དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན

Sanskrit title (Tibetan script, as in the text) ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ་གྲ་ཧ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 55 · folio 185b

རྟེན་གསུམ་གྱི་བདག་པོ་ཐམས་ཅད་འདུལ་བར་མཛད་པ་དེའི་སྒོ་ནས་བསྟོད་པ་སྟེ་བཞི་པའོ། །རྡོ་རྗེ་ཡན་ལག་ཀུན་ཞེས་བྱ་བ་ནི་ཞབས་སུ་བཀུག་པ་ལ་བྱ་སྟེ། གང་གི་ཕྱིར་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཞབས་གཉིས་ཀྱིས་བཀུག་ནས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་འོག་ཏུ་འཇོག་པའི་སྒོ་ནས་བསྟོད་པ་

སྟེ་ལྔ་པའོ། །རྡོ་རྗེ་དྲག་ཅེས་བྱ་བ་ནི་འབེབས་པ་ཉིད་དུ་འདུལ་བའི་སྔགས་ཡིན་ལ། དེའི་སྒོ་ནས་བསྟོད་པ་སྟེ་དྲུག་པའོ། །དྲག་པོའི་སྔགས་འདི་ཡང་ཕྱག་ན་རྡོ་རྗེ་ཇི་ལྟར་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་འདི་ལྟར་གྱིས་ཤིག་ཅེས་བྱ་བའི་ལན་སྔགས་དང་བཅས་པ་སྟེ། ཞུས་པ་དང་

ལུང་བསྟན་པ་གཉིས་ལྷན་ཅིག་ཏུ་གཟུང་བར་བྱའོ། །ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཡོན་ཏན་གཟུང་བས་བསྟོད་པ་ཡིན་པར་ཤེས་པར་བྱའོ། །ཕྱག་བྱ་ཞེས་བྱ་བ་ནི་གང་གི་ཕྱིར་རྡོ་རྗེ་ལྟ་བུའི་ཐུགས་ནི་ཕྱག་ན་རྡོ་རྗེའོ་ཞེས་གསུངས་ཏེ། དེ་བས་ན་སངས་རྒྱས་རྣམས་

ཀྱི་རང་གི་ཐུགས་ཉིད་ཕྱག་ན་རྡོ་རྗེ་ཡིན་པས་ན་དེ་ལ་ཕྱག་འཚལ་ལོ་ཞེས་གསུངས་པ་ཡིན་ཏེ། ཐུགས་ལས་ནི་ཡོན་ཏན་ཐམས་ཅད་འབྱུང་བས་ན་ཕྱག་བྱ་བར་འོས་པ་ཡིན་ནོ། །མཆོད་ཅིང་ཞེས་པ་ནི་མེ་ཏོག་ལ་སོགས་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཆོག་ལ་དབང་བར་རྣམ་པར་

གཞག་པའི་ཕྱིར་རོ། །རྗེད་པ་ནི་ཕྲེང་བ་བཅིང་བ་ལ་སོགས་པ་སྟེ། མངོན་པར་འདོད་པའི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །རིམ་གྲོར་དེ་བཞིན་གཤེགས་པས་བྱ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་རུངས་པ་འདུལ་བར་མངོན་པར་བཞེད་པའི་དོན་འདི་ནི་ཞི་བའི་ཚུལ་

གྱིས་གདུག་པ་འདུལ་བར་མི་སྤྱོད་དོ། །དེའི་ཕྱིར་སྟན་གདིང་བ་ལ་སོགས་པས་རིམ་གྲོར་མཛད་པའོ། །གང་ཕྱིར་རྡོ་རྗེ་སེམས་བརྟན་པས། །ཞེས་བྱ་བ་ནི་ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཕྱག་བྱ་བ་ལ་སོགས་པར་མཛད་པར་རིགས་པ་ཡིན་ནོ་ཞེས་རྒོལ་བ་རྣམས་ཀྱི་དོགས་པ་

དེ་བསལ་བའི་ཕྱིར། གང་ཕྱིར་རྡོ་རྗེ་སེམས་བརྟན་པ། །ཞེས་བྱ་བ་འདི་གསུངས་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ཐུགས་ཉིད་ནི། །རྡོ་རྗེ་སེམས་དཔའ་ཞེས་བཤད་དེ། །དེ་ཉིད་ཀྱི་ཕྱིར། རྫོགས་པའི་བྱང་ཆུབ་ཁྱོད་རག་ལུས། །ཞེས་བྱ་བ་གསུངས་སོ། །ཇི་ལྟར་ན་རྫོགས་པའི་བྱང་

Vol. 55 · folio 186a

ཆུབ་ལ་རག་ལུས་པ་ཡིན་ཞེ་ན། གང་གི་ཕྱིར། ཀུན་གཟིགས་ཡབ་ནི་ཁྱོད་ཡིན་ཏེ། །ཞེས་བྱ་བ་གསུངས་སོ། །ཇི་ལྟར་ན་ང་ཡབ་ཡིན་ཞེ་ན། བྱུང་བ་དང་ནི་འབྱུང་འགྱུར་བའི། །དེ་བཞིན་གཤེགས་པ་ཁྱོད་ཀྱིས་བསྒྲུབས། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་ཏེ་སངས་

རྒྱས་བྱུང་བ་དང་འབྱུང་བར་འགྱུར་བ་རྣམས་ཀྱི་སྡོང་པོའི་ས་བོན་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །འཕགས་པ་སྡོང་པོ་བཀོད་པའི་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་

བུའོ། །ཁྱོད་ཀྱིས་བསྒྲུབས་ཞེས་བྱ་བ་ནི་ཁྱོད་ཀྱིས་རྙེད་པར་མཛད་པ་སྟེ། གང་གི་ཕྱིར་འཚང་རྒྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པའི་མཚན་བརྒྱ་རྩ་བརྒྱད་པས་སོ། །རབ་ཏུ་མོས་པ་ཞེས་བྱ་བ་ནི་ཤིན་ཏུ་

དད་པས་སོ། །སྟོད་བྱེད་ཅིང་ཞེས་བྱ་བས་ནི་མཉེས་པར་བྱེད་པ་སྟེ། དེ་ལྟར་བསྟོད་པས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་བའོ། །བསྟོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གླུར་བླངས་གང་ཞིག་སྟོད་བྱེད་པ། །ཞེས་བྱ་བ་སྟེ། གང་ཞིག་གིས་ཚིགས་སུ་བཅད་པ་དང་གླུར་བླངས་པས་བསྟོད་པ་བྱས་

ན་དེ་ཡང་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ཇི་སྐད་གསུངས་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། ད་ནི། སངས་རྒྱས་ཀུན་ལ་མངའ་མཛད་པའི། །ཞེས་བྱ་བ་ལ་སོགས་པས་རང་གི་རིགས་བསྐྱེད་པའི་ཕྱིར་གསོལ་བ་འདེབས་པར་མཛད་པ་ཡིན་

ཏེ། སངས་རྒྱས་ཀུན་ལ་མངའ་མཛད་པའི། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་མཛད་པའི་ཕྱིར་རོ། །མགོན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་མཛད་པ་ལ་ཞུགས་པའི་ཕྱིར་མགོན་པོའོ། །གསོལ་བ་ནི་བསྟི་

སྟོང་ཐོག་མར་བྱས་ཏེ་གསོལ་བ་འདེབས་པའོ། །སངས་རྒྱས་ཐམས་ཅད་ཀྱི་དོན་དུ་གཉེར་བས་ན་དོན་ཏེ། གསོལ་བ་འདེབས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་ཡིན་པས་ན་སེམས་ཅན་ཀུན་དོན་ནོ། །སེམས་ཅན་ཐམས་ཅད་ཀྱི་དོན་དེ་ཉིད་དགོས་པ་ཡིན་པས་ནི་

Vol. 55 · folio 186b

སེམས་ཅན་ཀུན་དོན་དགོས་པའི་ཕྱིར་ཏེ། དེའི་ཕྱིར། རང་གི་རིགས་ནི་སྐྱེད་པར་མཛོད། །ཅེས་བྱ་བ་གསུངས་ཏེ། འདི་ནི་གསོལ་བ་བཏབ་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་པས་ན་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་གཙོ་བོའོ། །འདིའི་ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་བའི་ཚིག་ཐོས་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །རྡོ་རྗེ་དེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་

པའི་རྟོག་པར་བྱིན་པ་གང་ཡིན་པའོ། །བདག་ཉིད་ཀྱི་ཐུགས་ཀར་ཞེས་བྱ་བ་ནི་ཐུགས་ཀའི་གནས་སུ་བཞག་པའོ། །དེ་བཞིན་གཤེགས་པ་དེ་ཐམས་ཅད་ཅེས་བྱ་བ་ནི་གསོལ་བ་འདེབས་པ་གང་ཡིན་པ་དེ་རྣམས་སོ། །བོས་ནས་ཞེས་བྱ་བ་ནི་བོད་པའོ། །འདི་སྐད་གསུངས་སོ་ཞེས་བྱ་བ་ལ་ཇི་

སྐད་གསུངས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མ་འཚལ་ཏོ་ཞེས་བྱ་བ་གསུངས་ཏེ། མི་བགྱིད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་དུ་ཇི་ལྟར་མི་བྱེད་ཅེས་སླར་དྲིས་པའོ། །དོན་དེའི་རྒྱུ་

བསྟན་པ་དེ་བཞིན་གཤེགས་པའི་བཀའ་བཞིན་མི་བགྱིད་པ་ནི་མ་རུངས་པ་དང་དྲག་པོ་རྣམས་ལ་ཞི་བའི་སྤྱོད་པས་མི་འདུལ་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་

གྱི་རླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ངེས་སོ། །དེ་ཡང་། དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ལྔ་སྟེ། དེ་རྣམས་ཀྱི་བྱིན་གྱི་རླབས་ནི་མཐུ་སྐྱེད་པའོ། །མཐུ་བསྐྱེད་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ཐབས་ཀྱང་ཡིན་ལ་ཆེན་

པོ་ཡང་ཡིན་པས་ན་ཐབས་ཆེན་པོ་སྟེ། དེའི་ཡེ་ཤེས་ཡིན་པས་ན་ཐབས་ཆེན་པོའི་ཡེ་ཤེས་སོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་

Vol. 55 · folio 187a

མ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྗེས་ཐོགས་ཉིད་ལའོ། །དེའི་ཚེ་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ། །ནམ་མཁའི་དབྱིངས་ཐམས་ཅད་ནི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་ཐམས་ཅད་དང་མཉམ་

པར་འཇུག་པས་ན། ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པར་སྤྲོས་པ་སྟེ། སྤྲོས་པ་ནི་རྡུལ་ཕྲ་རབ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ཁྱབ་པར་མཛད་པའོ། །དེ་ཉིད་ནི་སྤྲོས་པ་ཡིན་ལ། དེའི་ངོ་བོ་ཉིད་ཡིན་པས་ན་སྤྲོས་པ་ཉིད་དེ། དེས་ན་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་

རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པར་སྤྲོས་པ་ཉིད་ཀྱིས་སོ། །དེ་ལྟར་སྤྲོས་ནས་སླར་ཡང་བསྡུ་བ་མཛད་དེ། གང་དུ་ཞེ་ན། རི་རབ་རིའི་རྩེ་མོར་རོ། །ཅི་དེ་ཐམས་ཅད་དུའམ་ཞེ་ན། མ་ཡིན་ཏེ། རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པར་བསྡུ་བ་མཛད་པའོ། །ཡང་གཅིག་

ཏུ་འདུས་ཏེ་ཞེས་བྱ་བ་ནི་ཚོགས་པར་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཉམ་པ་ཉིད་དུ་དམིགས་ནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་ཆོས་ཀྱི་དབྱིངས་ལ་བཞུགས་པའོ། །དམིགས་པ་ནི་མངོན་སུམ་དུ་བྱས་པའོ། །དཔལ་བེའུས་བརྒྱན་པའི་

ཐུགས་སུ་ཐིམ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བདག་ཉིད་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་བདག་ཉིད་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་དམིགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་དང་མཚུངས་པར་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་པ་དེས་འདི་ལ་ལྷག་མ་མེད་པ་ན་མ་ལུས་པ་སྟེ། ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དེ་ཡོངས་སུ་

བསྐྱབས་པ་ནི་གདུག་ཅིང་གཏུམ་པ་རྣམས་ལས་བསྲུང་བའོ། །ཕན་པ་དང་བདེ་བ་ཐམས་ཅད་ཀྱི་མཆོག་གྲུབ་པ་ནི་ཕན་པ་དང་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་སྟེ་དེའི་ཕྱིར་རོ། །མ་རུངས་པ་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཐུགས་རྗེ་ཆེན་པོ་

Vol. 55 · folio 187b

དེས་བསྐྱེད་པའི་ཐབས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་ཐབས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་ཐབས་དེས་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དང་། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་ཐབས་ཀྱི་

ཏིང་ངེ་འཛིན་གྱི་ཡེ་ཤེས་སོ། །དེ་ལ་དམིགས་ཏེ་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་སྟེ། དེས་ཀུན་ནས་བསླང་བའི་ཐབས་ཏེ་དེས་བསྐྱེད་པའི་ཁྲོ་བོའོ། །དེ་ཉིད་ནི་བསྟན་པའི་

ཕྱིར་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་གང་དག་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་པའི་སྔར་བཤད་པའི་དེ་བཞིན་གཤེགས་པ་དེ་ཐམས་ཅད་ཀྱི་ཐུགས་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བའི་སྒྲ་ནི་འདིར་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་རྣམས་གཟུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དམ་ཚིག་གོ། །སྙིང་པོ་དེས་བསྐྱེད་པའི་སྙིང་པོ་དེ་ལ་ཡང་མིང་དེ་སྐད་ཅེས་བྱ་སྟེ་དེ་ཕྱུང་

བའོ། །དེ་ཕྱུང་མ་ཐག་ཏུ་ཞེས་བྱ་བ་ནི་སྙིང་པོ་བརྗོད་པའི་རྗེས་ཐོགས་ཉིད་ལའོ་ཞེས་བྱ་བའི་དོན་ཏོ། །ཕྱག་ན་རྡོ་རྗེའི་ཐུགས་ཀའི་རྡོ་རྗེ་ལས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་གཟུང་བའི་རྡོ་རྗེ་གང་ཡིན་པ་དེ་ལས་ཞེས་བྱ་བ་ཡིན་པའི་ཕྱིར། ཕྱག་ན་

རྡོ་རྗེའི་ཐུགས་ཀའི་རྡོ་རྗེ་ལས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་རྫུ་འཕྲུལ་གྱི་སྟོབས་ཀྱིས་ན་རྡོ་རྗེའི་སྐུ་རྣམ་པ་མང་པོ་ཕལ་མོ་ཆེར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱོགས་ཀུན་དུ་རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ་ཞེས་

Vol. 55 · folio 188a

བྱ་བར་སྦྱར་རོ། །རྣམ་པ་དུ་མ་ཞེས་གསུངས་པ་ཚུལ་གང་གིས་ན་དེ་རྣམ་པ་མང་པོ་ཡིན་ཞེ་ན། དེ་ཀུན་དུ་འབར་བའི་སྙིང་པོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཀུན་ནས་འབར་བས་ན་ཀུན་དུ་འབར་བའོ། །དེས་བསྐོར་བ་བྱས་པས་ན་ཀུན་དུ་འབར་བའི་སྙིང་པོའོ། །

ཀུན་དུ་འབར་བའི་སྙིང་པོ་ཡང་ཡིན་ལ། ཁྲོ་གཉེར་ཅན་སྨིན་མ་བཅུམ་པ་ཡང་དེ་ཡིན་པ་སྟེ། ཁྲོ་བར་སྟོན་པའི་དཔྲལ་བའི་མཚན་མ་ནི་ཁྲོ་གཉེར་ཅན་སྨིན་མ་བཅུམ་པའོ། །ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཅུམ་པ་ཡང་ཡིན་ལ། དཔྲལ་བར་བསྙེར་བ་ཡང་ཡིན་པས་ན་ཁྲོ་གཉེར་ཅན་སྨིན་མ་

བཅུམ་ཞིང་དཔྲལ་བ་བསྙེར་བའོ། །མཆེ་བ་དགུ་པོ་ལྷག་གེར་བྱུང་ཞིང་ཞལ་གཡོ་བ་ཡང་ཡིན་ལ། སོ་གཙིགས་པ་ཞེས་བྱ་བ་མི་བཟད་པ་ལ་བྱ་སྟེ། མཆེ་བ་ལྷག་གེར་བྱུང་བ་ཉིད་སོ་གཙིགས་པར་བྱས་པ་གང་ཡིན་པ་དེ་ནི་མཆེ་བ་ལྷག་གེར་བྱུང་ཞིང་སོ་གཙིགས་པའོ། །དེ་ལྟར་འཇིགས་སུ་རུང་བ་

དེའི་མཚོན་ཆ་ཇི་སྙེད་ཅིག་ཅེ་ན། དེའི་ཕྱིར་རྡོ་རྗེ་དང་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་དང་། ལྕགས་ཀྱུ་དང་། རལ་གྲི་དང་། ཞགས་པ་ལ་སོགས་པ་གང་ཡིན་པ་དེ་དག་ནི་རྡོ་རྗེ་དང་ལྕགས་ཀྱུ་དང་། རལ་གྲི་དང་ཞགས་པ་ལ་སོགས་པ་སྟེ། དེ་དག་ཀྱང་རྡོ་རྗེའི་མེ་ལྕེ་འབར་

བའི་མཚོན་ཆ་ཕྱག་ན་བསྣམས་པ་ཉིད་ཡིན་པས་ན་རྡོ་རྗེ་དང་ལྕགས་ཀྱུ་དང་རལ་གྲི་དང་ཞགས་པ་ལ་སོགས་པ་རྡོ་རྗེའི་མེ་ལྕེ་འབར་བའི་མཚོན་ཆ་ལག་ན་ཐོགས་པའོ། །གལ་ཏེ་མཚོན་ཆ་དེ་ལྟ་བུ་ཡིན་ན་ཁ་དོག་དང་རྒྱན་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་རྣམ་པ་དུ་མའི་ཁ་དོག་དང་རྒྱན་སྣ་ཚོགས་ཀྱི་

ཆ་ལུགས་སྣ་ཚོགས་འཛིན་པ་ཞེས་བྱ་བ་གསུངས་ཏེ། རྣམ་པ་དུ་མ་ཡང་ཡིན་ལ་ཁ་དོག་ཀྱང་ཡིན་པས་རྣམ་པ་དུ་མའི་ཁ་དོག་གོ། །རྒྱན་ཡང་ཡིན་ལ་སྣ་ཚོགས་ཀྱང་ཡིན་པས་རྒྱན་སྣ་ཚོགས་སོ། །ཁ་དོག་རྣམ་པ་དུ་མ་དང་། རྒྱན་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་ཆ་ལུགས་ཐ་དད་པའི་རྣམ་པ་སྣ་

ཚོགས་འཛིན་པར་མཛད་པས་ན་ཆ་ལུགས་སྣ་ཚོགས་འཛིན་པའོ། །ཕྱག་ན་རྡོ་རྗེའི་སྐུ་ལས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་ལུས་ལས་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤིན་ཏུ་མ་རུངས་པ་ཐམས་ཅད་གདུལ་བ་བྱས་ནས་ཞེས་བྱ་བ་ནི་གདུལ་དཀའ་བ་ཐམས་ཅད་བཏུལ་ནས། ཕྱག་ན་རྡོ་རྗེའི་སྐུ་དེ་

Vol. 55 · folio 188b

རྣམས་ཀྱང་ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པ་མཛད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །ཐམས་ཅད་འདུལ་བའི་ཐབས་ཆེན་ལྡན། །ཞེས་བྱ་བ་ནི་ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་ཏེ། གང་ལ་ཐབས་ཆེན་པོ་ཡོད་པ་དེ་

ནི་ཐབས་ཆེན་ལྡན་པའོ། །ཐབས་ཆེན་པོ་དང་ལྡན་པ་དེ་སུ་ཞིག་ཅེ་ན། བདག་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་ཁྱོད་ཐབས་ཆེན་པོ་དང་ལྡན་པ་ཡིན་ཡང་ངོ་མཚར་དུ་གྱུར་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར། གང་ཕྱིར་སེམས་ཅན་གདུལ་ཐབས་ཕྱིར། །དྲི་མ་མེད་པའི་ཁྲོ་བོར་གྱུར། །ཅེས་བྱ་བ་གསུངས་

ཏེ། གང་གི་ཕྱིར་ཐབས་ཀྱིས་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། དྲི་མ་མེད་པའི་ཁྲོ་བོར་གྱུར། །ཞེས་བྱ་བ་སྟེ། དྲི་མ་མེད་པ་ནི་འདོད་ཆགས་དང་བྲལ་བ་ཡིན་དུ་ཟིན་ཀྱང་ཁྲོ་བོར་གྱུར་ཞེས་བྱ་བ་འཇིགས་སུ་རུང་བའི་གཟུགས་ཅན་དུ་གྱུར་པ་འདི་ནི་ངོ་མཚར་དུ་གྱུར་པ་ཡིན་ནོ། །སངས་རྒྱས་

ཀྱི་ཧཱུྃ་ཞེས་བྱ་བས་དཀྱིལ་འཁོར་སྤྲུལ་པའི་བྱ་བ་མཛད་ཟིན་ནས། ད་ནི་ཧཱུྃ་ཞེས་བྱ་བ་བཞིའི་སྔགས་བསྐྱེད་པར་བྱ་བ་དང་། དེའི་ལས་བསྒྲུབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན་གཞན་ལ་སྙོམས་པར་ཞུགས་པར་མཛད་པ་ནི་དེ་ནས་བཅོམ་ལྡན་འདས་ཞེས་

བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་སྤྲོས་པ་མེད་པའི་ཆོས་ཉིད་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་དེ། དེ་ལ་དམིགས་པ་ནི་དེ་མངོན་སུམ་དུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། ཁྲོ་བོ་ཆེན་པོའི་རྡོ་རྗེ་

ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་ཆེན་པོའི་རྡོ་རྗེ་སྟེ། རྡོ་རྗེ་ཧཱུྃ་མཛད་ཅེས་བྱ་བའི་དོན་ཏོ། །དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའོ། །དེ་ཉིད་རྡོ་རྗེ་ཡིན་པས་དམ་ཚིག་རྡོ་རྗེའོ། །དེ་བྱིན་གྱིས་བརླབས་པའི་ཕྱིར་ཏིང་ངེ་

འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །མིང་ཇི་སྐད་ཅེས་བྱ་བ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཧཱུྃ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་གང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་

Vol. 55 · folio 189a

ཀྱི་ཐུགས་ལ་གཅིག་ཏུ་གྱུར་པ་དེ་ལས་སྐྱེས་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རིག་པའི་མཆོག་ཐུགས་ལ་གཞག་པ་འདི་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་

པར་སྣང་མཛད་ཀྱི་ཐུགས་ཀྱི་ནང་དུ་ཆུད་པའི་མི་བསྐྱོད་པ་ལ་སོགས་པ་ལས་མང་པོར་གྱུར་ཏེ་བྱུང་བའོ། །བྱུང་མ་ཐག་ཏུ་ཞེས་བྱ་བ་ནི་སྙིང་པོ་བརྗོད་པའི་རྗེས་ཐོགས་ཁོ་ན་ལའོ། །འཇིག་རྟེན་གྱི་ཁམས་རབ་འབྱམས་ནི་རྒྱུན་ཏེ། དེ་རྣམས་ནི་འདུས་པ་ནི་སྤྲིན་ནོ། །སྤྲིན་དེ་རྣམས་ཀྱི་

བགྲང་དུ་མེད་པ་ནི་རྒྱ་མཚོ་སྟེ། དེས་ན་འཇིག་རྟེན་གྱི་ཁམས་རབ་འབྱམས་སྤྲིན་གྱི་རྒྱ་མཚོ་སྟེ། དེ་ཐམས་ཅད་ན་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཇི་སྙེད་པ་དེ་དག་ཐམས་ཅད་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་

པས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་དཀྱིལ་འཁོར་དུ་བཅུག་པའོ། །དམ་ཚིག་གིས་བཅིངས་ནས་ཞེས་བྱ་བ་ནི་རང་ཉིད་ཀྱིས་གསུངས་པའི་དམ་ཚིག་གིས་རང་བཞིན་གྱི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། དཀྱིལ་འཁོར་ལ་སོགས་པར་འཇོག་པ་དེ་ལྟ་བུས་སོ། །ཡང་གཅིག་ཏུ་འདྲེས་ཏེ་

ཞེས་བྱ་བ་ལ་གཅིག་ནི་ཐ་མི་དད་པའོ། །འདྲེས་པ་ནི་བརྟན་པའོ། །རྡོ་རྗེ་ཁྲོ་བོ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པར་གྱུར་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །གང་ཞིག་གིས་ཅི་ཞིག་ངོ་མཚར་དུ་གྱུར་པ་ཡིན་ཞེ་ན། བྱང་ཆུབ་སེམས་འདི་ནི། ཀུན་དུ་བཟང་

ཞེས་སྡིག་མེད་དེ། །ཞེས་བྱ་བ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་རྣམ་པར་གྲོལ་བ་ཡིན་ཡང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད་པ་རྣམས་ལ་དེ་སྤྱོད་པར་སྟོན་པས་དེའི་དོན་མཛད་པའི་ཕྱིར་ཀུན་དུ་བཟང་པོའོ། །དེའི་ངོ་བོ་ཉིད་ཡིན་པས་ན་ཀུན་དུ་བཟང་ཞིང་ངོ་། །སྡིག་

མེད་དེ་ཞེས་བྱ་བ་ནི་སྡིག་པ་མི་མངའ་བའོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་སེམས་ཅན་གདུལ་དོན་དུ། །ཁྲོ་བོ་ཡང་ནི་ཡིད་འོང་གྱུར། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་གདུལ་བར་མཛད་པས་ན་སེམས་ཅན་གདུལ་བ་སྟེ། ཉེས་པར་སྤྱོད་པའི་ལོག་པའི་ལམ་ལས་

