དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ
Sanskrit title (Tibetan script, as in the text) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 60 · folio 167b
སེམས་དཔའི་དཀྱིལ་འཁོར་ཆེན་པོ་དང་། དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དང་། རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་། འཕགས་པ་ནམ་མཁའི་སྙིང་པོ་རྣམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་གང་བསྟན་པ་དེ་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལ་
སོགས་པའི་ཕྱག་རྒྱ་ཐམས་ཅད་གཟུང་བར་བྱ་བ་ཡིན་ནོ། །བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་བསྡུས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་ཕྱིའི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱིའི་ཕྱག་རྒྱ་
ཤེས་པར་བྱ། །ཞེས་བྱ་བ་ལ་དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ཕྱི་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལས་ཕྱི་རོལ་དུ་གྱུར་པ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ཅན་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ནི་ཕྱིའི་ཕྱག་རྒྱ་སྟེ་དེ་དག་ལས་ངེས་པའི་ཤེས་པའོ། །དེ་
བྱ་བ་ནི་སྐབས་ལ་བབ་པའོ། །ཕྱག་རྒྱ་ཆེན་པོ་ནི་གཡོན་པ་ཁམ་ཕོར་དང་གཡས་སུ་མདའ་གཏོད་པ་ཉིད་ལས་ཀྱི་ཕྱག་རྒྱའོ་ཞེས་བྱ་བ་ལ་མིང་པོ་རྣམས་ནི་ལུས་སྟོན་པར་བྱེད་པའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེའི་ལག་པ་གཡོན་པས་ཁམ་ཕོར་འཛིན་པ་དང་། ལག་པ་གཡས་པ་
མདའ་གཏོད་པ་སྟེ། མིང་པོ་གསུམ་གྱི་ཕྱག་རྒྱ་ཡིན་ནོ། །འདི་ཉིད་གར་གྱི་ཚུལ་གྱིས་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ཡིན་ནོ། །དམ་ཚིག་འཇུག་པ་ཞེས་བྱ་བ་ལ་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་གང་གིས་འཇུག་པར་འགྱུར་བ་འདི་ནི་དམ་ཚིག་འཇུག་པའི་སྒྲས་
བཤད་པ་ཡིན་ནོ། །མཛུབ་མོ་དང་གུང་མོ་དང་སྲིན་ལག་གཤིབས་ཏེ་རྩེ་མོ་གསུམ་པར་བྱས་ལ་མཐེ་བོ་དང་མཐེ་ཆུང་གཉིས་ཀྱི་གདུ་བུ་གཉིས་ལྕགས་ཀྱི་ལུ་གུ་རྒྱུད་ནི་མིང་པོ་རྣམས་ཀྱིའོ་ཞེས་བྱ་བ་མཐེ་བོ་དང་མཐེ་ཆུང་རྣམས་ཀྱི་ལྕགས་ཀྱི་ལུ་གུ་རྒྱུད་བཅིངས་ལ་མཛུབ་མོ་དང་གུང་མོ་
དང་སྲིན་ལག་གི་སོར་མོ་དྲུག་གིས་རྩེ་གསུམ་པར་བྱས་ཏེ། འདི་ནི་མིང་པོ་རྣམས་ཀྱི་རྩེ་གསུམ་གྱིས་མཚན་པ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་བཅིངས་ལ་གཡས་པའི་སྡིགས་མཛུབ་ཀྱི་ལྕགས་ཀྱུས་མིང་པོ་གསུམ་འཁོར་དང་བཅས་པ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །
Vol. 60 · folio 168a
མིང་པོ་རྣམས་ཀྱི་སྙིང་པོ་ཁོ་ན་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ། །དེ་ལྟར་མིང་པོ་གསུམ་གྱི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་སྲིང་མོ་བཞིའི་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་བཟུང་བ་བཞིན་དུ་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ་ཞེས་བྱ་བ་ལ་བྲི་བའི་ཆོ་གར་ཇི་ལྟར་བསྟན་པ་དེ་
བཞིན་དུ་སྲིང་མོ་བཞིའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཤེས་པར་བྱའོ། །གར་གྱི་ཚུལ་གྱིས་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཉིད་བཅིངས་ན་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དམ་ཚིག་གི་གུང་མོ་དང་སྲིན་ལག་རྡོ་རྗེ་བསྡམས་པས་སོ་ཞེས་བྱ་བ་ལ་དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱ་སྟེ་གུང་མོ་
དང་སྲིན་ལག་གི་སོར་མོ་རྣམས་ཀྱི་རྡོ་རྗེ་བསྡམས་པ་བཅིངས་ལ། རྡོ་རྗེ་བསྡམས་པ་དེས་གཡས་པའི་མཛུབ་མོ་གཡོན་པའི་གུང་མོའི་རྩེ་མོ་དང་ཡང་དག་པར་སྦྱར་བ་དང་། གཡོན་པའི་མཛུབ་མོའི་གཡས་པའི་གུང་མོའི་རྩེ་མོ་དང་ཡང་དག་པར་སྦྱར་ཏེ། གཡས་པའི་སྲིན་ལག་
གི་རྩེ་མོ་གཡོན་པའི་མཐེའུ་ཆུང་གི་རྩེ་མོར་སྦྱར་ལ། གཡོན་པའི་སྲིན་ལག་གི་རྩེ་མོ་གཡས་པའི་མཐེའུ་ཆུང་གི་རྩེ་མོ་དང་སྦྱར་ནས་གཟུང་བར་བྱ་སྟེ། འདི་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །འདི་ཉིད་ཀྱིས་སྤྱན་དྲང་བ་དང་འདི་ཉིད་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །
ལྷག་མ་ནི་གོ་སླའོ། །དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་རྣམས་ནི་སྙིང་པོ་རྣམས་ཉིད་ཡིན་ནོ། །སྲིང་མོ་བཞིའི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །།དེ་ལྟར་སྲིང་མོ་བཞིའི་ཕྱག་རྒྱའི་རྟོག་པ་བཤད་ནས། ད་ནི་ལྷ་མ་ཡིན་གྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་
ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྒྱུ་མའི་འཁོར་ལོ་ཞེས་བྱ་བ་ལྷ་མ་ཡིན་རྣམས་ཀྱི་སྒྱུ་མའི་འཁོར་ལོ་ནི་མཚན་མའི་ཕྱག་རྒྱའོ། །ཇི་ལྟ་བུ་ཞེ་ན་གཡོན་པའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཡོན་པ་བརྐྱང་བའི་སྟེང་དུ་ལག་པ་གཡས་པ་བརྐྱང་སྟེ་འོག་ཏུ་ཁ་བལྟ་
བར་བཞག་ནས་གཡོན་པའི་མཐེའུ་ཆུང་གི་ཚིགས་གསུམ་པ་ལ། གཡས་པའི་མཐེ་བོང་གི་ཚིགས་གསུམ་པའི་ནང་དུ་ཡང་དག་པར་སྦྱར་བར་བྱ་སྟེ། གཡས་པའི་མཐེའུ་ཆུང་གི་ཚིགས་གསུམ་པ་ལ་གཡོན་པའི་ཚིགས་གསུམ་པའི་ནང་ཡང་དག་པར་སྦྱར་བ་གཟུང་
Vol. 60 · folio 168b
བར་བྱ་སྟེ་འདི་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །སྒྱུ་མ་ཐམས་ཅད་དོན་ཡོད་པར་སྒྲུབ་པའོ་ཞེས་བྱ་བ་ལ། འདིས་ལྷ་མ་ཡིན་ཐམས་ཅད་ཀྱི་སྒྱུ་མ་ངེས་པར་སྒྲུབ་པ་ཡིན་ཏེ། དེའི་ཕྱིར་དོན་ཡོད་པར་སྒྲུབ་པའི་ཕྱག་རྒྱ་འདི་ཡིན་ནོ། ཕྱག་རྒྱ་འདི་ཉིད་ཀྱིས་
དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ། །ཕྱག་རྒྱ་འདི་ཉིད་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་བྱས་ནས་སྤྱན་དྲང་བར་བྱའོ། །ལྷ་མ་ཡིན་གྱི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བཤད་པ་རྫོགས་སོ།། །།དེ་ལྟར་ལྷ་མ་ཡིན་གྱི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་ཀླུའི་དཀྱིལ་
འཁོར་གྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། གདེངས་ཀ་ཅན་གྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདེངས་ཀ་ཅན་གྱི་དབང་པོ་ནི་ཀླུ་ཡིན་ལ་དེ་རྣམས་ཀྱི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་བརྐྱང་ལ་མཐེ་བོང་གཉིས་ཕན་ཚུན་ལྕགས་ཀྱུར་བཅིངས་ནས་
ལྷག་མའི་སོར་མོ་བརྒྱད་པ་རྣམས་ཀྱིས་གདེངས་ཀའི་ཚུལ་གྱིས་གདེངས་ཀ་བསྒྲེང་བར་བྱས་ཏེ། འདི་ནི་ལྟོ་འཕྱེ་ཆེན་པོའི་ལག་པ་ཞེས་བྱ་བའི་ཕྱག་རྒྱ་ཡིན་ཏེ། ཀླུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པའི་དམ་ཚིག་གོ། །འདི་ཅིའི་ཕྱིར་ཞེ་ན།
གལ་ཏེ་འདས་པར་བྱས་ན་འཆིང་བར་འགྱུར་རོ་ཞེས་གསུངས་སོ། །དབུས་མ་དང་སྲིན་ལག་ཅེས་བྱ་བ་ལ་སོགས་པ་ལ་གུང་མོ་དང་སྲིན་ལག་གི་སོར་མོ་བཞི་པོས་རྡོ་རྗེ་བསྡམས་པ་ནང་དུ་བྱས་ལ་མཛུབ་མོ་དང་མཐེ་བོ་དག་གིས་མགུ་བའི་ཚུལ་གྱིས་སྟེང་དུ་བསྒྲེང་བར་བྱས་ན་དེ་ལྟར་ན་དུག་
ཐམས་ཅད་འབར་བར་འགྱུར་བ་ཡིན་ནོ། །ཕྱག་རྒྱ་འདི་ཉིད་བཅིངས་ལ་མཛུབ་མོ་གཉིས་ཀྱིས་དུག་ཐམས་ཅད་བླངས་ཏེ་དུག་བཅིང་བའི་བསམ་པས་མཛུབ་མོ་གཉིས་ཀྱི་རྩེ་མོར་མཐེ་བོང་གཉིས་ཀྱི་རྩེ་མོ་གཟུང་བར་བྱས་ཏེ། འདིས་དུག་ཐམས་ཅད་འཆིང་བར་འགྱུར་རོ། །དེ་ལྟར་
དུག་ཡང་དག་པར་བསྡུས་ཏེ་མཐེ་ཆུང་གཉིས་ཀྱི་རྩེ་མོས་བརྡེག་པར་བྱས་ཏེ་དུག་ཐམས་ཅད་འཇིག་པར་འགྱུར་རོ། །འདི་ཉིད་ཀྱིས་ཞེས་བྱ་བ་ལ་མཐེ་ཆུང་གཉིས་ཀྱི་རྩེ་མོ་བརྡེག་པས་དུག་ཐམས་ཅད་བཟའ་བ་དང་ཕོ་བ་དང་དུག་མེད་པ་ཉིད་དུ་འགྱུར་བ་ཡིན་ནོ། །ཕྱག་རྒྱ་བཅིང་བ་ལྷག་
Vol. 60 · folio 169a
མ་རྣམས་ནི་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཀླུའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །།ཕྱི་རོལ་གྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ཅེས་བྱ་བ་ཇི་ལྟར་བཤད་པའི་ཕྱི་རོལ་གྱི་ཕྱག་རྒྱ་རྣམས་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་དེ་
སྟོན་པར་བྱེད་པའི་རྒྱུད་ནི་ཕྱི་རོལ་གྱི་ཕྱག་རྒྱ་རྒྱས་པའི་རྒྱུད་དོ། །ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། །།དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབས་པའོ། །རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྟོག་པ་ཐམས་ཅད་དེ། ཇི་ལྟར་བཤད་
པའི་རྡོ་རྗེ་སེམས་དཔའི་རྟོག་པ་རྣམས་སོ། །དེ་རྣམས་བསྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་རྟོག་པ་སྟེ། དེའི་དོན་དུ་ཕྱག་རྒྱ་གང་ཡིན་པ་དེ་སྟོན་པར་བྱེད་པའི་རྒྱུད་ནི་རྒྱུན་དེ་ཉིད་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་དེ་བཤད་པར་བྱ་བ་ནི་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་
ལ་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་དགར་བའོ། །ལྔ་ཞེས་བྱ་བ་ནི་ཕྱག་རྒྱ་ལྔའི་རྟོག་པ་ཐམས་ཅད་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྐུའི་ཕྱག་རྒྱ་ཞེས་བྱ་བ་རེ་ཞིག་སྐུའི་
ཕྱག་རྒྱ་རྟོག་པ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །སྐུའི་ཕྱག་རྒྱ་དེ་གང་ཡིན་ཞེ་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ཕྱག་རྒྱ་ཆེན་པོ་དེ་རིགས་གང་ལ་རྟོག་པ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ཞེ་ན། རྡོ་རྗེ་འཆང་ཆེན་པོའི་རིགས་སོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ་ཕྱག་རྒྱ་ཆེན་
པོ་བཅིངས་ལ་རྡོ་རྗེ་སེམས་དཔའི་རིགས་ལ་དངོས་གྲུབ་གང་བསྟན་པ་དེ་རྣམས་བསྒྲུབ་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་རིགས་ལ་ཞེས་བྱ་བ་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་
ཐམས་ཅད་བསྒྲུབ་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེའི་རིགས་སོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྟོག་པ་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། །པདྨ་ཆེན་པོ་ནི་པདྨའི་རིགས་སོ་ཞེས་བྱ་བ་ལ། པདྨ་ཆེན་པོ་བཅིངས་ལ་
Vol. 60 · folio 169b
རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་རྟོག་པ་ལས་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །རྡོ་རྗེ་ནོར་བུ་རིན་པོ་ཆེ་ནི་ནོར་བུའི་རིགས་ལའོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་སྙིང་པོའི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་ནི་རྡོ་རྗེ་ནོར་བུ་རིན་པོ་
ཆེ་སྟེ། དེ་བཅིངས་ལ་འཕགས་པ་ནམ་མཁའི་སྙིང་པོའི་རིགས་ལས་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །འདིས་ནི་ཆོ་ག་རྒྱས་པའི་འཇིགས་པས་འཇིགས་པ་རྣམས་ལ། ཕྱག་རྒྱ་རེ་རེས་རང་གི་རིགས་ལས་བྱུང་བའི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར་མན་
ངག་བསྟན་པ་ཡིན་ནོ། །རང་གི་ངག་གི་སྔགས་ཀྱི་བཟླས་པ་བྱ་ཞིང་དངོས་གྲུབ་ཐམས་ཅད་བསྒྲུབ་པའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་གསུང་གི་ཕྱག་རྒྱ་ལྔ་པོ་ནི་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་
དང་། རྡོ་རྗེའི་རིགས་དང་། པདྨ་དང་ནོར་བུའི་རིགས་ཀྱི་གསུང་གི་དབྱེ་བས་གསུང་གི་ཕྱག་རྒྱ་ལྔ་པོ་ཡིན་ནོ། །སྙན་པའི་གླུ་ཞེས་བྱ་བ་ལ་སོགས་པ་ལ། སྙན་པའི་གླུ་ནི་དེ་ལས་མཁས་པ་ལས་ཤེས་པར་བྱའོ། །རབ་ཏུ་དགའ་བའི་རྡོ་རྗེའི་ངག་ནི། རྡོ་རྗེ་སེམས་དཔའི་རིགས་ལ་
སྟེ་འདིས་སྔགས་བརྗོད་ཅིང་རྡོ་རྗེ་སེམས་དཔའི་རིགས་ཀྱི་ཟློས་པ་པོས་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པར་བྱའོ། །ལྕེ་དང་མཆུ་གཉིས་ཅུང་ཟད་གཡོ་བ་གང་ལ་ཡོད་པ་དེ་ནི་ལྕེ་དང་མཆུ་གཉིས་ཤིན་ཏུ་གཡོ་བ་མ་ཡིན་པ་སྟེ། སོ་དང་མཆུ་ཤིན་ཏུ་མ་འབྱར་བ་དབྱངས་བདུན་དང་བྲལ་
བའི་སྒྲ་དང་མི་ལྡན་པ་དེ་ནི་རྡོ་རྗེའི་ངག་སྟེ། དེ་བཞིན་གཤེགས་པའི་རིགས་ལའོ། །རིགས་ཐམས་ཅད་ལ་དགོས་པ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའི་རིགས་ལ་ཡང་འདིར་བཟླས་པར་བྱ་བ་ཡིན་ནོ། །གང་གི་ཕྱིར་འདིས་ཀྱང་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་དེའི་
ཕྱིར། སྤྲིན་གྱི་འབྲུག་སྒྲའི་ཡི་གེ་ཧཱུཾ་ཞེས་བྱ་བ་ལ་སྤྲིན་བཞིན་དུ་ཡི་གེ་ཧཱུཾ་འབྲུག་སྒྲ་གང་ལས་བྱུང་བ་དེ་ནི་སྤྲིན་གྱི་འབྲུག་སྒྲའི་ཡི་གེ་ཧཱུཾ་ངོ་། །ཕྲ་མོ་སྒྲ་དང་ལྡན་པ་ཞེས་བྱ་བ་ལ་ཅུང་ཟད་ཙམ་གྱི་སྒྲ་གང་ལ་ཡོད་པ་དེ་ནི་སྒྲ་ཕྲ་མོ་དང་ལྡན་པ་སྟེ། ཁྲོ་བོའི་རྡོ་རྗེ་ཞེས་བྱ་བ་གསུང་རྡོ་རྗེའི་
Vol. 60 · folio 170a
རིགས་ལའོ། །ཏིང་ངེ་འཛིན་གྱི་ངག་པདྨའི་རིགས་སོ་ཞེས་བྱ་བ་ལ་གཞན་དུ་ནི་མི་གཡེང་བའི་སེམས་ཀྱིས་ཡིད་ཀྱིས་བཟླས་པ་ནི་ཏིང་ངེ་འཛིན་གྱི་ངག་གོ། །རང་བཞིན་གྱིས་དག་པའི་པདྨ་ཞེས་བྱ་བ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་པའི་
བསྒོམ་པ་གང་ཡིན་པ་དེ་ནི་པདྨ་ལྟར་དངོས་པོར་འཛིན་པའི་ཞེན་པ་དང་བྲལ་བ་ཡིན་ལ། དེའི་ཕྱིར་རང་བཞིན་གྱིས་དག་པའི་པདྨ་ཞེས་བྱ་བར་བརྗོད་པ་ཡིན་ཏེ། རང་བཞིན་གྱིས་དག་པ་ལ་ལྷག་པར་མོས་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཀྱི་ངག་ནི་ནོར་བུའི་རིགས་ལའོ་
ཞེས་བྱ་བ་ལ་ནོར་བུའི་རིགས་ཀྱི་སྒོམ་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་ཆོས་སོ། །དེ་སྟོན་པར་བྱེད་པའི་ངག་གི་ཆོས་སོ། །དེ་ཉིད་སོ་སོར་རྟོགས་པའི་མཆོད་པའི་ནོར་བུའི་རིགས་བསྐྱེད་པའི་རྒྱུར་འགྱུར་བ་དང་། དེ་ལྟར་སྟོན་པར་བྱེད་པ་དང་། དེ་དང་རྒྱུ་མཐུན་པ་སྟེ།
དེའི་ཕྱིར་མཆོད་པའི་ནོར་བུའོ། །འདིས་ནི་འདི་ལྟར་སྟོན་པར་འགྱུར་ཏེ། ནོར་བུའི་རིགས་ལ་ལྷག་པར་མོས་པའི་རང་བཞིན་ཅན་གྱི་སྨྲ་བར་འདོད་པ་ནི་ཆོས་ཀྱི་ངག་ཅེས་བྱ་བར་བརྗོད་པ་ཡིན་ནོ། །དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔའོ་ཞེས་བྱ་བ་ལ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་
ནོ། །བསྒོམ་པར་བྱ་བའི་རང་བཞིན་ཅན་གྱི་ཕྱག་རྒྱ་རྣམས་ནི་ཐུགས་ཀྱི་ཕྱག་རྒྱ་སྟེ། སེམས་ཀྱི་དམིགས་པའི་ཡུལ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱང་རིགས་ཀྱི་དབྱེ་བས་ལྔར་འགྱུར་རོ། །ཐམས་ཅད་བསྒྲུབ་པར་བྱ་བ་ནི་རྡོ་རྗེ་སེམས་དཔའི་བསྒོམ་པའོ་
ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་རིགས་ཀྱི་རྣལ་འབྱོར་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱིས་ཕྱག་རྒྱ་རྣམས་དང་། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཐུན་པར་འགྱུར་བ་
བསྒོམ་ཞིང་བདག་གམ་གཞན་ལ་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་ལ་སོགས་པའི་རྫས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསྒོམ་ཞིང་བསྒྲུབ་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པས་དེ་བཞིན་གཤེགས་པའི་རིགས་ལའོ་ཞེས་བྱ་བ་ལ་བཅོམ་ལྡན་
