དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ
Sanskrit title (Tibetan script, as in the text) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 60 · folio 1b
༄༅༅། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དཔལ་མཆོག་དང་པོ་ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ། །བྱང་ཆུབ་
ཀྱི་སེམས་ཕྱག་རྒྱ་ཆེན་པོའི་ངོ་བོས་ཐམས་ཅད་དུ་ཁྱབ་པར་བསྟན་ནས། ད་ནི་དུམ་བུ་གཉིས་པ་རྩ་བའི་རྒྱུད་དུ་རྡོ་རྗེ་འཆང་ཆེན་པོ་དཔལ་མཆོག་དང་པོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གཉེན་
པོ་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་དང་བྲལ་བའི་ངོ་བོ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དམ་ཚིག་གི་ཕྱག་
རྒྱའི་མཚན་ཉིད་ཅན་གང་ཡིན་པ་དེ་གདུལ་བྱ་རྣམས་ཀྱིས་མངོན་དུ་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་བཅོམ་ལྡན་
འདས་འདོད་པའི་ཁམས་ཐམས་ཅད་ཀྱི། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གཞལ་ཡས་ཁང་ན། ལག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་
Vol. 60 · folio 2a
བཞུགས་པ་ན། དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འདི་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་
ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྨིན་པའི་སྐུའི་རང་བཞིན་ཅན་ཐམས་ཅད་དོ། །
དེ་རྣམས་ཀྱི་གསང་བའི་ཆོས་ཉིད་ནི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་བཅུའི་ངེས་པ་མཁྱེན་པ་སྟེ། དེ་བརྙེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་བརྙེས་པ་ཞེས་བྱའོ། །ཆོས་ཐམས་ཅད་སྤྲོས་པ་མེད་
པ་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་རྣམ་པར་སྨིན་པའི་སྐུའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉོན་མོངས་པ་ཅན་དང་བྲལ་བ་དང་། ཆོས་ཐམས་ཅད་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྟེ། དེ་རྣམས་ལ་སྤྲོས་པ་འདི་
ཡོད་པ་མ་ཡིན་པས་སྤྲོས་པ་མེད་པ་སྟེ། རྟོག་པ་ཐམས་ཅད་དང་བྲལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ཞེས་བྱ་བ་ནི་དུམ་བུ་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་ལྟོས་ནས་ཡང་ཞེས་བྱ་
Vol. 60 · folio 2b
བའི་སྒྲ་སྨོས་པ་ཡིན་ཏེ། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །འདི་ཞེས་བྱ་བ་ནི། བློ་ལ་གནས་པ་སྟེ། འོག་ནས་བཤད་པའི་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བདེ་བ་ཆེན་པོ་
སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། མི་འགྱུར་བདེ་བ་ཀུན་གྲུབ་པས། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ཉིད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམས་ཀྱིས་མི་ཤིགས་པས་ན་རྡོ་རྗེའོ། །དེ་
ཉིད་ནི་དཀྱིལ་འཁོར་ལ་སོགས་པའི་རྒྱུར་གྱུར་པས་ན་དམ་ཚིག་སྟེ། དེ་ལས་དཀྱིལ་འཁོར་ལ་སོགས་པ་ངེས་པར་འབྱུང་བའི་ཕྱིར་ཏེ། དེ་སྐད་ཅེས་བྱ་བ་གསུངས་པའོ། །དེ་ཇི་ལྟ་བུ་ཞེ་ན། དོན་ཡོད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ཡོད་པ་ནི་འབྲས་བུ་ཡོད་པའོ། །རྡོ་རྗེ་ཆོས་
ཉིད་ནི་རྒྱུའོ། །དོན་ཡོད་པ་ཡང་ཡིན་ལ་རྡོ་རྗེ་ཆོས་ཉིད་ཀྱང་ཡིན་པས་ན་རྡོ་རྗེ་ཆོས་ཉིད་དེ། དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་ངེས་པར་རྫོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་སྒོ་ནི་འཇུག་པའི་ཐབས་ཏེ་ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་ཅན་གྱི་ཡེ་ཤེས་གང་གིས་རྟོགས་ཤིང་མངོན་སུམ་དུ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དཔལ་མཆོག་
དང་པོ་ཞེས་བྱ་བ་གསུངས་ཏེ། མཆོག་ནི་ཕུལ་དུ་བྱུང་བའོ། །དང་པོ་ནི་བསྐལ་པ་བཟང་པོ་ལ་སོགས་པ་ཐོག་མར་གནས་པའོ། །མཆོག་ཀྱང་ཡིན་ལ་དང་པོ་ཡང་ཡིན་པས་ན་མཆོག་དང་པོའོ། །འདི་ཉིད་གསུངས་པ་ནི། ཐོག་མ་ཐ་མ་མེད་ཅེས་བྱ་བ་ཡིན་ཏེ། དེ་ལ་དང་པོ་ནི་ཐོག་མར་
བྱུང་བའོ། །ཐ་མ་ནི་དུས་ཚིགས་མེད་པ་ཅན་གྱིས་འཇིག་པའོ། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་སོ། །དབུས་མཆོག་ཅེས་བྱ་བ་དབུས་ཀྱང་ཡིན་ལ། མཆོག་ཀྱང་ཡིན་པས་ན་དབུས་མཆོག་སྟེ། དངོས་
Vol. 60 · folio 3a
པོ་དང་དངོས་པོ་མེད་པར་རྟག་པ་དང་བྲལ་བ་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ་ཞེས་སྟོན་ཏོ། །གསུངས་ཞེས་བྱ་བ་ནི་བཀའ་སྩལ་པའོ། །འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཐོག་མ་དང་ཐ་མ་མེད་པའི་ནམ་མཁའ་དང་མཉམ་པའི་ཡེ་
ཤེས་མངོན་དུ་བྱེད་པའི་རྒྱུར་གྱུར་པ་དང་། སྐུ་དེ་ཐོབ་པའི་རྒྱུར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྟོན་པར་མཛད་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོའི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། འདོད་
ཆགས་ཆེན་པོ་སྟེ། ཆོས་བདག་མེད་པ་ལ་ཆགས་པ་དང་། དེའི་རྒྱུ་མཐུན་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་སྐུའོ། །དེ་ཡང་། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །དངོས་གྲུབ་ཀུན་ལ་རྗེས་སུ་དགྱེས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །འོད་ཟེར་དམར་པོ་སྣ་ཚོགས་འབར། །ཞེས་
གསུངས་པ་ཡིན་ནོ། །དེའི་དངོས་གྲུབ་ཀྱི་མཆོག་ནི་འདོད་ཆགས་ཆེན་པོའི་དངོས་གྲུབ་ཀྱི་མཆོག་སྟེ། དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་དང་། དེའི་རིགས་ཀྱི་དངོས་གྲུབ་ནི་འདོད་ཆགས་ཆེན་པོའི་དངོས་གྲུབ་བོ། །བྱང་ཆུབ་ཆེན་པོའི་རང་བཞིན་གྱི་སེམས་དཔའ་ནི་སེམས་དཔའ་ཆེན་པོ་སྟེ། མི་
བསྐྱོད་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་གྱི་དངོས་གྲུབ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྐྱེད་པ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་དམ་པ་ལ་འཇུག་
པར་འགྱུར་ཏེ། རྒྱུའི་ངོ་བོར་ཞལ་གྱིས་བཞེས་པར་མཛད་པའོ། །བདེ་བ་ཆེན་པོ་བཤད་ཟིན་ཏོ། །དེར་རྫོགས་པ་ནི་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་གྲུབ་པའོ། །འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པ་ནི། རྡོ་རྗེ་སེམས་དཔའི་གཟུགས་བརྙན་དང་
མཚུངས་པར་བསྒོམ་པའི་དངོས་གྲུབ་དེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བདེ་བ་ཆེན་པོའི་ངོ་བོར་གདུལ་བྱ་རྣམས་གྱུར་པའོ། །འདིས་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྟོན་ཏོ། །བདེ་བ་ཆེན་པོའི་དངོས་གྲུབ་དམ་པ་ཞེས་བྱ་བ་ལ་བདེ་བ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་རྫོགས་
Vol. 60 · folio 3b
ཤིང་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདེ་བ་ཆེན་པོའི་དངོས་གྲུབ་དམ་པ་ཞེས་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་གང་ཡིན་པ་དེ་ལ་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་དམ་པ་ཞེས་བྱའི་ཉན་ཐོས་དང་། རང་བྱང་ཆུབ་
ཀྱི་རང་བཞིན་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་དང་། བྱང་ཆུབ་ཆེན་པོའི་རྒྱུར་གྱུར་པ་སྟེ། བྱང་ཆུབ་ཆེན་པོའི་དཀྱིལ་འཁོར་རོ། །དེའི་དངོས་གྲུབ་ཀྱི་
མཆོག་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པར་རྫོགས་པར་འགྱུར་བ་སྟེ། དེའི་དོན་དུ་འཇུག་པ་ཞེས་བྱ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ངོ་བོའི་སེམས་དང་སེམས་ལས་བྱུང་བ་མཁྱེན་ནས། ཆ་མཉམ་
པ་ལ་སྤྱོད་པའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་སོགས་པ་བསྐྱེད་པར་མཛད་ལ། དེས་ཀྱང་གདུལ་བྱ་རྣམས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བ་སྟེ། འདིས་ནི་དེ་བཞིན་གཤེགས་པའི་
དཀྱིལ་འཁོར་གྱི་དངོས་གྲུབ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་ཀྱི་དམ་པ་ནི་བཤད་ཟིན་ཏོ། །དེ་བདུད་ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའི་དངོས་གྲུབ་ཀྱི་དམ་པ་ལ་འཇུག་པ་ནི། བདུད་ཆེན་པོ་ཡང་ཡིན་
ལ་ཐམས་ཅད་ཀྱང་ཡིན་པས་ན་བདུད་ཆེན་པོ་ཐམས་ཅད་དེ། མཐོ་རིས་དང་ཐར་པའི་དགེ་བའི་སྲོག་གི་བར་དུ་གཅོད་པར་བྱེད་པ་དྲག་པོ་ལ་སོགས་པ་འཁོར་དང་བཅས་པའོ། །དེ་རྣམས་རབ་ཏུ་འཇོམས་པ་ནི་རྡོ་རྗེ་རིགས་ཀྱིས་དེ་གཞོམ་པ་ལ་སོགས་པ་ལ་འཇུག་པ་སྐྲག་པར་མཛད་ནས། གདུག་
ཅིང་གཏུམ་པ་ཉིད་ལས་བཟློག་པའོ། །དེའི་དངོས་གྲུབ་ཀྱི་མཆོག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པའོ། །འདི་སྐད་སྟོན་ཏེ་གང་གི་ཚེ་སེམས་ཅན་གདུག་ཅིང་གཏུམ་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་རང་གི་ངོ་བོ་ཞི་བའི་ཚུལ་གྱིས་མཛད་པར་མི་སྤྱོད་པ་དེའི་ཚེ། རྡོ་རྗེའི་རིགས་སྤྲུལ་
Vol. 60 · folio 4a
ནས་དེས་གདུག་ཅིང་གཏུམ་པ་རྣམས་སྐྲག་པར་མཛད་དེ། སྡིག་པ་ལས་བཟློག་ནས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྐྱེད་པར་མཛད་པ་སྟེ། འདིས་ནི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱི་དོན་བསྟན་ཏོ། །བདུད་ཐམས་ཅད་རབ་ཏུ་འཇོམས་པའི་དངོས་
གྲུབ་ཀྱི་མཆོག་ནི་བཤད་ཟིན་ཏོ། །དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁམས་གསུམ་མ་ལུས་པའི་བདག་པོའི་དངོས་གྲུབ་ལ་འཇུག་པར་གྱུར་པ་ནི་ཕྱོགས་བཅུ་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ངོ་བོར་གནས་པ་ནི་ཁམས་གསུམ་མ་ལུས་པ་སྟེ་ཁམས་
གསུམ་ཐམས་ཅད་དོ། །དེར་བདག་པོར་གྱུར་པ་ནི་ཁམས་གསུམ་པ་ན་སྤྱོད་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤོང་བ་རང་དབང་དུ་གྱུར་པའོ། །དེའི་དངོས་གྲུབ་ཀྱི་མཆོག་ནི་འགྲོ་བ་ཐམས་ཅད་འདུལ་བའི་ཏིང་ངེ་འཛིན་བརྙེས་པའོ། །འདིས་ནི་དོན་འདི་སྐད་སྟོན་ཏེ། གང་གི་
ཚེ་སེམས་ཅན་གདུག་ཅིང་གཏུམ་པར་མ་གྱུར་པ་དེ་རྣམས་ཀྱི་དོན་རྡོ་རྗེ་རིགས་ཀྱི་ཚུལ་གྱིས་མཛད་པར་མི་སྤྱོད་པ་དེའི་ཚེ། རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱིས་དེ་རྣམས་ལ་ཡང་དག་པའི་ལམ་ལེགས་པར་སྟོན་པར་མཛད་ལ། དེ་ལས་དེ་རྣམས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་ལ་
སོགས་པའི་དངོས་གྲུབ་བསྒྲུབས་པར་གྱུར་པ་སྟེ། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་གྱི་དོན་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་ཁམས་གསུམ་མ་ལུས་པའི་བདག་པོའི་དངོས་གྲུབ་ཀྱི་མཆོག་ནི་བཤད་ཟིན་ཏོ། །མ་ལུས་ཤིང་ལུས་པ་
མེད་པའི་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་ལ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་རྣམ་པར་སྦྱོང་བ་ནི་སྒྲིབ་པ་ཐམས་ཅད་སྦྱངས་པ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལས་ཀྱི་
སྒྲིབ་པ་སྤངས་པས་ཡང་དག་པར་སྦྱངས་པའོ། །དེའི་དོན་དུ་འཇུག་པ་ནི་མངོན་པར་འདོད་པའོ། །དེའི་རྫོགས་པའི་རྒྱུའི་རྒྱུར་གྱུར་པ་དེ་ལ་འཇུག་པ་ཇི་སྐད་བཤད་པའི་དངོས་གྲུབ་ཀྱི་མཆོག་ལ་འཇུག་པ་སྟེ། དེ་ཇི་སྐད་བཤད་པའི་དངོས་གྲུབ་སེམས་ཅན་གྱི་ཁམས་སྦྱོང་བ་ལ་བརྩོན་ཞིང་སྐྱེད་
Vol. 60 · folio 4b
པར་མཛད་པའི་རྒྱུའི་ངོ་བོར་གྱུར་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེ་ན། རྟག་ཏུ་འཁོར་བར་འཇུག་པ་རྣམས་ཀྱི་ཞེས་བྱ་བ་སྟེ། སྐད་ཅིག་རེ་རེ་ཞིང་སེམས་ཅན་རྣམས་རྣམ་པར་སྦྱང་བར་བྱ་བའི་ཕྱིར། འཁོར་བ་མཐའ་མེད་པར་
ཡོངས་སུ་མི་འདོར་བའི་ཐུགས་དང་ལྡན་པ་རྣམས་ཀྱིའོ། །བརྩོན་འགྲུས་ཆེན་པོ་རྣམས་ཀྱིས་ཞེས་བྱ་བ་ལ། བརྩོན་འགྲུས་ནི་དགེ་བའི་ཆོས་ལ་མངོན་པར་སྤྲོ་བའི་བརྩོན་པ་ཆེན་པོ་གང་ལ་མངའ་བ་དེ་ནི་བརྩོན་པ་ཆེན་པོ་སྟེ། བརྩོན་འགྲུས་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱིས་འཁོར་བ་ཇི་
སྲིད་པར་ཁམས་གསུམ་པའི་རྒྱ་མཚོ་ཆེན་པོ་ལས་སེམས་ཅན་རྣམས་སྒྲོལ་བ་ལ་སྦྱོར་བར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་ནི་ཀུན་ནས་ཡོངས་སུ་སྐྱོབ་པར་མཛད་པ་སྟེ། ཕྱོགས་བཅུའི་སེམས་ཅན་
གྱི་ཁམས་མ་ལུས་པ་དམྱལ་བ་ལ་སོགས་པའི་འཇིགས་པ་ལས་བཟློག་ཅིང་ཐར་བར་མཛད་པའོ། །ཕན་པ་ཐམས་ཅད་ནི་མ་འོངས་པའི་དུས་ན་རྣམ་པར་སྨིན་པ་བདེ་བར་གྱུར་པའི་ལས་སོ། །བདེ་བ་ཐམས་ཅད་ནི་ལུས་འདི་ཉིད་ཀྱིས་བདེ་བ་མྱོང་བ་དང་། བསམ་གཏན་ལས་བྱུང་
བའི་ཡིད་ཀྱི་བདེ་བའོ། །ཇི་སྐད་དུ་བཤད་པའི་ཕན་པ་དང་བདེ་བ་ཐམས་ཅད་ཀྱིས་ཡོངས་སུ་སྐྱོབ་པ་ནི། ཕན་པ་དང་བདེ་བ་ཐམས་ཅད་ཀྱིས་ཡོངས་སུ་སྐྱོབ་པ་སྟེ། དེས་སེམས་ཅན་གྱི་ཁམས་མཆོག་ཏུ་བསྟན་ཅིང་བདེ་བ་ལ་རབ་ཏུ་སྦྱོར་བའོ། །དེ་གང་ཞེ་ན། བདེ་བ་ཆེན་པོའི་
དངོས་གྲུབ་སྟེ། སངས་རྒྱས་ཉིད་དང་རྡོ་རྗེ་འཆང་བ་ཉིད་ཐོབ་པའོ། །དེའི་དོན་དུ་འཇུག་པ་ནི་ཇི་སྐད་དུ་བཤད་པ་གྲུབ་པའོ། །འདི་སྐད་སྟོན་ཏེ། གང་གི་ཚེ་གདུལ་བྱའི་སེམས་ཅན་གྱི་ཁམས་བརྩོན་འགྲུས་ཞན་པ་རྣམས་འཇིག་རྟེན་དབང་ཕྱུག་གིས་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་
ལ་འཇོག་པར་མི་ནུས་པ་དེའི་ཚེ། ཐུགས་རྗེ་ཆེན་པོའི་གཞན་གྱི་དབང་གིས་ཕྱི་མའི་མཐའ་མེད་པའི་འཁོར་བར་གདུལ་བྱའི་སེམས་ཅན་གྱི་ཁམས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཉིད་དང་། རྡོ་རྗེ་འཆང་བ་ཉིད་ལ་ངེས་པར་སྦྱོར་བ་སྟེ། འདིས་ནི་ནམ་མཁའི་སྙིང་པོའི་དཀྱིལ་
Vol. 60 · folio 5a
འཁོར་གྱི་དོན་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཏེ། གདུལ་བྱའི་སེམས་ཅན་གྱི་ཁམས་ལེ་ལོ་ཅན་གདུལ་བ་ལ་རབ་ཏུ་སྦྱོར་བའི་ཕྱིར་རྣལ་འབྱོར་པ་ཐུགས་རྗེ་ཆེན་པོའི་གཞན་གྱི་དབང་གིས་འཁོར་བ་ཕྱི་མའི་མཐའ་མེད་པར་གནས་
པར་བྱེད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བས་ན་འཁོར་བ་སྟེ། སེམས་ཅན་གྱི་འཇིག་རྟེན་དང་། དེའི་གནས་སྣོད་ཀྱི་འཇིག་རྟེན་ནོ། །དེར་གནས་པས་ན་འདུག་པར་གྱུར་པའི་ཚེ་སྟེ་འདུག་པར་གྱུར་པ་ནི་གནས་པར་མཛད་
པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་སོ། །འདུག་པར་གྱུར་པ་དེ་ཡང་སུ་ཞིག་ཡིན་ཞེ་ན། མཁས་མཆོག་ཅེས་བྱ་བ་སྨོས་ཏེ། མཁས་པ་ནི་གཟི་ཅན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་མེས་ཉོན་མོངས་པ་བག་ཆགས་དང་བཅས་པའི་བུད་
ཤིང་ངེས་པར་སྲེག་པར་མཛད་པ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སོ། །མཆོག་ནི་དམ་པའོ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །ཞེས་བྱ་བ་ནི། གདུལ་བྱ་རྣམས་སྐལ་བ་ཇི་ལྟ་བ་བཞིན་དུ་མཚུངས་པ་མེད་ཅིང་། ཉན་ཐོས་
དང་། རང་སངས་རྒྱས་དང་། འཇིག་རྟེན་པའི་ལྷ་རྣམས་ལ་སོགས་པ་དང་འདྲ་ཞིང་མཉམ་པ་མ་ཡིན་པའི་སེམས་ཅན་གྱི་དགོས་པའི་དོན་མྱ་ངན་ལས་མི་འདའ་ཞིང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པས། མྱ་ངན་ལས་མི་འདའ་བར་དོན་བྱེད་ཅིང་རྫོགས་པར་ནུས་ཤིང་
སྤྱོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འཁོར་བའི་གནས་སུ་མཁས་པའི་མཆོག་དེ་རྣམས་འདུག་པར་འགྱུར་བ་ཡིན་ནོ། །བག་ཆགས་དང་བཅས་པའི་ཉོན་མོངས་པའི་བུད་ཤིང་བསྲེགས་པར་གྱུར་ཀྱང་ཇི་ལྟར་འཁོར་བར་གནས་པར་འགྱུར་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཤད་ཟིན་ཏོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་གཟུགས་བརྙན་དང་འདྲ་བ་དང་། རྨི་ལམ་དང་འདྲ་བ་དང་། སྤྲུལ་པ་དང་འདྲ་བ་ལ་སོགས་པ་ཉེ་བར་གཟུང་བ་ནི་ཐབས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ནི་ཤེས་
