དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ

Sanskrit title (Tibetan script, as in the text) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 60 · folio 29b

ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་དབང་བྱེད་པའི་བདག་པོ་དངོས་གྲུབ་ཀྱི་བསྙེམས་པས་དབང་དུ་མཛོད་ཅིག །རྡོ་རྗེ་སྦྲང་རྩིའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་

ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག །རྡོ་རྗེ་སྤྲིན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་

ཅད་རྡོ་རྗེ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག །རྡོ་རྗེ་སྟོན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་

དཔའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག །རྡོ་རྗེ་དགུན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་པ་དེ་ལ། འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་

སེམས་དཔའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག །སྒེག་མོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་

དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག །བཞད་མའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་འཛུམ་

པ་རྨད་དུ་བྱུང་བ་ལ་རབ་ཏུ་འཇོག་པར་མཛོད་ཅིག །གླུ་མའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་དོ། དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་བཟོད་པའི་ཕ་

Vol. 60 · folio 30a

རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག །གར་མའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག །རྡོ་རྗེ་ལྕགས་ཀྱུ་མའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཆེན་པོའི་ལྕགས་ཀྱུས་ཐར་

པ་ཆེན་པོའི་གྲོང་ཁྱེར་དུ་གཞུག་པར་མཛོད་ཅིག །རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་བཅུའི་ཞགས་པས་ཐར་པ་ཆེན་པོའི་

གྲོང་ཁྱེར་དུ་གཞུག་པར་མཛོད་ཅིག །རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་བསམ་གཏན་

གྱིས་བཅིངས་པར་མཛོད་ཅིག །རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དབབ་པས་

དབང་དུ་མཛོད་ཅིག འདིར། འདི་ནི་ལས་ཀྱི་རྒྱལ་པོ་མཆོག །ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་པོ་རྣམ་པར་བསྒོམས་ལ་ཡང་སྒོ་དབྱེ་བ་དང་། བསྡུ་བ་དང་། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་ཡང་བྱས་ལ། བཅོམ་ལྡན་

འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། གཡས་པའི་མཛུབ་མོའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་སྲུང་བའི་ལས་རྣམས་སྔ་མ་བཞིན་དུ་

Vol. 60 · folio 30b

བྱས་ལ། མཆོད་ཡོན་དེ་བཞིན་དུ་ཕུལ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྐུར་ལ་མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་

མཚོན་ཆ་ལ་སོགས་པ་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བྱ་བ་དང་། ཕྱག་བཞི་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་

དང་། གསུང་དང་། ཐུགས་རྡོ་རྗེའི་ངོ་བོར་བདག་ཉིད་བསམ་ཞིང་། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བཟླ་བར་བྱའོ། །དེ་ནས་རང་བཞིན་གྱིས་འོད་གསལ་ཞིང་རང་བཞིན་གྱིས་དག་པར་ལྷག་པར་མོས་པ་བྱས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་པར་བྱའོ། །

དེ་ནས་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་ལས་བྱུང་བ་ལྷ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་ངོ་བོའི་གཟུགས་བརྙན་དང་མཉམ་པར་བདག་ཉིད་བསམས་ལ། ཨོཾ་སརྦ་ས་མོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཆེན་པོའི་གསང་བའི་

དམ་ཚིག་གི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ནི་བདག་ཉིད་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་རྡོ་རྗེ་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ་ཞེས་བྱ་བས་ཡིད་ཀྱིས་མངོན་པར་བྲི་ལ་འདི་ཉིད་ཟློས་ཤིང་། རྡོ་རྗེ་སེམས་

དཔའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་དུ་བདག་ཉིད་བསྒོམ་ཞིང་། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་མངོན་པར་བྱུང་བར་བསམ་ཞིང་ངེས་པ་བསྐྱེད་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་ཉིན་རེ་ཞིང་ནང་པར་སྒྲུབ་པ་ལན་ཅིག་བྱས་ལ། དེའི་

འོག་ཏུ་ཇི་ལྟར་འདོད་པར་བྱའོ། །ཀུན་བཟང་དེ་བཞིན་ཐམས་ཅད་བྱེད། །སྤྱོད་པ་ཅི་དགར་འདོད་པ་བྱེད། །ལངས་པ་དང་ནི་འདུག་པ་དང་། །འཆག་གམ་དེ་བཞིན་གནས་པ་དང་། །དགོད་དམ་རབ་ཏུ་སྨྲ་ཡང་རུང་། །གང་ནི་ཇི་ལྟར་སྤྱོད་ཀྱང་རུང་། །དབང་པོ་གང་དང་གང་ལམ་འགྱུར། །དེ་དང་

Vol. 60 · folio 31a

དེ་ཡི་ངོ་བོར་བྱ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །རང་གི་ལྷར་ནི་བསྒྲུབ་པར་བྱ། །དེ་ཉིད་སྦྱོར་བ་འདི་ཡིས་ནི། །འདི་དག་ཐམས་ཅད་བསྒྲུབ་བྱས་ནས། །ཐམས་ཅད་རྡོ་རྗེ་སེམས་དཔའ་དངོས། །རྟག་ཏུ་བལྟས་པས་རབ་འགྲུབ་

འགྱུར། །གང་གི་ཚེ་མཉམ་པར་བཞག་པའི་རྣལ་འབྱོར་གྱིས་དུབ་ན་མཉམ་པར་མ་བཞག་པའི་རྣལ་འབྱོར་བསྒོམ་པར་འདོད་པ་དེའི་ཚེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་རང་གི་གནས་སུ་བཞག་ལ་རང་གི་གནས་སུ་བཞག་པའི་དང་པོའི་

རྡོ་རྗེས་བདག་ཉིད་བྱིན་གྱིས་བརླབས་ཏེ་དེ་བསྒོམ་པར་བྱའོ། །དེ་ནས་བྱ་བ་ཐམས་ཅད་བྱས་ལ་སླར་ཡང་ཞུགས་ཏེ་དང་པོའི་རྡོ་རྗེ་ཉིད་ཀྱིས། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ། །བཅོམ་ལྡན་འདས་རང་གི་ལུས་ལ་བཅུག་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་དབུས་སུ་འདུག་ལ་

མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་བྱས་ནས་མཆོད་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་དེ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་རྒྱ་བཞི་ཡང་བྱས་ལ་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །གང་གི་ཚེ་དང་པོའི་

གནས་སྐབས་སམ། གནས་སྐབས་གཉིས་པར་བཅོམ་ལྡན་འདས་གཤེགས་སུ་གསོལ་བར་འདོད་ན་ཡང་དེའི་ཚེ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་དང་། མཆོད་པ་དང་ཕྱག་བྱས་ལ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་བསྔོས་ལ། ཕྱག་

རྒྱ་གང་དང་གང་ནས་བྱུང་བ་དེ་དང་དེ་ནས་དགྲོལ་བ་ནི། ཇི་སྐད་བཤད་པའི་རྡོ་རྗེ་བསྡམས་པ་དགྲོལ་བ་དང་བཛྲ་མུཿཞེས་བྱ་བའོ། །དེ་ནས་གནས་ཀྱི་ངེས་པ་ནི་འདི་ཡིན་ཏེ། སྔགས་པའི་སྙིང་གའི་ཟླ་བའི་མདུན་དུ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཡིད་ལས་

བྱུང་བ་དཔྲལ་བར་རྡོ་རྗེ་ཀི་ལི་ཀི་ལ་ལ། ལྐོག་མར་རྡོ་རྗེ་དྲན་པ། སྤྱི་བོར་རྡོ་རྗེ་བསྙེམས་པ། མགོ་ལ་རྡོ་རྗེ་དཔྱིད། གསང་བར་རྡོ་རྗེ་སྤྲིན། མིག་གཉིས་སུ་རྡོ་རྗེ་སྟོན། ནུ་མ་དང་བྲང་དང་སྙིང་གའི་ཕྱོགས་སུ་རྡོ་རྗེ་དགུན་མ། ནང་གིར་གཏོགས་པའི་རྡོ་རྗེ་

Vol. 60 · folio 31b

སེམས་དཔའི་གཡོན་ལོགས་སུ་རྡོ་རྗེ་སྒེག་མོ། རྣལ་འབྱོར་པའི་སོའི་ཕྲེང་བ་གཉིས་སུ་རྡོ་རྗེ་བཞད་མ། རྡོ་རྗེ་དྲན་པའི་གཡོན་ལོགས་སུ་གླུ་མ། རྡོ་རྗེ་བསྙེམས་མའི་གཡོན་ལོགས་སུ་གར་མ། རྣལ་འབྱོར་པའི་བརླ་གཡས་པར་རྡོ་རྗེ་ལྕགས་ཀྱུ། བརླ་

གཡོན་པར་ཞགས་པ། བྱིན་པ་གཡས་པར་ལྕགས་སྒྲོག བྱིན་པ་གཡོན་པར་འབེབས་པ་ཡང་དག་པར་གནས་སོ། །ལྷའི་རྣལ་འབྱོར་གྱི་དུས་སུ་དེ་བཞིན་གཤེགས་པ་རྣམས་ནི་ཕུང་པོ་ལྔའི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་དེ་རྣམས་

ཀྱི་གནས་ཀྱི་ངེས་པ་མེད་དོ། །ཕྱག་རྒྱ་དགྲོལ་བའི་དུས་སུ་ནི་རྣམ་པར་སྣང་མཛད་ནི་སྤྱི་གཙུག་གི་གནས་སུ་དགྲོལ་ལོ། །མི་བསྐྱོད་པ་ནི་རྡོ་རྗེ་སེམས་དཔའི་གནས་སུའོ། །རིན་ཆེན་འབྱུང་ལྡན་ནི་ཀི་ལི་ཀི་ལའི་གནས་སུའོ། །འོད་དཔག་ཏུ་མེད་

པ་ནི་རྡོ་རྗེ་དྲན་པའི་གནས་སུའོ། །དོན་ཡོད་པར་གྲུབ་པ་ནི་རྡོ་རྗེ་བསྙེམས་མའི་གནས་སུ་དགྲོལ་བར་བྱའོ། །དེ་ལྟར་ཕྱག་རྒྱ་བཀྲོལ་ནས། རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་རང་གི་དབང་བསྐུར་བའི་གནས་སུ་

བཞག་པས་དབང་བསྐུར་ལ། མཛུབ་མོ་གཉིས་ཀྱིས་ཕྲེང་བ་དཀྲིས་པ་བཅིངས་ལ། དེ་བཞིན་དུ་གོ་བགོ་བ་བཅིངས་ཤིང་། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་སརྦ་མུ་དྲ་མཻ་ཏྲི་དྷྲི་ཀུ་རུ་བར་ཀ་བ་ཙེ་ན་བཾ་ཞེས་བཟླ་བར་བྱའོ། །དེ་ནས་དེ་བཞིན་དུ་མཐར་མཉམ་

པའི་ཐལ་མོས་མཉེས་པར་བྱའོ། །དེ་ནས་རབ་ཏུ་དགའ་བ་ལ་རག་ལས་པ་ཞེས་བྱ་བ་ལ་སོགས་པས་བསྐུལ་ལ། སྙིམ་པའི་མེ་ཏོག་གིས་ལྷ་རྣམས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བར་བྱས་ནས། སྤྲུལ་པ་རྣམས་རང་གི་ལུས་ལ་བསྡུས་

ཏེ། རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱི་ཕྱག་རྒྱ་བྱམས་པའི་གོ་ཆས་བདག་བསྲུང་བར་བྱས་ལ། ལངས་ནས་ཇི་ལྟར་མངོན་པར་འདོད་པའི་དགེ་བའི་བྱ་བས་གནས་པར་བྱའོ། །དེ་ལྟར་ཇི་སྲིད་དཀྱིལ་འཁོར་མངོན་སུམ་དུ་མཐོང་

Vol. 60 · folio 32a

བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བྱའོ། །དེ་ལྟར་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །གང་ཞིག་དཀྱིལ་འཁོར་བསྒོམ་པར་མི་ནུས་པ་དེས་ནི་རྣལ་འབྱོར་ཆེན་པོ་བྱས་ལ་ལྷ་ཐམས་ཅད་ཀྱི་སྔགས་རེ་རེ་ཞིང་བཟླས་བརྗོད་འབུམ་འབུམ་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ལྟར་

རིག་པའི་བརྟུལ་ཞུགས་རྗེས་སུ་སྤྱད་ལ། དངོས་གྲུབ་དོན་དུ་གཉེར་བས་ཇི་སྐད་དུ་བཤད་པའི་ས་སྦྱང་བ་དང་། ས་ཡོངས་སུ་གཟུང་བ་བྱས་ལ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་རེ་ཞིག་དང་པོར་ནི་བགེགས་གཞོམ་པར་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ་ཕྱག་འཚལ་བ་ལ་སོགས་པ་སྔོན་

དུ་འགྲོ་བས་སྡོམ་པ་བཟུང་ལ། རྣལ་འབྱོར་ཆེན་པོ་དང་གཞལ་ཡས་ཁང་དང་གདན་རྣམས་བསྐྱེད་ལ་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་

དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལ། །མི་ལྡོག་པར་ནི་བདག་གྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་

ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ཏེ་ལག་ན་སྤོས་སྣོད་ཐོགས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་

གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །སངས་རྒྱས་ཐམས་ཅད་འདིར་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་ལ་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ་དང་པོའི་རྣལ་འབྱོར་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་།

ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་ཞེས་ཟློས་ཤིང་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་

Vol. 60 · folio 32b

བཏབ་པར་བསམ་པར་བྱའོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རྒྱལ་བ་ཆེན་པོར་ཡང་དག་འཁྲུངས། །གང་ཕྱིར་ཆགས་བྲལ་བདག་ཉིད་ཀྱིས། །ཆགས་དང་བཅས་པ་གཟུང་བའི་ཕྱིར། །རྣམ་པར་གྲོལ་བས་གསོལ་བ་འདེབས། །རང་ཉིད་འདུལ་བའི་མཆོག་བཤད་ལ། །

བདེ་བ་ཆེན་པོ་རྡོ་རྗེ་ཆེ། །གསང་རྟོག་དངོས་གྲུབ་རབ་སྩོལ་གསུངས། །དེ་ནས་ལངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་ཀུན་དུ་གང་བར་བསམས་ལ་འདི་སྐད་བརྗོད་པར་བྱའོ། །བདག་ནི་རང་ཉིད་

རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་བསྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །ཨོཾ་མ་ཧཱ་སུ་ཁ་

བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏེ་སྟྭཾ་ཞེས་བརྗོད་པར་བྱའོ། །དེ་ལྟར་དམ་ཚིག་གསུམ་ཐོབ་པའི། །སློབ་དཔོན་རང་གི་ཕྱག་རྒྱ་ཡིས། །རྡོ་རྗེ་དྲིལ་བུ་འཆང་བྱ་ཞིང་། །འཁོར་ལོའི་ཆོ་ག་ཐམས་ཅད་བྱ། །རྟོག་པ་ཀུན་ལ་མཉམ་འཇུག་པས། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་

བྱ། །དམ་ཚིག་ཆེ་གསུམ་ཞེས་བྱ་བ། །རྒྱ་འདི་གསང་སྔགས་སྒྲུབ་བྱེད་པའོ། །དངོས་གྲུབ་ཆོ་ག་ཐམས་ཅད་ལ། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོ་ག་ལྷག་གམ་མ་ཚང་བ། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་

ནས་དང་པོའི་རྡོ་རྗེས་ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་བཛྲོད་ཏིཥྛ་མ་ཧཱ་མཎྜལ་ལཾ་ཨུ་ངསྠཱ་ནཱ་ཡ་ཞེས་བརྗོད་ལ་དཀྱིལ་འཁོར་དེ་སྟེང་དུ་ནམ་མཁར་བཞག་ལ། བདག་ལ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བ་མིག་

གཉིས་སུ་བཀོད་ལ། དེ་བཞིན་འདུག་ལ་དེ་བཞིན་ལངས། །ཀུན་དུ་རྣམ་པར་བལྟས་ནས་ནི། །སྙིང་པོ་ཀུན་དུ་རྗོད་བྱེད་ཅིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །ཡི་གེ་ཨཿལས་རྐང་པ་གཉིས་ཀྱི་མཐིལ་དུ་སྣ་ཚོགས་རྡོ་རྗེ་བསམས་ལ་རྐང་པའི་མཐིལ་ནས་ཡོངས་སུ་

Vol. 60 · folio 33a

བཟུང་སྟེ། ནམ་མཁའི་ཁམས་རབ་འབྱམ་མ་ལུས་པའི་ཚད་ཙམ་གྱི་སའི་ཆ་རྡོ་རྗེར་གྱུར་པ་ལྷག་པར་མོས་པར་བྱས་ལ། རྡོ་རྗེ་བལྟ་བས་གཡོན་ནས་བསྐྲད་པར་བྱས་ལ་གཡས་ནས་འོག་བཅིང་བ་དང་ནམ་མཁའ་དང་ཕྱོགས་དང་མཚམས་དང་དཀྱིལ་འཁོར་བཅིང་བ་

དང་རྡོ་རྗེ་དྲ་བ་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ་རྡོ་རྗེ་རྒྱུའི་ངོ་བོ་ཞལ་བཞི་དང་ཕྱག་བཞི་པའི་གསང་བའི་དཀྱིལ་འཁོར་སྔགས་དང་ཕྱག་རྒྱ་འདི་དང་ལྡན་པས་དགུག་པར་བྱའོ། །ཨོཾ་བཛྲ་མཎྜལ་ཧཱུཾ་ཛཿ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་དང་མཐེ་བོ་རྡོ་རྗེར་བྱ་བ་ནི། རྡོ་རྗེ་འཁོར་ལོ་ཞེས་

བྱ་བའི་ཕྱག་རྒྱ་སྟེ་དཀྱིལ་འཁོར་ཐམས་ཅད་འགུགས་པར་བྱེད་པའོ། །ཨོཾ་མ་ཧཱ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུཾ་ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མགལ་མེ་འཁོར་བའི་ཚུལ་དུ་འཁོར་ལོ་བསྐོར་བ་ནི་འདིའི་ཕྱག་

རྒྱའོ། །དེ་ནས་སེང་ལྡེང་ལས་བྱས་པའི་རྡོ་རྗེ་ཕུར་བུ་ཡི་གེ་ཧཱུཾ་ལས་སྟོད་ཁྲོ་བོའི་གཟུགས་ལ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་མཐའ་ཡས་དང་། རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་བ་ཞེས་བྱ་བ་དང་རིམ་པ་བཞིན་དུ་བསྐྱེད་ལ་ཙནྡན་དམར་པོས་བྱུགས་ཤིང་མེ་

ཏོག་གི་ཕྲེང་བ་དམར་པོས་བརྒྱན་ལ་སྲད་བུ་དམར་པོས་བཅིང་བ་བྱས་ལ་ཨ་ཀོ་ཊ་ཡ་མ་ཧཱ་ཏྲི་ཏི་མ་ཊ་ཞེས་བྱ་བའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ནས་བསྐོར་

ཞིང་རྡོ་རྗེའི་ཐོ་བས་བརྡུང་བར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ་བསྲུང་བ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་ལ། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་བུམ་པས་བསང་གཏོར་གྱི་དོན་དུ་དཀྱིལ་འཁོར་

གྱི་ཁང་པའི་སྒོར་བཞག་ལ་རྡོ་རྗེ་བསྲུང་བ་ཡང་ཡོངས་སུ་བཟླས་པའི་སྤོས་ཆབ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཟློས་བཞིན་དུ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ནས་བསྐོར་བའི་རིམ་གྱིས་དཀྱིལ་འཁོར་གྱི་ས་གཞི་བྱུག་པའམ། བྱུག་ཏུ་གཞུག་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་

Vol. 60 · folio 33b

སུ་དྲིའི་དཀྱིལ་འཁོར་བྱས་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོས་ལག་པས་རེག་པ་དང་རེ་རེ་ཞིང་ལན་བདུན་བདུན་བཟླས་ལ་དཀྱིལ་འཁོར་དེ་རྣམས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་དུ་བཀོད་ལ་མཆོད་པ་རྣམ་པ་ལྔས་ཡང་དག་པར་

མཆོད་ལ་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་དང་། རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་དུ་བཟླས་ལ་དཔལ་རྡོ་རྗེ་སེམས་དཔའི་སྤྱན་སྔར་མཚན་ཉིད་ཇི་ལྟ་བ་བཞིན་དུ་བཞག་ལ་བསྙེན་པ་བྱའོ། །དཀྱིལ་འཁོར་གྱི་ཞག་ལ་ཡང་

བཟླས་བརྗོད་ཐུན་གསུམ་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་དང་སེམས་དཔའ་དང་། སངས་རྒྱས་སྤྱན་ལ་སོགས་པས་རེ་རེ་ཞིང་མར་ལ་སོགས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ཏེ། འདི་ནི་ལྷག་པར་གནས་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། རྡོ་རྗེ་

མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་བྱས་ལ་མཆོད་ཡོན་ཕུལ་ཏེ་སྔར་བཤད་པའི་ཆོ་གས་སློབ་མ་ལྷག་པར་གནས་པར་བྱའོ། །དེ་ནས་ལྷ་ལྷག་པར་གནས་པའི་ཆོ་ག་ཡང་དེ་བཞིན་དུ་བྱས་ལ་

བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། མཆོད་ཡོན་ཕུལ་ནས་ཡང་དག་པར་མཆོད་དེ་ཕྱག་བྱས་ནས་སློབ་མ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་ལ་ཡང་དག་པར་སྤྲོ་བར་བྱས་ལ། སློབ་དཔོན་སློབ་མའི་ཚོགས་དང་བཅས་པ་དཀྱིལ་འཁོར་

གྱི་སའི་མཐར་ཇི་སྐད་དུ་བཤད་པའི་མལ་དུ་ཉལ་བར་བྱའོ། །དེ་ནས་མལ་ནས་ལངས་ལ་རྣལ་འབྱོར་ཆེན་པོ་ཇི་ལྟ་བ་བཞིན་དུ་བྱས་ནས། ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་ནམ་མཁའི་སྟེང་དུ་དེ་བཞིན་དུ་གཞག་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་ཟློས་ཤིང་སྔ་མ་

བཞིན་དུ་ཐིག་གདབ་པར་བྱའོ། །དེ་ནས་ཚོན་དམར་པོ་ལ་སོགས་པས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ། དཀྱིལ་འཁོར་དབུས་མའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་ལུགས་མ་ལ་སོགས་པའི་སྐུ་གཟུགས་འཛུམ་པ་དང་བཅས་པ་ཟླ་བའི་མདོག་ཅན་འོད་ཟེར་དཀར་པོ་