Vol. 60 · folio 170b
འདས་རྣམ་པར་སྣང་མཛད་ཀྱི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེ་བཞིན་གཤེགས་པའི་རིགས་དེ་ལས་བསྒྲུབ་པར་བྱ་བ་ཐམས་ཅད་གཉིས་སུ་མེད་པའི་སེམས་ལས་བྱུང་བའི་རང་བཞིན་དང་། དེ་བཞིན་གཤེགས་པའི་རང་བཞིན་དང་། དེ་དང་རྒྱུ་མཐུན་པར་
གྱུར་པ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་རང་བཞིན་དུ་དེའི་རིགས་ཀྱི་རྣལ་འབྱོར་པས་བསྒོམ་པར་བྱ་བ་ཡིན་ནོ། །བདག་གམ་བདག་གིས་མདུན་དུ་གསད་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེའི་རིགས་ལའོ་ཞེས་བྱ་བ་ལ་བདག་ནི་བདག་ཉིད་དེ་འཁོར་བའི་དངོས་པོའོ། །དེ་ཉིད་
རྡོ་རྗེའི་རིགས་ཀྱི་རང་གི་བདག་ཉིད་ལ་ལྷག་པར་མོས་པས་མི་སྣང་བར་བྱེད་པའོ། །ཡང་ན་མདུན་དུ་བུམ་པ་བཟང་པོ་ལ་སོགས་པ་བསྒྲུབ་བྱ་རྡོ་རྗེའི་རིགས་ཀྱི་རང་བཞིན་དུ་བྱེད་པ་ནི་གསོད་པ་སྟེ་དེ་ལྟར་བསྒོམ་ཞིང་རྡོ་རྗེའི་རིགས་ཀྱི་ཟློས་པ་པོས་བཟླ་བར་བྱ་བ་ཡིན་ནོ། །
བདག་གིས་སྦྱང་བར་བྱའོ་ཞེས་བྱ་བ་ལ་པདྨའི་རིགས་སོ་ཞེས་བྱ་བ་ལ་རང་བཞིན་གྱིས་དག་པའི་སྒོམ་པ་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི་དྲི་མ་བདག་ཉིད་དམ་མདུན་དུ་སྦྱང་བར་བྱ་སྟེ། སེལ་བར་བྱེད་པའོ་ཞེས་བྱ་བ་འདི་ལྟར་པདྨའི་རིགས་ཀྱི་ཟློས་པ་པོས་
བསྒོམ་པར་བྱ་ཞིང་བཟླ་བར་བྱ་བ་ཡིན་ནོ། །ནམ་མཁའ་ཐམས་ཅད་ཀྱི་བསྒོམ་པས་ནོར་བུའི་རིགས་ལའོ་ཞེས་བྱ་བ་དང་། ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ནི་ནམ་མཁའི་སྙིང་པོ་ལ་སོགས་པ་རྣམས་གཟུགས་བརྙན་དང་མཉམ་པ་དང་། ནམ་མཁའ་དང་མཚུངས་པར་
བསྒོམ་པར་བྱས་ཏེ་བསྒོམ་པ་འདིས་ནི་ནོར་བུའི་རིགས་ལ་བཟླས་པ་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་ལྔ་པོ་ཞེས་བྱ་བ་ལ་རིགས་ལྔའི་དབང་བསྐུར་བའི་མཚན་མ་ནི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་རིགས་ཀྱི་དབྱེ་བས་རྣམ་པ་ལྔར་འགྱུར་བ་ཡིན་ནོ། །རྡོ་རྗེ་རྩེ་ལྔ་པ་ཞེས་བྱ་བ་ལ་
སོགས་པ་ལ་རྩེ་ལྔ་པའི་རྡོ་རྗེ་ནི་རྩེ་ལྔ་པའོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་རྩེ་མོ་ཞེས་བྱ་བ་གསུངས་ཏེ། འོད་ཟེར་གྱི་ཕྲེང་བས་ཡོངས་སུ་ཁྱབ་པ་ནི་རྩེ་མོའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པའོ། །དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ནས་སྔ་ནས་གནས་པའོ། །བདེ་
Vol. 60 · folio 171a
བ་ཆེན་པོའི་རྒྱུ་མཐུན་པ་དང་། བདེ་བ་ཆེན་པོ་སྟོན་པར་བྱེད་པ་དང་། བདེ་བ་ཆེན་པོ་ཐོབ་པར་བྱེད་པས་ན་བདེ་བ་ཆེན་པོའི་རྡོ་རྗེ་སྟེ། དེ་ལྟ་བུར་གྱུར་པའི་རྡོ་རྗེ་དེ་རྡོ་རྗེ་ཁུ་ཚུར་གྱིས་བླངས་ཏེ། རྡོ་རྗེ་སེམས་དཔའི་རིགས་ལ་དབང་བསྐུར་བར་བྱ་བ་ཡིན་ནོ། །རྡོ་རྗེ་
རྩེ་ལྔ་པ་འོད་ཟེར་དང་བཅས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བླངས་ཏེ། དེ་བཞིན་གཤེགས་པའི་རིགས་ལ་དབང་བསྐུར་བར་བྱའོ། །འབར་བའི་ཁྲོ་བོས་རྡོ་རྗེ་རྩེ་བཞི་པ་ཁྲོ་བོའི་ཁུ་ཚུར་གྱིས་བླངས་ཏེ་རྡོ་རྗེའི་རིགས་ལ་མཚན་མའི་དབང་བསྐུར་བར་བྱའོ། །འདབ་མ་བཅུ་དྲུག་
པའི་འདབ་མའི་ལྟེ་བར་གནས་པའི་དེ་བཞིན་གཤེགས་པའི་རྡོ་རྗེ་པདྨའི་ཁུ་ཚུར་གྱིས་བླངས་ཏེ། པདྨའི་རིགས་ལས་མཚན་མའི་དབང་བསྐུར་བར་བྱའོ། །རྡོ་རྗེ་རྩེ་ལྔ་པ་རྩེ་མོའི་ཕྱོགས་སུ་གནས་པ་ལས་ཕྱེད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ནང་དུ་ཞུགས་པའི་རྡོ་རྗེ་ཕྱེད་པ་ནི་རྡོ་རྗེ་
རིན་ཆེན་སྟེང་དུ་ནོར་བུའི་ཁུ་ཚུར་གྱིས་བླངས་ཏེ། ནོར་བུའི་རིགས་ལ་དབང་བསྐུར་བར་བྱ་བ་ཡིན་ནོ། །དེ་ལྟར་རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་དབང་བསྐུར་བ་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་སྙིང་པོའི་ཐུགས་ཀྱི་ལས་ཀྱི་ཕྱག་རྒྱའི་ཚུལ་གྱིས་དངོས་གྲུབ་
གང་འདོད་པ་དེ་ཉིད་རྣལ་འབྱོར་པས་བསྒྲུབ་པར་བྱ་བའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་རིགས་ཐམས་ཅད་ཀྱི་རྟོག་པའི་སྒྲུབ་པ་ཐམས་ཅད་ཀྱི་རྒྱུད་འདིར་བཤད་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ། །དེ་
ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །རིགས་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཏེ། དེ་རྣམས་ཀྱི་རྟོག་པ་ནི་ཇི་ལྟར་བཤད་པའོ། །དེ་རྣམས་ཀྱི་སྒྲུབ་པའི་རྒྱུ་གང་ཡིན་པ་དེའི་ཁྱད་པར་བསྟན་པའི་
ཕྱིར། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་མ་ཡིན་པའི་ཕྱིར་གསང་བའོ། །གང་གིས་ཀྱང་དགག་པར་མི་ནུས་པའི་ཕྱིར་ཐོགས་པ་མེད་པའོ། །འདོད་པའི་དངོས་གྲུབ་ངེས་པར་སྒྲུབ་པར་བྱེད་པའི་ཕྱིར་དོན་ཡོད་པའོ། །རྒྱུ་དེ་འདི་
Vol. 60 · folio 171b
ལྟར་གྱུར་པ་ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་ཀྱི་བདེན་པའོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་ཀྱི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་རང་བཞིན་གྱིས་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་རྣམས་ནི། དེ་ཁོ་ན་ཉིད་ཀྱི་བདེན་
པ་ཡིན་ལ་དེའི་མཆོག་ནི་ཕུལ་དུ་བྱུང་བ་སྟེ། མྱུར་དུ་དངོས་གྲུབ་སྩོལ་བའི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་སྙིང་པོ་རྗེས་སུ་ཆགས་པའི་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་རྣམས་ཀྱི་ཆོ་ག་རྒྱས་པ་ནི། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་ངེས་པར་བསྒྲུབ་པའི་རྒྱུན་ནོ། །དེ་ཉིད་
འདོད་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྒྱུན་ཡིན་པས་ན། དེའི་གསང་བ་དང་། ཐོགས་པ་མེད་པ་དང་། དོན་ཡོད་པའི་རྒྱུད་ཡིན་ནོ། །དེ་བཤད་པར་བྱ་བའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་
སེམས་དཔའ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། གང་ཡིན་པ་དེས་རྟོག་པ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་གང་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་
དམ་ཚིག་གོ་ཞེས་བྱ་བ་དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་དམ་ཚིག་ཅེས་བསྟན་པ་ཡིན་ནོ། །འདིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་དངོས་གྲུབ་གང་དང་གང་བསྒྲུབ་པར་འདོད་པ་དེ་དང་དེ་བསྒྲུབ་པར་བྱ་སྟེ། དོན་ཡོད་པའི་དེ་དང་དེའི་དངོས་གྲུབ་
ཐོབ་པར་འགྱུར་རོ། །གསུང་གི་ཕྱག་རྒྱ་ནི་སྙིང་པོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་སྙིང་པོ་ནི་གསུང་གི་ཕྱག་རྒྱ་སྟེ། དེ་བཟླ་ཞིང་རིགས་ཐམས་ཅད་ལས་གསུངས་པའི་འདོད་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །ཐུགས་ཀྱི་ཕྱག་རྒྱ་ཉེ་བའི་སྙིང་པོ་ཞེས་བྱ་བ་ལ།
དངོས་གྲུབ་གང་དང་གང་སྒྲུབ་པར་བྱེད་པ་དེ་དང་དེ་ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བའི་བཟླས་པའོ། །དོན་ཤེས་པ་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་རིགས་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ། །རྡོ་རྗེའི་ཕྱག་རྒྱ་རྡོ་རྗེ་སྙེམས་མའིའོ་ཞེས་
Vol. 60 · folio 172a
བྱ་བ་ལ། རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སྙེམས་མ་སྟེ། དེ་བཅིངས་ལ་རིགས་ཐམས་ཅད་ལས་གསུངས་པའི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་རྣམས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཞི་པོས་རྟོག་
པ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་སྒྲུབ་པར་བསྟན་ནས། ད་ནི་རིགས་དང་རིགས་སུ་བལྟ་བའི་ལས་ཀྱི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར། ཕྲ་མོའི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ཕྲ་མོ་ཡང་
དེ་ཡིན་ལ་ལས་ཀྱི་ཕྱག་རྒྱ་ཡང་དེ་ཡིན་པས་ན། ཕྲ་མོའི་ལས་ཀྱི་ཕྱག་རྒྱ་རྣམས་ཏེ་བལྟ་བའི་ཕྱག་རྒྱའོ། །དེ་རྣམས་ཀྱི་རྒྱུད་ཀྱི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དོན་ཡོད་ཅིང་ཐོགས་པ་མེད་པ་གང་ཡིན་པ་དེ་སྐབས་སུ་བབ་པའོ། །མ་མཆུའི་སྒྲོས་སོ་རྣམས་ཀྱིས་བཟུང་
ནས་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་རིགས་སམ། གནོད་སྦྱིན་མོ་ལ་སོགས་པའི་བསྒྲུབ་བྱ་མདུན་དུ་བཀུག་པ་དེ་ལ། ཙུམྦ་ནའི་བསམ་པས་བདག་ཉིད་ཀྱི་མ་མཆུ་སོ་རྣམས་ཀྱིས་གཟུང་བར་བྱ་སྟེ་དེ་ཡང་རྡོ་རྗེའི་ལྟ་བས་བལྟ་ཞིང་བཟླས་པའམ་བསྒོམ་པ་བྱས་ན་ཐམས་ཅད་
རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་རོལ་པ་དང་། བརྟན་པར་བྱེད་པའི་དངོས་གྲུབ་ཀྱི་མཚན་མ་ཐོབ་ན་སྐད་ཅིག་མས་སོ་སོར་ཉམས་སུ་མྱོང་བར་བྱེད་པ་ཡིན་ནོ། །སྒྲུབ་པ་ལ་འཇུག་པ་དེ་རིགས་གང་ལས་ཤེ་ན་རྡོ་རྗེ་སེམས་དཔའི་རིགས་ལས་སོ། །རྡོ་རྗེ་ཕྲ་མོ་ཞེས་བྱ་བ་
ལ་སྣའི་རྩེ་མོ་ནས་འབྲས་ཀྱི་ཚད་ཙམ་གྱི་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན། སེམས་རྩེ་གཅིག་པ་ཉིད་ནི་ཕྲ་མོའི་རྡོ་རྗེ་སྟེ་དེ་དང་ལྷན་ཅིག་ཏུ་ཞི་བ་ལ་སོགས་པའི་ལྟ་བ་འདོམ་གང་ཙམ་དུ་བལྟ་བ་གང་ཡིན་པ་དེ་ནི་ཞི་བའི་ལྟ་བ་འདོམ་གང་གི་ཚད་དུ་ཁྱབ་པར་བྱེད་པ་དེས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཚུལ་ཁྲིམས་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ལྟ་བ་འདི་ནི་རིགས་གང་ཞེ་ན། དེ་བཞིན་གཤེགས་པའི་རིགས་ལས་སྐྱེས། །ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བས་ན་དེ་བཞིན་གཤེགས་པའི་རིགས་ལས་སྐྱེས་པའོ། །ཁྲོ་
Vol. 60 · folio 172b
བོ་སྟོན་པར་བྱེད་པའི་དཔྲལ་བའི་ཕྱོགས་ཀྱི་རི་མོ་ནི་ཁྲོ་གཉེར་ཏེ་དེ་དང་བཅས་པའི་ཁྲོ་བོ་ནི་རྡོ་རྗེ་སེམས་དཔའི་རིགས་ཏེ་ཞེ་སྡང་ངོ་། །དེས་མི་བཟད་པ་སྟེ་འཇིགས་པར་བྱེད་པའི་ལྟ་བ་གང་ཡིན་པ་དེ་བྱས་ལ་ཤིན་ཏུ་མ་མགལ་བསྡམས་པའི་རྣལ་འབྱོར་གང་ཡིན་པ་དེ་རྡོ་རྗེ་རིགས་ཀྱི་ལྟ་
བས་ལས་རྣམས་བྱེད་ན་ཐམས་ཅད་ལྟུང་བ་དང་། དབབ་པ་དང་། རེངས་པ་དང་། གཉིད་ལོག་ཏུ་གཞུག་པ་དང་། རྒྱས་བཏབ་པ་དང་། གསོད་པ་དང་། གཞན་གྱི་དཔུང་གཞིག་པ་རྣམས་ཀྱི་མཚན་མ་ཐོབ་ན། སྐད་ཅིག་མས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་
ཐོབ་པར་འགྱུར་རོ། །ལྟ་བ་འདི་རིགས་གང་ལས་ཤེ་ན། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྡོ་རྗེ་ལྟ་བའོ་ཞེས་བྱ་བ་ལ། ཁྲོ་བོ་རྡོ་རྗེ་ནི་རྡོ་རྗེའི་རིགས་ཏེ་དེའི་ལྟ་བ་ནི་ཁྲོ་བོ་རྡོ་རྗེའི་ལྟ་བའོ། །མིག་མ་བཙུམས་པ་ཞེས་བྱ་བ་ལ་སོགས་པ་ལ། བཙུམས་པ་མེད་པའི་བརྟན་པའི་རྡོ་རྗེའི་ལྟ་བས་
བལྟ་བའི་རྣལ་འབྱོར་པས་མཆུ་གཉིས་མཉམ་པར་སྦྱར་ནས་བཟླས་པ་བྱས་ན་སྒྲིབ་པ་ཐམས་ཅད་སྦྱང་བ་དང་། བསྲུང་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་རོ། །རིགས་གང་ལ་ཞེ་ན། པདྨའི་རིགས་ལའོ། །འབར་བའི་ལྟ་བས་ཞེས་
བྱ་བ་ལ་སོགས་པ་ལ་མང་དུ་རབ་ཏུ་གཡོ་བ་མིག་གི་རྫི་མ་འདྲེན་པའི་མིག་གིས་འབར་བའི་ལྟ་བས་བཞད་པའི་རྣལ་འབྱོར་པས། དབང་བསྐུར་བ་ཐམས་ཅད་དང་དོན་ཐམས་ཅད་དང་། རྫོགས་པ་དང་། མཆོད་པའི་ཆོ་ག་ཐམས་ཅད་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་
རོ། །དེ་ལྟར་ཕྱག་རྒྱ་ཐམས་ཅད་བཅིངས་པའི་མཚན་ཉིད་བསྟན་ནས་ད་ནི་རང་གི་ལྷའི་སྙིང་པོ་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་སྒྲུབ་པའོ་
ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་དེ་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་རྣམས་སོ། །དེ་རྣམས་བཅིང་བ་ནི་ཕྱག་རྒྱ་ཐམས་ཅད་བཅིང་བའོ། །དེ་བསྒྲུབ་པ་ནི་རང་ཉིད་ལ་དབང་དུ་བྱ་བའི་ཕྱིར། རང་གི་
Vol. 60 · folio 173a
ལྷའི་སྙིང་པོ་བཟླ་བའོ། །ཉིན་རེ་ཞེས་བྱ་བ་ནི་ཞག་རེ་རེ་ལའོ། །སྔོན་དུ་ནི་སྔ་མའི་ཐུན་མཚམས་ཀྱི་དུས་སུའོ། །ལན་ཅིག་ནི་ལན་ཅིག་གོ། །རང་གི་ལྷའི་སྙིང་པོས་རང་ཉིད་བསྒྲུབ་པ་ནི་བདག་ཉིད་བསྒྲུབ་པའོ། །རང་ཉིད་བསྒྲུབ་པ་འདིས་ཅིར་འགྱུར་ཞེ་ན། རང་
གི་བཅིངས་ནས་མདོར་བསྡུས་པས། །ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་ལྷའི་ཕྱག་རྒྱ་གང་དང་གང་བཅིངས་ཏེ་དེ་དང་དེ་རང་གི་ལྷའི་སྙིང་པོ་བརྗོད་ཅིང་བཅིང་བར་བྱས་ན། འདི་ལྟར་ཕྱག་རྒྱ་དེ་དང་རང་ཉིད་དམ་ཚིག་གི་བཅིང་
བས་བཅིངས་ནས་སྒྲུབ་པ་པོ་དེའི་དབང་དུ་འགྱུར་བ་ཡིན་ནོ། །འདོད་པའི་དངོས་གྲུབ་ཐམས་ཅད་ཀྱང་འབྱུང་ངོ་། །དེ་ལྟར་རང་གི་ལྷའི་སྙིང་པོ་བརྗོད་པས། དང་པོར་ཕྱག་རྒྱ་ཐམས་ཅད་བཅིངས་ཏེ། ཕྱི་ནས་རང་གི་ལྷའི་སྙིང་པོ་ཨ་ནུ་རཱ་ག་ཡ་མི་ཞེས་པ་འདི་དང་བཅས་པར་
བཟླས་ན་དེ་རྣམས་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་ཀྱི་གསང་བ་བསྒྲུབ་པ། ཨ་ནུ་
རཱ་ག་ཡ་མི་ཞེས་བྱ་བའི་སྙིང་པོ་འདི་དང་བཅས་པའི་རིགས་ཐམས་ཅད་ཀྱི་སྙིང་པོ་བརྗོད་པར་བྱའོ། །སྙིང་པོ་ཕྱག་རྒྱ་སྔགས་རིག་པ། །ཞེས་བྱ་བ་ལ་སྙིང་པོ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རིགས་དང་རིགས་སུ་སྔགས་ཀྱི་ཡི་གེ་རྣམས་སོ། །ཕྱག་རྒྱ་ནི་གཟུངས་སོ། །
སྔགས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཡི་གེ་རྣམས་སོ། །རིག་པ་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱང་སྙིང་པོ་སྔགས་དང་ཕྱག་རྒྱ་དང་། རིག་པར་བརྗོད་པ་ཡིན་ཏེ། སྙིང་པོ་སྔགས་དང་
ཕྱག་རྒྱ་དང་། རིག་པ་འདི་རྣམས་བསྒྲུབ་པ་འདི་ནི་རྗེས་སུ་ཆགས་པའི་མཚན་ཉིད་ཅན་ཉེ་བའི་སྙིང་པོའོ། །དེ་ཉིད་རྨད་དུ་བྱུང་བ་ནི་སྔོན་མ་བྱུང་བའི་ཕྱིར་རོ། །འདི་ཉིད་བསྟན་པར་བྱ་བའི་ཕྱིར། །ཅི་ནུས་ཅི་འདོད་བཟླས་པ་ཡི། །ཉེ་བའི་སྙིང་པོ་གསང་བའོ། །ཞེས་བྱ་བ་ལ་གང་
Vol. 60 · folio 173b
ཞིག་འདི་ཅི་ནུས་པ་དང་། ཡིད་ཀྱིས་མངོན་པར་འདོད་པའི་བཟླས་པས་གསང་བ་སྟེ། རྗེས་སུ་ཆགས་པའི་དངོས་པོ་ཉེ་བའི་སྙིང་པོ་སྒྲུབ་པ་བསྟན་པ་དེ་ནི་རྨད་དུ་བྱུང་བའི་སྒྲུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་ཡོད་ཅེས་བྱ་བ་ལ་དོན་ཡོད་ཐོགས་མེད་གསང་བ་ནི་ཕྱག་རྒྱ་རྣམས་
སོ། །གྲུབ་པ་ནི་དེ་དག་གྲུབ་པའོ། །ཇི་ལྟར་ཞེ་ན་རང་བཞིན་ཞེས་བྱ་བ་སྟེ་རང་བཞིན་གྱིས་སོ། །དེ་བཞིན་དུ་རྗེས་སུ་ཆགས་པ་སྒྲུབ་པའི་རྣམ་པ་དེས་བསོད་ནམས་དང་མི་ལྡན་པའི་སྒྲུབ་པ་པོ་སྡིག་པ་དང་ལྡན་པ་རྣམས་ཀྱི་ཡང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་
ཀྱི་ཕྱག་རྒྱ་རྣམས་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་འདིས་རྨད་དུ་བྱུང་བ་ཡིན་ནོ། །དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྙིང་པོ་མཆོག་ནི་སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྙིང་པོ་
དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྦྱིན་པར་མི་བྱའོ། །གསང་ཞིང་གསང་བའི་རྒྱུད་དེ་ནི། །ཞེས་བྱ་བ་ལ། ཡང་དཔལ་མཆོག་དང་པོའི་རྒྱུད་འདི་གསང་ཞིང་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་བསྟན་པར་མི་བྱའོ། །གལ་ཏེ་དངོས་གྲུབ་ཡིད་འོང་