Vol. 60 · folio 5b
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་སོ། །དེའི་ཡེ་ཤེས་ནི་རྟོགས་པའོ། །དེང་བྱིན་གྱིས་བརླབས་པ་ནི་སྔ་མའི་འཕེན་ཤུགས་ཏེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཐུགས་རྗེ་ཞེས་བྱ་བའི་ཐ་ཚིག་གོ། །དེས་སྒྲུབ་པ་ནི་བསྐྱེད་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་པ་བསྒྲུབས་སོ་
ཞེས་བསྟན་པ་ཡིན་ནོ། །ཅི་འཁོར་བའི་ཉེས་པ་དེས་གོས་པར་མི་འགྱུར་རམ་ཞེ་ན། ཆོས་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ཆོས་ཀུན་ཏེ། བྱང་ཆུབ་ཀྱི་སེམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དེ་རྣམས་ཀྱི་རྣམ་པར་དག་པ་ནི་གཉིས་དང་བྲལ་བ་ཉིད་དེ། ཆོས་ཐམས་ཅད་རྣམ་པར་དག་པ་རྒྱུར་གྱུར་པ་དེས་སོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དངོས་རྣམས་དག་པར་
འགྱུར་བ་ཡིན། །ཞེས་བྱ་བ་ལ་སྲིད་པ་ནི་འཁོར་བ་སྟེ། དེ་དག་ནི་སྲིད་པའི་ཉེས་པ་དང་བྲལ་བའོ། །འཁོར་བ་སྲིད་དུ་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་གནས་པར་རོ། །ནིའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་དེ་གང་གི་ཕྱིར་མཁས་པའི་མཆོག་དེ་རྣམས་ཆོས་ཐམས་ཅད་
རྣམ་པར་དག་པས་སྲིད་པ་རྣམ་པར་དག་པར་བྱེད་པར་འགྱུར་རོ། །དེ་བས་ན་འཁོར་བའི་ཉེས་པ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་དེ་རྣམས་འཁོར་བའི་ཆགས་པ་དང་བྲལ་བཞིན་དུ་འཁོར་བར་བཞུགས་པར་མཛད་ཅེ་ན། ཆགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་
ཆགས་ནི་རྡོ་རྗེ་སེམས་དཔའོ། །སོགས་པའི་སྒྲས་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་རྣམས་བསྡུའོ། །འདོད་ཆགས་ལ་སོགས་པ་གང་ཡིན་པ་དེ་ནི་ཆགས་པ་ལ་སོགས་པ་སྟེ། དེ་ཉིད་ཀྱིས་འདུལ་བས་ན་ཆགས་པ་ལ་སོགས་པས་འདུལ་བའི་
འཇིག་རྟེན་སེམས་ཅན་ཁམས་རྣམས་སོ། །འདིས་སེམས་ཅན་གྱི་ཁམས་རྣམས་འདུལ་བས་ན་འདུལ་བ་སྟེ། སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་ལ་རབ་ཏུ་འཇོག་པའོ། །ཅིའི་ཕྱིར་འཇིག་རྟེན་རྣམས་ཆགས་པ་ལ་སོགས་པས་འདུལ་ཞེ་ན། འཇིག་རྟེན་སྡིག་བྱེད་ལ་
Vol. 60 · folio 6a
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་བ་ཐོག་མ་དང་ཐ་མའི་མཐའ་མེད། །འདོད་པའི་སྲིད་པ་ལ་སོགས་པའི་རང་བཞིན་ཅན་གྱི་སྲིད་པས་ན་འཁོར་བ་ཡིན་ལ། དེ་བས་ན་འཁོར་བ་ཐོག་མ་དང་ཐ་མ་མེད་པ་ནས་སྲིད་པ་རྒྱུ་བའི་ཚེ་རྟག་ཏུ་བུད་མེད་བསྟེན་པ་ལ་སོགས་
པའི་སྡིག་པ་བྱེད་པའི་འཇིག་རྟེན་དེ་རྣམས་སྦྱང་བར་བྱ་བའི་ཕྱིར། འཁོར་བ་སྲིད་དུ་བདག་ཉིད་འདུལ། །ཞེས་བྱ་བ་ཡིན་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་རྣམས་ན་རྟག་ཏུ་བུད་མེད་ལ་སོགས་པའི་ཡུལ་བསྟེན་ཅིང་མངོན་པར་ཞེན་པའི་སྡིག་པ་ལ་འཇུག་པ་
རྣམས་བཟློག་ཅིང་སྦྱང་བར་བྱ་བའི་དོན་དུའོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེ་རྣམས་སྦྱང་བར་བྱ་བའི་དོན་ཉིད་དུ་ཞེས་བྱ་བའི་དོན་ཏོ། །འདུལ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོར་བྱེད་པའོ། །འཁོར་བ་སྲིད་དུ་ཞེས་བྱ་བ་ནི་འཁོར་བ་ཕྱི་མའི་མཐའ་མེད་པའི་
བར་དུའོ། །བདག་ཉིད་ཅེས་བྱ་བ་ནི་རང་གིས་ཏེ་མི་དམིགས་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་བྱེད་པ་པོར་འགྱུར་བས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཅན་གྱི་ལས་ཀྱི་ངོ་བོ་ཉིད་བདག་ཉིད་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་དོན་འདི་སྐད་སྟོན་ཏེ། གང་གི་ཕྱིར་རྡོ་རྗེ་སེམས་
དཔའ་ལ་སོགས་པའི་སྒེག་པ་དང་། ཞི་བ་དང་། དྲག་པོ་དང་། དཔའ་བོ་ལ་སོགས་པའི་ཉམས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཡོད་ལ། དེ་རྣམས་གདུལ་བར་བྱ་བའི་ཕྱིར་མཁས་མཆོག་དེ་རྣམས་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་གྱིས་འཁོར་བ་ཇི་སྲིད་པར་
མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་རྣམས་སེམས་ཅན་གདུལ་བྱའི་ཕྱིར་འཁོར་བ་ཇི་སྲིད་པར་གནས་ན་འཁོར་བའི་ཉེས་པ་འདོད་ཆགས་ལ་སོགས་པས་ཇི་ལྟར་གོས་པར་མི་འགྱུར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ་ཇི་ལྟར་པདྨ་ནི་རང་གི་ངོ་བོ་ཉིད་ཀྱི་ཁ་དོག་དམར་པོས་ནན་ཏན་དུ་དམར་བས་ན་རབ་ཏུ་དམར་བའོ། །ཡང་ཞེས་བྱ་བ་ནི་ཀྱང་ཞེས་བྱ་བའི་དོན་ཏོ། །རབ་ཏུ་དམར་བ་ཡང་ངོ་། །ཚོན་གྱིས་ཉེས་པ་ཞེས་བྱ་བ་ནི་ཞེན་པའི་ཉེས་པ་ནི་ཚོན་གྱིས་ཉེས་པ་སྟེ། རྫས་
Vol. 60 · folio 6b
གཞན་དང་འདྲེས་པའི་ཉེས་པ་ལ་སོགས་པ་ཡོངས་སུ་མི་འདོར་བ་སྟེ། དེ་ནི་འདོད་ཆགས་ལ་སོགས་པའི་ཉེས་པས་གོས་པར་མི་འགྱུར་རོ། །དེ་ཡང་ཚོན་ཡོད་པའི་ལྗན་ལྗིན་ལ་སོགས་པའི་དྲི་མས་གོས་ཤིང་འབགས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གནས་ཀྱི་
ཉེས་པ་ཡིས། །འགྲོ་ཕན་རྣམས་ལ་མི་གོས་སོ། །ཞེས་བྱ་བ་ལ་གནས་ནི་ཁམས་གསུམ་པ་སྟེ། མི་གནས་པའི་མྱ་ངན་འདས་པའི་སྲིད་པའི་ངོ་བོ་ཉིད་ཀྱིས་གནས་པའོ། །དེའི་ཉེས་པ་ནི་འདོད་ཆགས་ལ་སོགས་པའོ། །དེས་མ་གོས་པ་ནི་གོས་པར་མི་འགྱུར་རོ། །རྟག་ཏུ་ཞེས་
བྱ་བ་ནི་རྒྱུན་དུའོ། །འགྲོ་ཕན་རྣམས་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཕན་པ་ཐམས་ཅད་རྫོགས་པར་བྱེད་པའི་སེམས་དང་ལྡན་པའོ། །འདི་སྐད་སྟོན་ཏེ་ཇི་ལྟར་པདྨ་ཤིན་ཏུ་དམར་ཞིང་ཆུ་ལས་སྐྱེས་སུ་ཟིན་ཀྱང་། ཆུའི་འདམ་ལ་སོགས་པ་ཆུའི་ཉེས་པས་གོས་ཤིང་
འདྲེ་བར་མི་འགྱུར་རོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པའི་འདོད་ཆགས་ཀྱི་ཆགས་པའི་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་སྐྱེས་སུ་ཟིན་ཀྱང་འདོད་ཆགས་ལ་སོགས་པའི་འཁོར་བའི་ཉེས་པ་རྣམས་ཀྱིས་གོས་པར་མི་འགྱུར་རོ། །ཡང་ཇི་ལྟར་ན་
སེམས་ཅན་སྨིན་ཅིང་གྲོལ་བའི་འདོད་ཆགས་ཀྱིས་ཆགས་པའི་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་གནས་པ་ན་འཁོར་བའི་ཉེས་པས་ཇི་ལྟར་གོས་པར་མི་འགྱུར་ཏེ། འདོད་ཆགས་ལ་ཞེན་པའི་སེམས་ཅན་གཞན་དག་དང་འདྲ་བར་གོས་པ་ཁོ་ནར་འགྱུར་རོ་ཞེས་རྟོག་ཅིང་འདི་
སྙམ་དུ་སེམས་པ་དེ་བསལ་བར་བྱ་བའི་ཕྱིར། འདོད་ཆགས་ཆེན་པོ་རྣམ་པར་དག །ཅེས་གསུངས་ཏེ། འདོད་ཆགས་ཆེན་པོ་ནི་སྙིང་རྗེ་ཆེན་པོའོ། །དེས་རྣམ་པར་དག་པ་ནི་འདོད་ཆགས་ཆེན་པོ་རྣམ་པར་དག་པ་སྟེ། གང་གི་ཕྱིར་དེ་རྣམས་ལ་དམིགས་སུ་མེད་པའི་སྙིང་རྗེ་ཆེན་པོ་མངའ་བ་དེས་
ནི་དེ་རྣམས་ལ་རྣམ་པར་རྟོག་པ་མི་མངའ་ཡང་། སྔོན་གྱི་འཕེན་པའི་ཤུགས་ཀྱིས་སེམས་ཅན་གྱི་དོན་ལ་འཇུག་པར་མཛད་དེ། དེ་བས་ན་འདོད་ཆགས་ཆེན་པོ་རྣམ་པར་དག་པའི་ཕྱིར་ཏེ། དེ་རྣམས་ལ་འདོད་ཆགས་ལ་སོགས་པའི་འཁོར་བའི་ཉེས་པ་རྣམ་པར་རྟོག་པའི་རང་བཞིན་ཅན་
Vol. 60 · folio 7a
གྱིས་གོས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏེ། ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་མི་གོས་པ་ཁོ་ན་ཡིན་ནོ། །འདིས་ནི་སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་ཏོ། །བདེ་བ་ཆེན་པོ་ཞེས་བྱ་བ་ལ་བདེ་བ་ཆེན་པོ་ནི་བཤད་ཟིན་ཏོ། །
གང་ལ་བདེ་བ་ཆེན་པོ་མངའ་བ་དེ་ནི་བདེ་བ་ཆེན་པོ་སྟེ། འདོད་ཆགས་ཆེན་པོའི་རྣམ་པར་དག་པ་ཉིད་ཀྱིས་རྣམ་པར་རྟོག་པའི་ཀུན་དུ་སྤྱོད་པ་དང་ཤིན་ཏུ་བྲལ་བ་ཡིན་པས་ནི་བདེ་བ་ཆེའོ། །འདིས་ཀྱང་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པར་བཤད་དོ། །ནོར་ཆེ་ལ་ཞེས་བྱ་བ་ནི་གདུག་ཅིང་
གཏུམ་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། །ཐབས་དང་ཤེས་རབ་ཀྱིས་ཁྲོ་བོར་སྣང་བའི་ནོར་གང་ལ་མངའ་བ་དེ་ནི་ནོར་ཆེ་བའོ། །འདོད་ཆགས་ཆེན་པོ་རྣམ་པར་དག་པ་ཉིད་ཀྱིས་རྣམ་པར་རྟོག་པ་དང་བྲལ་བ་དེ་ནི་ནོར་ཆེ་བ་སྟེ་འདིས་ཀྱང་རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད་ཡིན་པར་
སྟོན་ཏོ། །ཁམས་གསུམ་པའི་དབང་ཕྱུག་ནི་འཇིག་རྟེན་དབང་ཕྱུག་སྟེ་དེའི་ངོ་བོ་ཉིད་ཡིན་པས་ན་ཁམས་གསུམ་དབང་ཕྱུག་ཉིད་དེ་དེ་ཐོབ་པའོ། །འདོད་ཆགས་ཆེན་པོ་རྣམ་པར་དག་པ་ཉིད་ཀྱིས་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་འཇིག་རྟེན་དབང་ཕྱུག་
ཉིད་བརྙེས་པ་སྟེ། འདིས་ཀྱང་པདྨའི་རིགས་ཀྱི་ངོ་བོར་བཤད་པ་ཡིན་ནོ། །སེམས་ཅན་དོན་རྣམས་བརྟན་པར་བྱེད། །ཅེས་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་འཁོར་བའི་ཕྱི་མའི་མཐའ་ཇི་སྲིད་ཀྱི་བར་དུ་སེམས་ཅན་རྣམས་སྐལ་བ་ཇི་ལྟ་བ་བཞིན་དུ་འདུལ་བ་ནི་སེམས་ཅན་
གྱི་དོན་ཏེ། དོན་དེ་མཁས་པའི་མཆོག་དེ་རྣམས་མཛད་པའོ། །བརྟན་པ་ནི་མི་ཕྱེད་པའོ། །དེ་ཡང་དོན་དུ་གཉེར་པས་ན་དོན་ཏེ་མཁས་པའི་མཆོག་དེ་རྣམས་འདོད་ཆགས་ཆེན་པོ་རྣམ་པར་དག་པ་ཉིད་ཀྱིས་སྐད་ཅིག་མ་རེ་རེ་ཞིང་སྤྲུལ་པས་སེམས་ཅན་གྱི་དོན་རྣམས་མཛད་དོ་ཞེས་བྱ་བའི་
ཐ་ཚིག་གོ། །འདིས་ཀྱང་ནོར་བུའི་རིགས་ཀྱི་ངོ་བོ་ཉིད་དུ་བཤད་པ་ཡིན་ནོ། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྟོན་པའི་ཕན་ཡོན་བསྟན་པའི་ཕྱིར་གང་ལ་ལ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ལ་ཞེས་བྱ་བ་ནི་བུད་མེད་དམ་སྐྱེས་པའམ། ཁྱེའུ་འམ་བུ་མོ་གང་
Vol. 60 · folio 7b
ཞིག་ཇི་སྐད་དུ་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འདི་ཉིན་རེ་ཞིང་ནང་པར་ལངས་ན་འདོན་པ་གཞན་གྱིས་བསྟན་པ་ལས་ཇི་སྐད་དུ་བསྟན་པ་འམ། གླེགས་བམ་དུ་བྱེད་པ་འམ། ཀློག་པར་བྱེད་པའམ་ཉན་པ་ནི་སློབ་དཔོན་གྱིས་བསྟན་པ་ནི་རྣ་བའི་རྣམ་པར་ཤེས་པའི་རང་བཞིན་
གྱིས་འཛིན་པར་བྱེད་པ་ནི་ཐོས་པར་བྱེད་པའོ། །ཐོས་ནས་ཚིག་དང་དོན་ཤེས་པར་འགྱུར་བ་མ་བརྗེད་པར་བློ་ལ་འཇོག་པར་བྱེད་པ་ནི་འཛིན་པའོ། །ཡི་དམ་དུ་བླངས་ནས་གླེགས་བམ་ཀློག་པར་བྱེད་པ་ནི་ཀློག་པའོ། །དང་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་གྱི་ཕྱོགས་གཉིས་སུ་བརྟག་པའི་
དོན་ནི་མ་ཡིན་ཏེ། གང་གི་ཕྱིར་ཚེ་འདི་ཉིད་ལ་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་གསུངས་པས་སོ། །བརྟག་པའི་དོན་དུ་ཁས་བླངས་ནས་ནི་གླེགས་བམ་བཀླགས་པ་ཙམ་གྱིས་ཚེ་འདི་ཉིད་ལ་དངོས་གྲུབ་ཀྱི་མཆོག་ཏུ་གྱུར་ན་དེ་ལྟར་མི་འདོད་དེ་བསྒོམ་པའི་རང་བཞིན་ཅན་གྱི་ཡེ་ཤེས་ཉམས་སུ་ལེན་
པ་མེད་པར་དངོས་གྲུབ་ཀྱི་མཆོག་ཏུ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པ་ཁ་ཏོན་བྱེད་པ་ལ་སོགས་པ་ལ་རབ་ཏུ་སྦྱོར་བ་ནི་རྡོ་རྗེ་འཆང་བ་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐོབ་པར་འགྱུར་ལ། བདེ་བ་དང་ཡིད་བདེ་བ་དེས་ཀྱང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་
ཚིག་གི་དངོས་གྲུབ་ཅེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཕུལ་དུ་བྱུང་བ་ཞེས་བྱ་བ་སྟེ་ཕྱི་མའི་མཐར་ཐུག་པ་མེད་པར་གནས་པའོ། །ཚེ་འདིར་ཞེས་པ་ད་ལྟར་ཉིད་ལ་བསྙེན་ཅིང་ཐོབ་པར་འགྱུར་བའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་གསང་བ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་ཀྱང་འགྲུབ་བོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པ་དེས་ཀྱང་། རྣལ་འབྱོར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བས་ན། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་གི་དངོས་གྲུབ་བོ་ཞེས་བྱའོ། །རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་རོ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་ཆེན་པོའོ། །དེ་འཆང་བས་ན་རྡོ་རྗེ་འཆང་བ་ཆེན་པོ་སྟེ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་ཆོས་ཀྱི་དབྱིངས་
Vol. 60 · folio 8a
ཐོག་མ་དང་ཐ་མ་མེད་པའི་བདག་ཉིད་ཅན་རྣམ་པར་སྣང་མཛད་ཆེན་པོའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པའོ། །འདིས་ནི་འདི་སྐད་སྟོན་ཏེ། རྣལ་འབྱོར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པ་ལ་སོགས་པ་ཉམས་སུ་
ལེན་པ་དང་ལྡན་པ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ལ། ཡང་དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་ཅིང་དེས་ཀྱང་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དམ། དེ་བཞིན་གཤེགས་པ་ཉིད་ཐོབ་པར་
འགྱུར་རོ། །བདེ་བ་ཆེན་པོའི་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ནི་དོན་ཡོད་པའི་དམ་ཚིག་སྟེ། རིགས་ལྔ་པོ་སྐྱེད་པར་བྱེད་པའི་རྒྱུའོ། །དེ་བས་ན་ཇི་སྐད་དུ་བཤད་པའི་དཔལ་མཆོག་དང་པོ་དང་དེ་ཐོབ་པར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་
ལ་བདེ་བ་ཆེན་པོ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོའོ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་ཐབས་ཀྱི་སྒོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཞེས་བྱའོ། །
དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའི་ཆོས་ཀྱི་རྣམ་གྲངས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་བསྐྱེད་པའི་རྒྱུར་གྱུར་པ་བསྟན་ནས། ད་ནི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་བསྒོམས་པའི་སྟོབས་ཀྱིས་བསྐྱེད་ནས་དེར་འདུག་སྟེ། བཅོམ་ལྡན་
འདས་དཔལ་རྣམ་པར་སྣང་མཛད་ཀྱིས་རང་གི་རིགས་སྤྲུལ་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་ན་
བཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་བསྟན་ནས་གཞལ་ཡས་ཁང་སྒོམ་པས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་བསྐྱེད་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་
Vol. 60 · folio 8b
པར་སྣང་མཛད་དོ། །འདི་ཉིད་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བྱང་ཆུབ་ཀྱི་སེམས་ཆེན་པོའི་རང་བཞིན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་
ཏེ། དེ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་ཆེན་པོའི་རང་བཞིན་ཅན་གྱི་མི་བསྐྱོད་པའི་སེམས་དང་
སེམས་ལས་བྱུང་བའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེས་བྱིན་གྱིས་བརླབས་པ་ནི་སྔོན་གྱི་འཕེན་ཤུགས་སོ། །དེའི་རྡོ་རྗེ་ནི་སེམས་དཔའི་རྡོ་རྗེའོ། །དེའི་གསང་བའི་མཆོག་གི་དངོས་གྲུབ་ནི་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བ་སྟེ། དེ་ལས་དེ་བྱུང་བ་ཡིན་པའི་ཕྱིར། དེའི་
ཆོ་ག་རྒྱས་པ་ནི་དེ་ཁོ་ན་ཉིད་བཅུའི་བདག་ཉིད་ཅན་ནོ། །ཆོ་ག་རྒྱས་པ་དེས་རྒྱལ་པོར་གྱུར་ཞིང་འབར་ལ་མཛེས་པས་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་དེ་སྐད་ཅེས་བྱའོ། །འདིས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་དུ་བསྟན་ཏོ། །ད་ནི་འདི་དེ་བཞིན་
གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་འབའ་ཞིག་ཡིན་པར་ཡང་མ་ཟད་ཀྱི། རིན་པོ་ཆེའི་རིགས་ཀྱི་རང་བཞིན་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་
དེ་བཞིན་གཤེགས་པ་ཐམས་ཅད་དེ་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་དེ་ལས་བྱུང་བའི་རིན་པོ་ཆེའི་རིགས་ཀྱི་སྐུ་དང་གསུང་དང་
ཐུགས་རྡོ་རྗེའོ། །དེ་ཉིད་ནི་གསང་བ་དོན་ཡོད་པའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་བརྟན་ཞིང་མི་ཕྱེད་པའི་ཕྱག་རྒྱ་ཡིན་པས་ན། གསང་བའི་དོན་ཡོད་པའི་ཕྱག་རྒྱ་བསྟན་པ་སྟེ། ཕྱག་རྒྱ་དེ་རྣམས་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་
Vol. 60 · folio 9a