Vol. 60 · folio 34a

འབར་བ་འཁྲུག་པ། སངས་རྒྱས་ཀྱི་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་ཡན་ལག་སྤྲས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེ་དྲིལ་བུ་བསྣམས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ས་མ་ཡ་སྟྭཾ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཛཿཧཱུཾ་བཾ་ཧོཿ། སུ་

ར་ཏ་སྟྭཾ་ཞེས་ཟློས་ཤིང་བཀོད་ལ་ནམ་མཁའི་ཕྱོགས་ནས་ཕབ་སྟེ་གཟུགས་བརྙན་དང་ལྷན་ཅིག་ཏུ་གྱུར་པར་བསམ་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མདུན་དུ་མི་བསྐྱོད་པའི་གནས་སུ་རྡོ་རྗེ་ཡིད་ལས་བྱུང་བ་སྐུ་མདོག་དམར་པོ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མེ་ཏོག་གི་གཞུ་བསྣམས་

པ། ཕྱག་གཡས་པ་མདའ་གསོར་བ་ལ་བརྩོན་པའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་རིན་ཆེན་འབྱུང་ལྡན་གྱི་གནས་སུ་བཛྲ་ཀི་ལི་ཀི་ལ་སྐུ་མདོག་ཤིན་ཏུ་དཀར་བ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པས་རང་གི་ཐུགས་ཀར་དང་པོའི་རྡོ་རྗེ་ཡོངས་སུ་འཁྱུད་དེ་བཞུགས་པའོ། །

བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་འོད་དཔག་ཏུ་མེད་པའི་གནས་སུ་རྡོ་རྗེ་དྲན་པ་སྐུ་མདོག་སེར་པོ་ཕྱག་གཡས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་ཤིང་ཕྱག་གཡོན་གྱིས་གདན་ལ་བརྟེན་ཏེ་བཞུགས་པའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་དོན་ཡོད་གྲུབ་པའི་གནས་སུ་རྡོ་རྗེ་བསྙེམས་

མ་སྐུ་མདོག་སྔོན་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་གཉིས་བསྣམས་ནས་དཀུ་གཉིས་སུ་འགྱིང་བག་གིས་བཞུགས་པའོ། །ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་མེའི་མཚམས་སུ་རྡོ་རྗེ་དཔྱིད་གསེར་གྱི་མདོག་ཅན། བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་སྤྲིན་ཤིན་ཏུ་སྐུ་མདོག་དཀར་བ། རླུང་གི་མཚམས་སུ་རྡོ་རྗེ་

སྟོན་སྐུ་མདོག་སེར་བ། དབང་ལྡན་གྱི་མཚམས་སུ་རྡོ་རྗེ་དགུན་སྐུ་མདོག་སྔོན་པོའོ། །ཡང་འདི་དག་གོ་རིམས་བཞིན་དུ་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་བསྣམས་པ་དང་། སྤྱི་བོའི་གནས་སུ་ཐལ་མོ་སྦྱར་ཏེ་འཇོག་པའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་མེའི་མཚམས་སུ་

སྒེག་མོ་སྐུ་མདོག་དམར་པོ། ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་གཉིས་བསྣམས་ནས་རྡོ་རྗེ་བསྙེམས་པའི་ཚུལ་གྱིས་འཛིན་ཅིང་བསམ་པ་གཡོས་པས་རབ་ཏུ་འདུད་པའོ། །བདེན་བྲལ་གྱི་ཕྱོགས་སུ་བཞད་མ་སྐུ་མདོག་ཤིན་ཏུ་དཀར་བ་སོའི་ཕྲེང་བ་གཉིས་དང་བཅས་པའི་རྡོ་རྗེ་རྩེ་ལྔ་པ་གཉིས་དང་བཅས་པ་

Vol. 60 · folio 34b

བསྣམས་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་འཛུམ་པ་རྨད་དུ་བྱུང་བས་རབ་ཏུ་འཇོག་པར་མཛད་པ། ཕྱག་གཡོན་པ་གདན་ལ་བརྟེན་ཏེ་བཞུགས་པའོ། །རླུང་གི་མཚམས་སུ་གླུ་མ་ཆེན་མོ་སྐུ་མདོག་སེར་བ། རྡོ་རྗེ་པི་ཝང་ལེན་པ་ལ་བརྩོན་པར་བྱའོ། །དབང་ལྡན་གྱི་ཕྱོགས་སུ་གར་མ་སྐུ་མདོག་སྔོན་པོ་

ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་བསྣམས་ནས་གར་བྱེད་པའི་ཚུལ་གྱིས་བཞུགས་པའོ། །ཕྱི་དང་ནང་དུ་བཅས་པའི་ཤར་སྒོ་གཉིས་སུ་རྡོ་རྗེ་ལྕགས་ཀྱུ་སྐུ་མདོག་དམར་པོ་རྡོ་རྗེ་ལྕགས་ཀྱུས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་འགུགས་པའི་ཚུལ་གྱིས་གཞུགས་པའོ། །

ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ཞགས་པ་སྐུ་མདོག་དཀར་བ། རྡོ་རྗེ་ཞགས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པར་མཛད་ཅིང་བཞུགས་པའོ། །ནུབ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ལྕགས་སྒྲོག་སྐུ་མདོག་སེར་པོ་རྡོ་རྗེ་ལྕགས་

སྒྲོག་གིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་མཛད་པའོ། །བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་འབེབས་པ་སྐུ་མདོག་སེར་པོ་ཕྱག་གཡས་པས་རྡོ་རྗེ་དྲིལ་བུ་དཀྲོལ་བའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་མཉེས་

པར་མཛད་ཅིང་ཕྱག་གཡོན་པ་གདན་ལ་བརྟེན་ཏེ་བཞུགས་པ་བྲི་བར་བྱའོ། །དེ་ལ་འདི་དག་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་དགོངས་པ་སྙིང་པོ་རྣམས་ཡིན་ནོ། །ཧོ་ཏྲི་ཥྛི་ས་ཡ་ཀ་མ་ཏ་ཧཱུཾ། བཛྲ་ཀི་ལི་ཀི་ལ་ཧཱུཾ་ཧཱུཾ་སྨ་ར་བཛྲ་བནྡྷ་ཧཱུཾ། བཛྲ་རོ་ཥ་ཧཱུཾ། ཧཱུཾ་མ་དྷུ་བཛྲ་ཧཱུཾ། བཛྲ་

མེ་གྷེ་ཧཱུཾ། ཤ་ར་ཏ་བཛྲི། ཧཾ་བཛྲ། ཧཱུཾ་བཛྲ་ཤེ་ཤེ་ཥུ། ཧཱཾ་བཛྲ། ལཱ་སྱེ་ཧཱ། ཧ་ཧ་སྭ་བཛྲ་ཎི། ཨོཾ་བཛྲ་གཱི་ཏེ། ཨོཾ་བཛྲ་ནྲྀ་ཏྱ་བཛྲ། ཛཿབཛྲ་ཨཾ་ཀུ་ཤ །ཧཱུཾ་བཛྲ་པཱ་ཤ །བཾ་བཛྲ་སྥོ་ཊ། ཨ་བཛྲ་གྷཎྚ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་འདི་དག་ཐམས་ཅད་

ཀྱང་སངས་རྒྱས་ལྔའི་ཅོད་པན་ཅན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དཔལ་རྡོ་རྗེ་སེམས་དཔའ་ལ་མངོན་དུ་ཕྱོགས་པ་སྣ་ཚོགས་པདྨའི་གདན་ལ་བཞུགས་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་དཀྱིལ་འཁོར་གྱི་སྒོ་ཕྱེ་ལ་དཔལ་རྡོ་རྗེ་སེམས་

Vol. 60 · folio 35a

དཔའི་སྦྱོར་བས་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོར་བསམས་ལ། གཡས་པའི་མཛུབ་མོ་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་དང་། རྡོ་

རྗེ་ཁུ་ཚུར་དང་། རྡོ་རྗེ་སྲུང་བས་དེ་བཞིན་དུ་ལས་རྣམས་བྱས་ལ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པའི་སྙིང་པོས། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་

ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ནས་ཡང་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་བུམ་པ་ལ་སོགས་པས་མཆོད་པར་བྱའོ། །དྲིལ་བུ་རྩེར་བཏགས་རྒྱལ་མཚན་

ནི། །གྲྭ་རྣམས་སུ་ནི་གཞག་པར་བྱ། །ཕྱི་ཡི་མཚམས་ཀྱི་གནས་སུ་ནི། །བུམ་པ་ཡལ་གས་བརྒྱན་པ་གཞག །བུམ་པ་སྤོས་ཆུས་གང་བ་དང་། །ནོར་བུ་རྡོ་རྗེ་དང་བཅས་པ། །རྡོ་རྗེ་སེམས་དཔའི་སྤྱན་སྔར་གཞག །མེ་ཏོག་ཡལ་ག་ལ་ཡོངས་བཟླ། །འདི་སྐད་སྟོན་ཏེ་བུམ་པ་རྩ་

བ་ནག་པོ་མ་ཡིན་པ། གསུས་པ་ཆེ་བ། སྐེ་རིང་བ། མཆུ་འཕྱང་བ། གསེར་དང་བྱུ་རུ་དང་དུང་དང་མུ་ཏིག་དང་པདྨ་རཱ་ག་སྟེ། རིན་པོ་ཆེ་ཐམས་ཅད་དང་། བྲྀ་ཧ་སྟི་དང་། ཀཎྜ་ཀ་རི་དང་། ཧ་ས་དེ་བ་དང་། དཎྜོ་ཏ་པ་ལ་དང་། ཀི་རི་ཀ་ནི་དཀར་པོ་སྟེ་སྨན་ཐམས་ཅད་དང་། འབྲས་སཱ་ལུ་དང་ནས་དང་གྲོ་

དང་ཏིལ་དང་མ་ཤ་སྟེ་འབྲུ་ཐམས་ཅད་དང་། ཙནྡན་དཀར་པོ་ལ་སོགས་པ་དང་ལྡན་པའི་ཆུ་དང་མེ་ཏོག་དཀར་པོ་དང་དྲི་ཞིམ་པོས་ཡོངས་སུ་གང་བ་དང་། ཕྱི་རོལ་ཀུན་དུ་དྲི་ཞིམ་པོས་བྱུག་པ་མེ་ཏོག་གི་ཕྲེང་བ་བཏགས་པ་རང་གི་ལྷའི་ཕྱག་རྒྱས་མཚན་པ་མགུལ་པ་རས་གཙང་ཞིང་བཟང་བས་

བཅིངས་པ། མེ་ཏོག་དང་ལོ་མ་ཅན་གྱི་ཡལ་ག་ཡོད་པའི་ལྕུག་མ་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། བུམ་པ་དེ་རྣམས་ལྷ་རྣམས་ཀྱི་ཕྱི་རོལ་དུ་ཀུན་ནས་རེ་རེ་དབུལ་བར་བྱའོ། །དང་པོར་ནི་དཔལ་རྡོ་རྗེ་སེམས་དཔའི་བུམ་པ་ཤར་

Vol. 60 · folio 35b

ཕྱོགས་ཀྱི་སྒོ་ལ་བལྟས་པར་ཕྱི་རོལ་ནས་དབུལ་ལོ། །གཉིས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྱན་སྔར་སྔགས་ནི་ལན་ཉི་ཤུ་རྩ་གཅིག་བཟླས་ལ་གཞག་པར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཨ་བྷི་ཥེ་ཀ་ཛཿཧཱུཾ་བཾ་ཧོཿ། དེ་ལྟར་བུམ་པ་ཕུལ་ནས་བུམ་པ་གང་བ་ལ་ཡང་རང་གི་

སྔགས་ཡོངས་སུ་བཟླས་ལ་ལྷ་རྣམས་ལ་རེ་རེ་དབུལ་བར་བྱའོ། །དེ་ནས་རས་ཟུང་འབུམ་མམ་ཁྲིའམ་སྟོང་ངམ་རེ་རེ་ཞིང་ཟུང་རེ་ལ་ཨོཾ་དང་བཛྲ་རཏྣ་མ་ཧཱ་སུ་ཁ་ཞེས་བྱ་བ་བཟླས་པ་དང་། བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་རྣམ་པ་སྣ་ཚོགས་པ་དག་ཀྱང་བཛྲ་སྥ་ར་ཎ་ཁཾ་ཞེས་ཟློས་

ཤིང་། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དབུལ་བར་བྱའོ། །མེ་ཏོག་གི་རིག་པ་བཟླས་པའི་མེ་ཏོག་གི་ཤིང་བརྒྱའམ་མེ་ཏོག་ཐམས་ཅད་དབུལ་བར་བྱའོ། །ག་པུར་དང་ཙནྡན་ལ་སོགས་པའི་དྲི་རྣམས་ནི་དྲིའི་རིག་པས་སོ། །ཨ་ག་རུ་ནག་པོ་ལ་སོགས་པའི་བདུག་སྤོས་

རྣམས་ཀྱིས་བདུག་པའི་རིག་པས་སོ། །ཁ་ཟས་རོ་བརྒྱ་པ་ལ་སོགས་པ་ནི་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཅེས་བྱ་བ་བཟླས་ལ་མངོན་པར་དབུལ་ལོ། །མར་ལ་སོགས་པའི་མར་མེ་ནི་མར་མེའི་རིག་པ་ཟློས་ལ་སྡོང་བུ་ལེགས་པར་བཙུགས་པའི་མར་མེའི་སྣོད་སྟོང་ནས་ཐ་ན་

བཞི་ཡན་ཆད་དེ་བཞིན་དུ་དབུལ་བར་བྱའོ། །རོལ་མོ་སྟོང་ངམ་རོལ་མོ་བཅུ་པོའི་ཡི་གེ་ཧཱུཾ་ཟློས་ཤིང་རོལ་མོའི་ཕྱག་རྒྱ་དང་ལྡན་པས་དེ་བཞིན་དུ་དབུལ་བར་བྱའོ། །དེ་བཞིན་དུ་གཞན་དག་ཀྱང་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་དང་སྦྱིན་སྲེག་བྱའོ། །

དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བླངས་ལ། སརྦ་ཡོ་ག་ཙིཏྟོ་ཏ་པ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ལ་རང་གི་སྙིང་གར་བཞག་སྟེ་རང་གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་བསྐྱེད་དེ། སུ་ར་

ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷཱ་རྠ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་དེ། དེ་ནས་སྒོའི་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་རང་ཉིད་ཇི་སྙེད་པའི་དྲིས་བསྐུས་ཤིང་ཡན་ལག་བྱུགས་པ་དང་། རྒྱན་གྱིས་བརྒྱན་ཅིང་མེ་ཏོག་གི་ཕྲེང་བས་སྤུད་པ་དང་། གོས་

Vol. 60 · folio 36a

དམར་པོའི་ཟུང་གིས་བགོ་བ་དང་། ཁ་དྲི་ཞིམ་པོར་བྱ་ཞིང་གོས་དམར་པོས་གདོང་གཡོགས་ལ། རྡོ་རྗེ་བསྙེམས་པའི་སྦྱོར་བ་དང་ལྡན་པས་སྔོན་དུ་སྤྱོད་པ་བྱས་པས་ལག་པ་གཡོན་པར་རྡོ་རྗེ་ཐོགས་པས་བུ་མོའི་ལག་པ་གཡས་པ་ནས་དེ་འཛིན་པའི་ཚུལ་གྱིས་བཟུང་ལ་ཕྱག་

རྒྱ་ཆེན་པོས་འཇུག་པར་བྱའོ། །བྷ་ག་ཝཱན་ཨ་བི་སྟུ་ཏེ་རྭ་ག་དྷི་སརྦ་སུ་ཁ་ས་ན་མ་སན་ཏཾ་སཾ་གྲ་ཧོ་དྷི་བྷ་བ་མེ་སུ་ཁ་དྷརྨཱ་བཛྲ་ས་ཏྭ་དྲྀ་ཥྚ་བྷ་བ་མེ་ལ་གུད་དུ་ཤྱཱ་སིདྡྷ་ཙ་སུ་ཁ་གུ་ཧྱ་ནཱ་མ་ཞེས་གསང་བའི་ཚུལ་དྲུག་ལྡན་ལ་སོགས་པའི་གླུའི་ཚུལ་གྱིས་གླུར་བླངས་ཤིང་། དང་པོ་ཤར་ཕྱོགས་ནས་

ཞུགས་ལ། ཛཿབཛྲ་ཨཾ་ཀུ་ཤ་ཞེས་བྱ་བས་རྡོ་རྗེ་ལྕགས་ཀྱུས་བདག་ཉིད་དགུག་པར་བྱའོ། །ཡང་ལྷོ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་ཧཱུཾ་བཛྲ་པཱ་ཤ་ཞེས་བྱ་བས་རྡོ་རྗེ་ཞགས་པས་བདག་ཉིད་གཞུག་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་བཾ་བཛྲ་སྥོ་ཊ་ཞེས་བྱ་བས་རྡོ་རྗེ་

ལྕགས་སྒྲོག་གིས་བདག་ཉིད་བཅིང་བར་བྱའོ། །ཡང་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ་ཨ་བཛྲ་གྷཎྚ་ཞེས་བྱ་བས་རྡོ་རྗེ་འབེབས་པས་བདག་ཉིད་དབབ་པ་བྱས་ལ་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་

དཔའ་དགའ་བ་ཆེ། །ཁྱོད་ནི་ཀུན་དུ་བཟང་པོ་སྟེ། །རྡོ་རྗེ་བསྙེམས་པའི་བདག་པོ་གཙོ། །སེམས་དང་སེམས་དཔའི་ཏིང་ངེ་འཛིན། །རྡོ་རྗེ་དེ་བཞིན་ཏིང་ངེ་འཛིན། །ཀུན་མཆོག་དམ་ཚིག་རྣམས་གྲུབ་པ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཅེས་བརྗོད་པར་བྱའོ། །

དེ་ནས་རྡོ་རྗེ་གར་མ་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཕྱག་བྱའོ། །དེ་ཡང་། གཡོན་པའི་མིག་གི་རྡོ་རྗེ་ཡིས། །ཞུགས་ནས་མགོན་ལ་ཕྱག་བྱས་ཏེ། །གཡོན་པ་བསྙེམས་པས་གནས་པའི་མཆོག །རོལ་པའི་མིག་ནི་འཛུམ་པར་བྱ། །ཞེས་གསུངས་

པ་ཡིན་ནོ། །ཨོཾ་པ་ར་མ་སུ་ཁ་ཙིཏྟ་ལ་ལི་ཏ་བི་ལཱ་སྱ་ན་མཱ་སྟེ་བྷ་ག་བན་བནྡྷ་ནཾ་ཛཿཧཱུཾ་བཾ་ཧོཿ། ཧི་ཧི་ཧི་ཧི་ཧཱ་པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནི་ནཱ་ཐ། ཞེས་བྱ་བས་ཕྱག་བྱས་ཏེ་དཀྱིལ་འཁོར་དེ་ལན་གསུམ་བསྐོར་བར་བྱའོ། །དེ་ནས་མདུན་དུ་འདུག་ལ་དེ་ཁོ་ན་ཉིད་འདི་ལན་ཅིག་བརྗོད་པར་བྱའོ། །

Vol. 60 · folio 36b

འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆེ་ཞིང་ནོར་ཆེ་ལ། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་བདག་དེང་གྲུབ་མཛོད། །ཡང་ཛཿཧཱུཾ་བཾ་ཧོཿ། པྲ་སིདྡྷྱ་མཱཾ་ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་ཆུ་འཐུངས་ལ་ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །ཡང་གཡོན་པའི་

རྡོ་རྗེ་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་དྲལ་ལ་འདིས་བདག་ཉིད་ལ་དབབ་པར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ། ཨ་ཞེས་བྱ་བ་ལན་བརྒྱའི་བར་དུ་བཟླས་སོ། །དེ་ནས་སྙིང་པོ་འདིས་མེ་ཏོག་དོར་བར་བྱའོ། །ཧཱུཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་པྲ་ཏཱིཙྪ་ས་མ་ཡ་སྟྭཾ། དེ་

ནས་དེ་བླངས་ལ་སྙིང་པོ་འདིས་རང་གི་མགོ་ལ་བཅིང་བར་བྱའོ། །དེང་ཁྱོད་རྡོ་རྗེ་ཅན་གྱིས་ནི། །དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར། །འདོད་པ་ཀུན་གྱི་དབང་ཕྱུག་དང་། །སེམས་ཅན་ཀུན་ལ་བདེ་རབ་སྩོལ། །ཐམས་ཅད་གྲུབ་པའི་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་

ཨ་བྷི་ཥིཉྩ་སུ་ར་ཏ་སྟྭཾ། དེ་ནས་སྙིང་པོ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །ཨོཾ་བཛྲ་ཙཀྵུ་ས་མ་ཡ་སརྦ་སུ་ར་ཏ་སྟྭཾ། དེ་ནས་ཧཱུཾ་ལས་མིག་གཉིས་སུ་རྡོ་རྗེ་བསམས་ལ་ཧེ་བཛྲ་པཱ་ཤྱ་ཞེས་བརྗོད་པར་བྱའོ། །དེ་ནས་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའི་མཐར་

ཐུག་གི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ཤིས་པ་བརྗོད་པའི་ཚུལ་གྱིས་རྡོ་རྗེ་ཐལ་མོ་སྒེག་པས་བསྐོར་ལ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་མཚན་

བརྒྱ་རྩ་བརྒྱད་པས་བསྟོད་པར་བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ་གླུ་དང་རོལ་མོ་ལ་སོགས་པའི་མཆོད་པས་ཀྱང་མཆོད་ནས་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་སྒོ་ལ་མངོན་པར་

ཕྱོགས་པར་སྣ་ཚོགས་པདྨ་བྲིས་ལ་ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་བུམ་པའི་སྔགས་ལན་ཉི་ཤུ་རྩ་གཅིག་དེ་བཞིན་དུ་བཟླས་ཏེ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་པདྨ་དེ་ལ་ཇི་ལྟ་བ་བཞིན་དུ་འདུག་སྟེ། མེ་ཏོག་ལ་སོགས་པས་བདག་ཉིད་ལ་ལེགས་པར་མཆོད་ཅིང་

Vol. 60 · folio 37a

མཆོད་ཡོན་བླངས་ནས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་མགོ་བོར་བཞག་སྟེ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླུགས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་ཟློས་ཤིང་དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་

ཆུ་དེ་ལ་བཏུང་བར་ཡང་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་ཞེས་བྱ་བ་དང་། ཡང་དང་པོའི་རྡོ་རྗེ་རང་གི་སྤྱི་བོར་བཅིངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་བསམས་ལ་སངས་རྒྱས་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་