འདོད། །ཅེས་བྱ་བ་ལ་གལ་ཏེ་སློབ་དཔོན་དེས་དཔལ་མཆོག་དང་པོའི་དངོས་གྲུབ་ཤིན་ཏུ་ཡིད་དུ་འོང་བ་འདོད་ན་དེའི་ཚེ་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྦྱིན་པར་མི་བྱའོ། །གང་གི་ཁྱིམ་དུ་གནས་གྱུར་པ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། །།དེ་ལྟར་དུམ་བུ་
གཉིས་པའི་རྩ་བའི་རྒྱུད་བསྟན་ནས། ད་ནི་དེ་ཉིད་དང་དུམ་བུ་དང་པོ་ལས་གསུངས་པའི་རྩ་བའི་རྒྱུད་ཀྱི་རྟོག་པ་ཐམས་ཅད་བསྡུ་བའི་ཕྱིར། སེམས་ཅན་ཐམས་ཅད་བདེ་དོན་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་འཇིག་རྟེན་
དང་འཇིག་རྟེན་ལས་འདས་པ་སྟེ་དེའི་དོན་དུའོ། །དེ་བཞིན་དུ་བསྟན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་བཀའ་ཕན་པ་དང་བདེ་བའི་དོན་དུ་གཉེར་བ་རྣམས་ཀྱི་བྱ་བ་འདི་ཡིན་ནོ་ཞེས་བྱའོ། །དེ་གྲུབ་པ་ནི་གདུལ་བྱ་རྣམས་ཀྱིས་དེའི་རྗེས་སུ་འབྲང་བས་ཏེ། དེའི་དོན་དུ་
Vol. 60 · folio 174a
འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཐམས་ཅད་དེ། དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་སྲས་དང་བཅས་པས། བཅོམ་ལྡན་འདས་རྡོ་རྗེ་མཆོག་འཛིན་པ་རྡོ་རྗེ་འཆང་ཆེན་པོ་དེ་ལ་འདི་སྐད་ཅེས་
ཞུས་སོ། །བདེ་བ་ཆེན་པོ་རབ་གྲུབ་ཕྱིར། །ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱིས་སོ། །ཆགས་པ་ཆེན་པོ་རྣམ་དག་ཕྱིར། །ཞེས་བྱ་བ་ནི་དེ་དག་ཉིད་ཀྱིས་སོ། །རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད། །སེམས་དཔའ་ཆེན་པོ་བཤད་དུ་གསོལ། །ཞེས་བྱ་བ་ལ་རྡོ་རྗེ་སེམས་
དཔའ་ལ་སོགས་པའི་རིགས་ལྔའི་རྟོག་པ་རྣམས་བསྡུས་པ་ནི་རྟོག་པ་ཐམས་ཅད་བསྡུས་པ་སྟེ། དེ་དང་དེར་བསྟན་པའི་རྟོག་པ་ལ་སོགས་པའི་སྒྲ་ཐམས་ཅད་ཀྱི་དོན་གདུལ་བྱ་རྣམས་ཀྱིས་གཟུང་བའི་དོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྟོན་པར་བྱེད་པའི་རྒྱུད་ནི་མིང་གི་
རྣམ་གྲངས་ཀྱི་སྒོ་ནས་དོན་སྟོན་པར་བྱེད་པའི་སྒྲའི་ཚོགས་གསུངས་ཤིག་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཞུས་པའོ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །ཞེས་བྱ་བ་ནས་བརྩམས་ཏེ།
བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་བྱ་བའི་བར་གྱིས་མདོར་བསྟན་པའི་གཞུང་གིས་ཞུས་པ་ཡིན་ནོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་ལ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞུས་པའི་རྗེས་ཐོགས་ཉིད་ལའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་རྣམས་བསྡུས་པ་དྲིས་པའི་བཀའ་གྲུབ་པ་བསྟན་པའི་དོན་ཡོད་པར་གཟིགས་ནས་ཞལ་ཤིན་ཏུ་རྣམ་པར་བཞད་པའོ། །དམ་ཚིག་ཆེན་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བ་རྣམ་པར་གནོན་པ་མཛད་ནས་ཞེས་བྱ་བ་ལ།
དམ་ཚིག་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དམ་ཚིག་ཆེན་པོ་ཐམས་ཅད་དེ། རིགས་ཐམས་ཅད་གཉིས་སུ་མེད་པར་ཤེས་པའོ། །དེ་ཁོ་ན་ཉིད་ཀྱིས་ནི་རིགས་ལྔའི་དེ་ཁོ་ན་ཉིད་བཅུའི་བདག་ཉིད་དོ། །དེ་ཉིད་དེ་བཞིན་ཉིད་རྡོ་རྗེ་ལྟར་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ།
Vol. 60 · folio 174b
དེའི་མིང་ཅན་གྱིས་རྣམ་པར་གནོན་པའི་རིགས་ལྔར་སྤྲུལ་པས་སེམས་ཅན་གྱི་དོན་མཛད་ནས་འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའི་རྟོག་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པའི་རྒྱུད་ཕྱི་མ་སྟེ། མཆོག་ཏུ་གྱུར་པའི་སྒྲའི་ཚོགས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པ་
ཡིན་ནོ། །དེ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པ་ངེས་པར་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ལ་རྣམ་པར་མི་རྟོག་པའི་རྟོག་པ་ཁྱབ་པའི་རྒྱུད་འདི་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་
དགར་བའམ། ངག་ཉེ་བར་དགོད་པ་ལ་བལྟ་བར་བྱའོ། །འདི་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྣམ་པར་མི་རྟོག་པ་ནི་རྟོག་པ་མེད་པའི་ཏིང་ངེ་འཛིན་ཏེ། དེ་ལས་སྔོན་གོམས་པའི་སྟོབས་ཀྱིས་འབྱུང་བའི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག་
པའི་རྟོག་པའོ། །དེ་ཁྱབ་པ་ནི་གདུལ་བྱ་སྐྱེ་བོའི་རྒྱུད་ལ་སོ་སོར་གཏད་པའི་དོན་དུ་སྒྲའི་ཚོགས་ནི་འདིར་ཁྱབ་པའི་རྒྱུད་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གཟུང་བ་དང་འཛིན་པའི་རྟོག་པ་བྲལ་བའི་ཆོས་བདག་མེད་པའི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པའོ། །ནིའི་
སྒྲ་ནི་ངེས་པར་བཟུང་བ་སྟེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དེ་ཉིད་ལས་སོ། །སེམས་ཅན་དོན་ནི་ཡོངས་སུ་བརྟག །ཅེས་བྱ་བ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སེམས་ཅན་རྣམས་ཀྱི་དོན་དུ་གཉེར་བར་བྱས་ན་སེམས་ཅན་གྱི་དོན་ནོ། །སེམས་ཅན་གྱི་དོན་དེ་ཡོངས་
སུ་ནི་ཕྱོགས་བཅུ་ཀུན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རབ་ཏུ་འཇུག་པས་ན་ཡོངས་སུ་བརྟག་པར་བརྗོད་པ་ཡིན་ནོ། །ཡོངས་སུ་བརྟག་པའི་རྒྱུད་དེའི་ཕྱིར། དེས་ན་རྟོག་པ་བཤད་པ་སྟེ་ཞེས་བྱ་བ་ལ། རྟོག་པ་ལས་བྱུང་བའི་རྒྱུད་དེ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོ་ལ་
སོགས་པར་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྟོག་པ་ཞེས་བྱ་སྟེ། དེ་བཤད་པ་ནི་བརྗོད་པ་ཡིན་ནོ། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་གདུལ་བྱ་རྣམས་ཀྱི་རྣམ་པར་རྟོག་པ་སྤང་བའི་ཕྱིར་རོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། སངས་
Vol. 60 · folio 175a
རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པ་སྟེ། སྔོན་གྱི་འཕེན་པའི་ཤུགས་ཀྱི་དབང་གིས་བསྟན་པ་ལ་འཇུག་པ་ཡིན་ནོ། །སླར་ཡང་གདུལ་བྱ་རྣམས་ལ་ནི། འདི་ལྟར་རྟོག་པ་འབྱུང་བ་ཡིན་ཏེ། བཅོམ་ལྡན་འདས་ནི་རྣམ་པར་
རྟོག་ཅིང་རྣམ་པར་དཔྱད་ནས་ཚིག་ཏུ་གསུང་བ་ཡིན་གྱི་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མེད་པས་ནི་མ་ཡིན་ནོ། །དེ་ལྟར་བསྟན་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྒོམ་པ་པོ་རྣམས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྟོག་པའི་ཕྱིར་སློབ་བཞིན་པ་རྣམས་ཀྱི་རྣམ་པར་རྟོག་
པ་དང་བྲལ་བའི་ཏིང་ངེ་འཛིན་ཡིན་ནོ། །དེ་བས་རྟོག་པ་ཡོངས་སུ་དག་པའི་ཕྱིར་རྟོག་པ་བཤད་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པ་ཤེས་པ་བསྟན་ནས། ད་ནི་སྙིང་པོའི་རྒྱུད་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ནོ་ཞེས་
བསྟན་པར་བྱ་བའི་ཕྱིར། དེ་ལ་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དཀྱིལ་འཁོར་ནི། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཡིན་ལ། དེ་སྟོན་པར་བྱེད་པའི་རྒྱུད་ནི་འདི་ཡིན་ཏེ། ས་ལ་ཡི་གེ་གནས་
བྲིས་ནས། །ཞེས་བྱ་བ་ལ། ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ས་གཞི་ལ། ཁ་དོག་དབྱིབས་ཀྱིས་བདག་ཉིད་ཅན་གྱི་དཀྱིལ་འཁོར་བྲི་བར་བྱའོ། །ཇི་ལྟ་བུ་ཡིན་ཞེ་ན། ཡི་གེའི་གནས་ནི་ཡི་གེའི་གནས་ཏེ་རྟེན་ནོ། །འགྱུར་བ་མེད་པ་ཆོས་ཀྱི་
དབྱིངས་མངོན་དུ་བྱེད་པའི་ཐབས་སོ། །བདེ་བ་ཆེན་པོ་ཞེས་བརྗོད་དོ། །ཞེས་བྱ་བ་ལ་བདེ་བ་ཆེན་པོ་ཐོབ་པར་བྱེད་པའི་ཐབས་དང་། བདེ་བ་ཆེན་པོའི་རྒྱུ་དང་མཐུན་པ་དང་། བདེ་བ་ཆེན་པོ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་
དེ་ཉིད་བདེ་བ་ཆེན་པོ་ཞེས་བྱ་བར་བརྗོད་པ་ཡིན་ནོ། །དེའི་དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་གང་ཞིག་བདེ་བ་ཆེན་པོའི་སྙིང་པོ་ཡི་གེ་བཅུ་བདུན་པོ་ཉིད་ནི་མི་ཕྱེད་པའི་ཕྱིར་རོ། །རྡོ་རྗེ་དེ་ཉིད་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུ་ཡིན་ནོ། །དེ་ཇི་ལྟ་བུ་ཞེ་ན། སྙིང་པོ་
Vol. 60 · folio 175b
ཐམས་ཅད་སྒྲུབ་པར་བྱེད་པོའོ་ཞེས་བྱ་བ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་སྙིང་པོ་སྟེ། དེ་ལས་བྱུང་བའི་ཡི་གེ་བཅུ་བདུན་གྱི་བདག་ཉིད་ཅན་ཉེ་བར་བཏགས་པའི་སྙིང་པོའོ། །དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་
དཀྱིལ་འཁོར་ཐམས་ཅད་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། །འདིས་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་དུ་ངེས་པའི་ཡེ་ཤེས་ནི་སྙིང་པོའོ། །དེ་ལས་བྱུང་བའི་སྒྲའི་རང་བཞིན་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་བསྐྱེད་པའི་རྒྱུ་གང་
ཡིན་པ་དེ་ཡང་སྙིང་པོར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་བཟང་པོ་ལ་སོགས་པ་ལས་སྔོན་དུ་ཐོག་མ་མེད་པའི་ངོ་བོ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་གནས་པ་ཡིན་ཏེ་དེའི་ཕྱིར་ཡི་གེ་བཅུ་བདུན་པའི་སྙིང་པོ་བར་མཚམས་མེད་པ་ཉིད་དུ་རིགས་ཐམས་ཅད་ཀྱི་དཀྱིལ་
འཁོར་རྣམས་སྐྱེད་པར་བྱེད་པ་ཉིད་དུ་གནས་པ་ཡིན་ནོ། །དེ་ལྟར་སྙིང་པོ་ཤེས་པའི་རྒྱུད་བསྟན་ནས། ད་ནི་ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་ཤེས་པས་དངོས་གྲུབ་ཐོབ་པའི་དོན་དུ་དཀྱིལ་འཁོར་གྱི་བཤད་པའི་རྒྱུད་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ་ཇི་ལྟར་གནས་ཞེས་བྱ་བ་ནི་ཇི་ལྟར་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་པའི་དུས་སུ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ལ་སོགས་པའི་གནས་བསྟན་པ་དེ་བཞིན་དུ་སྐྱེད་མོས་ཚལ་གྱི་གནས་སུ་དཀྱིལ་འཁོར་གནས་ཏེ་རྣམ་པར་བསྒོམས་ལ། གནས་དེ་རུ་
དཀྱིལ་འཁོར་བྲི་བར་བྱའོ། །ཇི་ལྟར་དུས་ཞེས་བྱ་བ་ནི། རྒྱས་པའི་ལས་ནི་སྔ་དྲོ། དྲག་པོའི་ལས་ནི་ཉི་མ་ཕྱེད་དམ་མཚན་ཕྱེད། ཞི་བ་ལ་ནི་སྲོད་ཀྱི་དུས་སུའོ། །སྒྲུབ་པ་ཆེན་པོ་ལ་ནི་ཉི་མ་འཆར་ཀའི་དུས་སུ་དཀྱིལ་འཁོར་བྲི་བར་བྱའོ། །ཇི་ལྟར་འཇིག་རྟེན་ཞེས་བྱ་
བ་ནི་དཔལ་རྡོ་རྗེ་སེམས་དཔའི་རིགས་སུ་ནི་སྒེག་པའི་ཉམས་གཙོ་བའོ། །དེ་བཞིན་གཤེགས་པ་ནི་ཞི་བའི་ཉམས་གཙོ་བའོ། །རྡོ་རྗེ་ཧཱུཾ་མཛད་ཁྲོ་ཞིང་རྔམ་པ་སྟེ་ཁྲོ་བོའི་ཉམས་གཙོ་བའོ། །རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ནི་སྙིང་རྗེའི་ཉམས་གཙོ་བའོ། །འཕགས་པ་
Vol. 60 · folio 176a
ནམ་མཁའི་སྙིང་པོའི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་རང་བཞིན་དཔའ་བའི་ཉམས་གཙོ་བ་སྟེ་དགྱེས་ཤིང་དགྱེས་པ་ཡིན་ནོ། །འདིར་འཇིག་རྟེན་གྱི་སྒྲས་རིགས་བརྗོད་པ་ཡིན་ཏེ། འཇིག་རྟེན་དེ་ཡང་གང་གི་གང་ཡིན་པ་དེ་ཉིད་ཀྱིས་དེ་བྲི་བར་
བྱའོ། །ཇི་ལྟ་བུ་ཞེས་བྱ་བ་ནི་དབྱིབས་ལ་བརྟེན་ནས་འདི་གསུངས་པ་ཡིན་ཏེ། འཇིག་རྟེན་དེའི་དབྱིབས་ཇི་ལྟ་བུ་ཡོད་པ་དེ་ལྟ་བུ་ཁོ་ན་དཀྱིལ་འཁོར་དུ་བྲི་བར་བྱའོ། །འཁོར་ནི་དགོད་པར་བྱ་བ་སྟེ་ཞེས་བྱ་བ་ལ་བྲི་བའི་དཀྱིལ་འཁོར་ཆོ་ག་གོང་དུ་ལྷ་རྣམས་ཀྱི་གནས་ཀྱི་ངེས་
པ་བསྟན་པ་དེ་བཞིན་དུ་ལྷ་དེ་བྲི་བར་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དཀྱིལ་འཁོར་གྱི་དོན་གྱི་རྒྱུད་བསྟན་ནས། ད་ནི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་ཤེས་པས་ཀྱང་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར།
དཀྱིལ་འཁོར་དུ་ཞུགས་པའི་རྣམ་པར་སྨིན་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་ན་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་གདུལ་བྱ་རྣམས་ལ་གང་འབྱུང་བ་དེ་ནི་རྣམ་པར་སྨིན་པ་ཞེས་བརྗོད་དེ་ཕན་ཡོན་ཞེས་བྱ་བའི་དོན་ཏོ། །རྡོ་
རྗེ་སེམས་དཔའ་སོགས་སེམས་དཔའི། །ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་རྣམས་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་ནས་བརྩམས་ཏེ། རིན་ཆེན་དྲིལ་བུའི་མཐར་ཐུག་པའི་རིགས་ལྔའི་ལྷ་རྣམས་སོ། །དེ་
རྣམས་ཀྱི་འཁོར་དང་བཅས་པ་དེ་ཚེ་དཀྱིལ་འཁོར་དུ་ཞེས་བྱ་བ་ལ། འཁོར་དང་ལྷན་ཅིག་ཏུ་ཞུགས་པས་ན་འཁོར་དང་བཅས་པ་སྟེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་རོ། །ཆོས་ཀྱི་ལོངས་སྤྱོད་ཀྱི་ཕྱིར་སྤྲུལ་པའི་འཁོར་དང་བཅས་པའི་དཀྱིལ་འཁོར་དེར་དེ་ཚེ་སྟེ་
དེའི་དུས་སུ་ཇི་ལྟར་སྐལ་བ་དང་ལྡན་པ་རྣམས་བཞུགས་པས། བསོད་ནམས་ཀྱི་ཚོགས་ཇི་ཙམ་འབྱུང་བའི་ཚད་དེ་ཙམ་དང་མཚུངས་པ་ཉིད་ཀྱི་བྲི་བའི་དཀྱིལ་འཁོར་འདིར་དེ་ལྟར་ཞུགས་ཀྱང་འབྱུང་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་འབྲས་བུ་གདུལ་བྱའི་
Vol. 60 · folio 176b
སྐྱེ་བོ་རྣམས་སྤྲོས་པར་བྱ་བའི་ཕྱིར་བསྟན་ནས། ད་ནི་རིགས་ཐམས་ཅད་ཀྱི་འཁོར་ལོའི་ཁྱད་པར་ཤེས་པས་ཀྱང་དངོས་གྲུབ་འབྱུང་བ་ཡིན་ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་རིགས་ཐམས་ཅད་འཁོར་ལོའི་རྒྱུད་ཅེས་བྱ་བ་རིགས་ཐམས་ཅད་ཀྱི་འཁོར་ལོའི་ཁྱད་
པར་ཤེས་པའི་རྒྱུད་གསུངས་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་ཏེ། དེ་རྣམས་ཀྱི་ཁྱད་པར་ནི་གསལ་བའི་དབྱེ་བའོ། །རྡོ་རྗེ་འཁོར་ལོ་བསྟན་པ་བཞིན། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དག་གི་དཀྱིལ་འཁོར་ནི། རྡོ་
རྗེ་འཁོར་ལོ་སྟེ་སྔར་བྲི་བའི་ཆོ་གར་གཉིས་པོའི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཇི་ལྟར་བཤད་པ་དེ་བཞིན་དུ་གཟུང་བར་བྱའོ། །ལྕགས་ཀྱི་འཁོར་ལོ་དམ་པ་སྟེ། །ཞེས་བྱ་བ་ལ་དཀྱིལ་འཁོར་དམ་པ་ནི་ཕུལ་དུ་བྱུང་བ་སྟེ་ནང་གི་དཀྱིལ་འཁོར་ནི་ལྕགས་ཀྱིས་བྲི་བར་བྱའོ། །དེ་
གང་ཡིན་ཞེ་ན། འབར་བའི་འཁོར་ལོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ནང་གི་རིམ་པ་གང་ཡིན་པ་དེ་འབར་བའི་འཁོར་ལོ་སྟེ། ལྕགས་ཀྱི་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་པདྨ་འདབ་བརྒྱད་ཅེས་བྱ་བ་ལ་ཇི་ལྟར་སྔར་བཤད་པའི་མཚན་ཉིད་ཅན་གྱིས་རྡོ་རྗེ་
སེམས་དཔའ་དང་། དེ་བཞིན་གཤེགས་པ་དག་གི་དཀྱིལ་འཁོར་དུ་གསུངས་པ་དེ་བཞིན་དུ་མཚན་ཉིད་དེ་ཉིད་ཀྱིས། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ནང་གི་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པར་ཤེས་པར་བྱའོ། །ནོར་བུ་ཆེ་ཞེས་བྱ་བ་འཕགས་པ་ནམ་མཁའི་སྙིང་པོའི་
ནང་གི་དཀྱིལ་འཁོར་ཟུར་བརྒྱད་པའི་ནོར་བུ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་འཁོར་ལོའི་ཁྱད་པར་ཤེས་པ་བསྟན་ནས། ད་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྒྲུབ་པ་ཤེས་པས་དངོས་གྲུབ་འབྱུང་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་
འཁོར་ཐམས་ཅད་སྒྲུབ་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཐམས་ཅད་ནི་ཇི་ལྟར་བཤད་པ་བཞིན་ཏེ། དེ་རྣམས་སྒྲུབ་པ་ནི་རྫོགས་པའི་རྒྱུའོ། །དཀྱིལ་འཁོར་བརྟག་པར་བྱས་ནས་ནི། །ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ཏེ་ཡང་དག་པར་
Vol. 60 · folio 177a