རྒྱས་བཏབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་སྟོན་ཏོ། །ད་ནི་པདྨའི་རིགས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བ་
ལ་སོགས་པ་གསུངས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བའོ། །དེ་རྣམས་ཀྱི་དམ་ཚིག་ཆེན་པོ་ཐམས་ཅད་ནི་པདྨའི་རིགས་སོ། །ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་ན་ཆེན་པོ་ཉིད་དོ། །གཟུགས་
ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ན་དམ་ཚིག་ཆེན་པོ་ཐམས་ཅད་དོ། །ཕྱག་རྒྱའི་དམ་ཚིག་ཅེས་བཤད་དོ་ཞེས་གསུངས་པས་སོ། །དེར་བཞུགས་པ་ནི་པདྨའི་རིགས་སུ་གཏོགས་པར་གྱུར་པའོ། །ཅིའི་ཕྱིར་དེར་ཞུགས་ཤེ་ན། ཆོས་ཉིད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ་ལ་རབ་ཏུ་གནས་པ་
ཞེས་བྱ་བ་གསུངས་ཏེ། གང་གིས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་ཅིང་མངོན་སུམ་དུ་མཛད་པར་གྱུར་པ་དེ་ནི་ཆོས་ཉིད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པའོ། །དེ་ལ་རབ་ཏུ་གནས་པ་ནི་ཕྱི་མའི་མཐའ་ཐུག་པ་མེད་པར་རྣམ་པར་མི་རྟོག་པའི་ཚུལ་གྱིས་
བཞུགས་པའོ། །འདིས་ནི་པདྨའི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་བསྟན་ཏོ། །དེ་ལྟར་བཅོམ་ལྡན་འདས་པདྨའི་རིགས་ཀྱི་ངོ་བོར་བསྟན་ནས། ད་ནི་ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འོད་གསལ་བའི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་རྣམས་ཀྱིས་བྱ་བ་སྣ་ཚོགས་སོ། །དེ་ལས་སྐྱེས་པའི་དགེ་བའི་
ལས་ཏེ་དེའི་ལས་ནི་སངས་རྒྱས་མཆོད་པ་དང་། སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ལས་དེས་དུས་གསུམ་སྟེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་རྣམས་སུ་འཇིག་རྟེན་གྱི་ཁམས་མ་ལུས་པ་གང་དག་གནས་པར་གྱུར་པ་དང་གནས་པར་འགྱུར་བ་དང་།
Vol. 60 · folio 9b
གནས་པ་གང་ཡིན་པ་དེ་རྣམས་ལ་སྤྲོས་པ་ནི་ཁྱབ་པའོ། །དེ་ཉིད་ལས་ཀྱི་མཐའ་སྟེ་ལས་སུ་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོའོ། །འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་
རྣམ་པར་སྣང་མཛད་ཆེན་པོ་ཡིན་གྱི་རྒྱུ་ལ་འབྲས་བུར་ཉེ་བར་བཏགས་ནས་རྡོ་རྗེ་འཛིན་པ་ཆེན་པོ་ལ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཆང་ཆེན་པོ་འདིའི་འོག་ནས་ལོགས་ཤིག་ཏུ་བསྟན་པས་སོ། །འདིས་ཀྱང་བཅོམ་ལྡན་འདས་ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་དུ་བསྟན་ཏོ། །དེ་
ལྟར་བཅོམ་ལྡན་འདས་ཀྱི་ཁྱད་པར་བསྟན་ནས། བདེ་བ་ཆེན་པོ་རྡོ་རྗེ་འཛིན་པའི་བཞུགས་གནས་ཀྱི་གཞལ་ཡས་ཁང་གི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཟླ་བ་ཕྱེད་པ་དུ་མ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་ཕྱེད་པ་དུ་མ་སྟེ་མང་པོར་རབ་ཏུ་
གནས་པའི་གནས་གང་ཡིན་པ་དེ་ནི་ཟླ་བ་ཕྱེད་པ་དུ་མ་རབ་ཏུ་གནས་པ་ཞེས་བྱའོ། །རྡོ་རྗེ་རིན་པོ་ཆེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་རིན་པོ་ཆེ་ཆེན་པོ་སྟེ། རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པའོ། །ཟླ་བ་ཕྱེད་པ་རབ་ཏུ་གནས་པ་ཡང་ཡིན་
ལ་རྡོ་རྗེ་རིན་པོ་ཆེ་ཡང་ཡིན་པས་ཟླ་བ་ཕྱེད་པ་དུ་མ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་ཆེ་ཆེན་པོའོ། །དེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་ཞིང་འགྱེད་ལ་དེ་ཉིད་ན་འབར་བ་རྣམ་པར་འཕྲོ་བ་ཡིན་ཞིང་དེ་ཉིད་འོད་ཡིན་ནོ། །དེས་སྣང་ཞིང་གསལ་བར་བྱས་པ་དེ་ནི་འོད་གསལ་
བར་བྱས་པའོ། །ཇི་སྐད་དུ་བཤད་པའི་འོད་ཀྱིས་གསལ་བར་བྱས་པ་དེར་རོ། །དེའི་འོད་ཀྱིས་གསལ་བར་བྱས་པ་འབའ་ཞིག་ཏུ་གྱུར་པར་མ་ཟད་ཀྱི་གསེར་གྱི་དྲིལ་བུ་བཏགས་པའི་བ་དན་སྣ་ཚོགས་རླུང་གིས་བསྐྱོད་པས་མཛེས་པར་བྱས་པ་ཡིན་ནོ། །གསེར་གྱི་དྲིལ་བུ་ནི་གསེར་
གྱི་རྒྱུ་ལས་བྱས་པའི་དྲིལ་བུའོ། །བ་དན་སྣ་ཚོགས་ནི་ཁ་དོག་སྣ་ཚོགས་དང་ལྡན་པའི་དར་གྱི་བ་དན་ནོ། །རླུང་གིས་བསྐྱོད་པ་ནི་གཡོ་བར་བྱས་པའོ། །བཏགས་པ་ནི་སྦྲེལ་བའོ། །དེ་ལྟར་ན་དེ་དག་གིས་བརྒྱན་ཅིང་མཛེས་པར་བྱས་པས་བ་དན་གྱིས་མཛེས་པར་བྱས་པའོ། །
Vol. 60 · folio 10a
དེ་ལྟ་བུ་འབའ་ཞིག་ཏུ་མ་ཟད་ཀྱི་མེ་ཏོག་རྣམ་པ་སྣ་ཚོགས་པའི་ཆུན་འཕྱང་དང་། གོས་དང་། མེ་ལོང་རབ་ཏུ་འཕྱང་བའི་དྲ་བས་ཀྱང་རབ་ཏུ་བརྒྱན་པ་ཞེས་བྱ་བ་སྟེ། རིགས་སྣ་ཚོགས་ཤིང་ཐ་དད་པས་རྣམ་པ་དུ་མར་གྱུར་པའི་རྒྱུ་དེ་ཉིད་ཀྱིས་ན་མེ་ཏོག་སྣ་ཚོགས་
པས་མཛེས་པར་བྱས་པའོ། །མེ་ཏོག་གི་ཆུན་འཕྱང་ནི་མེ་ཏོག་གི་ཕྲེང་བ་སྟེ། དེ་ལྟ་བུའི་ཕྲེང་བ་དང་། གོས་དང་མེ་ལོང་རབ་ཏུ་འཕྱང་བའི་དྲ་བས་ཀྱང་རབ་ཏུ་བརྒྱན་ཅིང་མཛེས་པར་བྱས་པ་ཡིན་ནོ། །དེ་དེ་ལྟ་བུ་འབའ་ཞིག་ཏུ་མ་ཟད་ཀྱི་ཁ་ཁྱེར་སྣ་ཚོགས་པའི་ལེགས་པར་གནས་
པའི་ལྷའི་བུ་མོ་དགོད་ཅིང་སྒེག་ལ་གླུ་དང་གར་བྱེད་པས་བསྔགས་ཤིང་བསྟོད་པའོ་ཞེས་བྱ་བ་སྟེ་སྣ་ཚོགས་ཤིང་ཁ་དོག་དུ་མ་དང་ལྡན་པའོ། །ཁ་ཁྱེར་གྱི་ནང་ན་གནས་པའི་ལྷའི་བུ་མོ་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱི་ངོ་བོ་ཉིད་དགོད་ཅིང་སྒེག་པས་རྩེ་བ་དང་། གླུ་
དང་གར་གྱིས་ཀྱང་ཀུན་ནས་བརྒྱན་ཅིང་མཛེས་པར་བྱས་པ་སྟེ། དེ་རྣམས་ཀྱི་གླུས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྟོན་ཅིང་རབ་ཏུ་བསྐུལ་བའོ། །དེ་རྣམས་ཀྱི་གླུ་ཉིད་ཀྱིས་བསྟོད་པ་ནི་དེ་ཁོ་ན་ཉིད་གསུམ་གྱི་གླུས་ཡང་དག་པར་ཡོན་ཏན་བརྗོད་པའོ། །དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་
པར་དང་ལྡན་པའི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་ན་བཞུགས་པའོ། །བདེ་བ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པར་བཤད་དོ། །དེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ནི་སྐུའི་གསང་བའི་ངོ་བོ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའོ། །དེའི་བཞུགས་
གནས་ནི་ཕོ་བྲང་སྟེ། དེ་ཉིད་གཞལ་ཡས་ཁང་ཡིན་པས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཀྱི་གཞལ་ཡས་ཁང་སྟེ། དེར་བཞུགས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གནས་པར་མཛད་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས། དེའི་
དོན་བསྒོམས་པས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཀྱི་གཞལ་ཡས་ཁང་བསྐྱེད་ནས་ཇི་སྐད་དུ་བཤད་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཇི་སྐད་དུ་བཤད་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་གཞལ་ཡས་ཁང་ན་
Vol. 60 · folio 10b
བཞུགས་ནས། དེའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་རྗེས་སུ་གནང་བ་དང་། དབང་བསྐུར་བ་གསོལ་བ་འདེབས་པ་ཡིན་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་པའི་དོན་སྟོན་པའི་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའི་ཁྱད་པར་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་བཤད་ཟིན་ཏོ། དེ་
རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་དེའི་འཕེན་ཤུགས་སོ། །དེས་ན་དམ་ཚིག་སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོའི་སེམས་དཔའ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་ཀྱི་
ངོ་བོ་ཉིད་ཡིན་པར་བཤད་དོ། །དབང་བསྐུར་བ་ཐམས་ཅད་ཅེས་བྱ་བ་ལ་དབང་བསྐུར་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དབང་བསྐུར་བ་ཐམས་ཅད་དོ། །འདིས་ནི་རིན་པོ་ཆེའི་རིགས་ཀྱི་རང་བཞིན་ཡིན་པར་བཤད་དོ། །ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་ཐམས་ཅད་
ཀྱང་ཡིན་ལ་མཁྱེན་པ་ཡང་ཡིན་པས་ན་ཐམས་ཅད་མཁྱེན་པ་སྟེ། པདྨའི་རིགས་ཀྱི་ལྷ་རྣམས་ཀྱི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ལ་སོགས་པའི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དུ་ངེས་པའོ། །དེ་རྣམས་ཀྱི་ཏིང་ངེ་འཛིན་ནི། ཐམས་ཅད་མཁྱེན་པའི་
ཏིང་ངེ་འཛིན་ཏེ་འདི་ལ་སེམས་ཡང་དག་པར་གཏོད་ཅིང་གནས་པས་ན་ཏིང་ངེ་འཛིན་ཏོ། །འདིས་ཀྱང་བཅོམ་ལྡན་འདས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་ཏིང་ངེ་འཛིན་གྱི་ཚུལ་གྱིས་པདྨའི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་བཤད་དོ། །ལས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་ལས་
ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ལས་ཐམས་ཅད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཐམས་ཅད་དོ། །དེས་མཆོག་ཏུ་གྱུར་པ་ནི་ཕུལ་དུ་བྱུང་བའོ། །དེ་ཡང་འཁོར་གསུམ་ཡོངས་སུ་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ལས་ཐམས་ཅད་ལ་འདྲ་
Vol. 60 · folio 11a
བའི་གཉིས་པ་མེད་པ་ཡིན་ལ་དེ་བས་ན་མཆོག་ཏུ་གྱུར་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ནི་ལས་ཀྱི་རིགས་ཀྱི་རང་བཞིན་ཅན་ཡིན་ནོ། །འདིས་ནི་བཅོམ་ལྡན་འདས་ལས་ཀྱི་རིགས་ཀྱི་ངོ་བོར་བཤད་དོ། །ཁམས་གསུམ་ཐམས་ཅད་ནི་
ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་ནོ། །དེ་རྣམས་གདུལ་བ་ཞེས་བྱ་བ་ནི་འདུལ་བར་མཛད་པ་སྟེ། དེ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་ཅིང་གཏུམ་པ་འདུལ་བར་མཛད་པས་འདིར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་
མཛད་ལ་བྱ་བར་འདོད་དོ། །ཁམས་གསུམ་པ་ཐམས་ཅད་ཀྱི་གདུལ་བྱའི་དབང་ཕྱུག་ཐམས་ཅད་ཅེས་བྱ་བ་ལ་དབང་ཕྱུག་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དབང་ཕྱུག་ཐམས་ཅད་དེ་བསྡུས་པའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་ཐམས་ཅད་དོ། །དེའི་བདག་པོ་ཡིན་
པས་ན་དབང་ཕྱུག་གོ། །རིགས་ཐམས་ཅད་སྐྱེས་པས་ན་བྱེད་པ་པོའོ། །ཁམས་གསུམ་ཐམས་ཅད་བསྐྱེད་པས་ན་འབྱིན་པ་པོའོ། །འདོད་པ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་སྐུའི་རང་བཞིན་ཡིན་པས་ན་འདོད་པ་ཐམས་ཅད་དེ་
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་འདོད་པའོ་ཞེས་བཤད་པས་ན་འདོད་པའི་ཕྱིར་འདོད་པ་སྟེ། གདུལ་བྱ་རྣམས་མངོན་པར་དགའ་བས་ཞེས་བྱ་བའི་ཐ་ཚིག་གོ། །འདོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་འདོད་པ་ཐམས་ཅད་དོ། །དངོས་གྲུབ་ཀྱི་ཆོ་ག་རྒྱས་པར་
ཐམས་ཅད་ཅེས་བྱ་ལ། དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དངོས་གྲུབ་ཐམས་ཅད་དེ་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་པོ། །དེའི་ཆོ་ག་ནི་སྒྲུབ་པའི་ཐབས་སོ། །དེའི་རྒྱས་པ་ནི་རིགས་ཀྱི་དཀྱིལ་འཁོར་གྱི་དབྱེ་བས་ཕྱེ་བ་
རྣམ་པ་སྣ་ཚོགས་ཀྱི་སྒྲུབ་པའི་རྒྱུན་ནོ། །རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ། །དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་བོ་ཞེས་བྱ་བ་ནི་བདག་ལ་རྗེས་སུ་གནང་བ་གསོལ་ཅིག་ཅེས་པའོ། །གསང་བའི་རྟོག་པ་རབ་བཤད་པ། །ཞེས་བྱ་བ་ནི། བཅོམ་ལྡན་
Vol. 60 · folio 11b
འདས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པའོ། །རྡོ་རྗེ་སེམས་དཔའ་ཇི་སྐད་དུ་བཤད་པའི་ཇི་སྲིད་འཁོར་བའི་གནས་སུ་འཇུག་པ་ཞེས་བྱ་བ་ལ་འདིར་འཁོར་བས་ན་འཁོར་བ་སྟེ་སྣོད་ཀྱི་འཇིག་རྟེན་ནོ། །དེར་གནས་པ་ནི་བཞུགས་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་
གྱིས་དེར་ཇི་སྲིད་གནས་ཤིང་འདུག་པ་དེ་སྲིད་ཀྱི་བར་དུའོ། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱིས་འདོད་ཅིང་དོན་དུ་གཉེར་བ་ཡིན་པས་ན་སེམས་ཅན་དོན་ཏེ་སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་དོ། །དེ་ལྟ་བུའི་སེམས་ཅན་
གྱི་དོན་མཆོག །དམ་པར་གྱུར་པ་བདག་བགྱིད་པར་རྗེས་སུ་གནང་བ་སྩོལ་ཅིག་པ་ནི། བདག་འཁོར་བ་ཇི་སྲིད་གནས་པའི་བར་དུ་སེམས་ཅན་གྱི་དོན་བགྱིད་པར་རྗེས་སུ་གནང་བ་སྩོལ་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ཁམས་ནི་མཐའ་ཡས་པས། །ཞེས་བྱ་
བ་གསུངས་པ་སྟེ། གང་གི་ཕྱིར་སེམས་ཅན་གྱི་ཁམས་ནི་མཐའ་ཡས་པ་ཡིན་པས་མཐའ་ཡས་པ་ཡིན་ལ་དེ་ཡང་དུས་རིང་མོ་ཞིག་ནས་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ལ་འཇོག་པར་འདོད་ནུས་ཀྱི་ཐམས་ཅད་དུས་གཅིག་གི་ཚེ་སྐལ་བ་དང་ལྡན་པ་ཉིད་དུ་བྱ་བ་ནི་མི་སྲིད་དོ། །
གཟི་ཅན་སྲིད་པ་ཚོལ་བྱེད་པ། །ཞེས་བྱ་བ་ལ་གཟི་ཅན་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེ་རྣམས་ཀྱིས་སྲིད་པ་འདོད་པ་ནི་འཁོར་བ་ཇི་སྲིད་པར་མི་གནས་པའི་མྱ་ངན་ལས་འདས་པ་སྐྱེ་བར་བཞེད་པ་སྟེ། དེ་རྣམས་ཀྱིས་སྲིད་པ་འདོད་པ་ནི་སྲིད་པའི་ཉེས་པ་གཞིག་པར་བྱ་
བ་སྟེ། འདོད་ཆགས་ལ་སོགས་པ་ཉེས་པ་ཞི་བར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན། སྲིད་པའི་ཉེས་པ་གཞིག་པ་ཡིས། །བདེ་བ་ཆེན་པོ་འཕེལ་བའི་ཕྱིར། །བྱང་ཆུབ་སེམས་དཔའ་དེ་དག་ཉིད་རྒྱུད་སྣ་ཚོགས་ཀྱིས་ཕྱེ་ཞིང་ཐ་དད་པའི་ཆོས་རྣམས་ཐུགས་སུ་ཆུད་པའི་ཐམས་
ཅད་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད་པ་ནི་དེའི་དོན་དུ་བདག་ལ་རྗེས་སུ་གནང་བ་གསོལ་ཅིག་ཅེས་པའོ། །ཡུལ་གང་ལ་ཞེ་ན། གསང་བའི་རྟོག་པ་མཆོག་བཤད་པ། །ཞེས་སྨོས་ཏེ། གསང་བ་ཡང་ཡིན་ལ་རྟོག་པ་ཡང་ཡིན་པས་ན་གསང་བའི་རྟོག་པའོ། །རྟོག་པ་
Vol. 60 · folio 12a
ཡང་གཞན་ལས་ཁྱད་པར་དུ་འཕགས་པས་ན་མཆོག་སྟེ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་རྟོག་པ་བཤད་པར་བདག་ལ་གནང་བ་སྩོལ་ཅིག་པའོ། །དེ་ནས་ཞེས་བྱ་བ་ནི་རྗེས་སུ་གནང་བ་གསོལ་བ་གདབ་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ། །ཇི་སྐད་དུ་བཤད་པ་བྱས་ནས་དང་པོའི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའི་ཇི་སྐད་བཤད་པའི་དངོས་གྲུབ་ཀྱི་མཚན་མ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བར་སྦྱར་
རོ། །ཆོས་ཐམས་ཅད་སྒྲིབ་པ་མེད་པ་ལ་དམིགས་ཏེ་ཞེས་བྱ་བ་ལ་ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེ་རྣམས་ཀྱི་སྒྲིབ་པ་མེད་པ་ནི་དེ་བཞིན་ཉིད་དེ་ལ་དམིགས་པ་ནི་མངོན་སུམ་དུ་མཛད་པའོ། །ཅི་ཞིག་མཛད་ཅེ་ན་
གདུལ་བྱ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་སེམས་ཅན་རྣམས་འདུལ་བས་ན་འདུལ་བ་སྟེ་ཆོས་ཀྱི་དབྱིངས་སོ། །ཐམས་ཅད་ཀྱི་འདུལ་བ་ནི་ཐམས་ཅད་འདུལ་བ་སྟེ། དེ་ཉིད་ནི་ཐུགས་རྗེ་ཆེན་པོ་ཡིན་ལ། དེ་ཡང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་སྟེ། དེ་
ལས་བྱུང་བའི་དང་པོའི་རྡོ་རྗེ་ཞེས་པ་སྣ་ཚོགས་རྡོ་རྗེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་སྟེ། དེ་ལ་དམིགས་པའི་མིང་དེ་སྐད་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པ་སྟེ། དང་པོའི་རྡོ་རྗེའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་
བྱ་བའི་ཐ་ཚིག་གོ། །བདེ་བ་ཆེན་པོའི་རྡོ་རྗེ་དང་པོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པ་གང་ཡིན་པ་དེ་རྡོ་རྗེ་སེམས་དཔའ་སྤྲུལ་པའི་དུས་སུ་དང་པོའི་རྡོ་རྗེ་ཆེན་པོ་དེ་ནི་དམིགས་པ་མེད་པ་ཐུགས་རྗེ་ཆེན་པོ་ལས་བྱུང་
བའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱའོ། །བདེ་བ་ཆེན་པོའི་རྡོ་རྗེ་དེ་རྒྱུ་ཅི་ཞིག་གི་ཕྱིར་སྩལ་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་བསམ་
Vol. 60 · folio 12b