Vol. 55 · folio 189b

བཟློག་ནས་ལེགས་པར་སྤྱོད་པའི་ཡང་དག་པའི་ལམ་ལ་འཇོག་པར་མཛད་པས་ན་སེམས་ཅན་གདུལ་བའོ། །དོན་དུ་ཞེས་བྱ་བ་ནི་སེམས་ཅན་གདུལ་བ་དེའི་ཕྱིར་རོ། །ཁྲོ་བོ་ཡང་ནི་ཡིད་འོང་གྱུར། །ཞེས་བྱ་བ་ནི་ཀུན་དུ་བཟང་པོ་ཁྲོ་བ་མེད་པ་ཡང་ཁྲོ་བོ་ཆེན་པོ་ཡིད་དུ་འོང་བར་གྱུར་པར་སྟོན་པར་

མཛད་པ་སྟེ། སེམས་ཅན་གྲངས་མེད་པ་རྣམས་ལ་ཕན་གདགས་པའི་ཕྱིར་བུ་གཞོན་ནུ་ལ་ཕ་ཁྲོས་པ་ལྟ་བུའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །དེ་ཞེས་བྱ་བ་ནི་ལུས་ངག་གིས་དེ་བཞིན་གཤེགས་པ་བཀུག་པའོ། །རྡོ་རྗེ་ཁྲོ་བོ་ཆེན་པོའི་སྐུ། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་

སྐུ་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བབས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་རོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་ཏེ་ཞེས་བྱ་བ་ནི་མི་བསྐྱོད་པའི་གནས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་

པར་གྱུར་པའོ། །ཡང་བཀའ་ནོད་ཅིང་བཞུགས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པའི་ཕྱིར་གསོལ་བ་བཏབ་པའི་ཚེ་ན་བཀའ་མནོས་པ་ཡིན་ལ། དེ་འདིར་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་རྣམས་དགུག་པའི་ཕྱིར་བཀའ་ནོད་པ་ཡིན་ཏེ། བཀའ་ནོད་པར་

བྱེད་པའོ། །གསོལ་བ་བཏབ་པའི་ཚེ་བཀའ་མནོས་མོད་ཀྱི། འོན་ཀྱང་ཁྱད་པར་གྱི་བཀའ་མནོས་པའི་ཕྱིར་ཡང་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །སྐལ་པ་ཕུན་སུམ་ཚོགས་པ་དང་ལྡན་པས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་

ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་དག་གི་དམ་ཚིག་ནི་བཀའ་སྟེ་འཇིག་རྟེན་གསུམ་པོ་རྣམས་དགུག་པའི་ཕྱིར་བཀའ་བསྒོ་བའོ། །དེ་ཉིད་ནི་འདའ་བར་བྱ་བ་མ་ཡིན་པས་ན་རྡོ་རྗེའོ། །དེ་བས་ན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་འགུགས་པ་

རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཀྱང་ཡིན་ལ། ལྕགས་ཀྱུ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཀྱི་དམ་ཚིག་གི་ལྕགས་ཀྱུའོ། །དེ་ཉིད་ནི་དེ་

Vol. 55 · folio 190a

བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། རྣམ་པར་སྣང་མཛད་ཀྱི་ཐུགས་ལ་དེ་དག་ཐམས་ཅད་གཅིག་ཏུ་གྱུར་པས་སོ། །དེ་ནས་དེ་བྱུང་མ་ཐག་ཏུ་ཞེས་བྱ་བ་ནི་སྙིང་པོ་བརྗོད་པ་དེའི་རྗེས་ཐོགས་ཉིད་ལའོ། །

འཇིག་རྟེན་གྱི་ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དོ། །འཇིག་རྟེན་གྱི་ཁམས་སྨོས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཟུང་ངོ་། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་འབྱམས་ཞེས་བྱ་བ་ནི་རྒྱུན་ཏེ། དེ་རྣམས་ཀྱི་འདུས་པ་ནི་སྤྲིན་ནོ། །དེ་ཉིད་

བགྲང་བ་ལས་འདས་པ་ནི་རྒྱ་མཚོ་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམས་སྤྲིན་རྒྱ་མཚོ་དེ་དག་ན་འཇིག་རྟེན་གསུམ་གྱི་དབང་པོ་ཇི་སྙེད་པ་སྟེ། འཇིག་རྟེན་གསུམ་ཞེས་བཏགས་པ་ནི་འཇིག་རྟེན་པའི་ཚུལ་གྱིས་ས་འོག་གི་འཇིག་རྟེན་དང་། ས་སྟེང་གི་འཇིག་རྟེན་དང་། ལྷའི་འཇིག་རྟེན་དེ་འཇིག་རྟེན་

གསུམ་མོ། །འཇིག་རྟེན་གསུམ་པོ་དེ་ཉིད་ན་འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པས་ན་འཇིག་རྟེན་གསུམ་གྱི་དབང་པོ་སྟེ། ས་འོག་གི་འཇིག་རྟེན་གྱི་དབང་པོ་ནི་བརྒྱ་བྱིན་དང་ཁྱབ་འཇུག་གོ། །ས་སྟེང་གི་དབང་ཕྱུག་ཆེན་པོའོ། །ལྷའི་ཡུལ་གྱི་ཚངས་པའོ། །དེ་དག་ལ་སོགས་པ་ཞེས་བྱ་

བ་ནི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་བདག་པོ་རྣམས་སོ། །བདག་པོ་དེ་རྣམས་ཀྱང་གཅིག་པུ་ནི་མ་ཡིན་གྱི། འོ་ན་གང་ཞེ་ན། འཇིག་རྟེན་ཐམས་ཅད་ན་གནས་པའི་གྲོང་དང་གྲོང་ཁྱེར་དང་ཡུལ་ལ་

སོགས་པའི་ཚོགས་རྣམས་ཏེ། དེ་རྣམས་ཀྱིས་ཡོངས་སུ་བསྐོར་བས་ན་འཇིག་རྟེན་ན་གནས་པའི་ཚོགས་དེ་རྣམས་ཀྱིས་བསྐོར་བའོ། །མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ནི་ཐམས་ཅད་ལྷག་མ་མ་ལུས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་དམ་

ཚིག་གི་རྡོ་རྗེ་ཡིན་ལ་ལྕགས་ཀྱུ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་རྡོ་རྗེའི་ལྕགས་ཀྱུའོ། །དེས་དྲངས་བས་ན་བཀུག་པའོ། །གང་དུ་བཀུག་ཅེ་ན། དེའི་ཕྱིར་རི་རབ་རིའི་རྩེ་མོ་གང་ན་བ་དང་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པ་གང་ན་བ་ཞེས་

Vol. 55 · folio 190b

གསུངས་ཏེ། དེར་བཀུག་པའོ། །འདི་སྐད་སྟོན་ཏེ། ཕྱོགས་ཐམས་ཅད་ནས་རི་རབ་རིའི་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པར་བཀུག་ནས། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པ་དེ་དག་ཐམས་ཅད་དུ་བསྐོར་ཞེས་

བྱ་བ་ནི་ཕྱོགས་བཞི་ཆར་ནས་བསྐོར་ཏེ་འཁོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྙིང་པོའི་བྱ་བ་བསྟན་ནས། ད་ནི་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་གདུལ་བ་པོའི་བྱ་བ་སྟོན་པར་བཞེད་པའི་ཕྱིར་སྨོས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་བར་སྐབས་དེའི་རྗེས་ཐོགས་ལའོ། །ཕྱག་ན་རྡོ་རྗེ་མངའ་བས་

ན་ཕྱག་ན་རྡོ་རྗེའོ། །རང་གི་ཐུགས་ཀ་ནས་རྡོ་རྗེ་དེ་བླངས་ཏེ་ཞེས་བྱ་བ་ནི་རང་ཉིད་ཀྱི་ཐུགས་ཀར་གཞག་པ་དེ་དེ་ནས་བླངས་ཏེ་གསོར་བ་ནི་གྱེན་དུ་འཕེན་ཞིང་འཕེན་ཞིང་འཛིན་པའོ། །ཐམས་ཅད་དང་ལྡན་པའི་ཁམས་གསུམ་པ་ཇི་སྙེད་པ་ཐམས་ཅད་ཀྱི་འཇིག་རྟེན་གསུམ་གྱི་ཞེས་བྱ་བ་ནི་སྟོང་གསུམ་

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་ཐམས་ཅད་གཟུང་ངོ་། །དཀྱིལ་འཁོར་ལ་བལྟས་ཏེ་ཞེས་བྱ་བ་ནི་དེ་ན་གནས་པའི་འཇིག་རྟེན་གསུམ་གྱི་འཁོར་ལོ་མ་རུངས་པ་ལ་བལྟས་ཤིང་བརྟགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེ་ན། ཇི་སྐད་ཅེས་བཀའ་

སྩལ་ཏོ། །གྲོགས་པོ་རྣམས་ཞུགས་ཤིག་ཅེས་བྱ་བའོ། །གང་ལ་འཇུག་པར་བྱ་ཞེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ལ་ཞུགས་ལ་ཞེས་བྱ་བ་གསུངས་སོ། །ཞུགས་པ་དེ་གང་ཡིན་ཞེ་ན། གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་འཛིན་

པའོ། །དེ་ལ་གྲོགས་པོ་ཞེས་བྱ་བ་ནི་བཞམས་ཏེ་བོད་པའོ། །བསྟན་པ་ནི་དེ་བཞིན་གཤེགས་པའི་གསུང་རབ་བོ། །ངའི་བཀའ་ཡང་ཉོན་ཅིག་ཅེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་བསྟན་པ་ལ་འཇུག་པ་མ་

ཤེས་ནས། དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་མངོན་པར་འདོད་པའི་བསྒྲུབ་པ་ཉིད་བསྟན་པ་ནི་སངས་རྒྱས་ཆོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྒྲུབ་པར་བྱོས་ཞེས་

Vol. 55 · folio 191a

བྱ་བ་ནི་ཉམས་སུ་བླང་བར་གྱིས་ཤིག་ཅེས་པའོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར། ཀུན་མཁྱེན་ཡེ་ཤེས་ཐོབ་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཤེས་པས་ན་ཀུན་མཁྱེན་ནོ། །དེའི་ཡེ་ཤེས་ཡིན་པས་ན་ཀུན་མཁྱེན་ཡེ་ཤེས་སོ། །དེ་

ཐོབ་པའི་ཕྱིར་ཞེས་བྱ་བ་ནི་དེ་རྙེད་པར་བྱ་བའི་ཕྱིར་སྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འཇིག་རྟེན་གྱི་ཁམས་འདི་ན་ཞེས་བྱ་བ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ནའོ། །འཇིག་རྟེན་གསུམ་པོ་མཐའ་དག་གི་བདག་པོ་ནི་དབང་བདག་གོ། །དེ་ལྟར་ན་

འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོར་གྱུར་པ་དེས་དྲེགས་པའོ། །ཆེར་ཁྲོས་བས་ཤིན་ཏུ་ཁྲོས་པར་སྟོན་ཅིང་འདི་སྐད་ཅེས་སྨྲས་པས་ནི། ཀྱེ་གནོད་སྦྱིན་ང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀུན་དུ་བཟང་པོ་གནོད་སྦྱིན་གྱི་གཟུགས་སུ་སྤྲུལ་ནས་བཞུགས་པའི་ཕྱིར་གནོད་

སྦྱིན་ཞེས་བྱའོ། །བྱེད་པ་པོ་ནི་འབྱུང་པོ་ཐམས་ཅད་སྤྲུལ་པའོ། །འཇིག་པ་པོ་ནི་རྣམ་པར་འཇིག་པར་བྱེད་པའོ། །འབྱུང་པོ་ཐམས་ཅད་ཀྱི་དབང་པོ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བས་ན་འབྱུང་པོ་སྟེ་སེམས་ཅན་ཐམས་ཅད་ལ་བྱ་ལ་དེ་རྣམས་ཀྱི་དབང་པོ་ནི་བདག་པོར་གྱུར་པའོ། །ལྷ་རྣམས་

ལས་འདས་པའི་ལྷ་ཡིན་པས་ན་ལྷའི་ལྷའོ། །མིང་ཇི་སྐད་བྱ་ཞེ་ན། ལྷ་ཆེན་པོ་ཞེས་དོན་དང་མཐུན་པར་མིང་བཏགས་པ་ཡིན་ན། ཁྱོད་ཀྱི་ངག་ང་ཅིའི་ཕྱིར་ཉན་ཞེས་བྱ་བའོ། །འདི་སྐད་སྟོན་ཏེ། ང་ནི་ཁྱོད་པས་རྫུ་འཕྲུལ་ཆེ་བ་ཡིན་ན་ཁྱོད་ཀྱི་ངག་ང་ཇི་ལྟར་ཉན་ཏེ་ང་ནི་རྫུ་འཕྲུལ་ཆེན་པོ་དང་

ལྡན་པ་ཡིན་ནོ་ཞེས་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་བཀའ་སྩལ་པ་ནི། ཀྱེ་སེམས་ཅན་མ་རུངས་པ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཀྱེ་སེམས་ཅན་མ་རུངས་པ་ཞེས་བྱ་བ་ནི་བོད་པའོ། །དཀྱིལ་འཁོར་དུ་ཞུགས་ལ་ཞེས་བྱ་བ་ནི་ཁྲོས་

པའི་བཀའ་བསྒོ་བའོ། །ངའི་དམ་ཚིག་ལ་ཡང་གནས་པར་གྱིས་ཤིག་ཅེས་བྱ་བ་ནི་བཀའ་བསྒོ་བ་གཉིས་པའོ། །འདི་སྐད་སྟོན་ཏེ། ངའི་བཀའ་གང་ཡིན་པ་དེ་ཁྱོད་ལ་བསྒོ་ཡིས། དེ་ལས་ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མི་འདའ་བར་གྱིས་ཤིག །ངའི་བཀའ་འབའ་ཞིག་ཏུ་

Vol. 55 · folio 191b

ཡང་མ་ཟད་ཀྱི། སྔགས་པ་གང་ངའི་སྔགས་དང་ཕྱག་རྒྱ་ལ་དམིགས་པར་བྱེད་པ་དེའི་བསྒོ་བ་ལས་ཀྱང་འདའ་བར་མ་བྱེད་ཅིག་ཅེས་པའོ། །དེ་ནས་བར་སྐབས་འདིར་ལྷ་ཆེན་པོས་བཅོམ་ལྡན་འདས་ཀུན་དུ་བཟང་པོའི་ངོ་བོ་ཉིད་མ་ཤེས་པས་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཞེས་བྱ་བ་ལ་དབང་ཕྱུག་ཆེན་པོ་ཐོག་མར་བྱས་པའི་འཇིག་རྟེན་གསུམ་གྱི་ཚོགས་གང་ཡིན་པ་དེ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་གྱི་ཚོགས་སོ། །ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་མ་ལུས་པ་སྟེ།

དེ་ལ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཇི་སྐད་དུ་གསུངས་ཤེ་ན། གྲོགས་པོ་རྣམས་བསྒྲུབ་པར་གྱིས་ཤིག་ཅེས་བྱ་བའོ། །ཅི་ཞིག་བསྒྲུབ་པར་བྱ་བ་ཞེ་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། དམ་ཚིག་དང་སྡོམ་པའོ། །དེ་ལ་དམ་ཚིག་ནི་སྔགས་པས་

སྔགས་དང་ཕྱག་རྒྱ་ལ་སོགས་པ་བརྟན་པར་བྱས་ནས། དཀྱིལ་འཁོར་དུ་འདུ་བར་བྱ་བ་དང་། གནས་པར་བྱ་བ་ཡིན་པ་ལ་སོགས་པའོ། །སྡོམ་པ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། །དེ་དག་ཇི་སྐད་གསུངས་པ་བཞིན་དུ་ནོས་ལ་སྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲུབ་

པར་མི་བྱེད་ན་ཕྱག་ན་རྡོ་རྗེ་འདི་ཞེས་བྱ་བ་སྟེ། སྤྱན་སྔར་ན་འདུག་པའི་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཡིན་པར་བསྟོད་དོ། །གནོད་སྦྱིན་ཞེས་བྱ་བ་ནི་སེམས་ཅན་གདུག་ཅིང་མ་རུངས་པ་རྣམས་ཀྱི་རྒྱུད་ལ་གནས་པའི་ཉོན་མོངས་པ་རྣམས་གང་ཡིན་པ་ཟད་པར་མཛད་པའོ། །ཁྲོ་བར་རབ་

ཏུ་སྟོན་པར་མཛད་པའི་ནོར་མངའ་བས་ན་ཁྲོ་བའོ། །མ་རུངས་པ་ནི་སྙིང་རྗེ་མེད་པར་སྟོན་པའོ། །གཏུམ་པ་ནི་འཇིགས་པར་སྟོན་པས་སོ། །བྱང་ཆུབ་ཆེན་པོར་སེམས་དཔའ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའ་ཞེས་སྨོས་པ་འདིས་ནི་ཕན་

འདོགས་པ་ལ་ཞུགས་པ་ཉིད་དུ་སྟོན་ཏོ། །ཁྱེད་ཅེས་བྱ་བ་ནི་ཁྱེད་རྣམས་ཏེ། རྡོ་རྗེ་འབར་བས་ཁམས་གསུམ་པ་འདི་དག་ཐམས་ཅད་བརླག་པར་བྱས་ལྟ་རེ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་རྗེས་ཐོགས་ལ། དབང་ཕྱུག་ཆེན་པོ་འཇིག་རྟེན་གསུམ་

Vol. 55 · folio 192a

པོ་མཐའ་དག་གི་དབང་པོར་གྱུར་པ་དང་། དེའི་ཤེས་པ་ལ་དབང་ཐོབ་པས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འཇིགས་པར་བསྟན་པའི་ཕྱིར་ཏེ་འཇིགས་པ་སྐྱེད་པའི་དོན་ཏོ། །འཁོར་མང་པོ་དང་བཅས་པ་ནི་གཡོག་གི་ཚོགས་མང་པོ་དང་བཅས་པའོ། །ཁྲོ་ཞིང་ཞེས་བྱ་

བ་ནི་སེམས་ལས་བྱུང་བའི་ཆོས་ཁྲོ་བ་སྟེ། དེ་ལས་བྱུང་བའི་ལུས་ཀྱི་རྣམ་པར་འགྱུར་བ་ལ་ཡང་ཁྲོ་བོ་ཞེས་བྱའོ། །ཁྲོ་ཞིང་གཏུམ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཁྲོ་ཞིང་གཏུམ་པ་ཆེན་པོ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་ཁྲོ་ཞིང་གཏུམ་པ་ཆེན་པོ་ཉིད་དོ། །ཁྲོ་ཞིང་གཏུམ་པོ་ཆེན་པོ་དེ་

སུ་ཞིག་ཡིན་ཞེ་ན། རབ་ཏུ་འཇིགས་པའི་གཟུགས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་འཇིགས་པ་སྐྱེད་པར་བྱེད་པའི་གཟུགས་ཀྱིས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་འཇིགས་པའི་གཟུགས་དེ་ནི་འབར་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འབར་བ་ཆེན་པོའོ། །

དེ་གཏོང་བས་ན་ཤིན་ཏུ་འབྱིན་པར་བྱེད་པ་སྟེ། ནམ་མཁའི་ངོས་ཁྱབ་པར་བྱེད་པའོ། །སེམས་ཅན་ཆུང་ངུ་དག་གིས་ཐོས་ན་སྙིང་རྣམ་པར་འགས་པར་བྱེད་པས་ན་མ་རུངས་པ་ཆེན་པོས་རྟ་གད་དུ་དགོད་པ་སྟེ། མ་རུངས་པ་ནི་གཏུམ་པའོ། །རྟ་གད་ནི་ཡི་མུག་པ་བསྐྱེད་པའོ། །དགོད་

པ་ནི་གད་མོའོ། །མ་རུངས་པ་ཆེན་པོ་ཡང་ཡིན་ལ་རྟ་གད་དུ་དགོད་པ་ཡང་ཡིན་པས་ན་མ་རུངས་པ་ཆེན་པོས་རྟ་གད་དུ་དགོད་པའོ། །དེའི་ངོ་བོ་ཉིད་ཀྱང་ཡིན་པས་མ་རུངས་པ་ཆེན་པོས་རྟ་གད་དུ་དགོད་པ་ཉིད་དོ། །བསྟན་པ་ནི་སྟོན་པའོ། །འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་ཀྱེ་ང་

ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོའི་ཚིག་གི་རྗེས་ཐོགས་ལའོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོའོ། །བསྙེམས་པ་དང་བཅས་པས་གསོར་ཞིང་ཞེས་བྱ་བ་ནི་ཐད་ཀར་འཇོག་ཅིང་གསོར་བའོ། །རྣམ་པར་བཞད་པ་ནི་

མཉེས་པར་མཛད་པའོ། །འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་ཀྱེ་ལུས་སྲུལ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་སྲུལ་པོ་ཞེས་བྱ་བ་ལ་ཁྱོད་ནི་རོའི་ལུས་ལས་བྱུང་བའི་ཡི་དགས་ཡིན་ན། དེ་ཁོ་ན་ཉིད་མཐོང་བ་རྣམས་སྐྲག་པར་བྱེད་པའི་ནུས་པ་འདི་ལྟ་བུ་ཁྱོད་ལ་ག་ལ་ཡོད་ཀྱི།

Vol. 55 · folio 192b

གང་ཞིག་ཁྱོད་ཀྱིས་རང་མི་ཤེས་པ་དེ་དག་ཀྱང་འཇིགས་སམ་མི་འཇིགས་གཏོལ་མེད་ཀྱིས། ཇི་སྲིད་དུ་ཁྱོད་ཆད་པས་བཅད་པའི་སྤྱོད་ཡུལ་དུ་མ་གྱུར་པ་དེ་སྲིད་དུ་ངའི་བཀའ་ལྟར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ད་ནི་མི་ཤ་ཟ་བ་ལ་སོགས་པས་ལུས་སྲུལ་པོ་ཉིད་སྟོན་པ་ཡིན་ཏེ། དེ་

ཡང་གང་གི་ཕྱིར་པ་ཊ་ལ་ཞེས་བྱ་བའི་ཡུལ་ན། བྷྲི་གུ་ཀྵེ་ཏྲ་ཞེས་བྱ་བར། ཀ་རོ་ཧ་ན་ཞེས་བྱ་བའི་ཚོང་དུས་དེ་ན་ཟླ་བ་ཞེས་བྱ་བའི་བྲམ་ཟེ་མཁས་པ་བློ་དང་ལྡན་པ་བཤེས་གཉེན་ཅན། བཟོ་དང་སྒྱུ་རྩལ་མ་ལུས་པར་ཤེས་པ། མཛེས་པ་ལང་ཚོ་ལ་བབ་པ་ལུས་ལ་རྨ་མེད་པ་ཞིག་

གནས་པ་ལས། ཉི་མ་ནུབ་ཀ་ཞིག་ཏུ་འཆི་བའི་དུས་བྱེད་པར་གྱུར་པ་དང་། དེ་ཉེ་དུ་རྣམས་ཀྱིས་ཁྲི་ལ་བསྐྱོན་ཏེ་དུར་ཁྲོད་ཀྱི་ས་གཞིར་ཁྱེར་རོ། །དེར་ཡང་མཚན་མོར་གྱུར་ཏོ་སྙམ་ནས་མ་སྲེག་པར་གཞག་པ་དང་། རོའི་ལུས་དེ་ལ་རྣལ་འབྱོར་པའམ། ལྷའམ། ཡི་དགས་རྫུ་འཕྲུལ་

དང་ལྡན་པ་འགའ་ཞིག་ཞུགས་པར་གྱུར་ཏོ། །དེ་ནས་དེའི་གཉེན་རྣམས་ཀྱང་ནང་པར་རོ་བསྲེག་ཏུ་སོང་བ་དང་། དེའི་སྐྲ་ནི་རལ་པར་བྱས། དུར་ཁྲོད་ཀྱི་ཐལ་བས་ནི་ལུས་དང་མགོ་ལ་བྱུགས་ཤིང་གཏོར། ཤ་ཅུང་ཟད་ཟ་ཞིང་དུར་ཁྲོད་ཀྱི་ས་གཞི་དེ་ཉིད་ལ་ཉལ་བ་ལས་ལངས་ཏེ། གང་དུ་བཏེག་

ནས་ཁྱེར་བའི་ཁྲིའི་རྐང་པ་ཐོགས་པ་དང་། ཐོད་པ་ཞིག་ཀྱང་ཐོགས་ཏེ། མིའི་རོ་ཕྱེད་ཚིག་པ་ཟ་ཞིང་འདི་སྐད་ཅེས་ང་ནི་ལྷའི་ལྷ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨྲའོ། །དེ་བས་ན་བཅོམ་ལྡན་འདས་ཀུན་དུ་བཟང་པོས་འདི་སྐད་གསུངས་པ་ཡིན་ནོ། །དེ་ནས་ཡང་ལྷ་ཆེན་པོས་དེ་བས་ཀྱང་ཆེས་

ལྷག་པའི་སྤྲུལ་པ་བསྟན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །དབང་ཕྱུག་ཆེན་པོ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་ཡོད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། ལྷ་ཆེན་པོ་ཞེས་སྨོས་པ་ཡིན་ནོ། །འཇིག་རྟེན་གསུམ་པོ་མཐའ་དག་ཅེས་བྱ་བ་ནི་འཇིག་རྟེན་

གསུམ་ན་གནས་པའི་སྐྱེ་བོ་དེར་ལྷག་པར་གཏོགས་པ་ཇི་སྙེད་པ་རྣམས་དང་གཞན་ཡང་ཕྱིའི་དངོས་པོ་རྣམས་ཁྲོ་བོ་ཆེན་པོས་ནོན་པར་བྱིན་གྱིས་བརླབས་ཏེ་རྣམ་པར་གཡོ་བར་བྱེད་ཅིང་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱང་ངའི་བཀའ་ཉོན་ཅིག །དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཕྱག་