མཆོད་ལ། ནང་གི་རིམ་པས་འཇུག་བྱ་སྟེ། །ཞེས་བྱ་བ་ལ་འཇུག་པའི་ཚོ་གས་དཀྱིལ་འཁོར་དུ་ཞུགས་ནས། དཀྱིལ་འཁོར་གྱི་བདག་ཉིད་ཆེན་པོ་སྟེ་གཙོ་བོ་ལ། ཛཿཧཱུཾ་བཾ་ཧོཿ། པྲ་སིདྡྷྱ་མཾ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་
བསྒྲུབ་པའི་རྒྱུད་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའ་ཉིད་ཤེས་པས་ཀྱང་དེ་བསྒྲུབ་བོ་ཞེས་བསྟན་པའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔའ་ཉིད་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ་རྡོ་རྗེ་སེམས་དཔའ་དངོས་པོ་ནི་རྡོ་རྗེ་སེམས་དཔའ་ཉིད་དོ། །དེའི་བཤད་པའི་རྒྱུད་འདི་ཡིན་
ཏེ། སངས་རྒྱས་ལ་སོགས་སེམས་ཅན་ཀུན། །ཞེས་བྱ་བ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཅན་ཐམས་ཅད་ཀྱི་དང་པོར་སངས་རྒྱས་གང་ལ་ཡོད་པ་དེ་ནི་སངས་རྒྱས་ལ་སོགས་སེམས་ཅན་ཀུན་ཏེ། སངས་རྒྱས་ལ་སོགས་པའི་སེམས་
ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་ཐམས་ཅད་ཉིད་ནི་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོའོ། །དེ་གང་ཡིན་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་ཡིན་ལ། ཐོག་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །མཆོག་ཅེས་
བྱ་བ་ནི་ཕུལ་དུ་བྱུང་བ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པའི་སེམས་ཅན་ནི་དོན་དམ་པར་ཐོག་མ་ནས་མ་སྐྱེས་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །སེམས་ཅན་འབྱུང་ཕྱིར་སེམས་དཔའ་སྟེ། །ཞེས་བྱ་བ་ལ། ཐོག་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་
བོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་ལ་རིགས་ལྔའི་རང་བཞིན་གྱི་སེམས་ཅན་རྣམས་སྔོན་གོམས་པའི་སྟོབས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འབྱུང་བ་ཡིན་ཏེ་དེའི་ཕྱིར་ཉེ་བར་བཏགས་ནས་སེམས་དཔའ་ཞེས་བརྗོད་
པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ནི་མི་ཕྱེད་པའོ། །རབ་ཏུ་གྲགས་པ་ནི་རྡོ་རྗེ་འཆང་གིས་རབ་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་རྡོ་རྗེ་སེམས་དཔའ་བཤད་ནས། ད་ནི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཤེས་ན་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དམ་
Vol. 60 · folio 177b
ཚིག་ཆེན་པོའི་དེ་ཁོ་ནའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། ཐོག་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐམས་ཅད་ལ་ཁྱབ་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོའི་དེ་ཉིད་ཡིན་ནོ། །དེའི་དེ་ཁོ་ན་ཉིད་ནི་རབ་ཏུ་
དགའ་བའི་ཀུན་དུ་བཟང་པོ་ཉིད་དོ། །ཐོག་མ་ཐ་མ་མེད་པའོ། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཁམས་གསུམ་པའི་ཆོས་ཉིད་དང་། ཁམས་གསུམ་ལ་སྤྲུལ་པ་མཐོང་བས་འཁོར་བའོ། །དེ་བཞིན་མྱ་ངན་འདས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་།
དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་དོན་དམ་པ་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པའོ། །དེ་ལྟར་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་བཤད་པའི་རྒྱུད་བསྟན་ནས། ད་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་ཤེས་པས་དངོས་གྲུབ་ཐོབ་པར་
འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཐོག་མ་དང་ཐ་མ་མེད་པ་ཉིད་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པའི་དངོས་པོ་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་དེ། ཐོག་མ་དང་ཐ་མ་མེད་པ་ཉིད་ནི་དང་པོ་ནས་མ་སྐྱེས་པའི་འདུས་བྱས་ཐམས་ཅད་དོ། །
དེ་ཉིད་བཤད་པར་བྱ་བ་ནི། ནམ་མཁའ་འབྱུང་བ་ཆེན་པོའི་གནས། །ཞེས་བྱ་བ་གསུངས་སོ། །ནམ་མཁའི་སྐྱེ་བ་ཞེས་བྱ་བ་ནི་རྩིག་པ་ལ་སོགས་པ་ཞིག་པས་ནམ་མཁའ་སྐྱེ་བ་སྟེ། རྫས་ཐམས་ཅད་མེད་པའི་མཚན་ཉིད་ཅན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེ་མེད་ཕྱིར་ཞེས་བྱ་བ་ལ། །
སྐྱེ་བ་མེད་པ་ནི་སྐྱེ་བ་མེད་པ་སྟེ། རྒྱུ་དེའི་ཕྱིར་རྩིག་པ་ལ་སོགས་པ་ཞིག་པ་ཉིད་ནམ་མཁའི་སྐྱེ་བ་སྟེ་ནམ་མཁའི་རྫས་མ་ཡིན་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་དེ་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་རྩིག་པ་ལ་སོགས་པ་རྣམ་པར་ཞིག་པ་ནི་ནམ་མཁའ་སྐྱེ་བར་འདོགས་པ་དེ་བཞིན་དུ་རྣལ་འབྱོར་པ་
ལས་མ་བྱུང་བའི་ཀུན་དུ་བརྟགས་པ་འཇིག་པ་ནི་རྡོ་རྗེ་སེམས་དཔའ་སྐྱེ་ཞེས་འདོགས་པ་ཡིན་ནོ། །དེ་ལྟར་ཐོག་མ་དང་ཐ་མ་མེད་པ་ཉིད་བསྟན་ནས་ད་ནི་རབ་ཏུ་དགའ་བ་ཉིད་ཤེས་པས་ཀྱང་དངོས་གྲུབ་ཐོབ་བོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་རབ་ཏུ་
Vol. 60 · folio 178a
དགའ་བ་ཉིད་ཀྱི་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཅན། བསྐལ་པ་བཟང་པོ་ལ་སོགས་པ་ལས་ཀྱང་སྔར་གནས་པའི་རྣལ་འབྱོར་པས། རྡོ་རྗེ་ལྷ་མོ་ཚོགས་ཀྱི་ནང་དུ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་
ཉམས་སུ་མྱོང་ཞིང་ཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་རབ་ཏུ་དགའ་བ་སྟེ་དེའི་དངོས་པོ་ནི་རབ་ཏུ་དགའ་བ་ཉིད་དོ། །རབ་ཏུ་དགའ་ཕྱིར་ཉོན་མོངས་ཏེ། །ཞེས་བྱ་བ་ལ། བུད་མེད་དང་སྐྱེས་པ་དག་གི་དབང་པོ་གཉིས་སྙོམས་པར་ཞུགས་པ་ལས་བྱུང་བའི་
བདེ་བ་དང་ཡིད་བདེ་བའི་ཁྱད་པར་ནི་རབ་ཏུ་དགའ་བའོ། །དེའི་དོན་དུ་འགྲོ་བ་ཐམས་ཅད་སྟེ་ཆགས་པ་དང་བཅས་པའི་སེམས་ཅན་གྱི་ཁམས་ཉོན་མོངས་པར་འགྱུར་རོ། །དེ་ཁྱད་པར་ཅི་དང་ལྡན་པ་ཡིན་ཞེ་ན། བདེ་བ་འདོད་པ་ཞེས་བྱ་བ་ནི། འགྲོ་བ་དེ་དག་ཐམས་ཅད་བདེ་
བ་འདོད་པས་ཚོལ་ཁྲོའི་སྡུག་བསྔལ་གྱིས་ཉོན་མོངས་པར་འགྱུར་རོ། །དེ་ལ་ཞེས་བྱ་བའི་ནི་འགྲོ་བ་དེར་རོ། །བདེ་བ་རྣམ་དག་ཕྱིར་ཞེས་བྱ་བ་ནི་བདེ་བ་རྣམ་པར་དག་པའི་དོན་དུའོ། །བསྐལ་པ་བཟང་པོ་ལ་སོགས་པ་ལས་སྔ་རོལ་དུ་ལྷ་མོའི་ཚོགས་ཀྱི་ནང་ན་ཞུགས་པ་
ཐོགས་མ་དང་ཐ་མ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐྱེ་བ་ཡིན་ཏེ། འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་སོགས་པ་འདུལ་བར་མཛད་པའི་ཕྱིར་རྡོ་རྗེ་འདོད་པའི་ཁམས་ཀྱི་དབང་ཕྱུག་གི་གཟུགས་སུ་སྐྱེ་བ་ཡིན་ནོ། །དེ་ནས་དེའི་གཟུགས་མཐོང་ནས་འདོད་
པའི་ཁམས་ཀྱི་དབང་ཕྱུག་ཡེ་ཤེས་འབབ་པ་མཐོང་ནས་ས་བརྒྱད་དབང་ཕྱུག་ཏུ་གྲུབ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་འདོད་པའི་ཁམས་ཀྱི་དབང་ཕྱུག་ཐོབ་པར་འདོད་པ་གཞན་དག་ཀྱང་འདུལ་བར་མཛད་པའི་ཕྱིར། རྡོ་རྗེ་འདོད་པའི་དབང་ཕྱུག་གི་གཟུགས་སུ་ཕྱི་མའི་
མཐའི་བར་དུ་འཁོར་བར་བཞུགས་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་རབ་ཏུ་དགའ་བ་ཉིད་བསྟན་ནས། ད་ནི་སྙིང་པོའི་དེ་ཁོ་ན་ཉིད་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་དང་པོའི་སྙིང་པོ་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ཅེས་
Vol. 60 · folio 178b
བྱ་བ་གསུངས་ཏེ། དང་པོ་ཡང་ཡིན་ལ་སྙིང་པོ་ཡང་ཡིན་པས་དང་པོའི་སྙིང་པོ་སྟེ་ཡི་གེ་ཧཱུཾ་ངོ་། །དེའི་དེ་ཁོ་ན་ཉིད་ནི་འདོད་པ་ཅན་ཐམས་ཅད་སད་པར་བྱེད་པའི་ལས་སོ། །ཆགས་པ་ཀུན་ནས་ཆགས་པ་ཆེ། །ཞེས་བྱ་བ་ལ་ཆགས་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ཆགས་
པ་ཀུན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་དོ། །ཆགས་པ་ཀུན་དེ་ཉིད་ལས་ཆགས་པ་ཆེ་བ་སྟེ། སྙིང་པོ་འབྱུང་བ་ཡིན་ནོ། །དེ་ལས་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། འདོད་ལྡན་ཐམས་ཅད་སད་པར་བྱེད། །ཅེས་བྱ་
བ་ལ། དངོས་གྲུབ་ཐམས་ཅད་འདོད་པ་ནི་འདོད་ལྡན་ཐམས་ཅད་དོ། །དེ་སད་པ་ནི་རབ་ཏུ་གསལ་བར་བྱེད་པའོ། །ཆགས་པ་འབར་བ་དྲི་ཟའི་སྙིང་པོ་ཞེས་བྱ་བ་ལ་ཆགས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ཆགས་པ་དམ་ཚིག་རབ་ཏུ་བཤད། །ཅེས་འོག་ནས་གསུངས་
པའི་ཕྱིར་རོ། །དེ་འབར་བ་ནི་སྒྲུབ་པ་པོའི་རྒྱུད་ལ་མངོན་དུ་འགྱུར་བར་བྱེད་པ་སྟེ། དེའི་དོན་དུ་དྲི་ཟའི་སྙིང་པོ་ནི་གླུའི་སྙིང་པོ་སྟེ་ཡི་གེ་ཧཱུཾ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་གང་གི་སྙིང་པོ་ཡིན་ཞེ་ན། ཕྱག་ན་རྡོ་རྗེ་ཞེས་བྱ་བ་སྟེ་རྡོ་རྗེ་འཆང་གིའོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་ཡི་
གེ་ཧཱུཾ་གི་གླུ་བླང་བ་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ནས་ཡི་གེ་ཧཱུཾ་གི་གླུ་བླང་བའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ཡི་གེ་ཧཱུཾ་ཉིད་གླུ་སྟེ་ཡི་གེ་ཧཱུཾ་གི་གླུའོ། །དེའི་གླུ་བླང་བ་ནི་དྲུག་ལྡན་ལ་སོགས་པའི་གླུ་རྣམ་པ་ཐམས་ཅད་ཀྱིས་མངོན་པར་འདོད་པའི་
དོན་སྒྲུབ་པའི་ཕྱིར་བཟླས་པའོ། །གླུ་ལས་ཆགས་པ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དང་བཅས་པའི་གླུའི་བཟླས་པ་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡུལ་ལ་ཆགས་པ་ནི་ཞེན་པའོ། །ཞེན་པ་དེ་ལས་དགའ་བ་སྐྱེ་བའོ། །དགའ་བ་ལས་འདོད་པ་སྟེ། རྡོ་རྗེ་སེམས་
དཔའ་ལ་སོགས་པའི་བསྒོམ་པ་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བ་ནི་འདོད་པའོ། །རབ་ཏུ་དགའ་བས་ཐམས་ཅད་འབྱུང་། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པ་ལས་བྱུང་བའི་བདེ་བ་དང་། ཡིད་བདེ་བའི་བདག་ཉིད་ཀྱི་རབ་ཏུ་དགའ་བ་དེ་ལས་
Vol. 60 · folio 179a
རིགས་ཐམས་ཅད་འབྱུང་བ་ཡིན་ནོ། །ཐམས་ཅད་འབྱུང་བར་གྲུབ་པའི་ཕྱིར། །བསྐལ་པའི་དང་པོར་བཅོམ་ལྡན་གསུངས། །ཞེས་བྱ་བ་ལ། རིགས་ཐམས་ཅད་འབྱུང་བ་ནི་སྐྱེ་བ་སྟེ། དེ་གྲུབ་པ་ནི་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྫོགས་པའོ། །དེའི་
དོན་དུ་བསྐལ་པ་བཟང་པོའི་དང་པོར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཡི་གེ་ཧཱུཾ་གི་ཞེས་བྱ་བའི་སྙིང་པོ་གསུངས་པ་ཡིན་ནོ། །དེ་ལྟར་ཡི་གེ་ཧཱུཾ་གི་གླུ་བླང་བའི་རྒྱུད་བསྟན་ནས། ད་ནི་ཡི་གེ་ཧཱུཾ་གི་གླུའི་བཟླས་པའི་དོན་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བསྟན་
པའི་ཕྱིར། དེ་ནས་ཡི་གེ་ཧཱུཾ་གི་བཟླས་པའི་དོན་གྱི་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ཡི་གེ་ཧཱུཾ་གི་བཟླས་པའི་དོན་ནི་རྗེས་སུ་ཆགས་པ་སྟེ། དེ་སྟོན་པར་བྱེད་པའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །མྱུར་དུ་ཐམས་ཅད་རྗེས་ཆགས་པས། །ཞེས་བྱ་བ་ལ།
ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། དེ་རྗེས་སུ་ཆགས་པ་ནི་ཡང་དང་ཡང་དུ་མངོན་དུ་གྱུར་པའོ། །ཐམས་ཅད་རྗེས་སུ་ཆགས་པ་དེ་ལས་མྱུར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རྗེས་སུ་ཆགས་པ་ནི་སྒྲུབ་པ་པོའི་མངོན་དུ་གྱུར་པ་ཡིན་ནོ། །རྗེས་སུ་
ཆགས་པར་བྱེད་མཆོག་ནི། །ཞེས་བྱ་བ་ལ། ཇི་ལྟར་བཞུགས་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཡང་དང་ཡང་དུ་རྗེས་སུ་ཆགས་པར་བྱེད་པ་ནི་བདག་གི་མངོན་སུམ་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་མཆོག་ནི་ཕུལ་དུ་བྱུང་བ་སྟེ་སྙིང་
པོའི་ཡི་གེ་ཧཱུཾ་བཟླས་པའི་དོན་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ་སྙིང་པོའི་བཟླས་པའི་དོན་འདི་ཉིད་མཆོག་ཏུ་གྱུར་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡི་གེ་ཧཱུཾ་གི་གླུའི་བཟླས་པའི་དོན་བསྟན་ནས་ད་ནི་རྡོ་རྗེ་སེམས་དཔར་ཤེས་པས་དངོས་གྲུབ་
ཐོབ་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔར་བྱུང་བའི་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ་གླུ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་གླུ་རྣམས་ཁྲོ་བོའི་རྣམ་པ་ཅན་གྱི་སེམས་རྩེ་གཅིག་པ་ཉིད་ཀྱི་མཐུ་ལས་རྡོ་རྗེ་ཐོག་རྫོགས་པའི་བློས། རྡོ་རྗེ་
Vol. 60 · folio 179b
ཐོག་བསྟན་པར་གྱུར་པ་འབེབས་པ་དེ་བཞིན་དུ་རྡོ་རྗེ་བསྡུས་པའོ་ཞེས་བྱ་བ་ལ་ཆོས་བདག་མེད་པའི་ཏིང་ངེ་འཛིན་ཆོས་ཐམས་ཅད་རང་བཞིན་མེད་པའི་སྤྱོད་པའི་སེམས་རྩེ་གཅིག་པའི་ངོ་བོས་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ལྔའི་རྩེ་མོ་མི་ཕྱེད་པ་ཅན་གྱི་སེམས་བསྡུས་པར་
བརྟག་པར་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་རོ། །དེ་ལྟར་སེམས་རྡོ་རྗེ་ཉིད་དུ་བསྟན་ནས་ད་ནི་རྡོ་རྗེ་སེམས་དཔའ་འབྱུང་བ་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔའ་འབྱུང་བ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་
དཔའ་འབྱུང་བ་ནི་སྐྱེ་བ་སྟེ། རྣལ་འབྱོར་པའི་རྒྱུད་ལ་ཤེས་པ་གང་ལས་འབྱུང་བ་དེ་ནི་རྡོ་རྗེ་སེམས་དཔའི་འབྱུང་བའི་ཤེས་པའོ། །སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ། །ནིའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་བདག་ཉིད་ཅེས་བྱ་བ་ལ་ཐམས་ཅད་ནི་དེ་
བཞིན་གཤེགས་པ་ལ་སོགས་པའི་སེམས་ཅན་རྣམས་ཏེ། དེའི་བདག་ཉིད་ནི་ཐམས་ཅད་ཀྱི་བདག་ཉིད་དེ་ཐམས་ཅད་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །བདག་གི་བདག་ཉིད་ལ་ཡང་གནས། །ཞེས་བྱ་བ་ལ། བདག་གི་སེམས་
དང་སེམས་ལས་བྱུང་བ་ལ་ཡང་དེའི་བདག་ཉིད་རྗེས་སུ་ཞུགས་ཏེ་ཐ་མི་དད་པའི་ཚུལ་གྱིས་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་དུ་གནས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དངོས་སུ་འདིར། །ཞེས་བྱ་བ་ལ་དངོས་སུ་ལྷག་པའི་བསམ་པའི་སྟོབས་ཀྱིས་རྡོ་རྗེ་དང་དྲིལ་བུ་
འཛིན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྣལ་འབྱོར་པ་འདི་ལ་བཞུགས་པ་སྟེ། གཟུང་བའི་ཆའི་དངོས་པོ་ཏིང་ངེ་འཛིན་ལ་ཐ་མི་དད་པར་འགྱུར་ཞིང་མྱུར་དུ་ཞུགས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཐམས་ཅད་ལ་བཞུགས་ཞེས་བྱ་བ་ལ།
སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བཞུགས་པའོ། །དེ་ལྟར་རྡོ་རྗེ་སེམས་དཔའ་འབྱུང་བའི་ཤེས་པའི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་སངས་རྒྱས་ཉིད་ཐོབ་པ་ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ཅེས་
Vol. 60 · folio 180a
བྱ་བ་གསུངས་ཏེ། འདོད་པས་ཆགས་པ་ཞེས་བྱ་བ་ལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ནི་འདོད་པ་དེ་ལ་ཆགས་པ་སྟེ་ཡུལ་ལ་ཆགས་པའོ། །དགའ་ལས་བདེ་ཞེས་བྱ་བ་ལ་འདོད་པ་ལ་བརྟེན་པ་དགའ་བའི་སེམས་ལས་
འཁོར་བའི་སེམས་ཅན་རྣམས་ལ་བདེ་བ་འབྱུང་བའོ། །བདེ་བ་ལས་སྡིག་པ་ཞེས་བྱ་བ་ལ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་པའི་སྡིག་པའོ། །སྡིག་པ་ལས་སྡུག་བསྔལ་ཞེས་བྱ་བ་ལ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་པའི་སྡིག་པའི་དངོས་པོ་དེ་ལས་མཐོང་