ཚོགས་རྡོ་རྗེ་ཕྲེང་བ་དང་ལྡན་པའི་རིན་པོ་ཆེའི་ཅོད་པན་དང་། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་ལ་ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བྱིན་གྱིས་བརླབ་ཅིང་ཨ་ལས་བསྐྱེད་པའི་རྡོ་རྗེ་དྲིལ་བུ་དང་བཅས་པའི་དང་པོའི་རྡོ་རྗེ་སྙིང་པོ་འདིས་བླང་བར་བྱའོ། །ཧཱུཾ་སརྦ་མ་ཧཱ་བཛྲ་སུ་ཁོདྦྷ་

བ་ཨེ་ཥ་སྟྭཾ་ཨ་བྷི་ཥིཉྩ་གྲྀ་ཧྞ་ཧྲྀ་ད་ཡ་སྟི་བཛྲ་ཏེ། ཀྱེ་ཆེ་གེ་མོ་གྲུབ་པ་ཨ། དེ་ལྟར་རྡོ་རྗེའི་དབང་བསྐུར་བ་བླངས་ནས་སྙིང་པོ་འདིས་བདག་པོའི་དབང་བསྐུར་བ་བླང་བར་བྱའོ། །ཛཿཧཱུཾ་བཾ་ཧོཿ། མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ་བྷི་ཥེ་ཀ་ན་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ཨ་དྷི་པ་ཏི་ཏྭཾ་དྲྀ་ཌྷོ་མེ་བྷ་བ། སིདྡྷི་ནཱ་མ་ཏེ་བྷ་ག་བཱན་མ་ཧཱ་བཛྲ་ཧ་ར་སུ་ར་ཏ་སྟྭཾ། མ་ཧཱ་

བཛྲ་ས་ཏྭ་ཨོཾ་བྷུརྦྷུ་བ་སྭཿ། དེ་ནས་རྡོ་རྗེ་སྤྱི་བོར་བཞག་ལ་སྙིང་པོ་འདིས་མིང་གི་དབང་བསྐུར་བ་བླང་བར་བྱའོ། །སརྦ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་མ་ཧཱ་བཛྲ་ནཱ་མ་སིདྡྷྱ་ས་མ་ཡ་སྟྭཾ་བྷུརྦྷུ་བ་སྭཿ། དེ་ནས་སྙིང་པོ་འདིས་དངོས་གྲུབ་ཀྱི་བརྟུལ་ཞུགས་ཀྱི་རྡོ་རྗེ་བླང་བར་བྱའོ། །ཨོཾ་སརྦ་ཏ་

ཐཱ་ག་ཏ་ས་མ་ཡ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་ཅན་གྱི་རྡོ་རྗེ་ཉིད། །རྡོ་རྗེ་ཅན་གྱི་བརྟུལ་ཞུགས་ནི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་དམ་པ་ཡིན་ཏེ་འདི་ཡོངས་སུ་མ་སྤངས་པར་

རྟག་ཏུ་བཅང་བ་ཡིན་ནོ་ཞེས་བྱ་བ་ནི་འདིའི་གསང་བ་ཡིན་ཏེ་ཧི་བཛྲ་གརྦྷ་བ་པ་དེ་ཧི་བཛྲ་ནཱ་མ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་བ་སྭཿ། ཞེས་ཀྱང་བརྗོད་དོ། །དེ་ནས། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །

Vol. 60 · folio 37b

ཡང་དྲིལ་བུ་དཀྲོལ། དམ་ཚིག་གསུམ་གྱི་གླུས་བསྟོད་ལ། །མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཆ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཀྱང་བདག་ཉིད་ལ་མཆོད་ནས། རྡོ་རྗེ་ཐལ་མོ་བསྐོར་བས་བཅོམ་ལྡན་འདས་ལ་སྔ་མ་བཞིན་དུ་ཕྱག་བྱས་ལ་མཆོད་པ་རྣམ་པ་ལྔ་དང་།

དབང་བསྐུར་བ་བླང་བར་བྱའོ། །ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། སྔགས་གཟུང་བ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་དང་། གཟེངས་བསྟོད་པ་དང་ལུང་བསྟན་པ་བཅོམ་ལྡན་འདས་ལ་མནོས་ལ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ཏེ། མདུན་དུ་

སྐྱིལ་མོ་ཀྲུང་གིས་འདུག་སྟེ་བུ་མོ་དང་ལྷན་ཅིག་ལ་འཇུག་པའི་ཕྱག་རྒྱ་བཅིངས་ལ་ཇི་སྲིད་ཡིད་ལ་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་མཆོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ནས་ཕྱག་བྱས་ནས་སླར་དབྱུང་བར་

བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་བའི་ཕྱིར་དཀྱིལ་འཁོར་བརྟག་པར་བྱ་སྟེ། དེ་ནས་བུ་མོ་མེད་པར་རབ་ཏུ་དགའ་བའི་རྡོ་རྗེ་སློབ་དཔོན་བདག་ཉིད་འཇུག་པའི་ཆོ་ག་རྗེས་སུ་སྤྱད་ལ་སྔར་བཤད་པའི་ཆོ་ག་རྣམས་བྱས་ནས། སྲིད་པའི་བདེ་བ་རྣམ་དག་ཕྱིར། །ཁྱོད་སྔོན་ཁྱིམ་

ལ་དགའ་བའི་ཕྱིར། །འདོད་པ་ཀུན་གྱི་དངོས་གྲུབ་ཅེས། །སེམས་ཅན་ཀུན་དོན་གྲུབ་ཕྱིར་བགྱིད། །ཅེས་བྱ་བས་གསོལ་བ་བཏབ་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་སློབ་མ་གཞུག་པར་བྱའོ། །སློབ་

དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །།དེ་ནས་སློབ་མ་བསླབ་པའི་གཞི་ལྔ་ཡོངས་སུ་འཛིན་པའམ། དགེ་ཚུལ་ལམ་དགེ་སློང་གི་སྡོམ་པ་ཡོངས་སུ་བླངས་པས་སྔར་བཤད་པའི་ཆོ་གས་རིག་པའི་སྡོམ་པ་བཟུང་ལ་དེ་ནས། དེས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཙིཏྟོ་ཏ་པ་ད་ཡཱ་མི་ཞེས་

བྱ་བ་ལས་སློབ་དཔོན་གྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་གཞུག་གོ། །དེ་ནས་དེའི་སྙིང་གར་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས་འདི་སྐད་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པས་བྱིན་

Vol. 60 · folio 38a

གྱིས་བརླབ་པར་འགྱུར་གྱི། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་བར་མ་བྱེད་ཅིག །དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ། །དེ་ནས་ཐོག་མ་ལྔ་པོ་བསྡུ་བ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ། །

སངས་རྒྱས་ཐམས་ཅད་བསྒྲུབ་པ་ཡི། །ཁྱེད་ཀྱིས་གསང་བའི་དམ་ཚིག་འདི། །སངས་རྒྱས་ཐམས་ཅད་རབ་གྲུབ་བྱེད། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །ཁྱེད་ཀྱི་རིགས་ཀུན་བཅོམ་པར་འགྱུར། །ཨོཾ་མ་ཧཱ་སུ་ཁ་ཧ་ན་ས་མ་ཡ་མཱ་ཏི་ཀྲ་མ་སུ་ར་ཏ་སྟྭཾ། དེ་ནས་ཡོན་གྱི་

མཆོག་བླངས་ལ་ཤར་ཕྱོགས་ཀྱི་སྒོ་ལ་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ་རབ་ཏུ་དགའ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ་སློབ་མ་ཐམས་ཅད་གཞུག་པའི་ཆོ་གས་གཞུག་པར་བྱའོ། །དེ་ནས་ཞུགས་ནས་རྣ་བར་འདི་སྐད་

ཅེས་བསྟན་པར་བྱའོ། །ཆགས་བྲལ་གྱིས་འདུལ་འཇིག་རྟེན་ལ། །ཆགས་བྲལ་གྱིས་ནི་སྦྱོང་བར་བྱེད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་སྦས་པ་ཡིན། །འདོད་ཆགས་བྲལ་བས་འདྲ་བའི་སྡིག །སྡུག་བསྔལ་དངོས་པོ་གཞན་མེད་དེ། །དེ་བས་འདོད་ལ་ཆགས་

བྲལ་བ། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པའང་ཐོབ་ནས་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་

ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་

སྤྱི་བོར་གཞག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་ཡིན་གྱི་གལ་ཏེ་འགའ་ཞིག་ལ་སྨྲས་ན། ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་མནའི་སྙིང་པོ་ལན་ཅིག་བཟླས་ལ་སློབ་མ་དེ་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་

Vol. 60 · folio 38b

བྱའོ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །བཛྲོད་ཀ་ཋ། དེ་ནས་སློབ་མ་ལ་འདི་སྐད་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བསྒོ་བ་

གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་

ཤིག་ཅེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རིངས་པར་སེམས་མ་རྡོ་རྗེ་མའི་རྡོ་རྗེ་བཅིངས་ལ་དེའི་སྙིང་གར་གཞག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་བཤད། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དེ་རིང་ཉིད་དུ་འབབ་པར་

ཤོག །དེ་ནས་བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བ་འདི་ལན་བརྒྱ་འདོན་དུ་གཞུག་གོ། །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་སེམས་མ་དྲལ་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་ཨ་ཨ་ཨ་ཨཱ་ཨཱ་ཞེས་བྱ་བ་ལན་བརྒྱ་ཟློས་སུ་བཅུག་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་

ཀུན་དུ་གང་བར་བསམ་པར་བྱ་སྟེ་དེས་ནི་འབབ་པར་གྱུར་པའམ། འདི་ལ་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ནས་མེ་ཏོག་དོར་ལ་ཕྲེང་བས་དབང་བསྐུར་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བསྟན་པ་དང་། ཕྱག་རྒྱ་དགྲོལ་བ་རྣམས་སློབ་དཔོན་གྱི་ཆོ་གས་བྱའོ། །

དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར་བྱ་སྟེ། དེ་ནི་འདི་ཡིན་ནོ། །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་ལ་བདེ་རབ་སྩོལ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །འདོད་པ་འདི་ནི་དམ་ཚིག་མཆོག །འདི་ནི་ཐོག་མ་ཐ་མ་མེད། །ནམ་མཁའ་ལས་བྱུང་མཚན་ཉིད་ཡིན། །

ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་གཙོ། །འདི་ཉིད་ཁོ་ནས་འགྲོ་བའི་སེམས། །བརྟན་པས་སེམས་དཔའ་ཞེས་བརྗོད་དེ། །མཉམ་པར་གཞག་པས་ཏིང་འཛིན་ཏེ། །ངེས་པའི་ཕྱིར་ན་རྡོ་རྗེར་འགྱུར། །སེམས་དཔའི་བྱིན་རླབས་སྦྱོར་བ་ཡིས། །སླར་ཡང་རྡོ་རྗེ་སེམས་དཔར་

Vol. 60 · folio 39a

འགྱུར། །འདི་ཉིད་ཐོག་མའི་སེམས་དཔའ་སྟེ། །འདོད་པ་འགྲོ་བ་ཀུན་གྱི་བདག །འདི་ཉིད་ཁོ་ནས་སངས་རྒྱས་ཉིད། །འདི་ཉིད་དེ་བཞིན་གཤེགས་པ་ཡིན། །འདི་ནི་ཁམས་གསུམ་ཐམས་ཅད་དེ། །དང་པོའི་སེམས་དཔར་ཡང་དག་བྱུང་། །ཆགས་བྲལ་གྱིས་

མཐར་མུ་སྟེགས་རྣམས། །དེ་ཉིད་འདུལ་བ་ཡང་དག་འདི། །བཅོམ་ལྡན་རབ་སྦས་གསང་ཉིད་དུ། །བདེ་བར་གཤེགས་པས་མཛད་པ་ཡིན། །དེ་ནས་བཅོམ་ལྡན་འདས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འདི་ནི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཡིན་ཏེ། སེམས་

ཅན་ཐམས་ཅད་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་དམ་ཚིག་ནི་འདི་ཡིན་ནོ་ཞེས་དང་པོའི་སེམས་དཔའ་ནས་བརྩམས་ཏེ་དེ་བཞིན་གཤེགས་པའི་བར་དུ་དེ་རྣམས་ལ་ཁྱེད་ཀྱིས་བརྙས་པར་མི་བྱ་ཞིང་ནམ་ཡང་ཡོངས་སུ་སྤང་བར་མི་བྱའོ། །འདི་ལ་བརྙས་པར་

གྱུར་ན་ཁྱེད་ལ་ཉེས་པ་ཐམས་ཅད་མི་འབྱུང་བ་མ་ཡིན་ནོ། །དེ་ནས་ཡོན་གྱི་མཆོག་བླངས་ཏེ་སྣ་ཚོགས་པདྨ་དེ་བཞིན་དུ་བྲིས་ལ་སློབ་མ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། པདྨ་དེར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་སྦྱོར་བས་བཞག་ལ་མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་

པས་ཡང་དག་པར་མཆོད་དེ་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། སློབ་དཔོན་གྱི་ཚོགས་དབང་བསྐུར་བར་བྱ་ཞིང་ཆུ་དེ་བླུད་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་

གྲུབ་འགྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་པའི་ནང་སྨྲས་ན། །དད་པ་མེད་པར་བགད་པར་འགྱུར། །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་བདག་པོ་

དང་མིང་གི་དབང་བསྐུར་བ་བྱིན་ལ་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་བྱིན་ནས་དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་ཀྱང་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང་རྡོ་རྗེ་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་ཕྱག་རྒྱ་བཅུ་གཉིས་ཀྱིས་དེ་ཡང་དག་པར་མཆོད་ལ། ཨོཾ་མ་ཧཱ་

Vol. 60 · folio 39b

སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་ཞེས་བྱ་བས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་མངོན་དུ་བཅུག་ནས་བཤད་པར་བྱའོ། །དམ་ཚིག་ཆེན་པོ་ནི་སེམས་དཔའ་ལ་བྱའོ། །དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བ་ཞེས་བྱ་སྟེ། བཅོམ་ལྡན་འདས་རབ་ཏུ་དགའ་བ་ལ་བསྐུལ་བས་དངོས་གྲུབ་ཐམས་

ཅད་ཀྱི་མཆོག་འདོད་པ་ཐམས་ཅད་མྱུར་དུ་འཐོབ་པར་འགྱུར་རོ། །དེ་བས་ན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཅེས་བཤད་དོ། །བཅོམ་ལྡན་འདས་འདི་ནི་ཁམས་གསུམ་གྱི་དབང་ཕྱུག་དང་པོའི་སེམས་དཔའ་ཉིད་ཡིན་པས་འདོད་པ་ཀུན་གྱི་དབང་ཕྱུག་སྟེ་མ་དུལ་བ་རྣམས་ལ་རྡོ་རྗེ་

བསྙེམས་མའི་བདག་པོ་མཆོག་ཡིན་ནོ། །དེ་བས་ན་རྡོ་རྗེ་བསྙེམས་མའི་དོན་ཉིད་དུ་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་ཀུན་དུ་བཟང་པོའི་སྐུ་འགྲོ་བ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་རྡོ་རྗེ་བསྙེམས་མའི་བདག་པོ་དེ་རབ་ཏུ་དགའ་བའི་སྦྱོར་བས་རྡོ་རྗེ་འདི་

འཆང་བར་མཛད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་ཡིན་ལ། གང་གི་ཚེ་རབ་ཏུ་དགའ་བས་གཟེངས་བསྟོད་པ་དེའི་ཚེ་འདི་ནི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཡིན་ཏེ་ཉོན་མོངས་པ་མེད་ཅིང་བདེ་བ་ཉིད་ཀྱིས། སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་པ་

དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ནས་འདིས་ནི་རབ་ཏུ་དགའ་བས་བསྟོད་པའི་ཕྱག་རྒྱས་བཅོམ་ལྡན་འདས་གཡོན་བསྙེམས་པའི་ཚུལ་གྱིས་འདོད་ཆགས་ལ་སྤྱད་པའི་སེམས་ཅན་རྣམས། དབང་དུ་མཛད་ནས་མགུ་བར་མཛད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་

ན་དགའ་བའི་སྦྱོར་བས་འགྲོ་བ་རྣམས་མགུ་བར་མཛད་པ་འབའ་ཞིག་ཏུ་མ་ཟད་ཀྱི་དེ་བཞིན་ཉིད་ཀྱི་ཚུལ་གྱིས་འདུལ་བར་མི་ནུས་པ་རྣམས་ལ་འདིར་བསྙེམས་མའི་ཚུལ་ལ་ཡང་སྦྱོར་བར་མཛད་དོ། །བསྙེམས་པ་འབའ་ཞིག་གིས་འདུལ་བར་ནུས་པ་ལ་འདིའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་

བསྙེམས་མའི་བདག་པོར་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་འདུལ་བར་སྟོན་པའོ། །དེའི་ཕྱག་རྒྱ་བཅིངས་ལ་ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་རྣམས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །རྡོ་རྗེ་

Vol. 60 · folio 40a

ཡིད་ལས་བྱུང་བ་ལ་སོགས་པ་འདི་རྣམས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེའི་ཡན་ལག་ཡིན་ལ་འདི་ནི་བཅོམ་ལྡན་འདས་ཀྱི་འདོད་ཆགས་ཀྱི་ཡན་ལག་གི་མཐུས་འབིགས་པར་བྱེད་པས་ན་མཚོན་ཆའི་སྙིང་པོའོ། །གཡས་ན་རབ་ཏུ་དགའ་བའི་སྦྱོར་བས་བདེ་བ་ཆེན་པོའོ། །

རྒྱབ་ན་ཆགས་པའི་འཆིང་བས་ཆུ་སྲིན་ལྟ་བུ་ཡིན་པས་ན་ཆུ་སྲིན་གྱི་རྒྱལ་མཚན་ནོ། །གཡོན་ན་ནི་བསྙེམས་པས་དབང་དུ་བྱས་པ་ན་དབང་དུ་བྱེད་པ་སྟེ། འདི་རྣམས་ནི་རབ་ཏུ་དགའ་བའི་མཆོད་པའོ། །མེ་ཏོག་མ་ལ་སོགས་པ་དང་སྒེག་མོ་ལ་སོགས་པ་འདི་དག་ནི་རྡོ་རྗེ་རྣམ་པར་རྩེ་མ་སྟེ། འདི་དག་ནི་མིག་

གི་ཆགས་པའོ། །རྩེ་བའི་ལྕགས་ཀྱུ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདིར་དེ་ཞུགས་ན་འདི་ནི་སངས་རྒྱས་ཉིད་ཀྱང་འཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་མཆོག་ཡིན་པའི་

ཕྱིར་རོ། །དེ་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བའི་ཕྱིར་སྦྱོར་བ་བཞི་ཇི་ལྟ་བ་བཞིན་དུ་བསླབ་པར་བྱའོ། །ལྷའི་རྣལ་འབྱོར་དུ་བྱས་ལ་ས་མ་ཡ་སཏྭ་ཨ་དྷིཥྛ་སྭ་མཱཾ་ཞེས་བྱ་བ་དང་། རང་གི་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་པར་བྱས་

ལ། བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་པར་བྱའོ། །ཊཀྐི་ཧཱུཾ་ཛཿ། ཞེས་བྱ་བས་རྡོ་རྗེ་ཚིག་གིས་བཟླའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་གནས་པ་རབ་ཏུ་བསྟན་པར་བྱའོ། །དེ་ནས་རྡོ་རྗེ་དེ་རང་གི་སྙིང་གར་བསྟོད་པའི་ཚུལ་

གྱིས་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཊཀྐི་ཛཿཧོ། དེ་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་རོ། །དེ་ནས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པ་བཞིན་དུ་བསླབ་པར་བྱའོ། །དེ་ནས་ཆོས་དང་

ལས་དང་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་ལ་ཡང་བསླབ་པར་བྱའོ། །གང་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་ལ་དད་པ་དེ་རྣམས་ལ་ཡང་འདིར་དེ་བཞིན་གཤེགས་པ་ལ་སོགས་པའི་རང་གི་དམ་ཚིག་ལ་སོགས་པས་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་

Vol. 60 · folio 40b

པ་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཅི་ནུས་པར་མཆོད་ཅིག་ཅེས་བསྒོ་ལ། །སློབ་མ་ཐམས་ཅད་ཅི་ནུས་པར་མཆོད་པ་བྱེད་དུ་གཞུག་གོ། །དེ་ནས་ཁ་ཟས་དང་སྤྱོད་ལམ་ཐམས་ཅད་ཀྱིས་སློབ་མ་རྣམས་ཚིམ་པར་བྱས་ལ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཐམས་

ཅད་ཀྱི་གར་གྱིས་མཆོད་པ་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་དམ་དུ་བཅིངས་ལ་བཛྲ་མུཿཞེས་བྱ་བས་རང་གི་གནས་སུ་ཕྱག་རྒྱ་དགྲོལ་བའི་བསམ་པས་དགྲོལ་བར་བྱའོ། །དེ་ལྟར་ཕྱག་རྒྱ་བཀྲོལ་ནས་བཅོམ་ལྡན་འདས་གཤེགས་པར་བྱ་བའི་ཕྱིར་བསྐུལ་བར་བྱའོ། །ཐོག་མཐའ་

རབ་དགར་རག་ལས་པ། །འགྲོ་བ་ཐམས་ཅད་འདི་ཡི་མཐུས། །སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བྱ་བ་བརྗོད་དེ། དེ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་མུཿཞེས་བྱ་བ་བརྗོད་ལ་སྙིམ་པའི་མེ་ཏོག་གྱེན་

དུ་གཏོར་བར་བྱའོ། །དེ་ལྟར་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སུ་གསོལ་བར་འགྱུར་རོ། །དེ་ནས་སྤྲུལ་པ་རྣམས་ཇི་ལྟ་བ་བཞིན་དུ་བསྡུ་བ་བྱས་ལ་འདོད་ཆགས་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་འདོན་པར་བྱའོ། །དེ་ནས་རྡོ་རྗེ་

སྲུང་བ་ལ་སོགས་པས་བསྲུང་བ་བྱས་ལ་ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་རང་ཉིད་ཀྱིས་དབྱི་བར་བྱའོ། །གང་དུ་ཁྱད་པར་གྱི་ཆོ་ག་མེད་པ་དེར་དཀྱིལ་འཁོར་ཆོ་ག་གཞན་དག་ལ་ཡང་ཆོ་ག་འདི་བཞིན་དུ་ཤེས་པར་བྱའོ། །སློབ་མ་གཞུག་པའི་ཆོ་ག་རྒྱས་པ་རྫོགས་

