དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ
Sanskrit title (Tibetan script, as in the text) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 60 · folio 57a
དང་མཐེ་བོས་ལེགས་སོ་ལེགས་སོ་ཞེས་བྱ་བ་སྦྱིན་པའི་ཚུལ་དུ་ཡང་དང་ཡང་དུ་བྱས་ལ། རང་གི་ལུས་ལས་བྱུང་བ་དང་། རྡོ་རྗེ་ལེགས་པའི་སྐུ་ལ་ལེགས་སོ་ཞེས་བྱ་བའི་སྒྲ་བརྗོད་པ་ལ་བརྩོན་པས་མི་ལ་སོགས་པའི་གདུག་པ་བཅོམ་པར་གྱུར་པར་
བསམ་པར་བྱའོ། །དེ་ལྟ་བུས་ནི་གདུག་པ་ཐམས་ཅད་འཇིག་པར་འགྱུར་རོ། །བགེགས་ཐམས་ཅད་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བདུད་རྩི་ཐབ་སྦྱོར་གྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བདག་ཉིད་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་
བསམས་ལ། དེའི་ཕྱག་རྒྱ་བཅིངས་ཏེ་བདུད་རྩི་ཐབ་སྦྱོར་སྐུ་མདོག་ནག་པོ་ཞལ་གྱི་མཆེ་བ་གཙིགས་པ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་དང་དགྲ་སྟ་བསྣམས་པ། ཕྱག་གཡོན་གཅིག་གིས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ། གཉིས་པས་གཏུན་ཤིང་བསྣམས་པ།
གསུམ་པས་ཞགས་པ་བསྣམས་པ། གཡོན་བརྐྱང་བས་བཞུགས་པ། དྲག་པོ་ཆེན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །དེ་ནས་རང་གི་ལུས་ལས་བདུད་རྩི་ཐབ་སྦྱོར་གྱི་གཟུགས་དཔག་ཏུ་མེད་པ་སྤྲོས་ལ་དེས་བགེགས་ཐམས་ཅད་གཞོམ་པར་བྱའོ། །དེ་
ལ་འདིའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་དང་མཐེ་བོ་གཉིས་ཅུང་ཟད་ཕྱེ་སྟེ་ཅུང་ཟད་བཀུག་ལ། མཛུབ་མོ་གཉིས་མཆེ་བ་ལྟར་ཁར་གཞག་པར་བྱའོ། །འདི་ནི་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ། །དགྲ་བོ་ཐམས་ཅད་རྣམ་པར་
གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཐོར་བས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། བདག་ཉིད་རྡོ་རྗེ་སེམས་དཔའ་ནག་པོ་ཆེན་པོར་རྣམ་པར་བསམས་ལ་ལྷ་དང་མི་ལ་སོགས་པའི་དགྲ་བོ་ཐམས་ཅད་རྣམ་པར་གཞོམ་པའི་དོན་དུ་བཞུགས་
པར་དམིགས་ལ་རྡོ་རྗེ་རྣམ་པར་འཐོར་བའི་ཕྱག་རྒྱ་བཅིངས་ལ། རང་གི་ལུས་ལ་རྡོ་རྗེ་གནོད་སྦྱིན་དང་སྲིན་པོ་དང་རོ་ལངས་རྣམས་ཕྱུང་སྟེ། དེས་དེ་རྣམས་རྣམ་པར་གཞིག་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ་དགྲ་བོ་རྣམ་པར་གཞིག་པའི་བསམ་པས་རྡོ་རྗེ་བསྡམས་པ་བཅིངས་ལ་
Vol. 60 · folio 57b
བསྐོར་ཏེ་དྲལ་བར་བྱའོ། །བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི་རབ་ཏུ་འདུལ་བས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། བདག་ཉིད་དེ་བཞིན་གཤེགས་པ་མི་བསྐྱོད་པར་བསམས་ལ། རང་གི་སྙིང་གར་སེམས་མ་རྡོ་རྗེ་མ་དེ་ལས་
རྡོ་རྗེ་བསྡམས་པ་བཅིངས་ལ་རྡོ་རྗེ་བསྡམས་པ་བརྐྱང་བའི་ལག་མཐིལ་ས་ལ་རེག་པར་བྱས་ལ། རང་གི་ལུས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཁྲོ་བོ་རྣམས་སྤྲོས་ལ་དེས་བདུད་ཀྱི་སྡེ་ཐམས་ཅད་གཞོམ་པར་བྱའོ། །སྤྲིན་བསྐྱེད་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་ཆེན་པོས་སོ་ཞེས་བྱ་བ་ནི་དེ་བཞིན་
དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བསམས་ལ། དང་པོའི་རྡོ་རྗེ་བཅིངས་ལ་རང་གི་ལུས་ལས་རྡོ་རྗེ་ཀླུ་སྤྲོས་ཏེ་དང་པོའི་རྡོ་རྗེ་སྤྲིན་བསྐྱེད་པའི་ཚུལ་དུ་བྱས་ལ། དེས་ཀྱང་རྡོ་རྗེ་ཀླུ་ཡིས་རླུང་དང་ཆུའི་
དཀྱིལ་འཁོར་བསམས་པ་ཙམ་གྱིས་བཏེག་པར་འགྱུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྤྲིན་བསྐྱེད་པར་འགྱུར་རོ། །ཆར་དབབ་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་གྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་སྔར་བཤད་པའི་ཚུལ་གྱིས་སྤྲིན་བསྐྱེད་ནས་དང་པོའི་
རྡོ་རྗེ་བཅིངས་པ་ལ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་རྩེ་མོ་དེས་ཆར་གྱི་རྒྱུན་འབབ་པའི་ཚུལ་དུ་བྱས་ལ། དེས་ཀྱང་རྡོ་རྗེ་ཀླུ་ནམ་མཁའི་ངོས་ཐམས་ཅད་བཀང་ལ་ཆར་གྱི་རྒྱུན་འབེབས་པར་བྱེད་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་ཆར་འབབ་པར་འགྱུར་རོ། །ཐོག་འབབ་པ་
དང་། གློག་དང་རླུང་དང་ཆར་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་སྲིད་སྲུང་གིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་མཛུབ་མོ་གཉིས་གཤིབས་ལ་རྩེ་མོ་སྦྱར་ཏེ་རྩེ་མོ་དེ་ལ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་
བསམས་ལ། རྩེ་མོ་དེས་ཐོག་དབབ་པ་དང་གློག་དང་རླུང་དང་ཆར་སྡིགས་མཛུབ་བྱ་ཞིང་ཡི་གེ་ཧཱུཾ་དེ་ལས་རྡོ་རྗེ་འབར་བ་རྣམས་སྤྲོས་ལ་དེས་ཐོག་འབེབས་པ་ལ་སོགས་པ་ཐལ་བར་བྱས་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་ཐོག་དབབ་པ་ལ་སོགས་པ་ཞི་བར་འགྱུར་རོ། །སྤྲིན་དང་
Vol. 60 · folio 58a
མུན་པ་དང་ཁུག་རྣ་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོའི་སྤྱན་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེ་སྤྲིན་ལ་སོགས་པ་གསལ་བའི་ཚུལ་གྱིས་རྡོ་རྗེའི་བལྟ་བས་བལྟ་བར་བྱའོ། །དེ་ལྟ་བུས་ནི་སྤྲིན་དང་མུན་
པ་དང་ཁུག་རྣ་ཞི་བར་འགྱུར་རོ། །ཀླུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ལྔ་པོ་བསྡུས་པ་བཅིངས་ཏེ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ནས་ཀླུ་ཐམས་ཅད་དགུག་པར་བྱའོ། །བཅོམ་ལྡན་འདས་
རྡོ་རྗེ་ལྕགས་ཀྱུས་ཀྱང་ཀླུ་དཔྲལ་བའི་ཕྱོགས་སུ་ལྕགས་ཀྱུས་ཕུལ་ལ་བཀུག་པར་གྱུར་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་ཀླུ་ཐམས་ཅད་འགུགས་པར་འགྱུར་རོ། །ཀླུ་ཐམས་ཅད་དབང་དུ་བྱ་བ་ལ་ནི་གསང་བ་ཐམས་ཅད་ཀྱི་ནོར་བུའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་
སེམས་དཔའི་རྣལ་འབྱོར་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུས་བཅིངས་ལ། དེས་ཀླུ་བཀུག་སྟེ་མདུན་དུ་བཞག་ལ་མཛུབ་མོ་གཡས་པའི་རྒྱབ་བཀུག་པའི་ཚུལ་གྱིས་ནོར་བུར་བྱས་ལ་བདག་ཉིད་རྡོ་རྗེ་ཀླུར་བསམས་ལ་བཀུག་པའི་ཀླུ་ལ་ཕྱག་རྒྱ་བསྟན་པར་བྱའོ། །དེ་ལྟར་ན་ཀླུ་
ཐམས་ཅད་དབང་དུ་བྱ་བར་འགྱུར་རོ། །ཀླུ་ཐམས་ཅད་རྗེས་སུ་འབྲང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདུལ་བས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྔ་པོ་བསྡུས་པ་བཅིངས་ལ་དེ་བཞིན་དུ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ཏེ་མཐེའུ་ཆུང་གཉིས་གཞིབས་
ལ་རྩེ་མོར་བྱས་ལ་རྩེ་མོ་དགུས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཾ་བཀོད་ལ་ཀླུ་ལ་སྡིགས་མཛུབ་བྱའོ། །དེ་ལྟ་བུས་ནི་དེ་རྗེས་སུ་འབྲང་བར་འགྱུར་རོ། །ཀླུ་ཐམས་ཅད་འབྱིན་པ་ལ་ནི་རྡོ་རྗེ་གསང་བའི་ཀླུ་གདོན་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་མཛུབ་
མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ཏེ་ལྕགས་ཀྱུ་གཉིས་པོ་དེ་ཀླུ་གནས་དང་བཅས་པར་ས་འོག་ནས་བསྒུལ་བར་བྱའོ། །དེ་ལྟ་བུས་ནི་ཀླུ་ཐམས་ཅད་འབྱིན་པར་འགྱུར་རོ། །ས་མ་ལུས་པར་གཡོ་ཞིང་འགུལ་བ་ལ་ནི་རྡོ་རྗེ་གསང་བའི་ཐར་བས་སོ་ཞེས་བྱ་བ་ལས་མ་ལུས་པ་རྣམས་
Vol. 60 · folio 58b
གྱི་གཡོ་བ་ནི་ས་མ་ལུས་པ་གཡོས་པ་སྟེ། ས་ཐམས་ཅད་བསྐྱོད་པའོ། །དེ་ཉིད་ནི་འགུལ་བ་ཡིན་ནོ། །དེ་ནི་རྡོ་རྗེ་གསང་བའི་ཐར་པའི་ཕྱག་རྒྱར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེས་ས་བཟུང་ནས་བསྐུལ་
ཞིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཞབས་གཉིས་ཀྱིས་བཙིར་བ་ན་པདྨའི་འདབ་མ་བཞིན་དུ་གཡོ་བར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ས་ཐམས་ཅད་གཡོ་ཞིང་འགུལ་བར་འགྱུར་རོ། །ཆུ་མེད་པར་ཆུའི་ཕུང་པོ་ཤས་ཆེར་བསིལ་ཞིང་དྲི་མ་མེད་པ་བསྐྱེད་པ་ལ་ནི་བདེ་
བ་ཆེན་པོ་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། རྡོ་རྗེ་ཆགས་པའི་གཟུགས་འཛིན་པའི་སེམས་དཔའ་ནི་བདེ་བ་ཆེན་པོ་ཀླུའི་རྒྱལ་པོའོ། །དེའི་ཕྱག་རྒྱ་ནི་དེ་སྟོན་པར་བྱེད་པའི་ཕྱག་རྒྱ་སྟེ། དེས་ཆུའི་ཕུང་པོ་འབྱུང་བར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་
འདས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ཀྱིས་ཀླུའི་གདེངས་ཀ་གཉིས་ཀྱི་ཚུལ་དུ་བསྟན་ལ་རྡོ་རྗེ་ཀླུའི་རྒྱལ་པོའི་གཟུགས་སུ་བདག་ཉིད་བསམས་ནས་ཆུ་མེད་པའི་ས་ཕྱོགས་སུ་འོག་གི་ཆའི་ཀླུའི་གནས་ནས་རི་ལ་སོགས་པ་
ཕུག་སྟེ། ཡིད་ཀྱིས་བཏེག་ལ་ཕུག་པ་དེ་ལ་ཆུ་བོ་དཔག་ཏུ་མེད་པའི་རྒྱུན་རྒྱ་མཚོ་ཆེན་པོར་འབབ་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ཆུའི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ། །མུན་པ་ཆེན་པོར་སྣང་བ་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དང་པོའི་རྡོ་
རྗེའི་ཕྱག་རྒྱ་བཅིངས་ལ་མཐེའུ་ཆུང་དང་མཐེ་བོ་གཉིས་ཀྱིས་རྩེ་མོ་གཉིས་ཉི་མའི་འོད་ཟེར་གཏོང་པའི་ཚུལ་དུ་བསྟན་ལ་བདག་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཉི་མར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མུན་པར་ཉི་མའི་སྣང་བ་ཆེན་པོ་འབྱུང་བར་འགྱུར་རོ། །རླུང་ཐམས་ཅད་དབང་དུ་བྱ་བ་
ལ་ནི། རྡོ་རྗེ་རླུང་ཐམས་ཅད་ཀྱིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། མཛུབ་མོ་གཉིས་གཞིབས་ལ་དེའི་རྩེ་མོས་རླུང་དབང་དུ་བྱ་ཞིང་རླུང་བསྐྱེད་པའི་ཚུལ་གྱིས་བདག་ཉིད་རྡོ་རྗེ་རླུང་དུ་བསམས་ལ་རླུང་
Vol. 60 · folio 59a
ཐམས་ཅད་རང་དབང་དུ་བྱའོ། །ནམ་མཁའ་ལ་གཟུགས་ཐམས་ཅད་ཀུན་དུ་སྟོན་པ་ལ་ནི་རྡོ་རྗེ་གསང་བའི་འཛིན་པས་སོ་ཞེས་བྱ་བ་ལ། རྡོ་རྗེ་གསང་བའི་འཛིན་པ་ནི་མེ་ལོང་གི་ཕྱག་རྒྱས་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་བསྒོམས་པས་དངོས་པོ་
ཐམས་ཅད་བསྐྱེད་པའོ། །དེའི་མཚན་ཉིད་ནི་འདི་ཡིན་ཏེ་ལྔ་པོ་བསྡུས་པ་བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ཏེ་མཛུབ་མོ་གཉིས་ཀྱི་ངོས་མེ་ལོང་གི་དཀྱིལ་འཁོར་བསྟན་པའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་གསང་བའི་འཛིན་པའོ། །འདིས་བཅིངས་ལ་བདག་
ཉིད་རྡོ་རྗེ་སེམས་དཔའ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་བསམས་ལ། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་བསྒོམས་ནས་ནམ་མཁའ་ལ་གཟུགས་བརྙན་ཐམས་ཅད་བསྟན་པར་བྱའོ། །ནམ་མཁའ་ལས་དངོས་པོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བ་འབྱུང་
བས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ལྔ་པོ་བསྡུ་བ་བཅིངས་ཏེ་མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་སུ་བྱས་ལ་ལྕགས་ཀྱུ་དེ་ནམ་མཁའ་ལ་དངོས་པོ་ཐམས་ཅད་བསྐྱེད་པའི་ཚུལ་དུ་བྱའོ། །དེ་ཉིད་ནི་དེའི་འོག་ནས་སྟོན་པས་འཆད་དེ། རོལ་པ་ལ་ནི་རབ་ཏུ་
དགའ་བའི་རྡོ་རྗེས་སོ་ཞེས་སྟོན་པས་འཆད་དེ་རབ་ཏུ་དགའ་བའི་རྡོ་རྗེས་ནམ་མཁའ་ལས་དངོས་པོ་ཐམས་ཅད་བསྐྱེད་པའི་ཚུལ་གྱིས་དངོས་པོ་ཐམས་ཅད་བསྐྱེད་ཅིང་བསྒྲུབ་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །ནམ་མཁའ་ལས་རང་གི་མཚན་ཉིད་བསྟན་པར་བྱ་བ་ལ་ནི། རྡོ་རྗེ་གསང་བའི་
རྫུ་འཕྲུལ་གྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་བཅིངས་ནས། ནམ་མཁའི་ཕྱོགས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར། དེའི་སྟེང་དུ་རྡོ་རྗེའི་བལྟ་བས་
བལྟ་ཞིང་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའི་ངོ་བོར་སྟོན་པའི་ཕྱིར་བདག་ཉིད་ཀྱི་ངོ་བོ་དེ་ལྟར་བསམས་ན་དེ་ལྟ་བུས་ནི་ནམ་མཁའ་ལ་རང་གི་ངོ་བོ་སྟོན་པར་འགྱུར་རོ། །ནམ་མཁའ་ལ་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་
Vol. 60 · folio 59b
རྟེན་གྱི་ཁམས་ཐམས་ཅད་ལ་རྡོ་རྗེ་གསང་བའི་རྣམ་པར་འཕྲུལ་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་བཅིངས་ཏེ། སྟེང་དུ་ནམ་མཁའ་ལ་བསྐོར་བར་བྱ་ཞིང་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་
བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་བསྒོམས་པས་ནམ་མཁའ་ལ་བསམས་ན་དེ་ལྟ་བུས་ནི་དེ་ཐམས་ཅད་སྟོན་པར་འགྱུར་རོ། །ནམ་མཁར་ཤིང་ཐམས་ཅད་ལ་ལོ་མ་དང་མེ་ཏོག་དང་འབྲས་བུ་
ཐམས་ཅད་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་དུས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བས་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་བདག་ཉིད་རྡོ་རྗེ་ཡིད་ལས་བྱུང་བར་བསམས་ལ། ནམ་མཁའ་ལ་ལོ་མ་དང་མེ་
ཏོག་དང་འབྲས་བུ་བསྐྱེད་པའི་བསམ་པས་ཕྱག་རྒྱ་དེ་ཤིང་ཐམས་ཅད་དང་། ལྗོན་ཤིང་ཐམས་ཅད་དང་། ནགས་དང་འབྲུ་ཐམས་ཅད་ལ་གཞག་པར་བྱའོ། །དེ་ལྟ་བུས་ནི་དེ་རྣམས་བསྐྱེད་པར་འགྱུར་རོ། །སའི་ཆ་ཐམས་ཅད་ལས་འབྲུ་ཐམས་ཅད་སྨིན་པར་འབྱུང་བ་ནི་རྡོ་རྗེ་གསང་
བ་སྟེ། རྡོ་རྗེ་སེམས་དཔའི་གཤོལ་གྱི་ཕྱག་རྒྱས་འགྱུར་རོ། །དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་ཡིད་ལས་བྱུང་བར་བདག་ཉིད་བསམས་ལ་ཕྱག་རྒྱ་དེས་ལྕགས་
རྣོན་པོ་དང་བཅས་པའི་གཤོལ་བྱིན་གྱིས་བརླབས་ལ་དེས་ས་ཁང་ཞིང་ལས་བྱས་ཏེ། དེ་ལྟ་བུས་ནི་སའི་ཆ་ཐམས་ཅད་ལས་འབྲུ་ཐམས་ཅད་སྨིན་པར་འབྱུང་བར་འགྱུར་རོ། །ཐམས་ཅད་ལས་ལྷའི་ཁ་ཟས་དང་བཏུང་བ་དང་གོས་དང་རྒྱན་དང་གནས་སར་པ་དང་། བུ་མོ་གཞོན་
ནུ་འབྱུང་བ་དང་སྐྱེས་པ་དང་བུད་མེད་དང་བྲན་ཕོ་དང་བྲན་མོ་ཐམས་ཅད་འབྱུང་བར་བྱ་བ་ནི་ཞེས་བྱ་བ་ལ། ཐམས་ཅད་ལས་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལས་སོ། །ལྷའི་ཁ་ཟས་དང་བཏུང་བ་དང་གོས་དང་རྒྱན་དང་གནས་སར་པ་དང་། བུ་མོ་གཞོན་ནུ་མ་བསྐྱེད་ཅིང་འབྱུང་
Vol. 60 · folio 60a
བ་དང་སྐྱེས་པ་དང་། བུད་མེད་དང་། བྲན་ཕོ་དང་བྲན་མོ་ཐམས་ཅད་བསྐྱེད་པ་དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བསོད་ནམས་ཀྱི་ཆུ་ཡིས་སོ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་སེམས་དཔའི་བསོད་ནམས་ཀྱི་ཆུ་བོའི་ཕྱག་
རྒྱ་སྟེ་དེས་དེ་འབྱུང་བར་འགྱུར་རོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་ཡིད་ལས་བྱུང་བར་བདག་ཉིད་བསམས་ལ་ཕྱག་རྒྱ་དེས་དངོས་པོ་
ཐམས་ཅད་ལས་བདག་ཉིད་ཀྱི་ལྷའི་ཁ་ཟས་ལ་སོགས་པ་ཐམས་ཅད་དགུག་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་ལས་ལྷའི་ཁ་ཟས་ལ་སོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ། །གཡུལ་དུ་དཔུང་གི་ཚོགས་ཡན་ལག་བཞི་པ་སྟོན་ཏེ་གཡུལ་འགྱེད་པ་དེ་ལ་ནི་ཞེས་བྱ་བ་དེ་ནི་གཞན་གྱི་
དམག་ཚོགས་གྱི་མདུན་དུ་རང་གི་དཔུང་གི་ཚོགས་ཡན་ལག་བཞི་པ་སྤྲུལ་པ་ཉེ་བར་བསྟན་ནས་དེས་གཞན་གྱི་དཔུང་གི་ཚོགས་ལས་རྒྱལ་བ་ནི་གཡུལ་འགྱེད་པའོ། །འདི་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་བདེ་བ་ཆེན་པོའི་སྡོམ་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་བདེ་བ་ཆེན་པོ་ཡང་ཡིན་