Vol. 55 · folio 193a

ན་རྡོ་རྗེས་ཡང་དེ་ཉིད་ཀྱི་ཚིག་གི་དྲེགས་པ་གཞོམ་པར་བྱ་བའི་ཕྱིར་བཀའ་ནོད་པ་ཡིན་ནོ། །རང་གི་ཚལ་པའི་སྟོབས་ཀྱིས་དྲེགས་པ་དང་ཞེས་བྱ་བ་ལ། རང་གི་ཚལ་པ་ནི་སྒྱུ་མ་སྤྲུལ་པའོ། །སྟོབས་ནི་ལུས་ཀྱི་སྟེ། རང་གི་ཚལ་པ་དང་སྟོབས་ཡིན་པས་ན་རང་གི་ཚལ་པ་དང་

སྟོབས་སོ། །དེས་དྲེགས་པ་ནི་ང་རྒྱལ་བ་སྟེ། ང་ཉིད་རྫུ་འཕྲུལ་ཆེ་བ་ཡིན་པས་གཞན་རྣམས་ལ་འདུད་པར་མི་བྱེད་ཅེས་པའོ། །དབང་ཕྱུག་ཆེན་པོའི་དབང་གིས་ཞེས་བྱ་བ་ནི་འབྱུང་པོ་ཐམས་ཅད་ལ་དབང་ཕྱུག་གི་དབང་ཐོབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ལ་ཚར་གཅད་

པར་མ་བགྱིས་ཀྱི་བར་དུ་འདུད་པར་མི་བཏུབ་ན། འདི་ལ་ཇི་ལྟར་བགྱི་བའི་རིགས་ཞེས་བྱ་བ་སྟེ། ཆད་པས་གཅད་པ་ཇི་ལྟ་བུ་ཞིག་བགྱི། གང་གིས་ནི་བགྱི་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚིག་འདིའི་གནས་སྐབས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆད་པས་གཅད་པའི་ཐབས་

དང་། ཆད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་བ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་བ་ནི་ཆོས་ཀྱི་དབྱིངས་ལས་བྱུང་བའོ། །རྡོ་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པའོ། །དེ་དག་གི་དམ་ཚིག་ནི་གདུལ་

དཀའ་བའི་སེམས་ཅན་རྣམས་འདུལ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི་བཀའི་རྗེས་ཐོགས་ལ། བཅོམ་ལྡན་འདས་ཀྱིས་གདུལ་བའི་ཐབས་སུ་བསྟན་པའི་རྡོ་རྗེ་སྙིང་པོ་དེ་བརྗོད་པའོ། །དེ་ནས་དེས་གསུམ་ན་གནས་པ་དེ་རྣམས་ངེས་པར་ཟིན་པར་གྱུར་པ་དང་། ཉམ་ཐག་པའི་སྒྲ་འབྱིན་

པར་གྱུར་ཅིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་འདི་མི་གསོད་དོ་ཞེས་མཁྱེན་བཞིན་དུ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་

པོའི་འཁོར་འདི་ཐམས་ཅད་ལ་སྐྱབས་བྱིན་པ་བྱོས་ཏེ། མ་གསད་ཅིག་ཅེས་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི་བཀའི་རྗེས་ལ་ཕྱག་ན་རྡོ་རྗེ་ཁྲོ་བོ་ཆེན་པོའི་རྒྱལ་པོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། ལྷ་ཐམས་ཅད་ཅེས་བྱ་བ་ནི་བསྒྱེལ་བ་ལ་སོགས་པའི་ལྷ་དེ་དག་

Vol. 55 · folio 193b

ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་གསུངས་ཏེ། སྐྱབས་སུ་དེང་ལ་ངའི་བཀའ་ཡང་ཉོན་ཅིག་ཅེས་བྱ་བ་སྟེ། བཀའ་ནི་འོག་ནས་འཆད་དོ། །དེ་སྐད་ཅེས་གསུངས་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ཕྱག་རྒྱ་དང་བཅས་པ་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ལ། ཡང་དག་པར་

རྫོགས་པའི་སངས་རྒྱས་ཕྱག་རྒྱ་དང་བཅས་པ་དང་། ཆོས་ཕྱག་རྒྱ་དང་བཅས་པ་དང་། དགེ་འདུན་ཕྱག་རྒྱ་དང་བཅས་པའོ། །ཁྱོད་ཀྱིས་བསྟན་པའི་བཀའ་ནི་བདག་ཅག་གིས་མ་འཚལ་ན་དེང་ཇི་ལྟར་ཁས་བླང་བར་བགྱི་ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི་

དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས་འཇོག་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་ལས་སྐྱེས་པའི་ཕྱིར་རོ། །དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀས་རང་གི་རིགས་བསྐྱེད་པའི་ཕྲིན་ལས་མཛད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་ལ་བཞུགས་པ་ཡིན་པའི་ཕྱིར་རོ། །དེ་ཡང་གང་

ཡིན་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སྟེ་ཞེས་བྱ་བ་གསུངས་སོ། །སེམས་ཅན་ཐམས་ཅད་འདུལ་བ་ཞེས་བྱ་བ་ནི་ལམ་ལོག་པ་ལས་བཟློག་ཅིང་། ཡང་དག་པའི་ལམ་ལ་འཇོག་པ་ནི་སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱ་བའོ། །

སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱེད་པ་དེའི་ཕྱིར། ཁྲོ་བོའི་རྒྱལ་པོ་ཆེན་པོར་དབང་བསྐུར་བའོ། །ཅིའི་ཕྱིར་ཁྲོ་བོའི་རྒྱལ་པོ་ཆེན་པོར་དབང་བསྐུར་ཞེ་ན། དེའི་ཕྱིར་ཁྱོད་ཀྱི་ནང་ན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུའི་མ་རུངས་པའི་སེམས་ཅན་རྣམས་གདུལ་

བར་བྱ་བའི་ཕྱིར་བྱིན་གྱིས་བརླབ་པ་ནི་སྤྲུལ་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་སྲོག་ཡལ་བ་ཞེས་བྱ་བ་ནི་འཚོ་བ་ཉམས་པ་འདི་ལ་བསྐྱབ་ཏུ་གསོལ་ཞེས་བྱ་བའོ། །དེ་དག་

Vol. 55 · folio 194a

གིས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀུན་དུ་བཟང་པོའི་ཆེ་བའི་བདག་ཉིད་བསྒྲག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གྲོགས་པོ་ཞེས་བྱ་བ་ནི་ཀྱེ་སེམས་ཅན་དག་ཅེས་བྱ་བའོ། །དེ་ནས་ཁམས་

གསུམ་ཀུན་ནས་འདུས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་བར་སྐབས་དེར་རོ། །ཁམས་གསུམ་ཀུན་ནས་འདུས་པ་ཞེས་བྱ་བ་ནི་ཁམས་གསུམ་པོ་མ་ལུས་པ་ལས་འདུས་པའོ། །དེ་སུ་ཞིག་ཡིན་ཞེ་ན། སྲིད་པ་གསུམ་གྱི་དབང་པོ་དེ་རྣམས་སོ། །ཉམ་ཐག་པ་

ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཉམ་ཐག་པ་ཆེན་པོ་སྟེ། ཉམ་ཐག་ནི་སྡུག་བསྔལ་གྱིས་ཉེ་བར་གཙེས་པའོ། །མགྲིན་གཅིག་ཏུ་ཞེས་བྱ་བ་ནི་འགྲེས་གཅིག་ཏུའོ། །བཅོམ་ལྡན་འདས་འཆི་བའི་སྡུག་བསྔལ་འདི་ལས་ཀུན་དུ་བསྐྱབ་པར་གསོལ་ཞེས་བྱ་བ་ནི་དེ་ལས་སྲུངས་ཤིག་ཅེས་བྱ་བའི་

དོན་ཏོ། །དེ་ནས་ཞེས་བྱ་བའི་ཚིག་འདིའི་གནས་སྐབས་སུ་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཡང་ཤིན་ཏུ་འཇིགས་པའི་གཟུགས་བསྟན་ཏོ། །ཞུགས་ཤིག་ཅེས་བྱ་བ་ནི་ངའི་བསྟན་པ་ལ་གནས་པར་གྱིས་ཤིག་པའོ། །རྡོ་རྗེ་འབར་བ་འདིས་ཞེས་བྱ་བ་ནི་ཕྱག་ན་གནས་པ་འདིས་སོ། །

གཅིག་ཏུ་འབར་བར་བྱས་ནས་ཁྱེད་ཐམས་ཅད་ཀྱང་ཐལ་བར་བྱས་ས་རེ་ཞེས་བྱ་བ་ནི་སོག་མའི་ཕུང་པོ་བསྲེགས་པ་བཞིན་དུ་ཐལ་བར་བྱས་པའོ། །བཅོམ་ལྡན་འདས་ཀུན་དུ་བཟང་པོས་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་དག་གིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་ཁྱོད་ནི་ཞེས་

བྱ་བ་ལ་སོགས་པ་བཞམས་ནས་ཞུ་བ་དང་ལྡན་པའོ། །མ་ཆགས་པ་དང་མི་སྡང་བ་དང་མ་རྨོངས་པས་ན་ཀུན་དུ་བཟང་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐྱེད་པ་དེ་ཞེས་བྱ་བ་ནི་ཉོན་མོངས་པ་ཟད་པ་རྣམས་ཀྱི་ཐུགས་སྐྱེད་པའོ། །ཞི་བ་ནི་འདོད་ཆགས་

དང་ཞེ་སྡང་དང་གཏི་མུག་དང་བྲལ་བའི་ཕྱིར་རོ། །གདུལ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པས་སྤངས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་ཕན་པར་བཞེད་པ་ནི་ཀུན་དུ་བཟང་པོ་ཡིན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྩོལ་བ་ནི་གདུལ་དཀའ་བ་

Vol. 55 · folio 194b

ཐམས་ཅད་འདུལ་བ་ལ་འཇུག་པར་མཛད་པའི་ཕྱིར་རོ། །གང་གི་ཕྱིར་ཁྱོད་ནི་འདི་ལྟ་བུའི་རང་བཞིན་ཅན་ཡིན་ན་དེའི་ཅིའི་སླད་དུ་བདག་ཅག་སྲེག་པར་འགྱུར་ཞེས་པའོ། །དེ་རྣམས་ཀྱིས་དེ་སྐད་ཅེས་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཡང་དེ་རྣམས་ཚར་གཅད་པར་བྱ་བའི་

ཕྱིར་འདི་སྐད་ཅེས་བཀའ་སྩལ་ཏོ། །ཇི་སྐད་ཅེས་བཀའ་སྩལ་ཅེ་ན། ཀྱེ་གྲོགས་པོ་དག་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་དུ་བྱེད་པ་དེའི་ཕྱིར་ཁྱེད་ལྟ་བུའི་སེམས་ཅན་མ་རུངས་པའི་སེམས་དང་། སྡིག་པའི་སེམས་དང་ལྡན་པ་

རྣམས་གསོད་པར་བྱེད་པ་ཡིན་པས་ན་ང་ནི་ཀུན་དུ་བཟང་པོ་ཡིན་ནོ། །དེ་ནས་དེ་རྣམས་སྐྲག་སྟེ་འདི་སྐད་ཅེས་གསོལ་ཏོ། །ཁྱེད་ཀྱི་བཀའ་བཞིན་དུ་བགྱིའོ་ཞེས་པའོ། །དེ་ནས་ས་གསུམ་ན་གནས་པ་དེ་རྣམས་སྐྱབས་གསུམ་དང་དམ་ཚིག་འཛིན་པ་ལ་བཙུད་པ་དང་། བཅོམ་ལྡན་འདས་

ཕྱག་ན་རྡོ་རྗེས་གདུལ་དཀའ་བའི་ཕྱིར་དབང་ཕྱུག་ཆེན་པོ་གཅིག་པུ་མ་གཏོགས་པ་དུལ་བར་གྱུར་པ། ལྷག་མ་རྣམས་དབུགས་དབྱུང་ཞིང་། བསླང་བའི་ཕྱིར་ཞེས་པ་ལ་དབུགས་དབྱུང་བ་སྟེ་མི་འཇིགས་པ་བྱིན་པ་དང་། བསླང་བ་སྟེ། བསླང་བར་བྱེད་པའི་སྙིང་པོ་འདི་གསུངས་སོ། །

དེ་ནས་འདི་སྐད་སྨྲས་མ་ཐག་ཏུ་ཞེས་བྱ་བ་ནི་གདུལ་དཀའ་བའི་ཕྱིར་དབང་ཕྱུག་ཆེན་པོ་མ་གཏོགས་པ་ཁམས་གསུམ་ནས་འདུས་པ་གཞན་རྣམས་སྲིད་པ་གསུམ་གྱི་བདག་པོ་ཁྱབ་འཇུག་ལ་སོགས་པའི་འཁོར་དང་བཅས་པ་སྟེ། གཡོག་གི་ཚོགས་དང་བཅས་པ་དེ་དག་ཐམས་ཅད་ཀུན་

དུ་བརྒྱལ་བ་ལས་སྔར་གྱི་བསླང་བའི་སྙིང་པོ་གསུངས་པས་སེམས་དབུགས་ཕྱུང་སྟེ་ཞེས་བྱ་བ་གྲོལ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀུན་དུ་བཟང་པོའི་བྱིན་གྱི་རླབས་ཀྱིས་ལྷའི་སེར་བུས་ཀུན་དུ་ཕོག་པས་ལྷའི་བདེ་བ་མྱོང་ཞིང་། ཀུན་དུ་ཚོར་བར་གྱུར་པ་དང་། འཇིགས་ཤིང་

ཞེས་པ་སེམས་དམན་པར་གྱུར་པ་སྟེ། གནོད་པ་བྱུང་བ་ལ་གང་གིས་སླར་ལྡོག་པར་ནུས་པར་གྱུར་པ་དེ་ནི་འཇིགས་པ་མེད་པའོ། །བག་ཚ་བ་ནི་འཇིགས་པས་སྐྲག་པར་གྱུར་པ་ཉིད་ཀྱིས་ལུས་དང་ངག་གི་ལས་བྱེད་མི་ནུས་པ་སྟེ་དེ་ཡང་མེད་པར་གྱུར་པའོ། །དེ་གཉིས་ལས་གྱུར་

Vol. 55 · folio 195a

པ་ན་སྤུ་ལངས་པ་སྟེ། དེ་དང་བྲལ་བ་གང་ཡིན་པ་དེ་ནི་འཇིགས་ཤིང་བག་ཚ་བ་དང་བ་སྤུ་ལངས་པ་མེད་པར་གྱུར་པའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ལྟ་ཞིང་ཞེས་བྱ་བ་ནི་ཡུལ་དེ་ལ་རབ་ཏུ་དད་པར་སྟོན་པ་སྟེ། སེམས་དཔའ་ཆེན་པོ་གཅིག་པུས་ཧཱུྃ་ཞེས་བྱ་བ་གཅིག་

པུ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ་ས་གསུམ་གྱི་བདག་པོ་འདུས་པ་བདག་ཅག་ཐམས་ཅད་བཏུལ་ཞིང་བསླང་ངོ་ཞེས་པའོ། །དེ་ནས་བར་སྐབས་དེར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཅིའི་ཕྱིར་འདི་མི་བསླབ། འདིའི་སྲོག་དེ་

ཆུད་གསན་པར་བྱ་སྟེ་ཅི་རུང་ཞེས་བྱ་བ་སྟེ། དེའི་སྲོག་ཆུད་གསོན་པར་མ་བྱེད་པར་གསོས་ཤིག་ཅེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འདི་ཡང་སྐྱེས་བུ་དམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་དུ་བྱའོ་སྙམ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་

ཇི་ལྟར་བཀའ་སྩལ་པ་དེ་བཞིན་དུ་བྱའོ་སྙམ་ནས་སྙིང་པོ་གང་གིས་འཆི་བ་ལས་འཚོ་བར་གྱུར་པ་དེ་ནི་ཤི་བ་གསོ་བའི་སྙིང་པོ་སྟེ་དེ་གསུངས་པའོ། །དེ་ནས་དྲན་པ་མེད་པར་གྱུར་པ་ལས་དྲན་པ་རྙེད་པར་གྱུར་ཏེ་ལྡང་བར་འདོད་ན་ལྡང་མ་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་ཅི་བདག་འདི་ལྟ་བུ་ལ་འདུལ་ལམ་ཞེས་བྱ་བ་སྟེ། དེ་འདི་སྙམ་དུ་སེམས་ཏེ། གཞན་ནི་སུས་ཀྱང་འདུལ་བར་ནུས་པ་མ་ཡིན་པས། བཅོམ་ལྡན་འདས་འདི་ཉིད་ཀྱིས་བདག་བཏུལ་བ་འདི་བྱས་ཀྱི་གཞན་ནི་སུས་ཀྱང་མ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་

འདས་ཀྱིས་དེ་ལ་བསམ་པ་དང་རྗེས་སུ་མཐུན་པའི་ལན་སླར་གསུངས་པ་ཡིན་ཏེ། སྐྱེས་བུ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྐྱེས་བུ་ཆེན་པོའོ། །འདི་ཞེས་བྱ་བ་ནི་ཀུན་དུ་བཟང་པོའོ། །བཀའ་ཉན་པར་མི་འཇུག་ན་ཞེས་བྱ་བ་ནི་ཁྱོད་དེའི་བཀའ་ཉན་པར་མི་སྤྲོ་ན། ཁྱོད་ལ་འདུལ་བ་འདི་ཉིད་

ཡིན་གྱི་ང་ནི་མ་ཡིན་ནོ་ཞེས་པའོ། །དེ་ཅིའི་སླད་དུ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། ཅིའི་ཕྱིར་ཁྱོད་ཀྱིས་བདག་ཅག་རྣམས་ཀྱི་སྐྱབས་མཛད་པར་མི་སྤྱོད་ཅེས་པའོ། །བཅོམ་ལྡན་འདས་ཀྱིས་དེའི་རྒྱུ་གསུངས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ།

Vol. 55 · folio 195b

ཇི་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་ཞེ་ན། གང་གི་ཕྱིར་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོར་གཞག་པ་ཡིན་པས་གང་རང་ཉིད་ཀྱིས་གཞག་པ་དེ་ལ་ནི་སྙོམས་པར་བྱ་

བ་མ་ཡིན་ཞིང་སླར་དབུགས་དབྱུང་བར་ནུས་པ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷ་ཆེན་པོས་གསོལ་བ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་མ་འཚལ་ཏོ་ཞེས་བྱ་བ་ནི་དགོངས་པ་གང་གིས་བཅོམ་ལྡན་འདས་འདི་སྐད་གསུངས་པའི་དགོངས་པ་དེ་ནི་མ་

གཏོགས་སོ་ཞེས་བྱ་བའོ། །ད་ནི་དགོངས་པ་དེ་རྣམ་པར་དབྱེ་བའི་ཕྱིར་ཇི་ལྟ་ཞེ་ན། ཁམས་གསུམ་གྱི་བདག་པོ་དེ་བཞིན་གཤེགས་པ་རྣམས་ལས་གཞན་པའི་བདག་པོ་མཆིས་པར་མ་འཚལ་ན་འདི་སུ་ལགས་ཞེས་བྱ་བའོ། །ལྷག་མ་རྣམས་ནི་གོ་སླའོ། །དེ་ནས་བར་སྐབས་དེར་བཅོམ་

ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་ལ་བཀའ་སྩལ་པ། ངའི་བཀའ་མི་ཉན་ཏམ་ཞེས་གསུངས་པ་དང་། མི་ཉན་ཏོ་ཞེས་བྱ་བའི་བར་དུ་རྒྱས་པར་སྨྲས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཆེན་པོ་ལ་བཀའ་ཉན་པར་མི་

འདོད་པར་མཁྱེན་ནས་རབ་ཏུ་ཁྲོས་པར་ཞེས་བྱ་བ་རབ་ཏུ་འཁྲུགས་པར་སྟོན་ཅིང་། ཉིད་ཀྱི་ཞབས་ཀྱི་མཐིལ་ནས་ཞེས་བྱ་བ་ཉིད་ཀྱི་ཞབས་ཀྱི་འོག་ནས་སོ། །རྡོ་རྗེའི་ཕྱི་བཞིན་འབྲང་བ་ཡིན་པས་ན་རྡོ་རྗེའི་རྗེས་སུ་སྤྱོད་པས་སོ། །དབང་ཕྱུག་ཆེན་པོ་སྦྱང་བའི་ཕྱིར་ཞེས་བྱ་བ་ནི་དབང་ཕྱུག་

ཆེན་པོའི་ང་རྒྱལ་ཚར་གཅད་པར་བྱ་བའི་ཕྱིར་རོ། །དེ་ནས་དེ་སྐད་ཅེས་གསུངས་པ་དང་ཞེས་བྱ་བ་ནི་སྙིང་པོ་བརྗོད་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་རྡོ་རྗེའི་རྗེས་སུ་སྤྱོད་པས་རྐང་པ་བཀུག་སྟེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ་བཞག་པ་སྟེ། འདིས་ནི་བརྙས་

པས་འདུལ་བ་ཡིན་པའི་ཕྱིར་ང་རྒྱལ་ཚར་གཅོད་པར་སྟོན་ཏོ། །ད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཇི་ལྟར་བགྱི་ཞེས་པས་བཅོམ་ལྡན་འདས་ལས་བཀའ་ནོད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་བརྙས་པས་འདུལ་བ་ཡིན་པར་མཁྱེན་ནས་ནོན་ཅིག་ཅེས་གསུངས་པ་ཡིན་ནོ། །

Vol. 55 · folio 196a

དེ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་ཅིང་ས་འཐོབ་པའི་རྒྱུར་ཞབས་གཡོན་པས་དབང་བསྐུར་བར་བྱེད་པས་ལྷ་ཆེན་པོའི་མགོ་བོར་མནན་པ་དང་། གཡས་པས་ཀྱང་འདི་ནི་སེམས་

ཅན་མི་ཤེས་པ་རྣམས་ཀྱི་སྡིག་པ་མི་དགེ་བ་དང་ཉོན་མོངས་པའི་རྒྱུ་ཡིན་ནོ་ཞེས་དགོངས་ནས་ཨུ་མའི་ནུ་མ་གཡས་པ་མནན་ནས་ཞེ་སྡང་དང་འདོད་ཆགས་ལས་རྣམ་པར་རྒྱལ་བར་སྟོན་ཅིང་། ཕབ་ནས་རྗེས་སུ་འདུལ་བའི་རྡོ་རྗེ་མཆོག་གི་སྙིང་པོ་གསུངས་སོ། །ལྷ་ཆེན་པོའི་སྒོ་ནས་འཇིག་རྟེན་

གསུམ་པོ་ཐམས་ཅད་དབང་དུ་བྱ་བའི་ཕྱིར་དེ་རྣམས་ཀྱི་མདུན་དུ་བཏུལ་བ་ཡིན་ནོ། །བཏུལ་བར་དེ་རྣམས་ཀྱིས་ཤེས་པ་དང་། སྲིད་པ་གསུམ་པོ་ཐམས་ཅད་ཀྱིས་ངེད་ཀྱི་དབང་པོ་འདི་བདག་ཉིད་ཆེན་པོ་དེས་བཏུལ་ལོ་ཞེས་སྒྲ་ཆེན་པོ་ཕྱུང་ངོ་ཞེས་པའོ། །འདི་སྐད་སྟོན་ཏེ། འདི་ནི་བདག་

ཅག་རྣམས་ལ་འདི་སྐད་ཅེས་སྨྲས་ཏེ། ང་ནི་ལྷའི་ལྷ་ཆེན་པོ་སྟེ་འབྱུང་པོ་ཐམས་ཅད་ཀྱི་དབང་པོ་བྱེད་པའོ། །རྣམ་པར་འཇིག་པ་པོ་ཡང་ང་ཡིན་ཞིང་ང་ལས་ཆེས་ལྷག་པ་གཞན་མེད་དོ་ཞེ་ན། ད་ནི་བདག་ཉིད་ཆེན་པོ་འདིས་འདི་ལྟར་བཏུལ་ལོ་ཞེས་གད་མོ་འདེབས་ཤིང་འཕྱ་བའོ། །དེ་ནས་

བར་སྐབས་དེར་བཅོམ་ལྡན་འདས་ཀྱིས་ལྷ་ཆེན་པོ་དུལ་བ་ཉིད་དང་རྣམ་པར་དུལ་བར་མཁྱེན་ནས། དེ་ལ་ཐུགས་རྗེ་ཆེན་པོ་བསྐྱེད་དེ་བབས་པའི་སྡུག་བསྔལ་ཏེ་ཉེ་བར་ཞི་བར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིར་གཏོགས་པའི་བྱམས་པའི་དགོངས་པས་ཀུན་ནས་བསླང་བའི་སངས་རྒྱས་

ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་པ་ཡིན་ནོ། །སྙིང་པོའི་རྗེས་ཐོགས་ཉིད་ལ་ལྷ་ཆེན་པོ་ལ་བབས་པའི་སྡུག་བསྔལ་དེ་མེད་པར་གྱུར་ཏོ། །དེ་ནས་ཡང་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱིས་རེག་པས་བདེ་བ་བླ་ན་མེད་པའི་གྲུབ་པ་སྟེ་འཚང་རྒྱ་བ་ཡིན་ནོ། །དེའི་རྒྱུར་དབང་བསྐུར་བ་

ཡིན་པས་བླ་ན་མེད་པའི་གྲུབ་པའི་དབང་བསྐུར་བའོ། །ཏིང་ངེ་འཛིན་དང་རྣམ་པར་ཐར་པ་དང་། གཟུངས་དང་ཡེ་ཤེས་དང་མངོན་པར་ཤེས་པ་རྣམས་ནི་བདེ་བ་བླ་ན་མེད་པའི་གྲུབ་པའི་དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་རྣམ་པར་ཐར་པ་དང་གཟུངས་དང་ཡེ་ཤེས་དང་མངོན་