པ་ཐམས་ཅད་ཡོངས་སུ་རྫོགས་པ་ནི་མངོན་པར་འདོད་པ་ཐམས་ཅད་བསྐངས་པའོ། །དེས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་ནི་འཇིགས་པ་ཐམས་ཅད་ཡོངས་སུ་བཟློག་པའོ། །ཕན་པ་དང་བདེ་བ་ནི་བཤད་ཟིན་ཏོ། །དངོས་གྲུབ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་
སོགས་པ་རྫོགས་པའོ། །ཕུན་སུམ་ཚོགས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པའི་འབྱོར་བའོ། །དེ་རྣམས་ཀྱི་ལས་ཞེས་པ་ནི་མཆོད་པའི་ལས་བཅུ་དྲུག་གི་ལས་སོ། །དངོས་གྲུབ་ཀྱི་མཆོག་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྫོགས་པའོ། །ཇི་སྐད་དུ་བཤད་པའི་སེམས་
ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི་ཡོངས་སུ་སྐྱོབ་པ་དང་། ཕན་པ་དང་བདེ་བ་དང་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་དང་ཡེ་ཤེས་དང་ལས་དང་དངོས་གྲུབ་ཀྱི་མཆོག་ནི་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་
བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་ཕན་པ་དང་བདེ་བ་དང་། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་མཆོག་རྣམས་ཞེས་བྱ་སྟེ། དེའི་དོན་དུ་ཞེས་བྱ་བ་ནི་དེ་བསྐྱེད་པར་
བྱ་བའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་བསྡུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་ནི་ཤེས་པར་ཟད་དེ། དེ་
བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་ཐོབ་པ་སྟེ་དེ་ཉིད་ནི་དངོས་གྲུབ་ཀྱི་དམ་པ་སྟེ། རྒྱུ་དེ་དག་གི་ཕྱིར། ཇི་སྐད་དུ་བཤད་པའི་རྡོ་རྗེ་དེ་ལག་པ་གཉིས་སུ་བྱིན་པའོ། །རྒྱུ་ཅི་ཞིག་གི་ཕྱིར་བྱིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་
ལོས་སྒྱུར་བ་ཉིད་དུ་ཞེས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་རོ། །དེ་བསྐོར་བའི་ངང་ཚུལ་འདི་ལ་ཡོད་པས་ན་དེའི་ངོ་བོ་ཉིད་དོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་ཞེས་བྱའོ། །དེ་བཞིན་
Vol. 60 · folio 13a
གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཉིད་ཀྱིས་དེར་ཅི་ཞིག་བྱེད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་
ཡས་དང་། དོན་ཡོད་པར་གྲུབ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་ཕྲེང་བ་ནི་དེ་རྣམས་ཀྱིས་ཉེ་བར་མཚོན་པའི་ཅོད་པན་རྩེ་བྲན་ཅན་གང་ཡིན་པ་སྟེ། དེའི་དབང་བསྐུར་བས་དབང་བསྐུར་བ་ནི། ཅོད་པན་ཏེ་དེའི་མགོ་ལ་བཞག་ནས་
རྡོ་རྗེ་དེ་དེའི་ལག་པ་གཉིས་སུ་བྱིན་པའོ། །དེ་ནས་རྡོ་རྗེ་དེ་བྱིན་པ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པས་མིང་གི་དབང་བསྐུར་བས་དབང་བསྐུར་བར་གྱུར་ཏོ། །གང་དུ་སོང་ཞེ་ན། འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་སངས་རྒྱས་དང་བཅས་པའི་སངས་རྒྱས་ཀྱི་ཞིང་རྣམས་སོ། །རྡུལ་ཕྲ་རབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྡུལ་ཕྲ་རབ་ཐམས་ཅད་དེ་དེ་
རྣམས་ཀྱི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཉེ་བར་གཟུང་བའི་གཟུགས་ཀྱི་རྡུལ་ཏེ་དེ་ཉིད་ནི་ཕྲ་རབ་སྟེ། དེའི་ཚོགས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར་རོ། །དེ་རྣམས་སུ་གཏོགས་པ་ནི་ཆུད་པའོ། །དེ་དག་ཏུ་གཏོགས་པའི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་མིང་གི་དབང་གི་དབང་བསྐུར་བས་དབང་བསྐུར་རོ། །དེ་ལ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་ནི་རྡོ་རྗེ་ཆེན་པོ་སྟེ། དེ་ལས་བྱུང་བའི་དང་པོ་རྡོ་རྗེ་རྩེ་ལྔ་པ་ལ་ཡང་ཉེ་བར་བཏགས་པས་རྡོ་རྗེ་ཆེན་པོ་
ཞེས་བྱའོ། །དེ་བས་ན་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་འདི་ལག་པས་འཛིན་པར་བྱེད་པས་ན་རྡོ་རྗེ་འཆང་ཆེན་པོ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ། །དེ་ལྟར་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས་བརྩམས་
Vol. 60 · folio 13b
ཏེ། རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་རོ་ཞེས་བྱ་བའི་མཐར་ཐུག་པས་བསྟན་པའི་དོན་གཞན་ལ་དགོངས་པས་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན་བཤད་པ་ཡིན་ནོ། །ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ།
དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཇི་སྐད་དུ་བཤད་པའི་སེམས་ཅན་གྱི་ཁམས་ཀྱི་བདེ་བ་ཆེན་པོ་དམ་པ་འགྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་གྲུབ་པའོ། །མིང་ཐོག་མར་བྱས་ཏེ་དངོས་གྲུབ་ཐམས་ཅད་
ཅེས་བྱ་བ་ལ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ངོ་བོ་ཐོབ་པར་བྱ་བའི་ཕྱིར་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ཅིང་བཅས་ཏེ་ལུས་དྲང་པོར་བཞག་ནས་ཞེས་བྱ་བ་གང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་མ་ཐག་པའི་རྡོ་རྗེ་གཡོན་དཀུར་བརྟེན་ནས། རང་གི་
ཐུགས་ཀར་འཇོག་པའི་ཚུལ་གྱིས་བསྣམས་ཤིང་ཞེས་བྱ་བ་ནི་བཤད་ཟིན་ཏོ། །བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ནི་བཤད་ཟིན་ཏོ། །དེའི་རྡོ་རྗེ་ནི་དེ་ལས་བྱུང་བའི་སྙིང་པོ་ཡི་གེ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་རང་བཞིན་གང་ཡིན་པ་ལ་མིང་དེ་སྐད་ཅེས་བྱ་སྟེ་
གསུངས་སོ་ཞེས་བྱ་བར་སྦྱོར་རོ། །འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཡིན་ཞེ་ན་ཞེས་བྱ་བ་སྨོས་ཏེ། རང་ཉིད་ཀྱི་ཕྱག་རྒྱ་ཐམས་ཅད་ནི་རང་གི་ཕྱག་རྒྱ་ཐམས་ཅད་དེ་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་
ཐུགས་རྡོ་རྗེའི་ཕྱག་རྒྱའོ། །དེ་རྣམས་ལས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྙིང་པོ་དེ་ཕྱུང་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་བཅུ་བདུན་གྱི་སྙིང་པོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པའོ། །དེ་གང་གིས་བསྐྱེད་ཅིང་འབྱིན་པར་བྱེད་པའི་སྙིང་པོ་དེ་ནི་རང་གི་བདག་ཉིད་ཐམས་ཅད་ཀྱི་ཕྱག་རྒྱའོ། །དེ་གང་ལས་བྱུང་ཞེ་ན། རང་གི་སྐུ་དང་གསུང་དང་།
Vol. 60 · folio 14a
ཐུགས་རྡོ་རྗེ་ལས་ཞེས་བྱ་བ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་བཤད་ཟིན་ཏོ། །སླར་ཡང་བྱང་ཆུབ་ཆེན་པོར་མངོན་པར་འཚང་རྒྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཞི་བའི་ཉམས་མི་སྣང་བར་མཛད་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་
རྗེ་འབེབས་པའི་བར་གྱིས་སྒེག་པའི་ཉམས་ཀྱི་ཆ་ལུགས་སུ་བཞུགས་པར་མཛད་པའོ། །བཞད་པ་ཆེན་པོ་སེམས་དཔའ་ཆེ། །ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པའི་འཛུམ་པ་ནི་བཞད་པ་ཆེན་པོ་སྟེ། དེ་མཛད་པས་ན་བཞད་པ་ཆེན་པོའོ། །སེམས་དཔའ་ཆེ་ནི་རྡོ་རྗེ་སེམས་དཔས་
འདུལ་བའི་སེམས་ཅན་གྱི་དོན་རྫོགས་པར་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་ཐུགས་དགྱེས་པས་འཛུམ་པ་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཏེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དང་འདྲ་བའི་སངས་རྒྱས་ཀྱི་ཞིང་ཉོན་མོངས་
པ་དང་བཅས་པ་དེ་དག་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དོ། །དེ་རྣམས་སྙིང་པོ་འདིའི་མཐུས་གཡོས་པའོ། །དེ་ཉིད་ཤིན་ཏུ་གཡོས་པ་ནི། །རྣམ་པ་དྲུག་ཏུ་གཡོས་པ་སྟེ། །རྣམ་པ་དྲུག་ཏུ་འགུལ་བའོ། །དེ་ཉིད་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དེར་གཏོགས་པའི་སེམས་ཅན་གྱི་ཁམས་
རྣམ་པར་སྦྱངས་པས་རྣམ་པར་དག་པའོ། །ཁམས་གསུམ་པ་མ་ལུས་པ་རྒྱས་པར་ཞེས་བྱ་བ་ནི་ཁམས་གསུམ་པ་ཉིད་ནི། ཁམས་གསུམ་པ་ཉིད་དེ། དེ་རྒྱས་པར་ནི་རབ་འབྱམ་མོ། །དེའི་སྤྲོས་པ་ནི་ཁྱབ་པ་སྟེ། གང་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་
ཆེན་པོ་དེ་དེ་ལྟ་བུའི་ཚད་དུ་གྱུར་ཅིང་བྱུང་བའོ། །དེ་ལྟ་བུའི་ཚད་དུ་གྱུར་པ་དེས་ཇི་སྐད་དུ་བཤད་པའི་འཇིག་རྟེན་གྱི་ཁམས་གནས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་ཡེ་ཤེས་སྐྱེས་པའོ་ཞེས་བྱ་བ་སྟེ། བདེ་བ་ཐམས་ཅད་ནི་འཇིག་རྟེན་དང་།
འཇིག་རྟེན་ལས་འདས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལས་བྱུང་བའོ། །ཡིད་བདེ་བ་ནི་དགའ་བ་སྟེ་དེ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེས་ན་དོན་འདི་སྐད་སྟོན་ཏོ། །བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་
Vol. 60 · folio 14b
པ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའོ། །དེ་རྣམས་ཀྱི་དོན་ཡོད་པ་ནི་འབྲས་བུ་
ཡོད་པ་སྟེ། འདོད་པའི་དོན་རྫོགས་པར་བྱེད་པའོ། །ཐོགས་པ་མེད་པ་ནི་དེ་དོན་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འཕགས་པ་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་རྟག་པར་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་དུ་ཕྱུང་བའོ། །དེ་གང་ཞེ་ན་བཅོམ་ལྡན་འདས་
རྡོ་རྗེ་སེམས་དཔའི་ཐུགས་ཀར་གནས་པའི་སེམས་དཔའི་རྡོ་རྗེའོ། །དེ་ལྟ་བུའི་ཕྱག་རྒྱའི་ངོ་བོ་ལ་དམིགས་པས་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་པའི་ཐོགས་པ་མེད་པ་མངོན་པར་འཕགས་པའི་རྡོ་རྗེ་ཆེན་པོའི་ཕྱག་རྒྱ་ཞེས་
བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་ནས་ཡང་ཅི་ཞིག་མཛད་ཅེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོ་ནི་བཤད་ཟིན་ཏོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེ་ནི་སེམས་དཔའ་ཆེན་པོའི་རྡོ་རྗེའོ། །
དེའི་དམ་ཚིག་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྟེ། དེ་རྣམས་དེ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེས་རྣམ་པར་གནོན་པ་ནི་མིང་དེ་སྐད་ཅེས་བྱ་བ་སྟེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལ། རྡོ་རྗེ་
ཡིད་ལས་བྱུང་བ་ལ་སོགས་པའི་མཐུས་དེ་རྟོགས་པ་རྫོགས་པར་བྱེད་པས་རྣམ་པར་གནོན་པ་དེ་མཛད་ནས། བཅོམ་ལྡན་འདས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་འཁྲུངས་པར་གྱུར་ཏོ་ཞེས་བྱ་བར་སྦྱར་རོ། །སྐུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཇི་སྐད་བཤད་པའི་ཚུལ་གྱིས་
བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་འཁྲུངས་ནས། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པས་སྐུ་ཐམས་ཅད་ནས་ཕྱུང་སྟེ། ལོགས་ཐམས་ཅད་དུ་གནས་པར་གྱུར་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་
Vol. 60 · folio 15a
ཏེ། དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ཕྱག་རྒྱའི་དངོས་གྲུབ་རྣམས་སོ། །དེ་རྣམས་ཉིད་ཀྱི་བདེ་བ་དང་ཡིད་བདེ་བ་དང་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་
བ་ནི་དོན་གྱིས་དངོས་གྲུབ་ཀྱི་བདེ་བ་དང་ཡིད་བདེ་བའོ། །དེ་རྣམས་སྩོལ་བ་ནི་སྐྱེད་པར་མཛད་པའོ། །རྟག་ཏུ་འབྲེལ་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ཆེན་པོ་སྐད་ཅིག་མ་རེ་རེ་ཞིང་རྗེས་སུ་འབྲེལ་པ་ཉིད་ཡིན་པས་ན་རྟག་ཏུ་རྗེས་སུ་འབྲེལ་པའོ། །དོན་འདི་ཉིད་
བསྟན་པའི་སྤྱོད་པ་མཛེས་པ་ཞེས་བྱ་བ་ཡིན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་ནི་བཤད་ཟིན་ཏོ། །དེའི་དམ་ཚིག་སེམས་དཔའ་ནི་ཀུན་རྫོབ་ཀྱི་སེམས་དཔའི་རང་བཞིན་གྱི་སེམས་དཔའ་ནི་དམ་ཚིག་སེམས་དཔའོ། །ཇི་སྐད་དུ་བཤད་པ་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལས་
ཕྱུང་སྟེ། བཅོམ་ལྡན་འདས་ཀྱི་ཕྱོགས་དང་མཚམས་ཀྱི་ངོས་ཐམས་ཅད་དུ་གནས་པ་ལས་མདུན་དུ་ནི་རྡོ་རྗེ་གསང་བའི་ཡིད་ལས་བྱུང་བའོ་ཞེས་བྱ་བ་ནི་རྡོ་རྗེ་ཡིད་ལས་བྱུང་བ་ཉིད་རྡོ་རྗེ་ཡིད་ལས་བྱུང་བའི་གསང་བ་ཡིན་ནོ། །གཡས་སུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་
ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། བྲན་རྣམས་སོ་ཞེས་བྱ་བའི་བར་དུ་བསྟན་པས་ནི་ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་
ཐོབ་པས་བཟླས་པ་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་བསྟན་པའི་ཕྱིར་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ། །བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའ་ལ་དམིགས་པའི་སེམས་རྩེ་གཅིག་པ་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་
Vol. 60 · folio 15b
ལ་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་དོན་དུ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་རྫོགས་པར་བྱ་བའི་ཕྱིར་རོ། །ཡང་དག་པར་བསྐྱེད་དེ་ཞེས་བྱ་བ་ནི་ཡང་དག་པར་བྱུང་བའོ། །རྒྱལ་བ་ཆེན་པོ་ཞེས་བྱ་བ་ནི། རྒྱལ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་
པས་ན་རྒྱལ་བ་ཆེན་པོ་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །འདི་གང་ལས་ཤེས་ཤེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤངས་ཤིང་འདོད་ཆགས་དང་
བྲལ་དུ་ཟིན་ཀྱང་འདོད་ཆགས་དང་ལྡན་པ་རྣམས་རྗེས་སུ་གཟུང་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། རང་གི་བཙུན་མོ་སྤྲུལ་པའི་སྐུས་རང་གི་བཙུན་མོ་ཡང་སྩོལ་བར་མཛད་ན་ཕྱིའི་དངོས་པོ་རྣམས་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཕྱིར་དེ་ལྟར་སེམས་ཅན་ཐམས་ཅད་
ལ་ཕན་པར་བྱ་བའི་ཕྱིར། རྒྱལ་པོ་ཆེན་པོར་འཁྲུངས་པ་དེ་བས་ན་རང་ཉིད་འདུལ་བ་མཆོག་ཅེས་བྱ་བ་སྨོས་ཏེ། འདིས་སེམས་ཅན་འདུལ་བས་ན་འདུལ་བ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་གྲུབ་ཅིང་བྱང་ཆུབ་ཆེན་པོར་འཇོག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་
མཆོག་སྟེ་གསང་བའི་རྟོག་པ་དམ་པའོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་སྟེ། དེ་ཉིད་ནི་བརྟགས་པ་ལས་བྱུང་བའི་ཕྱིར་དང་། བརྟགས་པའི་རང་བཞིན་ཡིན་པའི་ཕྱིར་གསང་བའི་རྟོག་པའོ། །དངོས་གྲུབ་རབ་སྩོལ་
གསུངས་ཞེས་བྱ་བ་ནི་གང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བོ། །སྩོལ་ཞེས་བྱ་བ་ནི་དངོས་གྲུབ་དེ་སྟེར་བས་ན་དངོས་གྲུབ་རབ་སྩོལ་ཞེས་བྱའོ། །གསུངས་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་དོན་གྲུབ་པའི་ཕྱིར་ཞེས་གསོལ་བ་འདེབས་པ་ཡིན་ནོ། །
བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པ་སྟེ་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དཀྱིལ་འཁོར་ཆེན་པོ་བཀའ་སྩལ་ཏོ། །ཞེས་བྱ་བར་སྦྱར་
Vol. 60 · folio 16a
རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། དོན་ཡོད་ཅིང་ཐོགས་པ་མེད་པར་བསྟན་པ་ཞེས་བྱ་བ་གསུངས་ཏེ། བསྟན་པ་སྟེ་བཀའ་དོན་ཡོད་ཅིང་འབྲས་བུ་དང་བཅས་ལ་ཐོགས་པ་མེད་པ་འདི་ལ་མངའ་བས་ན་བསྟན་པ་དོན་ཡོད་ཅིང་ཐོགས་པ་མེད་པ་ཞེས་བྱའོ། །ཅི་
ཞིག་མཛད་ནས་ཤེ་ན་བདེ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་བདེ་བ་ཐམས་ཅད་དེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་འདུལ་བ་སྟེ། གང་གི་ཕྱིར་འདིས་འདུལ་
ཞིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་ཐམས་ཅད་གྲུབ་པ་ཐོབ་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །རྡོ་རྗེ་འདོད་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱའི་ངོ་བོ་ཉིད་དོ། །དེའི་མཆོག་ནི་ཆོས་ཀྱི་དབྱིངས་ཏེ། དེ་ལས་བྱུང་བ་ནི་རྡོ་རྗེ་ལས་མཆོག་འདུལ་བར་