ལ་སྡོམ་པ་ཡང་ཡིན་པས་ན་རྡོ་རྗེ་བདེ་བ་ཆེན་པོ་སྡོམ་པའི་ཕྱག་རྒྱའོ། །དེས་དཔུང་གི་ཚོགས་ཡན་ལག་བཞི་པ་སྤྲུལ་ལ། གཡུལ་འགྱེད་པ་རྫོགས་པར་བྱ་བའོ། །དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་
ཚིག་གི་ཕྱག་རྒྱ་བཅིངས་ཏེ་རྡོ་རྗེ་ཡིད་ལས་བྱུང་བར་བདག་ཉིད་བསམས་ཏེ་ཕྱག་རྒྱ་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་སྤྲུལ་ལ། གཡུལ་འགྱེད་པའི་བསམ་པས་གཞན་གྱི་དམག་ཚོགས་ཀྱི་མདུན་དུ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་
བསྟན་ནས་གཡུལ་འགྱེད་པར་འགྱུར་རོ། །སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་བདེ་མཆོག་གིས་སོ་ཞེས་བྱ་བ་ལ་རྡོ་རྗེ་སྟེ། རྡོ་རྗེ་སེམས་དཔའི་བདེ་བའི་མཆོག་ནི་རྡོ་རྗེ་བདེ་མཆོག་སྟེ། དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་པོ་ཐམས་ཅད་སྤྲུལ་པའི་རྗེས་ཐོགས་ལ་
Vol. 60 · folio 60b
བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། ཤཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་བ་ཆེ། །སྒྱུ་མ་ཀུན་གྱི་སྦྱོར་བ་ཡིས། །བདེ་མཆོག་དེས་ནི་བདེ་བའི་མཆོག །ཅེས་གསུངས་པའི་ཕྱིར་རོ། །འདི་སྐད་སྟོན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་
སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེས་བསྐྱེད་པའི་བསམ་པས་ཕྱག་རྒྱ་དེས་གློག་འགྱུ་བའི་ཚུལ་དུ་བསྐོར་ལ་དེས་དེ་བཞིན་གཤེགས་པ་ལ་སོགས་པ་དངོས་པོ་ཐམས་ཅད་བསྟན་པར་བྱའོ། །བདེ་མཆོག་གི་བྱ་བ་ཐམས་ཅད་ནི། རྡོ་རྗེ་སྒྱུ་མའི་བྱ་བས་སོ་
ཞེས་བྱ་བ་ཐམས་ཅད་ནི། སངས་རྒྱས་ཐམས་ཅད་ཀྱི་བདེ་བ་དང་འཇིག་རྟེན་པའི་བདེ་བ་སྐྱེད་པར་བྱེད་པའི་བདེ་བ་ནི་བདེ་མཆོག་ཐམས་ཅད་དེ། དེའི་དོན་བྱ་བ་ནི་ལས་སུ་བྱ་བ་སྟེ། དེ་ལ་བདེ་མཆོག་ཐམས་ཅད་ཀྱི་བྱ་བའོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་སྒྱུ་མ་ནི་རྡོ་རྗེའི་སྒྱུ་མ་སྟེ།
དེ་བཞིན་གཤེགས་པ་ལ་དངོས་པོ་ཐམས་ཅད་སྤྲུལ་པའོ། །དེའི་དོན་དུ་བྱས་པ་ནི་རྡོ་རྗེ་སྒྱུ་མ་བྱས་པ་སྟེ། ཕྱག་རྒྱ་གང་གིས་དེ་སྐྱེད་པར་བྱེད་པའོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་
པ་ཐམས་ཅད་སྤྲུལ་པའི་བསམ་པས་གཡས་ཕྱོགས་ནས་བསྐོར་ནས་དེ་ནས་དེ་ཐམས་ཅད་འབྱུང་བར་འགྱུར་རོ། །ཡང་བདེ་བ་དེ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་བསྐོར་ན་བདེ་བ་དེ་ཉིད་ཉམས་སུ་མྱོང་བར་འགྱུར་རོ། །རྨད་དུ་བྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་ཞེས་བྱ་བ་ལ་དེ་
བཞིན་གཤེགས་པ་ལ་སོགས་པའི་དངོས་པོ་བསྟན་པ་གང་ཡིན་པ་དེ་ནི་སྔོན་ཆད་མ་བྱུང་བས་རྨད་དུ་བྱུང་བའོ། །རྫུ་འཕྲུལ་དང་ཀུན་བརྗོད་པ་དང་བྱིན་གྱིས་བརླབས་པ་དང་། རྗེས་སུ་བསྟན་པའི་མཚན་ཉིད་ཅན་གྱི་ཆོ་འཕྲུལ་རྣམ་པ་བཞི་ནི་ཆོ་འཕྲུལ་ཐམས་ཅད་དོ། །དེ་ཇི་ལྟར་འགྱུར་ཞེ་ན།
རྡོ་རྗེ་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟེ། དེས་རྨད་དུ་བྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པར་འགྱུར་རོ། །འདི་ནི་འདི་སྐད་སྟོན་ཏེ། དཔལ་རྡོ་རྗེ་སེམས་དཔའི་
Vol. 60 · folio 61a
སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེ་རྨད་དུ་བྱུང་བ་དང་། ཆོ་འཕྲུལ་ཐམས་ཅད་བསྟན་པའི་བསམ་པས་ནམ་མཁའི་གློག་འགྱུ་བའི་ཚུལ་དུ་བསྐོར་ནས་དེ་ལས་དེ་ཐམས་ཅད་འབྱུང་བར་འགྱུར་རོ། །ལན་ཐམས་ཅད་གདབ་པར་བྱ་བ་ནི་ཞེས་
བྱ་བ་ནི། འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་དངོས་པོ་བསྟན་པ་ནི་ལན་ཐམས་ཅད་གདབ་པ་སྟེ། དེ་ཉིད་བྱ་བ་ཡིན་པས་ན་ལན་ཐམས་ཅད་གདབ་པ་ཡིན་ནོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ལན་བསྟན་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་ལན་བསྟན་པ་ནི་རྡོ་རྗེའི་ལན་གདབ་
པ་སྟེ་ཕྱག་རྒྱ་གང་གིས་དེ་བསྐྱེད་པར་འགྱུར་བའོ། །དེ་ནི་འདི་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྣུན་པ་དང་། བཅོམ་ལྡན་འདས་རང་གི་ལྕེ་ལ་གནས་པར་གྱུར་པའི་ལྕེ་དེས་འདས་པ་དང་། མ་འོངས་
པ་དང་། ད་ལྟར་གྱི་དངོས་པོའི་ལན་རྣམས་སྨྲ་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ལན་ཐམས་ཅད་སྟོན་པར་བྱེད་པར་འགྱུར་རོ། །མེ་རེངས་པར་བྱ་བ་ལ་ནི་རྡོ་རྗེ་ཤིན་ཏུ་གྲང་བས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། མེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་
འཁོར་རོ། །དེའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའི་རང་གི་སྤྱི་བོའི་ཕྱོགས་བཞི་ནས་འོ་མའི་རྒྱ་མཚོ་ཆེན་པོ་བཞི་མེ་ལ་སོགས་པའི་མཚམས་བཞིར་གངྒཱ་དང་སིནྡྷུ་དང་། པཀྵུ་དང་། སི་ཏཱ་སྟེ་ཆུ་བོ་བཞི་སྤྱི་གཙུག་ནས་མཚོ་ཆེན་པོ་བཞི་མེ་ལ་སོགས་པའི་མཚམས་མ་དྲོས་པ་དབའ་
ཀློང་འཁྱིལ་ཞིང་སྒྲ་དང་བཅས་ལ་དབུ་བ་དང་དབའ་རླབས་ཀུན་དུ་འཁྲུག་པ་འབྱུང་བར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མེའི་སྟེང་དུ་དྲག་ཏུ་འབབ་པ་ཉིད་དུ་བསམས་ཏེ། དེ་ལྟ་བུས་ནི་མེ་རེངས་པར་འགྱུར་རོ། །ཆུ་འབབ་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་ཤེལ་གྱིས་སོ་ཞེས་བྱ་བ་
བ་ནི། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ནོར་བུ་ཆུ་ཤེལ་འཛིན་པར་བདག་ཉིད་བསམས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་བསྒྲེང་ལ་རྒྱབ་བཀུག་པའི་ཚུལ་གྱིས་རིན་པོ་ཆེ་ལྟ་བུར་བྱས་ནས་བཟུང་སྟེ། རང་གི་ལག་ན་གནས་པའི་ནོར་བུ་རིན་པོ་ཆེ་ཆུ་
Vol. 60 · folio 61b
ཤེལ་ལས་ཆུའི་རྒྱུན་ཡིད་ཀྱིས་དབབ་པར་བྱ་སྟེ། དེ་ལྟ་བུས་ཆུའི་རྒྱུན་འབབ་པར་འགྱུར་རོ། །དགོན་པར་གྲོང་དང་ནགས་ཚལ་དང་ཆུ་བོ་དང་རྫིང་བུ་དང་སྐྱེད་མོས་ཚལ་དང་། ཟས་དང་སྐོམ་དང་། གཙུག་ལག་ཁང་སྤྲུལ་པ་ལ་ནི་རྡོ་རྗེ་གྲུབ་པས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་དཔལ་རྡོ་རྗེ་
སེམས་དཔའི་སྦྱོར་བ་བྱས་ལ། དགོན་པ་འབྲོག་སྟོང་པའི་དབུས་སུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་གྲོང་ཁྱེར་ཆེན་པོ་ལ་སོགས་པར་སྤྲུལ་པར་བྱའོ། །ཆུའི་སྟེང་དུ་འཆག་པ་དང་། བདག་ཉིད་མང་པོའི་གཟུགས་སྟོན་པ་དང་། མི་སྣང་བ་
དང་ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་གཡོན་པའི་མཐེ་བོའི་བུ་གར་གཡས་པའི་མཛུབ་མོ་བྱང་ཆུབ་མཆོག་གི་ཕྱག་རྒྱའི་ཚུལ་དུ་བཅུག་ལ། ཆུའི་ཕྲ་རབ་ཐམས་ཅད་རྡོ་རྗེའི་
གཟུགས་སུ་བསམས་ལ་ཆུའི་སྟེང་དུ་གཞག་པར་བྱའོ། །ཕྱག་རྒྱ་འདི་ཉིད་བཅིངས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་རང་གི་ལུས་ལ་ཡིད་ཀྱིས་བཅུག་སྟེ། གཟུགས་བརྙན་གྱི་ཚུལ་དུ་བསྒོམས་པས་གཟུགས་ཐམས་ཅད་བསྟན་པ་ཡིན་ནོ། །འདི་ཉིད་
བཅིངས་ལ་བདག་ཉིད་ནམ་མཁའ་དང་མཉམ་པར་བསམས་ན་དེ་ལྟ་བུས་ནི་མི་སྣང་བར་འགྱུར་རོ། །འདི་ཉིད་བཅིངས་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་ལ་སོགས་པའི་གནས་ཀྱི་བར་དུ་ཕྱིན་པའི་རྡོ་རྗེ་སྐས་ཀྱི་ཕྲེང་བར་བསམས་ན། དེས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་
པོའི་གནས་ལ་སོགས་པར་འགྲོ་བར་བྱས་ཏེ། དེ་ལྟ་བུས་ནི་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བཀའ་བསྒོས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ལྔ་པོ་བསྡུས་
པ་ལས་མཛུབ་མོ་གཉིས་སུ་བྱས་ཏེ། མངག་གཞུག་པའི་ཚོགས་སྤྲུལ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལུས་ལ་ཡིད་ཀྱིས་བཅུག་སྟེ། དེ་རྣམས་དང་ལྷན་ཅིག་གཅིག་ཏུ་གྱུར་ནས་བཀའ་ནོད་པ་ལ་སོགས་པ་བསམས་ནས། དབང་ཕྱུག་ཆེན་པོ་ལ་སོགས་པ་མངག་
Vol. 60 · folio 62a
གཞུག་པར་བྱ་བའི་ཕྱིར། ཕྱག་རྒྱ་དེས་སྟེང་གི་ནམ་མཁའ་ལས་བཀའ་བསྒོ་བའི་ཚུལ་དུ་བྱས་ཏེ་དེ་ལྟ་བུས་དབང་ཕྱུག་ཆེན་པོ་ལ་སོགས་པ་དེ་རྣམས་མངག་གཞུག་པའི་ཚོགས་དེ་རྣམས་ཀྱིས་རང་དབང་དུ་བྱས་ནས། སྒྲུབ་པ་པོའི་མངག་གཞུག་པ་བྱེད་པར་
འགྱུར་རོ། །སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་གིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་བཅིངས་ཏེ། དེས་རང་གི་མཚན་མ་གཡོ་བར་བྱས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་
སྐུ་མདོག་དམར་པོ་འོད་ཟེར་དམར་པོས་བསྒྲུབ་པར་བྱ་བ་ཁ་དོག་དམར་པོར་བྱས་ལ་དབང་པོ་གཉིས་སྙོམས་པར་འཇུག་པའི་ཚུལ་གྱིས་རང་དབང་དུ་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དབང་དུ་བྱ་བར་འགྱུར་རོ། །མི་རྒྱུ་བ་ཐམས་ཅད་དྲང་བ་དང་། དབབ་པ་དང་བདེན་པ་སྨྲར་གཞུག་
པ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་དང་གུང་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ། མི་རྒྱུ་བའི་དངོས་པོ་ཐམས་ཅད་དགུག་ཅིང་དྲང་བའི་བསམ་པས་དེ་
དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་དྲངས་ནས་འོང་བར་འགྱུར་རོ། །མི་རྒྱུ་བའི་དངོས་པོ་དེ་ཉིད་ལ་དཔལ་རྡོ་རྗེ་སེམས་དཔའ་དབབ་པའི་སྦྱོར་བས་ཕབ་ན་མི་རྒྱུ་བ་ཐམས་ཅད་འབབ་པ་ཡིན་ནོ། །ཕབ་པ་དེ་ཉིད་ལ་བདེན་པ་སྨྲར་གཞུག་པའི་བསམ་པས་ནི་མི་རྒྱུ་བ་ཐམས་ཅད་བདེན་
པར་སྨྲ་བར་འགྱུར་རོ། །གཟུགས་ཐམས་ཅད་དབབ་པ་དང་། དགུག་པ་དང་། དགོད་པར་བྱ་བ་དང་། གར་བྱེད་དུ་གཞུག་པ་དང་། རོལ་པར་བྱ་བ་དང་བསྒོ་བ་ཐམས་ཅད་བྱེད་དུ་གཞུག་པ་དང་། ཐམས་ཅད་ཁྱེར་ཏེ་འོང་བ་དང་། འཕྲོག་ཏུ་གཞུག་པ་དང་ལས་ཐམས་ཅད་བྱེད་དུ་གཞུག་
པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་བཏྟྲིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ལྔ་པོ་བསྡུས་པ་བཅིངས་ལ་མཛུབ་མོ་གཉིས་བཀུག་པས་ལྕགས་ཀྱུ་གཉིས་བཅིངས་ལ། བསྐྱོད་པ་དང་བཙིར་བའི་ཕྱག་རྒྱ་འདིས་གཟུགས་བརྙན་ཐམས་ཅད་ལ་དབབ་པའི་
Vol. 60 · folio 62b
བསམ་པས་བྱས་ན་དེ་ལ་དཔལ་རྡོ་རྗེ་སེམས་དཔའ་འཇུག་པར་འགྱུར་རོ། །དེ་ནས་གཟུགས་བརྙན་ཐམས་ཅད་ལ་གཞུག་པ་དང་། གཟུགས་བརྙན་དགུག་པའི་བསམ་པས་བསྐྱེད་ལ་དགུག་པར་འགྱུར་རོ། །དགོད་དུ་གཞུག་པའི་བསམ་པས་ནི་དགོད་པར་འགྱུར་རོ། །གར་བྱེད་
པའི་བསམ་པས་ནི་གར་བྱེད་པར་འགྱུར་རོ། །ཀུན་དུ་རོལ་པར་བྱ་བའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་ཀུན་དུ་རོལ་པར་འགྱུར་ཏེ་རྩེ་བར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བསྒོ་བ་ཐམས་ཅད་བྱེད་དུ་གཞུག་པའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་བྱེད་དོ། །ཐམས་
ཅད་ཁྱེར་ཏེ་འོང་བའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་ཁྱེར་ཏེ་འོང་ངོ་། །ཐམས་ཅད་འཕྲོག་ཏུ་གཞུག་པའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་ཀྱིས་ཐམས་ཅད་འཕྲོག་གོ། །ལས་ཐམས་ཅད་བྱེད་དུ་གཞུག་པའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་ཀྱིས་
ལས་ཐམས་ཅད་བྱེད་པར་འགྱུར་ཏེ། གཟུགས་བརྙན་ཐམས་ཅད་ལ་དབབ་པ་སྔོན་དུ་འགྲོ་བ་འདི་དག་ནི་གཟུགས་བརྙན་ཐམས་ཅད་ཀྱི་ལས་ཡིན་པར་ཤེས་པར་བྱའོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཡིད་ལས་བྱུང་བས་སོ་ཞེས་བྱ་བ་ནི། བཅོམ་
ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཡིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྡོ་རྗེ་ཡིད་ལས་བྱུང་བར་བདག་ཉིད་བསམས་ལ་མདུན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཕྱག་རྒྱ་འདིས་རྗེས་སུ་
དགྱེས་པར་བྱེད་དོ། །དེ་ལྟ་བུས་ནི་ཐམས་ཅད་རྗེས་སུ་དགྱེས་པར་འགྱུར་རོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྩེར་གཞུག་པ་ལ་ནི་རྡོ་རྗེ་ཀི་ལི་ཀི་ལའི་གསང་བས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཀི་ལི་ཀི་ལའི་ཕྱག་རྒྱ་ཆེན་པོ་བཅིངས་
ལ་ཀི་ལི་ཀི་ལར་བདག་ཉིད་བསམས་ནས་གནོད་སྦྱིན་མོ་ལ་སོགས་པའི་གཟུགས་བརྙན་ལ་གནོད་སྦྱིན་ལ་སོགས་པ་བཀུག་སྟེ། དེའི་ཕྱག་རྒྱ་ཆེན་པོས་གནོད་སྦྱིན་ལ་སོགས་པ་དང་འཁྱུད་པས་བཟླ་བ་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་དགའ་མགུར་སྤྱོད་ཅིང་དགའ་བར་འགྱུར་རོ། །
Vol. 60 · folio 63a
ཐམས་ཅད་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་ལ་ནི་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་དྲན་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བདག་ཉིད་རྡོ་རྗེ་དྲན་པར་བསམས་ཏེ། དེ་ནས་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་
ཅིག་གཅིག་ཏུ་བྱས་ལ་བཟླས་བརྗོད་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་བརྟན་པར་འགྱུར་རོ། །ཐམས་ཅད་དང་བར་བྱ་བ་ལ་ནི་རྡོ་རྗེ་བསྙེམས་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་རྡོ་རྗེ་
བསྙེམས་པར་བདག་ཉིད་བསམས་ལ་ཁྲོས་པ་ཐམས་ཅད་ཀྱི་སེམས་དང་བར་བྱ་བའི་ཕྱིར་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་གཅིག་ཏུ་བྱ་བ་སྟེ། བསྒྲུབ་པར་བྱ་བ་དེ་ལྟ་བུས་ནི་སེམས་དང་བར་བྱའོ། །རྨི་ལམ་གདབ་པ་གསོལ་བ་ལ་ནི་རྡོ་རྗེ་སློང་མོ་བས་སོ་ཞེས་བྱ་བ་
ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་མདུན་དུ་སྤྱན་དྲངས་ཏེ་མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས་ཕྱག་བྱས་ལ་ཧཱུཾ་གཉིས་ལས་མིག་གཉིས་དང་། རྣ་བ་གཉིས་སུ་རྡོ་རྗེ་བསམས་ལ་དེ་ནས་འདི་སྐད་དུ། བཅོམ་ལྡན་འདས་
རྡོ་རྗེ་སེམས་དཔའ་བདེན་པ་གང་གིས་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་མཉམ་པའི་བདེན་པ་དེས་བདག་འདོད་པའི་རྨི་ལམ་ལས་ཆེ་གེ་མོ་མཐོང་བར་མཛོད་ཅིག །ཐོས་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། མཛུབ་མོ་གཉིས་
གཞིབས་ཏེ། རྩེ་མོར་བྱས་ནས་སྔགས་ཟློས་ཤིང་རྩེ་མོ་དེས་སློང་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་རྨི་ལམ་དུ་བཅོམ་ལྡན་འདས་ཐམས་ཅད་སྟོན་པར་མཛད་པ་དང་གསུང་བར་མཛད་དོ། །མཚན་ཕྱེད་དམ་ཐུན་ཐ་མ་ལ་ནི་རྨི་ལམ་དུ་གདབ་པར་བྱའོ། །ཡང་ན་གཞན་གྱིས་མངོན་པར་
འདོད་པའི་རྨི་ལམ་མཐོང་བར་བྱ་བ་ལ་ཞེས་བྱ་བ་ནི་སྒྲུབ་པ་པོ་གཞན་དག་རང་དབང་དུ་བྱེད་པར་འདོད་པ་ལ་དེ་རྣམས་ཀྱིས་ཇི་ལྟར་མངོན་པར་འདོད་པའི་རྨི་ལམ་བསྟན་པར་བྱའོ། །ཇི་ལྟར་ཞེ་ན། རྡོ་རྗེ་རྨི་ལམ་མཐོང་བས་སོ་ཞེས་བྱ་བ་གསུངས་སོ། །རྡོ་རྗེ་སྟེ་རྡོ་རྗེ་སེམས་དཔའི་རྨི་
Vol. 60 · folio 63b
ལམ་མཐོང་བའི་ཕྱག་རྒྱ་གང་ཡིན་པ་དེས་བསྟན་པར་བྱའོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ནས་བསྒྲུབ་པར་བྱ་བའི་མདུན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྒྲུབ་པར་བྱ་བ་ཅི་
འདོད་པའི་ཚུལ་གྱིས་སྒྲ་སྟོན་པར་མཛད་པར་བསམས་ལ་བདེན་པའི་བྱིན་གྱི་རླབས་བྱས་ནས་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཛུབ་མོ་གཉིས་ཀྱིས་རང་གི་མིག་གཉིས་བཀབ་ལ་མིག་མི་བཙུམས་པར་འདིས་གཞན་རྣམས་ཀྱིས་ཇི་ལྟར་མངོན་པར་འདོད་པའི་རྨི་ལམ་སྟོན་པར་མཛོད་ཅིག་