Vol. 55 · folio 196b

པར་ཤེས་པ་སྟེ། །དེ་རྣམས་ཐོབ་པར་བྱ་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྡུའོ། །དེ་བཞིན་གཤེགས་པ་ཉིད་དུ་གྲུབ་པའི་བར་དུ་གྱུར་ཏེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཉིད་དུ་ཞེས་བྱ་བ་ལ་ཕྱིས་འགྱུར་བར་སྤྲུལ་ཞིང་སྟོན་པ་སྟེ།

དད་པ་བསྐྱེད་པར་བྱ་བའི་ཕྱིར་རོ། །དེ་ནས་བར་སྐབས་དེར་ལྷ་ཆེན་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱིས་རེག་པའི་བདེ་བ་ལ་རེག་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པ་ཕྱིས་འབྱུང་བར་འགྱུར་བའི་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པའི་སྒོ་

རྣམས་བཅོམ་ལྡན་འདས་ཀུན་དུ་བཟང་པོའི་དབང་གིས་སྐྱེས་པར་གྱུར་ཏོ། །དེ་ལ་ཏིང་ངེ་འཛིན་ནི་ནམ་མཁའ་མཛོད་ལ་སོགས་པའོ། །གཟུངས་ནི་ཡེ་ཤེས་སྒྲོན་མ་ལ་སོགས་པའོ། །རྣམ་པར་ཐར་པའི་སྒོ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སོགས་པའོ། །མྱོང་བ་ནི་དེ་དག་

ལས་བྱུང་བའི་བདེ་བས་བདག་ཉིད་ཉོན་མོངས་པ་ཚིམ་པར་གྱུར་པའོ། །ལྷ་ཆེན་པོའི་ལུས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་ལ་ཕུལ་བ་དང་། སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པར་བདག་ཉིད་མངོན་པར་རྫོགས་པར་སངས་

རྒྱས་པར་སྣང་བ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ཉིད་ཀྱིས་ན་བར་སྐབས་དེར་ལྷ་ཆེན་པོའི་ལུས་དེ་ལས་ཆེད་དུ་བརྗོད་པ་འདི་བྱུང་བར་གྱུར་ཏོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །གང་ཞིག་གི་ཡེ་ཤེས་ངོ་མཚར་དུ་གྱུར་པ་ཡིན་ཞེ་ན། དེའི་ཕྱིར་སངས་རྒྱས་

ཐམས་ཅད་ཀྱི། །སངས་རྒྱས་ཡེ་ཤེས་བླ་ན་མེད། །ཅེས་བྱ་བ་གསུངས་སོ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཡིན་པས་ན་སངས་རྒྱས་ཡེ་ཤེས་སོ། །འདིའི་གོང་ན་ཡོད་པ་མ་ཡིན་པས་ན་བླ་ན་མེད་པའོ། །བླ་ན་མེད་པ་དེ་གང་ཞིག་ཡིན་ཞེ་ན། གང་གི་ཕྱིར།

ཡི་གེའི་གནས་ཀྱིས་མནན་ནས་སུ། །ཞེས་བྱ་བ་སྟེ་འདི་ལས་མི་འགྱུར་བས་ན་ཡི་གེའོ། །གནས་ནི་གོ་འཕང་གི་གནས་སོ། །ཡི་གེ་ཡང་ཡིན་ལ་གནས་ཀྱང་ཡིན་པས་ན་ཡི་གེའི་གནས་སོ། །དེས་མནན་པའོ། །འདི་སྐད་སྟོན་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་

Vol. 55 · folio 197a

གནས་པར་བྱས་ནས་མྱ་ངན་ལས་འདས་པ་ལ་གཞག་པ་སྟེ། སངས་རྒྱས་ཉིད་ལ་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷ་ཆེན་པོ་བཏུལ་ཞིང་དཀྱིལ་འཁོར་དུ་བཅུག་ནས། ད་ནི་ཁྱབ་འཇུག་ལ་སོགས་པ་ལྷག་མ་རྣམས་གཞུག་པར་བྱ་བའི་ཕྱིར། དེ་

ནས་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའོ། །དེ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཀྱང་ཡིན་ལ་དཀྱིལ་འཁོར་ཆེན་པོ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་དཀྱིལ་འཁོར་ཏེ་དེར་ཞུགས་ཤིག་པའོ། །ཞུགས་ནས་ཅི་ཞིག་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྲུངས་ཤིག་པ་སྟེ། །དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འོག་ནས་ཕྱིས་འཆད་པར་འགྱུར་རོ། །ཡང་ཞེས་བྱ་བ་ནི་སྔར་གཟུང་བ་ལས་ལྟོས་པ་སྟེ། སྔར་ནི་ཡང་དག་པར་མ་བླངས་པས་ད་ལྟར་དཀྱིལ་འཁོར་དུ་འཇུག་པའི་ཚེ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་ལ་བཙུད་པ་དང་། དཀྱིལ་འཁོར་དུ་

འཇུག་པའི་གཞུང་ལུགས་བསྟན་པར་བྱ་བའི་ཕྱིར་རོ། །བསླབ་པ་ནི་བསླབ་པ་ལྔ་རྣམས་སོ། །དམ་ཚིག་ནི་ཕྱག་རྒྱ་ལ་སོགས་པའོ། །སྡོམ་པ་ནི་དུས་གསུམ་དུ་སྒྲིབ་པ་མེད་པ་དང་འབྲེལ་པའོ། །དེ་རྣམས་ཀྱིས་ཀྱང་ཇི་སྐད་དུ་བཀའ་སྩལ་པ་དེ་དག་ཐམས་ཅད་ཡོངས་སུ་བླངས་སོ། །

དམ་ཚིག་གློ་བར་མ་ཆུད་དོ་ཞེས་བྱ་བ་ནི་དམ་ཚིག་གང་ཡིན་པ་དང་དེ་ཇི་ལྟར་གནས་པར་བྱ་བ་འདི་དག་མ་འཚལ་ཏོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། དམ་ཚིག་ནི་འདི་དག་ཡིན་ཏེ། བྱང་ཆུབ་ཀྱི་སེམས་རིམ་པ་བཞིན་དུ་བསྐྱེད་ལ། དེའི་འོག་ཏུ་བྱང་

ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་མཉམ་པར་གཞག་པས་སྤྱད་པར་བྱའོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་ལ་སོགས་པ་དེ་རྣམས་གཞུག་པར་བྱ་བའི་ཕྱིར། དམ་ཚིག་ཆེན་པོའི་ཕྱག་རྒྱ་ནི་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱི་ཡིན་པའི་ཕྱིར་ཏེ། ཁྲོ་བོ་ཏི་རཱིན་ཏི་རིའི་ཕྱག་རྒྱ་

Vol. 55 · folio 197b

ནི་དམ་ཚིག་ཅེས་བཤད་དོ། དམ་ཚིག་ཆེན་པོ་འདིས་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱའི་སྙིང་པོ་འོག་ནས་བཤད་པ་འདིས་སོ། །འཆིང་དུ་གཞུག་གོ་ཞེས་བྱ་བ་ནི་ཆིངས་ཤིག་ཅེས་བརྗོད་ལ་འཆིང་དུ་གཞུག་པའོ། །ལག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ལག་ཏུ་བབས་པའི་

ལྷས་ཡོངས་སུ་གཟུང་བར་གྱུར་ན་བརྟན་པར་འགྱུར་ཞིང་། དགོས་པ་འགྲུབ་པ་ལ་དགོངས་པར་ཡང་འགྱུར་རོ། །དམ་དུ་འཆིང་བར་གྱུར་ཏོ་ཞེས་བྱ་བ་ནི་མི་ཕྱེད་པར་གྱུར་པ་ལ་བྱའོ། །ཚུལ་བཞིན་དུ་བཙུད་ནས་ཞེས་བྱ་བ་ནི་སྒོའི་ཕྱི་རོལ་དུ་གཞག་པའི་བུམ་པ་རྡོ་རྗེས་བྱིན་གྱིས་

བརླབས་པ་ལས། རྡོ་རྗེའི་ཆུའི་བསང་གཏོར་བྱས་ལ་དམ་ཚིག་གི་སྔགས་བརྗོད་པ་དང་། དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་པ་དང་། གདོང་གཡོགས་བཅིངས་ལ་འཇུག་པའི་སྙིང་པོ་བརྗོད་དུ་གཞུག་ཅིང་གཞུག་པར་བྱའོ། །བཅུག་ནས་མནའི་སྙིང་པོ་བྱིན་པ་དང་། རྡོ་རྗེའི་

ཆུ་བླུད་ལ་དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ང་ལ་བརྙས་པར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པའི་དམ་ཚིག་བྱིན་ཞིང་སྡོམ་པ་འཛིན་དུ་བཅུག་ལ། རྡོ་རྗེ་དབབ་པ་བསྐྱེད་དེ། མེ་ཏོག་འདོར་དུ་བཅུག་ནས་གདོང་གཡོགས་བཀྲོལ་ཏེ། བུམ་པ་རྡོ་རྗེས་བྱིན་གྱིས་བརླབས་

པ་ལས་རྡོ་རྗེའི་ཆུས་དབང་བསྐུར་བའོ། །རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་ནས་ཞེས་བྱ་བ་ལ། སེམས་ཅན་མ་རུངས་པ་གདུལ་བར་བྱ་བའི་ཕྱིར་ནི་རྡོ་རྗེའི་དབང་བསྐུར་བ་ཡིན་ལ། མངོན་པར་མཐོ་བའི་ཕྱིར་ནི་རིན་པོ་ཆེའི་དབང་བསྐུར་བ་སྟེ། དེ་ལ་གང་གིས་དེ་བཞིན་

གཤེགས་པ་རྣམས་དབང་བསྐུར་བའི་རྡོ་རྗེའི་དབང་བསྐུར་བ་དང་། རིན་པོ་ཆེའི་དབང་བསྐུར་བ་གཉིས་གཅིག་ཏུ་བསྡུས་ནས། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་གང་གི་ཕྱིར་རྒྱུད་ཕྱི་མ་ལས། རྡོ་རྗེ་དང་རིན་པོ་ཆེའི་རིགས་གཅིག་ཏུ་བསྡུས་པའི་ཕྱིར་

རོ། །མཚན་མ་ཞེས་བྱ་བ་ནི་རྩེ་གསུམ་ལ་སོགས་པ་སོ་སོའི་ཕྱག་རྒྱའི་ཁྱད་པར་རོ། །རྡོ་རྗེའི་མཚན་མ་ནི་མཚན་མ་རྡོ་རྗེས་བྱས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་སེམས་ཅན་གྱི་དོན་མཛད་པ་དེ་ལྟར་ཁྱེད་རྣམས་ཀྱིས་ཀྱང་གྱིས་ཤིག་ཅེས་དེ་ལ་དགོད་

Vol. 55 · folio 198a

པའོ། །དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་ཀྱི་ལས་བཤད་དེ། འདི་ལྟ་སྟེ། དབང་ཕྱུག་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་སྒོ་ནས་དོན་དང་ལྡན་པའི་མིང་བསྟན་པ་ཡིན་ནོ། །དེ་དག་ཀྱང་བདག་པོར་གྱུར་པ་ཡིན་པས་ནི་རིག་པའི་རྒྱལ་པོ་ཡིན་པར་

དབང་བསྐུར་རོ། །བར་སྣང་ལ་རྒྱུ་བའི་ལྷ་རྣམས་ཀྱི་བདག་པོ་ཡིན་པས་ན་ལྷའི་དབང་པོ་ཐམས་ཅད་དོ། །དབྱིག་པ་ཆེན་པོ་ནི་སྤེན་པའོ། །སེར་སྨུག་ནི་མིག་དམར་རོ། །དེ་ལ་སོགས་པ་ཞེས་སྨོས་པས་ནི་གཟའ་ལྷག་དང་ཕུར་བུ་ལ་སོགས་པ་བསྡུའོ། །ཆང་གིས་མྱོས་པ་ནི་སྟོབས་བཟང་ངོ་། །

སྦྲང་རྩིར་བྱེད་ནི་ནག་པོ་ཆེན་པོའོ། །རྒྱལ་བ་ནི་པྲ་དུ་མ་ནའོ། །ཁྱབ་འཇུག་གི་བུ་རྒྱལ་བར་བྱེད་པ་ནི་དགའ་བྱེད་དབང་ཕྱུག་གོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་མེ་ཏོག་ལ་སོགས་པ་གཟུང་ངོ་། །མཛོད་སྐྱོང་ནི་ནོར་བྱིན་ནོ། །ཀུ་བེ་ར་ནི་ཀུཥྨན་དའི་བདག་པོའོ། །སོགས་པ་ཞེས་སྨོས་

པས་ནི་ཡུལ་འཁོར་སྐྱོང་ལ་སོགས་པའོ། །ཕག་ནི་ཁྱབ་འཇུག་གི་འཇུག་པ་སྟེ། གང་གིས་ས་ཡང་དག་པར་འདེགས་པར་བྱེད་པའོ། །གཙུག་ཕུད་ས་ནི་ཚོགས་ཀྱི་བདག་པོ་ཉིད་དོ། །སོགས་པ་ཞེས་སྨོས་པས་ནི་ནམ་མཁའ་ལྡིང་ལ་སོགས་པ་གཟུང་སྟེ། འདི་དག་ཀྱང་བཅོམ་ལྡན་

འདས་རྡོ་རྗེ་ཧཱུྃ་མཛད་འཇིག་རྟེན་གསུམ་གྱི་བདག་པོའི་རྒྱལ་པོ་ལ་སོགས་པ་ཁྲོ་བོའི་ཚོགས་ཀྱི་བདག་པོ་དང་། ཕོ་ཉ་དང་བྲན་ལ་སོགས་པར་དབང་བསྐུར་བ་ཡིན་པས་ན་དེའི་རྣལ་འབྱོར་ལ་གནས་ཏེ། སོ་སོའི་དགོས་པ་ལ་སྦྱར་བར་བྱའོ། །འཇིག་རྟེན་གསུམ་ན་བདག་པོ་ཡིན་པས་ན་འཇིག་

རྟེན་གསུམ་གྱི་བདག་པོ་སྟེ། དེ་རྣམས་ཀྱི་ལྷ་མོ་ཡིན་པས་ན་འཇིག་རྟེན་གསུམ་གྱི་བདག་པོའི་ལྷ་མོ་ཐམས་ཅད་དོ། །འཇིག་རྟེན་གསུམ་གྱི་བདག་པོའི་ལྷ་མོ་དེ་དག་ཐམས་ཅད་ལ་རྡོ་རྗེ་དང་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་རོ། །རང་གི་མཚན་མ་ནི་དེ་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་སྟེ།

དེ་ལ་རྡོ་རྗེས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་རྡོ་རྗེའི་མཚན་མ་བྱིན་པའོ། །རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་ནས། །ཞེས་བྱ་བ་ནི་རྡོ་རྗེ་དམ་ཚིག་ལ་འཇུག་པའི་མཚན་མར་གྱུར་པའི་མིང་བཏགས་ནས་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔར་གྱུར་པ་ན་སེམས་

Vol. 55 · folio 198b

ཅན་རྣམས་ཀྱི་དོན་ཇི་ལྟར་མཛད་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་ཏེ། དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་ཉིད་དེ། དེ་བཞིན་གཤེགས་པའི་སེམས་ཅན་གྱི་དོན་དེ་ལ་རབ་ཏུ་བཀོད་པར་གྱུར་པའོ། །

རྡོ་རྗེའི་མིང་གང་དང་གང་ཡིན་པ་མ་བསྟན་པས་དེ་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ། ཨུ་མའི་ཁྲོ་བོ་རྡོ་རྗེའི་མེའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རིག་པའི་རྒྱལ་པོ་རྣམས་ཀྱིས་ཇི་ལྟར་བསྟན་པ་དེ་བཞིན་དུ་ལྷ་མོ་རྣམས་ཀྱི་གོ་རིམས་ཀྱང་དེ་དང་འདྲ་བར་ཤེས་པར་བྱའོ། །རུག་མི་

ནི་ཁྱབ་འཇུག་གིའོ། །ཤཥྛི་ནི་གཞོན་ནུ་གདོང་དྲུག་གིའོ། །ཚངས་མ་ནི་ཚངས་པའི་འོ། །དབང་མོ་ནི་དབང་པོའི་འོ། །མི་འཆི་མ་ནི་རྡོ་རྗེ་འཁྱིལ་པའི་འོ། །རོ་ཧི་ནི་ཟླ་བའི་འོ། །དབྱུག་འཛིན་མ་ནི་སྤེན་པའི་འོ། །སྐྱེ་བ་འཕྲོག་མ་ནི་མིག་དམར་གྱིའོ། །གསོད་མ་ནི་ཆང་གིས་མྱོས་

ཀྱིའོ། །ཟླ་བ་རྡོ་རྗེ་མ་ནི་སྦྲང་རྩིར་བྱེད་ཀྱིའོ། །བསྒོ་བ་མོ་ནི་རྒྱལ་བའི་འོ། །དགའ་བ་མ་ནི་རྒྱལ་བར་བྱེད་པའི་འོ། །ཞི་བ་མ་ནི་རྡོ་རྗེ་གཏུན་རིངས་ཀྱིའོ། །མགྱོགས་པ་རྡོ་རྗེ་མ་ནི་རླུང་གིའོ། །མེ་ནི་རྡོ་རྗེ་འབར་བའི་འོ། །ཀུ་བེ་ར་ནི་རྡོ་རྗེ་གཙིགས་པ་མའོ། །རྡོ་རྗེ་ཁ་ནི་ཕག་གིའོ། །ཙ་མུཎྜི་

ནི་གཤིན་རྗེའོ། །སྣ་ཆད་མ་ནི་རྡོ་རྗེ་ཚོགས་བདག་གིའོ། །དེ་ནས་བར་སྐབས་འདིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞུགས་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་རྒྱལ་མོ་ལ་སོགས་པའོ། །སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱངས་

པ་ལ་སོགས་པས་སོ། །ཕྱག་རྒྱ་བཅིང་བ་ཐམས་ཅད་བསླབས་ཏེ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་དང་། དེའི་དམ་ཚིག་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་སྟེ། དེ་བྱིན་པའོ། །ཇི་ལྟར་བྱིན་ཞེ་ན། མནའི་སྙིང་པོ་འདིས་བྱིན་ནོ་ཞེས་བྱ་བ་སྟེ་འདའ་བར་མི་བྱ་བའི་

ཕྱིར་རོ། །དམ་ཚིག་འདི་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱི་སྤྱིའི་ཡིན་ནོ། །རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ནི་ལག་པ་ན་གནས་པའི་ལག་གི་རྡོ་རྗེ་ལ་བྱ་བར་སྟོན་ཏོ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་འདུས་པར་མཛད་པས་བསྐྱེད་པ་དང་།

Vol. 55 · folio 199a

སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །ཞེས་སྔགས་པས་རྡོ་རྗེ་དེའི་མདུན་དུ་སྟོན་པའོ། །དམ་ཚིག་འདི་ལས་འདས་ན་ནི། །ཞེས་བྱ་བ་ནི་བཀའ་ལས་འདའ་བའོ། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཅེས་བྱ་བ་ནི་རིགས་ཟད་པར་བྱེད་དོ་ཞེས་བྱ་

བའི་དོན་ཏོ། །མནའི་སྙིང་པོ་བྱིན་ནས་དེའི་རྗེས་ཐོགས་ལ་ལྷ་རྣམས་དགུག་པའི་སྙིང་པོ་འཛིན་དུ་གཞུག་པར་བྱ་བའི་ཕྱག་རྒྱ་ཡིན་པས་སྙིང་པོ་གཟུང་བར་བྱ་བའི་ཕྱག་རྒྱ་སྟེ། བྱིན་ནོ་ཞེས་བྱ་བ་ནི་རྗེས་སུ་བྱིན་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་

ཁུ་ཚུར་གཉིས་སུ་བྱས་ནས་རྡོ་རྗེ་ཕྱག་རྒྱ་གཉིས་སུ་འགྱུར་རོ། །མཛུབ་མོ་ལྕགས་ཀྱུར་བཅིང་ན་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ལ་གཅིག་ལ་གཅིག་གིས་གཟུང་བའོ། །གཅུ་ཞིང་ཕྱིར་ཡང་གཅུ་བར་བྱ། །ཞེས་བྱ་བ་ནི་གཡས་པས་གཡོན་པ་མངོན་སུམ་

དུ་དྲངས་པ་དེ་ནི་གཅུ་བའོ། །བཟློག་སྟེ་གཡོན་པས་གཡས་པ་དྲངས་པ་ནི་ཕྱིར་ཡང་གཅུ་བར་བྱ་བའོ། །དགོས་པའི་དོན་ཞེས་བྱ་བ་ལ་སོགས་པ་ལ། སྔགས་པས་སྙིང་པོ་བརྗོད་ཅིང་ཕྱག་རྒྱ་འདི་བཅིངས་ནས་གང་ཅུང་ཟད་ཅི་བསྒོ་ཡང་རུང་སྟེ། དེའི་མདུན་དུ་ཁྱེད་རྣམས་དགོས་པ་དེ་

འགྲུབ་པར་བྱ་བའི་ཕྱིར་འདུག་པར་གྱིས་ཤིག་པའོ། །རྡོ་རྗེ་བཅིང་བ་དམ་བཅིངས་ཏེ། ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམ་པ་དམ་དུ་བྱས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོས་གུང་མོ་གཉིས་བཙིར་བར་བྱ་སྟེ། གུང་མོ་གཅིག་ནི་དངོས་སུ་མནན་པ་ཡིན་ལ། གཉིས་པ་ནི་རྒྱུད་པས་མནན་པ་འདི་

ནི་བར་སྣང་ལ་སྤྱོད་པ་རྣམས་དམ་ཚིག་ལན་དུ་གཞུག་པའི་ཕྱག་རྒྱའོ། །རིག་པ་འཛིན་པའི་སྔགས་པ་གལ་ཏེ་པདྨ་ལ་སོགས་པས་ཉེ་བར་མཚོན་པ་དག་ཀྱང་ཡོད་པས། དེའི་ཕྱིར། རྡོ་རྗེ་རིག་པ་འཛིན་པས་ནི། །ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་རིག་པ་འཛིན་པ་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལས་བར་

སྣང་ལ་སྤྱོད་པ་རྣམས་ཀྱིས་གལ་ཏེ་འགའ་ཡིས་འགལ་བར་བྱས་ཤིང་འདའ་བར་གྱུར་ན་དམ་ཚིག་འདིས་དེའི་རིགས་གསོད་པར་འགྱུར་རོ། །རྡོ་རྗེའི་ཕྱག་ཅེས་བྱ་བ་ལ་སོགས་པ་ལ། སྔར་བཤད་པའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡས་པའི་མཐེའུ་ཆུང་གཡོན་པའི་རྒྱབ་ནས་འཁྱུད་དེ་

Vol. 55 · folio 199b

གཟུང་ལ་མཛུབ་མོ་གཡས་པས་ཀྱང་མཛུབ་མོ་གཡོན་པ་གཟུང་སྟེ། བཟློག་སྟེ་ཞེས་བྱ་བ་ལག་པ་གཉིས་ཀ་བཀན་ནས་སྤྱི་བོར་བཞག་ནས་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱི་ཕྱག་རྒྱར་འགྱུར་རོ། །བདག་ཉིད་ཆེན་པོའི་དམ་ཚིག་འདི། །རྡོ་རྗེ་རིག་འཛིན་གྱིས་བཅིངས་ནས། །ཞེས་བྱ་བ་ལ། བདག་

ཉིད་ཆེན་པོས་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྟེ། ཕྱག་རྒྱ་འདི་བཅིངས་ནས། ཁྲོས་ཏེ་གང་ལ་བལྟས་པའི། དེའི་མདུན་དུ་དེ་བཞིན་དུ་འདུག་ཅེས་བྱ་བ་སྟེ། འདི་ནི་ནམ་མཁའ་ལ་སྤྱོད་པ་རྣམས་ལ་བཀའ་བསྒོ་བའོ། །རྡོ་རྗེ་བསྲུང་བ་དམ་བཅིངས་ལ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་

དམ་དུ་བཅིངས་ལ་མཛུབ་མོ་གཉིས་གཤིབས་པ་འདི་ནི་རྡོ་རྗེ་བསྲུང་བའོ། །རྡོ་རྗེ་བསྡམས་པ་དེས་མནན་པ། །ཞེས་བྱ་བ་ནི་རྡོ་རྗེ་བསྲུང་བ་དེ་ས་ལ་བཞག་ནས་བཙིར་བ་སྟེ་འདི་ནི་ས་ལ་གནས་པ་རྣམས་ཀྱི་དམ་ཚིག་གོ། །དམ་ཚིག་འདིས་ཅི་ཞིག་བྱེད་ཅེ་ན་དེའི་ཕྱིར། སེམས་ཅན་ཐམས་ཅད་

བསྲུང་བའོ། །ཞེས་བྱ་བ་གསུངས་སོ། །གང་ཞིག་ལ་ཞེས་བྱ་བ་ནི་སྔགས་པ་སྟེ། བསྲུང་བའི་ཕྱིར་ཕྱག་རྒྱ་འདི་འཆིང་བར་བྱེད་པའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བོར་ལྡན་པས་ཞེས་བྱ་བ་གསུངས་སོ། །བསྲུང་བའི་ཞེས་བྱ་བ་ནི་སེམས་ཅན་དེ་བསྲུང་བར་བྱ་བའི་ཕྱིར་རོ། །དེ་ཡི་རྒྱབ་ཏུ་

འདུག་པར་བྱོས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བཀའ་བསྒོ་བའོ། །རྡོ་རྗེའི་ཕྱག་གཉིས་བཅིངས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིང་བའོ། །རྡོ་རྗེ་མཛུབ་མོ་གཡོན་པ་ལ། །ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེའི་མཛུབ་མོ་སྟེ་དེས་རྡོ་རྗེ་གཡས་པའི་མཐེའུ་ཆུང་དང་ལྷན་ཅིག་གཅིག་ལ་