རྣམ་པར་གནོན་པ་ཞེས་བྱ་སྟེ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ངོ་བོ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱ་བ་སྟེ་དེ་མཛད་པའོ། །འདི་ཞེས་བྱ་བ་ནི་འོག་ནས་བཤད་པའི་ཤུགས་ལ་གནས་པའོ། །རྡོ་རྗེ་ཆེན་པོ་གསང་བའི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་
ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་སོ། །དེའི་གསང་བའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྐུ་ཐམས་ཅད་དེ་དེ་ལས་བྱུང་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའོ། །དམ་ཚིག་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་
བཀའ་སྩལ་པ་ནི་གསུངས་པའོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ཏིང་ངེ་འཛིན་གསུམ་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཕྱིར་ཞེས་བྱ་བའི་རྒྱུ་སྟེ་གང་གི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་མེད་པར་སེམས་ཅན་རྣམས་སྣོད་དང་ལྡན་པར་མི་འགྱུར་ཞིང་། རྡོ་རྗེ་
སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ལ་སོགས་པ་མི་འགྲུབ་པ་དེ་བས་ན་ཡང་དག་པར་བཤད་པར་བྱ་ཞེས་བྱ་བ་སྟེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པ་ཞེས་བྱའོ། །དེ་ཅི་ཞིག་ཅེ་ན། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་
Vol. 60 · folio 16b
ཆེན་པོའོ། །དམ་པ་ནི་མཆོག་གོ། །མིང་ཇི་སྐད་ཅེས་བྱ་ཞེ་ན་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ཆེན་པོ་ནི་བཤད་ཟིན་ཏོ། །དེའི་རྡོ་རྗེ་མཆོག་ནི་རྡོ་རྗེ་སེམས་དཔའི་སྐུ་ཐམས་ཅད་དོ། །དེ་ལས་བྱུང་བ་ནི་དམ་ཚིག་མཆོག་སྟེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་
འཁོར་ཆེན་པོའོ། །ཇི་ལྟར་བྲི་ཞེ་ན་ལེགས་སྦྱངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ས་སྦྱངས་པ་དང་ཡོངས་སུ་གཟུང་བའི་ཆོ་ག་དག་གིས་དཀྱིལ་འཁོར་གྱི་གནས་ལེགས་པར་སྦྱངས་ལ། དཀྱིལ་འཁོར་གྱི་ས་དེའི་དབུས་སུ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །དེ་
ཡང་སྔོན་དུ་བསྙེན་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ། དཀྱིལ་འཁོར་གྱི་སའི་དབུས་སུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་མཉམ་པར་བཞག་ལ་དཀྱིལ་འཁོར་ཆེན་པོ་འདི་བསྒྲུབ་པར་བྱའོ། །སར་པ་ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་དུ་མ་སྤྱད་པའམ། གཞན་དུ་
སྤྱད་མ་མྱོང་བའོ། །ལེགས་པར་བསྒྲིལ་བ་ཞེས་བྱ་བ་ནི་དྲི་ཞིམ་པོས་བསྒོས་པའི་གསེར་གྱི་སྣོད་ལ་སོགས་པར་གཞག་པས་སོ། །མདུད་པ་རྣམས་ནི་མེད་འགྱུར་བ། །ཞེས་བྱ་བ་ནི་གོ་སླའོ། །སྲད་བུ་ཁ་བསྒྱུར་བས་ཞེས་བྱ་བ་ནི་རྒྱ་སྐྱེགས་དང་ལྗང་བ་དང་། སྔོ་བ་དང་། སེར་
པོ་དང་། དཀར་པོའི་ཁ་དོག་ཚོན་སྣ་ལྔས་ཁ་བསྒྱུར་བའི་སྲད་བུ་ཁ་དོག་ལྔ་དང་ལྡན་པ་ནི་ཐིག་སྐུད་ཁ་བསྒྱུར་བའོ། །དེ་ལྟ་བུའི་ཚོན་སྐུད་ཀྱིས་ལེགས་པར་ཐིག་གདབ་པ་ནི་དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོས་ཁ་བསྒྱུར་བའི་སྲད་བུས་དེ་ལེགས་
པར་ཐིག་བཏབ་ལ། དཀྱིལ་འཁོར་ལེགས་པར་བྲི་བར་བྱའོ། །ཟུར་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཁ་ཁྱེར་གྱིས་ནི་རབ་བསྐོར་བ། །ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ཕྱི་རོལ་ཀུན་ནས་བསྐོར་ཕྱོགས་སུ་ཁ་ཁྱེར་གྱིས་བསྐོར་བ་སྟེ། དེས་ལེགས་
པར་བསྐོར་ཅིང་ཡོངས་སུ་འཁོར་བའོ། །ལྷ་མོ་རྣམས་ཀྱིས་ཉེ་བར་བསྐུལ། །ཞེས་བྱ་བ་ནི་ཁྱམས་ཀྱི་གྲྭ་མཚམས་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱི་རང་བཞིན་ཅན་གྱི་ལྷ་མོ་རྣམས་ཀྱིས་རབ་ཏུ་སད་ཅིང་ཉེ་བར་བསྐུལ་བར་བྱས་པའོ། །དོན་
Vol. 60 · folio 17a
འདི་ཉིད་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། ཡང་ཞེས་བྱ་བ་ནི་བསྡུ་བ་དང་རིམ་པ་ཐ་དད་དུ་དབྱེ་བའོ། །དཀྱིལ་འཁོར་གྱི་ནི་གྲྭ་དང་ནི། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །ཞེས་བྱ་བ་ལ། དེ་ལ་དཀྱིལ་འཁོར་གྱི་མཚམས་ནི་རི་མོ་གཉིས་ཕྲད་པའོ། །སྒོ་
རྣམས་ཀྱི་སྒོ་ཁྱུད་ནི་སྒོ་ཁྱུད་རྣམས་ཏེ་རི་མོ་དོད་པའོ། །དེ་རྣམས་ཀྱི་མཚམས་ནི་རི་མོ་གཉིས་སུ་འདུས་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་གྲྭ་དང་། སྒོ་རྣམས་ཀྱི་མཚམས་སོ། །དེ་རྣམས་སུ་ཟླ་བ་ཕྱེད་པ་ལ་གནས་པའི་རིན་པོ་ཆེ་དེ་གང་ཡིན་པ་དེ་ནི་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་
རིན་པོ་ཆེའོ། །དེ་རྣམས་ཀྱི་འོད་ནི་འོད་ཟེར་ཏེ་དེས་ཉེ་བར་འབར་བ་བྲི་བར་བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་གྱི་གྲྭ་རྣམས་དང་། སྒོ་ཁྱུད་ཀྱི་ནི་མཚམས་སུ་ཞེས་བཤད་པ་གང་ཡིན་པ་དེ་དག་ཏུ་རྡོ་རྗེ་རིན་པོ་ཆེའི་གཟུགས་བྲི་བར་བྱའོ། །རླུང་གིས་བསྐྱོད་པའི་རྩེ་མོ་
མཆོག །བ་དན་དྲིལ་བུ་སྒྲ་སྒྲོགས་པ། །དྲ་བ་མེ་ལོང་མེ་ཏོག་ཕྲེང་། །ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ། །མེ་ཏོག་ཆུན་འཕྱང་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི་རླུང་གིས་བསྐྱོད་པའི་དྲིལ་བུ་དང་བཅས་པའི་བ་དན་སྣ་ཚོགས་ཏེ། དེས་སྣ་ཚོགས་ཤིང་ཁ་དོག་དུ་མ་དང་ལྡན་པ་དེས་ཉེ་བར་
མཛེས་པར་བྱས་པའོ། །དེ་བཞིན་དུ་མེ་ལོང་དང་དྲ་བ་དང་མེ་ཏོག་གི་ཆུན་འཕྱང་གིས་ཀྱང་བརྒྱན་པར་ཕྱིའི་དཀྱིལ་འཁོར་བྲི་བར་བྱ་སྟེ། མེ་ལོང་དང་དྲ་བ་དང་མེ་ཏོག་གི་ཆུན་འཕྱང་གང་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་ཀྱིས་བརྒྱན་ཅིང་མཛེས་པར་བྱས་པ་ཕྱིའི་དཀྱིལ་
འཁོར་དེ་ལྟ་བུར་བྲི་བར་བྱའོ། །དེའི་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱིའོ། །ནང་དུ་ཞེས་བྱ་བ་ནི་ནང་ན་སྟེ་དབུས་སུ་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་ལོ་ནི་དཀྱིལ་འཁོར་རོ། །ཇི་ལྟ་བུ་ཞེ་ན། དཀྱིལ་འཁོར་བརྒྱད་པ་དང་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུམ་བུ་དང་པོ་ལས་བཤད་
པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན་དུ་ཤེས་པར་བྱའོ། །དེའི་ནང་ནི་དཀྱིལ་འཁོར་གྱི་དབུས་ཏེ་ལྟེ་བར་ཅི་རིགས་པར་བར་སྣང་གི་ཕྱོགས་ནས་ཕབ་སྟེ་ས་མ་ཡ་སྟྭཾ་ཞེས་བྱ་བ་དང་། རང་གི་སྙིང་པོ་བརྗོད་ལ་རང་གི་གནས་སུ་གཞག་པར་བྱའོ། །སངས་རྒྱས་ཀྱི་ཕྲེང་
Vol. 60 · folio 17b
བ་དང་། རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེའི་ཕྲེང་བ་དང་ལྡན་པའི་ཅོད་པན་དང་། རྣ་ཆ་ལ་སོགས་པས་ཀྱང་བརྒྱན་ཅིང་སྤྲས་པ་དང་། དྲི་དང་ཚོན་དང་གུར་ཀུམ་ལ་སོགས་པས་ཀྱང་ཀུན་དུ་གཏོར་བར་བྱའོ། །ཚོན་གྱིས་ཞེས་བྱ་བ་ནི་དྲི་ཞིམ་པོའི་པིར་དང་བཅས་པའོ། །ལྷག་མ་ནི་གོ་
སླའོ། །དེ་བཞིན་དུ་ལྷ་མོའི་དཀྱིལ་འཁོར་ནི་ཁྱམས་སུ་དགོད་པར་བྱའོ་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་འདིར་མདུན་དུ་ནི་རྡོ་རྗེ་མཚོན་ཆ་སྐུ་མདོག་དམར་པོ་མཚོན་ཆའི་ཐབས་ལ་བརྩོན་པའོ། །རྡོ་རྗེ་ཡིད་ལས་བྱུང་བ་དགོད་དོ་ཞེས་བྱ་བ་ལ་སོགས་པས་ནི་དགོད་པའི་ཆོ་ག་
གསུངས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་དུ་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ། ཨོཾ་བཛྲ་དྲྀཥྚི་ས་ཡ་ཀེ་མ་ཊ་ཞེས་བྱ་བས། བུད་མེད་དུ་གྲགས་པ་རྣམས་དགོད་པར་བྱའོ། །གཡས་ལོགས་སུ་ནི་རྡོ་རྗེ་ཀི་ལི་ཀི་ལ་
ཧཱུཾ་བཛྲ་ཀི་ལི་ཀི་ལ་ཧཱུཾ་ཞེས་བྱ་བ་དགོད་དོ། །རྒྱབ་ཏུ་ནི་རྡོ་རྗེ་དྲན་པ་ཧཱུཾ་སྨ་ར་བཛྲ་ཧཱུཾ་ཞེས་བྱ་བས་སོ། །གཡོན་ལོགས་སུ་ནི་རྡོ་རྗེ་བསྙེམས་མ་ཧཱུཾ་ཏུ་དྷྱ་བཛྲ་ཎི་ཧཱུཾ་ཞེས་བྱ་བས་སོ། །དེ་བཞིན་དུ་རྡོ་རྗེ་སྦྲང་རྩི་མ་ལ་སོགས་པ་ནས་གར་མའི་བར་གྱི་མཆོད་པའི་ལྷ་མོ་རྣམས་རང་རང་གི་སྙིང་པོས་དགོད་པར་བྱས་ལ་
རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་ཡང་ལྷ་མོར་གྲགས་པ་དགོད་པར་བྱའོ། །དེ་ནས་ཛཿབཛྲ་ཨཾ་ཀུ་ཤ །ཧཱུཾ་བཛྲ་པཱ་ཤ །བཾ་བཛྲ་སྥོ་ཊ། ཨ་བཛྲ་གཎྚེ་ཞེས་བྱ་བར་དགོངས་པར་རྟོགས་པར་བྱའོ་ཞེས་བྱ་བ་ནི་བར་སྣང་གི་ཕྱོགས་ལས་ཕབ་སྟེ། བྲིས་པ་དང་བླུགས་པ་ལ་སོགས་པའི་ནང་
དུ་བཅུག་ལ་ཡེ་ཤེས་སེམས་དཔའ་དང་། རང་བཞིན་གཅིག་ཏུ་གྱུར་པས་ལྷ་ཐམས་ཅད་བཞུགས་པར་མཛད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་བྲིས་པའི་རྗེས་ཐོགས་ཉིད་ལ། བུམ་པ་གང་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱིས་ཡང་
དག་པར་མཆོད་ལ། དར་དང་དྲིལ་བུ་ལ་སོགས་པ་དང་བཅས་པར་དཀྱིལ་འཁོར་གྱི་གྲྭ་བཞིའི་གནས་སུ་གཞག་པར་བྱའོ། །ལྷག་མ་ནི་གོ་བར་ཟད་དོ། །དེ་ནས་རང་གི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དཀྱིལ་འཁོར་བྲིས་ནས་སྒོ་ཕྱེ་ལ་བསྡུ་བ་བྱས་ནས་མཚན་བརྒྱ་རྩ་བརྒྱད་པས་
Vol. 60 · folio 18a
ཡང་དག་པར་བསྟོད་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཡས་པའི་རྡོ་རྗེ་ལྕགས་ཀྱུས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་བཅུག་ལ་མཆོད་ཡོན་ཕུལ་ནས། དེའི་རྗེས་ཐོགས་
ཉིད་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པས་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་བརྗོད་ལ། དགུག་ཅིང་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ཇི་སྐད་དུ་བཤད་པའི་ལྕགས་ཀྱུས་དགུག་
པ་དང་། དཀྱིལ་འཁོར་དུ་གཞུག་པ་དང་། རང་གི་གནས་རྣམས་སུ་དམ་ཚིག་གི་ལྕགས་སྒྲོག་གིས་བཅིངས་ནས། དེའི་འོག་ཏུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དབང་དུ་འགྱུར་བས་དེ་ཁོ་ན་བཞིན་དུ་དབང་དུ་བྱའོ་ཞེས་བྱ་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོར་མཉམ་གཞག་སྟེ། །ཞེས་བྱ་བ་
ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་པའོ། །དེ་བཞིན་གཡས་མཛུབ་ལྕགས་ཀྱུར་བྱ། །ཞེས་བྱ་བ་ནི། གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་ལ་དེ་བཞིན་ཞེས་བྱ་བ་རྣམ་པ་འདིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་
དག་ནི་དགུག་པའོ། །ལྷན་ཅིག་མཆོག་ཏུ་འགུགས་པར་བྱེད། །ཅེས་བྱ་བ་ནི། དེ་བཞིན་དུ་ཕྱག་རྒྱ་ཆེན་པོའི་ལྕགས་ཀྱུ་བཅིངས་པའི་རྗེས་ཐོགས་ཉིད་འོག་ནས་བཤད་པའི། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་གྲུབ་པའི་སྙིང་པོ་ལན་ཅིག་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་
རྡོ་རྗེ་ཅན་རྡོ་རྗེ་སེམས་དཔའ་རང་ཉིད་དཀྱིལ་འཁོར་དུ་བྱོན་པར་གྱུར་པ་ནི་བྲིས་པའི་དཀྱིལ་འཁོར་དུ་བྱོན་ནས། གནས་ཇི་ལྟ་བ་བཞིན་དུ་ཞུགས་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་རང་ཉིད་གཟིགས་པར་འགྱུར་རོ་ཞེས་བྱ་བ་ནི་ཡང་ན་རྣལ་འབྱོར་པ་རང་ཉིད་རྡོ་རྗེ་སེམས་
དཔར་གྱུར་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་ཉིད་ཀྱིས་མཐོང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བཅོམ་ལྡན་འདས་དཀྱིལ་འཁོར་དུ་བཅུག་ནས། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྒྲུབས་ལ། ཆོས་དང་ལས་དང་ཕྱག་
Vol. 60 · folio 18b
རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། དེའི་རྗེས་ལ་འཇུག་པའི་ཆོ་གས་བདག་ཉིད་འཇུག་པར་བྱའོ། །དེ་ལྟར་ཆོ་ག་ཐམས་ཅད་བྱས་པས་རང་ཉིད་ཞུགས་པའི་བསམ་གཏན་གྱི་སློབ་དཔོན་ནམ། དཀྱིལ་འཁོར་གཞན་དུ་དཀྱིལ་འཁོར་གྱི་སློབ་
དཔོན་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཡང་ཞེས་བྱ་བའི་སྒྲས་ནི་གཞན་དག་ནི་མི་གཞུག་གོ་ཞེས་སྟོན་ཏོ། །རྡོ་རྗེ་འཛིན་ཀུན་སློབ་དཔོན་ནི། །ཞེས་བྱ་བ་ལ་རྡོ་རྗེ་འཛིན་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་རྡོ་རྗེ་འཛིན་པ་ཀུན་ཏེ། རིགས་ཐམས་ཅད་ཀྱི་རང་བཞིན་གྱི་སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་ནི་རྡོ་རྗེ་འཛིན་ཀུན་སློབ་དཔོན་ནོ། །ཕྱག་རྒྱ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི། ཕྱག་རྒྱ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ཕྱག་རྒྱ་ཀུན་ཏེ། རིགས་ཐམས་ཅད་ཀྱི་མཚན་མའི་ཕྱག་རྒྱ་སྟེ་དེ་རྣམས་ཀྱིས་གྲུབ་པའོ། །
དམ་ཚིག་ཀུན་མཁྱེན་པ་ཞེས་བྱ་བ་ལ་དམ་ཚིག་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན་དམ་ཚིག་ཀུན་ཏེ་རིགས་ཐམས་ཅད་ཀྱི་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་མཁྱེན་པས་ན་དམ་ཚིག་ཐམས་ཅད་མཁྱེན་པའོ། །ལས་ཐམས་ཅད་ནུས་པ་ཞེས་བྱ་བ་ལ་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་
འཁོར་ནི་ལས་ཐམས་ཅད་དེ། དེ་རྣམས་བྱེད་པར་ནུས་པ་ལས་ཐམས་ཅད་ནུས་པ་སྟེ། བཅོམ་ལྡན་འདས་ཀྱིས་ལས་ཐམས་ཅད་ནུས་པར་བྱིན་གྱིས་རློབ་པར་མཛད་དོ་ཞེས་རེ་རེ་ཞིང་སྦྱར་བར་བྱའོ། །ཆོ་ག་ཇི་ཙམ་གྱིས་ཞུགས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ལྟར་བྱིན་གྱིས་རློབ་
པར་མཛད་ཅེ་ན་འདི་ཡིས་ཞེས་བྱ་བ་གསུངས་ཏེ་རྗེས་ཐོགས་ལ་འཆད་པར་འགྱུར་བའི་འཇུག་པའི་ཆོ་ག་འདིས་ཞེས་བྱ་བའི་དོན་ཏོ། །ད་ནི་ཆོ་ག་དེ་བསྟན་པའི་ཕྱིར་རང་ཉིད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་སློབ་དཔོན་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་པའི་སློབ་དཔོན་
ནི་རྡོ་རྗེ་སློབ་དཔོན་ནོ། །ཇི་སྙེད་པའི་དྲིས་བྱུགས་ཤིང་བསྒོས་ལ་ཞེས་བྱ་བ་ལ། ཇི་ཙམ་སྙེད་པར་གྱུར་པའི་དྲིས་ལུས་ལ་ཉེ་བར་བྱུགས་ཤིང་བསྐུས་པ་ཡིན་པས་དེ་སྐད་ཅེས་བྱའོ། །རྒྱན་དང་བཅས་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་རྗེས་སུ་མཐུན་པའི་རྒྱན་རྣམས་ཀྱིས་བརྒྱན་
Vol. 60 · folio 19a
པར་བྱས་པའོ། །ལུས་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི་རྒྱན་དང་བཅས་པའི་མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་སྤུད་པའོ། །གོས་དམར་པོས་ཞེས་བྱ་བ་ལ་སོགས་པ་ལ་གོས་དམར་པོ་གཅིག་གིས་སྨད་གཡོགས་བྱས་ལ་གཉིས་པས་སྟོད་གཡོགས་བྱས་ནས། རང་
ཉིད་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་པས་རང་ཉིད་འཇུག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་དང་ལྷན་ཅིག་པས་ན་རྡོ་རྗེ་དང་བཅས་པའོ། །རྡོ་རྗེ་བསྙེམས་མ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། རྡོ་རྗེ་བསྙེམས་མའི་རྣལ་འབྱོར་དང་ལྡན་པའི། །བསྒྲུབ་པར་བྱ་བའི་བུ་མོའོ། །རྡོ་རྗེ་དང་
བཅས་པ་ཡང་ཡིན་ལ་རྡོ་རྗེ་བསྙེམས་མ་ཡང་ཡིན་པས་ན་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་མ་དེ་དང་ལྷན་ཅིག་བདག་ཉིད་འཇུག་པར་བྱའོ། །འདི་སྐད་སྟོན་ཏེ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒྲུབ་པར་བྱ་བ་རྡོ་རྗེ་བསྙེམས་མའི་རྣལ་འབྱོར་དང་ལྡན་པའི་སྔོན་དུ་སྤྱད་
པ་བྱས་ལ་རྗེས་སུ་གནང་བ་ཐོབ་པ་དང་། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དང་ལྡན་པས། བུ་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལག་པ་གཡས་པས་གཟུང་བའི་ཚུལ་གྱིས་བླངས་ལ་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པར་བྱའོ། །བཅོམ་ལྡན་འདས་ལ་མངོན་པར་བསྟོད་
ཅིང་ཞེས་བྱ་བ་ནི་དྲུག་ལྡན་ལ་སོགས་པའི་གླུས་རྡོ་རྗེའི་གླུ་ལེན་ཅིང་འཇུག་པར་བྱའོ། །འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་དམ་ཚིག་ཡིན་པར་བཤད། །ཅེས་གསུངས་པས་འདོད་ཆགས་ནི་རྡོ་རྗེ་སེམས་དཔའོ། །སོགས་པའི་སྒྲས་ནི་རྡོ་རྗེ་ཡིད་ལས་བྱུང་བ་
ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་བར་དུ་གཟུང་ངོ་། །འདོད་ཆགས་ལ་སོགས་པ་གང་ཡིན་པ་དེ་ནི་འདོད་ཆགས་ལ་སོགས་པ་སྟེ་དེ་ཉིད་ནི་བདེ་བ་ཡང་ཡིན་ལས་ཐམས་ཅད་ཀྱང་ཡིན་པས་ན་བདེ་བ་ཐམས་ཅད་དོ། །དེས་གང་གི་ཡིད་མཛེས་པར་གྱུར་པ་དེ་ནི་འདོད་ཆགས་ལ་སོགས་