ཅེས་བཅོམ་ལྡན་འདས་བསྒོམ་པར་བྱའོ། །རྨི་ལམ་ངན་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྲེག་བླུགས་ཀྱིས་སོ་ཞེས་བྱ་བ་ནི་སྒྲུབ་པ་པོ་གང་གི་ཚེ་རྨི་ལམ་ངན་པ་མཐོང་བ་དེའི་ཚེ། བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་མདུན་དུ་སྤྱན་དྲངས་ནས་ཆོ་ག་ཐམས་ཅད་ཇི་
ལྟ་བ་བཞིན་དུ་རྗེས་སུ་སྤྱད་ལ། བདག་ཉིད་རྡོ་རྗེ་སེམས་དཔའ་དྲག་པོ་ཆེན་པོའི་སྐུར་བསམས་ཏེ། ཐབ་ཀྱི་དབུས་སུ་ཡེ་ཤེས་ཀྱི་མེ་ལ་བཅོམ་ལྡན་འདས་དྲག་པོ་ཆེན་པོའི་ཚུལ་ཅན་རྣམ་པར་བསྒོམས་ནས། རྡོ་རྗེ་བསྡམས་པ་བཅིངས་ཏེ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་
བྱས་ལ། རྨི་ལམ་ངན་པ་ཐམས་ཅད་སྟོན་པར་བྱེད་པའི་སྡིགས་པའི་མཛུབ་མོའི་རྩེ་མོས་བླངས་ལ། བཅོམ་ལྡན་འདས་ཀྱི་ཞལ་དུ་སྲེག་བླུགས་དབུལ་བའི་ཚུལ་གྱིས་བསྟབ་པར་བྱ་སྟེ། དེ་ལྟ་བུས་ནི་རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། །རྨི་ལམ་བཟང་པོ་
ཐམས་ཅད་བསྒྲུབ་པ་དང་། བརྟན་པར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་གྲུབ་པས་སོ་ཞེས་བྱ་བ་ནི་རྨི་ལམ་དུ་བདག་ཉིད་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་བཏུལ་བ་དང་། ཐམས་ཅད་མཉམ་པ་ཉིད་བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་
ལ་སོགས་པ་མཐོང་བ་ནི་རྨི་ལམ་བཟང་པོ་ཐམས་ཅད་དོ། །དེ་བསྒྲུབ་པར་བྱ་བ་ནི་རྫོགས་པར་བྱ་བའོ། །བརྟན་པར་བྱ་བ་ནི་མི་འགྱུར་བར་བྱ་བ་སྟེ། གཉིད་ལོག་པ་ནི་རྨི་ལམ་དུ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ལ་སོགས་པ་ཉིད་མཐོང་གི་མི་དགེ་བའི་ལས་ཀྱི་འབྲས་བུ་གཞན་དག་
Vol. 60 · folio 64a
ནི་མ་ཡིན་པའི་རྡོ་རྗེ་རྨི་ལམ་གྱི་ཕྱག་རྒྱ་གང་ཡིན་པ་དེས་དེར་གྱུར་ཏེ་རྡོ་རྗེ་རྨི་ལམ་གྲུབ་པ་དེས་རྨི་ལམ་བཟང་པོ་ཐམས་ཅད་གྲུབ་པ་དང་བརྟན་པར་བྱེད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་
སེམས་དཔའ་མདུན་དུ་སྤྱན་དྲངས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཧཱུཾ་ལས་མིག་གཉིས་སུ་རྡོ་རྗེ་བསྐྱེད་ལ་རྡོ་རྗེ་བསྡམས་པ་བཅིངས་ཏེ་མཛུབ་མོ་གཉིས་ཀྱིས་མིག་བཀབ་སྟེ་བཟླས་བརྗོད་བྱའོ། །དེ་ལྟ་བུས་ནི་རྨི་ལམ་བཟང་པོ་ཐམས་ཅད་བསྒྲུབ་པ་དང་། བརྟན་པར་བྱ་བའི་
དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །ནད་དང་གདོན་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེ་སྨན་གྱིས་སོ་ཞེས་བྱ་བ་ནི་སྐྱ་སྦབ་ལ་སོགས་པའི་ནད་ཐམས་ཅད་དོ། །གཅོང་ཆེན་པོ་ལ་སོགས་པ་ནི་གདོན་ཐམས་ཅད་དོ། །ནད་དང་གནོད་པ་དེ་ཐམས་ཅད་བསལ་བ་ལ་ནི་བཅོམ་ལྡན་འདས་
རྡོ་རྗེ་སྨན་གྱི་ཕྱག་རྒྱས་འགྱུར་རོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བདག་ཉིད་འཕགས་པ་གཙུག་འཕྱང་གི་གཟུགས་སུ་བསམས་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་གཞིབས་ཏེ། རྩེ་མོར་བྱས་ལ་དེ་བརྟན་པས་གཟུང་
བར་བྱའོ། །བཅོམ་ལྡན་འདས་གཙུག་འཕྱང་ཡང་ནད་པའི་ལུས་ལ་ཞུགས་པས་ནད་པའི་ལུས་ཐམས་ཅད་ཁྱབ་པ་དང་། དཔལ་རྡོ་རྗེ་སེམས་དཔའི་ཕྲ་རབ་ཀྱི་རང་བཞིན་ཅན་གྱི་སྨན་ནད་པས་ཟོས་པར་བསམ་པར་བྱའོ། །རིམས་ནད་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བཅུད་ཀྱིས་སོ་
ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། འཕགས་པ་བདུད་རྩི་ཐབ་སྦྱོར་དུ་བསམས་ཏེ་མཛུབ་མོ་གཉིས་གཤིབས་ལ་རྩེ་མོར་བྱས་ལ་བཏུང་བར་བྱའོ། །བཅོམ་ལྡན་འདས་འཕགས་པ་བདུད་རྩི་ཐབ་སྦྱོར་གྱིས་ནད་པའི་སྤྱི་བོས་ནས་བརྩམས་ཏེ་རྐང་པའི་མཐར་ཐུག་
པའི་བར་དུ་ཁྱབ་པ་དང་། རྡོ་རྗེ་སེམས་དཔའི་ཕྲ་རབ་ཀྱི་ཚོགས་འཐུང་བར་བསམ་པར་བྱའོ། །དེ་ནས་ནད་པ་འཕགས་པ་བདུད་རྩི་ཐབ་སྦྱོར་དུ་གྱུར་པར་བྱའོ། །དུས་མ་ཡིན་པར་འཆི་བ་གཞིག་པ་ལ་ནི་རྡོ་རྗེ་དཱུར་བས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་
Vol. 60 · folio 64b
ལ་མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་སྤྱན་དྲངས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་དྲག་པོ་ཆེན་པོར་བསམས་ཏེ་མདུན་ན་བཞུགས་པའི་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་མེ་ཐབ་ཀྱི་དབུས་ན་བཞུགས་པར་བསམས་ཏེ། རྡོ་རྗེ་བསྡམས་པ་བཅིངས་ཏེ་མཛུབ་
མོ་གཉིས་གཞིབས་ལ་རྩེ་མོར་སྦྱར་ཏེ། མཛུབ་མོའི་རྩེ་མོར་དུས་མ་ཡིན་པར་འཆི་བར་གཡོ་བའི་གཟུགས་ཅན་བླངས་ལ། བཅོམ་ལྡན་འདས་ཀྱི་ཞལ་དུ་སྲེག་བླུགས་འབུལ་བའི་ཚུལ་གྱིས་བསྟབ་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཞེས་པར་གྱུར་པར་བསམ་པར་བྱའོ། །དམྱལ་
བ་ལ་སོགས་པའི་ངན་འགྲོ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྡིག་པ་དྲལ་བས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བདག་ཉིད་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ལ་སྔ་མ་བཞིན་དུ་རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་རྩེ་མོ་སྦྱར་ལ་མཐེ་བོང་གཉིས་འོག་ཏུ་མཉམ་པོར་བརྐྱང་ལ་
ངན་སོང་གསུམ་དེས་འདེགས་ཤིང་བསྒྲུབས་ལ་རྡོ་རྗེ་འབར་བ་ནམ་མཁའ་དང་མཉམ་པར་ངན་སོང་གསུམ་ཐལ་བར་བྱས་པར་བསམ་པར་བྱའོ། །དེ་ནས་ངན་འགྲོ་དེ་རྣམས་དེ་བཞིན་གཤེགས་པ་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ཤིང་ས་བརྒྱད་པ་ཐོབ་པར་བསམ་པར་བྱ་སྟེ།
དེ་ལྟ་བུས་ནི་སྡིག་པ་ཐམས་ཅད་དྲལ་བར་འགྱུར་རོ། །སྐུ་ཐམས་ཅད་བསྒྲུབ་པ་ནི་རྡོ་རྗེའི་སྐུའི་མཆོག་གིས་སོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ནི་སྐུ་ཐམས་ཅད་དོ། །དེའི་དངོས་གྲུབ་ནི་སྐྱེད་པ་སྟེ་རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་གཞིབས་ཏེ་
རྩེ་མོ་སྦྱར་ལ་མཐེ་བོང་གཉིས་སྐྱིལ་མོ་ཀྲུང་དུ་བྱ་བ་ནི་རྡོ་རྗེ་སྐུའི་མཆོག་སྟེ། འདི་བཅིངས་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གང་དང་གང་བསྒྲུབ་པར་འདོད་པ་དེ་དང་དེར་བདག་ཉིད་བསམ་པར་བྱ་སྟེ། དེ་ལྟ་བུས་
ནི་སྐུ་ཐམས་ཅད་འགྲུབ་པར་འགྱུར་རོ། །གསུང་ཐམས་ཅད་སྒྲུབ་པ་ལ་ནི་རང་གི་ལྕེ་ལ་རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རང་གི་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ་དེར་ཟློས་པར་བྱ་བའི་ཕྱིར་སྔགས་
Vol. 60 · folio 65a
ཡིད་ཀྱིས་བྲིས་ཏེ། རྡོ་རྗེ་སྐུའི་མཆོག་བཅིངས་ལ་གུང་མོ་གཉིས་ཀྱིས་པདྨ་ལྟར་བྱས་ནས་ངག་འབྱིན་པའི་ཚུལ་དུ་བྱས་ཏེ་དེ་ལྟ་བུས་ནི་གསུང་གི་དངོས་གྲུབ་ཏུ་གྱུར་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དངོས་པོ་ཐམས་ཅད་བདེན་པར་སྟོན་པའི་
མཚན་ཉིད་ཅན། རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གིས་འགྱུར་རོ། །ཐུགས་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་ཐུགས་བསྐྱེད་པས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། རང་གི་སྙིང་གའི་ཕྱོགས་
སུ་རྡོ་རྗེ་སྐུའི་མཆོག་བཅིངས་ལ། ཨོཾ་བོ་དྷི་ཙིཏྟོ་ཏ་པ་ད་ཡཱ་མི་ཞེས་རྡོ་རྗེའི་སྙིང་པོ་དམ་པ་ཟློས་ཤིང་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་ནི་རབ་ཏུ་དགའ་བའི་རྡོ་རྗེས་སོ་ཞེས་བྱ་བ་ནི་དེ་
བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རང་གི་སྙིང་གར་ཡི་གེ་ས་ལས་སྣ་ཚོགས་རྡོ་རྗེ་བསམས་ལ་རྡོ་རྗེ་སྐུའི་མཆོག་བཅིངས་ཏེ་གཡས་པའི་མཐེ་བོང་གཡོན་པའི་མཐེ་བོང་གི་བུ་གར་བཅུག་ལ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་ཐམས་ཅད་འགྲུབ་པར་འགྱུར་རོ། །དཀྱིལ་
འཁོར་ཐམས་ཅད་དུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བདག་ཉིད་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གློག་འགྱུ་བ་
འདེགས་པའི་ཚུལ་གྱིས་གཡས་ཕྱོགས་ནས་བསྐོར་བ་འདི་ནི་རྡོ་རྗེ་འཁོར་ལོ་སྟེ། འདིས་དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་བཅིངས་པའི་དངོས་གྲུབ་ནི་ཞེས་བྱ་བ་ན། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིངས་པའི་དངོས་གྲུབ་པོ། །དེ་ཇི་
ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོས་སོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་ནི་དེ་ཁོ་ན་ཉིད་དོ། །དེའི་གསང་བའི་དམ་ཚིག་ནི་དང་པོའི་རྡོ་རྗེའོ། །དེའི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་བསྙེམས་པའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་
Vol. 60 · folio 65b
སེམས་དཔའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་དང་། རྡོ་རྗེ་དང་བཅས་པ་བཅིངས་ལ་རང་གི་སྔགས་བརྗོད་པར་བྱ་སྟེ། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་བཅིངས་པ་བསྒྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་དམ་ཚིག་གི་ཕྱག་
རྒྱས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ་དང་། ཡི་གེ་ཧཱུཾ་གིས་བདག་ཉིད་རྡོ་རྗེ་ཁུ་ཚུར་བསམས་ལ་བསྒྲུབ་པར་བྱ་བ་རྡོ་རྗེ་རིགས་ཀྱི་ལྷ་མདུན་དུ་སྤྱན་དྲངས་ལ་སྡིགས་མཛུབ་བྱས་ཏེ། དེ་ལྟ་བུས་ནི་དེ་
དགྱེས་ནས་རང་གི་དངོས་གྲུབ་སྩོལ་བར་མཛད་དོ། །དེ་ལྟར་ན་རྡོ་རྗེ་རིགས་ཀྱི་ངོ་བོའི་དམ་ཚིག་ཐམས་ཅད་འགྲུབ་པར་འགྱུར་རོ། །ལས་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་གསང་བའི་མཆོད་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་སྦྱོར་བ་བྱས་ལ། ལྔ་པོ་བསྡུས་པ་བཅིངས་
ཏེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་སུ་བྱས་ལ་དེ་གར་བྱ་བའི་ཚུལ་གྱིས་བཏེག་ནས་སྤྱི་བོར་ཐལ་མོ་སྦྱར་བ་བྱས་ནས་ལུས་ཐམས་ཅད་ལས་བྱུང་བ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་སྒྲུབ་པའི་མཆོད་པས་བདག་ཉིད་མཆོད་པར་
གྱུར་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་ལས་ཀྱི་དཀྱིལ་འཁོར་ལ་སོགས་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ལ་ནི་བདེ་བ་ཆེན་པོའི་གསང་བའི་བདེ་བ་གྲུབ་པས་སོ་ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་འགྲུབ་པ་ནི་
དངོས་གྲུབ་ཐམས་ཅད་དེ། དེ་ནི་རྡོ་རྗེ་བདེ་བ་ཆེན་པོ་སྟེ་རྡོ་རྗེ་སེམས་དཔའི་གསང་བའི་བདེ་བ་གྲུབ་པ་བསྐྱེད་པས་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པར་འགྱུར་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་ཀྱིས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་
ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་པོའི་དབང་དུ་འགྱུར་རོ། །ཕུན་སུམ་ཚོགས་པ་ཐམས་ཅད་ལ་ནི་རྡོ་རྗེ་ལྟུང་བ་ལས་གདོན་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །
Vol. 60 · folio 66a
ལྟུང་བ་ནི་རྒུད་པ་དང་ལྡན་པའི་སེམས་ཅན་དེ་རྒྱལ་སྲིད་ལས་ཉམས་པ་རྣམས་གདོན་ཞིང་སླར་ཡང་རྒྱལ་སྲིད་ལ་གཞག་པར་བྱ་བའི་ཕྱིར་དོན་གྱི་ཕྱག་རྒྱས་རྡོ་རྗེ་ལྟུང་བ་ལས་གདོན་པའི་ཕྱག་རྒྱ་སྟེ། གང་གིས་ལྟུང་བ་ལས་སློང་བར་བྱེད་པའོ། །དེ་ནི་འདི་ཡིན་ཏེ། དེ་བཞིན་
དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ནས་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་ཏུ་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེའུ་ཆུང་གཉིས་ཕན་ཚུན་རྒྱབ་ཏུ་མདུད་པ་བྱས་ལ། མཛུབ་མོ་གཉིས་བཀན་ཏེ་གཞིབས་ལ་རྩེ་མོར་བྱས་ནས་འོག་ནས་བཏེག་ལ་དབང་བསྐུར་བའི་
གནས་སུ་བདེ་བར་གཞག་པར་བྱ་ཞིང་ཇི་ལྟར་མངོན་པར་འདོད་པའི་དབང་གིས་བདག་ཉིད་དབང་བསྐུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་རྒྱལ་སྲིད་ལས་ཉམས་པ་རྣམས་སླར་ཡང་རྒྱལ་སྲིད་ཀྱི་འབྱོར་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཐོབ་པ་ལ་ནི་
རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། རྣམ་པར་སྣང་མཛད་དུ་བདག་ཉིད་བསམས་ནས། དེ་ལྟ་བུས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །མཆོད་པ་ཐམས་ཅད་ནི་ཞེས་བྱ་བ་
ནི་མཆོད་པ་ཐམས་ཅད་དང་ཐམས་ཅད་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་དོ། །དེའི་ངོ་བོ་ཉིད་ནི་མཆོད་པ་ཐམས་ཅད་ཉིད་དོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གར་གྱི་ཕྱག་རྒྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་
བསྒྱིངས་པ་དང་བཅས་པས་གློག་འགྱུ་བ་འདེགས་པའི་ཕྱག་རྒྱས་གཡས་ནས་བསྐོར་བ་འདི་ནི་རྡོ་རྗེ་གར་ཏེ་འདིས་ནི་ཇི་སྲིད་རྡོ་རྗེ་སེམས་དཔའ་ལ་སོགས་པས་མཐར་མངོན་སུམ་དུ་གར་གྱི་སྦྱོར་བས་མཆོད་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླ་བར་བྱའོ། །རྡོ་རྗེ་ཐབས་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་བདེ་
བ་ཆེན་པོའི་རྡོ་རྗེས་སོ་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་རྡོ་རྗེ་ལ་སོགས་པ་རྡོ་རྗེ་ཐམས་ཅད་དེ། དེས་དམ་པ་གྲུབ་པ་ནི་རྡོ་རྗེ་ཐམས་ཅད་ཀྱི་དམ་པ་གྲུབ་པའི་བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་རྡོ་རྗེ་གང་ཡིན་པ་དེ་གྲུབ་པར་འགྱུར་རོ། །དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་
Vol. 60 · folio 66b
ལ། རང་གི་སྙིང་གའི་ཟླ་བ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པའམ་ཡང་ན་དེ་བཞིན་གཤེགས་པ་ལ་སོགས་པའི་རྡོ་རྗེ་གཞན་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་ཁ་ཕྱིར་བལྟས་པར་བསྒྲེང་སྟེ་གཤིབས་ལ་རྩེ་མོར་བྱས་ནས་སྙིང་གའི་ཕྱོགས་སུ་བཞག་ལ་ཞེས་བྱ་བས་དང་པོ་རྡོ་རྗེའི་རང་
བཞིན་དུ་བདག་ཉིད་བསྒོམ་པར་བྱ་སྟེ་དེ་ལྟ་བུས་ནི་རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་དམ་པར་འགྱུར་རོ། །སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་བཤད་མ་ཐག་པའི་ཕྱག་རྒྱ་བཅིངས་ལ་སེམས་དཔའི་རྡོ་རྗེ་སྙིང་པོས་
བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བདག་གོ་ཞེས་བྱ་བར་བསྒོམ་པར་བྱ་སྟེ། དེ་ལྟར་ན་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་དམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོས་སོ་ཞེས་
བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། བདག་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་བསྒོམས་ན་དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་
འཛིན་པ་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་རྡོ་རྗེ་རིགས་ཀྱི་ལྷ་ཐམས་ཅད་དོ། །དེ་རྣམས་ཀྱི་དངོས་གྲུབ་དམ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་
ཆེན་པོ་གསང་བའི་དམ་ཚིག་གི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ་དེས་དེ་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། ཆོས་ཐམས་
ཅད་རྗེས་སུ་སྤྱད་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྐུའི་གསང་བའམ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་བསྒོམ་པར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་པས་རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་འགྲུབ་པར་འགྱུར་རོ། །ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་
