཕ་རོལ་ཏུ་ཕྱིན་པ་སྟོན་པའི་འཛུམ་པ་ཡང་དག་པར་སྟོན་པའི་ཕྱིར་རོ། །དོན་དམ་

Vol. 55 · folio 185a

པ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་སྒོ་ནས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །ཀུན་དུ་བཟང་ཞེས་བྱ་བ་ནི་རྡོ་རྗེ་རྣོན་པོའི་སྒོ་ནས་ཏེ། ཨའི་སྒོ་ནས་སྐྱེ་བ་མེད་པའི་དོན་སྟོན་པར་མཛད་པ་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཀྱི་དཀྱིལ་

འཁོར་དུ་ཆོས་ཀྱི་མཆོད་པ་མཛད་པས་ན། འཇམ་དཔལ་གྱི་གནས་སུ་ཀུན་དུ་བཟང་པོ་ཞེས་སྙིང་པོ་ལས་ཇི་སྐད་གསུངས་པ་ལྟ་བུའོ། །སྤྱོད་པ་མཆོག་ཅེས་བྱ་བ་ནི་རྡོ་རྗེ་རྒྱུའི་སྒོ་ནས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྤྱོད་པའི་མཆོག་སྟོན་པར་མཛད་པའི་ཕྱིར་རོ། །བདུད་ཅེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་སྒོ་ནས་ཏེ། ཚིག་གིས་

སྤྲོས་པ་ཐམས་ཅད་འགོག་པར་བྱེད་པའི་ཕྱིར་རོ། །བདུད་ནི་རབ་འདུལ་བ་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་སྒོ་ནས་ཏེ། བླ་ན་མེད་པའི་མཆོད་པ་ལ་འཇུག་པས་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པའི་སྟོབས་ཀྱིས་བདུད་ཐམས་ཅད་ཚར་གཅོད་པར་མཛད་པའི་ཕྱིར་རོ། །ཀུན་གྱི་མཆོག་ཅེས་བྱ་བ་ནི་རྡོ་རྗེ་སྲུང་

བའི་སྒོ་ནས་ཏེ། ཐམས་ཅད་སྲུང་བར་མཛད་པས་ན་མཆོག་ཉིད་ཡིན་པའི་ཕྱིར་རོ། །མཉམ་ཉིད་མཁྱེན་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྒོ་ནས་ཏེ། མཉམ་པ་ཉིད་དུ་ཐམས་ཅད་ཟ་བའམ། ཐམས་ཅད་འཇིགས་པར་མཛད་པའི་ཕྱིར་རོ། །ཀུན་དུ་འགྲོ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་སྒོ་ནས་ཏེ། ཕྱག་

རྒྱ་ཐམས་ཅད་ཡང་དག་པར་སྡུད་པ་ལ་ཞུགས་པ་ཡིན་པའི་ཕྱིར་རོ། །ད་ནི་སངས་རྒྱས་ཧཱུྃ་ཞེས་བྱ་བ་ལ་སོགས་པས་ཧཱུྃ་བཞིའི་སྔགས་ཀྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། དང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཧཱུྃ་ཡིན་པས་སངས་རྒྱས་ཧཱུྃ་ཞེས་བྱ་སྟེ། དཀྱིལ་འཁོར་པའི་སེམས་དཔའ་རྣམས་

སྤྲུལ་པའི་ཕྱིར་དེའི་སྒོ་ནས་བསྟོད་པའོ། །ཧཱུྃ་ཞེས་བྱ་བ་འདིས་ནི་ཧཱུྃ་བཞིའི་སྔགས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་ཕྱིར་དེའི་སྒོ་ནས་བསྟོད་པ་སྟེ་གཉིས་པའོ། །རྡོ་རྗེ་ཧཱུྃ་ཞེས་བྱ་བ་སྨོས་པས་ནི་འདོད་པའི་རྒྱལ་པོའི་སྙིང་པོ་

གཟུང་སྟེ། གང་གིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དྲུང་དུ་བཀུག་ནས་གཞག་པ་དེའི་སྒོ་ནས་བསྟོད་པ་སྟེ་གསུམ་པའོ། །གདུལ་བ་པོ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་ངེས་པར་གནོད་མཛེས་ནི་ཧཱུྃ་མཛད་ཡིན་ཏེ། གང་གིས་འཇིག་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words