པས་བདེ་བ་ཡིད་དེ། དེ་བཞིན་གཤེགས་པ་རྣམས་སོ། །ཁྱེད་ནི་དེ་རྣམས་བསྡུས་པ་སྟེ་ཡང་དག་པར་བསྡུས་པས་ན་བསྡུས་པ་ཡིན་ཏེ། དེ་རྣམས་ཀྱིས་ཉེ་བར་བླངས་ཤིང་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་ཁྱེད་ནི་
Vol. 60 · folio 19b
དེ་རྣམས་ཀྱིས་སྐྱེས་བུའི་དོན་གྲུབ་པར་བྱ་བའི་ཕྱིར་ཉེ་བར་བླངས་པ་ཡིན་པ་དེའི་ཕྱིར། ཁྱེད་བདག་ལ་བདེ་བ་སྩོལ་བར་མཛོད་ཅིག་ཅེས་བྱ་བ་ནི། ཇི་ལྟར་ཁྱེད་སངས་རྒྱས་རྣམས་ཀྱིས་བསྡུས་པར་གྱུར་པའི་ཚུལ་གྱིས་སྐྱེས་བུའི་དོན་གྲུབ་པར་སྩོལ་བ་དེ་བཞིན་དུ་བདག་ལའང་བསྡུས་
པའི་ཚུལ་གྱིས་སྐྱེས་བུའི་དོན་གྲུབ་པའི་དངོས་གྲུབ་སྩོལ་བར་མཛོད་ཅིག་ཅེས་སློབ་དཔོན་ལ་གསོལ་བ་འདེབས་པའོ། །རྡོ་རྗེ་སེམས་དཔའ་དགོངས་པར་མཛོད་ཅིག་ཅེས་བྱ་བ་ནི་བདེ་བ་སྩོལ་བ་ཉིད་དགོངས་ཤིང་མངོན་སུམ་དུ་མཛོད་ཅིག་པའོ། །བདག་ལ་བརྟན་པར་མཛོད་ཅིག་ཅེས་
བྱ་བ་ནི། བདག་ལ་བདེ་བ་སྩོལ་བ་མི་ཕྱེད་པར་མཛོད་ཅིག་ཅེས་པའོ། །མྱུར་དུ་ཞེས་བྱ་བ་ནི་རིངས་པར་རོ། །བདག་ལ་དགྱེས་པར་མཛོད་ཅིག་ཅེས་བྱ་བའི་མངོན་སུམ་དུ་ཕྱོགས་ཤིང་གྲུབ་པར་མཛོད་ཅིག་པའོ། །ཡོངས་སུ་མཉེས་པར་མཛད་པ་དང་ཞེས་བྱ་བ་ལ་ཙའི་སྒྲ་ནི་བསྡུ་
བའོ། །བདེ་བ་རྣམས་ཀྱི་མཆོག་ཡིན་པས་ན་བདེ་མཆོག་གོ། །མཆོག་ཉིད་ཡིན་པས་ན་བདེ་མཆོག་གོ། །ཕྱག་འཚལ་ལོ་ཞེས་བྱ་བ་ནི་རབ་ཏུ་འདུད་པའི་ཚིག་གིས་རང་གི་དབང་བསྐུར་བ་བདག་ལ་སྩོལ་ཅིག་ཅེས་སྟོན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་
ནས་འཇུག་པའི་རྗེས་ཐོགས་ལ་བཅོམ་ལྡན་འདས་རང་རང་གི་ངོ་བོས་བཅོམ་ལྡན་འདས་མངོན་དུ་བྱས་ལ་དྲན་པར་བྱའོ། །ཐོག་མ་དང་ཐ་མ་མེད་པའི་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སེམས་དཔའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྟོག་
པ་དང་བྲལ་བའི་ཕྱིར་མི་ཕྱེད་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་ཐར་པའོ། །ཀུན་དུ་བཟང་པོ་ཁྱོད་ཅེས་བྱ་བ་ནི་ཁྱེད་ལས་ཀུན་དུ་བཟང་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱེད་ནི་ཀུན་དུ་བཟང་པོ་སྟེ། །ཞེས་བྱ་བ་ནི་ཀུན་དུ་བཟང་པོ་ཡིན་
ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ལྷ་མོ་རྡོ་རྗེ་བསྙེམས་མའི་ཕྱག་རྒྱ་ཆེན་པོའོ། །དེའི་བདག་པོ་ཡིན་པས་ན་རྡོ་རྗེ་བསྙེམས་མའི་བདག་པོའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཆེན་པོའི་དབང་གིས་རྡོ་རྗེ་བསྙེམས་མ་རྒྱུན་མི་འཆད་པར་འབྱུང་བས་དེའི་
Vol. 60 · folio 20a
ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནི་རྡོ་རྗེ་སེམས་དཔའ་ཡིན་པས་རྡོ་རྗེ་བསྙེམས་མའི་བདག་པོའོ། །དེ་ཡང་སེམས་ནི་བཅོམ་ལྡན་འདས་དེ་འདོད་ཆགས་ཆེན་པོ་ནི་དེའི་ལྷ་མོའི་ཞེས་བཤད་པ་ཡིན་ནོ། །ཁམས་གསུམ་གྱི་དབང་ཕྱུག་ཡིན་པ་དང་རིགས་ཐམས་ཅད་
ཀྱི་གཙོ་བོ་ཡིན་པས་ན་ཁྱབ་བདག་གོ། །སེམས་ཞེས་བྱ་བ་ནི་དགེ་བའི་ཁམས་རྣམས་ཀྱིས་བསགས་པས་ན་སེམས་སོ། །དེ་ཡང་ཇི་ལྟར་ན་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཡིན་ཞེ་ན། བསམ་མི་ཁྱབ་ཅིང་རྒྱ་ཆེར་ཟབ། །མི་འགྱུར་བདེ་བ་ཀུན་གྲུབ་པ། །ཀུན་དུ་ཁྱབ་
ཅིང་དྲི་མ་མེད། །བྱང་ཆུབ་སེམས་ནི་ཆེ་ཞིང་བརྟན། །ཞེས་གསུངས་པས། སེམས་དཔའ་ཞེས་བྱ་བ་ནི་སེམས་དེ་ཉིད་དེ། དེ་བཞིན་ཉིད་ཀྱི་རྡོ་རྗེ་དང་གཅིག་ཏུ་གྱུར་པར་བསྒོམས་པའི་མཐུས། རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་པས་ན་སེམས་དཔའ་སྟེ།
སེམས་ཅན་ཀུན་གྱི་སེམས་གང་ཡིན། །བརྟན་པའི་ཕྱིར་ན་སེམས་དཔར་བཤད། །ཅེས་གསུངས་པའི་ཕྱིར་རོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་མི་གཡོ་བའི་སེམས་རྩེ་གཅིག་པོ་དེ་ཉིད་དང་ལྡན་པས་ཏིང་ངེ་འཛིན་ལས་མཉམ་པར་འཇོག་པའི་ཕྱིར་ཏིང་ངེ་འཛིན་ཞེས་བཤད་དོ། །རྡོ་རྗེ་ཞེས་
བྱ་བ་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གྱི་སེམས་ཏེ་དེ་ཉིད་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རིམ་གྱིས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་གྱུར་པ་ནི་རྡོ་རྗེ་ཞེས་བཤད་དེ། ངེས་པའི་ཕྱིར་ན་རྡོ་རྗེར་གྱུར། །ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་རྡོ་རྗེ་འཛིན་ཞེས་
བྱ་བ་ནི་རྡོ་རྗེར་གྱུར་པའི་རྡོ་རྗེ་སེམས་དཔའི་ཐུགས་དེ་ཉིད་བསྒོམས་པའི་སྟོབས་ཀྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གང་གི་ཚེ་གྱུར་པ་དེའི་ཚེ་རྡོ་རྗེ་འཆང་བ་ཆེན་པོ་ཡིན་ཏེ། སེམས་དཔར་བྱིན་རླབས་སྦྱོར་བ་ཡིན། །སླར་ཡང་རྡོ་རྗེ་སེམས་དཔར་གྱུར། །ཞེས་གསུངས་
པའི་ཕྱིར་རོ། །ཀུན་མཆོག་ཅེས་བྱ་བ་ལ་ཀུན་གྱི་མཆོག་ནི་ཆོས་ཀྱི་དབྱིངས་ཏེ་དེ་ལས་བྱུང་བའོ། །ཀུན་མཆོག་དམ་ཚིག་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་གྱི་དམ་ཚིག་སྟེ་ཕྱག་རྒྱ་འདི་དམ་ཚིག་ཅེས་བསྒྲགས་སོ་ཞེས་གསུངས་པའི་ཕྱིར་རོ། །དངོས་
Vol. 60 · folio 20b
གྲུབ་ཅེས་བྱ་བ་ནི་རང་བཞིན་གྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོར་གྲུབ་ཅིང་བྱུང་བའོ། །རྡོ་རྗེ་སེམས་དཔའ་དེང་གྲུབ་མཛོད། །ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཡང་ཡིན་ལ་དེ་ཡང་ཡིན་པས་ན་རྡོ་རྗེ་སེམས་དཔའ་དེང་སྟེ་བདག་དེ་གྲུབ་པར་གྱུར་ཅིག་ཅེས་སློབ་དཔོན་ལ་གསོལ་བ་འདེབས་
པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་སློབ་དཔོན་གྱིས་དྲན་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དགྱེས་པར་གྱུར་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་དེ་དགྱིས་པས་སློབ་དཔོན་ལ་ཉིད་ཀྱི་ཡོན་ཏན་བསྐྱེད་པས་བྱིན་གྱིས་བརླབས་
པ་མཛད་དོ། །དེ་ནས་བྱིན་གྱིས་བརླབས་པ་དེས་སྔོན་ཆད་མ་མྱོང་ཞིང་སྔར་མ་བྱུང་བའི་སློབ་དཔོན་དང་གཟུངས་མ་རྡོ་རྗེ་བསྙེམས་མ་གཉི་ག་ལ་ཞུགས་པས་རང་རིག་པའི་བདེ་བ་ཉམས་སུ་མྱོང་ཞིང་སྐྱེ་བར་འགྱུར་རོ། །བདེ་བ་དེས་ཀྱང་ཕྲ་མོ་འབབ་པར་གྱུར་པ་དང་། བྱང་ཆུབ་ཀྱི་
སེམས་རྟོགས་ཤིང་ཐབས་ཤེས་པར་ཡང་འགྱུར་རོ། །དེ་ནས་བདག་ལ་བཅོམ་ལྡན་འདས་གྲུབ་པར་གྱུར་ཏོ་ཞེས་ཤེས་པར་བྱའོ། །བདེ་བ་ཕྲ་མོ་འབབ་ཅིང་སྐྱེད་པ་དེས་བདག་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གྲུབ་པར་གྱུར་ཏེ་ཞེས་དེ་ལྟར་ཤེས་ཤིང་ངེས་པར་བརྟག་པར་
བྱའོ། །དེ་ནས་དེ་བཞིན་དུ་འདུག་ལ་ཅི་འདོད་པར་ནི་བཟླས་བརྗོད་བྱའོ། །ཞེས་བྱ་བ་ནི་ཕྱག་རྒྱ་གང་ཞིག་བཅིངས་པ་ཉིད་དང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། ཇི་སྲིད་མཚན་མ་བྱུང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ། །དོན་འདི་ཉིད་བསྟན་པ་ནི་དེ་ནས་
དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་འཇུག་པའི་ཕྱག་རྒྱ་ཇི་ལྟར་བཅིངས་པ་ཉིད་དང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ་བཟླས་བརྗོད་དཔག་ཏུ་མེད་པ་བྱེད་ཅིང་འདུག་པ་ནི་དེ་བཞིན་དུ་འཇུག་པ་ཞེས་བྱའོ། །རང་གི་བསོད་ནམས་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་
བ་ནི་རང་གི་བསོད་ནམས་དང་རྗེས་སུ་མཐུན་པའི་སྟོབས་ཀྱིས་མཁས་པ་རྣམས་ཡིད་ལ་འདོད་པའི་དངོས་གྲུབ་རྣམས་འཐོབ་པར་གྱུར་པའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་དེ་ནས་བཟུང་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་སྒྲུབ་པར་འགྱུར་ཞིང་
Vol. 60 · folio 21a
བཟླས་པ་ཙམ་གྱིས་རང་ཉིད་དབང་དུ་འགྱུར་རོ། །རང་དབང་ཉིད་དུ་གྱུར་པའི་སྟོབས་ཉིད་ཀྱིས་དེ་མཐོང་བར་འགྱུར་རོ། །དེ་ནས་དེ་མཐོང་བས་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་དེ་ལ་སྩོལ་བར་མཛད་དོ། །འདིའི་རིགས་ཐམས་ཅད་ཀྱི་མཚན་མའི་
ཕྱག་རྒྱ་ཡང་བདག་རང་ཉིད་ཀྱིས་བཅིངས་ནས་ལས་ཐམས་ཅད་ལ་མཚན་མའི་ཕྱག་རྒྱ་ཐམས་ཅད་ཀྱིས་ལས་རྣམས་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་བརྟན་པར་འགྱུར་ཞིང་རང་གི་དངོས་གྲུབ་སྩོལ་བའི་ཕྱིར་མི་ཕྱེད་པར་འགྱུར་བ་དང་།
ལས་ཐམས་ཅད་དེ་རིགས་ཀྱི་ལས་ཐམས་ཅད་དཀྱིལ་འཁོར་གྱི་ཚུལ་དུ་བསམས་པ་ཙམ་གྱིས་བྱེད་པ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ལས་ཀྱང་བྱེད་པའོ། །བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཀྱི་སྒྲ་
ནི་ཕྱོགས་གཞན་སྟོན་པར་བྱེད་པ་ཡིན་ཏེ། དེ་ནས་བཤད་མ་ཐག་པའི་ཆོ་གས་བདག་ཉིད་ཀྱི་དོན་དུ་དཀྱིལ་འཁོར་བརྟག་པར་བྱ་བ་མ་ཡིན་མོད་ཀྱི་འོན་ཀྱང་སེམས་ཅན་ཐམས་ཅད་གཞུག་པའི་དོན་དུ་དཀྱིལ་འཁོར་བྲིས་ལ་དེ་ནས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ཏེ་རྡོ་རྗེ་སེམས་དཔའི་རྒྱན་
གྱིས་བརྒྱན་ནས། རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་འོག་ནས་བཤད་པ་བཅིངས་ལ་དེ་ནས་མེ་ཏོག་གི་ཕྲེང་བ་བླངས་ལ་སྔར་བཤད་པའི་གླུ་ལེན་ཅིང་འཇུག་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་དྲན་པར་བྱའོ། །དགུག་པར་བྱ་སྟེ་ཞེས་བྱ་བ་ནི་ཆོ་ག་ཐམས་ཅད་རྗེས་སུ་
སྤྱད་ལ་བསྡུ་བ་ཇི་ལྟ་བ་བཞིན་དུ་བྱས་ནས། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དོ། །རབ་ཏུ་བདེ་བའི་རྡོ་རྗེ་དམ་ཚིག་
གི་ཕྱག་རྒྱ་བཅིངས་ནས་ཇི་ལྟ་བ་བཞིན་དུ་བཞུགས་ལ། དྲན་པར་བྱས་ནས་འདི་སྐད་ཅེས་བརྗོད་དོ། །སྲིད་པའི་བདེ་བ་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བས་ན་སྲིད་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལས་བྱུང་བའི་བདེ་བ་ནི་སྲིད་པའི་བདེ་བའོ། །དེའི་རྣམ་
Vol. 60 · folio 21b
པར་དག་པ་ནི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ། །དེའི་དོན་ནི་སྔར་བྱུང་བའི་གནས་ཏེ་སོ་སོ་སྐྱེ་བོའི་གནས་སྐབས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་ངོ་། །མི་གནས་པའི་མྱ་ངན་ལས་འདས་པ་འདིས་རང་བཞིན་གྱིས་མི་གནས་པའི་མྱ་ངན་ལས་འདས་
པར་གྱུར་པས་ན་གཞལ་ཡས་ཁང་ངོ་། །དགའ་བ་ནི་ཆགས་པར་འགྱུར་བའོ། །འདོད་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དངོས་གྲུབ་ནི་གདུལ་བྱའི་རྒྱུད་ལ་དེ་བསྐྱེད་པར་གྱུར་པའོ། །དེའི་དོན་གྱི་དངོས་གྲུབ་ནི་འགྲོ་བ་ཐམས་ཅད་ལ་ཡང་བསྐྱེད་པ་སྟེ།
སེམས་ཅན་ཐམས་ཅད་གྲུབ་པར་བྱས་པའོ་ཞེས་བདག་ཀྱང་ཞེས་བྱ་བའི་སྒྲས་སྟོན་ཏོ། །དེ་ལྟར་སློབ་མ་གཞུག་པའི་ཕྱིར་རྗེས་སུ་གནང་བ་བླངས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མེ་ཏོག་ལ་སོགས་པ་ཡང་དག་པར་མཆོད་དེ་སློབ་མ་གཞུག་པར་བྱའོ། །དེ་ཡང་རང་གི་ལྷ་གཞུག་པའི་ཆོ་གས་རང་
གི་ལྷའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་རྣམས་ཀྱིས་གཞུག་གོ། །དེ་ལྟར་རང་གི་ལྷའི་འཇུག་པའི་ཆོ་གས་བཅུག་པའི་རྗེས་ཐོགས་ཉིད་ལ་འདི་སྐད་བརྗོད་པར་བྱའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་དང་བྲལ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་
ཀྱི་མྱ་ངན་ལས་འདས་པའོ། །འདིས་འདུལ་བས་ན་འདུལ་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇུག་པ་ཞེས་སྟོན་པ་ཡིན་ནོ། །འདོད་ཆགས་དང་བྲལ་བས་འདུལ་བ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བས་འདུལ་བའི་འཇིག་རྟེན་ནོ། །སེམས་
ཅན་གྱི་ཁམས་འདོད་ཆགས་དང་བྲལ་བས་དག་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་འདུལ་བའི་འཇིག་རྟེན་གང་ཡིན་པ་དེ་ནི་ཇི་སྐད་དུ་བཤད་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་ཆགས་པ་དང་བྲལ་བས་ཡང་དག་པར་འགྱུར་ཞིང་འཁོར་བའི་དྲི་མ་དང་བྲལ་
བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་སྦས་པ་ཡིན། །ཞེས་བྱ་བའི་འདོད་ཆགས་དང་བྲལ་བས་འདུལ་བའི་འཇིག་རྟེན་ལ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་གསང་ཞིང་སྦ་བར་བྱ་བ་ཡིན་གྱི་བསྟན་པར་ནི་མི་བྱའོ། །ནིའི་སྒྲ་ནི་རྒྱུའི་དོན་ཏེ་གང་གི་ཕྱིར་འདོད་ཆགས་དང་བྲལ་བས་
Vol. 60 · folio 22a
འདུལ་ཞིང་མོས་པ་དམན་པ་དང་ལྡན་པ་རྣམས་ལ་ཆོས་བདག་མེད་པའི་འདོད་ཆགས་རྡོ་རྗེ་འཆང་ཆེན་པོའི་ཆགས་པ་ཆེན་པོ་ཤིན་ཏུ་ཟབ་མོ་ཐོས་ནས་སྤོང་བར་འགྱུར་ལ། དེ་སྤངས་པས་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་འགྱུར་རོ། །དེ་བས་ན་རྡོ་རྗེ་སེམས་དཔའ་
སྦས་པ་ཡིན་ནོ། །འདོད་ཆགས་ཆེན་པོ་ཇི་ལྟ་བུ་ཞེ་ན། མི་དམིགས་པའི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་བདེ་བ་ཆེན་པོའི་ཐར་པ་ཆེན་པོའོ། །ཇི་སྐད་དུ་བཤད་པའི་འདོད་ཆགས་དང་བྲལ་བ་དང་འདྲ་ཞིང་མཚུངས་པའི་སྡུག་བསྔལ་གཞན་དག་
ནི་ཡོད་པ་མ་ཡིན་ཏེ། ལུས་དང་ངག་དང་སེམས་ཤིན་ཏུ་འགགས་པས་བདེ་བ་ཐམས་ཅད་མེད་པའི་ཕྱིར་རང་བཞིན་གྱིས་བདེ་བ་ཐམས་ཅད་མེད་པ་ཡིན་ལ། དེ་བས་ན་འདོད་ཆགས་དང་བྲལ་ཞིང་བྲལ་བར་མ་བྱེད་ཅིག་ཅེས་པའོ། །ཡང་ཞེས་བྱ་བ་ནི་གང་གི་ཕྱིར་འདོད་ཆགས་དང་
བྲལ་བ་ལྟ་བུའི་སྡུག་བསྔལ་གཞན་དག་མེད་པ་དེ་བས་ན་འདོད་ཆགས་ཐམས་ཅད་དང་བྲལ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་གནས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག་ཅེས་བཟློག་པའོ། །ཡང་ཞེས་བྱ་བ་ནི་སེམས་དེ་ནམ་ཡང་མ་བྱེད་ཅིག་ཅེས་པའོ། །
དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར་བྱའོ་ཞེས་བྱ་བ་ནི། དཀྱིལ་འཁོར་གོ་རིམས་ཇི་ལྟ་བུ་བཞིན་དུ་བསྟན་ལ་དེ་བཞིན་གཤེགས་པའི་གསང་བ་བརྗོད་པར་བྱའོ། །དེ་ནི་འདི་ཡིན་ཏེ། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་། །སེམས་ཅན་ཀུན་ལ་བདེ་རབ་སྩོལ། །རྡོ་རྗེ་སེམས་དཔའ་སེམས་དཔའ་
ཆེ། །འདོད་པ་འདི་ནི་དམ་ཚིག་མཆོག །འདི་ནི་ཐོག་མ་ཐ་མ་མེད། །ནམ་མཁའ་ལས་བྱུང་མཚན་ཉིད་ཅན། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་བདག་བདག་པོའི་གཙོ། །འདི་ཉིད་ཁོ་ན་འགྲོ་བའི་སེམས། །བརྟན་པས་སེམས་དཔའ་ཞེས་བརྗོད་དེ། །མཉམ་
པར་གཞག་པས་ཏིང་འཛིན་ཏེ། །ངེས་པའི་ཕྱིར་ན་རྡོ་རྗེར་གྱུར། །སེམས་དཔའི་བྱིན་རླབས་སྦྱོར་བ་ཡིས། །སླར་ཡང་རྡོ་རྗེ་སེམས་དཔར་འགྱུར། །འདི་ཉིད་ཐོག་མའི་སེམས་དཔའ་སྟེ། །འདོད་དང་འགྲོ་བ་ཀུན་གྱི་བདག །འདི་ཉིད་ཁོ་ན་སངས་རྒྱས་ཉིད། །འདི་ཉིད་དེ་བཞིན་
Vol. 60 · folio 22b
གཤེགས་པ་ཉིད། །འདི་ནི་ཁམས་གསུམ་ཐམས་ཅད་དེ། །དང་པོའི་སེམས་དཔར་ཡང་དག་བྱུང་། །ཆགས་བྲལ་གྱིས་མཐར་མུ་སྟེགས་རྣམས། །དེ་འདུལ་བ་ཡི་དབང་གིས་འདིས། །བཅོམ་ལྡན་རབ་སྦས་གསང་ཉིད་དུ། །བདེ་བར་གཤེགས་པས་མཛད་པ་ཡིན། །དེ་ནས་
བཅོམ་ལྡན་འདས་བསྟན་པར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་སེམས་ཅན་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པའི་དམ་ཚིག་ནི་འདི་ཡིན་ནོ་ཞེས་དང་པོའི་སེམས་དཔའ་ནས་བརྩམས་ཏེ། དེ་བཞིན་
གཤེགས་པའི་བར་དུ་ཁྱེད་ཀྱིས་ང་ལ་བརྙས་པར་མི་བྱ་ཞིང་ནམ་ཡང་ཡོངས་སུ་སྤང་བར་མི་བྱའོ། །འདི་ལ་བརྙས་པར་གྱུར་ན་འདི་དག་གང་ཡིན་ཁྱོད་ལ་འབྱུང་བར་མི་འགྱུར་རོ། །སྙིང་པོ་ཡང་ཅི་འདོད་པར་བྱིན་ལ་ཞེས་བྱ་བ་ནི་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་ལ་དེ་རྣམས་ཇི་
ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས་དེ་རང་གིས་མཉེས་པར་བྱ་བའི་ཡི་དམ་ལྷའི་སྙིང་པོ་སྦྱིན་པར་བྱའོ། །དེ་བྱིན་ནས་ཀྱང་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །བསྒྲུབས་ནས་ཞེས་བྱ་བ་ནི་སྙིང་པོ་བྱིན་ནས། ཕྱག་རྒྱ་བཞིའི་ཡེ་ཤེས་བསླབས་ལ་རང་གི་ལྷའི་རྣལ་འབྱོར་འདི་