བའི་ཆོས་ལ་གསོད་པ་དང་འཆིང་བ་ལ་སོགས་པའི་སྡུག་བསྔལ་འབྱུང་ངོ་། །སྡུག་བསྔལ་ལས་ཏིང་ངེ་འཛིན་ཞེས་བྱ་བ་ལ། ནད་ལ་སོགས་པའི་སྡུག་བསྔལ་འབྱུང་བས། འཁོར་བའི་སྐྱོན་རྣམས་རྟོགས་པར་འགྱུར་རོ། །དེ་ནས་འཁོར་བ་ལས་སེམས་སྐྱོ་བ་སྟེ། འཁོར་
བ་སྤང་བའི་ཕྱིར་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་སྟེ། དེའི་ཕྱིར་སྡུག་བསྔལ་ལས་ཏིང་ངེ་འཛིན་འབྱུང་བ་ཡིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཡིན་ཞེ་ན། ཤིན་ཏུ་བརྟན་པ་ཞེས་བྱ་བ་ལ། ཆོས་བདག་མེད་པའི་ཏིང་ངེ་འཛིན་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་གཡོ་བའི་
ཕྱིར། རྡོ་རྗེ་བཞིན་དུ་ཤིན་ཏུ་བརྟན་པ་ཡིན་ནོ། །རྡོ་རྗེ་ཉིད་ལས་སངས་རྒྱས་འབྱུང་། །ཞེས་བྱ་བ་ལ། ཆོས་བདག་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེ་དེ་ལས་བྱུང་བ་སྟེ། རྣམ་པར་སྣང་མཛད་ཀྱི་སྐུའི་གསང་བ་སྐྱེ་བར་འགྱུར་རོ། །
དེ་ལྟར་དེ་བཞིན་གཤེགས་པའི་འབྱུང་བ་ཤེས་པའི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱི། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཤེས་ན་རང་རང་གི་རིགས་ཀྱི་དངོས་གྲུབ་ཐོབ་པ་
ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་དེའི་རྒྱུད་གསུངས་ཏེ། དེ་བཞིན་གཤེགས་པའི་རྒྱུད་རིགས་དེ་ཉིད་ཅེས་བྱ་བ་ལ། སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བས། རྡོ་རྗེ་སེམས་དཔར་གྱུར་པའི་རྣལ་འབྱོར་པ་གང་ཡིན་པ་དེ་
Vol. 60 · folio 180b
ཉིད་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་རང་བཞིན་དུ་རྣམ་པར་བསྒོམས་ན། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་རང་བཞིན་ཅན་དུ་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་དང་། རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་། འཕགས་པ་ནམ་
མཁའི་སྙིང་པོ་སྟེ། དེ་དག་གི་རིགས་ཀྱི་རང་བཞིན་དུ་དེ་ཉིད་བསྒོམས་ན་དེའི་རང་བཞིན་ཅན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ཉིད་རྡོ་རྗེའི་རིགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ལ་
སོགས་པའི་འབྱུང་བ་ཤེས་པའི་རྒྱུན་བསྟན་ནས། ད་ནི་མངོན་པར་བྱང་ཆུབ་པ་ཤེས་པས། དེ་བཞིན་གཤེགས་པའི་རྣལ་འབྱོར་པས། དེ་བཞིན་གཤེགས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་མངོན་པར་བྱང་ཆུབ་པ་འབྱུང་བ་ཤེས་པའི་
རྒྱུད་ཅེས་བྱ་བ་གསུངས་ཏེ། སེམས་སོ་སོར་རྟོགས་པས་ནི་ཞེས་བྱ་བའི་དོན་ཏོ། །རང་ཉིད་ཀྱི་སེམས་ནི་རང་སེམས་ཏེ་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་དོ། །དེ་དག་སོ་སོར་རྟོགས་པ་ནི། །ཨོཾ་ཙིཏྟ་པྲ་ཏི་བཻ་དྷཾ་ཀ་རོ་མི།
ཞེས་བྱ་བ་བརྗོད་ཅིང་གཟུང་བ་དང་། འཛིན་པ་དངོས་པོ་མེད་པའི་རང་བཞིན་དུ་རྟོགས་པའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། དེ་ཉིད་ཁོ་ན་ལས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཅི་འབྱུང་ཞེ་ན། བྱང་ཆུབ་སེམས་ནི་ཡང་དག་འབྱུང་། །ཞེས་བྱ་བ་དང་། བྱང་ཆུབ་
ཀྱི་རང་བཞིན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དག་པར་འབྱུང་བ་ནི། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱ་བ་བརྗོད་ནས་དེ་བསྐྱེད་ཅིང་། དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སེམས་དཔའི་
རྡོ་རྗེ་བདག་ཉིད་དུ་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྡོ་རྗེ་ཉིད་ཕྱིར་ཞེས་བྱ་བ་གསུངས་ཏེ། ཨོཾ་ཏིཥྛ་བཛྲ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་བརྗོད་ཅིང་སེམས་ཏེ་རྡོ་རྗེ་དང་རྡོ་རྗེའི་བདག་ཉིད་དུ་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྡོ་རྗེ་ཉིད་ཕྱིར་ཤེས་པར་བྱའོ་
Vol. 60 · folio 181a
ཞེས་བྱ་བའི་དོན་ཏོ། །དེ་ནས་སེམས་དཔའི་རྡོ་རྗེར་གྱུར་པའི་སེམས་དེ་ཉིད། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཏིཥྛ་ཨ་ཧཾ་ཞེས་བྱ་བ་བརྗོད་ཅིང་སངས་རྒྱས་ཉིད་དུ་བསྒོམ་པར་བྱའོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། བདག་ཉིད་སངས་རྒྱས་རབ་ཏུ་བསྒོམ། །
ཞེས་བྱ་བ་གསུངས་ཏེ། སེམས་དཔའི་རྡོ་རྗེར་གྱུར་པའི་སེམས་དེ་ཉིད་རང་གི་བདག་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུར་བསྒོམ་པ་ནི། བདག་ཉིད་སངས་རྒྱས་རབ་ཏུ་བསྒོམ་པ་སྟེ། སངས་རྒྱས་ཉིད་དེ་རྣམ་པར་སྣང་མཛད་ཉིད་ཐོབ་པར་འགྱུར་རོ། །དབང་ཕྱུག་
ལ་སོགས་པའི་མཆོག་སྦྱིན་པ་གཞན་ལ་མ་ཡིན་ནོ། །འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བརྗོད་ཅིང་སེམས་སོ་སོར་རྟོགས་པར་བྱའོ། །དེ་ནས་ཨོཾ་བོ་དྷི་ཙིཏྟཾ་ཨུཏྤཱ་ད་ཡ་མི། ཞེས་བྱ་བས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་
བྱའོ། །དེ་ནས་ཨོཾ་ཏིཥྛ་བཛྲ་ཞེས་བྱ་བས་རྡོ་རྗེ་དང་། བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་རྡོ་རྗེའི་བདག་ཉིད་དུ་བསྐྱེད་པར་བྱའོ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཧཾ་ཞེས་བྱ་བ་བརྗོད་ཅིང་རྣལ་འབྱོར་པ་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱས་ན། དེ་བཞིན་གཤེགས་པར་འགྱུར་རོ། །དེ་
ལྟར་མངོན་པར་བྱང་ཆུབ་པ་འབྱུང་བ་ཤེས་པའི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་བདུད་ཉིད་དུ་ཤེས་ནས་རྣལ་འབྱོར་པ་བགེགས་མེད་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་བདུད་ཉིད་དུ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རང་གི་སེམས་
ཉིད་དུ་བདུད་ཉིད་དེ་ཞེས་བྱ་བ་ལ། རྣལ་འབྱོར་པའི་བདུད་དུ་རྣམ་པར་རྟོག་པ་ཅན་གྱི་སེམས་ཉིད་བདུད་དེ། དེའི་དངོས་པོ་ནི་བདུད་ཉིད་དོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་བདུད་ཀྱི་རྣམ་པར་རྟོག་པའི་རྣམ་པ་ཅན་གྱི་རྣལ་འབྱོར་པའི་རང་གི་སེམས་ཁོ་ན་
བདུད་དེ། ཕྱི་རོལ་གྱི་ལྷའི་བུ་ལ་སོགས་པའི་རང་བཞིན་གྱི་བདུད་ནི་མ་ཡིན་པས། དེའི་ཕྱིར་རྣལ་འབྱོར་པས་བདུད་ཀྱི་རྣམ་པ་ཅན་གྱི་སེམས་ཆོས་བདག་མེད་པའི་བསྒོམ་པས་མི་སྣང་བར་བྱས་ལ་འཇིགས་པ་སྤང་བར་བྱའོ། །ཆོས་བདག་མེད་པའི་སྒོ་ནས་ཇི་ལྟར་རྣལ་
Vol. 60 · folio 181b
འབྱོར་པས་འཇིགས་པ་འདི་སྤང་བར་བྱ་བ་ཡིན་ཞེ་ན། སེམས་ཉིད་དེ་བཞིན་གཤེགས་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་གཟུང་བ་དང་འཛིན་པ་བྲལ་བའི་སེམས་དེ་ཉིད་དེ་བཞིན་གཤེགས་པ་ནི་རྟོགས་པ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་རྟོགས་པའི་
བདག་ཉིད་ཡིན་ཏེ། དེའི་ཕྱིར་བདག་དང་གཞན་གྱི་དབྱེ་བ་མེད་པ་བསྒོམ་པ་འདིས་བདུད་ཀྱི་འཇིགས་པ་སྤང་བར་བྱ་བ་ཡིན་ནོ། །རང་བཞིན་གྱི་སེམས་ནི་འདུལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ལ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་རང་གི་སེམས་ལ་གཟུང་བ་དང་འཛིན་པའི་རྣམ་
པར་རྟོག་པ་དགག་པའི་ཕྱིར། སངས་རྒྱས་ནི་དེ་བཞིན་གཤེགས་པ་སྟེ། དེའི་དངོས་པོ་ནི་བདུད་ཉིད་དུ་འགྲོ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་སེམས་གྱི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གསོད་པ་ན་བདུད་དོ། །སངས་རྒྱས་ནི་དེ་བཞིན་
གཤེགས་པ་སྟེ་དེའི་དངོས་པོ་ནི་བདུད་ཉིད་དོ། །བདུད་ཉིད་དེ་ནི་དེ་བཞིན་གཤེགས་པ་ངོ་བོ་མངོན་པར་བྱང་ཆུབ་པའི་རང་བཞིན་དུ་གཤེགས་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་བདུད་ཉིད་ཀྱི་རྒྱུད་བསྟན་ནས། ད་ནི་རྟོག་པ་ཐམས་ཅད་ཀྱི་སྒྲུབ་པ་ཤེས་པས་ཡིད་བཞིན་
ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། རལ་གྲི་དང་། མིག་སྨན་དང་། འབར་བའི་རས་དང་། རྐང་མགྱོགས་དང་། རི་ལུ་ལ་སོགས་པའི་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྟོག་པ་ཐམས་ཅད་སྒྲུབ་པ་
ཤེས་པའི་རྒྱུད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དང་། རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་། འཕགས་པ་ནམ་མཁའི་སྙིང་པོ་དང་། ཕྱིའི་རྡོ་རྗེའི་རིགས་ཀྱི་རྟོག་པ་རྣམས་ནི་རྟོག་པ་
ཀུན་ཏེ། རྟོག་པ་ཀུན་དེ་རྣམས་སུ་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་ལ་སོགས་པ་བསྟན་པ་བསྒྲུབ་པར་བྱ་བ་གང་ཡིན་པ་དང་། ཡང་ན་ཁྱེའུ་དང་བུ་མོ་ལ་སོགས་པ་སེམས་དང་བཅས་པའི་རང་བཞིན་ཅན་གྱི་གཡོ་བ་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ནི་བརྟན་
Vol. 60 · folio 182a
པ་དང་གཡོ་བ་སྟེ། བསྒྲུབ་པར་བྱ་བ་དེ་དག་ཐམས་ཅད་རང་གི་ལྷག་པའི་ལྷའི་རྣལ་འབྱོར་ནི། འདོད་པའི་ལྷའི་རྣལ་འབྱོར་ཏེ་དེས་བསྒྲུབ་པར་བྱས་ན་དེ་དག་འགྲུབ་པར་འགྱུར་རོ། །དེ་ལྟར་རྟོག་པ་ཐམས་ཅད་སྒྲུབ་པའི་རྒྱུད་བསྟན་ནས། ད་ནི་དང་པོའི་
སྙིང་པོ་སྒྲུབ་པ་ཤེས་ནས་དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་བསྟན་པའི་ཕྱིར། དེ་ནས་དང་པོའི་སྙིང་པོ་སྒྲུབ་པ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དང་པོ་ཡང་ཡིན་ལ་སྙིང་པོ་ཡང་དེ་ཉིད་ཡིན་པས་ན་དང་པོའི་སྙིང་པོ་སྟེ། ཨོཾ་
མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་ཞེས་བྱ་བའི་ཡི་གེ་བཅུ་བདུན་གང་བསྟན་པ་དེ་སྒྲུབ་པའི་ཕྱིར་ཤེས་པ་ནི་ངེས་པ་སྟེ། དེ་སྟོན་པར་བྱེད་པའི་རྒྱུད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །བཟླས་པའི་དོན་ཤེས་ཞེས་བྱ་བ་ལ། དཔལ་རྡོ་རྗེ་
སེམས་དཔའི་རྣལ་འབྱོར་བྱས་ནས། ཡི་གེ་བཅུ་བདུན་པོའི་སྙིང་པོ་རང་གི་སྙིང་ག་ན་གནས་པའི་རྡོ་རྗེའི་དབུས་སུ་ཡིད་ཀྱིས་མངོན་པར་བྲིས་ལ། རབ་ཏུ་དགའ་བའི་ངག་གམ། རྡོ་རྗེའི་ངག་གིས་བརྗོད་ཅིང་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན་
དུ་བདག་ཉིད་བསྒོམ་པར་བྱ་སྟེ། འདི་ནི་བཟླས་པའི་དོན་ཤེས་པར་བརྗོད་པ་ཡིན་ནོ། །བཟླས་པའི་དོན་ཤེས་པ་དེས་ནུས་པ་ཞེས་བྱ་བ་ནི། ཇི་ལྟར་བདག་ཉིད་ནུས་པའི་སྟོབས་ཀྱིས་རྡོ་རྗེ་སེམས་དཔར་རབ་ཏུ་བསྒྲུབ་པར་བྱའོ། །ཇི་སྲིད་འདོད་པས་བཟླས་པ་
མཆོག །ཅེས་བྱ་བ་ལ་བསྒོམ་པ་ཁོ་ན་ལ་འདིར་འབད་པར་བྱ་བ་ཡིན་གྱི། གྲངས་ཀྱི་བཟླས་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །དངོས་གྲུབ་ཆེན་པོའི་བདེ་བ་སྟེར། །ཞེས་བྱ་བ་ལ། སྙིང་པོ་དེ་དཔག་ཏུ་མེད་པ་བཟླས་པས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་
ཆེན་པོ་ལ་སོགས་པའི་དངོས་གྲུབ་ཆེན་པོའི་བདེ་བ་སྟེར་བ་ཡིན་ནོ། །དེ་ལྟར་དང་པོའི་སྙིང་པོའི་སྒྲུབ་པ་ཤེས་པའི་རྒྱུད་བསྟན་ནས། ད་ནི་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་ཀྱི་ཤེས་པས་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་ཀྱི་
Vol. 60 · folio 182b
དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་བསྒྲུབ་པ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དེ་ལ་སྙིང་པོ་ནི་འདིར་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔགས་ནི་
ཆོས་ཀྱི་ཕྱག་རྒྱའོ། །རིག་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྒྱུད་གཞན་ནས་གསུངས་པའི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱ་བའི་ཕྱིར། སེམས་དཔའ་གང་གིས་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཇི་ལྟར་བཤད་པའི་
སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་རྣམས་བཟླས་པའི་དོན་དུ་བདག་ཉིད་དམ་མདུན་དུ་བསྒྲུབ་པར་བྱས་ན། དེ་ལྟར་འགྲུབ་པར་འགྱུར་རོ། །ད་ནི་དངོས་གྲུབ་ཤེས་པས་རིགས་ལྔ་ལས་གསུངས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་
བསྟན་པར་བྱ་བའི་ཕྱིར། དེ་ནས་དངོས་གྲུབ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རྡོ་རྗེ་འཆང་བ་ཉིད་དང་། འཇིག་རྟེན་དབང་ཕྱུག་ཉིད་དང་། འཕགས་པ་ནམ་མཁའི་སྙིང་པོ་ཉིད་རྫོགས་
ཤིང་ངེས་པར་འགྲུབ་པ་གང་ཡིན་པ་དེ་ནི་དངོས་གྲུབ་ཤེས་པའོ། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ། །ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ཉིད་རྟོག་པ་ནི་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེན་པོའོ། །དེ་བཞིན་གཤེགས་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་
དེ་བཞིན་གཤེགས་པ་ཀུན་ཏེ། དེ་རྣམས་ཀྱི་དངོས་གྲུབ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཀུན་གྱིའོ། །རྡོ་རྗེ་ནི་རྡོ་རྗེའི་རིགས་ཏེ་དེའི་དངོས་པོ་ནི་རྡོ་རྗེ་ཉིད་དོ། །བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ་པདྨའི་རིགས་
སོ། །དེའི་དངོས་པོ་ནི་བྱང་ཆུབ་སེམས་དཔའ་ཉིད་དོ། །ལས་ཀྱང་ཡིན་ལ་ཀུན་ཡང་ཡིན་པས་ཀུན་ཏེ་རིན་པོ་ཆེའི་རིགས་རྣམས་སོ། །འདི་རྣམས་ཀྱི་མཆོག་གི་དངོས་གྲུབ་ནི་རིགས་ཐམས་ཅད་རྟོགས་པའི་རང་བཞིན་ཅན་ནོ། །དེ་དག་གི་མཆོག་གི་དངོས་གྲུབ་
Vol. 60 · folio 183a
ནི་འདི་རྣམས་ཡིན་ནོ་ཞེས་བྱ་བར་ངེས་པ་བསྐྱེད་ནས། དེ་རྣམས་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་བྱས་ནས་རྣལ་འབྱོར་གྲུབ་པར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཤེས་པའི་རྒྱུད་བསྟན་ནས། ད་ནི་བསོད་ནམས་མེད་པའི་དངོས་གྲུབ་ཤེས་
པས་བསོད་ནམས་མེད་པ་རྣམས་མེད་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་བསྟན་པའི་ཕྱིར། དེ་ནས་བསོད་ནམས་མེད་པ་རྣམས་ཀྱི་ཡང་དངོས་གྲུབ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ཅི་འདོད་འཁོར་ལོར་བྲིས་ནས་ནི། །ཞེས་བྱ་བ་ལ་སོགས་པ་
ལ་གང་གི་ཚེ་ཇི་སྐད་བཤད་པའི་བསྙེན་པ་སྔོན་དུ་བྱས་པས་ཀྱང་རྣལ་འབྱོར་པ་ལ་སྒྲིབ་པ་ཡོད་པས་མངོན་པར་འདོད་པའི་དངོས་གྲུབ་གྲུབ་པར་མ་གྱུར་ན། དེའི་ཚེ་རང་གི་རིགས་ཀྱི་ལྷའི་དཀྱིལ་འཁོར་མཐའ་མར་ཐལ་བས་ཀྱང་བྲིས་པ་ལ་འཇུག་པའི་ཚོགས་
ཞུགས་ཏེ། ཞག་བཞིར་ཕྱག་རྒྱ་ཆེན་པོ་བཅིངས་ནས་དཀྱིལ་འཁོར་བསྒོམ་པར་བྱས་ན། དེ་སྒྲིབ་པ་ཐམས་ཅད་སྤོང་བར་འགྱུར་རོ། །དེ་ལྟར་བསོད་ནམས་མེད་པ་རྣམས་ཀྱི་ཡང་སྒྲུབ་པ་ཤེས་པ་བསྟན་ནས། ད་ནི་སློབ་དཔོན་གྱི་དངོས་གྲུབ་ཤེས་
པས་ཀྱང་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་བསྟན་པའི་ཕྱིར། དེ་ནས་སློབ་དཔོན་ཉིད་ཀྱི་དངོས་གྲུབ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོའི་རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཏེ། དེ་དག་གི་གསང་བ་མཆོག་གི་
དམ་ཚིག་ནི་དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཏེ། དེར་ཇི་སྐད་བཤད་པའི་འཇུག་པའི་ཆོ་གས་ཞུགས་ཏེ། སྔར་བཤད་པའི་ཆོ་གས་བདག་ཉིད་ལ་དབང་བསྐུར་བར་བྱ་སྟེ། དེ་ལྟར་ན་སློབ་དཔོན་ཉིད་དུ་འགྱུར་རོ། །ད་ནི་མེ་ཏོག་
ལ་སོགས་པའི་མཆོད་པ་འབུལ་བ་ཤེས་པས་མེ་ཏོག་ལ་སོགས་པ་ཕུལ་བས་ཚོགས་ཡོངས་སུ་རྫོགས་ནས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་བསྟན་པའི་ཕྱིར་མེ་ཏོག་ལ་སོགས་པའི་མཆོད་པ་འབུལ་བ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་