སོ།། །།དེ་ལྟར་སློབ་དཔོན་ལས་ཀྱི་ཆོ་ག་རྒྱས་པ་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར་དེ་ལྟར་བཅོམ་ལྡན་

འདས་དོན་ཡོད་པ་ཐོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་འདས་མ་ཐག་པ་སྟོན་པའི་ཚིག་གོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དོན་ཡོད་པ་ཞེས་བྱ་བ་ལ་སོགས་པ་ལ་

Vol. 60 · folio 41a

དེ་ལ་དོན་ཡོད་པ་ནི་འདོད་པའི་འབྲས་བུ་སྟེ་ངེས་པར་སྩོལ་བའོ། །འདོད་པའི་འབྲས་བུ་སྩོལ་བར་མཛད་པའི་དོན་ལ་བཟློག་པར་མི་ནུས་པས་ན་ཐོགས་པ་མེད་པའོ། །མྱུར་དུ་གྲུབ་པ་ནི་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་དུ་གྲུབ་པའོ། །དེའི་ཆོ་ག་ནི་རྫོགས་

པར་བྱེད་པའི་རྒྱུ་སྟེ་གལ་ཏེ་བསྒྲུབ་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་གང་བཤད་པའོ། །ཆོ་ག་དེའི་རྒྱས་པར་ནི་ཡུལ་རྣམ་པ་སྣ་ཚོགས་དང་ལྡན་པར་གྱུར་པའི་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་རང་རང་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ནས་དྲུག་ལྡན་ལ་སོགས་པ་སྙན་

པའི་གླུ་དང་བཟླས་པའི་དོན་གྱིས་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབ་པར་བྱའོ། །ཞེས་འོག་ནས་རྗེས་ཐོགས་ཉིད་ལ་སྟོན་པར་འགྱུར་བའོ། །དེའི་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ནི་རྡོ་རྗེ་དང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་ཆོ་ག་རྣམ་པར་གནོན་

པ་གང་ཡིན་པ་དེ་མཛད་པ་སྟེ། དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་གྱིས་སེམས་ཅན་གྱི་དོན་རྫོགས་པར་མཛད་པ་ཐུགས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏོ། །དེའི་ཆོ་ག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཐུགས་རྗེས་འགྲོ་བའི་དོན་མཛད་པ་སྟེ་དེ་ཉིད་ནི་རྣམ་པར་གནོན་པའོ། །

འདི་སྐད་སྟོན་ཏེ་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་ནས་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་ལ་ངེས་པར་སྦྱོར་བར་མཛད་དོ། །འདི་གསུངས་སོ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་རྗེས་ཐོགས་ཉིད་ལ་སྟོན་པའོ། །སུ་

ཞིག་གིས་འདི་སྐད་གསུངས་ཤེ་ན་རྡོ་རྗེ་འཆང་ཆེན་པོས་སོ་ཞེས་གསུངས་པ་ཡིན་ནོ། །བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །ཞེས་བྱ་བ་ནི་སྤྱོད་པ་རྒྱ་ཆེན་པོ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་ཐར་པ་མངོན་སུམ་དུ་བྱ་བའི་ཕྱིར་རོ། །འདོད་ཆགས་

ཆེན་པོ་རྣམ་དག་ཕྱིར། །ཞེས་བྱ་བ་ནི་སྔོན་གྱི་འཕེན་ཤུགས་ཀྱིས་གཟུགས་ཐམས་ཅད་སྟོན་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ནི་འདོད་ཆགས་ཆེན་པོ་རྣམ་པར་དག་པ་སྟེ་དེའི་དོན་ཏོ། །རྡོ་རྗེ་སེམས་དཔའི་བསྒྲུབ་པ་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པ་དེ་

Vol. 60 · folio 41b

བཤད་པར་བྱའོ། །མྱུར་དུ་རིངས་པར་རོ། །རྟག་ཏུ་ནི་བརྟན་པ་སྟེ་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པའོ། །ཇི་སྲིད་གནས་ཞེས་བྱ་བ་ལ་འདིར་འཁོར་བས་ན་འཁོར་བ་སྟེ་སྣོད་ཀྱི་འཇིག་རྟེན་ནོ། །དེར་གནས་པ་ནི་ཕྱི་མའི་མཐར་ཐུག་པ་མེད་པར་བཞུགས་པ་སྟེ། མི་གནས་པའི་

མྱ་ངན་ལས་འདས་པའི་ཚུལ་གྱིས་འཁོར་བར་བཞུགས་པའོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །ཇི་སྲིད་ཅེས་བྱ་བ་ནི་བརྗོད་པར་འདོད་པའི་དོན་མ་ལུས་པར་སྟོན་པར་བྱེད་པའི་ཚིག་སྟེ། དེ་སྲིད་སེམས་ཅན་འདོན་པར་མཛད་པ་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་དེ་སྙེད་ཅིག་

ཁོ་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་བརྐྱང་བས་སངས་རྒྱས་ཉིད་སྩོལ་བས་འདོན་པར་མཛད་དོ། །འདི་སྐད་སྟོན་ཏེ་ཇི་སྲིད་ཅིག་ཁོ་ན་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་འཁོར་བར་བཞུགས་པར་མཛད་པ་དེ་སྲིད་ཁོ་ནས་བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་

འཕེན་ཤུགས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་བརྐྱང་བར་མཛད་པས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་གདོན་པར་མཛད་པའོ། །མྱ་ངན་ལས་འདས་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པས་ཡོངས་

སུ་མྱ་ངན་ལས་འདས་ན་འཁོར་བ་ཕྱི་མའི་མཐར་ཐུག་པ་མེད་པར་སེམས་ཅན་གྱི་དོན་ཤིན་ཏུ་བྱེད་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སྒྲིབ་ཅེས་བྱ་བ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་སྒྲིབ་ཅིང་འགེགས་པ་འདི་ལ་མངའ་བས་ན་བྱང་ཆུབ་སྒྲིབ་

པའོ། །ཤིན་ཏུ་མི་སྣང་བར་གྱུར་པས་ན་དེའི་ཕྱིར་མྱ་ངན་འདས་པར་གྱུར་པས་འགྲོ་བའི་དོན་བྱེད་མི་ནུས་པའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ལམ་ཐབས་ཤེས་རབ་ཟུང་དུ་འཇུག་པས་བསྒོམ་

པར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པ་ལ་ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པས་ཤིན་ཏུ་མི་སྣང་བར་གྱུར་ན་སེམས་ཅན་གྱི་དོན་བྱེད་མི་ནུས་སོ། །རྒྱུ་དེས་ན་བྱང་ཆུབ་སེམས་

Vol. 60 · folio 42a

དཔའ་དམ་པ་རྣམས་ཀྱི་ཕྱི་མའི་མཐར་ཐུག་པ་མེད་པའོ། །འཁོར་བ་ཇི་སྲིད་པའི་བར་དུ་འཁོར་བར་གནས་ཤིང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་ཡོངས་སུ་མི་འདོར་བར་འཁོར་བའི་ཚུལ་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོས་སེམས་

ཅན་གྱི་དོན་ཉིད་ཅེས་སེམས་ཅན་གྱི་དོན་གྱི་ཕྱིར། འཁོར་བ་ཡོངས་སུ་མི་འདོར་བར་བཞེད་ཅིང་ཡོངས་སུ་འདོད་པ་ཡིན་ནོ། །དངོས་པོ་ལ་མངོན་པར་ཞེན་པས་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། ཐམས་ཅད་དག་པའི་མཆོག་ཆོས་ཅན། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཅེས་

བྱ་བའི་སྒྲས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་ལ་བྱ་བར་བཤད་དོ། །དེ་རྣམས་ཀྱི་དག་པ་ནི་ཐམས་ཅད་དག་པ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ཉིད་ནི་མཆོག་ཆོས་ཏེ་དེ་གང་ལ་ཡོད་པ་ནི་ཐམས་ཅད་དག་

པའི་མཆོག་ཆོས་ཅན་ཞེས་བྱ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། །དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་ནོ་ཞེས་སྟོན་པ་ཡིན་ནོ། །གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ཇི་སྲིད་པར་གནས་ཏེ་ཕྱི་མའི་མཐར་ཐུག་པ་མེད་པའི་

སེམས་ཅན་གྱི་དོན་མཛད་པར་གྱུར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པས་ཀྱང་དེ་ལྟ་བུའི་སེམས་ཅན་གྱི་དོན་བྱེད་པར་གྱུར་པས། གསང་སྔགས་ཀྱི་སྤྱོད་པ་ཅི་ཞིག་བྱ་ཞེས་དེ་ལྟར་རྟོག་པར་འགྱུར་བ་དག་ཡོད་པས་དེའི་ཕྱིར། དེ་ལྟར་ཡིན་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། ཇི་ལྟར་ཕྱག་རྒྱ་ཆེན་པོ་ཉིད་དམ་རྡོ་རྗེ་འཆང་བ་ཉིད་ལ་སོགས་པ་འཐོབ་པའི་མཚན་ཉིད་ཅན་གྱི་སེམས་ཅན་གྱི་དོན་དུ་འགྱུར་བས་དེ་ལྟ་བུར་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདིས་ཚེ་འདི་ཉིད་ལ་ཐོབ་པར་མི་འགྱུར་བའོ། །རང་གི་

སེམས་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་བྱང་ཆུབ་སྟེ། དེའི་དོན་གྱི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ། །དེ་ཡང་འཁོར་གསུམ་ཡོངས་སུ་དག་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པའོ། །དེ་རྣམས་ཀྱི་མཆོག་ནི་ཕུལ་དུ་བྱུང་བར་གནས་པ་སྟེ། དེ་ལ་ཡོད་པའི་སྦྱིན་པའི་ཕ་རོལ་ཏུ་

Vol. 60 · folio 42b

ཕྱིན་པ་ལ་སོགས་པ་ནི་བྱང་ཆུབ་སྤྱོད་མཆོག་གོ། །བྱང་ཆུབ་སྤྱོད་མཆོག་ཀྱང་ཡིན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པས་ན་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །ཇི་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་

ཐམས་ཅད་ཀྱང་བསྒྲུབས་པས་དེ་བཞིན་གཤེགས་པ་ཉིད་དམ། རྡོ་རྗེ་འཆང་ཉིད་ལ་སོགས་པ་ཐོབ་པའི་མཚན་ཉིད་ཅན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་འགྱུར་བ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་དེ་རྣམས་ཀྱིས་འགྲུབ་པར་མི་

འགྱུར་རོ། །ཇི་ལྟར་གསང་སྔགས་ཀྱི་ཚུལ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྒྲུབས་པས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཉིད་དམ། རྡོ་རྗེ་འཆང་ཉིད་ལ་སོགས་པ་ཐོབ་པའི་མཚན་ཉིད་ཅན་གྱི་སེམས་ཅན་གྱི་དོན་དུ་འགྱུར་བ། དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་རྣམས་ཀྱིས་ཀྱང་ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བ་དེ་ནི་དེ་བཞིན་གཤེགས་པས་མི་འདུལ་བ་སྟེ། དེ་

བཞིན་གཤེགས་པ་མཐོང་བའི་སྐལ་བ་མེད་པའི་སེམས་ཅན་རྣམས་སོ། །མི་འདུལ་བ་དེ་རྣམས་ལ་སེམས་ཅན་གྱི་དོན་སངས་རྒྱས་ཉིད་དུ་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་མི་མཛད་དོ། །ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་མི་

འདུལ་བ་རྣམས་ལ་སེམས་ཅན་གྱི་དོན་མི་མཛད་དོ། །དེ་བས་ན་ཅི་ཞིག་ཏུ་ངེས་ཤེ་ན། ཇི་ལྟར་སྔགས་ཀྱི་ཚུལ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྒྲུབས་པས། ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ལ་སོགས་པ་སྐྱེད་པར་བྱེད་དོ། །དེ་བས་ན་སྦྱིན་པའི་ཕ་རོལ་

ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་གིས་ནི་དེ་ལྟར་མི་འགྱུར་རོ། །གསང་སྔགས་ཀྱི་ཚུལ་ལ་ཡང་དེ་དང་འདྲ་མོད། ཅིའི་ཕྱིར་དེ་ལྟར་མི་འགྱུར་ཞེ་ན། འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འདི་ན་གསང་སྔགས་ཀྱི་ཚུལ་ལ་སྐལ་བ་དང་

Vol. 60 · folio 43a

མི་ལྡན་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་ལ་སོགས་པ་མ་མཐོང་བའི་ཕྱིར་མི་ལྡོག་པའི་བག་ཆགས་བསྐྱེད་པས་ཕུལ་དུ་བྱུང་བས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་དེ་རྣམས་གྲུབ་པའི་ཕྱིར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རབ་ཏུ་གྲུབ་ཅིང་རྫོགས་

པ་ཡིན་ནོ། །དེ་བས་ན་འདི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ད་ལྟར་བྱུང་བར་ངོ་བོ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་དུ་གྲུབ་པ་ཡིན་ནོ། །དུས་ཐམས་ཅད་ཁོ་ནར་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་རབ་ཏུ་སྟེར་ཞིང་ཐམས་ཅད་བྱེད་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་

བྱ་བ་ལ་སོགས་པ་གང་གི་ཕྱིར་གསང་སྔགས་ཀྱི་ཚུལ་འདི་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཐོང་བ་ལ་སོགས་པའི་སྟོབས་ཀྱིས་དུས་ཐམས་ཅད་དུ་གདུལ་བྱ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་རབ་ཏུ་གསོལ་བར་མཛད་དོ། །དེ་བས་ན་སྔགས་ཀྱི་ཚུལ་ལས་གསུངས་པའི་

སྒྲུབ་པའི་དངོས་གྲུབ་མྱུར་དུ་གྲུབ་པར་བྱེད་པར་བཤད་དོ། །འདི་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན་དངོས་གྲུབ་ཤིན་ཏུ་རྟག་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཉིད་དང་། རྡོ་རྗེ་འཆང་བ་ཉིད་ལ་སོགས་པའི་རང་བཞིན་ཅན་གྱི་མངོན་པར་འདོད་པའི་དངོས་

གྲུབ་ཚེ་འདི་ཉིད་ལ་ཤིན་ཏུ་རྟག་པའི་དངོས་གྲུབ་ཀྱི་རྒྱུར་གྱུར་པའི་ཕྱིར་དངོས་གྲུབ་ཤིན་ཏུ་རྟག་པ་ཡིན་ཞེས་སྨྲའོ། །ཡང་ཅིའི་ཕྱིར་དངོས་གྲུབ་ཀྱི་རྒྱུར་གྱུར་པ་གྲུབ་པའི་སྒྲར་བརྗོད། གྲུབ་པ་ཉིད་ནི་མ་ཡིན་ཞེ་ན། གང་གིས་སྲིད་པ་འདི་ཉིད་དུ་ཤིན་ཏུ་རྟག་པའི་དངོས་གྲུབ་ཐོབ་

པའི་རྗེས་ཐོགས་ཉིད་ལ་བཤད་པའི་ཕྱིར་ཏེ། གང་གིས་ཞེས་བྱ་བ་ནི་གྲུབ་པ་གང་གིས་སོ། །སྲིད་པ་འདི་ཉིད་དུ་ཞེས་བྱ་བ་ནི་སྐྱེ་བ་གང་ལ་བསྒོམ་པ་ལ་མངོན་པར་བརྩོན་པ་བྱས་པ་དེ་ཉིད་ལ་གྲུབ་པ་སྟེ། སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་ཉིད་གྲུབ་པར་འགྱུར་བའོ། །ཁྱད་པར་ཇི་ལྟ་བུ་

ཞིག་ཅེ་ན་ཤིན་ཏུ་རྟག་པ་ཞེས་བྱ་བ་སྟེ་ཕྱི་མའི་མཐའ་མེད་པར་གནས་པའོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་ཀྱང་། །ཞེས་བྱ་བ་འདི་ནི། འོག་ནས་སྟོན་པའི་སྒྲུབ་པའི་བདག་ཉིད་ཆེ་བ་སྟོན་ཏེ། ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱས་དཀྱིལ་འཁོར་དུ་

Vol. 60 · folio 43b

མ་ཞུགས་པའོ། །ཀྱང་ཞེས་བྱ་བའི་སྒྲས་ནི་དཀྱིལ་འཁོར་དུ་ཞུགས་པ་རྣམས་ནི་ཤིན་ཏུ་ཡང་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དམ་ཚིག་རྣམ་པར་སྤངས་པའམ་ཞེས་བྱ་བ་ནི་དམ་ཚིག་མི་ཤེས་པའི་མདུན་དུ་སྔགས་དང་ཕྱག་རྒྱ་སྟོན་པ་ནི་དམ་ཚིག་སྟེ། རྡོ་རྗེ་

སེམས་དཔའ་ལ་སོགས་པ་སྤངས་པས་ན་དམ་ཚིག་གིས་སྤངས་པའོ། །དེ་ཡང་གལ་ཏེ་འོག་ནས་ཇི་སྐད་དུ་བཤད་པ་བཞིན་དུ་སྒྲུབ་པར་བྱེད་ན། བསྒོམས་པའི་སྟོབས་ཀྱིས་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་ན་བསམ་གཏན་དང་ལྡན་ཞིང་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱས་

ཞུགས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། སྲིད་པ་འདི་ལས་མྱུར་དུ་འགྲུབ། །ཅེས་བྱ་བ་ནི་དེས་སྐྱེ་བ་གང་ལ་སྒྲུབ་པར་བརྩམས་པ་སྐྱེ་བ་དེ་ཉིད་ལས་འགྲུབ་པ་དེས་མྱུར་བ་ཉིད་དུ་འགྲུབ་པར་འགྱུར། བསོད་ནམས་མེད་ཀྱང་ཐམས་ཅད་དུ། །ཞེས་བྱ་བ་ལ་དག་པར་བྱེད་པས་ན་བསོད་

ནམས་ཏེ་མ་ཆགས་པ་དང་ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་སྤྱོད་པས་སྦྱོང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་འདི་ལ་ཡོད་པ་མ་ཡིན་པས་ན་མེད་པའོ། །ཀྱང་ཞེས་བྱ་བའི་སྒྲས་ནི་གང་གི་ཕྱིར་བསོད་ནམས་དང་ལྡན་པ་ཡང་རིགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཇི་སྐད་བཤད་པ་

ཐམས་ཅད་ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་འགྱུར་བས། བསོད་ནམས་དང་ལྡན་པ་རྣམས་ནི་ཤིན་ཏུ་ཡང་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །གལ་ཏེ་དངོས་གྲུབ་བསྒྲུབ་པར་འདོད་ན་ཞེས་བྱ་བ་ནི། ཇི་སྲིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་འདོད་

པར་གྱུར་ནའོ། །རྟག་ཏུ་ཡུལ་དང་ལྡན་གྱུར་ན། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོར་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་བྱས་ནས་སྤྱད་པར་བྱ་ཞེ་ན་ཡང་དག་མཆོད་ཅེས་བྱ་བ་ལ་སོགས་པ་

གསུངས་ཏེ་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ནས་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་བཅུག་ལ་རང་གི་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ཏེ་བྱིན་གྱིས་བརླབས་ཏེ་དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་གསང་བའི་

Vol. 60 · folio 44a

མཆོད་པ་བཞིས་མཆོད་ལ་ཀཾ་ཀ་ལྱ་དང་། དྲུག་ལྡན་ལ་སོགས་པའི་གླུའི་ཁུངས་ཐམས་ཅད་ཀྱིས་ཇི་སྐད་བཤད་པ་བཞིན་དུ་ཇི་ལྟར་མངོན་པར་འདོད་པས། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་སྒྲ་ཟློས་ཤིང་དོན་ལ་དམིགས་པའི་སྒོ་ནས་ཅི་ནུས་པར་

བྱའོ། །ཅི་ནུས་པར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནུས་པ་དང་རྗེས་སུ་འཚམ་པས་སྔགས་ཟློས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བདག་ཉིད་བསྐྱེད་ལ་བསྒྲུབ་པར་བྱའོ། །འདི་ཡིས་ཞེས་བྱ་བ་ནི་ཟློས་པའི་ཆོ་གས་སོ། །འདོད་པ་ཀུན་གྱི་དབང་ཕྱུག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་

སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ལྷ་ཐམས་ཅད་ཀྱི་ཏིང་ངེ་འཛིན་འདོད་པ་ཙམ་གྱིས་མངོན་སུམ་དུ་བྱེད་པར་ནུས་པའོ། །དེ་ལ་ཇི་ལྟར་མངོན་པར་འདོད་པའི་ཕྱོགས་ཀྱི་བདག་པོ་ཞེས་བྱ་བ་ནི་ཕྱོགས་དེ་ནས་འདིར་སྐྱེ་ཞིང་སྟེང་དུ་ཡང་འགྲོ་བ་སྟེ་དེ་ལྟ་བུ་བསམས་པ་ཙམ་གྱིས་སོ། །གང་

གི་ཕྱིར་དེ་ལྟར་ཡིན་པ་དེས་ན་བཤད་མ་ཐག་པའི་དངོས་གྲུབ་ཐམས་ཅད་ཀྱི་བདག་པོ་གཙོ་བོ་གྲུབ་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས་ཀྱིས་རྒ་ཤི་ནི་མེད་པར་འགྱུར་བའོ། །མཆོད་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདེ་

བ་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་འགྲུབ་པའི་རྣལ་འབྱོར་པ་ནི། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་འགྲུབ་པའོ། །དེས་མཛེས་པས་ན་རྒྱལ་པོ་སྟེ་བདེ་བ་ཆེན་པོའོ། །རྡོ་རྗེ་གྲུབ་པ་ཡང་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ན་བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོའོ། །

དེ་བཞིན་གཤེགས་པ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ནི་

དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དེ། དེ་གདུལ་བྱ་རྣམས་ལ་སྩོལ་བར་མཛད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་སྩོལ་བའོ། །རྡོ་རྗེ་འཆང་ཆེན་པོ་བྱང་ཆུབ་སེམས་དཔར་གྲུབ་པར་གྱུར་པ་ནི་སེམས་ཅན་གྱི་དོན་རྫོགས་པར་

Vol. 60 · folio 44b

མཛད་པའོ། །འདི་སྐད་སྟོན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་བཅུག་སྟེ། བདག་ལ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི་བར་དུ་ཇི་ལྟ་བ་བཞིན་དུ་རྗེས་སུ་སྤྱད་ལ། རྡོ་རྗེ་

མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་མཆོད་ལ་དེ་ཁོ་ན་ཉིད་དང་། ཆོས་དང་ལས་དང་དམ་ཚིག་གིས་བཟུང་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ།

ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་བཟླས་པར་བྱ་བའི་སྙིང་པོ་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་ཡིད་ཀྱིས་བྲིས་ལ། ཀཾ་ཀ་ལྱ་དང་དྲུག་ལྡན་ལ་སོགས་པའི། ཐམས་ཅད་ཅི་འདོད་བླངས་ནས་ནི། །བཟླས་པའི་དོན་ནི་ཅི་ནུས་པས། །རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ། །

བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་དང་པོར་ལན་ཅིག་བྱས་ནས་ཇི་སྲིད་ཉིན་རེ་ལ་བདག་ཉིད་རྡོ་རྗེ་སེམས་དཔར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་འཛིན་པའི་རྣལ་འབྱོར་པས་བཅོམ་ལྡན་འདས་

རྡོ་རྗེ་སེམས་དཔའི་རིག་པའི་བརྟུལ་ཞུགས་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་གསུངས་པ་སྤྱད་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲིས་ལ་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བསྒོམ་པར་བྱས་ན་རྡོ་རྗེ་འཛིན་པ་ཆེན་པོ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་རོ། །

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་སྒྲུབ་པ་པོ་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་མཆོག་གྲུབ་པར་འདོད་ན། སྒྲུབ་པ་པོ་དེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཕྱག་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་

སུ་བསྐོར་བ་རས་རིས་ཀྱི་དབུས་སུ་འདྲིར་གཞུག་གོ། །ངོས་ཐམས་ཅད་དུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུངས་པའི་སངས་རྒྱས་ཀྱི་སྐུ་གཟུགས་བརྒྱད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བསྐོར་བར་བྲི་བར་བྱའོ། །དེའི་མདུན་དུ་ཞེས་བྱ་བ་

Vol. 60 · folio 45a

ལ་སོགས་པ་ལ་རས་རིས་དེའི་མདུན་དུ་རྣལ་འབྱོར་པ་མདུན་དུ་བལྟས་ཏེ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་གིས་བཟླས་བརྗོད་འབུམ་བྱའོ། །དེ་ནས་འབུམ་རྫོགས་པ་ན་དེ་ལ་བགེགས་བྱེད་པའི་ཕྱིར་

མཚན་ཕྱེད་ཀྱི་དུས་ན་བདུད་ཀྱི་ཚོགས་འོང་བར་འགྱུར་རོ། །དེ་ནས་དེ་ལ་བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པས་བཅོམ་པར་བྱའོ་ཞེས་བྱ་བ་ནི། བདག་ཉིད་མི་བསྐྱོད་པར་བསམས་ལ་རང་གི་སྙིང་གར་སེམས་མ་རྡོ་རྗེ་མ་བསྒོམས་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་

བཅིངས་ལ་གཡོན་པའི་ཁུ་ཚུར་རང་གི་སྙིང་གར་བཞག་ལ་གཡས་པའི་ཁུ་ཚུར་གྱིས་སོར་མོ་ཐམས་ཅད་བརྐྱང་པ་ས་ལ་རེག་པར་བྱས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། །སུ་ར་ཏ་སྟྭཾ་ཞེས་བཟླ་བར་བྱའོ། །དེ་ནས་སྒྲུབ་པ་པོའི་ལུས་ལས་བྱུང་བའི་རྡོ་རྗེ་འཛིན་པ་གཏུམ་པོ་ལ་

སོགས་པ་རྣམས་ཀྱིས་བདུད་ཀྱི་སྟོབས་ཐམས་ཅད་བཅོམ་པར་བྱས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བདུད་བཅོམ་པར་བྱས་པའི་རྗེས་ཐོགས་ཉིད་ལ་བྱང་ཆུབ་ཀྱི་མཆོག་གི་ཕྱག་རྒྱ་བཅིངས་ཏེ། ཇི་སྲིད་ནམ་ལངས་ཀྱི་བར་དུ་ཡང་བདེ་བ་ཆེན་པོ་བཟླ་བར་བྱའོ། །དེ་ནས་

དེ་བཞིན་གཤེགས་པའམ་བྱང་ཆུབ་སེམས་དཔར་འགྱུར་རོ། །འདིས་ནི་དོན་འདི་སྐད་སྟོན་ཏེ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྗེས་སུ་སྤྱད་ནས། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་བཞིས་མཆོད་

ལ་བདག་ཉིད་དང་ཆོས་དང་ལས་དང་། དམ་ཚིག་གཟུང་ནས་ཕྱག་རྒྱ་བཞི་བྱས་ལ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བྱས་ཏེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བཟླས་བརྗོད་འབུམ་བྱས་

ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་རས་རིས་འདྲིར་བཅུག་སྟེ་རས་རིས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྤྱན་དྲངས་ལ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཆོས་ཀྱི་ཕྱག་རྒྱས་རྒྱས་གདབ་བོ། །དེ་ནས་དམ་ཚིག་ཆེན་

Vol. 60 · folio 45b

པོའི་དེ་ཁོ་ན་ཉིད་ཟློས་ཤིང་དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ་མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་ཕྱག་བཞི་བྱས་ལ། རྣམ་པར་

སྒེག་པའི་དགའ་བའི་རྡོ་རྗེས་ཀྱང་ཕྱག་བྱས་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་འབུམ་བྱས་ན་དེ་ནས་ནང་པར་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ནས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་རྣལ་འབྱོར་པ་རྡོ་རྗེ་འཆང་ཆེན་པོ་བསྒྲུབ་པར་འདོད་

ན། རྣལ་འབྱོར་པ་དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་ལུགས་མའམ་བརྐོས་པ་བྱེད་དུ་གཞུག་གོ། །ཇི་ལྟ་བུ་ཞིག་ཅེ་ན། དཀྱིལ་འཁོར་བཞིན་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་དཀྱིལ་འཁོར་གྱི་སྐབས་སུ་དེའི་མཚན་ཉིད་བཤད་པ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་

ལྟ་བུར་བྱས་ནས་དེའི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། དེར་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ཏེ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་གནས་པའི་རྡོ་རྗེ་ལ་བཟླས་པ་བྱ་བའི་སྙིང་པོ་ཡིད་ཀྱིས་བྲིས་

ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཉིན་རེ་ཞིང་ཇི་སྐད་དུ་བཤད་པའི་ཚིག་གིས་སྔགས་ཟློས་ཤིང་བསྒོམ་པར་བྱའོ། །མཐར་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བསྒོམ་པར་བྱའོ། །དེ་ལྟ་བུས་ནི་ཟླ་བ་དྲུག་གིས་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །དེ་ལྟར་དང་པོར་སྒྲུབ་པ་ལ་སྐུ་གཟུགས་

ཀྱི་ཁྱད་པར་བྱས་པ་ཡིན་ནོ། །ཇི་ལྟར་རྡོ་རྗེ་འཆང་བསྒྲུབ་པ་ལ་སྐུ་གཟུགས་ཀྱི་ཁྱད་པར་འདིར་བཤད་པ་ལྟར། སྔར་བཤད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ཐོབ་པ་ཇི་ལྟར་བསྒྲུབ་པ་གསུངས་པ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་སྔར་

བཤད་པའི་སྒྲུབ་པ་ལ་རྡོ་རྗེ་སེམས་དཔའི་ཆ་ལུགས་སུ་བྱས་ནས་སྒྲུབ་པར་གསུངས་པ་ཇི་ལྟར་ཐོབ་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །ཟླ་བ་དྲུག་གིས་ནི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་འགྲུབ་བོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་སྐུ་གཟུགས་ཀྱི་སྒྲུབ་པས་ཟླ་བ་དྲུག་གིས་རྡོ་རྗེ་འཛིན་

Vol. 60 · folio 46a

པ་ཆེན་པོའི་དངོས་གྲུབ་ཆེན་པོ་རྣལ་འབྱོར་པས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་རྡོ་རྗེ་འཆང་ཆེན་པོ་བཀུག་པ་ཞེས་བྱ་བ་ལ་སོགས་པ་གལ་ཏེ་སྒྲུབ་པ་པོ་རྡོ་རྗེ་འཆང་ཆེན་པོ་འགུགས་པར་བྱེད་པར་འདོད་ན། ཇི་སྲིད་མཚན་མ་ཐོབ་པར་འགྱུར་བ་

དེ་སྲིད་ཀྱི་བར་དུ་སྔོན་དུ་བསྙེན་པ་བྱའོ། །དེ་ནས་རས་རིས་འདྲིར་གཞུག་གོ། །དེ་ནས་དེའི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། རས་རིས་ལ་སྔར་བཤད་པའི་བཅོམ་ལྡན་འདས་སྤྱན་འདྲེན་པའི་སྔགས་དང་། གསང་བའི་ལྕགས་ཀྱུ་མའི་ཕྱག་རྒྱས་དགུག་པ་

དང་། གཞུག་པ་དང་། བཅིང་པ་དང་། དབང་དུ་བྱས་ལ་དང་པོའི་རྡོ་རྗེའི་ཕྱག་རྒྱས་བསྒྲུབས་ལ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱ་ཞིང་རྣམ་

པར་སྒེག་པའི་དགའ་བའི་རྡོ་རྗེས་ཡང་ཕྱག་བྱའོ། །དེ་ལྟར་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་སྒྲུབ་པ་པོས་ཡང་གསང་བའི་ལྕགས་ཀྱུ་མས་བཅིངས་ལ། ཇི་སྲིད་ཟླ་བ་ཕྱེད་ཙམ་ལོན་པ་དེ་སྲིད་ཀྱི་བར་དུ་ཇི་སྲིད་མངོན་པར་འདོད་པ་ཉིན་རེ་ཞིང་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་

འདས་རྡོ་རྗེ་འཛིན་པ་ཆེན་པོས་ཐམས་ཅད་སྩོལ་བར་འགྱུར་རོ། །དེ་ནས་རང་གི་ཕྱག་རྒྱ་སྒྲུབ་པ་ནི་ཞེས་བྱ་བ་ནི་གལ་ཏེ་རྣལ་འབྱོར་པ་བདག་ཉིད་ཀྱིས་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་ཚུལ་བསྒྲུབ་པར་འདོད་ན། དེས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་

བཅིངས་ཏེ་བཟླས་པ་ཉིད་ཀྱིས་རང་གི་ལྷའི་སྔགས་ཟློས་ཤིང་བསྒོམས་པས་དེའི་ང་རྒྱལ་མངོན་དུ་བྱ་བའི་ཚུལ་གྱིས། བདག་ནི་རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པ་བསྒོམ་པར་བྱའོ། །བསྒོམས་ནས་བསྒྲུབ་པར་བྱའོ། །ཇི་ལྟར་འདོད་པ་བཟླས་པ་ཞེས་བྱ་བ་འདིས་ནི་

འདིར་བསྒོམ་པ་གཙོ་བོ་ཡིན་གྱི། གྲངས་ཀྱི་ངེས་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །བདག་ཉིད་བསྒྲུབ་པར་བྱའོ་ཞེས་བྱ་བ་འདིས་ནི་ཚུལ་དེ་ལྟ་བུའི་ཇི་ལྟར་འདོད་པའི་བཟླས་བརྗོད་ཀྱིས་བདག་ཉིད་རྡོ་རྗེ་སེམས་དཔའི་བཟླས་པའི་དོན་ཉིད་དུ་བསྐྱེད་པར་བྱ་བའི་ཕྱིར་རས་རིས་ལ་སོགས་

Vol. 60 · folio 46b

པའི་ཚུལ་གྱིས་ནི་མ་ཡིན་ནོ། །ཡང་བསྒོམ་ཞིང་བསྒོམ་ཞིང་བཟླས་པ་ཞེས་བྱ་བ་ནི་བཟླས་པའི་ཚུལ་དོན་ཡང་དང་ཡང་དུ་མངོན་དུ་བྱས་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་ཟློས་ཤིང་བསྒོམ་ཞིང་བསྒོམ་ཞིང་བཟླ་བར་བྱའོ། །ཇི་སྲིད་ཟླ་བ་ཕྱེད་ཀྱིས་རྡོ་རྗེ་འཆང་བ་ཉིད་ཐོབ་པ་ཞེས་བྱ་བ་ནི་ཉིན་

རེ་ཞིང་བདག་ཉིད་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཇི་སྲིད་ཟླ་བ་ཕྱེད་ལོན་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ནང་པར་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ། །འདིས་དོན་ནི་འདི་སྐད་སྟོན་ཏེ།

བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་ལྷའི་སྐུར་བདག་ཉིད་ཉིན་རེ་ཞིང་མངོན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་དཔག་ཏུ་མེད་པ་བྱའོ། །དེ་ནས་ཟླ་བ་ཕྱེད་བཤད་མ་ཐག་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒོམ་པར་བྱས་ན།

དེའི་རྗེས་ལ་འགྲུབ་པར་འགྱུར་རོ། །དེ་ནས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་བསྒྲུབ་པར་འདོད་ན་ཞེས་བྱ་བ་ནི། འདོད་པ་ན་སྤྱོད་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ནི་འདོད་པ་ཐམས་ཅད་དེ། དེ་རྣམས་དབང་ཕྱུག་ཡིན་པས་ན་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་

སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་དེའི་དངོས་པོ་ནི་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཉིད་དེ། དེའི་སྒྲུབ་པ་ནི་རང་གི་ལུས་དང་ངག་དང་ཡིད་དེའི་རང་བཞིན་དུ་སྐྱེས་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དཔལ་རྡོ་རྗེ་སེམས་དཔའི་སྐུ་

གཟུགས་རང་གི་ལྷ་མོ་དང་བཅས་པ་མདུན་དུ་བཞག་སྟེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཇི་སྲིད་ཉིན་རེ་ཞིང་བསྒོམ་པའི་དུས་སུ། བདག་ཉིད་ལྷ་མོ་དང་བཅས་པའི་འདོད་པའི་དབང་ཕྱུག་ཉིད་དང་འདྲ་བར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་སྔོན་དུ་

བསྙེན་པ་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་བཅོམ་ལྡན་འདས་ལྷ་མོ་དང་བཅས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། སྒྲུབ་པ་ལ་ཞུགས་ཏེ་ཇི་སྲིད་བདག་ཉིད་འདོད་པའི་ཁམས་ཀྱི་དབང་ཕྱུག་ལྷ་མོ་དང་བཅས་པ་ཉིད་དུ་འགྱུར་ཞིང་། མིའི་རང་བཞིན་ལས་མི་སྣང་བར་འགྱུར་ཏེ་ལྷའི་འདོད་པའི་དབང་ཕྱུག་གི་

Vol. 60 · folio 47a

དགའ་བའི་ངོ་བོ་ཉིད་དུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྒྲུབ་པ་པོ་ཁམས་གསུམ་མ་ལུས་པའི་བདག་པོར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཇི་སྐད་དུ་བཤད་པའི་དོན་མཛད་ནས། ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལས་བཀའ་

སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བའི་སྒྲས་ནི་འདས་མ་ཐག་པ་སྟོན་པའི་ཐ་ཚིག་གོ། །འདོད་པའི་ཁམས་ཐམས་ཅད་ནི་ཕྱོགས་བཅུ་ན་གནས་པའི་ཁམས་གསུམ་པ་ཐམས་ཅད་ཀྱི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་དོ། །ཁམས་གསུམ་

མ་ལུས་པ་དེར་དོན་ཡོད་པ་ནི་འབྲས་བུ་ཡོད་པ་སྟེ། གདུལ་བྱ་རྣམས་ཀྱི་དོན་སྐལ་བ་ཇི་ལྟ་བ་བཞིན་དུ་མཛད་པའོ། །ལས་རྣམས་ཀྱི་ཚོགས་ནི་རྒྱུན་གང་ཡིན་པ་སྟེ། གང་གི་ཕྲིན་ལས་ཁམས་གསུམ་པ་ན་དོན་ཡོད་པའི་ལས་ཀྱི་རྒྱུན་ནི་རྡོ་རྗེ་འཆང་ཆེན་པོའོ། །ཅི་ཞིག་མཛད་ནས་

གསུངས་ཤེ་ན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ངོ་བོ་ཉིད་ཀྱིས་གྲུབ་ཅིང་རྫོགས་པར་གྱུར་པས་ན་རང་བཞིན་གྱིས་གྲུབ་པའི་ཆོས་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་དག་པའི་ངོ་བོ་ཉིད་ཀྱིས་སེམས་དང་སེམས་ལས་

བྱུང་བ་གཉིས་སུ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་བཞིན་གྱིས་གྲུབ་པའི་ཆོས་ཉིད་ནི། ཐམས་ཅད་རང་བཞིན་གྱིས་གྲུབ་པའི་ཆོས་ཉིད་དེ་ཡེ་ཤེས་དེར་ངེས་པའོ། །དེའི་རྣམ་པར་རོལ་པ་ནི་དེའི་དབང་དུ་བྱས་ནས་གདུལ་བྱ་རྣམས་

ཀྱི་བསྲུང་བ་ལ་སོགས་པ་ལས་རྫོགས་པར་མཛད་པའོ། །དེ་མཛད་ནས་ཐུགས་ལ་གཞག་པ་འདི་གསུངས་སོ། །འདི་ཅི་ཞིག་ཅེ་ན་མ་བསྒྲུབས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་བསྒྲུབས་པ་ནི་མ་བསྐྱེད་པ་སྟེ་སྒྲུབ་པ་པོས་རང་དབང་དུ་མ་བྱས་པའོ། །བདེ་བ་ཆེན་པོ་

གསང་བའི་གཙུག་ཏོར་ལ་སོགས་པའི་ཕྱག་རྒྱ་ནི་མ་བསྒྲུབས་པའི་ཕྱག་རྒྱའོ། །དེ་རྣམས་ཀྱི་ལས་ནི་བདག་བསྲུང་བ་ལ་སོགས་པའོ། །དེའི་རྒྱུ་རྡོ་རྗེའི་རྒྱུན་རྣམ་པ་སྣ་ཚོགས་པ་རྡོ་རྗེ་ལྟར་མི་ཕྱེད་པའོ། །དེའི་ཆོ་ག་རྒྱས་པར་ནི་གང་གི་ལས་ཀྱི་རྒྱུན་དེ་མི་ཕྱེད་པར་རྫོགས་པར་

Vol. 60 · folio 47b

འགྱུར་བའོ། །དེ་ལ་བཀའ་སྩལ་པ་ནི་གསུངས་པའོ། །དེ་ནས་མ་བསྒྲུབས་པའོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེའི་རྗེས་ཐོགས་ལའོ། །གང་གི་ཚེ་ཇི་སྐད་དུ་བཤད་པའི་དངོས་གྲུབ་མ་བསྒྲུབས་པ་དེའི་ཚེ་མ་བསྒྲུབས་པའི་སྙིང་པོ་ཞེས་བྱའོ། །མ་བསྒྲུབས་པའི་སྙིང་

པོ་དེའི་ལས་འོག་ནས་བཤད་པ་རྣམས་རྩོམ་པ་ཡིན་ནོ། །དེ་ཡང་གང་ཞིག་ཅེ་ན་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདི་ལྟར་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་དོན་ཏོ། །བདག་ཉིད་བསྲུང་བ་ནི་བདག་བསྲུང་བ་སྟེ་གདོན་ལ་སོགས་པའི་འཇིགས་པ་རྣམས་བཟློག་པའོ། །དེ་གང་

གིས་འགྱུར་ཞེ་ན་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཙུག་ཏོར་གྱིས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེའི་གཙུག་ཏོར་ནི་སྐྱེས་བུ་ཆེན་པོའི་མཚན་ནོ། །དེ་སྐྱེད་པར་བྱེད་པའི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཙུག་ཏོར་ཞེས་

བྱའོ། །དེའི་མཚན་ཉིད་ནི་འདི་ཡིན་ཏེ་དང་པོའི་རྡོ་རྗེ་བཅིངས་ལ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་གཙུག་ཏོར་གྱི་གནས་སུ་བཞག་ན་བདག་བསྲུང་བར་འགྱུར་རོ། །ཐམས་ཅད་བསྲུང་བ་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་འཇིགས་པས་སྐྲག་པ་ལ་སྲིན་པོ་ལ་སོགས་

པའི་འཇིགས་པ་བཟློག་པ་ནི་ཐམས་ཅད་བསྲུང་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཛོད་སྤུས་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྨིན་མཚམས་ཀྱི་དབུས་ཀྱི་དཔྲལ་བའི་ཐིག་ལེའི་གནས་ན་སྐྱེས་བུའི་མཚན་མཛོད་སྤུ་དཀར་པོ་གཡས་

སུ་འཁྱིལ་བ་ནི། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཛོད་སྤུ་སྟེ་དེ་སྟོན་པའི་ཕྱག་རྒྱ་ཆེན་པོ་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེས་ཐམས་ཅད་བསྲུང་བར་འགྱུར་རོ། །འདི་སྐད་སྟོན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ཟློས་

ཤིང་སྤྱི་གཙུག་གི་གནས་སུ་བཞག་ནས་སྤྱི་གཙུག་གི་གནས་ལས་བྱུང་བའི་རིག་པའི་རྒྱལ་པོའི་རྡོ་རྗེ་མཛོད་སྤུ་རྣམས་ཀྱིས་བསྲུང་བར་བྱ་བའི་སེམས་ཅན་རྣམས་རང་རང་གི་ངོ་བོར་མཛད་ནས། དེ་རྣམས་ཀྱིས་སྲིན་པོ་ལ་སོགས་པ་ཀུན་དུ་སྐྲག་པར་བྱ་བར་བསམ་པར་བྱ་སྟེ། དེ་ལྟ་

Vol. 60 · folio 48a

བུས་ནི་དེ་རྣམས་བསྲུང་བར་འགྱུར་རོ། །ཕྱོགས་ཐམས་ཅད་དང་མཚམས་དང་དཀྱིལ་འཁོར་བཅིང་བ་ནི་ཞེས་བྱ་བ་ལ། ཕྱོགས་ཐམས་ཅད་ནི་ཕྱོགས་བཅུ་སྟེ། དེ་རྣམས་ཀྱིས་བཅིང་བ་ནི་རྡོ་རྗེས་བར་མཚམས་མེད་པར་ཁྱབ་པའོ། །མཚམས་བཅིང་བ་ནི་མངོན་པར་འདོད་

པའི་སའི་ཕྱོགས་བཞི་ནས་རྡོ་རྗེས་ཕན་ཚུན་ཀུན་དུ་ཁྱབ་པས་མཚམས་སུ་བཅད་པ་བདག་གིར་བྱས་པའོ། །དཀྱིལ་འཁོར་བཅིང་བ་ནི་བདག་གིར་བྱས་པའི་སའི་ཆར་ར་བའི་རྩ་བའི་གནས་རྡོ་རྗེའི་རང་བཞིན་དུ་བྱས་པའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་