གཅིག་གཅུ་ཞིང་སླར་གཅུས་ལ་དགྲོལ་བར་བྱ་བའོ། །དེ་ལྟར་གཅུ་ཞིང་སླར་གཅུ་བ་བྱས་ནས་གཡས་པའི་མཐེའུ་ཆུང་བཀྲོལ་ནས་ཁྲོ་བོར་མཉམ་པར་གཞག་ནས་ཞེས་བྱ་བ་སྟེ། ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་པའི་སྔགས་པ་གང་ཡིན་པས་དམ་ཚིག་འདི་སྦྱར་བར་བྱས་ན་ཁྱེད་རྣམས་དེའི་མདུན་དུ་

འཁོད་ཅིག་པའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དངོས་གྲུབ་ཀུན་གྱི་མཆོག་གི་ཕྱིར། །ཞེས་བྱ་བ་གསུངས་ཏེ། དངོས་གྲུབ་དམ་པའི་ཕྱིར་ཞེས་བྱ་བར་ཤེས་པར་བྱའོ། །རྡོ་རྗེ་བཅིངས་པ་སྦྲེལ་བ་ནི། །མཛུབ་མོ་གཉིས་ནི་དམ་པོར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་

Vol. 55 · folio 200a

ཀ་ལྕགས་ཀྱུར་བྱས་ལ། ལྕགས་ཀྱུ་གཡས་པས་ལྕགས་ཀྱུ་གཡོན་པ་གཟུང་རྡོ་རྗེ་གཡོན་པས་ཀྱང་མཛུབ་མོ་གཡས་པ་གཟུང་བ་འདི་ནི་རྡོ་རྗེ་བཅིངས་པའི་མཛུབ་མོ་གཉིས་དམ་པོར་བྱས་པ་ཡིན་ནོ། །མཐེའུ་གུང་མོ་རྩེ་མོ་གཉིས། །ཞེས་བྱ་བ་ནི་གུང་མོ་གཉིས་ཀྱི་རྩེ་མོ་

གཤིབས་ལ། མཐེ་བོ་གཉིས་ཀྱི་ལྟོ་གཉིས་ཀྱང་སྦྱར་ལ་ཁ་ཐུར་ལ་བསྟན་པའོ། །རྡོ་རྗེ་ཕྱག་རྒྱ་བཅིངས་ནས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེའི་ཕྱག་རྒྱ་བཅིང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ནི་རེ་ཞིག་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཡིན་པར་སྣང་ངོ་། །རྡོ་རྗེའི་ཕྱག་རྒྱ་བཅིངས་ནས་ཀྱང་། །ཞེས་

བྱ་བ་འདི་ལ། གཞན་དག་ནི་ལག་པ་གཉིས་ཀའི་མཐེའུ་ཆུང་དང་སྲིན་ལག་བརྐྱང་ནས་རྡོ་རྗེ་རྩེ་ལྔ་པ་ཡིན་ནོ་ཞེས་འཆད་དོ། །དེ་ནས་ཕྱག་རྒྱ་དེ་བཟློག་ཅིང་བཀན་ཏེ་གྱེན་དུ་བསྟན་ནས་དཔྲལ་བར་གཞག་པར་བྱའོ། །གལ་ཏེ་གསོན་པར་འདོད་ན་ཞེས་བྱ་བ་ནི་འཚོ་བར་འདོད་ནའོ། །དགུག་པར་བྱ་བ་

གང་ཡིན་པ་ཞེས་བྱ་བ་ནི་གང་བོད་པར་བྱ་བའོ། །དེ་ཡི་མདུན་དུ་རྟག་པར་འདུག །ཅེས་བྱ་བ་ནི་དེའི་མདུན་དུ་རྒྱུན་དུ་འདུག་ཅེས་པའོ། །ཇི་སྐད་དུ་བཤད་པའི་ཚུལ་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་རྣམས་ཚར་གཅད་པར་འོས་པ་རྣམས་ལ་ནི་ཚར་གཅད་ནས་དམ་ཚིག་ལ་བཀོད་པར་

བསྟན་ནས། ད་ནི་མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་རྣམས་ཚར་གཅད་ནས་ཕན་གདགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞུས་པ་ཡིན་ཏེ། མ་རུངས་པ་རྣམས་འདུལ་བས་ན་མ་རུངས་པ་འདུལ་བ་པོ་སྟེ། མ་རུངས་པ་འདུལ་བར་དབང་

བསྐུར་ཏེ་གཞག་གོ་ཞེས་བྱ་བའི་དོན་ཏོ། །མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་ཞེས་བྱ་བ་ལ། མ་རུངས་པ་རྣམས་ཀྱི་དཀྱིལ་འཁོར་དུ་གཏོགས་པས་ན་མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་སྟེ། མ་རུངས་པ་ནི་སེམས་ཅན་རྣམས་ལ་འཁུ་བ་ལ་ཞུགས་པའི་ཕྱིར་རོ། །དཀྱིལ་

འཁོར་དུ་གཏོགས་པ་ཞེས་སྨོས་པས་ནི་དཀྱིལ་འཁོར་དང་དེ་ན་གནས་པའི་སེམས་ཅན་རྣམས་གཟུང་ངོ་། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་སྙིང་པོ་ཕྱི་མ་བཀུག་པ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་རྣམས་སོ། །ཇི་ལྟར་བསྒྲུབ་པར་བགྱི་ཞེས་བྱ་

Vol. 55 · folio 200b

བ་ནི་ཇི་ལྟར་འཚལ་ཞེས་བྱ་བའི་དོན་ཏོ། །ལེགས་པར་བཀའ་སྩལ་དུ་གསོལ་ཞེས་བྱ་བ་ནི་གསལ་བར་བཀའ་སྩོལ་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ནས་བར་སྐབས་དེར་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་རྣམས་ཀྱི་ཚེ་ཟད་པར་མཁྱེན་ནས། སྐྲག་པས་འདུལ་བ་དེ་རྣམས་ལ་རྗེས་སུ་

ཕན་གདགས་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སུ་མྦྷ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་ཕྱིར་ཞེས་བྱ་བ་ནི་དེ་རྣམས་དང་གཞན་དག་ཀྱང་ངོ་། །རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་

གཉིས་ལྕགས་ཀྱུར་བཅིངས་ལ་སྙིང་གར་ཡོངས་སུ་བསྐོར་བར་བྱ་བ་ནི་གཡོན་པའི་ལྕགས་ཀྱུ་གཡས་པའི་ནུ་མའི་འོག་ཏུ་བཀན་ཏེ་བཞག་ལ། དེ་ནས་ལག་ངར་གཡས་པ་ལག་ངར་གཡོན་པའི་སྟེང་དུ་ཕྱུང་སྟེ། གཡས་པའི་ལྕགས་ཀྱུའང་གཡོན་པའི་ནུ་མའི་འོག་ཏུ་བཀན་ཏེ་བཞག་ལ། དེ་ནས་

དེ་གཉིས་ཀྱི་མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་དེ་དག་ཐམས་ཅད་དགུག་པར་བྱའོ། །སྔགས་བརྗོད་ཅིང་ཕྱག་རྒྱ་བཅིངས་པའི་རྗེས་ཐོགས་ལའོ། །མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་ཐམས་ཅད་ཁུགས་ཤིང་འོངས་པ་དེ་རྣམས་ལའང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་

སྡིག་པ་རྣམས་ལས་ལྡོག་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དེ་རྣམས་ཀྱིས་བདག་ཅག་རྣམས་ནི་སེམས་ཅན་གསོད་པ་འདིས་འཚོ་བ་ལགས་ན། ཇི་ལྟར་འཚོ་བར་བགྱི་ཞེས་ཟེར་ཞིང་བཀའ་ཉན་དུ་མ་འདོད་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འཇིག་རྟེན་

གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་འདི་འཆིང་ཞིང་ཁྲོ་བོའི་སྙིང་པོ་མ་རུངས་པ་རྣམས་གསོད་པ་འདི་གསུངས་སོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ཁྲོ་བོའི་མཛུབ་མོ་གཉིས་ཀྱི་སེན་མོ་གཉིས་གཅིག་ལ་

གཅིག་སྤྲད་དེ། སླར་ཡང་ཐེ་གུ་གཅུས་པའི་ཚུལ་དུ་དཀྲིས་ནས། རྩེ་མོ་གཉིས་ནི་དམ་སྦྱར་བ། །ཞེས་བྱ་བ་མ་རུངས་པའི་དཀྱིལ་འཁོར་ཐམས་ཅད་དེའི་ནང་དུ་བསམས་ལ་མཛུབ་མོ་གཉིས་ཀྱི་གདོང་གཅིག་གིས་གཅིག་དམ་དུ་བཙིར་བར་བྱ་སྟེ། ཕྱག་རྒྱ་འདི་ནི་མ་རུངས་པ་རྣམས་འཇོམས་

Vol. 55 · folio 201a

པའོ། །དེ་ནས་སྔགས་འདི་གསུངས་ཤིང་ཕྱག་རྒྱ་བཅིངས་མ་ཐག་ཏུ་མ་རུངས་པའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་པ་ཞེས་བྱ་བ་ཚོགས་པར་གྱུར་པའོ། །རྣམ་པ་དུ་མས་གཙེས་ཤིང་ཞེས་བྱ་བ་ནི་བཅོམ་པའོ། །དཔྲལ་བ་དང་ཞེས་བྱ་བ་ནི་ཕྱོགས་བཅུར་

གཏོར་བ་དང་། དེ་དག་གི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་གསུངས་པ་གང་ཡིན་པ་དེ་དག་ཀྱང་དྲལ་བའོ། །བསྲེག་ཅིང་ཞེས་པ་ནི་ཕོག་པ་ཙམ་གྱིས་ཚིག་པའོ། །ཤིན་ཏུ་བཙོས་པ་ནི་ཡུན་རིང་མོས་རུས་པའི་ཕྱོགས་ཀྱི་གཏིང་ལ་ཐུག་གི་བར་དུ་ཁྱབ་པར་གྱུར་པའོ། །འོ་དོད་ཆེར་

འབོད་པ་ཞེས་བྱ་བ་ནི་མི་སྙན་པར་འབོད་པའི་དོན་ཏོ། །དེ་ནས་བར་སྐབས་འདིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་དག་ནི་སྙིང་རྗེ་ལྟ་བུའི་སྒྲ་འབྱིན་མོད་ཀྱི། སྡིག་པ་ལས་ལྡོག་པར་མི་བགྱིད་ན་ཇི་ལྟར་བགྱི་བ་བདག་ལ་

བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་དག་ཚེ་ཟད་པར་གཟིགས་པ་དང་། དེ་བསྟན་པས་གཞན་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་དང་། འདི་དག་ཀྱང་འཆི་བའི་དུས་མ་བྱས་ཀྱི་བར་

དུ་དེ་དག་གཏོང་བར་མི་བྱེད་པར་ཐུགས་སུ་ཆུད་ནས་ནི་སུམྦྷ་ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་དེ་རྣམས་ཚར་གཅད་པར་བྱ་བའི་ཕྱིར་སྔགས་གསུངས་སོ། །དེ་ནས་དེའི་རྗེས་ཐོགས་ལ་མ་རུངས་པའི་དཀྱིལ་འཁོར་དེ་དག་ཐམས་ཅད་བསྡུས་ཏེ། རྒྱ་མཚོ་ཆེན་པོར་

ལྷུང་ངོ་ཞེས་བྱ་བ་སྤྲུལ་པ་གང་ཡིན་པ་དེ་དག་ནི་མི་སྣང་བར་གྱུར་ཏོ། །གང་དེར་ཤི་འཕོས་པ་དེ་རྣམས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་མཐུ་མཐོང་སྟེ་སེམས་དད་པར་གྱུར་ནས། དུས་བྱས་པ་རྣམས་ནི་ལྷ་དང་མི་རྣམས་སུ་སྐྱེས་སོ། །དེ་ལྟར་མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་དེ་

དག་གདུལ་བར་མཛད་ནས། ཕྲ་མེན་མ་ལ་སོགས་པ་འདུལ་བར་བཞེད་ནས། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞུས་པ། བཅོམ་ལྡན་འདས་ཀྱིས་ཀྱང་རྗེས་སུ་གདུལ་བར་བྱ་བའི་ཕྱིར་གནང་བར་མཛད་པ་ཡིན་ནོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་ཕྲ་

Vol. 55 · folio 201b

མེན་མ་ལ་སོགས་པ་གདོན་མ་རུངས་པ་ཐམས་ཅད་དགུག་པའི་སྙིང་པོ་གསུངས་པ་ཡིན་ནོ། །སོགས་པ་ཞེས་སྨོས་པས་ནི་རྣལ་འབྱོར་མ་ལ་སོགས་པ་གཟུང་ངོ་། །དེ་རྣམས་བཀུག་ནས་(ཀྱ་‚ཀྱི་)བཟོད་ལྡན་རྣམས་སྲོག་གཅོད་པ་སྤངས་པའི་བསླབ་པ་དང་ཞེས་བྱ་བ་འདིས་རྗེས་སུ་འདུལ་བར་མཛད་

དོ། །འབར་བ་ནི་ཤིན་ཏུ་ཚ་བའོ། །རབ་ཏུ་འབར་བ་ནི་ཀུན་དུ་འབར་བར་གྱུར་པའོ། །གཅིག་ཏུ་འབར་བར་གྱུར་པས་ཞེས་བྱ་བ་ནི་རྡོ་རྗེ་ལས་བྱུང་བའི་འབར་བ་དེས་གང་གིས་ནམ་མཁའི་ཁམས་ཡོངས་སུ་གང་བར་གྱུར་པ་དེས་ན་རྡོ་རྗེ་དེ་གཅིག་ཏུ་འབར་བ་ཞེས་བྱ་བའོ། །དེ་ནས་བཅོམ་ལྡན་

འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། དེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་སེམས་ཅན་འདི་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་

ལ་ཐབས་སྦྱིན་པར་ཞེས་བྱ་བ་ནི་འཆི་བའི་མཚན་མ་ཤེས་པར་བྱའོ། །བསྒྲུབ་པར་བྱོས་ཤིག་ཅེས་བྱ་བ་ནི་བྱིན་གྱིས་རློབ་པར་གྱིས་ཤིག་པའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་དེ་བཞིན་དུ་བགྱི་བར་འཚལ་ལོ་ཞེས་ཏེ། འཆི་བའི་མཚན་མ་ཞེས་པའི་སྙིང་པོ་གསུངས་ཏེ། འཆི་

བའི་རྟགས་ཡིན་པས་ན་འཆི་བའི་མཚན་མ་སྟེ། དེའི་ཡེ་ཤེས་ཡིན་པས་ན་འཆི་བའི་མཚན་མ་ཞེས་པའི་ཡེ་ཤེས་ཏེ། དེའི་ཕྱག་རྒྱ་དང་དེའི་སྙིང་པོ་གསུངས་སོ། །རྡོ་རྗེ་བསྡམས་པ་བཅིངས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བཅིང་བའོ། །ལག་པ་གཉིས་རྡོ་རྗེ་བཅིང་བ་ཡང་ཡོད་

པས་ན་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ལག་ངར་གཉིས་ཞེས་བྱ་བ་གསུངས་སོ། །ཤིན་ཏུ་དམ་པོར་ཞེས་བྱ་བ་ནི་མི་གཡོ་བར་རོ། །དེ་ཡང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ཁུ་ཚུར་གཡོན་པ་མཆན་ཁུང་གཡས་པའི་ཕྱོགས་སུ་བཅུག་ལ་ཁུ་ཚུར་གཡས་པ་ལག་ངར་གཡོན་པའི་འོག་

ནས་ཕྱུང་ནས། མཆན་ཁུང་གཡོན་པར་བཅུག་ལ་ཤིན་ཏུ་དམ་པོར་བྱས་པ་འདི་ནི་རྡོ་རྗེ་བསྡམས་པ་དམ་པོར་བྱས་པ་ཡིན་ནོ། །རྡོ་རྗེ་མཛུབ་མོ་རྩེ་མོ་ཡི། །རང་གི་མཆན་ཁུང་བྲུད་པར་བྱ། །ཞེས་བྱ་བ་ནི་དྲོངས་ཤིག་པའི་དོན་ཏོ། །ཕྱག་རྒྱ་འདིས་སེམས་ཅན་ཐམས་ཅད་ཀྱི་སྙིང་བྲུས་ལ་

Vol. 55 · folio 202a

ཟོ་ཤིག་ཅེས་བྱ་བ་ནི་དེས་དེ་རྣམས་དྲངས་ནས་ཟོས་སུ་ཟིན་ཀྱང་སེམས་ཅན་དེ་རྣམས་ཞག་གྲངས་དེའི་བར་དུ་སྔགས་དེའི་མཐུས་གསོན་པར་གནང་བ་དང་། དེ་རྣམས་ཀྱང་སྡིག་པ་ལས་ཟློག་པར་འགྱུར་ཞིང་། སེམས་ཅན་གཞན་རྣམས་ཀྱང་དུས་མ་ཡིན་པར་འཆི་བ་

ལས་བསྲུང་བར་འགྱུར་རོ། །དེ་ནས་ཕྲ་མེན་མ་ལ་སོགས་པ་དེ་རྣམས་གནང་བ་ཐོབ་པར་གྱུར་པ་དང་། དགའ་བའི་སྒྲ་འབྱིན་ཅིང་གར་གྱི་ཚུལ་གྱིས་མཆོང་རྒལ་ཏེ་རང་རང་གི་གནས་སུ་སོང་ངོ་། །དེ་ལྟར་ཕྲ་མེན་མ་ལ་སོགས་པ་བཏུལ་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རིམས་ལ་

སོགས་པའི་ནད་རྣམས་འདུལ་བར་བཞེད་ནས། རིམས་ལ་སོགས་པའི་ནད་འདི་རྣམས་ཇི་ལྟར་བགྱི་ཞེས་བཅོམ་ལྡན་འདས་ལ་བཀའ་ནོད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚར་གཅད་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་གནང་བ་ཐོབ་པ་དང་

རིམས་ལ་སོགས་པའི་དགུག་པའི་སྙིང་པོ་གསུངས་སོ། །བཀུག་ནས་ཀྱང་སེམས་ཅན་རྣམས་གསོད་པ་ལས་ལྡོག་པའི་བསླབ་པ་གཟུང་བའི་སྡོམ་པ་ལོང་ཤིག་ཅེས་བཀའ་སྩལ་ཏེ། སེམས་ཅན་རྣམས་གསོད་པས་སེམས་ཅན་གསོད་པ་སྟེ། ཁམས་མ་སྙོམས་པ་ལ་སོགས་པར་བྱས་ནས་

འཚེ་བ་སྟེ་དེ་ནས་བཟློག་པའོ། །དེ་ཉིད་བསླབ་པ་སྟེ་ཉམས་སུ་ལེན་པ་ནི་སྡོམ་པའོ། །དེ་དག་གིས་གསོལ་པ། བདག་ཅག་ནི་སེམས་ཅན་གྱི་མདངས་འཕྲོག་སྟེ། འཚེ་བར་བགྱིད་པ་ལགས་ན། གང་གི་ཕྱིར་འདི་ལྟར་འཚེ་བར་བགྱིད་པ་དེའི་ཕྱིར། བཅོམ་ལྡན་འདས་ལེགས་པར་བརྟགས་ཏེ་ཇི་

ལྟར་བསྒྲུབ་པར་བགྱི་པ་བཀའ་སྩོལ་ཅིག་ཅེས་ཞུས་སོ། །དེ་ནས་བར་སྐབས་དེར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་རིམས་ཀྱིས་ཐེབས་པར་གྱུར་པ་རྣམས་ཀྱི་རང་གི་ལས་རྣམ་པར་དག་པར་གྱུར་པ་སྟེ་ལས་གང་གིས་རིམས་ལ་སོགས་པའི་ནད་དུ་གྱུར་པ་དེ་ནི་རང་གི་ལས་ཏེ། རང་གི་

ལས་དེ་རྣམས་དག་པར་གྱུར་པ་ནི་ཡོངས་སུ་ཟད་པའོ། །དེའི་ཡེ་ཤེས་ཡིན་པས་ན་རང་གི་ལས་རྣམ་པར་དག་པར་གྱུར་པའི་ཡེ་ཤེས་ཏེ། དེའི་ཕྱག་རྒྱ་དང་དེའི་སྙིང་པོ་གསུངས་སོ། །ཕྱག་རྒྱ་འདི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་འདི་གང་རིམས་ལ་སོགས་པའི་ནད་ཐམས་ཅད་ཀྱིས་

Vol. 55 · folio 202b

གང་ལ་བཏབ་པའི་སྔགས་པས་ཕྱག་རྒྱ་འདི་བཅིངས་ཏེ་ལས་བྱས་པ་བསྟན་ན་ཁྱེད་རྣམས་དེ་ནས་སོང་ཤིག་ཅེས་པའོ། །དེ་ལྟར་རིམས་ལ་སོགས་པའི་ནད་རྣམས་བཏུལ་ནས་དམ་ཚིག་ཀྱང་འཛིན་དུ་བཅུག་སྟེ། ད་ནི་དམྱལ་བ་ལ་སོགས་པ་ངན་སོང་པ་ཐམས་ཅད་རྣམ་པར་སྦྱང་བའི་ཕྱིར་ཡང་

བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞུས་པ་ཡིན་ནོ། །སྒྲིབ་པ་ཐམས་ཅད་ཅེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པའོ། །ཆོས་པ་ནི་སྒྲིབ་པ་ལྔ་ལ་སོགས་པའོ། །ལས་ཀྱི་སྒྲིབ་པ་ནི་ངན་སོང་ངེས་པར་མྱོང་བར་འགྱུར་བའི་ལས་སོ། །

སྒྲིབ་པ་དེ་དག་ལ་སོགས་པ་རྣམ་པར་སྦྱང་བའི་སླད་དུ་ཞེས་བྱ་བ་ནི་རྣམ་པར་དག་པར་བྱ་བའི་ཕྱིར་ཏེ། ཟད་པར་སྦྱངས་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། སྡིག་པ་བཤགས་པ་ལ་སོགས་པ་འབའ་ཞིག་གིས་སྒྲིབ་པ་ཟད་པར་འགྱུར་བར་མ་ཟད་ཀྱི། སྔགས་བརྗོད་པ་དང་བཅས་པའི་

ཕྱག་རྒྱ་བཅིང་བས་ཀྱང་སྒྲིབ་པ་ཟད་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་གསུངས་ནས། ངན་སོང་གི་འགྲོ་བའི་འཁོར་ལོ་ཐམས་ཅད་དགུག་པའི་སྙིང་པོ་གསུངས་སོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གུང་མོ་གཉིས་ནི་སྦྱར་ནས་སུ། །ཞེས་

བྱ་བ་ལ་སོགས་པ་ལ་གུང་མོ་གཉིས་གཤིབས་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེ་བཅིང་བ་ནང་དུ་བསྣོལ་ཏེ། གཡས་པའི་སོར་མོ་བཞིའི་རྩེ་མོར་ལག་པ་གཡོན་པའི་མཐིལ་དུ་རྩེ་སྤྲད་པར་བྱ། ལག་པ་གཡོན་པའི་སོར་མོ་བཞིའི་རྩེ་མོ་ལག་པ་གཡས་པའི་བར་བར་ནས་ཕྱུང་ལ་ལག་པ་གཡས་

པའི་མཐིལ་དུ་རྩེ་སྦྱར་བར་བྱ། དེ་ནས་གུང་མོ་གཉིས་ཡང་ནས་ཡང་དུ་དབྱེ་ཞིང་བརྡབ་པར་བྱའོ། །དེ་ནས་བར་སྐབས་དེར་ངན་སོང་གསུམ་ཞེས་བྱ་བ་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཏེ་ངན་སོང་གི་འགྲོ་བ་གསུམ་དུ་གཏོགས་པ་སྟེ། དེ་ན་གནས་པའི་སེམས་ཅན་གང་ཡིན་པ་དེ་དག་

ཐམས་ཅད་ནི་ངན་སོང་གསུམ་དུ་གཏོགས་པའོ། །འཁོར་ལོའི་ནང་དུ་གནས་པ་ནི་ངན་སོང་གི་འགྲོ་བའི་དཀྱིལ་འཁོར་གྱི་ནང་དུ་ཆུད་པའོ། །ཕྱག་ན་རྡོ་རྗེ་ལས་ཕྱག་རྒྱ་འདི་མཐོང་ནས་ཞེས་བྱ་བ་ནི་སྡིག་པ་སེལ་བའི་ཕྱག་རྒྱ་འདིའོ། །ངན་སོང་ཐམས་ཅད་ལས་འཆི་འཕོས་ནས་བཅོམ་ལྡན་

Vol. 55 · folio 203a

འདས་རྣམ་པར་སྣང་མཛད་ཀྱི་ཞབས་དྲུང་དུ་སྐྱེས་སོ་ཞེས་བྱ་བ་ནི་ཕྱག་རྒྱ་བསྟན་པས་ངན་སོང་དུ་འཇུག་པར་བྱེད་པའི་ལས་རྣམས་ཟད་པར་བྱས་ནས་དམྱལ་བ་ལས་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་པར་སྐྱེ་བར་འགྱུར་བའི་རང་གི་ལས་ཀྱིས་རི་རབ་ཀྱི་རྩེ་མོར་སྐྱེས་སོ། །

ངན་སོང་དེ་རྣམས་ཀྱང་རྒྱ་མཚོ་ཆེན་པོར་བོར་རོ་ཞེས་བྱ་བ་ནི་ངན་སོང་གི་སྣོད་དེ་དག་རྒྱ་མཚོ་ཆེན་པོར་བོར་རོ་ཞེས་པའོ། །དེ་ལྟར་རིག་པའི་རྒྱལ་པོ་ནས་བརྩམས་ཏེ་ངན་སོང་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱི་བར་དེ་དག་རི་རབ་རིའི་རྩེ་མོར་བཅོམ་ལྡན་འདས་སངས་རྒྱས་ཧཱུྃ་མཛད་ཀྱིས་