Vol. 60 · folio 183b
འཛིན་ལ་མཆོད་པ་ཀུན། །ཞེས་བྱ་བ་ལ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་ཁ་དོག་ཅན་གྱི་མེ་ཏོག་ལ་སོགས་པ་རྣམས་ནི་རྡོ་རྗེ་སེམས་དཔའི་རིགས་ལ་དབུལ་བར་བྱའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི་ཁ་དོག་དཀར་པོ་ཅན་ནོ། །རྡོ་རྗེའི་
བདག་ཉིད་ཅན་གྱི་རིགས་ལ་ནི་ཁ་དོག་ནག་པོ་ཅན་ནོ། །པདྨའི་རིགས་ལ་ནི་ཁ་དོག་དམར་པོ་ཅན་ནོ། །ནོར་བུའི་རིགས་ལ་ནི་ཁ་དོག་སེར་པོ་ཅན་ནོ། །འདི་རྣམས་ཀྱང་དཔྱིད་ཀའི་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་རྣམས་ཀྱིས་བླངས་ཏེ་དབུལ་བར་བྱ་བ་
ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་འབུལ་བ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རྫོགས་པའམ་ཞེས་བྱ་བ་ནི་དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་ཕྱི་རོལ་གྱི་མེ་ཏོག་ལ་སོགས་པའི་མཆོད་པ་དང་བཅས་པའོ། །དེ་དང་བྲལ་བ་ནི་མ་
ཚང་བའོ། །ཡང་ན་ཇི་ལྟར་རྙེད་པའོ་ཞེས་བྱ་བ་ལ། ཕྱོགས་གཅིག་ཙམ་ཐོབ་པ་ནི་བསྐྱེད་པའོ། །རྡོ་རྗེ་གར་མ་ལ་སོགས་པའི་མཆོད་པ་ཡིས་ཞེས་བྱ་བ་ལ། རྡོ་རྗེ་གར་ནི་སྔར་བཤད་ཟིན་ཏོ། །དེ་ཉིད་དང་པོ་གང་དག་ལ་ཡོད་པ་དེ་ནི་རྡོ་རྗེ་གར་མ་ལ་སོགས་
པའི་མཆོད་པའོ། །དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་རྣམས་སོ། །དེ་དག་གིས་རྟག་ཏུ་སྟེ་རྟག་པ་ཁོ་ནར་ཕྱོགས་བཅུ་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་མེ་ཏོག་ལ་སོགས་པའི་མཆོད་པ་གྲུབ་པར་འགྱུར་རོ། །ད་ནི་
དུས་ཀྱི་མཆོད་པ་བསྒྲུབ་པར་ཤེས་པས་ཀྱང་མངོན་པར་འདོད་པའི་དངོས་གྲུབ་གྲུབ་པར་འགྱུར་རོ་ཞེས་བྱ་བ་རབ་ཏུ་བསྟན་པའི་ཕྱིར། དེ་ནས་དུས་ཀྱི་མཆོད་པ་ཤེས་པ་སྒྲུབ་པ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དྲུག་ལྡན་ལ་སོགས་པའི་གླུའི་ཁྱད་པར་གྱིས་
རྡོ་རྗེ་གླུ་བརྗོད་ཅིང་གར་ལས་བྱུང་བའི་དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ཕྱག་རྒྱ་དེ་བཞིན་དུ་བཅིང་བར་བྱའོ། །དེ་ནས་དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་སྙིང་པོ་བརྗོད་ཅིང་། དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱས་དོར་བས། མེ་ཏོག་ལ་སོགས་
Vol. 60 · folio 184a
པའི་རང་བཞིན་གྱིས་མཆོད་པ་རབ་ཏུ་སྦྱར་བར་བྱའོ། །དེ་ལྟར་དུས་ཀྱི་མཆོད་པ་བསྒྲུབ་པ་ཤེས་པའི་རྒྱུད་བསྟན་ནས། ད་ནི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་གསང་བའི་མཆོད་པ་བཞི་པོ་ཤེས་པས་ཀྱང་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་རབ་ཏུ་བསྟན་
པར་བྱ་བའི་ཕྱིར། དེ་ནས་གསང་བའི་མཆོད་པ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་གར་གྱི་མཆོད་པ་ནི་ཇི་སྐད་བཤད་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་སྟེ་བཅས་པའོ། །གོ་རིམས་ཇི་ལྟ་བ་བཞིན་དུ། །ཞེས་བྱ་བ་ནི། རྡོ་རྗེ་གླུ་ལེན་ཅིང་སྔར་
བཤད་པའི་ཚུལ་གྱིས་ཁ་སྦྱོར་གྱི་ཐལ་མོ་སྤྱི་བོར་བཅིངས་ཏེ་ཕབ་ལ། རྡོ་རྗེ་ཐལ་མོ་བཅིངས་ནས་སྔ་མ་བཞིན་དུ་མེ་ཏོག་ལ་སོགས་པ་འབུལ་བའི་ཚུལ་གྱིས་ཏེ་དེར་དོར་ལ་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས། རྡོ་རྗེ་མཚོན་ཆ་མ་ལ་སོགས་
པའི་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི་གོ་རིམས་ཇི་ལྟ་བ་བཞིན་ཞེས་བྱ་བའི་སྒྲས་བརྗོད་པ་ཡིན་ནོ། །བཟླས་པའི་དོན་གྱིས་མ་བརྗོད་ཀྱང་། །མཆོག་གི་དངོས་གྲུབ་གྲུབ་པར་འགྱུར། །ཞེས་བྱ་བ་ལ་རྡོ་རྗེ་གླུའི་དོན་གང་ཡིན་པ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་སྙིང་པོའི་དོན་གང་
ཡིན་པ་དེ་ནི་བཟླས་པའི་དོན་ཏོ། །བཟླས་པའི་དོན་དེས་རྡོ་རྗེ་གླུ་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་སྙིང་པོ་མ་བརྗོད་ན་ཡང་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྣལ་འབྱོར་པ་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་སྒྲུབ་པ་མཆོག་ཡིན་པའི་ཕྱིར་
རོ། །ད་ནི་བདག་ཉིད་ལ་སྨད་པར་མི་བྱའོ་ཞེས་བྱ་བ་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་སྡིག་པ་ཆེན་པོ་བྱེད་པ་ཡང་གྲུབ་པ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ལ་ནི་མ་ཞུགས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་
ཞིག་དཀྱིལ་འཁོར་དུ་ཞུགས་པར་མ་གྱུར་པ་དེ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ནས་ཏིང་ངེ་འཛིན་མངོན་དུ་བྱེད་ན་སྡིག་པ་ཐམས་ཅད་ལས་རྣམ་པར་འགྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ན་ངག་ཚུལ་ཁྲིམས་འཆལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་
Vol. 60 · folio 184b
རྣལ་འབྱོར་པ་བདག་ཉིད་ལ་སྨད་པར་མི་བྱ་སྟེ། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཚུལ་ཁྲིམས་འཆལ་བ་ལ་སོགས་པ་འཇིག་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ལ་
སྨད་པ་དང་དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་དེ་ཡོངས་སུ་སྤང་བར་བྱ་བའི་ཕྱིར། དེ་ནས་དངོས་གྲུབ་མི་ཐོབ་པའི་རྒྱུ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ཆགས་པ་ནི་ཆོས་བདག་མེད་པ་ལ་ཆགས་པ་དང་། སེམས་ཅན་སྨིན་པ་དང་གྲོལ་བ་ལ་
ཆགས་པའོ། །དེའི་ཕྱིར་སེམས་ཅན་ལ་ཆགས་པས་ཅི་ཞིག་བྱ་ཞེས་བྱ་བའི་དོན་སྨོད་པ་རྣལ་འབྱོར་པས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་དག་པ་ཞེས་བྱ་བ་སྟེ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར། དེ་རྣམ་པར་དག་པ་ཡིན་
ནོ། །དེ་བཞིན་བདེ་བ་སྟེར་ཞེས་བྱ་བ་ལ་དེའི་དམིགས་པ་ལ་ཞུགས་པའི་སྒྲུབ་པ་པོ་རྣམས་ལ་ཆགས་པ་དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་སྟེར་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱང་ཆགས་པ་ཆེ། །ཞེས་བྱ་བ་ལ་ཐོག་མ་དང་ཐ་མ་མེད་པའི་
བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནི་ཆགས་པ་ཆེན་པོ་སྟེ་སྨད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་མ་དག་པས་གྲུབ་མི་འགྱུར། །ཞེས་བྱ་བ་ལ། ཆགས་པ་ཆེན་པོའི་རང་བཞིན་ཅན་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པ་འདི་མ་དག་ན་ནི། གཟུང་བ་
དང་འཛིན་པའི་རྣམ་པར་རྟོག་པའི་དྲི་མས་གོས་པས་རྣལ་འབྱོར་པ་གྲུབ་པར་མི་འགྱུར་བ་དེའི་ཕྱིར་འདི་ལ་སྨད་པར་མི་བྱ་སྟེ་ཤིན་ཏུ་གུས་པས་བསྒོམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ལ་སྨོད་པ་དགག་པར་བྱས་ནས་རེ་ཞིག་རང་གི་
ལྷའི་ཚུལ་འཛིན་པའི་རྣལ་འབྱོར་པ་ལ། དཀྱིལ་འཁོར་ལ་སོགས་པའི་མཆོག་གི་དངོས་གྲུབ་འབྱུང་ངོ་ཞེས་བྱ་བར་བསྟན་པར་བྱ་བའི་ཕྱིར། དེ་ནས་དངོས་གྲུབ་བསྒྲུབ་པ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ཇི་བཞིན་ཡུལ་དང་ལྡན་གྱུར་ནས། །ཞེས་བྱ་
Vol. 60 · folio 185a
བ་ལ་ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའ་འམ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ལྷའི་ཁྱད་པར་གཞན་དག་ཅོད་པན་ལ་སོགས་པའི་ཡུལ་རྣམས་ཀྱིས་ཡུལ་དང་ལྡན་པ་དེ་བཞིན་དུ་རང་གི་ལྷའི་རྒྱན་རྣམས་ཀྱི་རྣལ་འབྱོར་པ་ཡུལ་དང་
ལྡན་པར་གྱུར་ནས་རང་གི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་རང་གི་ལྷའི་ཚུལ་འཛིན་པས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན་རྟོག་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་རྟོག་པ་ཐམས་ཅད་ལ་རང་གི་
ལྷའི་ཚུལ་གྱིས་རྣལ་འབྱོར་འདི་སྐྱེ་བ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པར་བྱེད་པ་ནི་རྣལ་འབྱོར་པ་རྣམས་ལ་རྫོགས་པར་བྱེད་པའོ། །བདེ་བ་ཆེན་པོའི་རྡོ་རྗེ་གསང་བ་ཞེས་བྱ་བ་ལ། བདེ་བ་ཆེན་པོའི་རྡོ་རྗེ་ནི་རིགས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་སེམས་
དང་སེམས་ལས་བྱུང་བ་རྣམས་ཏེ། དེ་དག་གི་གསང་བ་ནི་རིགས་ཐམས་ཅད་དུ་གཏོགས་པའི་ངོ་བོ་སྟེ། དེ་རྣམས་ཉིད་ནི་རྟོགས་པ་ཆེན་པོའོ། །དེ་ཉིད་ནམ་མཁའི་ཁམས་ཐམས་ཅད་ལ་རྟག་ཏུ་བཞུགས་པའི་རིགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་
ཅད་ལ་ཁྱབ་པ་རྣམས་ཀྱི་སྐྱེད་པའི་རྒྱུ་བར་མཚམས་མེད་པ་ཉིད་དུ་གྱུར་པའི་ཕྱིར་མཛེས་ཤིང་གསལ་བར་གྱུར་པས་ན་རྟོག་པ་ཆེན་པོའི་རྒྱལ་པོའོ། །དེ་ལས་བྱུང་བའི་སྒྲའི་ཚོགས་ཀྱང་དེ་སྟོན་པར་བྱེད་པའི་ཕྱིར་རྟོག་པ་ཆེན་པོའི་རྒྱལ་པོའོ། །རྟོག་པ་ཆེན་པོའི་རྒྱལ་པོ་དེ་ལས་
རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་ཞེས་བྱ་བ་འདི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྟོག་པ་ཐམས་ཅད་རྩ་བའི་རྒྱུད་ཀྱི་རང་བཞིན་གང་ཡིན་པ་དེ་དག་གི་རྟོག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ཕྱི་མའི་རྒྱུད་ནི་ཕུལ་དུ་བྱུང་བའི་རྒྱུད་དོ། །དེའི་ཆོ་ག་རྒྱས་པ་ནི་རྣམ་པ་སྣ་
ཚོགས་པའི་བསྒྲུབ་པར་བྱ་བ་དང་སྒྲུབ་པ་བསྟན་པ་ཡིན་ནོ། །དེ་ལྟར་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཆོ་ག་རྒྱས་པ་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱེད་པ་བསྟན་ནས། ད་ནི་བཅོམ་ལྡན་འདས་རྟག་པ་ཞེས་བྱ་བ་ལ་སོགས་པས་དཔལ་རྡོ་རྗེ་སེམས་དཔའི་ལྷ་
Vol. 60 · folio 185b
མོའི་དཀྱིལ་འཁོར་ལས་གསུངས་པའི་འབྲས་བུའི་ཁྱད་པར་བསྒྲུབ་པ་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེ་བསྒྲུབ་པའི་རྒྱུད་གསུངས་སོ་ཞེས་བྱ་བ་དང་སྦྱར་རོ། །དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབ་པའོ། །བཅོམ་ལྡན་འདས་
ཞེས་བྱ་བ་ནི་བཤད་ཟིན་ཏོ། །རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་དང་དེའི་རྒྱུ་མཐུན་པར་དེ་ལྟར་བྱུང་བའི་རང་བཞིན་གྱིས་རྟག་ཏུ་བཞུགས་པ་རྡོ་རྗེ་སེམས་དཔའོ། །འདིས་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་རང་བཞིན་ཅན་རྡོ་རྗེ་
འཆང་ཆེན་པོ་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་རང་བཞིན་ཅན་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཡང་ཡིན་ལ་གསང་བ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་
ཐམས་ཅད་དེ། དེ་རྣམས་ཀྱི་རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་ན་གནས་པའི་འབར་བའི་རྡོ་རྗེའོ། །དེ་ལས་བྱུང་བའི་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རིགས་ཀྱང་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ནི་ནོར་བུའི་རིགས་ཏེ། དེ་ཉིད་མི་ཕྱེད་པས་ན་འདིའི་རྡོ་རྗེ་རིན་པོ་ཆེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རྡོ་རྗེ་རིན་པོ་ཆེ་ནི་རྡོ་རྗེ་འཆང་ཆེན་པོའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། པདྨའི་རིགས་ཏེ། དེ་ལས་གཟིགས་པ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དགའ་བའི་ཞེས་བྱ་བར་སོ་སོར་རྟོག་
པའི་དེར་ཤེས་པ་ནི་ངེས་པ་སྟེ་དེས་དབང་ཕྱུག་ནི་རང་དབང་སྟེ་དངོས་པོར་འཛིན་པའི་ཞེན་པ་ནི་གཞན་དབང་དང་བྲལ་བའོ། །ཡེ་ཤེས་ཀྱི་དབང་ཕྱུག་ཉིད་མི་ཕྱེད་པའི་པདྨ་འདི་ལ་ཡོད་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་གཟིགས་པའི་
Vol. 60 · folio 186a
ཡེ་ཤེས་ཀྱི་དབང་ཕྱུག་གི་རྡོ་རྗེའི་པདྨའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པ་ནི་རྣམ་པ་སྣ་ཚོགས་པའི་སངས་རྒྱས་ཀྱི་མཆོད་པའི་མཚན་ཉིད་ཅན་དང་། སེམས་ཅན་གྱི་དོན་བྱེད་པའི་རང་བཞིན་ཅན་གྱི་མཛད་པའོ། །མཛད་པས་
ན་མཛད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་མཛད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་མཛད་པའོ། །དེའི་དངོས་པོ་ནི་མཛད་པ་ཉིད་དོ། །དེས་ཕྲིན་ལས་དམ་པ་ནི་སངས་རྒྱས་ཀྱི་སྤྲུལ་པས་སེམས་ཅན་གྱི་དོན་མཛད་
པའི་མཚན་ཉིད་ཅན་གྱི་ཆོ་ག་རྒྱས་པ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་རྒྱུན་རྡོ་རྗེ་ལྟར་མི་ཕྱེད་པའི་རྡོ་རྗེ་འཆང་ག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོས་ཅི་མཛད་ནས་རྒྱུད་དེ་གསུངས་ཤེ་ན། ཐམས་ཅད་
ཁྱབ་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་འཁོར་ལ་ཐམས་ཅད་ལ་ཁྱབ་པ་དེ་མཛད་པར་ཤེས་པར་མཛད་ནས་ཞེས་བྱ་བ་དང་སྦྱར་རོ། །ཐམས་ཅད་ལ་ཁྱབ་པ་ནི་ཀུན་དུ་ཁྱབ་པའོ། །དེ་ཉིད་ཀྱི་ཁྱབ་པ་བསྟན་པར་བྱ་བའི་ཕྱིར། མ་ལུས་ཤིང་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ་མ་ལུས་ཤིང་ལུས་པ་མེད་པའི་སྒྲའི་དོན་བཤད་ཟིན་ཏོ། །རིགས་ཐམས་ཅད་ཀྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཁམས་ཏེ། དེ་དག་གི་བསྟན་པ་ནི་མི་འཇིགས་པའི་དངོས་གྲུབ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྫོགས་པའོ། །དེའི་ཆོ་
ག་རྒྱས་པ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཚོགས་ཏེ། དེ་སྤྲོ་བ་ནི་ཕྱོགས་བཅུ་ཁྱབ་པའི་འཁོར་ལོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཚད་ཅི་དང་ལྡན་ཞེ་ན། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། །ཞེས་བྱ་བ་ལ། རྫས་ཐམས་ཅད་ཀྱི་དངོས་པོ་མེད་
པའི་རང་བཞིན་ནི་ནམ་མཁའ་སྟེ། དེ་ཉིད་མཐར་ཐུག་པ་ནི་ཡོངས་སུ་རྫོགས་པའི་འཁོར་ལོ་གང་ལ་ཡོད་པ་དེ་ནི་ནམ་མཁའི་ཁམས་ཀྱི་མཐར་ཐུག་པའི་འཁོར་ལོ་སྟེ། ནམ་མཁའ་ཐམས་ཅད་ཁྱབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་ནི་དེ་
Vol. 60 · folio 186b
བཞིན་ཉིད་དེ། དེ་ཁྱད་པར་མེད་པས་ན་ཆོས་ཀྱི་དབྱིངས་རྣམ་པར་སྤྲོ་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ཏེ་ཁམས་ཐམས་ཅད་དེ། དེར་ཀུན་དུ་འགྲོ་བ་གང་ལ་ཡོད་པ་ནི་ཁམས་ཀུན་དུ་འགྲོ་བའི་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་འཁོར་ལོ་སྟེ། རིགས་ཐམས་ཅད་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡིན་ནོ། །དེ་མངོན་པར་ཤེས་པར་མཛད་པ་ནི་གདུལ་བྱ་རྣམས་ཀྱིས་རྟོགས་པར་མཛད་ནས་སོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའི་དང་པོའི་སྙིང་པོའི་ཡི་གེ་ཧཱུཾ་སྟེ། དེའི་གསང་
བའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་སྒྲུབ་པའི་རྒྱུད་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་པའི་དོན་དུ་གསུངས་པ་ཡིན་ནོ། །མི་གནས་པའི་མྱ་ངན་ལས་འདས་པའི་དེས་ཅི་ཞིག་བྱ་ཞེ་ན། ཇི་སྲིད་འཁོར་
བའི་གནས་ལ་བཞུགས། །ཞེས་བྱ་བ་ལ། འཁོར་བ་ནི་ཕྱི་མའི་མཐར་ཐུག་པ་ཚད་མེད་པའོ། །དེ་ཉིད་གནས་ཏེ་བཞུགས་གནས་སོ། །དེར་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱིས་བཞུགས་པས་ན་འཁོར་བའི་གནས་ལ་བཞུགས་པའི་
བྱང་ཆུབ་སེམས་དཔའ་དེ་སྲིད་འདོན་པ་མཛད་ཅེས་བྱ་བ་ནི་ཚད་མེད་པའི་འཁོར་བའི་གནས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ནི་ཚད་མེད་པ་ཁོ་ནའི་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་དམ་པའི་ཆོས་བསྟན་པའི་ཕྱག་བརྐྱང་བ་དག་གིས་ཀུན་ནས་