Vol. 60 · folio 67a
བརྒྱ་པོ་འདི་དག་ནི་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པ་པོ་ཡིན་པར་བཤད་དོ། །དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པ་པོ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་སྤྱིར་གསུངས་པ་ཡིན་པའི་ཕྱིར་རྡོ་རྗེ་ཡིད་ལས་བྱུང་བ་ནས་རྡོ་རྗེ་འབེབས་པའི་བར་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རང་གི་རྣལ་འབྱོར་
སྔོན་དུ་འགྲོ་བས་རང་གི་གནས་ཀྱི་སྒྲུབ་པར་ཤེས་པར་བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པར་བཤད་ཟིན་ཏོ།། །།དེའི་གསང་བ་ནི་དེའི་རྒྱུ་མཐུན་པར་གྱུར་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་སོགས་པ་དེ་ཁོ་ན་ཉིད་དོ། །དེའི་རྣམ་པར་རྟོག་པ་ནི་རྟོག་པའོ། །
དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་ཡང་ཉེ་བར་རྟོག་པ་ཞེས་བཤད་དོ། །དེ་ཡང་རྟོག་པ་གཞན་རྣམས་ལས་ཤིན་ཏུ་ལྷག་པའི་ཚུལ་གྱིས་མཛེས་ཤིང་འབར་བས་ན་རྟོག་པ་ཆེན་པོའི་རྒྱལ་པོའོ། །རྩ་བའི་རྒྱུད་ཀྱི་རང་བཞིན་དེ་ལས་རབ་ཏུ་དགའ་བའི་རྡོ་རྗེ་གསང་བ་ཆེན་པོ་ཞེས་བྱ་བའི་རྡོ་རྗེ་སེམས་
དཔའི་ཆོ་ག་རྒྱས་པར་ནི་བསྒྲུབ་པར་བྱ་བ་དང་བསྒྲུབ་པའི་རྒྱུན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དཔལ་མཆོག་དང་པོའི་རྒྱུད་ཆེན་པོའི་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། དཔལ་རྡོ་རྗེ་སེམས་དཔའི་རྟོག་པ་བཤད་པ་
རྫོགས་སོ།། །།དེ་ལྟར་འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའི་རྟོག་པ་གསུངས་ནས། ད་ནི་སེམས་ཅན་རང་བཞིན་བཟང་བ་དེ་བཞིན་གཤེགས་པས་འདུལ་བ་ལས་བརྩམས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་
གདུལ་བྱ་དྲན་པ་དང་། ཤེས་རབ་དང་ཡང་དག་པར་ལྡན་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གཟུངས་དང་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་རྟོག་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་སྟེ། དང་པོའི་སྦྱོར་བའི་
རྗེས་ཐོགས་ལའོ། །དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཉིད་ཡིན་ནོ། །བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །བཅོམ་ལྡན་འདས་འདིའི་ཁྱད་པར་ཇི་ལྟ་བུ་ཞེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་རྡོ་རྗེ་
Vol. 60 · folio 67b
ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གཉིས་སུ་མེད་པའི་དྲན་པ་དང་ཤེས་རབ་དང་ཡང་དག་པར་ལྡན་པའི་ཐུགས་སོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ། །བདེ་བའི་སེམས་དཔའི་ནི་རྒྱུའི་རང་བཞིན་དུ་དེ་བཞིན་གཤེགས་པའི་ཐུགས་ལ་གནས་པ་སེམས་དཔའི་རྡོ་རྗེའི་
ཚུལ་རྡོ་རྗེ་འཆང་ཆེན་པོའོ། །དེའི་བྱིན་གྱི་རླབས་ནི་སྔོན་གྱི་འཕེན་ཤུགས་སོ། །དེའི་གསང་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་ངོ་བོར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའོ། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ནི་ཕྱག་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པའོ། །དེ་ལ་རྡོ་རྗེ་སེམས་དཔས་གསོལ་བ་བཏབ་བོ་ཞེས་སྦྱར་རོ། །ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་འཁོར་ལོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྟེ། རྗེས་ཐོགས་ཉིད་ལ་སྟོན་པར་མཛད་པར་གྱུར་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་ཅིང་ཐུགས་ལ་གཞག་པར་མཛད་པའི་ཏིང་ངེ་འཛིན་གང་གིས་རྡོ་རྗེ་ལྟར་མི་ཕྱེད་པར་གྱུར་པས་མིང་དེ་སྐད་ཅེས་
བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་རང་གི་རྡོ་རྗེ་སེམས་དཔའ་སྟེ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་གསོལ་བ་འདེབས་ཤིང་གསོལ་བ་ལ་ཞུགས་པར་འགྱུར་བའོ། །དེ་ཇི་ལྟ་བུ་ཞེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ཆེན་པོ་ནི་ཐར་
པ་ཆེན་པོའོ། །དེ་རབ་ཏུ་གྲུབ་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཚུལ་གྱིས་རྫོགས་པའོ། །དེའི་དོན་དུ། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། །ཞེས་བྱ་བ་སྟེ། འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདོད་ཆགས་ཆེན་པོ་སྟེ། གཟུགས་ཐམས་
ཅད་ཀུན་དུ་སྟོན་པས་སེམས་ཅན་གྱི་དོན་མཛད་པའོ། །དེའི་རྣམ་པར་དག་པ་ནི་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པར་འཇུག་པའོ། །དེ་བཞིན་གཤེགས་པའི་མཐའ་ཡས་ཉིད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཐའ་ཡས་ཤིང་ཚད་མེད་པའོ། །
Vol. 60 · folio 68a
ནམ་མཁའ་དང་མཉམ་པ་ནི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱེད་པའོ། །བསྐྱེད་དུ་གསོལ་ཞེས་བྱ་བ་ནི་ཀུན་ནས་བསླང་བའོ། །རིགས་དམ་པ་ནི་རིགས་བཟང་ཞིང་མཛེས་པ་སྟེ་རིགས་ཀྱི་མཆོག་སྐྱེད་པར་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །འདིས་ནི་འདི་སྐད་
སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་པའི་ཕྱིར། རང་གི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསོལ་བ་བཏབ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་
འཆང་ཆེན་པོས་གཟུངས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་རིགས་སྤྲུལ་པར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསོལ་བ་བཏབ་ནས་དེ་བཞིན་གཤེགས་པའི་དཀྱིལ་
འཁོར་སྤྲུལ་པའི་ཕྱིར་གཟུངས་གསུངས་པ་ཡིན་ནོ། །ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ། །དེ་ཉིད་ནི་བདེ་བ་ཆེན་པོའི་རྒྱུ་མཐུན་པ་
ཡིན་པའི་ཕྱིར་བདེ་བ་ཆེན་པོ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་བདེ་བ་ཆེན་པོའོ། །དེ་མི་ཕྱེད་པའི་རྣམ་པར་གནོན་པ་ནི་སྐྱེས་བུ་བྱེད་པའི་རྩལ་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱིས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལ་དེ་བཞིན་གཤེགས་པའི་
གཟུངས་རྟོགས་པ་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་གནོན་པ་དེ་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཅི་ཞིག་མཛད་ཅེ་ན་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ་བྱང་ཆུབ་
མཆོག་གི་ཕྱག་རྒྱ་ཕྱག་གཉིས་ཀྱིས་བཅིངས་ནས། སྐུའི་རྡོ་རྗེ་ཐམས་ཅད་ལ་ནི་ཕྱག་རྒྱ་ཆེན་པོའི་ཕྲ་རབ་ཐམས་ཅད་གསུང་གི་རྡོ་རྗེ་ཐམས་ཅད་ལ་ནི་ལྗགས་ཀྱི་ཕྲ་རབ་ཐམས་ཅད་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་ལ་ནི་རང་གི་ཐུགས་ཀར་གནས་པའི་སེམས་དཔའི་རྡོ་རྗེ་ཕྲ་རབ་ཐམས་ཅད་ཞུགས་པར་
Vol. 60 · folio 68b
གྱུར་ཏོ། །དེ་ནས་ཞུགས་ཏེ་ཅི་ཞིག་མཛད་ཅེ་ན། ཐམས་ཅད་ཀྱི་བདག་ཉིད་དང་མཉམ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྡུལ་ཕྲ་རབ་ཐམས་ཅད་ལ་ཕྲ་རབ་དེ་རྣམས་ཕྲ་རབ་གཅིག་ཀྱང་མང་པོར་ཞུགས་ཏེ། དེ་ལྟར་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་
ཐུགས་རྡོ་རྗེའི་ངོ་བོ་ཐམས་ཅད་ཀྱི་བདག་ཉིད་རྣམ་པར་སྣང་མཛད་རྣམ་པར་སྤྲོས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྲ་རབ་མ་ལུས་པ་དེར་ཁྱབ་ནས་དེ་དང་ཆུ་དང་འོ་མ་བཞིན་དུ་གཅིག་ཏུ་གྱུར་པའོ། །བདེ་བ་ཆེན་པོའི་རྡོ་རྗེ་ནི་གཉིས་སུ་མེད་པའི་དྲན་པ་དང་ཤེས་རབ་དང་རབ་ཏུ་ལྡན་པའི་
དེ་བཞིན་གཤེགས་པའི་ཐུགས་སོ། །དེའི་ཕྱག་རྒྱ་ནི་དེའི་རྒྱུ་མཐུན་པ་ལས་གྱུར་པའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ། །དེ་སྐྱེད་པར་བྱེད་པའི་གཟུངས་གང་ཡིན་པ་དེ་གསུངས་པ་ནི་བཀའ་སྩལ་པ་སྟེ། ཨོཾ་དྷཱི་ཞེས་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་
ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛད་དང་གཅིག་ཏུ་གྱུར་ནས། ཨོཾ་དྷཱི་ཞེས་བྱ་བའི་གཟུངས་འདི་གསུངས་པ་ཙམ་གྱི་རྗེས་ཐོགས་ཉིད་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་
སྲས་དང་བཅས་པ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །དེ་ནས་དེ་རྣམས་རྣམ་པ་དྲུག་ཏུ་གཡོས་པས་བསྐུལ་བར་གྱུར་པས་འདུས་པར་མཛད་དོ། །བརྟན་པ་ནི་མི་ཕྱེད་པའོ། །དེ་ལ་རྣམ་པ་དྲུག་ཏུ་གཡོས་པ་ནི་འདི་ཡིན་ཏེ། སྐུའི་སྟོད་མཐོན་ནི་སྐུའི་སྨད་དམའ། སྐུ་སྨད་མཐོ་ན་
སྐུ་སྟོད་དམའ། གཡས་ལོགས་མཐོ་ན་གཡོན་ལོགས་དམའ། གཡོན་ལོགས་མཐོ་ན་གཡས་ལོགས་དམའ། སྐུའི་དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའོ། །ཐམས་ཅད་གྲུབ་པའི་ཕྱིར་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞུགས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་
དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱིས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་ཞུགས་སོ། །ཅི་ཞིག་མཛད་
Vol. 60 · folio 69a
ནས་ཞུགས་ཤེ་ན། བཞད་པ་ཆེན་པོའི་ཁྱད་པར་གྱིས། །རྨད་བྱུང་ཆེན་པོ་རབ་ཏུ་བཞད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཞད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བཞད་པ་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བདག་ཉིད་
ཀྱི་དངོས་པོ་ཐམས་ཅད་དུ་འགྲོ་བའི་དོན་ལ་འཛུམ་པ་རབ་ཏུ་མཛད་དོ། །ངོ་མཚར་ཆེན་པོར་གྱུར་པའི་ཚུལ་ནི་རྨད་བྱུང་ཆེན་པོའོ། །འདིས་ཀྱང་དོན་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་སྤྲུལ་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་
གཟུངས་ཐོབ་པར་གཟིགས་པས་ཐུགས་དགྱེས་པར་གྱུར་ནས་བཤད་པ་ཆེན་པོ་ཐམས་ཅད་དུ་སོང་བའི་འཛུམ་པ་མཛད་པར་གྱུར་ཏོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བཞད་པ་ཆེན་པོའི་ཁྱད་པར་གྱིས། །རྨད་བྱུང་ཆེན་པོར་རབ་ཏུ་བཞད། །ཅེས་བྱ་བའི་བར་གྱིས་ནི་ཏིང་ངེ་
འཛིན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་སྒོ་དབྱེ་བ་བྱས་ལ་བསྡུ་བར་བྱའོ། །དེ་ནས་དེ་བཞིན་དུ་རང་གི་དབང་བསྐུར་བ་བླངས་པའི་ཕྱིར། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་
བཅས་པ་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྒྲུབས་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ནས་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ་ལས་ལ་སྦྱོར་བར་བྱ་སྟེ། འདི་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་སྟེ། ཏིང་ངེ་འཛིན་གསུམ་པའོ། །
དེ་ལ་ལས་ནི་འདི་རྣམས་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིས་དྲན་པ་དང་གཟུངས་དང་། ཡེ་ཤེས་རྟོགས་པར་མཛོད་ཅིག །རྡོ་རྗེ་མཚོན་ཆ་མ་
ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱིས་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ལས་ལ་སྦྱར་བ་ཉིད་ཡིན་པར་ཤེས་པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་
Vol. 60 · folio 69b
ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་དེ་ལྟར་ལས་ཀྱི་རྒྱལ་པོ་མཆོག་གསུངས་པའི་རྗེས་
ཐོགས་ཉིད་ལའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐུའི་ཚུལ་འཛིན་པར་མཛད་པའི་རྣམ་པར་སྣང་མཛད་ལ་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་བཞིན་དུ་རྡོ་རྗེ་བསྙེམས་པས་ཞུགས་ཏེ་ཞེས་བྱ་བ་ནི།
ཇི་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོས་བཞུགས་པ་དེ་བཞིན་དུ་འདིར་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་བསྙེམས་པས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་ཞུགས་ནས་དཀྱིལ་འཁོར་འདི་གསུངས་སོ་ཞེས་
བྱ་བར་སྦྱར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །བདེ་བ་ཆེན་པོའི་དམ་ཚིག་ཅེས་བྱ་བ་ལ་བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོའོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་གཟུངས་སོ། །དེ་ཉིད་ནི་རྡོ་རྗེ་གསང་བ་སྟེ། སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་བཅོམ་ལྡན་
འདས་རྣམ་པར་སྣང་མཛད་ཀྱི་མི་ཕྱེད་པའི་གསང་བའོ། །མིང་དེ་སྐད་ཅེས་བྱ་བའི་གཟུངས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་གསུངས་པ་ནི་བཀའ་སྩལ་པའོ། །ཇི་ལྟར་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའི་
དཀྱིལ་འཁོར་ཆེན་པོར་བཤད་པའི་སྔོན་དུ་བསྙེན་པའི་ཆོ་གས་བསྙེན་པར་བྱས་ལ། དེ་ནས་ས་སྦྱང་བ་དང་། ཁང་པ་བརྩེགས་པ་དང་བསྲུང་བའི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་ལྷག་པར་གནས་པར་བྱས་ནས་ཇི་ལྟར་བཤད་པའི་ཆོ་གས་ཐིག་གདབ་པར་བྱའོ། །དེ་ནས་ཚོན་རྩི་དགྱེ་བ་བྱས་ནས་
ས་མ་ཡ་སྟྭཾ་ཨོཾ་དྷཱི་ཞེས་ཟློས་ཤིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བར་སྣང་ལས་བབས་ཏེ་སྣ་ཚོགས་པདྨའི་གདན་ལ་ལུགས་མའམ་བརྐོས་པ་ལ་སོགས་པའི་གཟུགས་བརྙན་གྱི་སྐུ་རྡོ་རྗེ་སེམས་དཔའ་ལྟར་རྡོ་རྗེ་བསྙེམས་པ་འཆང་བ་དང་གཅིག་ཏུ་བྱའོ། །དེ་ལྟར་དེ་བཀོད་ནས་དེ་
Vol. 60 · folio 70a
བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཇི་ལྟ་བུ་ཞེ་ན། དམ་ཚིག་རྣམས་ཀྱི་མཆོག་གི་མཆོག་ནི་དམ་པའོ། །དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེའོ། །སྲས་དང་བཅས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རྡོ་
རྗེ་མཚོན་ཆ་མ་ལ་སོགས་པ་དང་བཅས་པ་བཟུང་སྟེ་དེ་དག་ཡོངས་སུ་དགོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མེ་ཏོག་ལ་སོགས་སྤྱིར་ཐལ་སྦྱར། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས་ཀྱི་སེམས་དཔའ་འདི་དག་ཉིད་དང་། མེ་ཏོག་དང་། བདུག་པ་དང་
མར་མེ་ཆེན་པོ་དང་། དྲི་ལ་སོགས་པ་ཐལ་མོ་སྦྱོར་བ་སྤྱི་བོར་འཇོག་པར་རྡོ་རྗེ་སྦྲང་རྩི་མ་ལ་སོགས་པའི་གཟུགས་སུ་གནས་པར་བྲི་བར་བྱའོ། །དེ་བཞིན་དུ་སྒེག་མོ་ལ་སོགས་པའི་གཟུགས་འཛིན་པའི་ལྷ་མོ་ལ་སོགས་པ་བྲི་བར་བྱའོ། །དེ་ལ་འདི་ནི་འཇུག་པའི་ཆོ་ག་རྒྱས་པའི་ཁྱད་པར་
ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བའི་སྒྲ་ནི་ཚིག་ཉེ་བར་དགོད་པའི་དོན་ཏོ། །འདི་ནི་ཞེས་བྱ་བ་ལ་ཐུགས་ལ་གནས་པར་གསུངས་ཏེ། འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སོགས་པའི་སྒྲས་ནི། ཐོག་མཐའ་མེད་པའི་སེམས་དཔའ་ནི། །
ཞེས་བྱ་བ་ནས་བརྩམས་ཏེ་མཆོད་ཅིང་ཕྱག་བྱས་ནས་སླར་བྱུང་ཞེས་བྱ་བའི་བར་གྱིས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་ག་རྣམས་གཟུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བའི་ཕྱག་རྒྱས་འཇུག་པར་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་