སྤྲུལ་པའི་དཀྱིལ་འཁོར་དུ་དོན་མཛད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་མི་རྣམས་ཀྱི་དོན་མཛད་པར་བཞེད་ནས་ཡང་བཅོམ་ལྡན་འདས་ལ་ཞུ་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གྲུབ་པ་དམ་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་ཞེས་བྱ་

བ་ལ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དེ། སྟོང་པ་ཉིད་སོ་སོར་ཐུགས་སུ་ཆུད་པའོ། །དེ་སྔོན་དུ་འགྲོ་བའི་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཉིད་ནི་གྲུབ་པ་དམ་པ་

ཡིན་ལ། དེ་ཉིད་ནི་འབྲས་བུ་སྟེ་དེ་ཐོབ་པར་བགྱི་བའི་ཕྱིར་རོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་ཞུས་པ་དང་། ཞུས་པའི་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་དཀྱིལ་འཁོར་ཆེན་པོར་ཚུད་ཅིག་ཅེས་བྱ་བ་ལ་སོགས་པ་བཀའ་

སྩལ་ཏོ། །འདི་ནི་བྲི་བའི་དཀྱིལ་འཁོར་ཡིན་ཏེ། དེ་བས་ན་དེ་ཉིད་ཀྱིས་ན་འདིའི་མཚན་ཉིད་སྟོན་པ་ནི། ཨོཾ་བཛྲ་པཱ་ཎི་ཞེས་བྱ་བ་ལ་སོགས་པ་སྟེ། བཛྲ་པཱ་ཎི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ། །མ་ཧཱ་མཎྜ་ལཾ་པྲ་བེ་ཤ་ཡ་སརྦན་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོར་ཐམས་ཅད་ཆུག་

ཅེས་ཟེར་ཏེ། མ་ཞུགས་པ་རྣམས་དཀྱིལ་འཁོར་ཆེན་པོར་ཆུག་ཅིག་པའོ། །དུཥྚ་རོ་ཏྲ་ན་ནི་པ་ར་ཡ་པྲ་བེ་བྷྱཿཞེས་བྱ་བ་ནི་མ་རུངས་པ་རྣམས་དང་གདུག་པ་རྣམས་སྡིག་པ་ཐམས་ཅད་ལས་བཟློག་ཅིག་ཅེས་ཟེར་ཏེ། མ་རུངས་པ་ནི་ཁོང་ན་གྱ་གྱུ་ཆེ་བ་སྟེ། སླུ་བར་བྱེད་པ་གང་ཡིན་

Vol. 55 · folio 203b

པའོ། །གདུག་པ་ནི་འཇིགས་པ་སྟོན་པར་བྱེད་པའོ། །སྡིག་པ་ལས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །པྲ་མོ་ཀྵ་ཡ་དུར་དྲྀཥྚ་པརྱཱ་པ་ནཾ་ཞེས་བྱ་བ་ནི་ལྟ་བ་ལོག་པར་ཞུགས་པ་རྣམས་རབ་ཏུ་གྲོལ་བར་གྱིས་ཤིག་ཅེས་ཟེར་ཏེ་ལྟ་བ་ལོག་པར་ཞུགས་པ་ནི་ལྟ་བ་ངན་པ་ལ་ཞུགས་

པའོ། །གྲོལ་བར་གྱིས་ཤིག་ཅེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་ཞོག་ཅིག་ཅེས་བྱ་བའི་དོན་ཏོ། །བི་ཤོ་དྷ་ན་ཡ་བི་ནཱ་ཤ་ཡ་ཞེས་བྱ་བ་ནི་རྣམ་པར་སྦྱོངས་ཤིག །རྣམ་པར་ཤིག་ཅིག་ཅེས་ཟེར་ཏེ། གང་སྡིག་པ་ལ་མངོན་པར་ཕྱོགས་པ་རྣམས་ཐབས་གཞན་གྱིས་ཀྱང་བཟློག་པར་མི་ནུས་པ་དང་།

ཚེ་ཡང་ཟད་པ་ཞིག་ན་དེ་རྣམ་པར་སྦྱངས་ལ་རྣམ་པར་ཤིག་ཅིག་ཅེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་ཚིག་དེ་ཐོས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་སྟོན་པར་མཛད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་ལས་བྱུང་བ་ཞེས་བྱ་བ་འདི་ཡིན་

ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའོ། །དེ་རྣམས་ཀྱི་དམ་ཚིག་ནི་རྡོ་རྗེ་ཧཱུྃ་མཛད་དོ། །བྱུང་བ་ནི་དེ་ལས་སྐྱེས་པའོ། །དེ་ཡང་གང་ཡིན་ཞེ་ན། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་

བའི་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མེད་ན་མ་རུངས་པ་རྣམས་འདུལ་བར་བྱེད་པ་མི་འབྱུང་བས་ན་རབ་ཏུ་བཤད་བྱ་བ་ཞེས་བྱ་སྟེ། ཡང་དག་པར་ཕྱེ་སྟེ་རབ་ཏུ་བཤད་པས་ན་རབ་

ཏུ་བཤད་བྱ་བའོ། །དེ་གང་ཡིན་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་ཆེན་པོ་ཞེས་གསུངས་སོ། །ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་པའོ། །ཅི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ་ཡི། །ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ། །དངོས་གྲུབ་ཐམས་ཅད་གྲུབ་པར་

བྱེད་པས་ན་དངོས་གྲུབ་ཐམས་ཅད་བྱེད་པའོ། །གལ་ཏེ་དཀྱིལ་འཁོར་གཞན་དག་ཀྱང་དངོས་གྲུབ་ཐམས་ཅད་བྱེད་པ་ཡོད་པས་ན། དེའི་ཕྱིར་མཆོག་ཅེས་བྱ་བ་གསུངས་ཏེ། མཆོག་ནི་དམ་པའོ། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱ་བ་ནི་འདི་ནི་འཇིག་རྟེན་གསུམ་ལས་རྣམ་པར་

Vol. 55 · folio 204a

རྒྱལ་བ་ཡིན་ནོ་ཞེས་དོན་དང་མཐུན་པའི་མིང་བསྟན་པ་ཡིན་ནོ། །དམ་ཚིག་ནི་མ་རུངས་པ་ཐམས་ཅད་འདུལ་བའི་དངོས་གྲུབ་སྟེ། དེ་ནི་འདིར་ཞུགས་པ་ལས་འབྱུང་བས་ན་དམ་ཚིག་ཅེས་བྱ་བའོ། །ཕྱག་ན་རྡོ་རྗེའི་ཐུགས་ཀྱི་རྡོ་རྗེ་ལས་བྱུང་བས་ན་རྡོ་རྗེ་ལས་བྱུང་

བའོ། །བྱང་ཆུབ་ཀྱི་སེམས་རྣམ་པར་སྦྱོང་བ་ལ་ཞུགས་པས་ན་སངས་རྒྱས་བྱང་ཆུབ་འབྱིན་བྱེད་པའོ། །གང་སེམས་ཅན་རྣམས་ལ་གནོད་པར་བྱེད་པ་ལ་ཞུགས་པ་དེ་ནི་མ་རུངས་པ་སྟེ། དེ་རྣམས་རྣམ་པར་འཇིག་པ་ནི་ཚར་གཅོད་པར་མཛད་པའོ། །དེ་ལ་སྔགས་འདིས་ཞེས་བྱ་བ་

ལ་སོགས་པས་ནི་བྲིས་པའི་ཆོ་ག་སྟོན་ཏོ། །གྲུ་བཞི་ཞེས་བྱ་བ་ནི་ཟུར་ལ་བྱའོ། །སྒོ་ནི་འཇུག་པའི་གནས་ཏེ། ཁྱིམ་བདག་བདག་ཉིད་ཆེན་པོའི་ཁང་པ་ཡིན་པར་སྟོན་པར་བྱེད་པས་འཇུག་པའི་གནས་ཀྱི་ཕྱི་རོལ་དུ་རྟ་བབས་བྱ་བ་སྟེ། རབ་ཏུ་བརྒྱན་པ་ནི་བརྒྱན་པ་བྱས་པའོ། །སྲད་བུ་བཞི་དང་ལྡན་པ་ནི་

ཞེས་བྱ་བ་སྟེ། སྲད་བུ་བཞི་ནི་ཕྱོགས་དང་མཚམས་རྣམས་སུ་གདབ་པའོ། །དར་ནི་དར་ཡུག་གོ། །ཕྲེང་བ་ནི་མེ་ཏོག་གི་ཆུན་འཕྱང་རོ། །ཤིན་ཏུ་བརྒྱན་པ་ནི་རབ་ཏུ་མཛེས་པར་བརྒྱན་པའོ། །དཀྱིལ་འཁོར་ཀུན་གྱི་གྲྭ་རྣམས་དང་། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་མཚམས་བཞི་ཆར་དུའོ། །སྒོ་

གང་གི་ནི་ཞེས་བྱ་བ་ནི་སྒོའི་སྒོ་ཁྱུད་དོ། །དེ་དག་གི་མཚམས་རྣམས་སུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་མཚམས་དང་སྒོ་ཁྱུད་ཀྱི་མཚམས་རྣམས་སུའོ། །རྡོ་རྗེ་རིན་ཆེན་བརྒྱན་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་ཡིན་པས་ན་རྡོ་རྗེ་རིན་ཆེན་ཞེས་ལ་ལ་འདོད་དོ། །ཡང་ན་རྡོ་རྗེ་དང་རིན་པོ་ཆེ་ནི་རྡོ་རྗེ་རིན་ཆེན་ཏེ།

དེས་བརྒྱན་པ་ནི་སྤྲས་པར་བྱས་པའོ། །དཀྱིལ་འཁོར་ཕྱི་རོལ་སྲད་བུ་བྲེ། །ཞེས་བྱ་བ་ནི་སྔགས་པས་དང་པོར་ཕྱིའི་དཀྱིལ་འཁོར་དེ་ལྟར་ཐིག་གདབ་པར་བྱའོ། །དེའི་ནང་དུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་དེའི་ནང་དུའོ། །རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཏེ། །ཞེས་བྱ་བ་ནི་འདིར་ཡང་རྡོ་རྗེ་རིན་པོ་ཆེས་

བརྒྱན་པའམ། རྡོ་རྗེ་དང་རིན་པོ་ཆེས་བརྒྱན་པར་བྱའོ། །ཀ་བ་བརྒྱད་ནི་སྒོ་ལོགས་གཉིས་སུ་ཀ་བ་གཉིས་གཉིས་ཏེ། དེ་ལྟར་སྒོ་བཞི་པོ་རྣམས་སུ་ཀ་བ་བརྒྱད་དུ་འགྱུར་རོ། །རྟ་བབས་དང་བཅས་པར་གནས་པས་ན་རྟ་བབས་བཅས་སོ། །རྡོ་རྗེ་ཀ་བའི་གནས་མཆོག་ཏུ། །ཞེས་བྱ་བ་ནི་

Vol. 55 · folio 204b

གནས་ཀྱི་མཆོག་གོ། །དེར་ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་པ་དེ་ལྟར་དཀྱིལ་འཁོར་གྱི་སྲད་བུ་བྲེ་བར་བྱའོ། །དེ་ལྟར་སྲད་བུ་བྲེས་པའི་ནང་དུ་ཚོན་གྱིས་དགང་བར་བྱའོ། །དེ་ལྟར་ཇི་ལྟར་སྲད་བུ་བྲེས་པ་བཞིན་དུ་གྲུ་བཞི་པ་དང་སྒོ་བཞི་པའི་ཁང་པ་བརྩེགས་མ་བསམས་ལ། དེའི་དབུས་སུ་འདུག་སྟེ་

ཡིད་ཀྱིས་སྒོ་བཞི་དབྱེ་བར་བྱའོ། །དེ་ལ་དཀྱིལ་འཁོར་དེའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཞག་པར་བྱ་སྟེ། དེ་བས་ན་དེའི་གདན་བསྟན་པར་བྱ་བའི་ཕྱིར། གསེར་རམ་དངུལ་ལས་བྱས་པའམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འབྱོར་པ་ཡོད་པ་ཞིག་ན་

གསེར་ལས་བྱ་བའོ། །དེ་བས་ན་བདོག་པ་ཆུང་ན་དངུལ་ལས་བྱས་པའོ། །འབྱོར་པ་མེད་པ་ཞིག་ན་སོ་ཕག་ལས་བྱས་པ་ལེགས་པར་བྲིས་པ་བྱ་སྟེ། དེའི་སྟེང་དུ། སངས་རྒྱས་གཟུགས་ནི་གཞག་པར་བྱ། །ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་གཟུགས་ཞེས་བྱ་བ་སངས་རྒྱས་ཀྱི་སྐུའི་

གཟུགས་བརྙན་ལུགས་མའམ། བྱས་པ་གང་ཡང་རུང་བ་གཞག་པར་བྱའོ། །གང་གི་ཕྱིར་དཀྱིལ་འཁོར་འདི་ནི་གདུལ་དཀའ་བ་རྣམས་ཚར་གཅོད་པར་བྱེད་པའི་དཀྱིལ་འཁོར་ཡིན་པས་ན་དེའི་ཕྱིར་ཆད་པས་གཅོད་པ་གཙོ་བོར་གྱུར་པ་ཡིན་པས་མངོན་སྤྱོད་ཀྱི་དཀྱིལ་འཁོར་ཡིན་ཏེ། དེའི་ཕྱིར་

པདྨའི་གདན་མ་གསུངས་ཏེ། སྟན་མི་བདེ་བ་ཕ་གུའི་སྟན་ཞེས་གསུངས་པར་ཟད་དོ། །གལ་ཏེ་དཀྱིལ་འཁོར་དུ་མངོན་སྤྱོད་བྱ་དགོས་པས་ན་སངས་རྒྱས་ཀྱི་གཟུགས་གཞག་པར་གསུངས་ཀྱི་བྲི་བར་མ་གསུངས་ཏེ། གང་གི་ཕྱིར་སྔགས་པས་དེའི་དུས་སུ་སྐུ་གཟུགས་བཏོན་ནས་རྣམ་པར་སྣང་

མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ། དེར་འདུག་ནས་མངོན་སྤྱོད་ཀྱི་ལས་བྱ་དགོས་པའི་ཕྱིར་རོ། །སྤྱན་དྲང་བའི་སྙིང་པོ་ནི་གཞག་པར་བྱ་བའི་སྙིང་པོའོ། །སངས་རྒྱས་སྤྱན་སྔར་རྡོ་རྗེ་ནི། །ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་འབར་བས་ཀུན་ནས་བསྐོར་བར་

བྲིས་ལ། དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་གཞག་པར་བྱའོ། །དེ་བཞིན་དུ་རིན་ཆེན་རྡོ་རྗེ་མ་ལ་སོགས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡང་ཀུན་ནས་འབར་བས་བསྐོར་བར་བྲིས་ལ་དབུས་སུ་ཕྱག་རྒྱ་བྲི་བར་བྱའོ། །རྡོ་རྗེ་དམ་ཚིག་ཕྱག་རྒྱ་རྣམས། །ཞེས་བྱ་བ་ནི་རྡོ་རྗེ་དཀྱིལ་འཁོར་གྱི་དམ་ཚིག་གི་

Vol. 55 · folio 205a

ཕྱག་རྒྱ་རྣམས་སོ། །ཡིད་ཀྱིས་རི་མོ་བཏེག་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཤུགས་ཀྱི་སྔགས་བརྗོད་ལ་ཡིད་ཀྱིས་བཏེག་པ་དེ་ཉིད་ཕྱག་རྒྱ་ཡིན་ཏེ། བདག་ཉིད་རི་མོའི་འོག་ཏུ་འཛུལ་ཏེ་སོང་བར་བསམ་མོ། །རྡོ་རྗེ་སྲད་བུའམ་གཞན་ཡང་རུང་། །ཞེས་བྱ་བ་ནི་

སྔགས་པ་ཐིག་འདེབས་པའི་ཚེ་ན་གལ་ཏེ་འགྲོ་འདོད་པར་གྱུར་ན། རྡོ་རྗེ་ཐིག་གི་འོག་ནས་འཛུལ་ཏེ་འགྲོ་བར་ཡིད་ཀྱིས་སོམས་ཤིག་པའོ། །དེའི་དབུས་སུ་ཞེས་བྱ་བ་ནི་མི་བསྐྱོད་པའི་གནས་སུའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བར་འདུས། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་ཞེས་བྱ་བ་ཕྱག་རྒྱ་བཞིའི་བཅིངས་པས་

ཆས་པ་ཞེས་བྱ་བའི་དོན་ཏོ། །ཁྲོ་དང་བཅས་པར་འཛུམ་པའི་ཞལ། །ཞེས་བྱ་བ་ནི་གཡོན་པ་ཁྲོ་བ་དང་བཅས་པ་གཡས་པ་ཅུང་ཟད་འཛུམ་པ་དང་ལྡན་པའོ། །གཡོན་བརྐྱང་ཚུལ་དུ་གནས་པ་སྟེ། །ཞེས་བྱ་བ་ནི་གཡོན་བརྐྱང་ལ་གཡས་པ་བསྐུམ་པའོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་

ལ། རྡོ་རྗེས་ཉེ་བར་མཚན་པའི་ཁྲོ་བོ་ནི་རྡོ་རྗེ་ཁྲོ་བོའོ། །ཁྲོས་པ་མཆེ་བ་ཕྱུང་བ་སྟེ། །ཞེས་བྱ་བ་ནི་ཁྲོས་པ་ཡང་ཡིན་ལ་མཆེ་བ་ཡང་ཡིན་པས་ཁྲོས་པ་མཆེ་བ་ཕྱུང་བ་སྟེའོ། །འབར་བའི་ཕྲེང་བ་ཡིན་པས་ན་འབར་བའི་ཕྲེང་བའོ། །འབར་བའི་ཕྲེང་བ་ཡང་ཡིན་ལ་དཀྲིགས་པ་ཡང་ཡིན་པས་ན་འབར་

བའི་ཕྲེང་བ་དཀྲིགས་པ་སྟེ། འབར་བ་རྣམས་ཕན་ཚུན་དུ་རྒྱུ་བས་དཀྲིགས་པའོ། །དེ་ཉིད་གང་གི་འོད་ཡིན་པ་དེ་ནི་འབར་བའི་ཕྲེང་བ་དཀྲིགས་པའི་འོད་དོ། །དེར་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་གནས་སུའོ། །རྡོ་རྗེ་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་རིན་པོ་ཆེས་

བྱས་པའི་རྡོ་རྗེ་ཡང་ཡིན་ལ་དབང་བསྐུར་བ་ཡང་ཡིན་པས་ན་རྡོ་རྗེ་དབང་བསྐུར་བའོ། །འོད་དཔག་ཏུ་མེད་པའི་གནས་སུ་ནི་རྡོ་རྗེ་སྡེའོ། །གདོན་མི་ཟ་བར་གྲུབ་པའི་གནས་སུ་ནི་རྡོ་རྗེ་དབབ་པའོ། །དཀྱིལ་འཁོར་དམ་པའི་ཕྱི་རོལ་དུ། །ཞེས་བྱ་བ་ནི་དམ་པ་ཞེས་སྨོས་པ་དང་། འོག་ནས་ཀྱང་ཕྱིའི་

དཀྱིལ་འཁོར་ཞེས་སྨོས་པ་དང་རྡོ་རྗེ་སྲད་བུའི་ཕྱི་རོལ་ཞེས་གསུངས་སོ། །དེའི་གྲྭ་རྣམས་སུ་ཤར་ལྷོའི་མཚམས་ནས་བརྩམས་ཏེ་མཆོད་པའི་ལྷ་མོ་བཞི་གཞག་པར་བྱའོ། །དེ་ཉིད་ཀྱི་སྒོ་བཞིར་ལྕགས་ཀྱུ་ལ་སོགས་པ་སྒོ་སྲུང་བཞི་གཞག་པར་བྱའོ། །དེ་ཉིད་ཀྱི་སྣམ་བུ་ལྷག་མ་རྣམས་ལ་བྱམས་

Vol. 55 · folio 205b

པ་ལ་སོགས་པ་གཞག་པར་བྱའོ། །ཕྱི་རོལ་དཀྱིལ་འཁོར་གནས་རྣམས་སུ། །ཞེས་བྱ་བ་ནི་དེ་ལས་ཕྱི་རོལ་དུ་གྱུར་པ་གང་ཡིན་པ་དེ་གཟུང་བར་བྱ་སྟེ། ཕྱིའི་དཀྱིལ་འཁོར་གྱི་གནས་ཀྱི་སྣམ་བུའི་ནང་རིམ་ལ་རིག་པའི་རྒྱལ་པོ་རྣམས་འཇུག་པའི་སྒོ་ནས་བརྩམས་ཏེ་སྐོར་ཕྱོགས་སུ་གཞག་པར་བྱའོ། །

དེར་ཡང་དཀྱིལ་འཁོར་ནང་གི་སྒོ་ཁྱུད་དང་རྟ་བབས་ཀྱིས་ཕྱོགས་མ་གཏོགས་པའི་གནས་ཡོད་ན་དེར་དཀྱིལ་འཁོར་རྣམས་གཞག་པར་བྱའོ། །འོན་ཏེ་གནས་མེད་ན་སྣམ་བུ་རྐྱང་པ་ལ་དངར་ཏེ་དགོད་དོ། །སྒོ་བཞིར་ནི་ཚོགས་ཀྱི་བདག་པོ་རྣམས་སྒོ་སྲུང་དུ་གཞག་པར་བྱའོ། །འཇིགས་ལྡན་མ་དང་།

དཔལ་མོ་དང་། དབྱངས་ཅན་མ་དང་། དཀའ་ཐུབ་བཟློག་མ་རྣམས་འཇུག་པའི་སྒོའི་གཡོན་ལོགས་ནས་བརྩམས་ཏེ་གྲྭ་རྣམས་སུ་གཞག་པར་བྱའོ། །སྣམ་བུའི་ཕྱི་རིམ་གྱི་གནས་ལྷག་མ་རྣམས་སུ་ནི་མ་མོ་རྣམས་དགོད་པར་བྱའོ། །རིག་པའི་རྒྱལ་པོ་ལ་སོགས་པ་དེ་དག་དགུག་པ་ནི་འདོད་པའི་

རྒྱལ་པོའི་སྙིང་པོ་བྱས་ལ་སྔར་བཤད་པའི་སྙིང་པོ་དང་ཕྱག་རྒྱས་ནི་དགོད་པར་བྱའོ། །མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་ལ་སོགས་པ་ལྷག་མ་དེ་རྣམས་ཀྱང་སོ་སོར་སྙིང་པོ་དང་ཕྱག་རྒྱས་ཁང་པ་བརྩེགས་མ་རྩེ་མོ་རྡོ་རྗེ་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཕྱི་རོལ་དུ་དགོད་པར་བྱའོ། །འདི་ནི་རེ་

ཞིག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྣམ་པར་དགོད་པ་ཡིན་ཏེ། དེ་ལྟར་རྣམ་པར་བཞག་ནས་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ལྷག་མ་རྣམས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །འདིར་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་

ཆེན་པོ་བྲིས་པར་རོ། །ཆོ་ག་རྒྱས་པ་ཞེས་བྱ་བ་ནི་དགོས་པ་རྒྱས་པའོ། །ཆོ་ག་རྒྱས་པ་དེ་གང་ཡིན་ཞེ་ན། དེའི་ཕྱིར་དེ་ལ་དང་པོ་ཉིད་དུ་རྡོ་རྗེ་སློབ་དཔོན་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཆོ་ག་དང་པོའོ། །འཇུག་པ་དེ་ཡང་རྡོ་རྗེ་ཁྲོ་བོ་ཏི་རཱིན་ཏི་རིའི་ཕྱག་རྒྱས་མེ་ཏོག་

གི་ཕྲེང་བ་བླངས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕུལ་ལ་རང་གི་མགོ་ལ་དེ་ཉིད་ཀྱིས་བཅིངས་པར་བསམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་བོ། །གསོལ་བ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

Vol. 55 · folio 206a

ཁྲོ་བོའི་དབང་དུ་མཆིས་ཏེ་ཞེས་བྱ་བ་སྟེ། ཁྲོ་བོའི་སྙོམས་པར་འཇུག་པ་ལ་གནས་པར་བགྱིད་དོ་ཞེས་བྱ་བའི་དོན་ཏོ། །དེར་ཅི་ཞིག་བགྱི་ཞེ་ན། ཚར་གཅད་པའི་རིགས་པ་རྣམས་ཚར་གཅད་དོ་ཞེས་བྱ་བ་གསུངས་ཏེ། ཚར་གཅད་པར་རིགས་པ་ནི་གང་སེམས་ཅན་གསོད་པ་ལ་

ཞུགས་པ་དང་། བསྟན་པ་ལ་འཁུ་བར་བྱེད་པ་གང་ལགས་པ་དེ་རྣམས་ནི་ཚར་གཅད་དོ་ཞེས་བྱ་བ་སྟེ། སྡིག་པ་རྣམས་ལས་བཟློག་པར་བགྱིའོ་ཞེས་བྱ་བའི་དོན་ཏོ། །སྡིག་པ་ལས་བཟློག་པ་གང་ལགས་པ་དེ་རྣམས་ནི་རྗེས་སུ་གཟུང་བར་རིགས་པ་སྟེ། དེ་རྣམས་རྗེས་སུ་གཟུང་བ་ནི་དཀོན་

མཆོག་གསུམ་ལ་སྐྱབས་སུ་གཏོང་བ་དང་། བྱང་ཆུབ་ཀྱི་སེམས་དང་། བསླབ་པ་དང་། དམ་ཚིག་ལ་རྣམ་པར་གཞག་པར་བྱའོ། །འདི་སྐད་སྟོན་ཏེ། གང་འདི་བདག་ཁྲོ་བོའི་དབང་དུ་མཆིས་ཞེས་བྱ་བ་ནི་སེམས་ཅན་ཚར་གཅོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་དུ་ན་སེམས་ཅན་རྣམས་ལ་ཕན་