འདོན་པར་མཛད་པ་ཡིན་ནོ། །སེམས་ཅན་དོན་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་ལྷག་མ་མེད་པ་མྱ་ངན་ལས་འདས་པ་ཡོངས་སུ་མྱ་ངན་ལས་འདས་པའི་གཟི་བརྗིད་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་མེད་པའི་རང་བཞིན་དུ་གྱུར་པས་སེམས་
ཅན་གྱི་དོན་མཛད་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་སེམས་དཔའ་རྣམས་ཞེས་བྱ་བ་ལ། རྒྱུད་དེ་ཉིད་ཀྱི་ཕྱིར་སེམས་ཅན་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་སྲིད་དུ་འཁོར་བར་བཞུགས་ནས་ཕྱི་མའི་མཐར་ཐུག་པའི་བར་དུ་འཁོར་བར་སྐུ་སྐྱེ་བ་ཡོངས་
Vol. 60 · folio 187a
སུ་བཟུང་བ་ནི་སེམས་ཅན་གྱི་དོན་མངོན་པར་མཛད་པ་ཡིན་ནོ། །དེ་དག་ཇི་ལྟ་བུ་ཞེ་ན། ཐམས་ཅད་དག་པའི་ཆོས་མཆོག་ཅན། །ཞེས་བྱ་བ་ལ། གཟུགས་བརྙན་དང་འདྲ་བའི་ཁམས་གསུམ་གྱི་ཡེ་ཤེས་མངའ་བའོ། །འདིས་ནི་འདི་སྐད་
སྟོན་པར་འགྱུར་ཏེ་གང་གི་ཕྱིར་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཁམས་ཐོབ་པའི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་འགོག་པར་འགྱུར་བས་མཐོང་བ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པར་མི་ནུས་པ་
ཡིན་ནོ། །དེ་ལས་གོ་བཟློག་པས་ནི་ནུས་པ་ཡིན་ནོ། །དེའི་ཕྱིར་གཟུགས་བརྙན་དང་འདྲ་བར་རྟེན་ཅིང་འབྲེལ་པར་འབྱུང་བ་ངེས་པར་བྱས་ནས། སེམས་ཅན་གྱི་དོན་གྱི་ཆེད་དུ་ཕྱི་མའི་མཐར་ཐུག་པར་མི་གནས་པའི་མྱ་ངན་ལས་འདས་པས། བྱང་ཆུབ་
སེམས་དཔའ་རྣམས་འཁོར་བར་བཞུགས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གཞན་གྱིས་ཀྱང་། མི་གནས་པའི་མྱ་ངན་ལས་འདས་པ་གྲུབ་པ་ཡིན་ཏེ། དེའི་ཕྱིར། སྒྲུབ་པའི་རྒྱུད་འདིས་འབྲས་བུ་ཁྱད་པར་ཐོབ་པ་མེད་དོ་ཞེ་ན། དེ་ནི་མ་ཡིན་
ཏེ། ཅིའི་ཕྱིར་མ་ཡིན་ཞེ་ན། དེ་བཞིན་གཤེགས་པས་མི་འདུལ་ལ། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པས་འདུལ་བར་མ་གྱུར་པ་ནི། དེ་བཞིན་གཤེགས་པས་མི་འདུལ་བ་སྟེ། དེའི་ཕྱིར་གང་མདོ་སྡེ་པ་རྣམས་མ་ཡིན་པ། །སྔགས་ཀྱི་དཔྱོད་པ་ལ་
དཔྱོད་པ་དེ་བཞིན་གཤེགས་པས་མི་འདུལ་བ་སྟེ། སྔགས་ལ་མོས་པའི་སེམས་ཅན་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བསྟན་པས་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱི་དོན་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་མཛད་པའོ། །
གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྒྲུབ་པར་བྱེད་པའི་བག་ཆགས་སེམས་ཅན་དེ་རྣམས་ལ་མེད་པའི་ཕྱིར་རོ། །འདིར་རབ་ཏུ་གྲུབ་ཅེས་བྱ་བ་ལ་དང་པོའི་གསང་བའི་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བསྒྲུབ་པས་སྔགས་ཀྱི་ཚུལ་འདིར་སྔགས་ཀྱི་སྤྱོད་པ་ལ་
Vol. 60 · folio 187b
ལྷག་པར་མོས་པའི་སྒྲུབ་པ་ནི་རྫོགས་པའོ། །དངོས་གྲུབ་རྣམས་ཀྱི་མཆོག་ནི་དེ་བཞིན་གཤེགས་པ་སྟེ། དུས་ཐམས་ཅད་དུ་བསྐྱེད་པར་བྱའོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ། དུས་ཐམས་ཅད་ཁོ་ནར་རོ། །དེ་བཞིན་གཤེགས་པ་རྣམས་བྱུང་རུང་མ་བྱུང་རུང་
ཆོས་རྣམས་ཀྱི་ཆོས་ཉིད་ནི་རྟག་ཏུ་གནས་པ་ཞེས་གསུངས་སོ། །ཐམས་ཅད་མཛད་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྣམས་སེམས་ཅན་ལ་མཛད་པ་ཡིན་ནོ། །གལ་ཏེ་བསྒྲུབ་པ་འདི་མེད་པས་དེ་བཞིན་གཤེགས་པས་འདུལ་བར་མི་འགྱུར་
བ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པར་མི་དཔྱོད་ན། འོ་ན་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པས་ནུས་པར་འགྱུར་ཏེ། དེ་བས་ན་འདིས་ཅི་ཞིག་བྱ་ཞེ་ན། དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་མ་ཡིན་ཞེ་ན། རྡོ་རྗེ་འཆང་ཆེན་པོ་
ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམས་ནི། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཡིད་ལས་བྱུང་བ་དང་། རྡོ་རྗེ་ཀི་ལི་ཀི་ལ་ལ་སོགས་པ་ནས། རིན་ཆེན་དྲིལ་བུའི་མཐར་ཐུག་པ་རྣམས་ཀྱིས་ཀྱང་། ཇི་
ལྟར་བསོད་ནམས་རྣམས་སྨིན་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། བག་ཆགས་ཇི་ལྟ་བ་བཞིན་དུ་སྔགས་པའི་ནུས་པ་ཡོད་པས་དེ་རྣམས་ཀྱིས་ཀྱང་། སེམས་ཅན་གྱི་དོན་མཛད་པར་ནུས་པ་ཡིན་གྱི་བག་ཆགས་མེད་ན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐལ་
བ་མེད་པའི་སེམས་ཅན་རྣམས་ཀྱི་དོན་མཐོང་བ་ལ་སོགས་པའི་བསྒོམ་པ་མཛད་པར་མི་དཔྱོད་པའི་ཕྱིར་རོ། །རང་གི་ལས་ཞེས་བྱ་བ་ནི། དམ་པའི་ཆོས་སྤོང་བར་འགྱུར་བའི་ལས་བསགས་པའི་སྒྲིབ་པས་དེ་རྣམས་ལ་སྒྲིབ་པར་འགྱུར་བའི་ཕྱིར་རོ། །སྒྲིབ་པ་འདིས་
རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམས་སྐལ་བ་མེད་པ་དེ་རྣམས་ལ་ཡང་དུས་ཐམས་ཅད་དུ་ཐམས་ཅད་མཛད་པར་འགྱུར་རོ་ཞེས་བྱ་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་པོ་གང་ཞིག་དཀྱིལ་འཁོར་
Vol. 60 · folio 188a
དུ་མ་ཞུགས་ན་ཡང་བསྒྲུབ་པ་འདིས་འདོད་པའི་དངོས་གྲུབ་ཀྱི་སྲིད་པ་འདི་ཉིད་ལ་མྱུར་དུ་གྲུབ་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མཐོང་བ་ལ་སོགས་པས་བར་མཚམས་མེད་པ་ཉིད་དུ་འཁོར་བ་ཇི་སྲིད་བར་དུ་སེམས་ཅན་ཐམས་ཅད་རབ་ཏུ་གསལ་བར་
མཛད་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། ཀུན་ནས་ནི་དངོས་པོ་ཐམས་ཅད་ལས་སོ། །དུས་ཀུན་དུ་ནི་དུས་ཐམས་ཅད་དོ། །ཐམས་ཅད་ཅེས་བྱ་བ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །གང་གི་ཕྱིར་དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བར་འགྱུར་
བས་ན་དེའི་ཕྱིར་བསྒྲུབ་བྱ་འདི་བཤད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དང་པོའི་སྙིང་པོའི་གསང་བའི་སྙིང་པོ་བསྒྲུབ་པ་འདིས། རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ་སྲིད་པའི་དབང་ཕྱུག་ཀུན་གྱི་གཙོ་གང་ཡིན་པ་དེས། དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཡང་
མཐོང་བ་ལ་སོགས་པའི་དངོས་གྲུབ་རབ་ཏུ་སྩོལ་བའི་རྒྱུ་དེའི་ཕྱིར་འོག་ནས་འཆད་པར་འགྱུར་བའི་སྙིང་པོའི་སྒྲུབ་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྫོགས་པར་བྱེད་པའི་རྒྱུ་བཤད་པ་ནི་བསྟན་པར་བྱའོ། །དངོས་གྲུབ་ཅེས་བྱ་བ་ལ། སྒྲུབ་པ་དེ་ཉིད་ཕྱག་རྒྱ་ཆེན་པོ་
ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུ་གཉིས་ཀྱི་ཕྱིར་དངོས་གྲུབ་བོ། །དངོས་གྲུབ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཤིན་དུ་བརྟག་པའོ་ཞེས་བྱ་བ་ལ། ཐོག་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་མངོན་དུ་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་ཤིན་ཏུ་བརྟག་པའི་དངོས་གྲུབ་སྟེ། དེ་བསྒྲུབས་པས་
ཤིན་ཏུ་བརྟག་པའི་དངོས་གྲུབ་ཡིན་ནོ། །སྒྲུབ་པ་བཤད་པར་བྱ་བ་དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་སྒྲུབ་པ་བཤད་པར་བྱ་བ་ཡིན་ཞེ་ན། གང་གིས་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ལྷའི་དབྱིབས་ལ་སོགས་པ་ལ་རང་བཞིན་གྱིས་སྒྲུབ་པ་གང་གིས་སྲིད་པ་འདི་ཉིད་
ལ་ཤིན་ཏུ་བརྟག་པའི་དངོས་གྲུབ་ནི་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་སྒྲུབ་པ་གང་གི་ཚེ་འདི་ཉིད་ལ་རྣལ་འབྱོར་པས་ཐོབ་པའི་སྒྲུབ་པ་དེ་བཤད་པར་བྱའོ། །ད་ནི་སྒྲུབ་པ་དེ་བསྟན་པར་བྱ་བའི་ཕྱིར། །ལུགས་མ་ཞེས་བྱ་བ་ལ་སོགས་པ་གསུངས་
Vol. 60 · folio 188b
ཏེ། དེ་དག་ནི་བཤད་ཟིན་ཏོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ནི། གསང་བའི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་སྐུ་སྟེ། དེ་ཉིད་དམ་ཚིག་གོ། །དེའི་དེ་ཁོ་ན་ཉིད་རབ་ཏུ་དགའ་བ་ཉིད་དོ། །ཀུན་དུ་བཟང་པོ་ཉིད་དོ། །དེའི་སྒྲུབ་པ་གང་ཡིན་པ་དེ་
ཉིད་དངོས་གྲུབ་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་དངོས་གྲུབ་སྟེ། དེའི་ཆོ་ག་རྒྱས་པར་ནི་རྣམ་པ་སྣ་ཚོགས་པའི་རང་བཞིན་ཅན་འདས་མ་ཐག་ཏུ་བཤད་པའོ། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་ལས་གསུངས་པའི་འབྲས་བུའི་ཁྱད་པར་བསྒྲུབ་པ་བསྟན་
ནས། ད་ནི་རྟོག་པ་ཐམས་ཅད་ཀྱི་སྒྲུབ་པ་པོ་རྣམས་ཀྱིས་དང་པོའི་རྡོ་རྗེའི་ཕྱག་རྒྱ་ཡི་གེ་ཧཱུཾ་བརྗོད་ཅིང་བཅིང་བར་བྱ་སྟེ། ཕྱི་ནས་ཕྱག་རྒྱ་གཞན་ནོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པ་ལའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་རྡོ་རྗེ་སེམས་དཔའ་སྟེ། དེའི་ཡེ་
ཤེས་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཕྱག་རྒྱའི་ཡེ་ཤེས་ཏེ། རྡོ་རྗེ་འཆང་ཆེན་པོའོ། །སྔ་མའི་སྒྲུབ་པ་ལ་ལྟོས་ཏེ་སླར་ཡང་ཞེས་བྱ་བའི་སྒྲ་ནི་ཀུན་སྡུད་པའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་གསུངས་པའོ། །ཕྱག་རྒྱ་
ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ཕྱག་རྒྱ་ཐམས་ཅད་དེ། དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་སོ། །དེ་རྣམས་བསྒྲུབ་པ་ནི་རྫོགས་པའི་རྒྱུ་སྟེ། དེ་བསྒྲུབ་པ་ནི་རང་གི་བྱ་བ་རྫོགས་པའི་དོན་ཡོད་པ་ཉིད་དོ། །དེ་
སྟོན་པར་བྱེད་པའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཉིན་རེ་ཞེས་བྱ་བ་ལ་སོགས་པ་ལ་ཞག་རེ་རེ་བཞིན་དུ་སྔ་མའི་ཐུན་མཚམས་ཀྱི་དུས་སུ་རྡོ་རྗེ་དབབ་པའི་རྗེས་ཐོགས་ཁོ་ནར་རྟོག་པ་ཐམས་ཅད་སྒྲུབ་པར་བྱེད་པའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་བརྗོད་
Vol. 60 · folio 189a
ཅིང་། དང་པོའི་རྡོ་རྗེ་བཅིང་བར་བྱའོ། །དེ་ནས་དེའི་རྗེས་ལ་ཕྱིས་ཀྱི་དུས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱས་ནས། རང་གི་ལས་ཀྱི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ། །འདིས་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིང་བའི་
སྒྲུབ་པ་འདིས་རྟོག་པ་ཐམས་ཅད་དེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྟོག་པ་ཐམས་ཅད་ལ་ཇི་ལྟར་བཤད་པའི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པས་རང་གིས་རང་ཉིད་བཅིངས་ནས་བསྒྲུབ་པའི་དབང་དུ་འགྱུར་
ཞིང་གྲུབ་པར་འགྱུར་བས། དེའི་ཕྱིར་མ་བསྒྲུབས་ཀྱང་འགྲུབ་པར་འགྱུར་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་པ་ལས་དུས་ཕྱིས་སྔར་བཤད་པའི་རང་གི་སྙིང་པོ་བརྗོད་པ་མེད་ཀྱང་ཕྱག་རྒྱ་དེ་རྣམས་འགྲུབ་པར་འགྱུར་རོ། །དེ་ལྟར་དང་པོའི་རྡོ་རྗེས་བཅིངས་ནས། ཕྱག་རྒྱ་
གཞན་ཡང་བཅིང་བར་བྱའོ་ཞེས་བྱ་བ་བསྟན་ནས། རེ་ཞིག་སྤྱོད་ལམ་བཞི་པོས་ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་གསང་བའི་སྔགས་བསྒྲུབ་པ་གསུངས་སོ་
ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཆོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བའོ། །དེ་དག་གི་དེ་ཁོ་ན་ཉིད་ནི་རང་བཞིན་གྱིས་དག་པ་ཡིན་ལ།
དེའི་གསང་བའི་སྔགས་ནི་ལྷ་ཐམས་ཅད་ཀྱི་ཆོས་ཀྱི་ཡི་གེ་རྣམས་ཏེ་དེའི་བསྒྲུབ་པ་གསུངས་པ་ཡིན་ནོ། །ལངས་པ་འམ་ནི་འདུག་པའམ། །ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལྷའི་རྣལ་འབྱོར་བྱས་ལ་ལྕེ་ལ་རྡོ་རྗེ་དགེ་བ་རྣམ་པར་བསམས་ཏེ། རང་གི་ལྷའི་ཆོས་
ཀྱི་ཕྱག་རྒྱ་བཀོད་ནས། དེ་ཉིད་སླར་ཡང་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བ་རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་རམ། དེའི་རིགས་ཀྱི་རྣལ་འབྱོར་པས་རང་གི་སྙིང་ག་ན་གནས་པའི་སེམས་དཔའི་རྡོ་རྗེ་ལ་དགོད་པར་བྱའོ། །པདྨ་དང་རིན་
Vol. 60 · folio 189b
པོ་ཆེའི་རིགས་ཀྱི་རྣལ་འབྱོར་པས་ནི་རང་གི་སྙིང་ག་ན་གནས་པའི་རང་གི་རིགས་ཀྱི་མཚན་མ་ལ་བཀོད་དེ། དེ་ཉིད་བརྗོད་ཅིང་རང་གི་ལྷའི་སྐུ་གཟུགས་བརྙན་བཞིན་དུ་ལངས་པའམ་འདུག་པས་བསྒོམ་པར་བྱའོ། །ཐམས་ཅད་རྗེས་ཆགས་རྣལ་འབྱོར་ནི་འདིར་རང་
བཞིན་གྱིས་དག་པའི་ངོ་བོ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་ཞེས་བྱ་བ་ལ། རིགས་ཐམས་ཅད་ཀྱི་རང་གི་ལྷ་རྣམས་ཀྱི་ཕྱག་རྒྱ་གྲུབ་པ་ནི། དངོས་གྲུབ་ཐམས་ཅད་དེ། དེ་ཐོབ་པར་འགྱུར་རོ། །དེ་ལྟར་ཕྱག་རྒྱ་བསྒྲུབ་
པ་བསྟན་ནས། ད་ནི་ལས་ཀྱི་ཕྱག་རྒྱའི་སྒྲུབ་པ་པོས་ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་རྣམ་པར་བསམས་ལ་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། རང་གི་ལྷའི་སྙིང་པོ་བརྗོད་ཅིང་། གར་གྱི་ཚུལ་གྱིས་སམ། ཕྱག་རྒྱ་བཅུ་གཉིས་ཀྱི་རྣམ་པས་མཆོད་པ་བྱ་
ཞིང་། གར་གྱི་ཚུལ་གྱིས་རང་གི་ལྷ་བསྒོམ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་གསང་བའི་དེ་ཁོ་ན་ཉིད་སྒྲུབ་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ལས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་ནི་
ཕྱག་རྒྱ་བཅུ་གཉིས་ཀྱི་གར་གྱི་མཆོད་པ་འབུལ་བའམ། གར་གྱི་ཚུལ་གྱིས་བསྒོམ་པ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གསང་བའི་གར་མཆོག་མཆོད་པ་ལ། །ཞེས་བྱ་བ་ལ། རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་
བྱས། རང་གི་ལྷའི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་གར་གྱི་ཚུལ་གྱིས་བསྒོམ་པར་བྱ་ཞིང་རང་གི་ལྷ་བསྒྲུབ་པར་བྱའོ། །ཡང་ན་མཆོད་པ་ཅི་བདེ་བར། །ཞེས་བྱ་བ་ལ་རྣམ་པ་བཅུ་གཉིས་ཀྱི་ཕྱག་རྒྱའི་མཆོད་པ་ཡང་དང་ཡང་དུ་བྱ་ཞིང་རང་གི་ལྷ་བསྒྲུབ་པར་བྱའོ། །
དེ་ལྟར་རྟག་ཏུ་རྣལ་འབྱོར་བསྒོམས་ན། ཆོ་ག་འདིས་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་སྒྲུབ་པ་བསྟན་ནས། ད་ནི་རང་གི་ལྷའི་སྙིང་པོ་བརྗོད་ཅིང་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་
Vol. 60 · folio 190a
བསྟན་པར་བྱ་བའི་ཕྱིར། དེ་ནས་རང་གི་ཕྱག་རྒྱའི་བདག་ཉིད་སྒྲུབ་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རང་གི་ཕྱག་རྒྱ་ནི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་སྟེ། དེས་བདག་ཉིད་སྒྲུབ་པ་ནི་རང་གི་རྒྱུད་ལ་རང་གི་ལྷའི་ཕྱག་རྒྱའི་སྐུ་རྫོགས་པའོ། །ཕྱག་རྒྱ་ཆེན་
པོ་མཉམ་གཞག་སྟེ། །ཞེས་བྱ་བ་ལ། ཇི་སྐད་བཤད་པའི་ཆོ་གས་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཡེ་ཤེས་སེམས་དཔའ་བཅུག་སྟེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་པོ་ལན་ཅིག་བཟླ་བར་བྱའོ། །དེ་ལྟར་བྱས་པས་
ཅིར་འགྱུར་ཞེ་ན། བརྟན་ཞིང་ཤིན་ཏུ་དགྱེས་ཀུན་ཆགས། །ཤིན་ཏུ་རྒྱས་འགྱུར་བདག་པོ་འགྲུབ། །ཅེས་བྱ་བ་ལ་བརྟན་པ་ནི་མི་ཕྱེད་པའོ། །ཤིན་ཏུ་མཉེས་པར་གྱུར་པས་ན་ཤིན་ཏུ་དགྱེས་པའོ། །ཐུགས་གཞན་དུ་མི་འགྱུར་ཞིང་ཡང་དག་པར་ཞེན་པས་ན་ཀུན་དུ་
ཆགས་པའོ། །ཁྱད་པར་དུ་འཕེལ་བར་འགྱུར་བས་ན་ཤིན་ཏུ་རྒྱས་པར་འགྱུར་བའོ། །བདག་པོ་ནི་སྒྲུབ་པ་འདོད་པའི་ལྷའི་སྐུའི་རང་བཞིན་ཅན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་བསྟན་ནས། ད་ནི་རྡོ་རྗེ་སེམས་