པའི་ཁུ་ཚུར་གཉིས་བཅིངས་ལ་དེས་མེ་ཏོག་གི་ཕྲེང་བ་བླངས་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ་དཀྱིལ་འཁོར་དུ་འཇུག་པའོ། །འདིའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བའི་ཕྱག་རྒྱས་ཏེ། དེས་དཀྱིལ་འཁོར་འདིར་འཇུག་པར་བྱའོ། །ཇི་ལྟར་ཞེ་ན། གླུ་འདི་ཡིས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡིས་ཞེས་བྱ་བ་ནི་འོག་ནས་བཤད་པའི་རྗེས་ཐོགས་ཉིད་ལ་བཤད་པའི་རྡོ་རྗེ་གླུས་སོ། །རྡོ་རྗེ་བསྡུས་པས་ན་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་ནི་རྡོ་རྗེ་སེམས་དཔས་བསྡུས་ཤིང་ཉེ་བར་
Vol. 60 · folio 70b
བླངས་པ་ཡིན་ཏེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་རིགས་སུ་ཆུད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྡོ་རྗེ་སེམས་དཔའི་བསྡུས་པའི་རྒྱུ་དེས་ན། རྡོ་རྗེ་རིན་ཆེན་བླ་ན་མེད་པར་འགྱུར་རོ་ཞེས་བྱ་བར་ཤུགས་ཀྱིས་སྦྱར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་
སེམས་དང་སེམས་ལས་བྱུང་བ་དང་། རིན་པོ་ཆེའི་རིགས་ནི་རྡོ་རྗེ་རིན་ཆེན་དེ་ཉིད་ནི་འདིའི་གོང་ན་གཞན་མེད་པས་བླ་ན་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། པདྨའི་རིགས་ནི་རྡོ་རྗེ་ཆོས་ཏེ་དེ་རྣམས་ཀྱི་གླུ་བླངས་པས་
ནི་སོ་སོ་རང་རིག་པའི་རྣམ་པས་མངོན་དུ་བྱེད་པས་ནི་རྡོ་རྗེ་ཆོས་ཀྱི་གླུ་བླངས་པ་ཡིན་ཏེ། རྡོ་རྗེ་ཆོས་ནི་གླུ་བླངས་པ་དེས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྒྱུར་གྱུར་པས། རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་སྒྲུབ་པ་པོས་བོས་པ་ཡིན་ཏེ། ལས་ཀྱིས་
དངོས་གྲུབ་གསོལ་བ་འདེབས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་དང་། ལས་ཀྱི་རིགས་ནི་རྡོ་རྗེ་ཞེས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོན་ཡོད་པར་གྲུབ་པའི་རང་བཞིན་ཅན་གྱི་སེམས་ལས་དེ་དག་བྱེད་ཅིང་རྫོགས་པར་གྱུར་
པར་མཛོད་ཅིག་ཅེས་སློབ་དཔོན་གྱིས་བོད་པའི་ཚིག་ཏུ་སྨྲས་པ་དང་། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་དེ་ལྟར་ཞུགས་ནས་ཐོག་མཐའ་མེད་པ་ཞེས་བྱ་བ་ནས་བརྩམས་ཏེ། མཆོད་ཅིང་ཕྱག་བྱས་ལ་སླར་བྱུང་ཞེས་བྱ་བའི་བར་གྱི་ཆོ་ག་རྣམས་སྦྱང་བའི་
རྗེས་ཐོགས་ཉིད་ལ་སྒོ་དབྱེ་བ་དང་བསྡུ་བ་བྱས་ནས། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ། དེ་ནས་དགུག་པར་བྱ་བ་ཡིན་ནོ། །གང་གིས་དེ་འགུགས་པར་བྱེད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་དྲན་པ་དང་ཤེས་རབ་དང་ཡང་དག་པར་ལྡན་པའི་གཉིས་སུ་མེད་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་ཏེ་དེས་སྟོན་པར་བྱེད་པའི་རིགས་ལས་ཉེ་བར་གདགས་པས་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་
Vol. 60 · folio 71a
ཏེ། དེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་དགུག་པར་བྱའོ། །ཕྱག་རྒྱ་གང་ཞིག་ཅེ་ན། བདེ་བ་ཆེན་པོའི་རྡོ་རྗེའི་ལྕགས་ཀྱུས་སོ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ།
མཛུབ་མོ་གཡས་པ་ལྕགས་ཀྱུར་བྱས་ལ་འདི་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུ་མ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཆོ་ག་རྒྱས་པ་ནི་དེ་བཞིན་ནོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བགེགས་བསལ་བ་ལ་སོགས་པའི་ཆོ་ག་གསུངས་པ་
དེ་བཞིན་དུ་འདིར་བྱ་སྟེ། འདི་ནི་སློབ་དཔོན་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་ཡིན་ནོ། །ཡང་འདིའི་ཆོ་གའི་དོན་གསལ་བར་བྱ་བའི་ཕྱིར་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་རིམ་པས་སྔོན་དུ་བསྙེན་པའི་ཆོ་གས་
རྗེས་སུ་སྤྱད་ལ། ས་སྦྱང་བ་དང་། ཡོངས་སུ་གཟུང་བ་བྱས་ལ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་རེ་ཞིག་དང་པོར་བགེགས་གཞོམ་པ་ལ་སོགས་པ་བྱས་ལ། དེ་ནས་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བར་བྱའོ། །དེ་ནས་
རིམ་པ་འདིས་རྣལ་འབྱོར་ཆེན་པོ་བྱའོ། །དེ་ལ་དང་པོར་རེ་ཞིག་བཛྲ་ཨཉྫ་ལི་ཞེས་བྱ་བས་རྡོ་རྗེ་ཐལ་མོ་བཅིངས་ལ། བཛྲ་བནྡྷ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་བྱས་ནས་བཛྲ་བནྡྷ་ཏྲཊ་ཅེས་བྱ་བས་རྡོ་རྗེ་ཐལ་མོ་སྙིང་གར་དགྲོལ་བར་བྱའོ། །བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བས་རྡོ་རྗེ་འབེབས་པའི་དམ་
ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་ཕྱག་རྒྱ་བཀྲོལ་ལ་བཛྲ་མུཥྚི་ཞེས་བྱ་བ་ཟློས་ཤིང་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཨོཾ་བཛྲ་སནྡྷི་བཾ་ཞེས་བྱ་བ་ལན་གསུམ་བཟླ་བར་བྱའོ། །དེ་ནས་
ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དག་གིས་དམ་ཚིག་གི་ཕྱག་རྒྱས་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་བཅིངས་ནས། དེ་རྣམས་ཀྱིས་རང་རང་གི་སྙིང་པོ་ལན་གསུམ་བརྗོད་ནས། ཨོཾ་བཛྲ་མུཿཞེས་བརྗོད་དེ་རང་གི་སྙིང་གར་
Vol. 60 · folio 71b
ཕྱག་རྒྱ་བཀྲོལ་བའི་རྣམ་པར་སྣང་མཛད་ནས་རྡོ་རྗེ་འབེབས་པའི་བར་དུ་རང་གི་སྙིང་གར་གནས་པའི་སེམས་མ་རྡོ་རྗེ་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་དེ་བཞིན་དུ་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་བར་བྱའོ། །དེ་ནས་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་དེ་བཞིན་དུ་རྣམ་པར་སྣང་
མཛད་དུ་བསམས་ལ། རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ས་མ་ཡ་སྟྭཾ་ཧཾ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་དེ་ཉིད་ཀྱིས་སྙིང་ག་དང་དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་ཅིང་ས་མ་ཡ་སྟྭཾ། ས་ཏྭ་ཨ་དྷི་ཏིཥྛ་
སྭ་མཱཾ། ཞེས་བརྗོད་དེ། དེ་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་བསྙེམས་པར་བྱས་ཏེ་བཞག་ལ། གཡས་པས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ལ་གསོར་ཞིང་རང་གི་སྙིང་གར་བསྟོད་པའི་ཚུལ་
གྱིས་བཞག་ལ། ཨོཾ་དྷི་ཞེས་བྱ་བའི་གཟུངས་བརྗོད་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་སྣང་མཛད་དུ་རང་ཉིད་འགྱུར་རོ། །འདི་ནི་བདག་ལ་བྱིན་གྱིས་བརླབ་པར་ཡང་འགྱུར་བ་ཡིན་ནོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རྣམ་པར་
སྣང་མཛད་ཀྱི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པའི་སྦྱོར་བས་ཞུགས་ལ་བསྐྱེད་པར་བྱའོ། །དེ་ནས་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་ཞུགས་ལ་རང་གི་མགོ་ལ་མེ་ཏོག་གི་ཕྲེང་བ་གཏོར་ཏེ་བླངས་ནས་ཇི་ལྟ་བ་བཞིན་དུ་བཅིངས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་
དུ་རྗེས་སུ་སྤྱད་ལ་དཀྱིལ་འཁོར་དེ་རང་གི་སྙིང་གའི་ཟླ་བར་གནས་པ་དང་གཅིག་ཏུ་གྱུར་པར་བསམས་ལ་རྗེས་སུ་སྦྱོར་བར་བྱས་ལ། རྡོ་རྗེ་དབྱིངས་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་རང་གི་སྙིང་གའི་ཟླ་
བའི་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །བཛྲ་རཏྣ། ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་དཔྲལ་བའི་གནས་སུ་རྡོ་རྗེ་རིན་པོ་ཆེའོ། །བཛྲ་དྷརྨ་ཨ་སྭ་མཱཾ་ཞེས་བྱ་བས་ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨ། བཛྲ་ཀརྨ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་པས་སྤྱི་བོར་རྡོ་རྗེ་སྣ་ཚོགས་བསམ་པར་བྱའོ། །དེ་ནས་རྡོ་རྗེ་
Vol. 60 · folio 72a
རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་ལ་ཡི་གེ་གཉིས་ཀྱི་ཆོ་གས་བདག་ཉིད་གོ་བགོས་ལ་མཐར་མཉམ་པའི་ཐལ་མོས་མཉེས་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ནས་དེ་བཞིན་གཤེགས་པའི་རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བླངས་
ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། རྣམ་པར་སྒེག་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་བྱས་ནས་དེ་ཁོ་ན་ཉིད་ཀྱིས། དེ་བཞིན་གཤེགས་པའི་རྡོ་རྗེ་
གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཨོཾ་དྷཱི་ཞེས་བྱ་བ་ལན་གསུམ་བརྗོད་པར་བྱའོ། །དེ་ལྟར་རྣལ་འབྱོར་ཆེན་པོ་བསྐྱེད་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་ས་ལ་བཞག་སྟེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བརྗོད་ཅིང་། བཅོམ་
ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་ནམ་མཁའི་གཏོས་ཐམས་ཅད་དང་མཉམ་པར་བསྐྱེད་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་ཧྲཱིཿལས་སྣ་ཚོགས་པདྨའི་གདན་རྣམ་པར་བསམས་ལ་དེ་ནས་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བདག་ཉིད་
སྤྲོ་བ་བསྐྱེད་པར་བྱའོ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལ། །མི་ལྡོག་པར་ནི་བདག་གྱུར་པ། །དེ་བཞིན་གཤེགས་
པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་ནི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་བརྗོད་ལ་དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། དང་པོའི་
སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོའི་མཆོག་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཨོཾ་དྷཱི་ཞེས་བཟླ་བར་བྱའོ། །དེ་ནས་བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་
Vol. 60 · folio 72b
བ་བཏབ་པར་གྱུར་པར་བསམས་ལ། བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྙིང་པོ་ཡིད་ནི་བརྟག་པ་ཉིད། །བདེ་ཆེན་མྱུར་དུ་གྲུབ་པར་མཛོད། །དེ་ནས་ལངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་གང་བར་བསམས་ལ། དེ་བཞིན་
གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བ་འདི་སྐད་བརྗོད་དོ། །བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །བདག་ཉིད་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བརྟན་བདག་ཉིད། །
བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབ་པ་མི་འདོར་རོ། །ཨོཾ་དྷཱི་ཞེས་བྱ་བ་བརྗོད་པར་བྱའོ། །དངོས་གྲུབ་ཆོ་ག་ཐམས་ཅད་ལ། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོ་ག་ལྷག་གམ་མ་ཚང་བ། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་
གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་། ཨོཾ་དྷཱི་བཛྲོ་ཏིཥྛ་མཎྜལ་ཨུད་ཐ་པ་ཡེ་ཞེས་བརྗོད་ལ་དཀྱིལ་འཁོར་བཏེག་ལ་ནམ་མཁར་བཞག་སྟེ། དེ་ཉིད་ཀྱིས་བདག་ལ་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲོ་དྲྀཥྚི་
མ་ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །སྙིང་པོ་ཡང་དག་ཟློས་བྱེད་ཅིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །ཨོཾ་དྷཱི་ཨ་ལས་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་བསམས་ལ་རྐང་མཐིལ་ནས་
བརྩམས་ཏེ་ནམ་མཁའི་ཁམས་མ་ལུས་པའི་གཏོས་དང་མཉམ་པའི་སའི་ཆ་རྡོ་རྗེར་གྱུར་པར་བསམ་པར་བྱའོ། །རྡོ་རྗེའི་ལྟ་བས་ཀྱང་གཡོན་ནས་བསྐྲད་པ་དང་། གཡས་ནས་འོག་བཅིང་བ་དང་། ནམ་མཁའ་བཅིང་བ་དང་། ཕྱོགས་དང་མཚམས་དང་དཀྱིལ་འཁོར་བཅིང་བ་བྱས་
ནས་རྭ་བ་དང་དྲ་བ་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་ཕྱེ་བ་ལ་གསང་བའི་དཀྱིལ་འཁོར་རྡོ་རྗེ་རྒྱུའི་ངོ་བོ་ཞལ་བཞི་པ་ཕྱག་བཞི་པ་ཕྱག་རྒྱ་འདི་དང་ལྡན་པས་དགུག་པར་བྱའོ། །ཨོཾ་བཛྲ་མཎྜ་ལ་ཧཱུཾ་ཛཿཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་དང་མཐེ་བོང་རྡོ་རྗེ་བྱས་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་
Vol. 60 · folio 73a
རྒྱ་ཞེས་བྱ་སྟེ་དཀྱིལ་འཁོར་ཐམས་ཅད་འགུགས་པར་བྱེད་པའོ། །ཨོཾ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སཏྟི་ཡ་ཧཱུཾ་ཞེས་བྱ་བའི་རིག་པའི་ཕྱག་རྒྱ་དང་ལྡན་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་མགལ་མེའི་འཁོར་ལོ་བསྐོར་
བའི་ཚུལ་དུ་བྱའོ། །དེ་ནས་སེང་ལྡེང་ལ་སོགས་པའི་ཕུར་བུ་ཞེས་བྱ་བ་ནས་བསང་ཆུའི་བུམ་པ་གཞག་པའི་བར་སྔ་མ་བཞིན་དུ་ཐིག་གདབ་པར་བྱའོ་ཞེས་བྱ་བའི་བར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། ཚོན་དམར་པོ་དང་ལྗང་གུ་དང་སྔོན་པོ་དང་
སེར་པོ་དང་དཀར་པོས་ཇི་སྐད་བཤད་པའི་ཚུལ་གྱིས་ཕྱི་རོལ་གྱི་རྭ་བ་ནས་བརྩམས་ཏེ་རྭ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྲིས་ལ་སྣ་ཚོགས་པདྨའི་གདན་ལ་སོགས་པ་ཡང་དག་པར་བྲི་བར་བྱའོ། །དཀྱིལ་འཁོར་འདི་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བས། དཀྱིལ་འཁོར་
དབུས་མའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཟླ་བའི་མདོག་ཅན་ཕྱག་གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་འགྱིང་བག་གིས་བསྣམས་པ། ཕྱག་གཡས་པ་ལ་དེ་བཞིན་གཤེགས་པའི་རྡོ་རྗེ་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་བསྣམས་པ་
འཛུམ་པ་དང་བཅས་པ། འོད་ཟེར་དམར་པོ་འབར་བ་ཀུན་དུ་འཁྲུག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་བསྐུར་བ་སྣ་ཚོགས་པདྨ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་སྐུ་དྲང་པོར་བཞག་སྟེ་བཞུགས་པ། ཨོཾ་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་བྲི་
བར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་མཚོན་ཆ་མ། ཕྱག་གཡོན་ན་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་མེ་ཏོག་གི་གཞུ་བསྣམས་པ་ཕྱག་གཡས་པས་རྡོ་རྗེ་མདའ་གསོར་བ་ལ་བརྩོན་པའོ། །བཅོམ་ལྡན་འདས་ཀྱི་
གཡས་ལོགས་སུ་རྡོ་རྗེ་ཀི་ལི་ཀི་ལའི་གནས་སུ་རྡོ་རྗེ་ཀི་ལི་ཀི་ལ་མ་ཕྱག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་པས་དེ་བཞིན་གཤེགས་པའི་རྡོ་རྗེ་རང་གི་ཐུགས་ཀའི་གནས་སུ་འཁྱུད་པའི་ཚུལ་གྱིས་བཞུགས་པའོ། །བཅོམ་ལྡན་འདས་ཀྱི་རྒྱབ་ལོགས་སུ་རྡོ་རྗེ་དྲན་པའི་
Vol. 60 · folio 73b
གནས་སུ་རྡོ་རྗེ་དྲན་མ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་ཤིང་གཡོན་པས་གདན་ལ་བསྙེམས་པ་དང་བཅས་པས་བཞུགས་པའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རྡོ་རྗེ་སྙིང་པོའི་གནས་སུ་རྡོ་རྗེ་སྙིང་པོ་མ། དེ་བཞིན་གཤེགས་པའི་ཁུ་ཚུར་
གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་བསྣམས་ཤིང་བསྙེམས་ཚུལ་གཉིས་ཀྱིས་བཞུགས་པ་ལ་བརྩོན་པའོ། །ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་མེའི་མཚམས་སུ་རྡོ་རྗེ་མི་ཕྱེད་མ། བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་སྤྲིན་མ། རླུང་གི་མཚམས་སུ་རྡོ་རྗེ་སྟོན་མ། དབང་ལྡན་གྱི་མཚམས་སུ་རྡོ་རྗེ་