འབར་བའི་ཕྲེང་བས་སོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གསང་བ་སྟེ། དེའི་འབར་བའི་ཚོགས་ནི་འབར་བའི་ཕྲེང་བའོ། །དེ་སྐྱེད་པར་བྱེད་པའི་ཕྱག་རྒྱ་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེས་ཕྱོགས་ཐམས་ཅད་བཅིང་བ་ལ་སོགས་པར་འགྱུར་རོ། །དེ་

ཡང་དེ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གར་བཞག་ནས་བདེ་བ་ཆེན་པོ་བཟླས་པས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལས་འབར་བའི་འོད་ཟེར་སྤྲོས་ལ་དེས་ཕྱོགས་བཅིང་བ་ལ་སོགས་པ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བདུད་ཐམས་ཅད་ནི་ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་

དང་། ལྷའི་བུའི་རང་བཞིན་ཅན་ནོ། །དེ་རྣམས་ཀྱི་སྟོབས་ནི་སྡེ་སྟེ་དགྲ་བོར་གྱུར་པ་ནི་དཔུང་ངོ་། །དེ་དག་གཞོམ་པ་ནི་མི་སྣང་བར་མཛད་པའོ། །དེ་གང་གིས་འགྱུར་ཞེ་ན་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མི་བསྐྱོད་པས་སོ་ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བཤད་པའི་བདེ་བ་ཆེན་པོ་རྡོ་རྗེ་གསང་

བའི་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་སྟེ། དེ་བཞིན་གཤེགས་པ་མི་བསྐྱོད་པའི་སྐུ་ཕྱག་རྒྱ་དང་དེ་སྟོན་པར་བྱེད་པའི་ཕྱག་རྒྱ་སྟེ་དེས་དེར་འགྱུར་རོ། །དེ་ཡང་དེ་བཞིན་དུ་ཐམས་ཅད་བྱས་ནས་དང་པོའི་རྡོ་རྗེ་བཅིངས་ལ་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་བདེ་བ་ཆེན་པོའི་སྔགས་

ཟློས་ཤིང་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་འཛིན་ཅིང་རྡོ་རྗེ་དེ་བསམས་ནས་རང་གི་ལུས་ལས་བྱུང་བའི་རྡོ་རྗེ་འཛིན་པ་གཏུམ་པོ་ལ་སོགས་པས་བདུད་རྣམས་ཀུན་དུ་བཅོམ་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་བདུད་ཀྱི་སྟོབས་ཐམས་ཅད་འཇོམས་པར་འགྱུར་རོ། །ཚེ་འཕེལ་བར་བྱ་བ་ནི། བདེ་

Vol. 60 · folio 48b

བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་རྩིས་སོ་ཞེས་བྱ་བ་ལ། ཚེ་ནི་སྲོག་སྟེ་དེའི་མངོན་པར་འཕེལ་བ་ནི་ཚེའི་རྒྱུན་གོང་ནས་གོང་དུ་འཕེལ་ཞིང་རྒྱུན་མི་འཆད་པའོ། །དེ་གང་གིས་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་རྩིའི་ཕྱག་རྒྱ་དེས་འགྲུབ་པར་འགྱུར་རོ། །དེ་ནི་འདི་ཡིན་ཏེ་དེ་བཞིན་

དུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བྱས་ལ་དང་པོའི་རྡོ་རྗེ་ལས་གུང་མོ་སྦྱར་ཏེ་ཁ་དགབ་པར་བྱའོ། །ཇི་ལྟ་ཞེ་ན། ཨོཾ་མ་ཧཱ་ཞེས་བྱ་བ་ཟློས་ཤིང་སྟེང་དུ་བལྟས་ལ་ཕྱག་རྒྱ་བཅིངས་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་བདུད་རྩིའི་རྒྱུན་འབེབས་པ་རྣམས་བྱུང་བས་རང་གི་ཁ་ནས་

ཡན་ལག་ཐམས་ཅད་ཀུན་དུ་འགེངས་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་རྒ་བ་དང་འཆི་བ་མེད་པར་འགྱུར་ཞིང་རྡོ་རྗེའི་ཚེ་ཐོབ་པར་འགྱུར་རོ། །གཟུགས་ཆེན་པོ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ་གཟུགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་གཟུགས་ཆེན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་

པའོ། །དེའི་ཕུན་སུམ་ཚོགས་པ་ནི་སྒྲུབ་པ་པོའི་རྒྱུད་ལ་མ་ཚང་བ་མེད་པར་གྱུར་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་གྱིས་སོ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་ཞེས་བྱ་བའི་ཕྱག་རྒྱ་དེ་འཐོབ་པར་འགྱུར་རོ། །དེ་ནི་འདི་ཡིན་ཏེ་དེ་

བཞིན་དུ་ཐམས་ཅད་བྱས་ལ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་དང་པོའི་རྡོ་རྗེ་བཅིངས་ལ་སྔགས་ཟློས་ཤིང་དེས་རང་གི་གདོང་ཡོངས་སུ་བྱུགས་ལ་རང་གི་སྙིང་གར་བཀྲོལ་ལ་ཕྱག་རྒྱ་བཅིངས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་སྙིང་ག་ནས་ཡན་ལག་ཐམས་ཅད་ཁྱབ་པར་རྡོ་རྗེ་སེམས་

དཔར་གྱུར་པར་བསམ་མོ། །དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །གཟི་བརྗིད་དང་ན་ཚོད་ཤིན་ཏུ་བཟང་པོ་རབ་ཏུ་འཕེལ་བ་ལ་ནི་ཞེས་བྱ་བ་ལ་གཟི་མདངས་ཤིན་ཏུ་མཛེས་པ་ནི་གཟི་བརྗིད་ཤིན་ཏུ་ཆེ་བ་བཟང་བ་སྟེ། རྡོ་རྗེ་

སེམས་དཔའི་གཟི་མདངས་སོ། །ན་ཚོད་བཟང་པོ་ནི་ན་ཚོད་ཤིན་ཏུ་གཞོན་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ལོ་བཅུ་དྲུག་ལོན་པ་ལྟ་བུའི་གནས་སྐབས་སོ། །དེ་གཉིས་མངོན་པར་འཕེལ་བ་ནི་རང་གི་རྒྱུད་ལ་དེ་དག་གི་རྒྱུན་གོང་ནས་གོང་དུ་རྒྱུན་མི་འཆད་པར་བསྐྱེད་པའོ། །དེ་

Vol. 60 · folio 49a

ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་གྱིས་སོ་ཞེས་པ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟི་མདངས་དང་ན་ཚོད་འཕེལ་བར་བྱེད་པའི་ཕྱག་རྒྱ་དེས་སོ། །དེ་ཡང་དེ་བཞིན་དུ་རྡོ་རྗེ་སེམས་

དཔའི་རྣལ་འབྱོར་བྱས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་ཞེས་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ་དེའི་རྩེ་མོ་དབུས་མ་ལ་ལྡག་ཅིང་རྡོ་རྗེ་སེམས་དཔའི་བཅུད་ཀྱིས་ལེན་གྱི་ཕྲ་རབ་རྡོ་རྗེ་དབུ་མ་ལས་ཆུའི་རྒྱུན་བཞིན་དུ་འབྱུང་བས་ལྡག་པར་གྱུར་ཅིང་། དེས་ཀྱང་ཡན་

ལག་ཐམས་ཅད་ཀུན་དུ་ཚིམ་ཞིང་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ། །དེ་ལྟ་བུས་ནི་གཟི་བརྗིད་དང་ན་ཚོད་བཟང་པོ་ཤིན་ཏུ་འཕེལ་བར་འགྱུར་རོ། །འདི་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་ཡིན་ནོ། །དེ་བཞིན་དུ་འོག་ནས་བཤད་པའི་ལས་སྒྲུབ་པ་ཐམས་ཅད་ལ་ཡང་ཨོཾ་

མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་བཟླས་པར་ཤེས་པར་བྱའོ། །སྟོབས་དང་མདོག་འཕེལ་བ་ལ་ནི་ཞེས་བྱ་བ་ལ་ལུས་དང་ངག་གི་སྟོབས་དཔལ་རྡོ་རྗེ་སེམས་དཔའ་དང་འདྲ་བ་ནི་སྟོབས་སོ། །དེ་ཉིད་ཀྱི་སྐུ་མདོག་ཟླ་བའི་མདོག་ཅན་འདྲ་བ་ནི་ཁ་དོག་གོ། །དེ་ཉིད་འཕེལ་བ་ནི་སྔ་མ་བཞིན་

དུའོ། །སྟོབས་དང་མདོག་འཕེལ་བ་ལ་ནི་ལུས་དང་ངག་གི་སྟོབས་རྒྱུད་ལ་བསྐྱེད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཐུས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྟོབས་ཐོགས་པ་མེད་པ་འདི་ནི་སྟོབས་སོ། །

ཐོགས་པ་མེད་པ་ནི་མཐུའོ། །དེ་སྐྱེད་པར་བྱེད་པའི་ཕྱག་རྒྱ་ལ་ཡང་མིང་དེ་སྐད་ཅེས་བྱ་སྟེ། དེས་དེ་ལྟར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་རང་གི་དཔུང་མགོ་གཉིས་དང་། སྙིང་གར་བཞག་ནས་ཕྱག་

རྒྱ་ཆེན་པོ་བཅིངས་པ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡན་ལག་ཀུན་དུ་གང་ཞིང་དེའི་སྟོབས་དང་ཁ་དོག་དང་ལྡན་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་སྟོབས་དང་མདོག་འཕེལ་བར་འགྱུར་རོ། །དབང་བསྐུར་བ་ཐམས་ཅད་ཐོབ་པ་ནི་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་

Vol. 60 · folio 49b

རྟེན་ལས་འདས་པའི་དབང་བསྐུར་བ་རྣམས་ཐོབ་པ་ནི་དབང་བསྐུར་བ་ཐམས་ཅད་ཐོབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཅོད་པན་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་ནི་རྡོ་རྗེ་སེམས་དཔའོ། དེའི་ཅོད་པན་སྐྱེད་པར་བྱེད་པའི་ཕྱག་རྒྱ་ནི་རྡོ་རྗེ་གསང་བའི་ཅོད་པན་ཏེ་དེས་དེར་

འགྱུར་རོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྔ་པོ་བསྡུས་པ་བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་པས་ཅོད་པན་དང་དར་དཔྱངས་བཅིངས་པས་དབང་བསྐུར་བའི་ཚུལ་གྱིས་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་ལ་སོགས་པའི་དབང་བསྐུར་བ་ཐོབ་པར་བསྒོམ་པར་བྱའོ། །

དེ་ལྟ་བུས་ནི་དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ། །ནོར་ཐམས་ཅད་ཐོབ་པར་བྱེད་པ་ལ་ནི། ནོར་ཐམས་ཅད་ནི་ནོར་བུའི་རིགས་དང་འཇིག་རྟེན་པའི་གཏེར་ལ་སོགས་པ་ནི་ནོར་ཐམས་ཅད་དོ། །དེ་ཐོབ་པ་ནི་རྙེད་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་དབྱིག་གིས་སོ་ཞེས་བྱ་

བ་གསུངས་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྔ་པོ་བསྡུས་པ་བཅིངས་ལ། མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་སུ་བྱས་ལ་བདག་ཉིད་ནོར་བུའི་རིགས་ཀྱི་བདག་ཉིད་དུ་བསྒོམས་ལ། ལྕགས་ཀྱུ་འདི་གཉིས་ཀྱིས་རང་གི་གསང་བའི་གནས་ནས་གསེར་གྱི་དོང་ཙེ་འབྱིན་པའི་

ཚུལ་དུ་བྱ་བའམ། གཏེར་གྱི་གནས་ནས་ནོར་དེ་བླངས་ཤིང་དེ་དང་བདག་ཉིད་ལྡན་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ནོར་ཐམས་ཅད་འཐོབ་པར་འགྱུར་རོ། །རྒྱལ་སྲིད་ཐོབ་པ་ལ་ནི་ཞེས་བྱ་བ་ལ་མཁར་གྱི་རྒྱལ་པོ་ལ་སོགས་པའི་རྒྱལ་སྲིད་རྙེད་པ་ནི་རྒྱལ་སྲིད་ཐོབ་པའོ། །དེ་ནི་རྡོ་རྗེ་གསང་

བའི་རྒྱལ་པོའི་ཕྱག་རྒྱས་འཐོབ་པར་འགྱུར་རོ། །དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་བཤད་མ་ཐག་པའི་ཚུལ་གྱིས་ལྕགས་ཀྱུ་གཉིས་བཅིངས་ལ། སྤྱི་གཙུག་གི་སྟེང་དུ་བཞག་སྟེ་བདག་ཉིད་ཀྱིས་མངོན་པར་འདོད་པའི་རྒྱལ་སྲིད་ཐོབ་པར་བསྒོམ་པར་བྱའོ། །ས་མ་ལུས་པ་ཐོབ་པ་ཞེས་བྱ་

བ་ནི་འཛམ་བུའི་གླིང་མ་ལུས་པའི་བདག་པོ་ཉིད་ཐོབ་པའོ། །རྡོ་རྗེ་གསང་བའི་རྩལ་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་གསང་བའི་རྩལ་གྱི་ཕྱག་རྒྱས་འགྱུར་རོ། །དེ་ནི་འདིའི་ཡོན་ཏན་ལྔ་པོ་བསྡུས་པ་དེ་ཉིད་བཅིངས་ལ་དེ་ལྔས་མཛུབ་མོ་ལྕགས་ཀྱུར་བྱས་ཏེ། དེས་ས་རྣམས་དགུག་ཅིང་བསྡུ་

Vol. 60 · folio 50a

བའི་ཚུལ་དུ་བྱ་ཞིང་ཕྱིར་རྒོལ་བ་ཐམས་ཅད་ཀྱང་རང་གི་ལུས་ལས་བྱུང་བའི་དཔུང་གི་ཚོགས་ཡན་ལག་བཞི་པས་ཟིལ་གྱིས་མནན་ནས་རང་དབང་དུ་བྱས་ཏེ་རབ་ཏུ་འདུད་པ་ཉིད་དུ་བསམ་པར་བྱའོ། །ཐམས་ཅད་དབབ་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་བ་དང་མི་རྒྱུ་བའི་དངོས་

པོ་ཐམས་ཅད་དབབ་པ་ནི་ཐམས་ཅད་ལ་དབབ་པའོ། །དེ་རྣམས་ཉིད་རང་གི་གནས་ནས་གཡོ་བར་བྱས་པ་ནི་བསྐྱོད་པའོ། །དེ་བཞིན་དུ་དེ་རྣམས་གཉི་གར་བྱེད་དུ་གཞུག་པ་དང་དེ་རྣམས་ཉིད་དུས་གསུམ་བདེན་པ་ཉིད་དུ་སྨྲར་གཞུག་པའི་དུས་གསུམ་གྱི་དངོས་པོ་བདེན་པ་ཉིད་དུ་སྟོན་དུ་

གཞུག་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་སྟོན་དུ་གཞུག་པས་སོ་ཞེས་བྱ་བ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྕགས་ཀྱུ་གཉིས་དེ་བཞིན་དུ་བཅིངས་ཏེ། དེས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་

དབབ་པའི་བསམ་པས་རང་གི་མཚན་མ་བཀུག་ནས་དེ་ལྟ་བུས་ནི་དེ་དབབ་པར་འགྱུར་རོ། །དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་བཅུག་ལ་དེས་དངོས་པོ་ཐམས་ཅད་རང་གི་གནས་ནས་གཡོ་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྐྱོད་པར་འགྱུར་རོ། །དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་བཅུག་ལ་གར་བྱེད་

པར་བསམས་ན་གར་བྱེད་དུ་བཅུག་པར་འགྱུར་རོ། །དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་བཅུག་ལ་དུས་གསུམ་བདེན་པར་སྨྲ་བའི་བསམ་པ་བསྐྱེད་ན། དེ་ལྟ་བུ་ནི་དུས་གསུམ་བདེན་པ་ཉིད་དུ་སྨྲར་གཞུག་པར་འགྱུར་རོ། །པྲ་སེ་ན་ཐམས་ཅད་གྲུབ་པ་ནི་ཞེས་བྱ་བ་ནི་ནམ་མཁའ་དང་མེ་ལོང་དང་རལ་གྲི་དང་

མཐེ་བོ་དང་། ས་གཞི་བསྟར་བས་འཚེར་བར་བྱས་པ་དང་། མར་མེ་དང་། སྣོད་ལ་སོགས་པའི་མངོན་བར་འདོད་པའི་དངོས་པོ་ཐམས་ཅད་ཀྱིས་ཡང་དག་པ་ཉིད་ངེས་པར་ཤེས་པའི་ཡི་གེ་ལ་སོགས་པས་པྲ་སེ་ན་ཐམས་ཅད་གྲུབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་པྲ་སེ་ན་དབབ་པས་སོ་ཞེས་བྱ་བ་

གསུངས་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྕགས་ཀྱུ་གཉིས་བཅིངས་ལ་རང་དང་གཞན་གྱི་མིག་དང་རྣ་བ་གཉིས་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསམས་ལ་རྡོ་རྗེ་སེམས་དཔའི་སྦྱོར་བས་བདེན་པ་གང་གིས་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་དང་། བདེན་པ་གང་གིས་སྒྲ་ཐམས་ཅད་བྲག་ཅ་དང་འདྲ་བའི་

Vol. 60 · folio 50b

བདེན་པ་དེས། བདག་གིས་བདེན་པར་འདོད་པའི་དངོས་པོ་སྨྲོས་ཤིག །སྟོན་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་པ་བྱས་ལ། ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར་བསྒོམ་པ་དང་། སྒྲ་ཐམས་ཅད་བྲག་ཅ་ལྟ་བུར་བསྒོམས་པས་ཆོས་ཐམས་ཅད་མཐོང་བ་དང་ཐོས་པར་འགྱུར་

རོ། རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་པས་བྱིན་གྱིས་བརླབས་པ་གཞན་དག་གིས་ཀྱང་མཐོང་བ་དང་ཐོས་པ་བྱ་བར་འགྱུར་རོ། །ལྕགས་ཀྱུ་གཉིས་པོ་དེ་རང་གི་མཚན་མ་ཁར་དྲངས་ན་གདོན་ཐམས་ཅད་ལས་ཐར་རོ་ཞེས་བྱ་བ་ལ་འཕགས་པ་རིག་པ་མཆོག་ལས་གསུངས་པའི་གདོན་བཅོ་

བརྒྱད་ནི་གདོན་ཐམས་ཅད་དེ། དེ་རྣམས་ལས་ཐར་བར་བྱ་བ་ནི་གདོན་ཐམས་ཅད་ལས་ཐར་བར་བྱ་བའོ། །དེ་ལྟར་ཅི་ཞིག་གིས་འགྱུར་ཞེ་ན། རྡོ་རྗེ་གསང་བའི་གདོན་ལས་ཐར་བས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གསང་བ་སྟེ་དེའི་གདོན་ལས་ཐར་

བའི་ཕྱག་རྒྱས་སོ། །དེ་ནི་འདི་ཡིན་ཏེ་སྔ་མ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྔ་པོ་བསྡུས་པ་བཅིངས་ལ་དེའི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་སུ་བྱས་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་ནག་པོ་ཤིན་ཏུ་དྲག་པོར་བསྒོམ་ཞིང་ལྕགས་ཀྱུ་གཉིས་པོ་དེས་རང་གི་

མཚན་མ་ལ་གཏུགས་ཏེ་ལྕགས་ཀྱུ་དེ་ཉིད་དུ་དགྲོལ་ཞིང་རྡོ་རྗེ་སེམས་དཔའ་དྲག་པོ་ཆེན་པོས་གདོན་གྱིས་ཟིན་པའི་སྤྱི་བོ་ནས་བརྩམས་ཏེ། རྐང་མཐིལ་བར་གྱི་ལུས་ཀུན་དུ་གང་བར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །གདུག་པ་ཐམས་

ཅད་གཞིག་པ་ལ་ནི་ཞེས་བྱ་བ་ལ་གདུག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་གདུག་པ་ཐམས་ཅད་དེ། འཕགས་པ་དཔུང་བཟངས་ལས་གསུངས་པའི་བགེགས་ཐམས་ཅད་དོ། །དེ་རྣམས་གཞིག་པ་ནི་གཞོམ་པ་སྟེ་མི་སྣང་བར་འགྱུར་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་

རྗེ་གསང་བའི་བགེགས་གཞོམ་པས་སོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་གསང་བ་སྟེ་རྡོ་རྗེ་སེམས་དཔའི་བགེགས་གཞོམ་པའི་ཕྱག་རྒྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདི་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་འབར་བའི་ཕྲེང་བ་

Vol. 60 · folio 51a

འོད་ཀུན་དུ་འཁྲུག་པ་དྲག་པོ་ཆེན་པོར་བསམས་ལ། སྔར་བཤད་པའི་ལྕགས་ཀྱུ་གཉིས་བཅིངས་ནས་དེས་རང་གི་མཚན་མ་ལ་གཏུགས་ནས་ལོག་འདྲེན་གཞོམ་པའི་བསམ་པས་ལག་པ་གཡོན་པའི་མཐིལ་དུ་གཡས་པའི་མཐེ་བོ་མཚན་མས་བསྣུན་ཅིང་ལོག་

འདྲེན་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་འོད་ཟེར་འབར་བའི་ཕྲེང་བ་འཁྲུག་པ་འབབ་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་བཅོམ་པར་འགྱུར་རོ། །ཐམས་ཅད་རེངས་པར་བྱ་བ་ནི་ཞེས་བྱ་བ་ལ་གཞན་གྱི་དཔུང་དང་སེང་གེ་དང་སྟག་དང་རྐུན་པོ་དང་སྤྲིན་དང་སྦྲུལ་དང་སྲིན་བུ་ལ་སོགས་པ་མི་

འགུལ་བར་བྱས་པ་ནི་རེངས་པར་བྱས་པའོ། །དེར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་རེངས་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རེངས་པ་ནི་རྡོ་རྗེ་གསང་བའི་རེངས་པ་སྟེ་དེའི་ཕྱག་རྒྱས་ཐམས་ཅད་རེངས་པར་འགྱུར་རོ། །འདི་སྐད་སྟོན་ཏེ་རྡོ་རྗེ་སེམས་དཔའི་རྣལ་