ལྟར་གྱིས་ཤིག་ཅེས་བསླབ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས་མདུན་དུ་ཇི་ལྟ་བ་བཞིན་དུ་ཇི་ལྟ་བ་བྱེད་དུ་བཅུག་ལ་དེ་རང་གི་ལུས་ལ་གཞུག་པ་བསྟན་པའི་རྗེས་ཐོགས་ཉིད་ལ། ཡེ་ཤེས་སེམས་དཔའ་དང་
ལྷན་ཅིག་གཅིག་ཏུ་གྱུར་པར་གྱིས་ཤིག་ཅེས་བྱ་བས་བསྒྲུབས་ལ་ཆོ་ག་ཐམས་ཅད་དེ་ལ་བསྟན་པར་བྱའོ། །རང་གི་ལྷག་པའི་ལྷའི་དབང་བསྐུར་བས་དབང་བསྐུར་ཏེ་ཞེས་བྱ་བ་ནི། སྙིང་པོ་བྱིན་པ་གང་ཡིན་པ་འདི་ནས་བརྩམས་ཏེ་ཕྱག་རྒྱ་བཞི་ལ་སོགས་པ་སྦྱིན་པ་སློབ་མ་ལ་བརྗོད་པ་དེ་རང་གི་
ལྷའི་དབང་བསྐུར་བ་ལ་སོགས་པས་དབང་བསྐུར་ནས་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏེ། །མཚན་མ་དེ་ལག་པ་གཉིས་སུ་བྱིན་ལ་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ལྷའི་ཆུ་ཡིས་དབང་བསྐུར་བ་དང་། ཕྱག་རྒྱ་དང་ཅོད་པན་གྱིས་དབང་བསྐུར་ལ། རྡོ་རྗེ་ལ་སོགས་པ་རང་རང་གི་ལྷའི་མཚན་
Vol. 60 · folio 23a
མའི་དབང་བསྐུར་བའི་སྔགས་ཀྱིས་སློབ་མའི་ལག་པ་གཉིས་སུ་སྦྱིན་པར་བྱའོ། །བྱིན་ནས་དེ་ལ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་འདིས། རང་གི་རིགས་ཀྱི་མིང་གི་དབང་བསྐུར་བས། དབང་བསྐུར་བར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བ་ཇི་ལྟ་བ་བཞིན་དུ་བསླབ་པར་བྱའོ། །
དེའི་རྗེས་ལ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏི་སྟྭཾ་ཞེས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འདོན་དུ་བཅུག་ལ་འདི་བཤད་པར་བྱའོ། །དམ་ཚིག་ཆེན་པོ་ནི་སེམས་དཔའ་ཆེན་པོ་ལ་བྱའོ། །དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བ་ཡིན་པར་བཤད་དེ། བཅོམ་ལྡན་འདས་རབ་ཏུ་དགའ་བ་ལ་བསྐུལ་
ན་འདོད་པ་ཐམས་ཅད་དེ་དངོས་གྲུབ་ཀྱི་དམ་པ་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་བས་ན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བརྗོད་པར་བྱའོ། །བཅོམ་ལྡན་འདས་འདི་ནི་ཁམས་གསུམ་གྱི་དབང་ཕྱུག་སྟེ། ཐོག་མའི་སེམས་དཔའ་ཡིན་པས་འདོད་པ་ཀུན་གྱི་དབང་ཕྱུག་གོ། །མ་དུལ་བ་རྣམས་
ལ་རྡོ་རྗེ་བསྙེམས་མ་འཆང་བའི་མཆོག་ཡིན་ཏེ། དེ་བས་ན་རྡོ་རྗེ་བསྙེམས་མ་དོན་གྱིས་བརྗོད་པར་བྱའོ། །བཅོམ་ལྡན་འདས་ནི་ཐོག་མ་དང་ཐ་མ་མེད་པ་ཀུན་དུ་བཟང་པོའོ། །འདོད་པ་ནི་འགྲོ་བ་ཀུན་གྱི་བདག་པོའོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་བསྙེམས་མའི་བདག་པོའོ། །དེ་རབ་ཏུ་དགའ་བ་འདིའི་
སྦྱོར་བས་རྡོ་རྗེ་འཆང་བས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་འབྱུང་བར་མི་བྱེད་དོ། །གང་གི་ཚེ་རབ་ཏུ་དགའ་བས་བསྟོད་པར་བྱ་ཞིང་རྡོ་རྗེ་སེམས་དཔའ་འདི་ནི་བདེ་བ་ཆེན་པོ་ཡིན་པ་དེས་ན་ཉོན་མོངས་པ་མི་མངའ་བར། བདེ་བ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ལ་སོགས་
པའི་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པར་འགྱུར་ཏེ། དེས་ན་རབ་ཏུ་བདེ་བའི་ཕྱག་རྒྱ་འདི་བསྟོད་དེ་འཇོག་ཅིང་། བཅོམ་ལྡན་འདས་གཡོན་པ་བསྙེམས་པ་དང་བཅས་པ་འདིས་གཡོན་ཕྱོགས་སུ་སྤྱོད་པའི་སེམས་ཅན་རྣམས་དབང་དུ་བྱེད་ཅིང་མགུ་བར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་
ཞེ་ན། འགྲོ་བ་རྣམས་དགའ་བའི་སྦྱོར་བས་མགུ་བར་བྱེད་པར་མ་ཟད་ཀྱི་ཞི་བར་བྱ་བའམ་ཞི་བ་ཉིད་ཀྱིས་འདུལ་བར་མི་ནུས་པ་དག་ལ་འདིར་བསྙེམས་པ་ལ་ཡང་སྦྱོར་རོ། །བསྙེམས་པ་འབའ་ཞིག་གིས་འདི་དག་འདུལ་བར་ནུས་པ་མ་ཡིན་གྱི་དེའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་
Vol. 60 · folio 23b
བསྙེམས་མའི་བདག་པོར་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་མི་ནུས་པ་དག་ཀྱང་འདུལ་བར་སྤྱོད་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཅིངས་པ་འདི། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ། ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་དེ་རྣམས་ཡིད་ལ་འདོད་པའི་དངོས་
གྲུབ་ཐམས་ཅད་བདེ་བ་ཁོ་ནར་འབྱོར་ཅིང་ཐོབ་པར་འགྱུར་རོ། །འདི་དག་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཡན་ལག་ཡིན་ནོ། །འདི་ནི་བཅོམ་ལྡན་འདས་ཀྱི་འདོད་ཆགས་ཀྱི་ཡན་ལག་སྟེ། ཐུགས་མྱུར་དུ་འབིགས་པས་ན་སྙིང་པོའོ། །གཡས་སུ་ནི་རབ་ཏུ་བདེ་བའི་སྦྱོར་བ་བདེ་བ་
ཆེན་པོའོ། །རྒྱབ་ཏུ་ནི་རྩེ་བའི་འཆིང་བས་ཆུ་སྲིན་འདྲ་བ་ཡིན་པ་དེས་ན་འདི་ནི་ཆུ་སྲིན་གྱི་རྒྱལ་མཚན་ནོ། །གཡོན་དུ་ནི་བསྙེམས་མ་དབང་དུ་བྱེད་པ་ཡིན་ནོ། །འདི་དག་ནི་རབ་ཏུ་དགའ་བའི་མཆོད་པ་སྟེ་མེ་ཏོག་མ་ལ་སོགས་པའོ། །འདི་དག་ནི་སྒེག་མོ་ལ་སོགས་པའི་རྡོ་རྗེ་སྒེག་མོ་
རྣམས་སོ། །འདི་དག་ནི་མིང་གིས་ཆགས་པར་བྱེད་པ་ལ་སོགས་པས་ཆགས་པའི་ལྕགས་ཀྱུ་ལ་སོགས་པ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བར་འཇུག་པ་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་རབ་ཏུ་གསོལ་བ་ཡིན་ཏེ་འདིས་ནི་སངས་རྒྱས་ཉིད་ཀྱང་ཐོབ་པར་གྱུར་
ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་མཆོག་ཡིན་པའི་ཕྱིར་རོ། །དེ་ནས་སྙིང་པོ་བྱིན་ལ་དེ་ནས་ཕྱག་རྒྱ་བཅིངས་པ་བསླབ་པར་བྱའོ་ཞེས་བྱ་བ་ནི། དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་པ་བསླབ་པར་བྱ་སྟེ། བསྙེམས་པ་
དང་བཅས་པས་རྡོ་རྗེ་གསོར་ཞིང་ཊཀྐི་ཧཱུཾ་ཛཿཞེས་བྱ་བས་རྡོ་རྗེ་ཚིག་ཏུ་བརྗོད་པར་བྱའོ། །འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་བསྟན་པ་ལ་འཇུག་པར་འགྱུར་རོ། །དེ་ནས་རྡོ་རྗེ་དེ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཛིན་ཅིང་ཊཀྐི་ཛཿཧོཿཞེས་བརྗོད་པར་བྱའོ། །དེ་ནས་
རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་སུ་རང་ཉིད་འགྱུར་རོ། །དེ་ནས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པར་བསླབ་པར་བྱའོ། །ཇི་ལྟར་མངོན་པར་འདོད་པའི་མཆོད་པ་བྱས་ནས་ཞེས་བྱ་བ་ནི་དེ་ལྟར་སློབ་མ་འཇུག་པ་ལ་
Vol. 60 · folio 24a
སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས་སློབ་དཔོན་གྱིས་ཇི་ལྟར་མངོན་པར་འདོད་པས་དཀྱིལ་འཁོར་པ་ཐམས་ཅད་ལ་མཆོད་པར་བྱའོ། །དེ་བྱས་ནས་སློབ་མ་ཡང་བྱེད་དུ་གཞུག་གོ། །དེ་ནས་སློབ་མ་ཐམས་ཅད་ཁ་ཟས་དང་གནས་པ་ཐམས་ཅད་ཀྱིས་ཚིམ་པར་བྱ་བ་དང་།
རང་ཉིད་ཀྱིས་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་གར་གྱི་མཆོད་པ་བྱས་ཏེ་སློབ་དཔོན་རང་གིས་རྡོ་རྗེ་ཡིད་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་གར་བྱ་བའི་ཚུལ་གྱིས་བཅིང་བར་བྱའོ། །དེ་ནས་ནི་རྡོ་རྗེ་བསྙེམས་མའི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་ཀི་ལི་ཀི་ལའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་
དྲན་པའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་སྦྲང་རྩིའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་དགུན་གྱི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་སྟོན་གྱི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་སྒེག་མོའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་གར་མའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་བཞད་མའི་ཕྱག་
རྒྱའོ། །དེ་ནས་ནི་རྡོ་རྗེ་གླུ་མའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་འབེབས་པའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ། །དེ་ནས་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ན་
འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་གར་གྱི་མཆོད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ནས་དེའི་རྗེས་ཐོགས་ཉིད་ལ་སློབ་མ་ཐམས་ཅད་སླར་བཏང་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཇི་སྐད་
བརྗོད་པར་བྱ་ཞེ་ན་རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་རབ་ཏུ་དགའ་བ་ནི་བཤད་ཟིན་ཏོ། །དེ་ལ་རག་ལས་པ་ནི་འབྲེལ་ཅིང་རག་ལུས་པ་སྟེ། དེ་ནས་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་ཐོག་མཐའ་དེ་ལའོ། །འགྲོ་བ་འདི་ཀུན་རྒྱུ་བ་སྟེ། །
ཞེས་བྱ་བ་ནི་སྐྱེ་ཞིང་འགྲོ་བས་ན་སྐྱེ་འགྲོའོ། །འདི་ཞེས་བྱ་བ་ནི་མངོན་དུ་གྱུར་པའོ། །ཐམས་ཅད་ནི་མ་ལུས་པའོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ངོ་བོ་ཡིན་པར་བསྟན་པའི་ཕྱིར་རྒྱུ་བ་ཞེས་བྱ་བ་གསུངས་ཏེ་སེམས་དང་བཅས་པའོ། །དེ་ཡང་འགྲོ་བ་སེམས་དང་བཅས་པ་འདི་དག་
Vol. 60 · folio 24b
ཐམས་ཅད་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་བར་ཡིན་ཏེ་རབ་ཏུ་དགའ་བ་ལ་རག་ལས་པས་ན་ཞི་བ་བྱང་ཆུབ་ཀྱི་སེམས་ཀྱི་ཁ་ན་ལུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་རྡོ་རྗེར་མཛོད་ཅེས་བྱ་བ་ནི་མི་
ཕྱེད་པར་མཛོད་ཅིག་པའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་ངོ་བོ་ཅིའི་ཕྱིར་ཞེ་ན། སླར་ཡང་གཤེགས་པར་མཛད་དུ་གསོལ་ཞེས་བྱ་བ་ཡིན་ནོ། །འདི་ནི་ཇི་སྲིད་ཁྱེད་ལ་བདག་སྤྱན་འདྲེན་པར་བགྱིད་པ་དེ་སྲིད་ཀྱི་བར་དུ་གཤེགས་པར་མཛོད་ལ། སླར་སྤྱན་འདྲེན་པ་དེའི་
ཚེ་ན་མི་ཕྱེད་པའི་ཐུགས་སུ་མཛད་དེ་གཤེགས་པར་མཛོད་ཅིག་ཅེས་པའོ། །འདི་སྐད་སྟོན་ཏེ་གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་དང་འབྲེལ་པ་ཡིན་པས་འགྲོ་བ་འདི་དག་ཐམས་ཅད་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་འབེབས་པའི་མཐར་
ཐུག་པ་ཡིན་ནོ། །དེ་བས་ན་ཁྱེད་ལ་རག་ལུས་པའི་ཕྱིར་བདག་ཅག་རྣམས་ལ་རྗེས་སུ་བརྩེ་བའི་དོན་དུ་ཁྱེད་སླར་ཡང་གཤེགས་པའི་སླད་དུ་མི་ཕྱེད་པའི་ཐུགས་སུ་མཛོད་ཅིག །ཁྱེད་གཤེགས་པས་སེམས་དཔའ་འདི་དག་ཐམས་ཅད་བྱོན་ནས་བདག་གི་བསམ་པ་ཐམས་ཅད་རྫོགས་པར་
མཛད་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནས་སྙིམ་པའི་མེ་ཏོག་གཏོར་ལ་དབྱུང་བར་བྱའོ། །དེ་ལྟར་བཅོམ་ལྡན་འདས་གཤེགས་པའི་ཕྱིར་སྤྱི་བོར་སྙིམ་པའི་མེ་ཏོག་གཏོར་བས་བསྐུལ་བར་བྱ་ཞིང་། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་མུཿཞེས་བརྗོད་དོ། །དེས་ནི་བཅོམ་
ལྡན་འདས་འཁོར་དང་བཅས་པ་གཤེགས་སུ་གསོལ་བར་འགྱུར་རོ། །དེ་ལྟར་སྙིམ་པའི་མེ་ཏོག་གཏོར་བས་ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་རང་ཉིད་ཀྱིས་དཀྱིལ་འཁོར་འཕྱག་པར་བྱའོ། །གལ་ཏེ་སློང་བ་ཡོད་ན་ཕྱེ་མ་དེ་ལས་རི་ལུ་བྱས་ཏེ་དཀྱིལ་འཁོར་རྣམས་ལ་
ལན་བརྒྱ་རྩ་བརྒྱད་བཟླས་ལ་གཞག་པར་བྱ་སྟེ། དེས་དབང་དུ་བྱ་བ་ལ་སོགས་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གང་ཞིག་རི་མོའི་ལས་ལ་མཁས་པར་གྱུར་པ་དེས་ནི་རྡོ་རྗེ་ལ་སོགས་པ་མཚན་མའམ་ཕྱག་རྒྱ་
Vol. 60 · folio 25a
ལ་སོགས་པ་གཞག་པར་བྱའོ། །གང་ཞིག་མཚན་མའི་ཕྱག་རྒྱ་ལ་སོགས་པ་ཡང་དཀྱིལ་འཁོར་དུ་བྲི་བར་མི་ནུས་པ་དེས་ནི་ལྷ་རྣམས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་བསྒྲུབས་ལ། དེ་རྣམས་ཀྱི་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཕྱག་
རྒྱའི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི་བྲི་བའི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་བརྟག་པའི་ཆོ་ག་གསུངས་པ་གང་ཡིན་པ་འདིའི་མཚན་མའི་ཕྱག་རྒྱ་རྣམས་དང་ལག་པའི་ཕྱག་རྒྱ་རྣམས་ཀྱིས་བྱ་བ་དེ་ནི་ཕྱག་རྒྱའི་ཆོ་ག་རྒྱས་པ་ཞེས་བྱའོ། །དེ་ལྟར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་
ནས་བརྩམས་ཏེ། ཕྱག་རྒྱའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་དུ་བསྟན་པས། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །ཡང་འདིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། བརྗོད་པར་བྱ་སྟེ། རེ་ཞིག་དང་པོར་
ཇི་སྐད་དུ་བཤད་པའི་ཆུའི་ཁྲུས་སམ་སེམས་ཀྱིས་ནང་གི་ཁྲུས་བྱས་ལ་ལྷའི་ཁང་པར་ཇི་ལྟ་བ་བཞིན་དུ་ཞུགས་ནས་འདུག་པར་བྱའོ། །དེ་ནས་སྔར་བཤད་པའི་ཆོ་གས་བདག་བསྲུང་བ་དང་བགེགས་བསལ་བ་ལ་སོགས་པ་བྱའོ། །དེ་ནས་མཆོད་ཡོན་ལ་བཟླས་པའི་བར་གྱི་ཆོ་ག་
རྗེས་སུ་སྤྱད་ལ། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །ཐམས་ཅད་འགུགས་པའི་མཆོད་པ་སྟེ། །བདག་བྱིན་བརླབས་སོགས་སྒྲུབ་པ་ཡིས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ལུགས་མ་འམ་འབུར་དུ་བརྐོས་པའམ། །བྱས་པའམ་ཡང་ན་བྲིས་པ་ཡིས། །འཁོར་ལོ་དང་པོར་
རབ་བཞག་ནས། །དེ་ཡི་མདུན་དུ་བསྒྲུབ་པར་བྱ། །སྔར་བཤད་པའི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དཀྱིལ་འཁོར་སྤྲུལ་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཱྃ་ཀ་རོ་མི་ཞེས་བྱ་བས་བཅོམ་ལྡན་འདས་ལ་ཕྱོགས་ཐམས་
ཅད་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ་ཕྱག་བཞི་ལ་སོགས་པའི་ཆོ་ག་སྤྱད་ལ་སྡོམ་པ་གཟུང་བར་བྱའོ། །དེའི་རྗེས་ལ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་ཞེས་བྱ་བས་ཐལ་མོ་ཁོང་སྟོང་བཅིང་བར་བྱའོ། །དེ་ནས་པ་ར་སྤ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཨཉྫ་ལི་ཞེས་བརྗོད་ཅིང་རྡོ་རྗེ་ཐལ་མོ་
Vol. 60 · folio 25b
བཅིང་བར་བྱའོ། །དེ་ནས་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་བཛྲ་བནྡྷ་ཞེས་བརྗོད་ཅིང་ཐལ་མོ་བསྡམས་པ་བཅིང་བར་བྱའོ། །དེ་ནས་བཛྲ་བནྡྷ་ཏྲཊ་ཅེས་བརྗོད་ཅིང་རྡོ་རྗེ་བསྡམས་པ་སྙིང་གར་ལན་གསུམ་དྲལ་བར་བྱའོ། །རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བས་
བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་པ་ལ་སོགས་པས་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱས་རང་གི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཛྲ་མུཥྚི་ཞེས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་བཛྲ་སནྡྷི་བཾ་ཞེས་ལན་གསུམ་བཟླ་
བར་བྱའོ། །དེ་ནས་ཡི་གེ་ཧཱུྃ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིང་བར་བྱ་སྟེ། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་བཅིང་བ་འགྲུབ་ཅིང་རང་གི་ལས་རྣམས་བྱེད་པར་འགྱུར་རོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ལ་
ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་། བཅིངས་ལ་དེ་རྣམས་ཀྱི་རང་གི་སྙིང་པོ་ལན་གསུམ་བརྗོད་དེ། ཨོཾ་བཛྲ་མུཿཞེས་བྱ་བས་རང་གི་སྙིང་གར་གཞུག་པར་བྱའོ། །དེ་ནས་ཨོཾ་སརྦ་པཱ་པཱ་ཀཪྵ་ཎ་བི་ཤྭ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བས་ཕྱག་རྒྱ་དང་ལྡན་པས་སྡིག་པ་ཐམས་ཅད་དགུག་
པར་བྱའོ། །དེ་ནས་འདིའི་ཕྱག་རྒྱ་ནི། །རྡོ་རྗེའི་ཕྱག་རྒྱ་གཉིས་ནང་དུ། །མཛུབ་མོ་གཉིས་ནི་བཅིངས་ནས་སུ། །ལེགས་པར་གྱེན་དུ་འཕངས་པ་ནི། །ལྟུང་བ་སློང་བའི་དམ་པའོ། །ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པ་ཡ་བནྡྷ་ནི་པྲ་མོ་ཀྵ་ཡ་སརྦ་
པཱ་པ་སརྦ་ཨ་པ་ཡ་ག་ཏི་བྷྱཿ། སརྦ་ཏྭན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ཅེས་བྱ་བ་འདིའི་ཕྱག་རྒྱ་དང་ལྡན་པས་སྡིག་པ་ཐམས་ཅད་དྲལ་བར་བྱའོ། །རྡོ་རྗེ་བཅིངས་པ་བསྡམས་བྱས་ཏེ། །གུང་མོ་གཉི་ག་སྦྱར་ནས་ནི། །ཐ་མ་བཞི་ནི་རྩེ་མོར་སྦྱར། །སྡིག་པ་འཇོམས་པར་གྲགས་
པ་ཡིན། །དེ་ནས་རང་གི་སྙིང་གར་གནས་པའི་དང་པོའི་རྡོ་རྗེའི་དབུས་སུ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ཡིད་ཀྱིས་བྲིས་ལ་དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་དེ་ཉིད་ཡིད་ལ་ཟློས་ཤིང་དེ་ཉིད་དབྱངས་ཀྱི་ཡི་གེ་བཅུ་དྲུག་