དགུན་མ་སྟེ། གོ་རིམས་བཞིན་དུ་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་སྤྱི་བོར་ཐལ་མོ་སྦྱོར་བའི་ཚུལ་གྱིས་བསྣམས་པར་རོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུར་མེའི་མཚམས་སུ་སྒེག་མོ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་དེ་བཞིན་
གཤེགས་པའི་རྡོ་རྗེ་བསྣམས་ནས་རྡོ་རྗེ་བསྙེམས་མའི་ཚུལ་གྱིས་བསམ་པ་གཡོས་པ་དང་རབ་ཏུ་འདུད་པའོ། །བདེན་བྲལ་གྱི་མཚམས་སུ་བཞད་མ་ཕྱག་གཡས་ན་སོའི་ཕྲེང་བ་གཉིས་དང་ལྡན་པ། དེ་བཞིན་གཤེགས་པའི་རྡོ་རྗེ་བསྣམས་ནས། རྣམ་པར་སྣང་མཛད་ལ་སོགས་
པ་རང་གི་འཛུམ་པ་རྨད་དུ་བྱུང་བ་ལ་འཇོག་པ། ཕྱག་གཡོན་གདན་ལ་བསྙེམས་པའི་ཚུལ་གྱིས་བཞུགས་པའོ། །རླུང་གི་མཚམས་སུ་གླུ་ཆེན་པོ་རྡོ་རྗེ་པི་ཝང་ལེན་པར་བརྩོན་པའོ། །དབང་ལྡན་གྱི་མཚམས་སུ་གར་མ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཕྱག་གཉིས་ན་བསྣམས་
ནས་གར་མཛད་པར་བཞུགས་པའོ། །ཕྱི་དང་ནང་དུ་བཅས་པའི་ཤར་སྒོ་གཉིས་སུ་རྡོ་རྗེ་ལྕགས་ཀྱུ་མ་རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པར་མཛད་པའོ། །ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ཞགས་པ་མ་རྡོ་རྗེ་ཞགས་པས་དེ་བཞིན་གཤེགས་པ་ཐམས་
ཅད་དཀྱིལ་འཁོར་དུ་འཇུག་པར་མཛད་པའོ། །ནུབ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ལྕགས་སྒྲོག་མ་རྡོ་རྗེ་ལྕགས་སྒྲོག་གིས་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་མཛད་པའོ། །བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་འབེབས་མ་རྡོ་རྗེ་དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་དབང་
Vol. 60 · folio 74a
དུ་མཛད་ཅིང་ཡང་དག་པར་བཞུགས་པ་བྲི་བར་བྱའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་གོ་རིམས་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། །ཨོཾ་བཛྲ་དྷིཥྛ་སཱ་མ་ཀེ་མ་ཊ། ཨོཾ་བཛྲ་ཀི་ལི་ཀི་ལ་ཧཱུཾ། ཧཱུཾ་བཛྲ་སྨ་ར་བཛྲི་ཎི་བནྡྷ། ཧཱུཾ་ཏུ་ཥྱ་ཏ་བཛྲ་ཎི་ཧཱུཾ། ཧཱུཾ་བཛྲ་མེ་གྷེ། ཧཱུཾ་ཤ་རད་བཛྲི།
ཧཱུཾ་བཛྲི་ཤེ་ཤི་ནི། ཧཾ་བཛྲ་ལཱ་སྱེ། ཧཱ་ས་བཛྲ་ཎི། ཨོཾ་བཛྲ་གཱི་ཏེ། ཨོཾ་བཛྲ་ནྲྀ་ཏྱ་བཛྲི། ཛཿབཛྲ་ཨཾ་ཀུ་ཤེ། ཧཱུཾ་བཛྲ་པཱ་ཤེ། བཾ་བཛྲ་སྥོ་ཊེ། ཨ་བཛྲ་གྷཎྚེ། འདི་དག་ཐམས་ཅད་ལ་སྣ་ཚོགས་པདྨའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སངས་རྒྱས་ལྔའི་ཅོད་པན་ཅན་
སྐུ་མདོག་དཀར་པོ་རྣམ་པར་སྣང་མཛད་ལ་མངོན་པར་ཕྱོགས་པའོ། །དེ་ནས་དཀྱིལ་འཁོར་གྱི་སྒོ་ཇི་ལྟ་བ་བཞིན་དུ་ཕྱེ་ལ། མཆོད་ཡོན་ཕུལ་ཏེ། བུམ་པ་ལ་སོགས་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པ་ལ་མཆོད་པར་བྱའོ། །
དྲིལ་བུ་རྩེར་བཏགས་རྒྱལ་མཚན་རྣམས། །མཚམས་ཀྱི་མདུན་དུ་གཟུགས་པར་བྱའོ། །ཕྱི་ཡི་མཚམས་ཀྱི་གནས་རྣམས་སུ། །བུམ་པ་ལྕུག་མས་རྣམ་བརྒྱན་དང་། །རྣམ་པར་སྣང་མཛད་སྤྱན་སྔར་ནི། །དྲི་ཡི་ཆུས་བཀང་བུམ་པ་བཞག །ཁེངས་ཤིང་ནོར་བབས་རྡོ་རྗེར་
བཅས། །ལྕུག་མ་ལས་ཀྱང་བཟླས་བརྗོད་བྱ། །འདི་སྐད་སྟོན་པར་འགྱུར་ཏེ། བུམ་པ་ནག་པོ་ར་རི་མེད་པ་ལྟོ་ཆེ་བ་དང་། སྐེ་རིང་བ། མཆུ་འཕྱང་བ། རིན་པོ་ཆེ་ལ་སོགས་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པ། རྫས་ཐམས་ཅད་དང་ལྡན་པའི་བུམ་པ། དེ་
བཞིན་གཤེགས་པའི་ཁུ་ཚུར་གྱིས་ཡོངས་སུ་བཟུང་སྟེ། རྡོ་རྗེ་མེ་ཏོག་གི་ལྕུག་མ་ལས་རྣམ་པར་སྣང་མཛད་ལ་སོགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ནས་ཕྱི་རོལ་དུ་ལྷ་རྣམས་ལ་རེ་རེ་དབུལ་བར་བྱའོ། །དང་པོར་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བུམ་པ་ཤར་
སྒོར་བལྟས་པར་ཕྱི་རོལ་དུ་གཞག་པར་བྱའོ། །གཉིས་པ་ནི་ནང་གི་དཀྱིལ་འཁོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་ཡང་སྔགས་འདི་ཉི་ཤུ་རྩ་གཅིག་བཟླས་ལ་གཞག་པར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཨ་བྷི་ཥེ་ཀ་ཛཿཧཱུཾ་བཾ་ཧོཿ། དེ་ལྟར་བུམ་པ་ཕུལ་ནས་
Vol. 60 · folio 74b
བུམ་པ་གང་བ་ལ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་སྙིང་པོ་བཟླས་ལ་ལྷ་རྣམས་ལ་རེ་རེ་དབུལ་བར་བྱ། དེ་ནས་བཟའ་བ་ལ་སོགས་པ་སྔ་མ་བཞིན་དུ་ཕུལ་ལ། མཆོད་པ་རྣམ་པ་ལྔ་ཀར་ཡང་སྔ་མའི་རྗེས་སུ་འབྲངས་ནས་དབུལ་བར་བྱ་བ་དང་། རོལ་མོ་བཅུ་པོ་སྟོང་ངམ།
རོལ་མོ་བཅུ་པོ་ཇི་ལྟ་བ་བཞིན་དུ་དབུལ་བར་བྱ་སྟེ། གཞན་དག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ནས་རས་ཤིན་ཏུ་དམར་པོ་ལ་སྔ་མ་བཞིན་དུ་བཟླས་ཏེ། སྨད་གཡོགས་དང་སྟོད་གཡོགས་དང་གདོང་གཡོགས་བྱས་ལ་སྡོམ་པ་ཇི་ལྟ་བ་བཞིན་དུ་
བླངས་ཏེ། ཨོཾ་སརྦ་ཡོ་ག་ཙིཏྟོ་ཏྤཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ལ། གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་རང་གི་རྡོ་རྗེ་བླངས་ཏེ། རང་གི་སྙིང་གར་བཞག་ནས། ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་བསྐྱེད་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སུ་ར་
ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། དེ་ནས་ཕྱི་རོལ་གྱི་སྒོར་མངོན་དུ་བལྟས་ནས་གཞག་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ་ཇི་སྐད་དུ་བཤད་པའི་ཕྱག་འཚལ་བའི་ཕྱག་རྒྱས་བཛྲ་བཛྲ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་
པ། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་དང་། རྡོ་རྗེའི་གླུ་ལེན་ཅིང་དང་པོར་ཤར་སྒོ་ནས། དཀྱིལ་འཁོར་དུ་ཞུགས་ལ་ཛཿབཛྲ་ཨཾ་ཀུ་ཤ་ལན་གསུམ་བརྗོད་ལ། རྡོ་རྗེ་ལྕགས་ཀྱུ་མས་བདག་ཉིད་བཀུག་པར་གྱུར་པར་བསམ་པར་བྱའོ། །ཡང་ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་
དུ་ཞུགས་ལ། ཧཱུཾ་བཛྲ་པཱ་ཤེ་ཞེས་བརྗོད་ཅིང་རྡོ་རྗེ་ཞགས་པ་མས་བདག་ཉིད་བཅུག་པར་བསམ་པར་བྱའོ། །དེ་ནས་ནུབ་ཕྱོགས་ནས་དེ་བཞིན་དུ་ཞུགས་ལ་བཾ་བཛྲ་སྥོཊ་ཞེས་ཟློས་ཤིང་རྡོ་རྗེ་ལྕགས་སྒྲོག་མས་བདག་ཉིད་བཅིང་བཞིན་པར་བསམ་པར་བྱའོ། །དེ་ནས་དེ་བཞིན་དུ་བྱང་སྒོ་ནས་
ཞུགས་ལ། ཧོ་བཛྲ་གྷཎྚེ་ཞེས་བརྗོད་ཅིང་རྡོ་རྗེ་འབེབས་པས་བདག་ཉིད་དབང་དུ་བྱས་པར་བསམ་པར་བྱའོ། །དེ་ནས་དེ་བཞིན་དུ་ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཁྱོད་ནི་ཀུན་དུ་བཟང་པོ་སྟེ། །
Vol. 60 · folio 75a
རྡོ་རྗེ་བསྙེམས་མའི་བདག་པོ་གཙོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རྡོ་རྗེ་དེ་བཞིན་རྡོ་རྗེ་འཛིན། །རྡོ་རྗེ་ཀུན་མཆོག་རྣམ་བསྒྲུབས་པ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛད། །དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་
སྔ་མ་བཞིན་དུ་རྗེས་སུ་སྤྱད་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་གསང་བའི་མཆོད་པ་བཞི་དང་། གླུ་དང་རོལ་མོའི་མཆོད་པས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་ཤར་སྒོར་
བལྟས་པ་བྲིས་ལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོར་པདྨ་དེར་ཇི་ལྟ་བ་བཞིན་དུ་འདུག་སྟེ། དྲི་དང་མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ལ། མཆོད་ཡོན་བླངས་ནས་རྣམ་པར་རྒྱལ་བའི་བུམ་པ་ལས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་ཆུ་བླངས་ལ།
ཨོཾ་དྷཱི་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ལ། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་དབང་བསྐུར་བའི་རྡོ་རྗེ་རིན་ཆེན་གྱིས་བྱིན་གྱིས་བརླབས་པའི་རིན་ཆེན་ཅོད་པན་གྱིས་ཀྱང་དབང་བསྐུར་བར་བྱའོ། །
དེ་ནས་འདིས་དེ་བཞིན་གཤེགས་པའི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བླང་བར་བྱའོ། །ཧཱུཾ་སརྦ་དྷརྨཱ་མ་ཧཱ་བཛྲ་དྷ་ར་ཨེ་ཥ་ཏྭཾ་ཨ་བྷི་ཥིཉྩཱ་མི་གྲྀ་ཧྞ། ཀྱེ་ཆེ་གེ་མོ་སིདྡྷ་ཨཱ། དེ་ལྟར་རྡོ་རྗེའི་དབང་བསྐུར་བ་བླངས་ནས། བདག་པོའི་དབང་བསྐུར་བ་སྔ་མ་བཞིན་དུ་བླང་བར་བྱའོ། །དེ་ནས་མིང་གི་དབང་
བསྐུར་བ་བླངས་ནས་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཨོཾ་དྷཱི་ཞེས་བྱ་བ་བཟླ་བར་བྱའོ། །དེ་ནས་མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་
ལ་སོགས་པ་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་དང་། སྔགས་དང་ཕྱག་རྒྱ་བཞིའི་མན་ངག་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། བཅོམ་ལྡན་འདས་ལས་མནོས་
Vol. 60 · folio 75b
ཏེ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། རང་གི་མིང་ནས་བརྗོད་དོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་དྷཱི་ཞེས་ཟློས་ཤིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀྱིལ་འཁོར་དབུས་མའི་རང་གི་གནས་སུ་དེ་བཞིན་གཤེགས་
པའི་རྡོ་རྗེར་བསམ་པར་བྱའོ། །དེ་ནས་ཨོཾ་དྷཱི་བཛྲོ་ཧཾ་ཞེས་ཟློས་ཤིང་། དེ་བཞིན་གཤེགས་པའི་རྡོ་རྗེར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཨོཾ་དྷཱི་བཻ་རོ་ཙ་ན་ཧཱུཾ། ཞེས་བྱ་བས་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་
བཅིངས་ལ། ཨ་བཛྲ་གྷཎྚེ་ཨ་ཞེས་བརྗོད་ལ། རྡོ་རྗེ་འབེབས་པའི་གནས་སུ་རྡོ་རྗེ་འབེབས་པའི་རང་བཞིན་རྡོ་རྗེ་དྲིལ་བུའི་ངོ་བོར་བསམ་པར་བྱའོ། །དེ་ནས་དྲིལ་བུ་ཨ་བཛྲ་གྷཎྚ་ཞེས་བྱ་བ་དང་། བཛྲ་གྷཎྚོ་ཧཾ་ཞེས་བྱ་བས་རྡོ་རྗེ་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ། །ཨ་བཛྲ་གྷཎྚེ་
བཛྲ་གྷཎྚོ་ཞེས་ཟློས་ཤིང་དྲིལ་བུ་དེ་རྡོ་རྗེ་དྲིལ་བུའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །དེ་ལྟར་དཀྱིལ་འཁོར་རབ་ཏུ་བསྒྲུབས་ནས་བསྡུ་བ་བྱས་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ཇི་སྐད་དུ་བཤད་པའི་བདེ་བ་ཆེན་པོའི་རྡོ་རྗེ་ལྕགས་ཀྱུ་མ་ཐམས་ཅད་མཉམ་པ་ཉིད་ཀྱི་
ཡེ་ཤེས་འཛིན་མ་ཟློས་ཤིང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་ཞུགས་ནས། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་བྱས་ལ་མཚམས་དང་། དཀྱིལ་འཁོར་སྟེང་འོག་དང་། ནམ་མཁའ་བཅིང་བ་དང་། ཕྱོགས་བཅིང་བ་
དང་། རྭ་བ་དང་། དྲ་བ་ཡང་བྱས་ལ་རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་རྣམས་བཅད་དོ། །རྡོ་རྗེ་སྲུང་བས་དཀྱིལ་འཁོར་གྱི་སྒོ་ཐམས་ཅད་ཀྱི་བསྲུང་བ་ཡང་དག་པར་བསྲུངས་ལ། ཨོཾ་དྷཱི་ཞེས་ཟློས་ཤིང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས། བཅོམ་
ལྡན་འདས་འཁོར་དང་བཅས་པ་དམ་ཚིག་གི་ཕྱག་རྒྱས་མངོན་པར་བསྒྲུབ་པའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ཏེ། ཡང་མཆོད་ཡོན་ཕུལ་ཏེ་མཆོད་པ་ལྔས་མཆོད་ཅིང་རྡོ་རྗེ་མཚོན་ཆ་
Vol. 60 · folio 76a
མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བཞི་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་
བདག་ཉིད་ཅན་དུ་བསྒོམ་ཞིང་། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བཟླའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་བསྒོམས། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བཟླས་ཤིང་དེ་ནས་སརྦ་ས་མོ྅ཧཾ་ཞེས་བཟླས་ཤིང་། ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་ཀྱི་ལྷ་ཐམས་ཅད་
བདག་ཉིད་མཉམ་པར་བསྒོམ་མོ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ནས་ཕྱག་བྱས་ལ་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཕྱག་བྱས་ལ་
འདི་སྐད་ཅེས་བརྗོད་དོ། །ཁྱེད་སྔོན་ཁྱིམ་ལ་དགའ་བ་ཡི། །སྲིད་པའི་བདེ་བ་དག་བྱའི་ཕྱིར། །འདོད་པ་ཀུན་གྱི་དངོས་གྲུབ་ཅེས། །འགྲོ་བ་ཀུན་ཀྱང་གྲུབ་པར་མཛད། །དེ་ལྟར་བཀའ་ནོད་ནས་སློབ་མ་གཞུག་པར་བྱའོ། །སློབ་དཔོན་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་
བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བའམ། དགེ་སྦྱོང་ངམ། དགེ་སློང་གི་བསླབ་པ་ཡོངས་སུ་བཟུང་བས་སྔར་བཤད་པའི་ཆོ་གས་རིག་པའི་སྡོམ་པ་སློབ་མས་གཟུང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ཨོཾ་སརྦ་ཡོ་ག་ཙིཏྟོཏྤཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཀྱི་སེམས་བསྐྱེད་
དུ་གཞུག་གོ། །དེ་ནས་དེའི་སྙིང་གར་སྔ་མ་བཞིན་དུ་རྡོ་རྗེ་བསྐྱེད་ལ། དེ་ནས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ། སྤོས་དང་མེ་ཏོག་ལ་སོགས་པས་མངོན་པར་མཆོད་དེ། ཡོན་གྱི་མཆོག་བླངས་ནས་ཕྱི་རོལ་ནས་ཤར་ཕྱོགས་ཀྱི་སྒོར་བལྟས་ཏེ་གནས་པའི་བུམ་པའི་ཆུས་
དབང་བསྐུར་ལ། བདག་ཉིད་འཇུག་པའི་ཚུལ་གྱིས་བཅུག་ལ། དེའི་རྣ་བར་འདི་སྐད་ཅེས་བརྗོད་དོ། །ཆགས་བྲལ་གྱིས་འདུལ་འཇིག་རྟེན་རྣམས། །ཆགས་བྲལ་གྱིས་ནི་འདུལ་བར་འགྱུར། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའི་བཟླས་པ་ཡིན། །
Vol. 60 · folio 76b
འདོད་ཆགས་བྲལ་འདྲའི་སྡུག་བསྔལ་ནི། །གཞན་དག་ངོ་བོ་ཉིད་ཀྱིས་མེད། །དེ་བས་ཀུན་ལ་ཆགས་བྲལ་བར། །ཁྱོད་ནི་ནམ་ཡང་མ་བྱེད་ཅིག །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱེད་
ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ།
དེ་ནས་སློབ་དཔོན་རང་ཉིད་ཀྱིས། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་ལ་རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་གླད་པ་འགས་པར་འགྱུར་རོ། །
དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོ་འདི་ལན་ཅིག་བཟླས་ནས། སློབ་མ་དེ་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལ་དམ་ཚིག་གི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་
ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །བཛྲོད་ཀ་ཋཿཞེས་བྱ་བའོ། །དེ་ནས་སློབ་མ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་
ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲོས་
ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ། འདི་སྐད་ཅེས་བརྗོད་དུ་གཞུག་གོ། །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་
Vol. 60 · folio 77a
ཤོག །བཛྲ་ཨཱ་བེ་ཤ་ཨ་ཞེས་ལན་བརྒྱའི་བར་དུ་བཟླས་པར་བྱའོ། །ཡང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་མ་དྲལ་བར་བྱ་ཞིང་། ཨོཾ་དྷཱི། ཨ་ཨ་ཨ་ཨ་ཞེས་ཨ་བཞི་དང་བཅས་པའི་གཟུངས་ལན་བརྒྱར་བཟླ་བར་བྱ་ཞིང་། བཅོམ་
ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དམར་པོས་ཡོངས་སུ་གང་བར་བྱའོ། །དེ་ནས་བབས་ནས་ལྷའི་ཡེ་ཤེས་ཀྱང་སྐྱེ་བར་འགྱུར་རོ། །དེ་ནས་མེ་ཏོག་དོར་ལ་ཕྲེང་བའི་དབང་བསྐུར་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བསྟན་པ་དང་། འཇུག་པའི་ཕྱག་
རྒྱ་དགྲོལ་བ་དག་སློབ་དཔོན་གྱི་ཆོ་གས་བྱེད་དུ་གཞུག་གོ། །དེ་ནས་སློབ་དཔོན་གྱིས་དབང་བསྐུར་བ་བྱིན་ལ་དེ་བླུད་དེ་འདི་སྐད་ཅེས་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འགྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་