འབྱོར་ཇི་ལྟ་བ་དེ་བཞིན་དུ་བྱས་ལ་ཕ་རོལ་གྱི་དམག་ཚོགས་ལ་སོགས་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞུགས་པ་ནམ་མཁའ་དང་མཉམ་པ་དེ་མནན་ནས་བཞུགས་པར་བསམ་ཞིང་སྔར་བཤད་པའི་ལྕགས་ཀྱུའི་ཕྱག་རྒྱས་རང་གི་མཚན་མ་བཙིར་བ་དེ་ལྟ་

བུས་ནི་ཐམས་ཅད་རེངས་པར་འགྱུར་རོ། །ཐམས་ཅད་གཉིད་ལོག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་གཉིད་ཀྱིས་སོ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་གཉིད་ལོག་པར་བྱ་བ་ནི། དེ་ནི་ཐམས་ཅད་གཉིད་ལོག་པར་བྱ་བ་སྟེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གསང་བ་སྟེ་རྡོ་རྗེ་སེམས་དཔའི་

གཉིད་ཀྱི་ཕྱག་རྒྱས་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་མཚན་ཉིད་ནི་དེ་ཡིན་པར་ཤེས་པར་བྱ་སྟེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་བཅིངས་ལ། རང་གི་མཚན་མ་ལ་རེག་པར་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་གཅིག་ཏུ་གྱུར་བར་བྱས་ནས་བསྒྲུབ་

པར་བྱ་བ་གཉིད་ལོག་ཏུ་གཞུག་པའི་བསམ་པས་རང་གི་མིག་བཙུམ་པར་བྱའོ། །ཐམས་ཅད་རྒྱས་བཏབ་པ་ཞེས་བྱ་བ་ནི་གདུག་ཅིང་གཏུམ་པའི་སེམས་ཅན་ཐམས་ཅད་རྒྱས་བཏབ་བོ། །དེས་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་མཁའ་འགྲོ་མས་སོ་ཞེས་བྱ་བ་གསུངས་ཏེ་བདེ་བ་ཆེན་པོ་རྡོ་རྗེ་

Vol. 60 · folio 51b

གསང་བ་ལ་ཞེས་པ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་མཁའ་འགྲོ་མ་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་སྐུས་ནམ་མཁའ་ཁྱབ་པའོ། །དེ་སྐྱེད་པར་བྱེད་པའི་ཕྱག་རྒྱ་ནི་དམ་ཚིག་གི་མཁའ་འགྲོ་མ་ཞེས་བྱའོ། །དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུའི་

ཕྱག་རྒྱས་རང་གི་མཚན་མ་ལ་རེག་པར་བྱས་ཤིང་དཔལ་ཧེ་རུ་ཀའི་སྐུ་ཅན་གྱི་རྡོ་རྗེ་སེམས་དཔའ་མཁའ་འགྲོ་མའི་ཚོགས་དང་བཅས་པར་བདག་ཉིད་བསམས་ལ། གཡོན་ལོགས་སུ་ཕྱག་རྒྱ་བསྐོར་བར་བྱས་ལ་བསྒྲུབ་པར་བྱ་བ་ལ་ཁྲོ་བོའི་བལྟ་བས་བལྟ་ཞིང་བཅོམ་ལྡན་འདས་དཔལ་ཧེ་རུ་

ཀ་ནམ་མཁའ་ཐམས་ཅད་དང་མཉམ་པའི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་བཅུག་ནས་དེས་དེ་རྒྱས་བཏབ་པར་བསམ་པར་བྱའོ། །དེ་ལྟར་ན་ཐམས་ཅད་རྒྱས་བཏབ་པར་འགྱུར་རོ། །ཐམས་ཅད་དུ་གསད་པ་ལ་ནི་ཞེས་བྱ་བ་ལ་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང་། སེམས་ཅན་

མང་པོ་འཁུ་བར་བྱེད་པ་ནི་ཐམས་ཅད་དོ། །དེ་རྣམས་གསད་པར་བྱ་བ་ནི་བརྒྱལ་བར་བྱ་བའམ། རྣམ་པར་སྦྱང་བར་བྱ་བའི་ཕྱིར་གཏན་འཕོ་བར་བྱ་བའོ། །དེས་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་མཐར་བྱེད་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་སྟེ་རྡོ་རྗེ་སེམས་དཔའི་མཐར་བྱེད་པ་

ནི་གདུག་པ་གཞོམ་པའི་ཕྱག་རྒྱའོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པ་བསམ་པ་རྣམ་པར་དག་པ་སྙིང་རྗེས་གཞན་དབང་དུ་གྱུར་པས་གལ་ཏེ་སེམས་ཅན་འགའ་ཞིག་མཚམས་མེད་པའི་ལས་ལ་སོགས་པ་ལ་འཇུག་པ་མཐོང་ན། གང་གི་ཚེ་དེ་ཐབས་གང་གིས་

སྡིག་པ་དེ་ལས་བཟློག་པར་ནུས་པ་དེའི་ཚེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། བཤད་མ་ཐག་པའི་ཕྱག་རྒྱས་རང་གི་མཚན་མ་ལ་རེག་པར་བྱ་སྟེ། བཟློག་ལ་ཁའི་འགྲམ་གཉིས་སུ་མཆེ་བ་སྟོན་པའི་ཚུལ་གྱིས་འཛིན་ཅིང་བདག་ཉིད་རྡོ་རྗེ་གནོད་སྦྱིན་གྱི་མཆེ་བ་གཙིགས་

པ་འཁོར་དང་བཅས་པ་བསམས་ལ། བསྒྲུབ་པར་བྱ་བ་རང་གི་ཁར་བཅུག་ནས་དེ་བཟའ་བར་བསམ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ། །ཐམས་ཅད་བསྒྱེལ་བ་ལ་ནི་རྡོ་རྗེ་གསང་བའི་ཧཱུཾ་མཛད་ཀྱིས་སོ་ཞེས་བྱ་བ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་བསྒྱེལ་

Vol. 60 · folio 52a

བ་ནི་ཐམས་ཅད་བསྒྱེལ་བའོ། །བཅོམ་ལྡན་འདས་རྡོ་རྗེ་གསང་བའི་ཧཱུཾ་མཛད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྟེ་ཐམས་ཅད་བསྒྱེལ་བར་འགྱུར་རོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ་སྔར་བཤད་པའི་ལྕགས་ཀྱུའི་ཕྱག་རྒྱས་རང་གི་མཚན་མ་ལ་རེག་

ཅིང་། གཡས་པའི་མཛུབ་མོ་བསྒྲེང་ལ་དེས་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱ་ཞིང་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསམས་ལ་བསྒྲུབ་པར་བྱ་བའི་སྟེང་དུ་ཕྱག་རྒྱ་བཅིངས་པ་ལས། རྡོ་རྗེ་ཧཱུཾ་མཛད་སྤྲོས་ལ་བསྒྲུབ་པར་བྱ་བའི་སྟེང་དུ་དབབ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བསྒྱེལ་ཞིང་

ལྷུང་བར་བྱས་པར་འགྱུར་རོ། །ཐམས་ཅད་བསླང་བ་ལ་ནི་ཞེས་བྱ་བ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་བསྒྱེལ་བ་ཐམས་ཅད་བསླང་བ་ནི་ཐམས་ཅད་བསླང་བའོ། །དེས་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་དམ་ཚིག་བསླང་བའི་ཕྱག་རྒྱ་སྟེ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་

བའི་དམ་ཚིག་བསླང་བ་ནི། རྡོ་རྗེ་གསང་བའི་དམ་ཚིག་བསླང་བའི་ཕྱག་རྒྱ་སྟེ། དེས་བསྒྱེལ་བ་ཐམས་ཅད་སློང་བར་འགྱུར་རོ། །དེ་ནི་འདི་ཡིན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དེས་བཤད་མ་ཐག་པའི་ཕྱག་རྒྱ་བཅིངས་ནས་དེས་རང་གི་མཚན་མ་ལ་རེག་པར་

བྱ་ཞིང་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ལ། དེ་སྡིགས་མཛུབ་བྱས་པའི་ཚུལ་ཉིད་དུ་བྱས་པས་བསྒྲུབ་པར་བྱ་བ་ས་ལས་བསླང་བའི་ཚུལ་དུ་བྱས་ཏེ་དེ་ལྟ་བུ་ལྷུང་བ་ཐམས་ཅད་སློང་བར་འགྱུར་རོ། །ཐམས་ཅད་བཅིང་བ་ནི་ཁམས་གསུམ་པའི་སྲིན་པོ་ལ་སོགས་པ་ཐམས་ཅད་བཅིང་བའོ། །དེ་ཇི་ལྟར་

འགྱུར་ཞེ་ན། རྡོ་རྗེ་གསང་བའི་བཅིང་བས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཆེན་པོའི་གསང་བ་སྟེ། རྡོ་རྗེ་སེམས་དཔའི་བཅིང་བ་ནི་རྡོ་རྗེ་གསང་བ་བཅིང་བའི་ཕྱག་རྒྱ་གང་ཡིན་པ་སྟེ་དེས་ཐམས་ཅད་བཅིངས་པར་འགྱུར་རོ། །དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་

སྔར་བཤད་པའི་ལྕགས་ཀྱུ་གཉིས་བཅིངས་ཏེ་ཕྱག་རྒྱ་བཅིངས་པ་དེས་རང་གི་མཚན་མ་ལ་རེག་པར་བྱས་ནས། བདག་ཉིད་རྡོ་རྗེ་ལྕགས་སྒྲོག་ཏུ་བསམས་ལ་མཐེ་བོང་དང་མཐེའུ་ཆུང་བསྒྲེང་ལ་བསྒྲུབ་པར་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་བསམ་པར་བྱའོ། །ཐམས་ཅད་ཐར་

Vol. 60 · folio 52b

བར་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་གདུང་བ་ལ་སོགས་པའི་བཅིང་བ་ལས་ནི་ཐར་པར་བྱ་བ་ནི་ཐམས་ཅད་ཐར་པར་བྱའོ། །དེ་ལྟར་ཅིར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཡི་གེ་མུས་སོ་ཞེས་བྱ་བ་གསུངས་ཏེ། དེའི་མཚན་ཉིད་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་

སྦྱོར་བ་བྱས་ལ། སྔར་བཤད་པའི་ལྕགས་ཀྱུ་གཉིས་བཅིངས་ཏེ་རང་གི་མཚན་མ་ལ་བཞག་ནས། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་མུཿཞེས་བྱ་བས་རྡོ་རྗེ་ལྕགས་སྒྲོག་ལ་སོགས་པའི་བཅིངས་པ་དགྲོལ་བར་བྱ་སྟེ། དེ་ལྟ་བུས་ནི་བཅིངས་པ་ཐམས་ཅད་ལས་ཐར་བར་

འགྱུར་རོ། །ཕྲ་མེན་མ་ཐམས་ཅད་ལས་ཐར་བར་བྱ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྲ་མེན་མའམ་མཁའ་འགྲོ་མས་ཟིན་པ་ལ་ཐར་བར་བྱ་བ་ནི་ཕྲ་མེན་མ་ཐམས་ཅད་ཀྱིས་གཡོ་བ་མེད་པར་བྱས་ཤིང་ཤི་བའོ། །དེའི་སྔོན་གྱི་གནས་སྐབས་རྗེས་སུ་སྦྱིན་པ་ནི། སེམས་

དང་བཅས་པར་སྦྱིན་པར་བྱ་བ་དང་ཤི་བ་གསོ་བའོ། །འདི་གཉིས་ཇི་ལྟར་འགྱུར་ཞེ་ན། གསང་བ་ཆེན་པོ་ཧེ་རུ་ཀའི་རྡོ་རྗེས་སོ་ཞེས་བྱ་བ་གསུངས་ཏེ། གསང་བ་ཆེན་པོ་སྟེ་རྡོ་རྗེ་གསང་བའི་ཧེ་རུ་ཀ་བསྐྱེད་པའི་ཕྱག་རྒྱ་ནི་གསང་བ་ཆེན་པོའི་ཧེ་རུ་ཀའི་རྡོ་རྗེ་ཞེས་བྱ་བ་སྟེ། དེས་དེ་གཉིས་

འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ནས། དང་པོའི་རྡོ་རྗེ་བཅིངས་ལ་དཔལ་ཧེ་རུ་ཀར་བདག་ཉིད་བསམས་ལ་ཕྲ་མེན་མ་ཐམས་ཅད་ཀྱིས་ཟིན་པ་ལ་དང་པོའི་རྡོ་རྗེ་མཐེའུ་ཆུང་གཉིས་ཀྱིས་རྡོ་རྗེ་བསྣུན་པར་བྱ་ཞིང་དཔལ་ཧེ་རུ་ཀའི་

རྡོ་རྗེ་མཁའ་འགྲོ་མ་དང་བཅས་པ་ནད་པའི་ལུས་ལ་ཞུགས་པས་ཕྲ་མེན་མའི་ཕྱག་རྒྱས་ཐམས་ཅད་ཐལ་བར་བྱས་ལ་འོད་ཟེར་གྱི་ཚོགས་ཀྱིས་ནད་པའི་སྙིང་ཕྲ་མེན་མའི་ལུས་ལས་བཀུག་ནས་ནད་པའི་ལུས་ལ་བཅུག་སྟེ། ནད་པ་ནད་མེད་པར་བྱས་ནས་ཐ་མལ་པར་གནས་པར་བསམ་པར་བྱའོ། །

མ་མོའི་གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་གསང་བ་དྲག་པོས་སོ་ཞེས་བྱ་བ་ནི། མ་མོའི་གདོན་ཐམས་ཅད་ལས་ཐར་བར་བྱ་བ་ནི་མ་མོའི་གདོན་ཐམས་ཅད་ལས་ཐར་བར་བྱའོ། །རྡོ་རྗེ་གསང་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་བདག་པོ་ནི་རྡོ་རྗེ་གསང་བའི་དྲག་པོའི་ཕྱག་

Vol. 60 · folio 53a

རྒྱ་གང་གིས། མ་མོའི་གདོན་ཐམས་ཅད་ངེས་པར་བསྲེག་ཅིང་ཐར་བར་བྱེད་པའོ། །འདི་སྐད་སྟོན་ཏེ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ནས་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་དྲག་པོའི་ཞལ་རྣམ་པར་འགྱུར་བ་འཁོར་དང་བཅས་པ་

བསམས་ལ་མ་མོའི་གདོན་གྱིས་ཟིན་པའི་སྟེང་དུ་ཕྱག་རྒྱ་དེ་གདོང་རྣམ་པར་འགྱུར་ཞིང་མི་སྡུག་པས་འཕངས་ལ། བཅོམ་ལྡན་འདས་དྲག་པོ་ཆེན་པོའི་གཟུགས་ཅན་འཁོར་དང་བཅས་པ་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་པས་ཀྱང་དེའི་ལུས་ལ་གནས་པའི་མ་མོའི་གདོན་

ཐམས་ཅད་བསྲེགས་པར་འགྱུར་ཞིང་སོས་པར་འགྱུར་རོ། །དེ་ལྟ་བུས་ནི་མ་མོའི་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཕྲ་མེན་མ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ལས་ཐར་བར་བྱ་བ་ནི་ཞེས་བྱ་བ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྲ་མེན་མའམ་མཁའ་

འགྲོ་མ་རྣམས་ཀྱིས་རྒྱས་བཏབ་པ་དེ་ལས་ཐར་བར་བྱ་བ་ནི་དེ་ལས་དགྲོལ་བའོ། །སྙིང་ཟོས་པ་ལས་སྙིང་གཞན་དབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་དེ་རྣམས་ཀྱིས་དེ་ལྟར་རྒྱས་བཏབ་པའི་ཚེ་སྙིང་གི་པདྨ་དྲལ་ནས་ཟོས་པར་གྱུར་པ་གང་ཡིན་པ་དེའི་སྙིང་གཞན་གང་ཡིན་པ་དབྱུང་

བ་ནི་སྙིང་གི་པདྨ་གཞན་བསྐྱེད་པའོ། །དེ་རྣམས་ཀྱི་ལུས་ལ་ཕྲ་མེན་མ་ཐམས་ཅད་འཇུག་པ་ནི་བབས་པ་སྟེ་ཕྲ་མེན་མའི་ཕྱག་རྒྱ་གཡོ་བ་མེད་པར་བྱས་པ་དེ་རྣམས་ཀྱི་སེམས་ཡོད་པར་བྱས་ཤིང་ནད་མེད་པར་བྱས་པ་ནི་ཤི་བ་གསོས་པའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན།

དམ་ཚིག་ཆེན་པོ་གསང་བའི་ཧེ་རུ་ཀའི་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དམ་ཚིག་ཆེན་པོའི་གསང་བའི་དཔལ་ཧེ་རུ་ཀ་སྐྱེད་པར་བྱེད་པ་ནི་དཔལ་ཧེ་རུ་ཀ་གསལ་བར་བྱེད་ཅིང་། དེ་སྐྱེད་པར་བྱེད་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་རྡོ་རྗེ་

ཧེ་རུ་ཀའི་དབང་བསྐུར་བའི་ཕྱག་རྒྱ་སྟེ། དེས་འདི་དག་ཐམས་ཅད་བྱེད་པར་འགྱུར་རོ། །འདིའི་དོན་ནི་འདི་སྐད་སྟོན་པར་འགྱུར་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནས་དང་པོའི་རྡོ་རྗེ་བཅིངས་པ་བཟློག་ནས་དཔྲལ་བའི་ཕྱོགས་སུ་བཞག་ནས་གྱེན་དུ་བལྟས་ལ། དཔལ་ཧེ་རུ་ཀར་བདག་

Vol. 60 · folio 53b

ཉིད་བསྒོམ་པར་བྱ་སྟེ། ཞལ་བཞི་པ་དེ་ལ་ཞལ་དང་པོ་དྲག་པོ་ཞལ་གཡས་པ་རབ་ཏུ་རྨོངས་པར་མཛད་པའོ། །རྒྱབ་ཀྱི་ཞལ་གདུག་པའི་པགས་པ་ཟ་བར་མཛད་པ་ལ་བརྩོན་པ། ཞལ་གཡོན་པ་སྒེག་པ་ཕྱག་གཉིས་ཀྱིས་རླུང་གི་གོས་འཛིན་པའི་ཚུལ་གྱིས་མིའི་པགས་པ་རློན་པ་བསྣམས་པ་

གཉིས་ཀྱིས་དཔྲལ་བའི་ཕྱོགས་སུ་ཧེ་རུ་ཀའི་རྡོ་རྗེའི་ཕྱག་རྒྱ་འཆང་བ། གཡས་པའི་ཕྱག་གསུམ་པས་རྡོ་རྗེ་རྩེ་ལྔ་པ་འབར་བ་གསོར་བ་ལ་བརྩོན་པ། བཞི་པ་ཁྲག་ཆེན་པོས་བཀང་བའི་ཐོད་པ་བསྣམས་པ། གཡོན་གྱི་ཕྱག་གསུམ་པས་དྲིལ་བུ་དང་བཅས་པའི་རྡོ་རྗེ་ཁ་ཊྭཱཾ་ག་

བསྣམས་པ། བཞི་པ་ཤ་ཆེན་པོས་ཡོངས་སུ་གང་བའི་ཐོད་པ་བསྣམས་པའོ། །ཡང་ན་ཞལ་གཅིག་པ་ཕྱག་གཉིས་པ་དཔུང་པ་གཡོན་པར་དྲིལ་བུ་དང་བཅས་པའི་རྡོ་རྗེ་ཁ་ཊྭཱཾ་ག་མཆོད་ཕྱིར་ཐོགས་ཀྱི་ཚུལ་དུ་བསྣམས་པ། ཕྱག་གཡས་ཀྱིས་བ་དན་གསུམ་པའི་ཚུལ་གྱིས་

རྡོ་རྗེ་རྩེ་ལྔ་པ་འབར་བ་བསྣམས་པ། ཕྱག་གཡོན་པས་ཤ་ཆེན་པོས་ཡོངས་སུ་གང་བའི་ཐོད་པ་བསྣམས་པའོ། །འདི་དག་གཉི་ག་ཡང་ཐོད་པའི་ཅོད་པན་གྱི་ཕྲེང་བ་ཅན་སྤྱི་གཙུག་ནས་སངས་རྒྱས་ཀྱི་གཙུག་གི་ནོར་བུ་ཅན་སྣ་ཚོགས་པདྨ་ལ་བཞུགས་པ། ཞབས་གཡོན་

པ་ས་ལ་བཞག་ནས་ཞབས་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་བཞུགས་ནས་དེའི་ཞབས་མཐིལ་གཡོན་གྱི་བརླ་དང་སྦྱར་བའི་ཚུལ་དུ་བྱས་ནས་བཞུགས་པ། སྐུའི་གཟི་མདངས་སྔོན་པོ་འཚེར་བ་འོད་ཀྱི་དཀྱིལ་འཁོར་འཇིག་པ་ཆེན་པོའི་དུས་ཀྱི་མེ་ལྟར་འབར་ཞིང་

དམར་བ། དབུ་སྐྲ་དམར་སེར་འབར་བ་ཞལ་སྣ་ཚོགས་པ་རྣམས་འབར་བར་འགྱུར་ཞིང་དྲག་པོ་ལ་སོགས་པའི་ཉམས་དང་ལྡན་པ་ཁྲོ་གཉེར་རྣམ་པར་འགྱུར་ཞིང་བསྡུས་པ་བལྟ་བ་རྣམ་པར་འབར་བར་སྣང་ཞིང་གཡོ་བའོ། །དེ་ལྟར་བདག་ཉིད་དཔལ་ཧེ་རུ་ཀར་བསམས་ནས་ཇི་སྐད་

དུ་བཤད་པའི་ནད་པའི་ལུས་ལ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པ་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་ནད་པའི་ལུས་ལ་གནས་པའི་ཕྲ་མེན་མའི་ཕྱག་རྒྱ་ཐམས་ཅད་བཅོམ་ཞིང་ཟོས་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་རྣལ་འབྱོར་མ་འོད་ཟེར་འབར་བའི་གཟུགས་ཅན་

Vol. 60 · folio 54a

རྣམས་སྤྲུལ་ལ་དེར་གནས་པ་ཉིད་ཀྱིས་དེར་མཁའ་འགྲོ་མ་དེ་བཀུག་ལ་ནད་པའི་ལུས་ལ་བཅུག་སྟེ་དེ་རྣམས་ལས་སྙིང་བླངས་ལ་ནད་པའི་ལུས་དེ་བརྟས་པར་བྱའོ། །དེ་ནས་དེ་རྣམས་ཡང་དག་པར་བཙིར་ཞིང་ངེས་པར་བཟུང་ལ་ནད་པ་སོས་ཤིང་རྣལ་མར་བྱས་ཤིང་བསླང་བར་བྱའོ། །

གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་ཞེས་བྱ་བ་ལ་ལོག་འདྲེན་ཐམས་ཅད་ཀྱི་ཕྱག་རྒྱ་ནི་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་རྣམས་གཞིག་པ་ནི་བསྒྲུབ་པར་བྱ་བའི་རྒྱུད་ལ་ལོག་འདྲེན་གྱིས་བཅིངས་པ་རྣམས་རྣམ་པར་གཞིག་པའོ། །ཡང་སྲིན་པོ་ལ་སོགས་པའི་གདུག་པ་ཐམས་ཅད་

ཀྱིས་ཉེ་བར་གནོད་པ་བྱེད་པའི་ཕྱིར་འོངས་ནས་ཕྱག་རྒྱ་བཅིངས་པའི་ཕྱག་རྒྱ་དེ་རྣམ་པར་བརླག་པའི་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པའོ། །དེས་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་སྟེ། རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི་གསང་བའི་རྡོ་རྗེའི་ཕྱག་རྒྱ་

གང་གིས་དེ་ལྟར་གྱུར་པ་སྟེ། རྡོ་རྗེ་གསང་བའི་རྡོ་རྗེ་དེས་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པར་བྱའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། བདག་ཉིད་རྡོ་རྗེ་སེམས་དཔའ་ཤིན་ཏུ་དྲག་པོ་བསམས་

ལ་དང་པོའི་རྡོ་རྗེས་གདུག་པའི་ཕྱག་རྒྱའི་སྟེང་དུ་རྡོ་རྗེ་འབར་བ་དབབ་པའི་བསམ་པས་ནམ་མཁའི་ཕྱོགས་སུ་བསྣུན་པར་བྱ་སྟེ། དེ་ལྟ་བུས་ནི་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅོམ་པར་འགྱུར་རོ། །རིམས་ཐམས་ཅད་ནི་ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཡང་དང་ཡང་ཟློས་

པར་བྱེད་པ་དང་། རྟག་པ་དང་ཁྱབ་འཇུག་གི་རིམས་སོ། །དེ་རྣམས་ཞི་བ་ནི་དེ་དག་དང་བྲལ་བའོ། །དེ་དག་གིས་ཅིར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་འབར་བའི་ལྟ་བས་སོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་གསང་བ་སྟེ། རྡོ་རྗེ་སེམས་དཔའི་འབར་བའི་ལྟ་བ་ནི་བསྐྱོད་ཅིང་འཛུམ་པའི་ལྟ་བས་སོ། །དེ་

དང་བཅས་པའི་ཕྱག་རྒྱས་བཅིངས་པས་སྦྱར་བར་བྱ་སྟེ། དེས་རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འདི་སྐད་སྟོན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དཱིཔྟ་དྲྀ་ཤྱ་ཨཾ་ཀུ་ཤི་ཛཿཞེས་བྱ་བ་མིག་གཉིས་སུ་བཀོད་ལ་རབ་ཏུ་འབར་བས་གཡོ་བའི་མིག །མིག་གི་རྫི་མ་འདྲེན་པ་ནི་ཞེས་བྱ་བའི་འབར་བའི་ལྟ་

Vol. 60 · folio 54b

བའི་ཕྱག་རྒྱས་རིམས་ཀྱིས་ཟིན་པ་རྣམས་ལ་བལྟས་ལ། དང་པོའི་རྡོ་རྗེས་བྱབ་པར་བྱ་ཞིང་བལྟས་པ་ལས་བྱུང་བའི་རྡོ་རྗེ་འབར་བའི་ལྕགས་ཀྱུ་རིམས་མགོ་བོ་གསུམ་པ། ལག་པ་གསུམ་པ་རྐང་པ་གསུམ་པ་དྲངས་ལ། རྒྱ་མཚོ་ཆེན་པོར་དོར་ཏེ། བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། རྐང་མཐིལ་གྱི་བར་དུ་

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཁྱབ་ཅིང་རྡོ་རྗེ་སེམས་དཔར་བསམ་པར་བྱའོ། །དེ་ལྟ་བུས་ནི་རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གྲང་བའི་རིམས་ཞི་བར་བྱ་བའི་ཕྱིར་ནི་བཅོམ་ལྡན་འདས་སྐུ་མདོག་དམར་པོ་བསམས་ལ། ཚ་བའི་རིམས་ཞི་བར་བྱ་བའི་ཕྱིར་ནི་ཟླ་བའི་མདོག་ཅན་

དུ་བསམ་པར་བྱའོ། །དུག་ཐམས་ཅད་ནི་རྒྱུ་བ་དང་མི་རྒྱུ་བ་རྣམས་སོ། །དེ་རྣམས་གཞིག་པ་ནི་རྣམ་པར་བསལ་བ་སྟེ། དེ་རྣམས་ཉིད་རང་དབང་དུ་བྱས་ནས་བཟླ་བར་བྱ་བའོ། །དེ་རྣམས་ཉིད་གཡོ་བ་ནི་འབབ་པའོ། །འགུལ་མི་ནུས་པའི་སེམས་ཅན་བདེ་བར་བྱ་བ་ནི་འཆི་བ་སླར་གསོ་བའོ། །

འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། གསང་བ་ཆེན་པོའི་རྡོ་རྗེའི་ནོར་བུའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་མཐེའུ་ཆུང་གཉིས་ཀྱི་རྒྱབ་བཀུག་ལ་ནོར་བུར་བྱས་པ་འདི་ནི་གསང་བ་ཆེན་པོའི་ནོར་བུའི་ཕྱག་རྒྱའོ། །འདི་བཅིངས་ལ་རྡོ་རྗེ་སེམས་དཔའི་

སྦྱོར་བས་མཐེའུ་ཆུང་གཉིས་ཀྱི་ནོར་བུས་དུག་ལ་རེག་པར་བྱས་ལ་དུག་དངོས་པོ་མེད་པའི་ངོ་བོ་ནམ་མཁར་གྱུར་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་དུག་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་དུག་ལ་རེག་ཅིང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྲ་རབ་ཏུ་ཡོངས་

སུ་གྱུར་པས་དཀར་པོར་གྱུར་པར་བསམས་ལ་དེ་ལྟར་བདུད་རྩིར་བྱས་ནས་དུག་ཐམས་ཅད་བཟའ་བར་བྱའོ། །དེ་བཞིན་དུ་རེག་པར་བྱས་ཤིང་དུག་གིས་ཟིན་པའམ་དུག་གམ་དུག་གིས་ཟིན་པའི་ཤུགས་སམ་དུག་གི་ཤུགས་ཀྱི་འོག་ཏུ་ཡི་གེ་ཧ་ལ་འམ། ཡཾ་ལས་རླུང་གི་

དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་རཾ་ལས་མེའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཨོཾ་དུས་མཐའི་རླུང་གིས་བསྐྱོད་པའི་བསྐལ་པའི་མེའི་ཕུང་པོ་ལྟ་བུ་དེའི་སྟེང་དུ་དུག་གིས་ཟིན་པའམ་དུག་གནས་པ་མེ་དེས་བུད་ཤིང་སྐམ་པོ་ལྟར་འབར་བར་གྱུར་པར་བསམ་པར་བྱ་སྟེ་དེ་ལྟ་

Vol. 60 · folio 55a

བུས་ནི་འབབ་པར་འགྱུར་རོ། །དེ་བཞིན་དུ་དུག་གི་ཤུགས་ཀྱིས་ཕོག་ཅིང་ཤི་བ་ལ་རེག་པར་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཟླ་བའི་མདོག་ཅན་གྱིས་དེའི་སྤྱི་བོ་ནས་བརྩམས་ཏེ། རྐང་མཐིལ་གྱི་བར་དུ་དེའི་ཡན་ལག་ཀུན་དུ་གང་ཞིང་རྡོ་རྗེ་

སེམས་དཔར་གྱུར་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་ཤི་བ་སླར་སོས་པར་འགྱུར་རོ། །དུག་ཐམས་ཅད་དང་སྦྱར་བའི་དུག་བདུད་རྩིར་བྱ་བ་ནི་ཞེས་བྱ་བ་ལ་དུག་ཐམས་ཅད་ནི་སྔར་བཤད་པ་རྣམས་སོ། །སྦྱར་བའི་དུག་ནི་ཡི་དགས་ཀྱི་འགྲོ་བས་བསྡུས་པའི་

སེམས་ཅན་ལ་གནོད་པར་བྱེད་པའི་སེམས་ཅན་གྱི་སྐྲ་དང་། སེན་མོ་དང་། དྲི་མ་ལ་སོགས་པའི་སྦྱོར་བ་བྱས་ནས་སེམས་ཅན་གདུག་པ་རྣམས་ཀྱིས་བཏང་བའོ། །དེ་རྣམས་བདུད་རྩིར་བྱ་བ་ནི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར་གཟུགས་བསྒྱུར་བར་བྱའོ། །

དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་དུག་མེད་པས་སོ་ཞེས་བྱ་བ་གསུངས་ཏེ་དང་པོའི་རྡོ་རྗེ་བཅིངས་ལ་མཛུབ་མོ་གཉིས་སྦྱར་ཏེ་རྩེ་མོར་བྱས་པའི་མཛུབ་མོ་གཉིས་ཀྱི་རྩེ་མོ་དཔལ་རྡོ་རྗེ་སེམས་དཔའི་ཞབས་ཀྱི་སོར་མོའི་གཟུགས་སུ་ཡིད་ཀྱིས་བསྐྱེད་ལ། དུག་ཐམས་

ཅད་དང་སྦྱར་བའི་དུག་གི་སྟེང་དུ་གཞག་སྟེ། དེས་དུག་ཐམས་ཅད་དང་སྦྱར་བའི་དུག་རྡོ་རྗེ་སེམས་དཔའི་ཞབས་ཀྱི་སོར་མོ་དང་རེག་པས་རྡོ་རྗེ་སེམས་དཔའི་བདུད་རྩིའི་ཕྲ་རབ་རྣམས་ཀྱིས་བདུད་རྩིར་གྱུར་པར་བྱའོ། །དེ་ལྟ་བུས་ནི་དུག་ཐམས་ཅད་དང་སྦྱར་བའི་དུག་བདུད་རྩིར་བྱེད་པར་འགྱུར་རོ། །གཤེད་

བྱེད་ཐམས་ཅད་ནི་སྔགས་ཀྱི་སྟོབས་ཀྱིས་དགྲ་བོའི་སྲོག་འཕྲོག་པར་བྱ་བའི་ཕྱིར་ཁྲོ་བོའི་ལྷ་བསྐྱེད་པ་གང་གིས་ཕུར་བུའི་ཕྱག་རྒྱ་འམ། སེང་ལྡེང་ལ་སོགས་པའི་ཕུར་བུས་བཏབ་ལ། རོ་ལ་སྔགས་ཀྱི་སྟོབས་སམ་སྨན་གྱི་སྟོབས་ཀྱིས་དགྲ་བོ་གསད་པར་བྱ་བའི་ཕྱིར་ཤི་བའི་རོ་ལ་མཁས་

པས་སྲིན་པོ་ལ་སོགས་པ་བཅུག་སྟེ་བྱས་པའམ་ཡང་ན་གཞན་ལ་གནོད་པར་བྱ་བའི་ཕྱིར་རང་ཉིད་ཤི་བའི་ལུས་ལ་སྲིན་པོ་ལ་སོགས་པ་ཞུགས་པ་གང་ཡིན་པའི་རོ་ལངས་དེའོ། །བྱུར་ནི་གོ་བར་ཟད་དོ། །གཤེད་བྱེད་ལ་སོགས་པ་འདི་དག་བཤིག་པ་ནི་རྡོ་རྗེ་གསང་བའི་སྦྱིན་སྲེག་གིས་

Vol. 60 · folio 55b

འགྱུར་བ་ནི། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་མདུན་དུ་རྡོ་རྗེ་སེམས་དཔའ་སྤྱན་དྲངས་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། འབར་བའི་ཕྲེང་བ་ཀུན་དུ་འཁྲིགས་པའི་ཡེ་ཤེས་ཀྱི་མེ་ཐབ་ཀྱི་དབུས་ན་བཞུགས་པའི་དྲག་པོ་ཆེན་པོས་

གཤེད་བྱེད་ལ་སོགས་པ་ཟ་བར་སྤྱོད་པ་དེར་བསམས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་མཛུབ་མོ་གཉིས་སྦྱར་བས་གཤེད་བྱེད་ལ་སོགས་པ་བླངས་ཏེ་དགང་བླུགས་ལ་སོགས་པ་དེ་ལྟར་དེའི་ཞལ་དུ་འབབ་པར་བསམ་མོ། །དེ་ལྟར་ན་གཤེད་བྱེད་ལ་སོགས་པ་རྣམ་པར་འཇིག་པར་འགྱུར་རོ། །

རྩོད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཆེན་པོ་ཀུན་དུ་སྤྱོད་པ་ནི་རྩོད་པ་ཐམས་ཅད་དོ། །ཞེ་སྡང་གིས་ཟིལ་གྱིས་གནོན་པ་རྣམས་ཕན་ཚུན་གཅིག་ལ་གཅིག་མི་སྙན་པར་བརྗོད་པ་ནི་འཐབ་པའོ། །འཐབ་མོ་ནི་གྲགས་པ་ཉིད་དོ། །རྩོད་པའི་དབང་

དུ་བྱེད་པ་ལ་བརྩོན་པ་རྣམས་ཀྱིས་ཁྱེད་ཀྱི་ནི་མི་རིགས་སོ། །ངའི་རིགས་ཏེ་ངའི་འདི་ནི་ཆོས་གསལ་བར་བྱེད་པའི་ཚིག་ཡིན་ནོ་ཞེས་འགལ་བར་སྨྲ་བ་ནི་རྩོད་པའོ། །འདི་དག་གཞིག་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཞལ་རབ་ཏུ་གདངས་པས་སོ་ཞེས་བྱ་བ་གསུངས་

ཏེ། རྡོ་རྗེ་གསང་བ་སྟེ་རྡོ་རྗེ་སེམས་དཔའི་ཞལ་གདངས་པ་ནི་རྡོ་རྗེ་གསང་བའི་ཞལ་གདངས་པའི་ཕྱག་རྒྱ་སྟེ་དེས་དེ་རྣམས་འཇིག་པར་འགྱུར་བའོ། །དེ་ཡང་ལྔ་པོ་བསྡུས་པ་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ལ་དེ་ཉིད་ཁར་དགྲོལ་བ་འདི་ནི་རྡོ་རྗེ་གསང་བའི་ཞལ་གདངས་

པའོ། །འདི་སྐད་སྟོན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་གསང་བའི་ཞལ་གདངས་པ་བཅིངས་ཏེ་བསྒྲུབ་པར་བྱ་བ་དང་། ཡིད་ཀྱིས་གཅིག་ཏུ་གྱུར་པར་བྱས་ལ་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྩོད་པ་དང་འཐབ་མོ་ལ་སོགས་

པ་འཇིག་པར་མཛད་པའི་བསམ་པས་བསྒྲུབ་པར་བྱ་བའི་ཁར་བཅུག་ནས་བཅོམ་ལྡན་འདས་དེ་ཞུགས་པས་བསྒྲུབ་པར་བྱ་བ་ཀུན་དུ་བཟང་པོར་གྱུར་ནས་རྩོད་པ་དང་འཐབ་མོ་ལ་སོགས་པ་དང་བྲལ་བར་བསམ་པར་བྱའོ། །ཡམས་དང་འཚེ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེམས་

Vol. 60 · folio 56a

ཅན་རྣམས་ཀྱི་ལུད་པ་དང་དབུགས་མི་བདེ་བ་དང་། རིམས་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་བདུད་ཀྱི་ཕྱོགས་ཀྱི་དཔུང་དུ་གྱུར་པའི་ལྷ་རྣམས་ནི་ཡམས་ཐམས་ཅད་དོ། །སྲིན་པོ་ལ་སོགས་པ་ནས་ཡུལ་ཉེ་བར་གཙེས་པ་ནི་འཚེ་བ་ཐམས་ཅད་དོ། །ཁྱབ་

འཇུག་དང་འཚོལ་བའི་རྒྱུད་ཀྱི་དོན་ཉམས་སུ་ལེན་པ་ནི་སྡིག་པའོ། །རྨི་ལམ་ངན་པ་ནི་རྒྱུད་དེ་དང་དེ་ལས་ཤེས་པར་བྱའོ། །འདི་རྣམས་གཞིག་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་གཞིག་པས་སོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་གསང་བ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་ཞི་བ་

ནི་རྡོ་རྗེ་གསང་བའི་ཞི་བའི་ཕྱག་རྒྱའོ། །འདིས་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། མདུན་དུ་བཅོམ་ལྡན་འདས་སྤྱན་དྲངས་ལ་མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས། ཕྱག་བྱས་ནས་ཡེ་

ཤེས་ཀྱི་མེ་འབར་བའི་ཕྲེང་བ་འཁྲུག་པར་ཞུགས་པ་ཞལ་གྱི་མཆེ་བ་གཙིགས་པ། ཡམས་ལ་སོགས་པ་ཐམས་ཅད་བཟློག་པར་མཛད་པ་ལ་བརྩམས་པ་བདག་ཉིད་ཀྱང་དྲག་པོ་ཆེན་པོར་བསམས་ཏེ། ལྔ་པོ་བསྡུས་པ་བཅིངས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ཡམས་ལ་སོགས་པ་

བཀུག་སྟེ། བཅོམ་ལྡན་འདས་ཀྱི་ཞལ་དུ་དགང་བླུགས་དབུལ་བའི་ཚུལ་དུ་བསྟབ་པར་བྱའོ། །དེ་ལྟར་ན་ཡམས་ལ་སོགས་པ་རྣམ་པར་འཇིག་པར་འགྱུར་རོ། །གཞན་གྱི་དཔུང་ཐམས་ཅད་རེངས་པར་བྱ་བ་དང་གཉིད་ལོག་པར་བྱ་བ་དང་། རྨོངས་པར་བྱ་བ་དང་། ལྐུགས་པར་བྱེད་

པ་དང་། རྒྱས་བཏབ་པ་དང་བསད་པ་ལ་ནི་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་གསང་བའི་གཤེད་བྱེད་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་གསང་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་

གཤེད་བྱེད་སྐྱེད་པར་བྱེད་པའི་ཕྱག་རྒྱ་སྟེ། དེས་དེ་ཐམས་ཅད་རེངས་པར་འགྱུར་རོ། །འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་སྔ་མ་བཞིན་དུ་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་བཅིངས་ལ་བདག་ཉིད་རྡོ་རྗེ་སེམས་

Vol. 60 · folio 56b

དཔའ་དྲག་པོ་ཆེན་པོར་བསམས་ལ། མཐེའུ་ཆུང་གཉིས་རང་གི་སྐྱེ་གནས་སུ་བཅུག་ལ་ལྕགས་ཀྱུའི་ཕྱག་རྒྱས་དྲལ་ནས། རང་གི་ལུས་ལས་ཀྱང་གཤེད་བྱེད་དྲག་པོའི་གཟུགས་ཅན་རྣམས་ཕྱུང་ལ་དེས་གཞན་གྱི་དཔུང་མནན་པར་བསམ་པར་བྱའོ། །དེ་ལྟ་བུས་ནི་གཞན་

གྱི་དམག་ཚོགས་རེངས་པར་འགྱུར་རོ། །དེ་ཉིད་དབྱེ་བ་མཐའ་ཡས་པའི་གཟུགས་ཅན་སྤྲོས་ལ། གཞན་གྱི་དམག་ཚོགས་ཀྱི་སེམས་ཅན་རེ་རེའི་ལུས་སུ་བཅུག་སྟེ་མིག་བཙུམས་ན་དེ་ལྟ་བུས་ནི་གཞན་གྱི་དཔུང་གཉིད་ལོག་པར་བྱས་པར་འགྱུར་རོ། །དེ་ཉིད་སྤྲོས་ལ་གཞན་

གྱི་དཔུང་གི་སེམས་ཅན་རྣམས་ཀྱི་ལུས་རྣམས་ལ་བཅུག་ན་བདག་ཉིད་ཀྱི་ལུས་ཀྱི་ཡན་ལག་ཐམས་ཅད་ལྷོད་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་དེ་ནི་རྨོངས་པར་བྱས་པར་འགྱུར་རོ། །དེ་བཞིན་དུ་དེ་བཅུག་ལ་གཞན་གྱི་དཔུང་གི་ཚིག་ཕྲོགས་པར་གྱུར་པར་

བསམས་ན་ལྐུགས་པར་བྱས་པར་འགྱུར་རོ། །དེ་བཞིན་དུ་དེ་བཅུག་ལ་དེས་གཞན་གྱི་དཔུང་རྒྱས་བཏབ་པར་བསམས་ན་དེ་ལྟ་བུས་ནི་རྒྱས་བཏབ་པར་འགྱུར་རོ། །དེ་བཞིན་དུ་དེ་སྤྲོས་ལ་གཞན་གྱི་དཔུང་ཟ་བར་མཛད་པར་བསམས་ན་དེ་ལྟ་བུས་ནི་གསོད་པར་འགྱུར་རོ། །

འཐབ་པ་ཐམས་ཅད་ལས་རྒྱལ་བ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་རྩེ་མོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་སྲིན་པོ་ལ་སོགས་པ་དང་འཐབ་པའི་ནང་དུ་ཞུགས་པ་ན་ལྔ་པོ་བསྡུས་པ་བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ཏེ། སྲིན་

ལག་གཉིས་གཞིབས་ཏེ་རྩེ་མོ་སྦྱར་ནས་མཐེའུ་ཆུང་གཉིས་གཤིབས་པ་ཕྱེ་སྟེ་སྟེང་དུ་བཞག་ལ་གཟུང་བར་བྱ་ཞིང་རང་གི་ལུས་ལས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་ཕྱུང་ལ་དེས་གཞན་གྱི་དཔུང་བཅོམ་པ་དང་བརླག་པར་བྱེད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འཐབ་པ་

ཐམས་ཅད་ལས་རྒྱལ་བ་ཐོབ་པར་འགྱུར་རོ། །གདུག་པ་ཐམས་ཅད་འཇིག་པ་ནི་རྡོ་རྗེ་གསང་བའི་རྡོ་རྗེ་ལེགས་པའི་གསང་བས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་མི་ལ་སོགས་པའི་གཙེ་བ་དང་ཕྲད་ན་རྡོ་རྗེ་བསྡམས་པ་བཅིངས་ལ། མཛུབ་མོ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words