Vol. 60 · folio 26a
དང་བཅས་པ་ལས་རང་གི་སེམས་ཀྱི་གཟུགས་བརྙན་ཟླ་བའི་དཀྱིལ་འཁོར་ལྟ་བུར་བསམ་པར་བྱའོ། །དེའི་སྟེང་དུ་སྙིང་པོ་དེ་ཉིད་ཡི་གེ་ཀ་ལ་སོགས་པ་དང་བཅས་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ་པར་བྱའོ། །དེ་ནས་སྙིང་པོ་དེ་ཉིད་ཟློས་ཤིང་ཟླ་བའི་དཀྱིལ་
འཁོར་དེ་དང་པོའི་རྡོ་རྗེར་བསམ་པར་བྱའོ། །དེ་ནས་དེའི་དབུས་སུ་སྙིང་པོ་དེ་ཡིད་ཀྱིས་བསམས་ལ་དེ་ཉིད་ཟློས་ཤིང་རྡོ་རྗེའི་ང་རྒྱལ་བསྒོམས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པར་རྡོ་རྗེ་ལས་ཕྱུང་ལ་དེ་རྣམས་ཀྱིས་ནམ་མཁའི་
ཁམས་ཐམས་ཅད་བཀང་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་ཡང་རྡོ་རྗེ་དེར་ཡིད་ཀྱིས་བཅུག་སྟེ། སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་དེ་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བསམ་ཞིང་བཛྲ་སཏྭ་ཧཾ་ཞེས་ཀྱང་བཟླ་བར་བྱའོ། །དེ་ནས་བསྙེམས་པ་དང་བཅས་པས། རྡོ་རྗེ་
གསོར་ལ་ཡང་བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱ་ཞིང་དེ་ཡང་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་གཟུགས་བརྙན་དང་འདྲ་བར་ངེས་པར་བྱས་ལ་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ། མ་ཧཱ་ས་མ་ཡ་ཧཾ་ཞེས་བརྗོད་ལ། དེ་ཉིད་ཀྱིས་སྙིང་
ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་ཅིང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་ས་མཱཾ་ཞེས་ཀྱང་བརྗོད་པར་བྱའོ། །དེ་ནས་བསྙེམས་པ་དང་བཅས་པས་ལུས་དྲང་པོར་གཞག་ལ་བསྙེམས་པ་དང་བཅས་པ་ཉིད་ཀྱིས་རྡོ་རྗེ་གསོར་ཞིང་ཊཀྐི་ཧཱུཾ་ཛཿཞེས་བརྗོད་པར་བྱའོ། །དེ་ནས་
རྡོ་རྗེ་སྙིང་གར་བསྟོད་པའི་ཚུལ་གྱིས་འཇོག་ཅིང་ཊཀྐི་ཛཿཧོ་ཞེས་བརྗོད་པར་བྱའོ། །དེ་ནས་རང་གི་སྙིང་པོ་བཟླ་བར་བྱ་སྟེ། འདིར་ཕྱག་རྒྱ་ཆེན་པོ་བཅིང་བ་འདིས་བདག་ལ་བྱིན་གྱིས་བརླབས་པ་ཡིན་ལ་དེ་བས་ན་འདིས་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་
བོ་ཉིད་དུ་འགྱུར་རོ། །དེ་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་ལུས་ལ་ཡིད་ཀྱི་ནང་དུ་ཞུགས་ལ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དཀྱིལ་འཁོར་སྤྲུལ་ལ། འཇུག་པའི་ཆོ་ག་གཉིས་པས་ཇི་ལྟ་བ་བཞིན་དུ་ཞུགས་ནས་རང་གི་སྤྱི་བོར་མེ་ཏོག་
Vol. 60 · folio 26b
གི་ཕྲེང་བ་དོར་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བའི་བར་གྱིས་ཆོ་ག་ཇི་ལྟ་བ་བཞིན་དུ་སྤྱད་ལ་དཀྱིལ་འཁོར་དེ་རང་གི་ཟླ་བར་ཞུ་ནས་དེ་དང་གཅིག་ཏུ་གྱུར་བར་བསམས་ནས། རང་གི་ལུས་ལ་རང་གི་ལྷའི་གནས་རྣམས་སུ་ཡི་གེ་ཧྲཱིཿལས་སྣ་ཚོགས་པདྨ་བསྐྱེད་ལ་གཞིའི་ལུས་ཀྱི་རང་གི་
ལྷའི་གནས་སུ་གཞག་སྟེ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏེ་སྟྭཾ་ཨ་ཞེས་བརྗོད་ལ། གཞིའི་ལུས་ཀྱི་ཕྱི་རོལ་དུ་སྣ་ཚོགས་པདྨའི་སྟེང་དུ་དང་པོའི་རྡོ་རྗེ་ཁ་དོག་དམར་པོ་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེའི་དབུས་སུ་སྔགས་ཡིད་ཀྱིས་བྲིས་ལ་བཛྲ་ཧཾ་ཞེས་དེའི་ང་རྒྱལ་བསྒོམ་པར་
བྱའོ། །དེ་ནས་སྔགས་དེ་ཡིད་ཀྱིས་བརྗོད་ལ་བཛྲ་སཏྭ་ཧཾ་ཞེས་བྱ་བས་རྡོ་རྗེ་དེ་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཞིའི་ལུས་ལ་ཡིད་ཀྱིས་ཨཱ་བཛྲ་བནྡྷ་ཞེས་བྱ་བས་རང་གི་གནས་ན་གནས་པར་བྱའོ། །
རང་གི་ལུས་ཀྱི་ཕྱི་རོལ་གྱི་མདུན་དུ་སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེ་དྲིལ་བུ་བསྐྱེད་ལ། དེའི་དབུས་སུ་བཛྲ་གྷཎྚ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ། བཛྲ་གྷཎྚོ་ཧཾ་ཞེས་བྱ་བས་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ། །ཡང་བཛྲ་གྷཎྚོ་ཞེས་ཡིད་ལ་བརྗོད་ལ་བཛྲ་ཨཱ་བེེ་ཤ་ཧཾ་ཞེས་བྱ་བས་རྡོ་རྗེ་དྲིལ་བུ་
དེ་རྡོ་རྗེ་འབེབས་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་རང་གི་གཟུགས་བརྙན་ལ་རང་གི་དམ་ཚིག་གི་ཕྱག་
རྒྱས་གོ་རིམས་འདིས་བསྒྲུབ་པར་བྱའོ། །དང་པོ་རྡོ་རྗེ་བཅིངས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་དྲྀ་ཤྱ་ཞེས་བྱ་བ་དང་དཔལ་རྡོ་རྗེ་སེམས་དཔའ་བལྟ་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱིས་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨཱ་བཛྲ་གྷཎྚ་དྲྀ་ཤྱ་ཞེས་
བྱ་བས་རྡོ་རྗེ་འབེབས་པ་བལྟ་བར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་ལུས་ལ་རང་གི་གནས་སུ་སྙིང་པོ་འདིས་གཞུག་པར་བྱའོ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་ཧཱི་ཤཱི་གྷྲཾ་
Vol. 60 · folio 27a
མ་ཧཱ་སུ་ཁ་བཛྲ་གུ་ཧྱ་ས་མ་ཡ་མ་ནུ་སྨཱ་ར་པྲ་བུདྡྷ་ས་མ་ཡ་སྟྭཾ་དྲྀ་ཌྷ་སུ་ཏོ་ཥྱོ་ཨ་ནུ་རཀྟོ་སུ་པོ་ཥྱོ་མེ་བྷ་བ་ཨ་དྷི་ཏིཥྛ་བྷ་ག་བཱན་ཨནྡྷི་ན་ཧི་ན་ས་ཏྭ་སིདྡྷི་དྷ་མ་མེ་མནྟྲ་པ་དེ་ཛཿཧཱུཾ་བཾ་ཧོཿ། ཡང་དང་པོའི་རྡོ་རྗེ་བཅིངས་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་དེ་འོད་ཟེར་དམར་པོ་འཁྲུག་པ་འབར་བའི་འོད་
ཀྱི་དཀྱིལ་འཁོར་ཅན་བསྐྱེད་ལ་ས་མ་ཡ་སྟྭཾ་ཛཿཧཱུཾ་བཾ་ཧོཿ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། མ་ཧཱ་སུ་ར་ཏ་སྟྭཾ་ཞེས་ལན་གསུམ་བཟླས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་བདག་ཉིད་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱིས་
དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་འོད་ཟེར་དམར་པོ་འབར་བ་འཁྲུག་པའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ས་མ་ཡ་སྟྭཾ་ཨ་ཧོ་ཛཿཧཱུཾ་བཾ་ཧོཿ། བཛྲ་གྷཎྚ། ཞེས་ལན་གསུམ་བཟླས་ལ། བཅོམ་ལྡན་འདས་རྡོ་རྗེ་འབེབས་པ་དང་བདག་ཉིད་གཅིག་ཏུ་གྱུར་
པར་བསྒོམ་པར་བྱའོ། །དེ་ལྟར་ན་ཐམས་ཅད་བསྒྲུབ་པར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་སྔ་མ་བཞིན་དུ་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་སངས་རྒྱས་ཐམས་ཅད་དེའི་ལུས་ལ་
བཅུག་ལ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་ཀྱང་རྒྱས་བཏབ་ལ། ཡང་དང་པོའི་རྡོ་རྗེ་བཅིངས་ནས་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་རང་གི་སྙིང་གའི་ཟླ་བ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་བསྐྱེད་པར་བྱའོ། །བཛྲ་རཏྣ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་
བྱ་བ་དང་དཔྲལ་བར་རྡོ་རྗེ་རིན་པོ་ཆེ། བཛྲ་དྷརྨྨ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨ། བཛྲ་ཀརྨྨ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། སྤྱི་བོར་སྣ་ཚོགས་རྡོ་རྗེ་བསམ་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབས་པ་བྱས་ནས་སྔར་བཤད་པའི་དབང་བསྐུར་བའི་ཕྱག་རྒྱ་
རྣམས་ཀྱིས་སངས་རྒྱས་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་བསྐུར་བའི་ཅོད་པན་བསྐྱེད་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་བདག་པོ་དང་། མིང་གི་དབང་བསྐུར་བ་བླངས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་
Vol. 60 · folio 27b
ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བཅུ་གཉིས་ཀྱི་ལས་ཀྱི་ཕྱག་རྒྱས་བདག་ཉིད་ཡང་དག་པར་མཆོད་ལ། རོལ་པའི་རྡོ་རྗེ་དགའ་བའི་རྡོ་རྗེས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་པར་བྱའོ། །
དེ་ནས་དམ་ཚིག་གསུམ་གྱི་རྡོ་རྗེའི་གླུའི་མཆོད་པ་བྱས་ལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒྲུབས་ནས་སྙིང་གར་རྡོ་རྗེ་འཁོར་ལོས་དེ་བཞིན་དུ་དཀྱིལ་འཁོར་སྤྲུལ་ལ་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟཾ་ཞེས་བྱ་བ་དང་། དཔལ་རྡོ་
རྗེ་སེམས་དཔའ་རང་གི་སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱའོ། །དེ་བཞིན་དུ་བཛྲ་གྷཎྚ་ཞེས་བྱ་བ་དང་རང་གི་སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གནས་སུ་རྡོ་རྗེ་འབེབས་པའི་བར་དུ་གཞག་པར་བྱའོ། །དེ་ནས་ཨོཾ་
བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མོ་ཧཾ། ཞེས་བྱ་བའི་སྙིང་པོ་གསུམ་ཟློས་ཤིང་རྡོ་རྗེའི་བདག་ཉིད་དུ་བསམས་ལ། བདེ་བ་ཆེན་པོ་རྡོ་རྗེ་རབ་མཆོག་དམ་ཚིག་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་ནི་བདག་རང་ཉིད་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ། ཨོཾ་མ་
ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པའི་སྔགས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་རྡོ་རྗེའི་དབུས་སུ་བསམས་ལ་ཡིད་ཀྱིས་རྡོ་རྗེའི་ཚིག་ཏུ་རབ་ཏུ་དགའ་བའི་རྡོ་རྗེ་ཚིག་ཟློས་ཤིང་ཐམས་ཅད་བདག་ཡིན་ནོ་ཞེས་ཇི་སྲིད་མངོན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ། །དེ་
ནས་དེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ་བསྒྲུབས་ན་རྡོ་རྗེ་འཆང་བ་ཉིད་འཐོབ་པར་འགྱུར་རོ། །ཡང་ན་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་རང་གི་སྙིང་པོ་ཟློས་པ་ལ་བརྩོན་པ་དང་། གཡོན་པའི་མིག་ཏུ་ཊ་ལས་ཟླ་བ་སྟེ། གཡས་པར་མ་བཀོད་པ་ལས་ཉི་མ་བསམ། ཧྲི་ཡིས་
མིག་འབྲས་བསྐལ་པའི་མེ་ལྟ་བུར་གནས་པ་འདིས་ནི་རྡོ་རྗེ་བལྟ་བར་བྱ། རྣལ་འབྱོར་པས་ཡིད་ཀྱིས་ནམ་མཁའི་ཕྱོགས་སུ་གནས་ལ་སྣོད་ཀྱི་འཇིག་རྟེན་གྱི་འོག་ཏུ་རླུང་གི་དཀྱིལ་འཁོར་ལ། ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བར་བསམས་ལ་རྡོ་རྗེ་དེའི་དབུས་སུ་ཡི་གེ་རཾ་བསམས་ཏེ། རྡོ་
Vol. 60 · folio 28a
རྗེ་དེ་རྡོ་རྗེ་མེ་ལྟ་བུའི་འོད་དང་ལྡན་པས་ཀུན་ནས་ཉོན་མོངས་པ་ཅན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐལ་བར་བྱས་པར་བསམ་པར་བྱའོ། །དེ་ནས་ཡི་གེ་ཁཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་ནམ་མཁའི་གཏོས་ཐམས་ཅད་ཁྱབ་པས་རྡོ་རྗེ་བདུད་རྩི་ཆུའི་རྒྱུན་གྱིས་
སངས་རྒྱས་ཀྱི་ཞིང་ཚིག་པར་གྱུར་པར་བཀྲུས་ཏེ། འོ་མ་ཅན་གྱི་རྒྱ་མཚོ་ཆེན་པོ་དབའ་རླབས་ཀུན་དུ་འཁྲུག་པ་ཀུན་དུ་གང་བར་གནས་པར་བསམ་པར་བྱའོ། །དེ་ནས་ཡི་གེ་རའི་མེས་འོ་མ་ཅན་གྱི་རྒྱ་མཚོ་ཆེན་པོ་བསྐོལ་ལ། རའི་མེ་དང་རྒྱ་མཚོ་ཆེན་པོའི་དབུས་སུ་པདྨ་ཆེན་པོ་བསམ་པར་བྱའོ། །
པདྨའི་རྩ་བར་ཡི་གེ་པྲ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་གསེར་གྱི་རུས་སྦལ་ཚད་མཐའ་ཡས་པ་དང་། པདྨོའི་ཟེ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་ཡི་གེ་པྲ་གསེར་གྱི་མདོག་ཅན་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡི་གེ་ཁཾ་གི་གཟུགས་སུ་ནམ་
མཁའི་ཕྱོགས་ནས་བྱོན་ནས་བཞུགས་པར་བསམས་ལ། པདྨ་དང་ཡི་གེ་པྲ་དང་ཡི་གེ་ཁཾ་གཅིག་ཏུ་བྱས་ལ་ཧཱུཾ་སུཾ་ཧཱུཾ་ཞེས་བརྗོད་དེ། དེ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་བསྐྱེད་པར་བྱའོ། །དེ་ནས་ཡང་ནམ་མཁའི་
ཕྱོགས་སུ་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ལྷའི་གཞལ་ཡས་ཁང་དང་པོའི་རྡོ་རྗེ་བཅིངས་པ་ལ་ཧཱུཾ་ཞེས་བརྗོད་དེ་ས་ལ་བཞག་ནས། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བརྗོད་ལ། སྤྲུལ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་ཡི་གེ་ཧྲིཿལས་སྣ་ཚོགས་
པདྨའི་གདན་བསམས་ཏེ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ་ཞེས་བརྗོད་དེ་རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་བཞག་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ཇི་ལྟ་བ་བཞིན་དུ་འདུག་ལ་སྔ་མ་བཞིན་དུ་མངོན་པར་བྱང་ཆུབ་པ་རྣམ་པར་བསྒོམས་ནས་
འོག་མིན་གྱི་གནས་ནས་བབས་ཏེ། འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་མདུན་གྱིས་བལྟས་ཏེ་གནས་སོ། །དེ་ནས་འདོད་ཆགས་ཆེན་པོ་ནི་
Vol. 60 · folio 28b
བྱང་ཆུབ་སེམས་དཔའ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་གོ་ཞེས་བྱ་བ་ལ་སོགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྟོན་པས་དཀྱིལ་འཁོར་སྤྲུལ་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཡང་དག་པར་སྤྲུལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་ལྷག་
པར་མོས་པའི་སྟོབས་ཀྱིས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཀྱི་གཞལ་ཡས་ཁང་བསྐྱེད་དེ། དེར་རྣལ་འབྱོར་པ་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བཅོམ་ལྡན་འདས་རྣམ་
པར་སྣང་མཛད་ལ་གསོལ་བ་གདབ་པར་བྱ་སྟེ། ཇི་སྲིད་འཁོར་བའི་གནས་སུ་ནི། །དེ་སྲིད་མཚུངས་མེད་སེམས་ཅན་དོན། །སེམས་ཅན་ཁམས་ནི་མཐའ་ཡས་པ། །གཟི་ཅན་སྲིད་པ་ཚོལ་བྱེད་པ། །སྲིད་པའི་ཉེས་པ་གཞིག་པ་ཡིས། །བདེ་བ་ཆེན་པོ་
འཕེལ་བའི་ཕྱིར། །གསང་བའི་རྟོག་པ་མཆོག་བཤད་པ། །བདག་ལ་རྗེས་སུ་གནང་བ་སྩོལ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་རྡོ་རྗེ་འཆང་བ་ལ་དབང་བསྐུར་བར་བྱའོ། །དང་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེ་སེམས་དཔའི་
ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿ། སུ་ར་ཏ་སྟྭཾ་ཞེས་བརྗོད་ཅིང་རང་གི་སྐུ་དང་གསུང་དང་ཐུགས་ལས་རང་གི་ལྷ་དང་དཀྱིལ་འཁོར་གྱི་ལྷ་ཕྱུང་ལ། སྙིང་པོ་བརྗོད་ཅིང་རང་རང་གི་གནས་སུ་དཀྱིལ་འཁོར་གྱི་ཚུལ་གྱིས་ཇི་ལྟ་བར་གཞག་པར་
བྱ་སྟེ། འདི་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་སྒོ་དབྱེ་བ་དང་བསྡུ་བ་བྱས་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བྱོན་ནས། ཇི་ལྟ་བར་
བཞུགས་པར་བསམས་ལ་དབང་བསྐུར་བ་བླང་སྟེ། ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སོགས་པ་ཡང་བྱ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་
Vol. 60 · folio 29a
བཅད་ལ། རྡོ་རྗེ་བསྲུང་བས་ཡང་དག་པར་བསྲུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ། རྡོ་རྗེ་སེམས་དཔའི་སྙིང་པོ་བཟླས་པའི་མཆོད་ཡོན་ཕུལ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་
དང་བཅས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་འཁོར་དང་བཅས་པས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ཏེ། རིམ་པ་འདིས་རང་རང་གི་
ལས་ལ་ངེས་པར་སྦྱར་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་འདོད་ཆགས་ཆེན་
པོ་འདི་དངོས་གྲུབ་ཀྱི་མཆོག་ལ་རབ་ཏུ་གཞག་པར་མཛོད་ཅིག །རྡོ་རྗེ་ཡིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྡོ་རྗེ་ཡིད་ལས་བྱུང་བ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་
འདོད་ཆགས་ཆེན་པོ་རབ་ཏུ་རྟོགས་པ་བཤད་པ་ལ་སྦྱོར་བར་མཛོད་ཅིག །ཀཱི་ལི་ཀི་ལའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཀཱི་ལི་ཀི་ལ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་འདོད་ཆགས་
ཆེན་པོ་མངོན་དུ་བྱེད་པའི་དངོས་གྲུབ་ལ་རབ་ཏུ་གཞག་པར་མཛོད་ཅིག །རྡོ་རྗེ་དྲན་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྡོ་རྗེ་དྲན་པ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་
ཆགས་པའི་འཆིང་བས་བཅིངས་ལ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་མཛོད་ཅིག །རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྡོ་རྗེ་བསྙེམས་པ་ལ་འདི་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words