ཤིག། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །དད་པ་མེད་པས་བགད་པའམ། །སྐྱེ་བོ་འདུས་ནང་ན་གནས་སྨྲས། །དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་བ་དང་། རྡོ་རྗེ་རིན་པོ་ཆེའི་ཅོད་པན་དང་། དར་དཔྱངས་ཀྱི་དབང་བསྐུར་བ་བྱིན་ལ། རྡོ་རྗེ་དང་
བདག་པོ་དང་མིང་གི་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱང་སྦྱིན་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བྱིན་ལ། ཆོས་ཀྱི་རྡོ་རྗེ་དྲིལ་བུ་དཀྲོལ་དུ་གཞུག་ཅིང་། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་མན་ངག་བསླབ་པར་བྱའོ། །དེ་ནས་
མེ་ཏོག་ལ་སོགས་པ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་དེ་ལེགས་པར་མཆོད་ལ། ཨོཾ་དྷཱི་ཞེས་བྱ་བའི་སྔགས་བྱིན་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་བཅིངས་པ་བསླབ་པར་བྱའོ། །ཆོ་ག་ལྷག་མ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་
ལས་བཤད་པ་ལས་ཤེས་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྫོགས་སོ།། །།ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་བསྒྲུབ་པར་བྱ་ཞེས་བྱ་བ་ལ་སོགས་
Vol. 60 · folio 77b
པ་གསུངས་ཏེ། འདི་བསྒྲུབས་པས་ན་སྒྲུབ་པ་སྟེ། སྒྲུབ་པའི་ཐབས་སོ། །འདིར་དེ་ཇི་ལྟ་བུ་ཞེ་ན་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པ་གསུངས་པས། དེ་བཞིན་དུ་དཔལ་རྣམ་པར་སྣང་མཛད་ཀྱི་སྒྲུབ་པ་ལ་ཡང་དེ་ལྟར་བྱ་བར་ཤེས་
པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ལ་འདོད་པའི་དངོས་གྲུབ་རྣམས། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་རྡོ་རྗེ་སེམས་དཔའ་བསྒྲུབས་པས་ཡིད་ལ་མངོན་པར་འདོད་པ་བསྒྲུབ་པའི་འབྲས་བུའི་ཚུལ་གྲུབ་པར་འདོད་པ་དེ་བཞིན་དུ་རྣམ་པར་སྣང་མཛད་བསྒྲུབ་པར་འགྱུར་རོ་ཞེས་སྟོན་
ཏོ། །དོན་ཡོད་པ་དང་ཐོགས་པ་མེད་པར་མྱུར་དུ་དམ་པ་གྲུབ་པ་ཡིན་ཏེ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའ་བསྒྲུབས་པས་དོན་ཡོད་ཅིང་འབྲས་བུ་དང་བཅས་པ་གཞོམ་པར་མི་ནུས་པས། ཐོགས་པ་མེད་པ་ཡིན་པ་དང་། མྱུར་བ་སྟེ་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དམ་རྡོ་རྗེ་
འཛིན་པ་ཉིད་ཀྱི་མཚན་ཉིད་ཀྱི་དངོས་གྲུབ་ཏུ་འགྱུར་བ་ཡིན་པ་དེ་བཞིན་དུ་རྣམ་པར་སྣང་མཛད་བསྒྲུབས་པས་ཀྱང་འབྲས་བུ་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ། འདི་སྐད་སྟོན་ཏེ་བཛྲ་ཨཉྫ་ལི་ཞེས་བྱ་བས་རྡོ་རྗེ་ཐལ་མོ་བཅིང་བར་བྱའོ། །དེ་ནས་བཛྲ་བནྡྷ་ཞེས་བྱ་བས་རྡོ་རྗེ་བསྡམས་
པ་བཅིངས་ལ། བཛྲ་བནྡྷ་ཏྲཊ་ཅེས་བྱ་བས་རྡོ་རྗེ་བསྡམས་པས་སྙིང་གར་ལན་གསུམ་དྲལ་བར་བྱའོ། །དེ་ནས་བཛྲ་ཨཱ་བེེ་ཤ་ཞེས་བྱ་བས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཨ་ཞེས་པས་བདག་ཉིད་དབབ་པར་བྱའོ། །ཏིཥྛ་བཛྲ་ཞེས་བྱ་བས་དབབ་པའི་ཕྱག་རྒྱ་རང་
གི་སྙིང་གར་བཀྲོལ་ལ། བཛྲ་མུཥྚི་ཞེས་ཟློས་ཤིང་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཨོཾ་བཛྲ་སནྡྷི་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ། ཧཱུཾ་ཉིད་ཟློས་ཤིང་ཕྱག་རྒྱ་བཅིངས་པ་ཐམས་ཅད་རང་དབང་དུ་བྱའོ། །དེ་ནས་སྔ་མ་བཞིན་དུ་
རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་སྔར་བཤད་པའི་ཚུལ་གྱིས་གསང་བའི་ལྕགས་ཀྱུ་མ་བཅིངས་ལ་ཡེ་ཤེས་སེམས་དཔའི་རང་བཞིན་ཅན་གྱི་རྣམ་པར་སྣང་མཛད་ལུས་ལ་བཅུག་ལ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ས་མ་ཡ་
Vol. 60 · folio 78a
སྟྭཾ། ཞེས་བརྗོད་དེ་འོད་ཀྱི་དཀྱིལ་འཁོར་འོད་ཟེར་དམར་པོ་འབར་བ་ཀུན་དུ་འཁྲུག་པ་བསྐྱེད་ནས་ས་མ་ཡ་སྟྭཾ། ཨ་ཧཾ་ཨོཾ་དྷཱི་ཞེས་ལན་གསུམ་བཟླས་ཏེ། རང་གི་ལུས་ཀྱི་ནང་དུ་ཆུད་པའི་བཅོམ་ལྡན་འདས་དང་བདག་ཉིད་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པར་བསམ་
པར་བྱའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་བཀོད་ཅིང་། ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་ཡང་བཅིངས་ལ། དེ་བཞིན་དུ་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་སངས་རྒྱས་ཐམས་ཅད་ལུས་ལ་བཅུག་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་དེ་
རྣམས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དང་པོས་རྡོ་རྗེ་བཅིངས་ཏེ། སྔ་མ་བཞིན་དུ་བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨ། བཛྲ་ཀརྨ་བཛྲ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ཏེ། དངོས་གྲུབ་ཀྱི་རྡོ་རྗེ་
བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ནས། རྣམ་པར་སྒེག་པའི་དགའ་བྱེད་རྡོ་རྗེའི་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱག་བཞི་ཡང་བྱ་སྟེ། དེ་ཉིད་ཀྱིས་ནི་རྡོ་རྗེ་
གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་བྱ་བ་རང་གི་སྙིང་གར་གནས་པའི་དེ་བཞིན་གཤེགས་པའི་རྡོ་རྗེ་ལ། ཨོཾ་དྷཱི་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ། རྡོ་རྗེ་དམ་ཚིག་གིས་ཟློས་ཤིང་ཕྱག་རྒྱ་ཆེན་
པོ་བཅིངས་ལ་བསྒོམ་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབས་པ་ལ་སོགས་པ་ལན་ཅིག་བྱས་ན་ཇི་སྲིད་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ་ལོ་གཅིག་གིས་བདག་ཉིད་རྣམ་པར་སྣང་མཛད་དུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་མཚན་
ཐོག་ཐག་བསྒོམ་པར་བྱའོ། །དེ་ནས་ཉི་མ་འཆར་བའི་དུས་སུ་དེ་བཞིན་གཤེགས་པར་འགྱུར་རོ། །གལ་ཏེ་རས་ལ་བསྒྲུབ་པར་འདོད་ན་སྔར་བཤད་པའི་ཚུལ་གྱིས་མཚན་མ་ཐོབ་པར་གྱུར་པ་དང་། རས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འདྲིར་གཞུག་པར་བྱ་སྟེ། དེའི་
Vol. 60 · folio 78b
ཕྱོགས་དང་མཚམས་རྣམས་སུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པ་བརྒྱད་བྲིས་ལ། དེའི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་རས་རིས་ལ་བཅོམ་ལྡན་འདས་སྤྱན་དྲངས་ལ་མཆོད་པ་ཐམས་ཅད་ཀྱིས་ཇི་ལྟར་དེ་བཞིན་
དུ་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་མདུན་དུ་འདུག་ལ་སྙིང་གར་གནས་པའི་དེ་བཞིན་གཤེགས་པའི་རྡོ་རྗེའི་དབུས་སུ་ཨོཾ་དྷཱི་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཟླས་བརྗོད་འབུམ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་
མཚན་ཐོག་ཐག་བཟླས་བརྗོད་བྱའོ། །མཚན་ཕྱེད་ན་བདུད་ཀྱི་དཔུང་མཐོང་བར་འགྱུར་ལ་དེ་བཞིན་དུ་བདུད་ཐམས་ཅད་བཅོམ་པས་གཞོམ་པར་བྱའོ། །དེ་ནས་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒོམ་པར་བྱས་ལ་ནང་པར་དེ་བཞིན་གཤེགས་པ་ཉིད་དམ། བྱང་ཆུབ་སེམས་
དཔའ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ། །གལ་ཏེ་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཐོབ་པར་འདོད་ན་དེ་བཞིན་དུ་མཚན་མ་ཐོབ་པས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་སྔར་བཤད་པའི་མཚན་ཉིད་ཅན་བྱེད་དུ་གཞུག་གོ། །དེ་ནས་དེའི་མདུན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ་སྐུ་གཟུགས་ལ་
རྡོ་རྗེ་སེམས་དཔའ་གསང་བའི་ལྕགས་ཀྱུ་མས་སྤྱན་དྲངས་ལ། དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཨོཾ་དྷཱི་ཞེས་བརྗོད་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱག་རྒྱ་རྡོ་རྗེ་སེམས་དཔའི་ལྗགས་ལ་བསམས་ནས། རྡོ་རྗེ་སེམས་དཔའི་ལས་ཀྱི་
ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་ཡང་ཉེ་བར་བསྟན་པར་བྱའོ། །དེ་ནས་སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་ལ་མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ། དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་རྣམ་པར་སྒེག་པའི་དགའ་
བའི་རྡོ་རྗེ་དང་། ཕྱག་བཞིས་ཕྱག་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་དྷཱི་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་སེམས་དཔའ་བདག་ཉིད་བསྒོམས་ན་ཟླ་བ་དྲུག་ན་རྡོ་རྗེ་འཛིན་པར་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དེ་བཞིན་གཤེགས་པ་
Vol. 60 · folio 79a
འགུགས་ན་དེ་བཞིན་དུ་མཚན་མ་ཐོབ་པས། དེའི་མདུན་དུ་འདུག་ལ་གསང་བའི་ལྕགས་ཀྱུ་མ་བཅིངས་ཏེ། ཨོཾ་དྷཱི་ཞེས་བྱ་བས་ཉིན་རེ་ཞིང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ། །དེ་ནས་ཟླ་བ་ཕྱེད་ཀྱིས་ཐམས་ཅད་སྩོལ་བར་འགྱུར་རོ། །
དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོས་བདག་ཉིད་དེ་བཞིན་གཤེགས་པ་བསྒྲུབ་པར་འདོད་ན་དེ་བཞིན་དུ་མཚན་མ་ཐོབ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཟླ་བ་ཕྱེད་ཙམ་བསྒོམས་ནས་མཐར་མཚན་ཐོག་ཐག་བསྒོམས་ན་དེའི་འོག་ཏུ་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ནས་མ་
བསྒྲུབས་པའི་ཞེས་བྱ་བ་ལ་སོགས་པ་བཤད་མ་ཐག་པའི་བསྒྲུབས་པས་མ་བསྒྲུབས་པའི་སྙིང་པོ་ནི་མ་བསྒྲུབས་པ་སྟེ། མ་བསྒྲུབས་པའི་སྙིང་པོ་ལན་ཅིག་བཟླས་པས་ཐམས་ཅད་བསྲུང་བ་ལ་སོགས་པའི་ལས་རྣམས་བྱེད་པར་འགྱུར་རོ། །ཐམས་ཅད་བསྲུང་བ་ལ་སོགས་པ་རྡོ་རྗེ་གཙུག་
ཏོར་གྱིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། རྡོ་རྗེ་བསྡམས་པ་ལག་མཐིལ་ཕྱེ་བ་བཅིངས་ལ། མཐེ་བོ་གཉིས་དཔའ་བོའི་སྐྱིལ་མོ་ཀྲུང་དུ་བྱས་ལ་མཛུབ་མོ་གཉིས་གཤིབས་ཏེ་རྩེ་མོ་བྱས་ནས། ཨོཾ་དྷཱི་ཞེས་བྱ་བ་ཟློས་ཤིང་སྤྱི་གཙུག་ཏུ་གཞག་ལ་བསྒྲུབ་
པར་བྱ་བ་དང་། ལྷན་ཅིག་ཏུ་གྱུར་པར་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དབུའི་གཙུག་ཏོར་དང་ལྡན་པའི། དེ་བཞིན་གཤེགས་པའི་སྐུར་བསམ་པར་བྱའོ། །དེ་ལྟ་བུས་ནི་ཐམས་ཅད་བསྲུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་དབང་དུ་
བྱ་བ་ལ་ནི་རྡོ་རྗེ་མཛོད་སྤུས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྦྱོར་བ་བྱས་ལ། བཤད་མ་ཐག་པའི་ཕྱག་རྒྱས་བཟློག་ནས་མཛོད་སྤུ་རུ་མཛུབ་མོའི་རྩེ་མོ་གཉིས་བཞག་ལ། མཛོད་སྤུའི་ཕྱོགས་ནས་རིག་པའི་རྒྱལ་པོ་རྡོ་རྗེ་མཛོད་སྤུ་སྤྲོས་ལ་དེས་བསྒྲུབ་པར་བྱ་བ་ཞལ་གྱིས་བཞེས་
ཏེ་ཟིལ་གྱིས་མནན་ཏེ། རང་གི་རྐང་མཐིལ་དུ་བབས་ཤིང་རང་དབང་དུ་བྱ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་དབང་དུ་བྱས་པར་འགྱུར་རོ། །ཆོས་ཉིད་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་ཆོས་ཀྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཐམས་ཅད་
Vol. 60 · folio 79b
བསྲུང་བའི་ཕྱག་རྒྱ་དེ་ཉིད་སྙིང་གར་བཞག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམ་ཞིང་རྡོ་རྗེ་ཆོས་ཀྱི་སྐུར་ཡང་བདག་ཉིད་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ནི་
རྡོ་རྗེ་མཆོད་པས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ་བཤད་མ་ཐག་པའི་ཕྱག་རྒྱ་གར་གྱི་ཁུ་ཚུར་གྱིས་བསྐོར་ལ་མཁུར་བ་སྤྱི་གཙུག་ཏུ་གཞག་པར་བྱ་ཞིང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་མཆོད་པ་རྣམས་ཀྱིས་བདག་ཉིད་མཆོད་པར་བསམ་པར་བྱ་སྟེ།
དེ་ལྟ་བུས་ནི་མཆོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བོས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་སྟེ། རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསམས་ལ་མཛུབ་མོ་གཉིས་ཀྱིས་སྡིགས་
མཛུབ་བྱ་ཞིང་རང་གི་སྙིང་གར་རྡོ་རྗེའི་རིགས་རྣམས་སྤྲོས་ལ་དེས་གདུག་པ་ཐམས་ཅད་གདུལ་བར་བྱའོ། །བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པར་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་སྤྱོད་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ་དེ་བཞིན་གཤེགས་པའི་ཁུ་ཚུར་
གཉིས་ཀྱིས་སྦྱིན་པ་གཏོང་བ་ལྟར་བྱ་ཞིང་། ཐམས་ཅད་སྒྲོལ་བ་ལ་སོགས་པའི་ཚུལ་གྱིས་དབྱེ་བ་མཐའ་ཡས་པ་དང་། ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་གྱིས་ནམ་མཁའི་ཁམས་ཐམས་ཅད་གང་བའི་སྦྱིན་པ་གཏོང་བར་བྱེད་པར་བདག་ཉིད་བསམ་པར་བྱའོ། །བདུད་ཐམས་ཅད་གཞོམ་པ་ལ་ནི་
བདུད་ཐམས་ཅད་འཇོམས་པར་བྱེད་པས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་སྙིང་གར་བཞག་ལ་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་སོར་མོ་ཐམས་ཅད་བརྐྱང་བས་ས་ལ་རེག་པར་བྱ་ཞིང་། དེ་བཞིན་
གཤེགས་པ་མི་བསྐྱོད་པའི་སྐུར་བདག་ཉིད་བསམས་ལ་རང་གི་ལུས་ལས་བྱུང་བའི་རྡོ་རྗེ་འཛིན་པ་ལ་སོགས་པས་བདུད་བཅོམ་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བདུད་ཐམས་ཅད་བཅོམ་པར་འགྱུར་རོ། །འདིར་རང་གི་སྙིང་པོས་ཀྱང་རྡོ་རྗེ་སེམས་དཔར་ལྷག་པར་མོས་
Vol. 60 · folio 80a
པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་བྱ་བ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཇི་སྲིད་བདག་ཉིད་དེའི་
གཟུགས་སུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཏེ། དེ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཉིད་ཀྱི་ཆོ་ག་རྒྱས་པ་སྟེ། དེ་སྟོན་པར་བྱེད་པའི་རྟོག་པའི་རྒྱུན་ནོ། །དཔལ་མཆོག་དང་
པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དེ་བཞིན་
གཤེགས་པའི་རྟོག་པ་བསྟན་ནས། ད་ནི་ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་རྟོག་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོ་སྦྱོར་བ་ནི་
དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཐོགས་པ་མེད་པ་ནི་མི་ཆོམས་པའོ། །དོན་ཡོད་པ་ནི་འབྲས་བུ་ཡོད་པའོ། །བཀའ་ནི་ལུང་བསྒོ་བའོ། །དེ་ཉིད་ཀྱི་བསྟན་པ་འདི་ལ་མངའ་བས་ན་དེ་བཞིན་
གཤེགས་པ་ཐོགས་པ་མེད་ཅིང་དོན་ཡོད་པའི་བཀའི་བསྟན་པ་ལ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་
ནི་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོའོ། །དེས་བསྐྱེད་པའི་རྡོ་རྗེའི་རིགས་ནི་ཐབས་སོ། །དེ་ཉིད་ནི་བདེ་བ་ཆེན་པོའི་ཁྲོ་བོ་ཐོབ་པའི་ཐབས་ཡིན་པའི་ཕྱིར་བདེ་བ་ཆེན་པོའི་ཁྲོ་བོ་སྟེ། དེ་ལས་སྐྱེ་ཞིང་དེའི་རང་བཞིན་ཡིན་པའི་ཕྱིར་བདེ་བ་ཆེན་པོའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་
Vol. 60 · folio 80b
ཡིན་པ་དེ་ལ་ནི་མིང་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །རང་གི་རྡོ་རྗེ་སེམས་དཔའ་ནི་རང་ཉིད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། རང་གི་བྱང་ཆུབ་ཀྱི་ཐུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གསོལ་བ་བཏབ་པོ་ཞེས་བྱ་བ་ནི་གསོལ་བ་བཏབ་པར་འགྱུར་
རོ། །བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །གདུག་པ་ཐམས་ཅད་གཞོམ་པའི་ཕྱིར། །རང་རིགས་སྤྲུལ་མཛད་རྡོ་རྗེ་འཛིན། །ཅེས་བྱ་བ་ནི་གདུག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་གདུག་པ་ཐམས་ཅད་དེ། དྲག་པོ་ལ་སོགས་པའོ། །