འདོགས་པར་ཡང་བགྱིད་དོ་ཞེས་པའོ། །དེ་ཇི་ལྟར་བསྒྲུབ་པར་བགྱི་བ་ནི་རྒྱུ་གང་གིས་ནན་ཏན་དུ་བགྱི་བའོ། །བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་དུ་གསོལ་ཞེས་བྱ་བ་ནི་རྒྱུ་དེའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་དུ་གསོལ་ཞེས་བྱ་བའོ། །བྱས་

ཏེ་ཞེས་བྱ་བ་ནི་བརྗོད་ནས་སོ། །སྔར་བཅིངས་པའི་ཕྱག་རྒྱ་དེ་རང་གི་སྙིང་གར་ཇི་ལྟ་བ་བཞིན་དུ་གཞག་སྟེ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དགྲོལ་བ་སྟེ། ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཞེས་བྱ་བ་ལ་སོགས་པ་དང་རྡོ་རྗེ་དབྱིངས་སུ་གསུངས་པའི་ཚུལ་གྱིས་སོ། །རྡོ་རྗེ་བསྡུ་བ་ལ་སོགས་

པ་ཡང་རྡོ་རྗེ་དབྱིངས་ལས་གསུངས་པ་བཞིན་དུ་བྱས་ལ། དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་ལས་རྣམས་བྱས་ནས་ལས་ཀྱི་ཕྱག་རྒྱ་རྣམས་ཀྱང་བཅིངས་ལ་ཆོས་ཀྱི་ཕྱག་རྒྱ་རྣམས་ཀྱང་བརྗོད་དོ། །ཡང་དམ་ཚིག་ཐམས་ཅད་

ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཡང་ཞེས་བྱ་བའི་སྒྲ་ནི་ལས་ཀྱི་ཕྱག་རྒྱ་ལ་ལྟོས་པ་ཡིན་ནོ། །རྡོ་རྗེ་སློབ་མ་ཆུག་ཅིག་ཅེས་བྱ་བ་ལ། དེ་ཇི་ལྟར་གཞུག་པར་བྱ་བ་མི་ཤེས་པས་དེ་བསྟན་པར་བྱ་བའི་ཕྱིར། ཆོ་ག་འདིས་ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱིས་གོས་

Vol. 55 · folio 206b

སྔོན་པོ་བགོས་ལ་མགོ་ལ་ཡང་གཙུག་ཏོར་སྔོན་པོ་བཅིངས་ཏེ། སློབ་མ་ཡང་གོས་སྔོན་པོས་གདོང་གཡོགས་ཏེ། སྙིང་པོ་འདིས་གཞུག་པར་བྱའོ། །རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་སུ་གསུངས་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་

བརླབས་སོ་ཞེས་བྱ་བ་ནི་ལུས་ལ་ཕན་པའི་བདེ་བ་ལ་རེག་པས་སེམས་རྩེ་གཅིག་པར་བྱེད་ལ། མཉམ་པར་གཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །སྐད་ཅིག་གིས་ཤེས་སོ་ཞེས་བྱ་བ་ནི་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པར་གྱུར་ན་མིག་བཙུམས་

པའི་སྐད་ཅིག་ཙམ་གྱིས་ཤེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གནོད་པ་ནི་གསད་པ་ལ་བྱ་ན་གནོད་པ་ཡོད་པ་མ་ཡིན་པས་ན་གནོད་པ་མེད་པ་སྟེ། མི་གསོད་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་གང་གིས་ཀྱང་སྲོག་འཕྲོག་པར་བྱེད་པར་མི་ནུས་པའོ། །ཚུགས་པ་ནི་བརྙས་པ་ལ་བྱ་ན་ཚུགས་པ་ཡོད་པ་མ་ཡིན་

པས་ན་མི་ཚུགས་པ་སྟེ། ཡོངས་སུ་བརྙས་པར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ཧཱུྃ་ཞེས་བྱ་བས་ཀྱང་ཞེས་བྱ་བ་ནི་མཐུ་ཆེ་བ་ཉིད་དུ་སྟོན་པ་སྟེ། བབས་པའི་ཚེ་ཡོངས་སུ་གཟུང་བ་ཡིན་པས་ན་དེའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །གདོང་གཡོགས་བཀྲོལ་ཏེ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་

དེང་ཁྱོད་ཀྱིས། །ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དབྱིངས་སུ་ཇི་སྐད་གསུངས་པས་སོ། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་སྡིག་པ་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བ་ནི་དག་ཅིང་གཙང་བར་བྱེད་པ་ཡིན་ནོ། །དང་པོ་ཉིད་དུ་

མཐུ་བསྟན་ནས། ད་ནི་དཀྱིལ་འཁོར་མཐོང་བས་འཇིག་རྟེན་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ་བར་ནུས་པར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་འཇིག་རྟེན་གསུམ་པོ་མ་ལུས་པ་ལས་རྣམ་པར་རྒྱལ་བར་མཛད་པ་ལྟར་དེ་ཡང་དེ་བཞིན་དུ་འགྱུར་བའོ། །ཧཱུྃ་ཞེས་བྱ་

བས་ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བའི་སྔགས་ཀྱི་མཐུ་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་བབས་པའི་ཚེ་ཡོངས་སུ་གཟུང་བར་སྟོན་པ་སྟེ། བྱིན་གྱིས་བརླབས་པ་ནི་ཡོངས་སུ་གཟུང་བ་ཡིན་ནོ། །དེ་ལྟར་ཡོངས་སུ་གཟུང་བས་ན་བཅོམ་ལྡན་འདས་ཕྱག་ན་

Vol. 55 · folio 207a

རྡོ་རྗེ་རྟག་ཏུ་ཕྱི་བཞིན་འབྲང་ཞིང་ཞེས་བྱ་བ་ཕོངས་པ་དང་ཕོངས་པ་མ་ཡིན་པའི་དུས་སུ་ཡང་ཉེ་བར་གནས་པར་མཛད་པའོ། །རྟག་ཏུ་ཕྱི་བཞིན་འབྲང་བ་ཉི་ཚེར་ཡང་མ་ཟད་ཀྱི་རང་གི་དངོས་གྲུབ་ཀྱང་སྦྱིན་པར་མཛད་དོ་ཞེས་བྱ་བ་ནི་རང་ཉིད་ཀྱི་དངོས་གྲུབ་ཀྱང་སྩོལ་བར་མཛད་

པའོ། །དེ་ལྟར་དཀྱིལ་འཁོར་མཐོང་བའི་ཕན་ཡོན་བསྟན་ནས། ད་ནི་དེ་ནས་དེ་ལ་རྡོ་རྗེའི་དབང་བསྐུར་བས་དབང་བསྐུར་ཏེ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བ་སྟོན་ཏེ། རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པ་ལས་རྡོ་རྗེ་ཆུས་དབང་བསྐུར་བས་ན་རྡོ་རྗེས་དབང་བསྐུར་བའོ། །རྡོ་རྗེ་ཕྲེང་བས་ཀྱང་

དབང་བསྐུར་བས་ན་རྡོ་རྗེའི་དབང་བསྐུར་བ་སྟེ། རྡོ་རྗེ་སེམས་མ་ལ་སོགས་པའི་གནས་སུ་ཕྱག་རྒྱ་དང་སྙིང་པོ་གང་ཡིན་པ་དེས་རྡོ་རྗེ་ཕྲེང་བའི་དབང་བསྐུར་བར་བྱའོ། །རང་གི་མཚན་མ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་ནི་ལས་ཀྱི་རྡོ་རྗེ་རྩེ་གསུམ་པ་ལ་བྱའོ། །ཧེ་བཛྲ་ནཱ་མ་ཞེས་བྱ་བ་ནི་ཀྱེ་ཆེ་གེ་མོ་རྡོ་རྗེ་ཁྲོ་བོ་ཞེས་བྱ་

བའོ། །དེ་ནས་ཡེ་ཤེས་རྣམས་སྐྱེད་དེ་ཞེས་བྱ་བ་ནི་ལས་ཀྱི་ལུང་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཁྲོ་བོར་མཉམ་གཞག་ནས། །ཞེས་བྱ་བ་ནི་ཁྲོ་བོའི་སྙོམས་པར་འཇུག་པ་ལ་གནས་པའོ། །ཇི་ལྟ་བུ་ཞེ་ན། འབར་བ་མང་པོའི་འོད་ཅན་གྱིས། །ཞེས་བྱ་བའོ། །རྡོ་རྗེའི་དབྱིངས་ནི་ཞེས་བྱ་

བ་ནི་ཡིད་ཀྱིས་བསམས་པའོ། །གང་དུ་ཞེ་ན། སྙིང་གར་བསམ་ཞེས་བྱ་བ་སྟེ། རང་གི་སྙིང་གར་རོ། །སྐྱེ་བོ་ཀུན་ལ་འབེབས་པར་བྱེད། །ཅེས་བྱ་བ་ནི་ལྷ་ཆེན་པོ་ནས་བརྩམས་ནས་དེ་ལ་མི་འབེབས་པ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དེ་ལྟར་བདག་ཉིད་གནས་པར་

བྱས་ནས་ཡིད་ཀྱིས་ཀྱང་རྡོ་རྗེ་དབྱིངས་ལས་གསུངས་པའི་ཚུལ་གྱིས་སྣོད་དུ་ཞུགས་ཏེ་སྣོད་དུ་ཀུན་དུ་ཁྱབ་པར་བྱས་ནས་སྙིང་པོ་བརྗོད་དེ། བདག་གོ་ཞེས་ང་རྒྱལ་བསྐྱེད་ནས་ཧཱུྃ་ཞེས་བརྗོད་ཅིང་ཁྲོ་བོར་དབབ་པར་བྱའོ། །དེ་ནས་སྲོག་བསྲུང་བར་བྱ་བའི་ཕྱིར་སྙིང་གར་ཟླ་བའི་དཀྱིལ་འཁོར་

གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །གལ་ཏེ་དེ་ལ་ཆད་པས་གཅོད་པར་འདོད་ན་ཧཱུྃ་ཞེས་པ་དང་། ཕཊ་ཅེས་བྱ་བ་དང་བཅས་པས་ལྟུང་བར་བྱ་ལ། ཧ་ན་པ་ཏྲཱཾ་ཏྲད་ཅེས་ཇི་སྐད་གསུངས་པས་ཀྱང་དེ་རང་གི་གདོང་ལ་མཆོག་ཏུ་གཞུག་གོ། །དེ་ནས་བཛྲོད་ཏིཥྛ་ཞེས་བྱ་བས་སླར་

Vol. 55 · folio 207b

ལ་སྨྲར་གཞུག་གོ། །དེ་ནས་ཁར་ལྕེ་བཞག་ལ་དེའི་འོག་ཏུ་བཛྲ་མུཿཞེས་བྱ་བས་གཏང་བར་བྱའོ། །དེ་ནས་བབས་པའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར། སྣོད་ལ་མཉེ་བའམ། རླུང་ཡབ་ཀྱིས་གཡབ་པར་བྱའོ། །ད་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་དབང་དུ་བྱེད་པ་སྟོན་ཏེ། རྡོ་རྗེ་ཁྲོ་བོར་

མཉམ་གཞག་ནས། །དཔྲལ་བར་རྡོ་རྗེ་རིན་ཆེན་ཡང་། །དེ་བཞིན་དུ་ནི་བསམ་བྱས་ན། །ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་པདྨ་རཱ་གའི་ནོར་བུ་རང་གི་དཔྲལ་བར་བཞག་ལ་ཡིད་ཀྱིས་དེའི་འོད་ཟེར་གྱི་དྲ་བས་འཇིག་རྟེན་ཞེན་པར་གྱུར་པར་བསམས་ན། དེའི་འོག་ཏུ་རྣལ་འབྱོར་པས་

སེམས་ཅན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རྡོ་རྗེ་པདྨོ་མགུལ་དུ་བསམ། །ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་པདྨ་ནི་རྡོ་རྗེ་པདྨ་སྟེ། དེ་རང་གི་ལྐོག་མའི་ཕྱོགས་སུ་གཞག་པར་བསམས་ན། སེམས་ཅན་ཐམས་ཅད་རླག་པར་བྱེད། །ཅེས་བྱ་བ་རྡོ་རྗེ་པདྨ་དེའི་འབར་བའི་ཕྲེང་བ་

དཀྲིགས་པའི་འོད་ཀྱིས་ཁྱབ་པར་བྱས་པ་དང་། ཇི་ཙམ་དུ་ཁེབས་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་བརྒྱལ་བར་འགྱུར་བས་ན་དེས་རླག་པར་བྱེད་ཅེས་བྱའོ། །དེའི་ཕྱིར་བསྡུ་བ་བྱས་ན་དེ་དག་ཐམས་ཅད་སླར་འཚོ་བར་འགྱུར་རོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་ཁ་བཞི་པའོ། །

སྤྱི་བོར་གཞག་ཅེས་བྱ་བ་ནི་སྤྱི་བོར་བསམ་པའོ། །སྐྱེ་བོ་འདི་དག་ཐམས་ཅད་བསྲུང་། །ཞེས་བྱ་བ་ནི་སྐྱེས་པའམ་བུད་མེད་དམ་ཁྱིམ་མམ་གྲོང་ཁྱེར་རམ་ཡུལ་ལམ་ཕྱོགས་སམ། འགྲོ་བ་འདི་དག་ཐམས་ཅད་ཀྱི་བར་དུ་སྲུང་བ་དེ་ཉིད་ཀྱི་ལུས་ཀྱི་ནང་དུ་ཆུད་པར་བྱས་ལ། ཁྲོ་བོའི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ། སྙིང་པོ་བཟླས་ན་དེ་སྲིད་གནས་ཀྱི་བར་དུ་བསྲུང་བའི་ལུས་དེ་དཔག་ཚད་བརྒྱའི་ཕ་རོལ་ན་གནས་ཀྱང་སུས་ཀྱང་ཉེ་བར་གཙེས་པར་མི་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་བྲིས་ནས་སུ། །ཞེས་བྱ་བ་ནི་བྲི་བ་འམ་བསམ་པའོ། །གང་དུ་ཞེ་ན། ལག་པར་

ཏེ་ལག་པ་གཡས་པའི་མཐིལ་དུ་མཛུབ་མོ་ལྕགས་ཀྱུའི་རྩེ་མོར་བསམས་ལ། ཧཱུྃ་ཞེས་བྱ་བ་བཞིའི་ཕྱག་རྒྱ་བཅིངས་ནས་ཧཱུྃ་ཞེས་བྱ་བའི་སོར་མོ་བསྒུལ་བར་བྱ་ཞིང་། ཁྲོས་ནས་ཞེས་བྱ་བ་སྟེ་ཁྲོ་བོའི་སྙོམས་པར་འཇུག་པ་ལ་གནས་ནས། དགུག་པ་འདི་ནི་ལྷ་རྣམས་དགུག་པའི་མཆོག་ཏུ་འགྱུར་

Vol. 55 · folio 208a

བ་ཡིན་ནོ། །རང་གི་རྐང་མཐིལ་དབུས་སུ་སྟེ། །རྡོ་རྗེ་ལྕགས་ཀྱུ་བྲིས་ནས་སུ། །ཞེས་བྱ་བ་ནི་གོ་སླ་སྟེ། འདི་ནི་སྦྱོར་བ་གཉིས་པ་ཡིན་ཏེ། དེ་ཉིད་ཀྱིས་ནི་རྟགས་མནན་ན། །ཞེས་བྱ་བ་ནི་ལྷ་གང་གི་མཚན་མ་རྐང་མཐིལ་གྱིས་མནན་པ་དེའི་མིང་བརྗོད་དེ་བཟླས་པར་

བྱས་ན། དེ་དེས་ངེས་པ་ཉིད་དུ་ཁུགས་པར་འགྱུར་རོ། །རྡོ་རྗེ་ལྕགས་ཀྱུ་ཉིད་ཕྱག་རྒྱ། །ཞེས་བྱ་བ་ལ་སོགས་པ་འདི་ནི་ཡི་གེ་ཇི་ལྟ་བ་ཁོ་ནར་ཟད་དེ། གང་གི་ཕྱིར་མ་མོ་འདི་རྣམས་ཀྱི་སྦྱོར་བ་ནི་འདི་ཉིད་ཡིན་པས་དགུག་པའི་ཆོ་ག་ཡིན་ཏེ། དེ་དག་ཆགས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །

བུད་མེད་ཐམས་ཅད་ནི་མ་མོ་ཐམས་ཅད་དོ། །མཇུག་དོ་ནི་མཇུག་ཚོས་ཏེ། དེར་བྲིས་ལ་དེས་མནན་པ་ནི་ལྷའི་ཁྱད་པར་གང་ཡིན་པ་དེ་བྲིས་པའམ། གཟུགས་བརྙན་དུ་བྱས་པའམ། མིང་ཡང་རུང་བ་ལ་དེས་མནན་ནས་རྣལ་འབྱོར་བསྒོམ་ཞིང་སྙིང་པོ་བརྗོད་པར་བྱའོ། །དགུག་པའི་

སྦྱོར་བ་དེ་དག་ཐམས་ཅད་ལ་ཡང་ལྕགས་ཀྱུས་དེ་ཕུག་ལ། དེ་དྲངས་ནས་ཕྱོགས་དེར་འོངས་པར་གྱུར་པར་བསམ་པར་བྱའོ། །དེ་ནས་ཕྱག་རྒྱ་རྣམ་བཞིའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ། ཕྱག་རྒྱ་བཞི་ནི་ཕྱག་རྒྱ་ཆེན་པོ་དང་། ངག་གི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་ཡིད་ཀྱི་

ཕྱག་རྒྱའོ། །དེའི་ཡེ་ཤེས་ཡིན་པས་ན་ཕྱག་རྒྱ་བཞིའི་ཡེ་ཤེས་སོ། །དེ་བསླབ་པོ་ཞེས་བྱ་བ་ནི་དེ་བསྟན་ནོ་ཞེས་བྱ་བའི་དོན་ཏོ། །གཡོན་བརྐྱང་བར་ནི་ཞེས་བྱ་བ་ནི་གཡོན་པའི་བྱིན་པ་གཡོན་ལོགས་སུ་བརྐྱང་ལ། གཡས་པ་གཡས་ནས་བསྐུམ་པ་འདི་ནི་གཡོན་བརྐྱང་བ་སྟེ། དེ་ལྟར་གནས་

པས་གནས་ནས་རྡོ་རྗེ་དབབ་པའི་ཚུལ་གྱིས་ཏེ། ཞེས་བྱ་བ་ནི། རྡོ་རྗེ་ཁྲོ་བོར་མཉམ་གཞག་ནས། །འབར་བ་མང་པོའི་འོད་ཅན་གྱིས། །རྡོ་རྗེ་དབྱིངས་ནི་སྙིང་གར་བསམ། །སྐྱེ་བོ་ཀུན་ལ་འདེབས་པར་བྱེད། །ཅེས་དང་པོ་ཁོ་ནར་གསུངས་པ་སྟེ། འདིར་ནི་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པ་འབའ་ཞིག་

ཙམ་བཤད་པ་ཡིན་ནོ། །ད་ནི་ངག་གི་ཕྱག་རྒྱའི་སྦྱོར་བ་སྟོན་ཏེ། རྡོ་རྗེ་ངག་ནི་བཤད་ཟིན་ཏོ། །རྡོ་རྗེ་ངག་དེ་ལེགས་པར་སྨྲས་པ་ནི་ཕྱིན་ཅི་མ་ལོག་པར་བརྗོད་པའོ། །སྙིང་པོ་ཇི་ལྟ་བུ་ཞེ་ན། ཧཱུྃ་ཞེས་བྱ་བ་བཞི་ལྡན་པ། །ཞེས་བྱ་བ་སྟེ། ཡི་གེ་ཧཱུྃ་བཞི་དང་ལྡན་པའོ། །སུ་ཞིག་གི་ཞེ་ན། སངས་རྒྱས་ཀུན་

Vol. 55 · folio 208b

གྱིའོ། །ཅི་ཞིག་ཅེ་ན། སྙིང་པོ་ཡིས་ཏེ་དེ་བརྗོད་དོ། །ཐམས་ཅད་ཀྱང་ནི་ངེས་པར་དགུག །ཅེས་བྱ་བ་སྟེ། འཇིག་རྟེན་གསུམ་ཡང་ངེས་པར་ཁུགས། །ཞེས་བྱ་བའི་དོན་ཏོ། །ད་ནི། རྡོ་རྗེ་ཁྲོ་བོར་མཉམ་གཞག་ནས། །ཞེས་བྱ་བ་ལ་སོགས་པས་ལྟ་བའི་ཕྱག་རྒྱའི་ཡེ་ཤེས་སྟོན་ཏེ། རྡོ་རྗེ་ཁྲོ་བོའི་ལྟ་

མཆོག་གིས། །ཞེས་བྱ་བ་ནི་ཁྲོ་བོའི་ལྟ་བ་མི་ཟད་པ་སྟེ། རྡོ་རྗེ་ཁྲོ་བོའི་ལྟ་མཆོག་དེས། །སྐྱེ་བོ་ཀུན་ནི་གསོད་བྱེད་དེ། །ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་རྨོངས་པར་བྱེད་པའོ། །རྡོ་རྗེ་ཧཱུྃ་གི་རྣལ་འབྱོར་རོ། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་སྔགས་ཀྱི་སྦྱོར་བ་སྟེ། སྙིང་པོ་འདི་ལའང་ཧཱུྃ་ཞེས་བྱ་བ་དང་རབ་ཏུ་

སྦྱོར་བའི་ཕྱིར་རོ། །ད་ནི་ཡིད་ཀྱིས་ལུས་ལ་གོ་བགོ་བ་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱི་ཕྱག་རྒྱ་སྟོན་ཏེ། ཡིད་ཀྱིས་ཞེས་བྱ་བ་ནི་སེམས་ཀྱིས་སོ། །གོ་བགོ་བ་ནི་གོ་ཆ་བགོ་བའོ། །གང་ལ་ཞེ་ན་ལུས་ལའོ། །གང་གི་ཞེ་ན་བདག་གམ་ཕ་རོལ་རྣམས་ལ་སྟེ་ཞེས་བྱ་བ་སྟེ། བདག་ལ་ནི་ཕྱག་རྒྱ་ཆེན་པོ་འབའ་

ཞིག་བསྒོམས་ནས་གོ་བགོ་བར་བྱའོ། །འདི་ནི་གོ་ཆ་ཆེན་པོའི་སྦྱོར་བ་ཡིན་ཏེ། འདིས་སྐྱེ་བོ་འདི་དག་ཐམས་ཅད་སྲུང་བར་འགྱུར་རོ། །རྡོ་རྗེ་ཁྲོ་བོར་མཉམ་གཞག་ནས། །འབར་བ་མང་པོ་འོད་ཅན་གྱིས། །རྡོ་རྗེ་དབྱིབས་ནི་སྙིང་གར་བསམ། །ཞེས་བྱ་བས་སྐྱེ་བོ་ཀུན་ལ་འབེབས་པར་བྱེད་ཅེས་སྔར་

གསུངས་པའི་དབབ་པའི་སྦྱོར་བ་ཉིད། གཡོན་བརྐྱང་བར་ནི་གནས་ནས་སུ། །ཞེས་བྱ་བ་འདིས་སྦྱོར་བ་གཟོད་རྫོགས་པར་གསུངས་པ་ཡིན་ནོ། །དེ་ནས་སེམས་ཅན་ཐམས་ཅད་རྒྱས་བཏབ་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་འདིས་ཀྱང་དབབ་པའི་སྦྱོར་བ་ལྷག་མ་ཉིད་སྟོན་པ་ཡིན་ཏེ། སེམས་

ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་ཅད་དེ་གདུལ་བྱ་རྣམས་སོ། །དེ་རྣམས་རྒྱས་འདེབས་པས་ན་སེམས་ཅན་ཐམས་ཅད་རྒྱས་གདབ་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་མེ་ལོང་གི་ངོས་ལ་བཞིན་གྱི་གཟུགས་བརྙན་ལྟ་

བུའམ། ཆུ་ལ་ཟླ་བའི་གཟུགས་བརྙན་ལྟ་བུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གཟུགས་བརྙན་གྱི་མཚན་ཉིད་དུ་གྱུར་པ་དེ་ལ་ནི་སེམས་ཅན་ཐམས་ཅད་རྒྱས་གདབ་པའི་ཕྱག་རྒྱ་ཞེས་བྱའོ། །དེའི་ཡེ་ཤེས་ཡིན་པས་ན་སེམས་ཅན་ཐམས་ཅད་རྒྱས་གདབ་པའི་

Vol. 55 · folio 209a

ཕྱག་རྒྱའི་ཡེ་ཤེས་སོ། །བསླབ་བོ་ཞེས་བྱ་བ་ནི་བསྟན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་རྒྱས་གདབ་པར་བྱ་ཞེ་ན། དེའི་ཕྱིར། རྡོ་རྗེ་ཁྲོ་བོ་མཉམ་གཞག་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁྲོ་བོ་ནི་དཀྱིལ་འཁོར་ལས་གསུངས་པ་གང་ཡིན་པའོ། །དེ་དག་

ཏུ་མཉམ་པར་གཞག་པ་ནི་དེའི་གཟུགས་སུ་བསྒོམ་པ་སྟེ། རྡོ་རྗེ་ཁྲོ་བོར་མཉམ་པར་གཞག་པ་དེས་སེམས་ཅན་གང་དང་གང་གི་ལུས་ལ་ཡོངས་སུ་འཁྱུད་པ་ནི་བཞིན་གྱི་གཟུགས་བརྙན་ལྟ་བུར་ནང་དུ་ཞུགས་ཏེ་ཁྱབ་པར་བྱེད་པའོ། །བཛྲ་ཧཱུྃ་ཞེས་བཟླས་པ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་སྙིང་པོ་བརྗོད་