དེ་རྣམས་གཞོམ་པ་ནི་སྡིག་པ་ལས་བཟློག་པའི་ཕྱིར་བཙིར་ཞིང་ཚར་གཅོད་པའོ། །རང་གི་རིགས་ནི་རྡོ་རྗེའི་རིགས་སོ། །སྤྲུལ་པར་མཛོད་ཅིག་པ་ནི་སྐྱེད་པར་མཛོད་ཅིག་པའོ། །རྡོ་རྗེ་འཛིན་ཅེས་བྱ་བ་ནི་བོད་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་
འདས་རྡོ་རྗེ་སེམས་དཔའ་ཁྲོ་བོ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ནི་གདུག་པ་གདུལ་བར་བྱ་བའི་ཕྱིར་ལུང་བསྒོ་བའོ། །ཨོཾ་རཀྟ་ཛྭ་
ལ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །དེའི་མི་ཕྱེད་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་རོ། །སྤྲུལ་པ་དེས་སེམས་ཅན་གྱི་དོན་མཛད་པས་མིང་དེ་སྐད་ཅེས་བྱ་བའི་རྣམ་པར་གནོན་པ་དེ་མཛད་པའོ། །རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་ལ་རབ་
ཏུ་དགའ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་ཁྲོ་བོ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་སྟེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་གདུག་པ་གདུལ་བར་བྱ་བའི་ཕྱིར་རྡོ་རྗེའི་རིགས་གང་ཞིག་སྟོན་པར་མཛད་པ་དེ་སྟོན་པར་བྱེད་པའི་སྔགས་ལ་ཡང་ཉེ་བར་གདགས་
པས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པའོ། །འདི་ནི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྡོ་རྗེ་ལས་བྱུང་སྟེ། དཀྱིལ་འཁོར་
Vol. 60 · folio 81a
ཆེན་པོའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྔགས་གསུངས་པ་ཙམ་གྱི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱག་ན་གནས་པའི་རྡོ་རྗེ་ལས་སོ། །ཀུན་ནས་དམར་པོ་འབར་
བའི་སྙིང་པོ་ཞེས་བྱ་བ་ནི་ཀུན་ནས་དམར་པོ་འབར་བ་སྟེ་དེའི་སྙིང་པོ་ནི་དེའི་དབུས་ན་བཞུགས་པས་ཞེས་བྱ་བའི་ཐ་ཚིག་གོ། །སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ལ། དེ་བཞིན་དུ་སྨ་ར་གསེར་གྱི་མདོག་ཏུ་གནས་པ་དང་། སྤྱན་དམར་བ་གང་ཡིན་པ་དེ་ལ་
མིང་དེ་སྐད་ཅེས་བྱའོ། །རྡོ་རྗེ་མཆེ་བ་གཉིས་གཙིགས་པ་ནི་ཤིན་ཏུ་ཁྲོ་བར་སྟོན་པར་བྱེད་པའོ། །སྒྲོས་རྣམ་པར་གནོན་པ་ནི་མ་མཆུ་མནན་པའོ། །དེ་ལྟར་མ་མཆུ་རྣམ་པར་གནོན་པ་ཉིད་ཀྱིས་མི་བཟད་ཅིང་འཇིགས་སུ་རུང་བའི་ཞལ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །སྨིན་མ་
འགྱུར་ཞིང་ཁྲོ་གཉེར་བསྡུས་པ་ཡང་ཡིན་ལ་སྨ་ར་སེར་ཞིང་སྤྱན་འབར་བ་ཡང་ཡིན་ཞིང་རྡོ་རྗེའི་མཆེ་བ་གཙིགས་པས་མ་མཆུའི་སྒྲོས་མནན་པའི་ཞལ་མི་བཟད་པ་ཡང་མངའ་བ་གང་ཡིན་པ་དེ་ནི་སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུས་པ། སྨ་ར་སེར་ཞིང་སྤྱན་འབར་བ་ལ་རྡོ་རྗེ་མཆེ་བ་གཙིགས་
པས་མ་མཆུའི་སྒྲོས་མནན་པའི་ཞལ་མངའ་བ་ཞེས་བྱ་བའོ། །དེ་ལྟ་བུ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་དབུ་སྐྲ་གྱེན་དུ་འབར་ཞིང་རབ་ཏུ་འབར་བ་གང་ལ་མངའ་བ་དེ་ནི་དབུ་སྐྲ་གྱེན་དུ་འབར་བའོ། །དེ་ལ་མཚོན་ཆ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་གཞུ་ལ་སོགས་པ་ཡོངས་སུ་འཛིན་པ་ཞེས་བྱ་
བ་སྨོས་ཏེ། རྡོ་རྗེའི་གཞུ་ནི་རྡོ་རྗེ་ཡིད་ལས་བྱུང་བའི་ཁྲོ་བོའི་གཞུ་དང་བཅས་པ་ཡིན་པས་ཤེས་པར་བྱའོ། །དེ་ཉིད་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེ་གཞུ་ལ་སོགས་པ་སྟེ། དེ་ཡོངས་སུ་འཛིན་པ་གང་ཡིན་པ་དེ་ནི་རྡོ་རྗེ་གཞུ་ལ་སོགས་པ་ཡོངས་སུ་འཛིན་པའོ། །དེ་ཡང་རྡོ་
རྗེ་ཡིད་ལས་བྱུང་བའི་ཁྲོ་བོ་ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་ཁྲོ་བོའི་བར་དུའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་དབྱིངས་སུ་བཞུགས་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། རབ་ཏུ་དགའ་
Vol. 60 · folio 81b
བའི་རྡོ་རྗེ་ཁྲོ་བོ་སྟེ་ཧཱུཾ་མཛད་དུ་འབྲེལ་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་གནས་པའི་རྡོ་རྗེ་ཡིད་ལས་བྱུང་བའི་ཁྲོ་བོ་རྣམས་ལ། དེའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བྱིན་གྱིས་བརླབས་སོ་ཞེས་
བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཁམས་གསུམ་པ་ཐམས་ཅད་འདུལ་བར་མཛད་ནས། ཀུན་ནས་ཉོན་མོངས་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་པོ་ཕྱིར་མི་ལྡོག་པའི་ས་ལ་བཞག་
པས་འདུལ་བར་མཛད་དོ། །དེ་ནས་དེ་མཛད་ནས་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ལ། རྡོ་རྗེ་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་དམ་ཚིག་ཆེན་པོ་སྟེ། རྡོ་རྗེ་རིགས་ཆེན་པོ་སྟེ། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ལ་
སོགས་པ་ནས། རྡོ་རྗེ་འབེབས་པའི་ཁྲོ་བོའི་མཐར་ཐུག་པའོ། །དེའི་དཀྱིལ་འཁོར་ནི་དེའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་བརླབས་པ་ནི་བརྟན་པར་མཛད་པ་སྟེ་སློབ་དཔོན་གཅིག་ནས་གཅིག་ཏུ་བརྒྱུད་པས་ཕྱི་མའི་མཐར་ཐུག་པ་མེད་པར་འཁོར་བ་
ལས་སེམས་ཅན་གདོན་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པའོ། །དེ་ལྟར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབས་སོ་ཞེས་བྱ་བའི་བར་དུ་བསྟན་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་
ནས་བསྡུ་བ་བྱ་སྟེ། བདག་ཉིད་དབང་བསྐུར་བ་ཇི་ལྟ་བ་བཞིན་དུ་བླངས་ནས། རྡོ་རྗེ་ལྕགས་ཀྱུས་ཁྲོ་བོ་འཁོར་དང་བཅས་པ་དགུག་པར་བྱ་ཞིང་། རྡོ་རྗེ་ཞགས་པས་ཁྲོ་བོ་བཅུག་ལ། རྡོ་རྗེ་ལྕགས་སྒྲོག་གིས་ཁྲོ་བོ་བཅིངས་ནས། རྡོ་རྗེ་འབེབས་པས་ཁྲོ་བོ་དབང་དུ་བྱའོ། །
དེ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྐུར་ནས་ཕྱག་རྒྱ་ཆེན་པོ་ལས་སྦྱར་བར་བྱའོ། །དེ་ལ་ལས་ནི་འདི་དག་ཡིན་ཏེ། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་
Vol. 60 · folio 82a
བོའི་ཕྱག་རྒྱ་བཅིངས་ལ། བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཐུགས་རྗེ་ཆེན་པོའི་ཁྲོ་བོས་སེམས་ཅན་གྱི་ཁམས་གདུག་ཅིང་གཏུམ་པ་རྣམས་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་རབ་ཏུ་འཇོག་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ། །རྡོ་རྗེ་ཡིད་ལས་བྱུང་བའི་
ཕྱག་རྒྱ་ཆེན་པོ་བཅིངས་ནས། བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་ཁྲོ་བོ་འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་ཁྲོ་བོ་དེ་འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་གནས་ལ་རབ་ཏུ་དགོད་པར་མཛོད་ཅིག་ཅེས་པ་དང་། རྡོ་རྗེ་ཀི་ལི་ཀི་ལའི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་
ལ། བཅོམ་ལྡན་འདས་རྡོ་རྗེ་ཀི་ལི་ཀི་ལའི་ཁྲོ་བོ་རེག་པ་རྣམ་པར་དག་པའི་གནས་ལ་རབ་ཏུ་འཇོག་པར་མཛོད་ཅིག་ཅེས་བྱ་བ་དང་། རྡོ་རྗེ་དྲན་པའི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། བཅོམ་ལྡན་འདས་རྡོ་རྗེ་དྲན་པའི་ཁྲོ་བོའི་སྡུག་པའི་འཆིང་བ་རྣམ་པར་དག་པའི་ཁྲོ་བོས་དེ་སྡུག་པའི་
འཆིང་བ་རྣམ་པར་དག་པའི་གནས་ལ་འཇོག་པར་མཛོད་ཅིག་ཅེས་བརྗོད་དོ། །རྡོ་རྗེ་བསྙེམས་པའི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་རྡོ་རྗེ་བསྙེམས་པའི་ཁྲོ་བོ་ཐམས་ཅད་ལ་དབང་ཕྱུག་དང་དབང་རྣམ་པར་དག་པའི་ཁྲོ་བོས་དེ་ཐམས་ཅད་ཀྱི་དབང་ཕྱུག་དང་དབང་
རྣམ་པར་དག་པར་མཛོད་ཅིག་ཅེས་བརྗོད་ནས། རྡོ་རྗེ་འབེབས་པའི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་རྡོ་རྗེ་འབེབས་པའི་ཁྲོ་བོས་སེམས་ཅན་གྱི་ཁམས་སུ་གདུག་ཅིང་གཏུམ་པ་རྣམས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་བབས་པས་དབང་དུ་མཛོད་ཅིག་ཅེས་
བརྗོད་དོ། །འདི་ནི་འདིར་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ། །དེ་ལྟར་ཏིང་ངེ་འཛིན་གསུམ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་པ་དང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་ཆེན་
པོའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱིས་
Vol. 60 · folio 82b
སོ། །དཀྱིལ་འཁོར་ཐམས་ཅད་ཐིག་གདབ་པར་བྱ་སྟེ། དཀྱིལ་འཁོར་གྱི་ཕྱི་དང་ནང་དུ་བཅས་པའི་ཐིག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་ཁྲོས་པས་གཞག །ཅེས་བྱ་བ་ནི་དེར་ཞེས་བྱ་བའི་དཀྱིལ་འཁོར་དེའི་དབུས་སུ་དང་པོའི་རྡོ་རྗེ་
སེམས་དཔའི་ཁྲོས་པས་གཞག་པར་བྱའོ། །ཅི་ཞིག་ཟློས་ཤིང་གཞག་པར་བྱ་ཞེ་ན། སུ་ར་ཏོ་བྷ་བ་ཧཱུཾ་གསུངས་སོ། །སྐུ་མདོག་ཅི་འདྲ་ཞེ་ན། ཨུཏྤལ་སྔོན་པོའི་འདབ་མའི་མདངས་ཞེས་བྱ་བ་སྨོས་ཏེ། ཨུཏྤལ་སྔོན་པོའི་འདབ་མའི་མདོག་འདྲ་བའོ། །འབར་ཞེས་བྱ་བ་ནི་སྤྲིན་དང་
བྲལ་བའི་ཉི་མ་ཕྱེད་ཀྱི་དུས་ལྟར་འོད་གསལ་བའོ། །རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག །ཅེས་བྱ་བ་རྡོ་རྗེ་དྲིལ་བུ་དང་བཅས་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་བསྙེམས་པ་སྟེ། དེ་འཛིན་པས་ན་རྡོ་རྗེ་བསྙེམས་པ་འཛིན་པའོ། །མཆོག་ནི་དམ་པ་སྟེ། རྡོ་རྗེ་བསྙེམས་པ་
འཛིན་པའི་མཆོག་ཏུ་དེ་གཞག་པར་བྱའོ། །མཆེ་བ་ཅུང་ཟད་གཙིགས་པའི་ཞལ་གྱིས་ཞེས་བྱ་བ་ནི། མཆེ་བ་ཡང་ཡིན་ལ་ཅུང་ཟད་ཀྱང་ཡིན་པས་ན་མཆེ་བ་ཅུང་ཟད་དེ། མཆེ་བ་ཞལ་ནས་ཅུང་ཟད་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་གཙིགས་པ་ནི་བསྡམས་ཤིང་འབུར་བའི་ཞལ་གང་
ལ་མངའ་བ་ལ་དེ་སྐད་ཅེས་བྱ་བའོ། །ཁྲོ་དང་བཅས་པ་བཞད་པའི་ཞལ། །ཞེས་བྱ་བ་ནི། ཁྲོ་ཞིང་གཏུམ་པ་དང་བཅས་པས་གནས་པས་ན་ཁྲོ་བཅས་སོ། །ཁྲོ་བ་དང་བཅས་པ་ཡང་ཡིན་ལ། བཞད་པའི་ཞལ་ཡང་ཡིན་པས་ན་ཁྲོ་བ་དང་བཅས་པས་བཞད་པའི་ཞལ་ལོ། །ཁྲོ་
བ་དང་བཅས་པས་ཞལ་མངའ་བ་དེ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡང་ཡིན་ཏེ། གཡས་པའི་ཕང་པར་རྐང་པ་གཡོན་པ་འཇོག་ཅིང་གཡོན་པར་རྐང་པ་གཡས་པ་འཇོག་པ་འདི་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ་། །དེས་ཡང་དག་པར་བཞུགས་པས་ན། རྡོ་རྗེ་སྐྱིལ་ཀྲུང་ལེགས་བཞུགས་
ཉིད་དོ། །ཉིད་ཅེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། རྡོ་རྗེ་སྐྱིལ་མོ་ཀྲུང་ཉིད་ཀྱིས་ལེགས་པར་བཞུགས་པ་ཡིན་ནོ། །འོད་ཟེར་འབར་བ་འཁྲུག་པའི་འོད། །ཅེས་བྱ་བ་ནི་འོད་ཟེར་འབར་བ་ཀུན་དུ་འཁྲུག་པའི་འོད་གང་ལ་མངའ་བ་དེ་ནི། འོད་ཟེར་འབར་བ་འཁྲུག་པའི་འོད་དེ་བཅོམ་ལྡན་འདས་རབ་ཏུ་དགའ་
Vol. 60 · folio 83a
བའི་རྡོ་རྗེ་ཁྲོ་བོ་འབར་བ་ཀུན་དུ་འཁྲུག་པའི་འོད་མངའ་བ་དེ་གཞག་པར་བྱའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །ཐམས་ཅད་དུ་ནི་ཁྲོ་བོ་བྲི། །ཞེས་བྱ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དེ་ཕྱོགས་དང་མཚམས་རྣམས་སུ་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ཁྲོ་བོའི་
རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཆེན་པོའི་དབྱིབས་སུ་བྱིན་པ་ཡིན་པས་ན་བཤད་པའི་མཚན་ཉིད་ཅན་བྲིའོ། །འཇུག་པ་ནི། རབ་དགའ་རྡོ་རྗེ་ཁྲོ་བོ་ཡིས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་སྟེ། དེའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་
ཕྱག་རྒྱ་ཆེན་པོ་དང་འདྲ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་སྟེ། འདིར་དེས་དང་པོ་སློབ་དཔོན་གྱིས་འཇུག་པ་བྱའོ་ཞེས་བྱ་བ་ནི་དང་པོ་ཁོ་ན་སློབ་དཔོན་གྱིས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་འཇུག་པ་ལྟར། འདིར་འཇུག་པ་བྱས་ལ་ཕྱིས་ནི་གཞན་དག་བྱའོ་ཞེས་བྱ་བའི་ཐ་
ཚིག་གོ། །སློབ་མ་རྣམས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོས་སློབ་དཔོན་ཇི་ལྟར་འཇུག་པ་དེ་བཞིན་དུ་སློབ་མ་རྣམས་ཀྱང་འཇུག་པར་བྱའོ། །སློབ་དཔོན་ཞུགས་ནས་ཁྲོས་པས་ལྕགས་ཀྱུ་དེ་ཉིད་ཀྱིས་དགུག་པར་བྱའོ་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་
ཕྱག་རྒྱ་ཆེན་པོས། སློབ་དཔོན་ཞུགས་ནས་རང་གི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དཀྱིལ་འཁོར་རྡོ་རྗེས་རབ་ཏུ་བསྒྲུབས་ནས། སྒོ་དབྱེ་བ་བྱས་ལ་འཇུག་པའི་ཕྱག་རྒྱས་མཛུབ་མོ་གཡས་པ་ལྕགས་ཀྱུར་བྱས་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་དྲང་བའི་སྔགས་ཀྱིས་
ལྷ་ཐམས་ཅད་སྤྱན་དྲང་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་ཆོ་ག་ཇི་ལྟར་གསུངས་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་ལྟར་སློབ་དཔོན་ལས་ཀྱི་ཆོ་ག་དང་།
སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར་བསྒྲུབས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་འདི་
Vol. 60 · folio 83b
བསྒྲུབས་པས་ན་བསྒྲུབས་པ་སྟེ། སྒྲུབ་པའི་ཐབས་ལ་སྒྲུབ་པ་ཞེས་བྱའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་ནི་དངོས་གྲུབ་ཐམས་ཅད་དེ། དེ་བསྒྲུབ་པར་བཤད་པ་ན་དེའི་འབྲས་བུ་གྲུབ་པ་རྣམས་བཤད་པར་བྱའོ། །དེ་ཡང་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་བསྒྲུབ་
པའི་ཚུལ་གྱིས་དང་པོའི་རྡོ་རྗེ་ཕྱག་རྒྱ་བཅིངས་པའི་བར་གྱིས་ཕྱག་རྒྱ་བཅིངས་པ་རྗེས་སུ་སྤྱད་ལ། རང་གི་སྙིང་གར་གནས་པའི་རྡོ་རྗེ་འབར་བ་རྩེ་མོ་བཞིའི་དབུས་སུ་བཅོམ་ལྡན་འདས་ཀྱི་སྔགས་ཀྱི་ཡི་གེ་ཡིད་ཀྱིས་བྲིས་ལ། དེ་ཉིད་ལ་ཟློས་ཤིང་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་
དེའི་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཚད་མཐའ་ཡས་པར་བསམ་པར་བྱའོ། དེའི་སྟེང་དུ་ཡང་། དེ་ཉིད་དང་ཀ་ལ་སོགས་པ་གསལ་བྱེད་ཀྱི་ཡི་གེ་ཟླ་བ་ལྟ་བུ་དང་བཅས་པ་ལས། ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ་པར་
བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གཉིས་པ་དེའི་སྟེང་དུ་སྔགས་ཀྱི་ཡི་གེ་རྣམས་བསམས་ལ། དེ་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་དང་བཅས་པ་ལས་རྡོ་རྗེ་འབར་བའི་རྩེ་མོ་བཞི་པ་བསམ་པར་བྱའོ། །དེ་ནས་རྡོ་རྗེ་འབར་བའི་དབུས་སུ་སྔགས་ཀྱི་ཡི་གེ་རྣམས་བསམས་ལ། སེམས་
དཔའ་ཇི་ལྟ་བུར་ཕྱག་རྒྱ་དེ་བཞིན། ཕྱག་རྒྱ་ཇི་ལྟར་བདག་ཀྱང་དེ་བཞིན་ནོ་ཞེས་ང་རྒྱལ་བསྒོམས་ལ། རྡོ་རྗེ་འབར་བ་ལས་རྡོ་རྗེའི་རིགས་རྣམས་སྤྲོས་ཏེ། དེས་ཕྱོགས་བཅུར་གདུག་པ་ཐམས་ཅད་བཏུལ་བར་བྱས་ནས། དེ་རྣམས་རྡོ་རྗེ་དེར་ཡིད་ཀྱིས་བཅུག་ནས། རྡོ་རྗེ་སེམས་
དཔར་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཟློས་ཤིང་བདག་ཉིད་ཀྱི་རྡོ་རྗེ་སེམས་དཔའི་གཟུགས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོར་བསམ་པར་བྱའོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་ལན་གསུམ་བཟླས་ལ། དམ་
ཚིག་ཆེན་པོའི་སེམས་དཔའི་ང་རྒྱལ་བསྐྱེད་ནས། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་ཧཾ་ཞེས་ཟློས་ཞིང་དམ་ཚིག་སེམས་དཔའི་བདག་ཉིད་བསྒོམས་ལ། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། དེ་ཉིད་ཀྱིས་སྙིང་ག་དང་དཔྲལ་བ་དང་།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words