པས་སོ། །ཕྱག་རྒྱས་བཏབ་པར་དེ་འགྱུར་རོ། །ཞེས་བྱ་བ་ནི་དགོངས་པར་འགྱུར་བའི་ལྷ་རྣམས་ཀྱིས་རེག་པར་འགྱུར་ཞིང་ཡོངས་སུ་གཟུང་བར་འགྱུར་བའོ། །འདི་སྐད་སྟོན་ཏེ། ལྷའི་སྐུའི་ཕྱག་རྒྱ་མངོན་སུམ་དུ་བྱས་པ་དེར་རྗེས་སུ་འཇུག་པ་སྟེ་རྒྱས་བཏབ་པ་ཡིན་ཏེ། དབབ་པར་བྱ་བའི་སྣོད་ནི་འཇིམ་པ་(སྦྲུ་‚སྦྲུས་)

ཞག་པ་ལྟ་བུར་བལྟ་ལ་རྣལ་འབྱོར་པའི་སེམས་ནི་རྒྱ་ལྟ་བུའོ། །རྣལ་འབྱོར་པའི་སེམས་ཡོངས་སུ་བསྒོམས་པ་ལས་ལྷར་སྣང་བ་ནི་དེ་ལ་བྲིས་པའི་ཚུལ་ལྟ་བུར་བལྟ་སྟེ། དཔེར་ན་ལེགས་པར་སྦྲུས་པའི་འཇིམ་པ་ལ། རྒྱ་དེ་བཏབ་ན་དེ་ལ་རྒྱ་འབུར་དུ་བརྐོས་པ་ཇི་ལྟ་བ་བཞིན་དུ་དེ་ལ་གནས་པར་འགྱུར་རོ། །དེ་

བཞིན་དུ་རྣལ་འབྱོར་པའི་སེམས་དེ་དབབ་པའི་ལུས་ཤིན་ཏུ་སྦྲུ་ཞག་པའི་འཇིམ་པ་ལྟ་བུ་དེ་ལ། འབེབས་པའི་ཚེ་བུ་ག་ནས་ཞུགས་ལ་ལྷའི་གཟུགས་ཇི་ལྟར་བསྒོམ་པ་དེའི་ཡན་ལག་དེ་དག་ཐམས་ཅད་དུ་ཞུགས་ཏེ། ལྷའི་གཟུགས་བརྙན་དེས་དེའི་ལུས་ཐམས་ཅད་གནས་ཁང་མར་མེའི་འོད་ཀྱིས་གང་བར་གྱུར་པ་དང་

འདྲ་བར་ནམ་གནས་པ་དེའི་ཚེ་དེས་རྒྱས་བཏབ་པར་འགྱུར་རོ། །དེ་ལྟ་བས་ན་ཕྱག་རྒྱས་བཏབ་པར་དེ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་དབབ་པའི་སྦྱོར་བ་བསྟན་ནས། ད་ནི་གསུང་གི་ཕྱག་རྒྱའི་སྦྱོར་བ་སྟོན་ཏེ། དབབ་པའི་ལུས་དེར་རང་གི་ལུས་ཞུགས་ཤིང་ལྷར་སྣང་བ་དེ་དེ་དག་ཏུ་

དགུག་པའི་ཕྱིར། སྒྲ་ཆེན་དུ་ནི་བརྗོད་བྱ་བ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ལེགས་པར་བརྗོད་པས་ན་བརྗོད་པར་བྱ་བ་སྟེ། ཟུར་ཕྱིན་པར་བརྗོད་པར་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། སྒྲ་ཆེན་དུ་ཞེས་བྱ་བ་སྟེ། ཉན་པ་རྣམས་ཀྱིས་ཐོས་ཤིང་སྙིང་ལ་སྐྲག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་

Vol. 55 · folio 209b

ཉིད་ཀྱིས་ན་ཧཱུྃ་ཕཊ་ཅེས་བྱ་བ་གསུངས་ཏེ། ཕ་རོལ་དབང་དུ་བྱས་པའི་རྗེས་ཐོགས་ཁོ་ན་ལྟུང་བར་བྱ་བའི་ཕྱིར་རོ། །མང་དུ་སྨྲས་པ་ལྟ་ཞོག་གི། །ཁྲོས་ནས་སུ། ལན་ཅིག་གང་ལ་སྨྲས་པ་ནི། །ཞེས་བྱ་བ་སྟེ། གང་ལ་ཞེས་བྱ་བ་ནི་ལྷའི་ཁྱད་པར་གང་ཞིག་དགུག་པར་བྱ་བའི་ཕྱིར་རྡོ་རྗེ་འབར་བས་དེ་ཞེས་

བྱ་བའི་ལྷའི་ཁྱད་པར་དེ་ལ་འདོད་པའི་རྒྱལ་པོ་བསྣུན་པར་འགྱུར་བ་སྟེ། མངོན་སུམ་དུ་ཁུགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལྷའི་ཁྱད་པར་དགུག་ཅིང་བཅུག་ནས། ད་ནི་སྣོད་དེ་ཟིལ་གྱིས་མནན་ཅིང་འགྱེལ་དུ་གཞུག་པའི་ཕྱིར་ལྟ་བའི་ཕྱག་རྒྱ་སྟོན་པ་ནི། །རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན། །ཞེས་བྱ་

བ་ལ་སོགས་པའོ། །རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་རྡོ་རྗེ་སྡེའི་ཏིང་ངེ་འཛིན་ཏམ། ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་གྱིས་སོ། །རྡོ་རྗེ་ལྟ་བའི་མཚན་ཉིད་ནི། །རྡོ་རྗེ་ལྟ་བ་ཆགས་པ་ནི། །དགའ་བས་མིག་ནི་རབ་ཏུ་བགྲད། །ཅེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །དེས་བལྟས་

པས་ནི་མིག་ཚུགས་སུ་རྟོག་པའོ། །སེམས་ཅན་གང་དང་གང་ཡིན་པ། །ཞེས་བྱ་བ་ནི་རྡོ་རྗེ་ལྟ་བའི་བལྟ་བས་སེམས་ཅན་གང་དང་གང་ལ་བལྟས་ན་དེ་དང་དེ་འཆི་བར་འགྱུར་བ་སྟེ། དེ་དང་དེ་དྲན་པ་མེད་པར་གྱུར་པའི་དོན་ཏོ། །དེ་ལྟར་དྲན་པ་མེད་པར་བྱས་ནས། ད་ནི་བསྲུང་བའི་ཕྱིར་ཡིད་ཀྱི་ཕྱག་རྒྱ་སྟོན་པ་

ནི། གསོད་སྙམ་ཡིད་ལ་ཞེས་བྱ་བ་ལ་སོགས་པའོ། །ཡིད་ལ་ཞེས་བྱ་བ་ནི་ཡིད་ལ་ཕྱག་རྒྱ་སྟོན་ཏེ། གང་གི་ཕྱིར་སྔར་བཤད་པའི་སྦྱོར་བ་རྣམས་ལ་ཡང་ཡིད་ཀྱི་བྱ་བ་ཡོད་ན་ཡང་ཡིད་ཅེས་མ་གསུངས་ཀྱི། འདིར་ཡིད་ཅེས་སྨོས་པས་ནི་ཡིད་ཀྱི་ཕྱག་རྒྱ་ཉིད་གཟུང་བར་བྱ་སྟེ། དེ་ལྟར་ན་ཡིད་ཀྱིས་

བསད་དོ་ཞེས་བྱ་བ་དང་། སྙིང་གར་རྡོ་རྗེ་བསྒོམ་པར་བྱ། །ཞེས་བྱ་བའི་ལྷའི་ཁྱད་པར་གང་ཕབ་པ་ཙམ་གྱིས་ཞུས་པར་འགྱུར་བ་སྦྱོར་བ་དང་པོས་ནི་ལུས་ལ་སྣང་བ་ཙམ་དུ་བྱས་པ་ཡིན་ལ། གཉིས་པས་ནི་ལྷའི་ཁྱད་པར་བབས་པ་དེ་བསྐྱེལ་བར་བྱས་པ་ཡིན། གསུམ་པས་ནི་སེམས་མེད་པར་

བྱས་པ་ཡིན། སྦྱོར་བ་བཞི་པས་ནི་བསྲུང་བར་བྱས་པ་སྟེ། ཡིད་ལ་ཞེས་བྱ་བ་ནི་སེམས་ཀྱིས་སོ། །གསོད་སྙམ་ཞེས་བྱ་བ་ནི་སེམས་ཅན་གང་ལ་ལ་འདིར་གླགས་སྐབས་ཚོལ་ཞིང་གནད་འཇོམས་པར་ཞུགས་པར་གྱུར་པ་ན་དེ་གསོད་པར་འགྱུར་རོ་སྙམ་པས་བབས་པ་དེའི་སྙིང་གར་རྡོ་རྗེ་

Vol. 55 · folio 210a

སྒོམ་པར་བྱེད་ཅེས་བྱ་བ་ནི་དེའི་སྙིང་ལ་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེ་ལ་སྣ་ཚོགས་རྡོ་རྗེ་དགོད་པར་བྱའོ། །དེ་ལྟར་ཡིད་ཀྱི་ཕྱག་རྒྱའི་སྦྱོར་བ་སྣ་ཚོགས་རྡོ་རྗེ་གཞག་པ་གསུངས་པ་ཡིན་ནོ། །སྔགས་གང་གིས་ཤེ་ན་དེའི་ཕྱིར་ཧཱུྃ་ཞེས་བྱ་བ་གསུངས་སོ། །ཀུན་ཞེས་བྱ་བ་ནི་

ཐམས་ཅད་ཀྱི་མདུན་དུའོ། །རྒྱས་གདབ་ཅེས་བྱ་བ་ནི་ལས་ཀྱི་རྡོ་རྗེ་དམིགས་པར་བྱའོ། །རང་ཞེས་བྱ་བ་ནི་སྔགས་པ་ཉིད་གཙོ་བོའི་ཆོས་ཅན་ཡིན་པར་ཟད་དེ། འདི་ལ་གང་གིས་ཀྱང་བགེགས་བྱ་བར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ད་ནི་སེམས་ཅན་གང་ལ་ཞེས་བྱ་བ་ལ་སོགས་པས་བསྒྲེ་བར་བྱེད་དེ། སེམས་

ཅན་ཞེས་བྱ་བ་ནི་ཕན་གདགས་པར་བྱ་བའི་འོ། །ཡིད་ཀྱི་ཞེས་བྱ་བ་ནི་ཡིད་ཀྱི་ཏིང་ངེ་འཛིན་གྱིས་རྒྱས་འདེབས་པའོ། །གང་ལ་ཞེ་ན། ལུས་ལ་སྟེ། སེམས་དཔའ་དབབ་པའི་སྦྱོར་བས་སོ། །འདི་ཞེས་བྱ་བའི་སྔགས་པའོ། །ཕྱག་རྒྱ་འདིས་ནི་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ཕྱག་རྒྱ་བཞི་པོས་སོ། །ཤིན་ཏུ་

ཡང་ཞེས་བྱ་བ་ནི་ཤིན་དུ་གསལ་བ་དང་ཤིན་ཏུ་མྱུར་བར་རོ། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་དབབ་པ་དང་དགུག་པ་དང་དབང་དུ་བྱ་བ་དང་བསྲུང་བ་ལ་སོགས་པའོ། །འདི་སྐད་སྟོན་ཏེ། ཕྱག་རྒྱ་རེ་རེས་ཀྱང་ལས་རྣམ་པ་བཞི་ཆར་བྱེད་ཅིང་། དེ་ལས་ལྷག་པ་མ་བཤད་པ་

གང་ཅུང་ཟད་ཡིན་པ་དག་ཀྱང་། རང་གི་སྦྱོར་བ་ལེགས་པར་གོམས་པར་བྱས་ན་ཕྱག་རྒྱ་རེ་རེས་ཀྱང་ལས་ཐམས་ཅད་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཕྱག་རྒྱ་གཅིག་གིས་གང་གི་ཚེ་ལས་བཞི་ཆར་བྱེད་པ་དེ་ནི་སྙིང་པོ་ཡང་གཅིག་པུ་ཁོ་ན་ཞིག་སྦྱར་བར་བྱའམ་ཇི་ལྟ་བུར་བྱ་བ་མི་ཤེས་སོ་ཞེ་ན། དེ་ནི་

མ་ཡིན་ཏེ། ཕྱག་རྒྱ་རེ་རེས་ཀྱང་ཕྱག་རྒྱའི་ལས་བཞི་རྣམས་ལ་ཕྱག་རྒྱའི་སྙིང་པོ་བཞིས་སྦྱར་རོ་ཞེས་གསུངས་ཏེ། ཕྱག་རྒྱ་རྣམ་པ་བཞི་དང་སྙིང་པོ་རྣམ་པ་བཞིས་དབབ་པ་ལ་སོགས་པའི་ལས་བྱ་བར་ནི་བཤད་ན། སེམས་ཅན་གང་ལ་གང་དག་གིས་ཡིད་ཀྱིས་ཕྱག་རྒྱ་ནི་འདེབས་པ་འདི་ཞེས་གསུངས་

པ་འདི་ལ། ཇི་ལྟ་བུའི་ཡིད་ཀྱིས་དེར་ཅི་ཞིག་བྱ་བ་མི་ཤེས་པས་ན། དེ་ནས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏོ། །དེ་ཐོག་མར་ཡིད་ཀྱི་ལས་བསྟན་པ་ནི། ཡན་ལག་ཀུན་གྱིས་འཁྱུད་ནས་ནི། །ཞེས་བྱ་བ་སྟེ། ཡིད་ཀྱིས་དེར་རྗེས་སུ་ཞུགས་པ་ལ་ཡན་

Vol. 55 · folio 210b

ལག་དང་ཉིང་ལག་ཐམས་ཅད་དུ་ཁྱབ་པར་བྱ་བའོ། །ཧཱུྃ་ཞེས་གང་ལ་སྦྱར་བྱ་བ། །ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བའི་སྔགས་གང་གིས་བརྗོད་པའོ། །ཇི་ལྟར་ཞེ་ན། དབང་པོ་གཉིས་ནི་སྤྲད་བྱས་ན། །ཞེས་བྱ་བ་སྟེ། གཉིས་ཀྱི་དབང་པོ་ཡིན་པས་ན་དབང་པོ་གཉིས་ཏེ། ལྷའི་དབང་པོ་དང་སེམས་

ཅན་གྱི་དབང་པོའོ། །དེ་གཉིས་མཉམ་པར་སྤྲད་པ་ནི་མཉམ་པར་འཇུག་པ་སྟེ། གཅིག་ཏུ་གྱུར་པའོ། །དེ་ཡང་ལྷ་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་ལྷ་ཡིན་ནོ་ཞེས་གཅིག་ཏུ་འདྲེས་པའི་ངོ་བོ་ཉིད་དོ། དེ་ལྟར་དབང་པོ་གཉིས་མཉམ་པར་སྤྲད་པས། དེ་ཡི་སྲོག་ནི་མ་རུང་

འགྱུར། །ཞེས་བྱ་བ་སྟེ། འདུ་ཤེས་མེད་པར་འགྱུར་ཞིང་བབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དགུག་པའི་སྦྱོར་བ་སྟོན་ཏེ། ཧཱུྃ་ཞེས་བྱ་བར་ལྡན་པ་ཡིས། །ཞེས་བྱ་བ་ནི་ཧཱུྃ་ཞེས་བྱ་བའི་སྙིང་པོ་དང་ལྡན་པས་སོ། །མཆུ་སྤྲད་སོས་ནི་མཆུ་བཟུང་ནས། །ཞེས་བྱ་བ་ནི་སེམས་ཅན་གང་དགུག་

པར་བྱ་བ་དེར་ཡིད་ཀྱིས་ཞུགས་ལ་དེའི་ཡན་ལག་ཐམས་ཅད་ཁྱབ་པར་བྱས་ཏེ། བདག་གི་ཡན་ལག་དང་སྤྲད་པར་བྱའོ། །ཅི་ཞིག་སྤྲད་ཅེ་ན། མཆུའོ། །གང་གིས་ཤེ་ན། སོས་མཆུ་དེ་གཟུང་བར་བྱའོ། །དབང་པོ་གཉིས་ནི་རབ་སྤྲད་པ། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚུལ་གྱིས་སོ། །གང་ཡིན་

དེ་ནི་མངོན་སུམ་འགྱུར། །ཞེས་བྱ་བ་ནི་གང་གི་ཚེ་སོས་མཆུ་གཟུང་བ་དེའི་སེམས་ཅན་དེ་མངོན་སུམ་དུ་འོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་ཏེ། བསྒྲུབ་པར་བྱ་བ་གང་ཡིན་པ་དེའི་ལུས་ཀྱི་ནང་དུ་ཞུགས་ལ་གང་གི་ཚེ་ཕྱི་རོལ་ན་གནས་པའི་མཆུ་སོས་གཟུང་སྟེ་ནང་དུ་དྲངས་པ་དེའི་ཚེ་

སེམས་ཅན་དེ་འགུགས་པ་ཉིད་ཀྱི་མདུན་དུ་འབབ་ཅིང་མངོན་སུམ་དུ་འོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་དབང་དུ་བྱ་བའི་སྦྱོར་བ་སྟོན་ཏེ། སྔ་མ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ། ཧཱུྃ་ཞེས་སྦྱོར་བ་གང་ཡིན་པ། །ཞེས་བྱ་བ་སྟེ། ཧཱུྃ་ཞེས་བྱ་བའི་སྔགས་ཀྱི་སྦྱོར་བ་བྱེད་

པའོ། །ཅི་ཞིག་བྱེད་ཅེ་ན། དེ་ནི་བདེ་བ་མྱོང་བར་འགྱུར། །ཞེས་བྱ་བ་སྟེ། དེ་ནི་ཞེས་བྱ་བ་ནི་ཧོ་ཞེས་བྱ་བ་དང་སྦྱོར་ཅིག་ཅེས་བྱ་བའི་དོན་ཏོ། །དབང་པོ་གཉིས་ནི་སྤྲད་གྱུར་ནས། །ཞེས་བྱ་བ་ནི་ལྷའི་ངོ་བོ་ཉིད་ཀྱི་སྔགས་པའི་དབང་པོ་གང་ཡིན་པ་དང་། བསྒྲུབ་པར་བྱ་བའི་དབང་པོ་གང་ཡིན་

Vol. 55 · folio 211a

པ་སྟེ། དེ་གཉིས་མཉམ་པར་སྤྲད་པ་ནི་གཅིག་ཏུ་འདྲེས་པར་གྱུར་པའོ། །གང་ཡིན་ཞེས་བྱ་བ་ནི་གང་ལ་ཞུགས་པའོ། །དེ་ལྟར་བྱས་ན་སེམས་ཅན་དེ་ནི་དེ་ལ་རྗེས་སུ་ཆགས་པས་དེ་དང་སྐད་ཅིག་བྲལ་ན་ཡང་སྡུག་བསྔལ་ཐོབ་པར་འགྱུར་རོ། །ད་ནི་བསྲུང་བའི་སྦྱོར་བ་སྟོན་ཏེ། བསྲུང་

བར་བྱ་བ་དེ་རྣལ་འབྱོར་པ་རང་གི་ལུས་ཀྱི་ནང་དུ་བཅུག་ལ་ཧཱུྃ་ཞེས་བྱ་བའི་སྙིང་པོ་གང་ཡིན་པ་དེ་སྦྱར་བར་བྱའོ། །དབང་པོ་གཉིས་ནི་སྤྲད་ནས་ཀྱང་། །ཞེས་བྱ་བ་ནི་རྣལ་འབྱོར་པ་དང་བསྲུང་བར་བྱ་བའི་དབང་པོ་གང་ཡིན་པ་དེ་མཉམ་པར་སྤྲད་ཅིང་མཚུངས་པར་བྱེད་པ་སྟེ། ཐ་མི་དད་པར་བྱས་པ་ནི་དབང་པོ་

གཉིས་སྤྲད་པའོ། །ཡན་ལག་ཀུན་གྱིས་བཙིར་འགྱུར་ན། །ཞེས་བྱ་བ་ནི་ནང་དུ་ཆུད་པར་བྱ་བའོ། །དེའི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་འོ། ལུས་ནི་བསྲུང་བར་འགྱུར་ཞེས་བྱ་བ་ནི་ལུས་ཐམས་ཅད་བསྲུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཇི་སྐད་གསུངས་བའི་ཚུལ་གྱིས་ཡེ་ཤེས་བསྐྱེད་

ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་སྟོན་ཏེ། འདི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་མཛད་པས་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའང་དེ་ཡིན་ལ་དཀྱིལ་འཁོར་ཆེན་པོ་ཡང་དེ་ཡིན་པས་ན་འཇིག་རྟེན་གསུམ་ལས་

རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་སྟེ། དེའི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །དེའི་དེ་ཁོ་ན་ཉིད་ནི་ཕྱག་རྒྱ་དེ་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དོ། །དེ་ཉིད་ཕྱག་རྒྱ་ཡིན་པས་ན་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའོ། །དེའི་ཡེ་ཤེས་ནི་ཡུལ་དེའི་ཡེ་ཤེས་སོ། །བསླབ་བོ་ཞེས་

བྱ་བ་ནི་བསྟན་ཏོ་ཞེས་བྱའོ། །དེ་ལ་དང་པོ་ཁོ་ནར་ནི་ཕྱག་རྒྱ་ཆེན་པོ་འཆད་ལ། དེ་རྣམས་ཀྱི་ནང་ནས་དང་པོར་སངས་རྒྱས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་བས་ན་དེའི་ཚུལ་བཤད་པར་བྱ་བའི་ཕྱིར། གང་གིས་སེམས་ཅན་ཕན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་རྣལ་

འབྱོར་བས་སོ། །སེམས་ཅན་ཕན་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གདོན་པའི་ཕྱིར་རོ། །རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལས་བསྟན་པའི་ཚུལ་གྱིས་ཏེ། རྡོ་རྗེ་དབྱིངས་ལས་སྨོས་པའི་ཚུལ་དེ་ཡང་གང་ཡིན་ཞེ་ན། སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་

Vol. 55 · folio 211b

གྱིས་སོ། །རྡོ་རྗེ་དབྱིངས་ཀྱི་ཚུལ་དེ། སངས་རྒྱས་རྗེས་སུ་དྲན་བྱས་ན། །ཞེས་བྱ་བ་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། དེ་ནི་སངས་རྒྱས་འཐོབ་པར་འགྱུར། །ཞེས་བྱ་བའོ། །དབང་ཕྱུག་དང་ནི་ཨུ་མ་

ཡང་། །ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་སྟོན་ཏེ། དབང་ཕྱུག་དང་ནི་ཨུ་མ་ཡང་། །ས་ལ་བྲིས་ཏེ་དེ་ལྟར་མནན། །ཞེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་ཀྱི་མནན་པ་སྟེ་དེ་ལྟར་མནན་པའོ། །སུ་ཞིག་གིས་ཤེ་ན། སྔགས་པས་སོ། །ཇི་ལྟ་བུའི་ཚུལ་དུ་གནས་

ནས་དེ་ལྟར་མནན་ཞེ་ན། ཇི་ལྟར་བྲིས་པའི་གོ་རིམས་བཞིན། །ཞེས་བྱ་བ་གསུངས་ཏེ། དེ་བསྟན་པ་ནི། ཨུཏྤལ་ཆེ་སྔོ་འཚེར་བའི་མདོག །ཅེས་བྱ་བ་ལ་སོགས་པའོ། །སེམས་དཔའི་ཕྱག་རྒྱ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་སྟེ། དེ་རྣལ་འབྱོར་པས་སྒྲུབས་ཤིག་པའོ། །འདི་ནི་བཅིངས་པ་ཙམ་གྱིས་

ཀྱང་། ཞེས་བྱ་བ་ནི་འདི་ལྟར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་བའོ། །འདི་སྐད་སྟོན་ཏེ། ཧཱུྃ་ཞེས་བྱ་བ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ་ལྷ་ཐམས་ཅད་ལྟུང་བར་བྱས་པ་དང་། བསླང་བ་དང་གཞིག་པ་དང་སླར་ཡང་སྲོག་སྦྱིན་པར་བྱེད་དོ་ཞེས་པ་སྟེ། དེ་ལྟར་ན་རྡོ་རྗེ་ཧཱུྃ་

མཛད་དང་མཚུངས་པར་འགྱུར་རོ། །དེ་ལྟར་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་དང་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྟན་ནས། ཇི་ལྟར་རི་མོ་བྲིས་པ་བཞིན། །ཞེས་བྱ་བ་ལ་སོགས་པས་ལྷག་མ་རྣམས་ཀྱི་བསྒྲེ་བ་སྟོན་ཏེ། ཇི་ལྟར་རི་མོ་བྲིས་པ་བཞིན། །ཞེས་བྱ་བ་ནི། སྨིན་མ་བཙུམ་ཞིང་ཁྲོ་གཉེར་བསྡུས། །ཞེས་

བྱ་བ་ལ་སོགས་པའི་ཚུལ་དུ་གཟུང་ངོ་། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །སེམས་དཔའི་ཕྱག་རྒྱ་བཅིང་བར་བྱ། །ཞེས་བྱ་བ་ནི་ལུས་ཀྱིས་ནི་དེ་རྣམས་ཀྱི་སྐུར་སྣང་བར་བསྒོམས་ལ། ངག་གིས་ནི་དེའི་སྔགས་བརྗོད་པར་བྱའོ། །སེམས་ཀྱིས་ནི་དེའི་ང་རྒྱལ་བསྐྱེད་པ་སྟེ། དེ་ལྟར་ན་གསུམ་ཆར་ཡང་

རྡོ་རྗེ་ལྟ་བུས་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསྟན་ནས། ད་ནི་དེ་དག་གི་འབྲས་བུ་བསྟན་པའི་ཕྱིར། དེ་ནས་འདི་རྣམས་ལས་བཤད་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །འདི་རྣམས་ཞེས་བྱ་བ་ནི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words