དཔའི་སྒྲུབ་པ་པོས་རི་བྷི་ཏ་ལ་སོགས་པའི་བྱེད་པའི་ཁམས་ཀྱི་གླུ་རྒྱན་དང་བཅས་པ་ལྔ་ཡི་གེ་ཧཱུཾ་བརྗོད་ཅིང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡི་གེ་ཧཱུཾ་གིས་གླུ་བླང་བ་གྲུབ་པའི་རྒྱུད་ཅེས་
བྱ་བ་གསུངས་ཏེ། ཡི་གེ་ཧཱུཾ་ཉིད་གླུ་སྟེ་ཡི་གེ་ཧཱུཾ་གི་གླུའོ། །དེ་བླངས་པས་གྲུབ་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པའོ། །རི་བྷི་ཏ་སོགས་རྒྱན་དང་ལྡན། །ཞེས་བྱ་བ་ལ། རི་བྷི་ཏ་ཞེས་བྱ་བ་ནི་བྱེད་པའི་ཁམས་ཏེ། པི་ཝང་ལ་སོགས་པའི་རོལ་མོ་རྣམས་ལ་རབ་ཏུ་
གྲགས་པ་ཡིན་ནོ། །སོགས་པའི་སྒྲས་ནི་ནི་ད་དང་། ནི་ལ་ཏི་ཏ་དང་། ཧྲ་ད་དང་རྗེས་སུ་འབྲེལ་པ་ཞེས་བྱ་བ་སྟེ་བཞི་ཤེས་པར་བྱའོ། །རི་ད་ལ་སོགས་པའི་རྒྱན་ནི་རི་ད་ལ་སོགས་པའི་རྒྱན་ཏེ་རི་ད་ལ་སོགས་པའི་དེ་རྣམས་དང་ལྡན་པའོ། །ཅི་ནུས་པ་ཞེས་བྱ་བ་ལ་ནུས་པ་
Vol. 60 · folio 190b
དང་རྗེས་སུ་མཐུན་པའོ། །ཅི་འདོད་པར་ཞེས་བྱ་བ་ནི་རང་གི་འདོད་པ་དང་རྗེས་སུ་མཐུན་པའོ། །བླངས་ནས་ཞེས་བྱ་བ་ནི་གླུར་བླངས་ནས་སོ། །དེ་གང་ཡིན་ཞེ་ན། གནྡྷརྦྷ་ཞེས་བྱ་བའི་གླུ་སྟེ་དབྱངས་བདུན་གྱི་རང་བཞིན་ཅན་ནོ། །དང་པོ་ནི་ད་ལྟར་བྱུང་བ་སྟེ། རང་བཞིན་གྱིས་
རྟག་ཏུ་གནས་པ་གྲུབ་པར་འགྱུར་རོ། །ཡི་གེ་གང་གིས་ཤེ་ན། ཡི་གེ་ཧཱུཾ་གིས་སོ། །ལྷག་མ་ནི་གོ་སླའོ། །དེ་ཁོ་ན་ཉིད་ཆེན་པོ་ཞེས་བྱ་བ་ལ། དེ་ཁོ་ན་ཉིད་ཀྱང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་དེ་ཁོ་ན་ཉིད་ཆེན་པོ་སྟེ། ཐོག་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་སོ། །
དེའི་གསང་བའི་དངོས་གྲུབ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་པོ། །དེ་བསྒྲུབ་པ་ནི་འདས་མ་ཐག་ཏུ་བཤད་པ་དེ་ཉིད་དོ། །རྒྱུད་ཅེས་བྱ་བ་ཡང་ངོ་། །རི་བྷི་ཏ་ལ་སོགས་པའི་ཁམས་ལྔ་རྒྱན་དང་བཅས་པ་
རྣམས་ཀྱིས་ཡི་གེ་ཧཱུཾ་གིས་དང་པོར་གནྡྷརྦྷ་བླང་ཞིང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་རབ་ཏུ་བསྒྲུབ་པའི་ཕྱིར་ལས་བརྒྱ་རྣམ་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྟོག་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབ་པའོ། །རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱང་ཡིན་པས་ན། རྟོག་པ་ཐམས་ཅད་དེ། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་རྟོག་པའོ། །དེའི་ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ནི། ལས་ཀྱི་ཕྱག་རྒྱ་སྟེ། དེ་སྟོན་
པར་བྱེད་པའི་རྒྱུད་བཤད་པར་བྱའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་ཕྲིན་ལས་ཅན་གྱི་རྡོ་རྗེ་སེམས་དཔས་གསུངས་སོ། །ཐོག་མ་ཐ་མ་མེད་པ་ནི་ཤིན་ཏུ་ཚེ་རིང་ཞིང་འཕེལ་བ་ལ་སོགས་པའི་ལས་རྣམས་གང་ལ་ཡོད་པ་དེ་ནི་ཐོག་མ་ཐ་མ་མེད་པའི་ཕྲིན་ལས་ཅན་ནོ། །
ཤིན་ཏུ་ཚེ་རིང་ཞིང་འཕེལ་བ་ཞེས་བྱ་བ་ཚེ་རིང་བ་ནི་བསྐལ་པ་ལ་སོགས་པ་དུས་ཀྱི་གྲངས་ལས་འདས་པའོ། །ཤིན་ཏུ་ཡང་ཡིན་ལ་ཚེ་རིང་བ་ཡང་ཡིན་པས་ན་ཤིན་ཏུ་ཚེ་རིང་བ་སྟེ་སྲོག་གོ། །འཕེལ་བ་ནི་གོང་ནས་གོང་དུ་སྐད་ཅིག་མའི་རྒྱུན་གྱིས་མི་གནས་པའི་མྱ་ངན་ལས་འདས་
Vol. 60 · folio 191a
པའི་རང་བཞིན་རྫོགས་པའོ། །དེ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་ཆོས་སོ། །དང་པོའི་རྡོ་རྗེ་ནི། བདེ་བ་ཆེན་པོའི་རྡོ་རྗེའི་ཚེ་སྟེ། དེས་དེ་འབྱུང་བ་ཡིན་ནོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། གསང་བའི་དཀྱིལ་འཁོར་ལས་གསུངས་
པའི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་དཔྱད་ནས་དང་པོའི་རྡོ་རྗེ་བཅིངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་རང་གི་སྙིང་གའི་ཟླ་བ་དང་། སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསྒོམས་ལ། ཟླ་བའི་དཀྱིལ་འཁོར་ཡང་
བདུད་རྩིའི་རྒྱུན་རྣམས་ཀྱིས་སྒྲུབ་པ་པོའི་ལུས་མ་ལུས་པ་གང་བར་བྱེད་པ་ཟླ་བ་ཕྱེད་ཀྱི་བར་ཉིན་རེ་ཞིང་། ལན་ཅིག་བྱིན་གྱིས་བརླབ་པ་བྱས་ལ། མཐར་མཚན་ཐོག་ཐག་བསྒོམས་ན། ཐོ་རངས་རྡོ་རྗེ་སེམས་དཔའི་རྡོ་རྗེའི་ཚེ་དང་འདྲ་བར་འགྱུར་ཏེ། དང་པོའི་རྡོ་རྗེ་སྤྱི་བོའི་
ཕྱོགས་སུ་བཟུང་ཞིང་བསྒོམ་པར་བྱ་བ་ཡིན་ནོ། །ཤིན་ཏུ་གཞོན་པའི་ན་ཚོད་འཕེལ་བ་ཞེས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའ་བཞིན་དུ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་གྱི་ན་ཚོད་རྫོགས་པ་ནི་ཤིན་ཏུ་གཞོན་པའོ། །དེ་གོང་ནས་གོང་དུ་འཁོར་བ་ཇི་སྲིད་ཀྱི་བར་དུ་འཇུག་པ་
ནི་འཕེལ་བའོ། །དེ་ཇི་ལྟར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ་ཞེས་བྱ་བ་ལ། བདེ་བ་ཆེན་པོ་རྡོ་རྗེ་བཅུད་ཀྱིས་ལེན་ནོ། །རྡོ་རྗེ་སེམས་དཔའ་སྟེ། དེའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི། བདེ་བ་ཆེན་པོ་རྡོ་རྗེ་བཅུད་ཀྱིས་ལེན་ཏེ། དེས་དེ་ཐོབ་པར་འགྱུར་རོ། །
འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་དཔྱད་ནས། དང་པོའི་རྡོ་རྗེ་བཅིངས་ཏེ། དེའི་དབུས་མའི་རྡོ་རྗེ་བཏུང་བར་བྱའོ། །དཔལ་རྡོ་རྗེ་སེམས་དཔའ་དབུས་མའི་
རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་རྡུལ་ཕྲ་རབ་ཀྱི་བཅུད་ཀྱིས་ལེན་གྱི་རྒྱུད་ཀྱིས་ཀྱང་ཁ་གཏང་བར་བྱ་སྟེ། ལུས་ཐམས་ཅད་ཁྱབ་པར་བསམ་པར་བྱས་ན། དེ་ལྟར་ན་ཚོད་ཤིན་ཏུ་གཞོན་པ་འཕེལ་བར་འགྱུར་རོ། །གཟུགས་ཆེན་པོ་དང་གཟི་
Vol. 60 · folio 191b
བརྗིད་འཕེལ་བར་ཞེས་བྱ་བ་ལ། གཟུགས་ཆེན་པོ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའོ། །རྡོ་རྗེ་སེམས་དཔའ་ལྟ་བུའི་མཐུ་ནི་གཟི་བརྗིད་ཆེན་པོའོ། །དེ་དག་འཕེལ་བ་ནི་གོང་ནས་གོང་དུ་འཁོར་བ་ཇི་སྲིད་ཀྱི་བར་དུ་རབ་ཏུ་འཇུག་
པ་ཡིན་ནོ། །དེ་ཇི་ལྟར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེའི་གཟུགས་ཀྱི་གཟི་བརྗིད་ཀྱིས་སོ་ཞེས་བྱ་བ་ལ། བདེ་བ་ཆེན་པོ་རྡོ་རྗེ་གཟུགས་ཀྱི་གཟི་བརྗིད་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་གཟུགས་ཀྱི་གཟི་བརྗིད་དོ། །དེ་བཞིན་དུ་ཐམས་
ཅད་བྱས་ལ། དང་པོའི་རྡོ་རྗེ་དབུས་མ་དང་མཐེ་བོ་དང་མཐེའུ་ཆུང་རྣམས་ཀྱིས་རྩེ་མོའི་ཚུལ་དུ་བྱས་ཏེ་རང་གི་གདོང་ཡོངས་སུ་སྦྱངས་ལ་ཕྱག་རྒྱ་རང་གི་གདོང་དུ་དགྲོལ་བར་བྱས་ཏེ། རང་གི་གདོང་ལ་རབ་ཏུ་ཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཀྱང་ལུས་
ཐམས་ཅད་ཁྱབ་ཅིང་རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་པར་བསམ་པར་བྱ་སྟེ། དེ་ལྟར་ན་གཟུགས་ཆེན་པོ་དང་། གཟི་བརྗིད་འཕེལ་བར་འགྱུར་རོ། །འདུ་བྱེད་ཐམས་ཅད་འཕེལ་བ་ཞེས་བྱ་བ་ལ། འདུ་བྱེད་ཀྱང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་འདུ་བྱེད་ཕུང་པོ་
སྟེ། དཔལ་རྡོ་རྗེ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་འདུ་བྱེད་ཀྱི་ཕུང་པོའོ། །དེ་འཕེལ་བ་ནི་སྔ་མ་བཞིན་ནོ། །དེ་ཇི་ལྟར་ཞེ་ན་བདེ་བ་ཆེན་པོའི་རྡོ་རྗེ་འདུ་བྱེད་ཆེན་པོས་སོ་ཞེས་བྱ་བ་ལ་བདེ་བ་ཆེན་པོའི་རྡོ་རྗེ་འདུ་བྱེད་ཆེན་པོ་ནི་དོན་ཡོད་
གྲུབ་པའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་སྟེ་དེའི་ཕྱག་རྒྱ་གང་ཡིན་པ་སྟེ་དེ་ནི་བདེ་བ་ཆེན་པོའི་འདུ་བྱེད་ཆེན་པོའོ། །འདིས་ནི་འདི་སྐད་འཆད་པར་འགྱུར་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱི་ཆོ་ག་ཐམས་ཅད་རྗེས་སུ་དཔྱད་ལ་དང་པོའི་རྡོ་རྗེ་བཅིངས་ཏེ།
རང་གི་ལུས་ཐམས་ཅད་དུ་བསྐོར་བར་བྱའོ། །དེ་ནས་བདག་ཉིད་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པར་བསྒོམ་ཞིང་སྙིང་གར་ཕྱག་རྒྱ་དགྲོལ་བར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སྐུ་
Vol. 60 · folio 192a
རྣམས་རང་གི་སྙིང་གར་གཞུག་པར་བྱ་སྟེ་དེ་ལྟར་འདུ་བྱེད་ཆེན་པོ་ཐམས་ཅད་འཕེལ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་བསྲུང་བར་བྱ་བ་ལ། སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་སེམས་ཅན་ཐམས་
ཅད་དེ། དེ་རྣམས་ཀྱི་བདག་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དེ། ཕུང་པོ་ལྔའི་རང་བཞིན་གྱི་བདག་ཉིད་ཀྱི་དངོས་པོའོ། །དེ་ཐམས་ཅད་བསྲུང་བ་ནི་ཐམས་ཅད་བསྲུང་བའོ། །དེ་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་བསྲུང་བས་སོ་ཞེས་བྱ་བ་ལ་བདེ་བ་ཆེན་པོའི་
རྡོ་རྗེ་བསྲུང་བ་ནི། རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱི་གཟུངས་དང་ལྡན་པའི་རྡོ་རྗེ་སེམས་དཔའ་སྟེ། དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བསྲུང་བའོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་བསྲུང་བར་བྱ་བའི་སེམས་
ཅན་དང་ཡིད་ཀྱིས་གཅིག་ཏུ་བྱས་ལ། རྡོ་རྗེ་སེམས་དཔའི་ཅོད་པན་གྱི་རང་བཞིན་ཅན་དུ་བདག་ཉིད་བསྒོམ་ཞིང་དང་པོའི་རྡོ་རྗེ་སྤྱི་བོའི་ཕྱོགས་སུ་གཟུང་བར་བྱས་ཏེ། དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་བསྲུང་བར་འགྱུར་བ་ཡིན་ནོ། །ཕྱོགས་
ཐམས་ཅད་དང་། མཚམས་དང་། དཀྱིལ་འཁོར་བཅིང་བ་ནི་བཤད་ཟིན་ཏོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་བསྐོར་བས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་དང་པོའི་རྡོ་རྗེ་བཅིངས་ཏེ། ཕྱོགས་བཅིང་བའི་བསམ་པས་
ཕྱོགས་བཅུར་བསྐོར་བར་བྱས་ན་ཕྱོགས་ཐམས་ཅད་རྡོ་རྗེ་འབར་བ་རྣམས་ཀྱིས་བར་མཚམས་མེད་པར་ཁྱབ་པར་འགྱུར་བ་ཡིན་ཏེ། དེ་ལྟར་ན་ཕྱོགས་ཐམས་ཅད་བཅིང་བར་འགྱུར་བ་ཡིན་ནོ། །དེ་ཉིད་མཚམས་བཅིང་བའི་ཚུལ་གྱིས་བསྐོར་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེའི་
མཚམས་བཅིང་བར་འགྱུར་རོ། །དེ་ཉིད་དཀྱིལ་འཁོར་བཅིང་བའི་ཚུལ་གྱིས་བསྐོར་བར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་བཅིང་བར་འགྱུར་རོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། ཐམས་ཅད་རྡོ་རྗེ་ཁྲོ་བོའི་ངོ་བོ་ཉིད་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ནི་རྡོ་རྗེ་ཧཱུཾ་མཛད་དེ་དེས་
Vol. 60 · folio 192b
ཀྱང་ཞུགས་པར་མི་ནུས་ཤིང་མི་ཕྱེད་པར་འགྱུར་རོ། །སྡིག་པ་ཐམས་ཅད་བསྲུང་བ་ཞེས་བྱ་བ་ལ། སྡིག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སྡིག་པ་ཐམས་ཅད་དེ། སེམས་ཅན་ཐམས་ཅད་ལ་འཚེ་བར་བྱེད་པའི་བདུད་ཀྱི་ལུས་ཅན་གྱི་ལྷའི་གཟུགས་སོ། །དེ་རྣམས་
ལས་ཐམས་ཅད་དུ་བསྲུང་བས་ན་སྡིག་པ་ཐམས་ཅད་བསྲུང་བ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལས་རང་གི་སེམས་བསྲུང་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེས་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ལ། དེ་
བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། གོ་ཆ་བཅིང་བའི་བསམ་པས་སྙིང་གར་བཞག་ལ་སེམས་ཀྱིས་རྒྱུ་བ་དང་། དེ་ནས་དཔུང་པ་གཉིས་དང་། སྤྱི་བོ་དང་དཔྲལ་བར་བཞག་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཕྲེང་བ་བཅིངས་ཏེ། སྙིང་
གའི་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་གོ་ཆ་བཅིང་བར་བསམ་པར་བྱའོ། །དེ་བཞིན་དུ་མགྲིན་པའི་སྟེང་དང་། སླར་ཡང་སྙིང་ག་དང་། དེ་ནས་ནུ་མའི་བར་དང་། སླར་ཡང་སྙིང་ག་དང་། དེ་ནས་མགྲིན་པའི་སྟེང་དང་། དཔྲལ་བའི་སྟེང་དང་། དེ་ནས་སྙིང་གར་བཅིང་བའི་
ཚུལ་གྱིས་རྣ་བ་གཉིས་ཀྱི་སྟེང་དུ་ནམ་མཁའ་ལྡིང་གི་གཤོག་པ་བྱས་ལ་མཐར་དར་དཔྱངས་སུ་བྱས་ཏེ། འདི་ནི་བདེ་བ་ཆེན་པོ་རྡོ་རྗེའི་བྱིན་གྱིས་བརླབས་པ་སྟེ། འདིས་སྡིག་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ། །བདག་ཉིད་ཀྱི་དངོས་པོ་ཐམས་ཅད་དམ། གཞན་དག་
རྡོ་རྗེར་བྱེད་པ་ཞེས་བྱ་བ་ནི་གོ་སླའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གོ་ཆས་སོ། །ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་བསྲུང་བར་བདག་ཉིད་བསམས་ནས་བདག་ཉིད་གོ་ཆའི་བསམ་
པའམ། གཞན་བསྲུང་བའི་བསམ་པས་ཕྱག་རྒྱ་དེ་སྙིང་གའམ། དཔྲལ་བའམ། སྤྱི་བོའི་ཕྱོགས་སུ་གཟུང་བར་བྱ་སྟེ། དེ་ལྟར་ན་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་དམ་གཞན་དག་གི་རྡོ་རྗེ་ཉིད་དུ་བྱེད་པར་འགྱུར་རོ། །འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་
Vol. 60 · folio 193a
བ་ཞེས་བྱ་བ་ལ། མཆོག་དང་མཆོག་མ་ཡིན་པའི་འཐབ་མོ་ཀུན་ལས་རྣམ་པར་རྒྱལ་བ་ནི་འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བའོ། །དེ་ཇི་ལྟར་ཞེ་ན་བདེ་བ་ཆེན་པོའི་རྡོ་རྗེ་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་
དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་གྱེན་དུ་དྲངས་ལ་སོར་མོ་དབུས་མ་གཉིས་དར་གྱི་བ་དན་གྱི་ཚུལ་གྱིས་གཟུང་བར་བྱ་སྟེ། ཕྱག་རྒྱ་བཅིང་བ་དེ་ལས་ཀྱང་ཡན་ལག་བཞིའི་དཔུང་གི་ཚོགས་སྤྲོས་ལ་དེ་ཡིས་ཕ་རོལ་གྱི་དཔུང་གསད་པར་བྱ་སྟེ། དེ་
ལྟར་ན་འཐབ་མོ་ཀུན་ལས་རྣམ་པར་རྒྱལ་བར་འགྱུར་བ་ཡིན་ནོ། །འཐབ་མོ་བསྲུང་བ་ཞེས་བྱ་བ་ལ། འཐབ་མོ་ཐམས་ཅད་ལས་བདག་ཉིད་ཀྱི་དཔུང་བསྲུང་བ་ནི་འཐབ་མོ་བསྲུང་བའོ། །དེ་ཇི་ལྟར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་གཞན་གྱིས་མི་ཐུབ་པས་སོ་ཞེས་བྱ་བ་ལ། དེ་
བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། བདག་ཉིད་འཕགས་པ་བྱམས་པར་རྣམ་པར་བསམས་ལ་བྱམས་པའི་གོ་ཆས་ལུས་ཐམས་ཅད་བྱུགས་ཤིང་དེས་བསྲུང་བར་བྱས་ཏེ། དེ་ལྟར་ན་འཐབ་མོ་ཐམས་ཅད་ལས་བསྲུང་བར་འགྱུར་
རོ། །ཕ་རོལ་གྱི་དཔུང་ཐམས་ཅད་གཞིག་པ་ནི་གོ་སླའོ། །ཇི་ལྟར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་འཇིགས་པར་བྱེད་པས་སོ་ཞེས་བྱ་བ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་བདག་ཉིད་ཞལ་གྱི་མཆེ་བ་རྣམ་པར་གཙིགས་པའི་རྡོ་རྗེ་གནོད་
སྦྱིན་དུ་རྣམ་པར་བསམས་ལ་འཇིགས་པར་བྱེད་པའི་ལྟ་བས་བལྟ་ཞིང་སྟེང་དུ་ཁ་བལྟས་པས་ཁྲོ་བོའི་བཞད་པ་བྱ་སྟེ། སྟེང་དུ་ཁ་བལྟ་བའི་ཕྱག་རྒྱ་རང་གི་ཁར་བཟུང་ཞིང་རང་གི་ཁ་ལས་ཀྱང་རྡོ་རྗེ་གནོད་སྦྱིན་སྲིན་པོ་རོ་ལངས་རྣམས་སྤྲོས་ལ་དེ་རྣམས་ཀྱིས་གཞན་གྱི་དཔུང་བཟའ་
བར་བྱ་སྟེ། དེ་ལྟར་ན་གཞན་གྱི་དཔུང་ཐམས་ཅད་འཇིགས་པར་འགྱུར་རོ། །གཞན་གྱི་དཔུང་ཐམས་ཅད་ཉམས་པ་ཞེས་བྱ་བ་ལ་སོགས་པ་ལ། ཉམས་པ་ནི་དམན་པ་སྟེ་སྟོབས་ཆུང་བ་ཉིད་དུ་བྱེད་པའོ། །དེ་ཉིད་ལས་གཞན་ཟིལ་གྱིས་གནོན་པའི་ནུས་པ་བསྐྱེད་པ་
Vol. 60 · folio 193b
ནི་ལྡང་བའོ། །རྒྱས་བཏབ་པ་ནི་ཐམས་ཅད་སྙིང་གའི་ཟླ་བ་རྣམས་ལ་འབར་བའི་རྡོ་རྗེ་བསྐྱེད་པའོ། །ལྟུང་བ་ནི་གོ་སླའོ། །གསད་པ་ནི་བྱ་བ་བྱེད་པ་མེད་པ་དང་། ཤིན་ཏུ་གསད་པའོ། །དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་གློག་བསྐོར་བས་སོ་ཞེས་བྱ་བ་
ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་བདག་ཉིད་དྲག་པོ་ཆེན་པོའི་བདག་པོ་རྡོ་རྗེ་ཧཱུཾ་མཛད་ཞལ་བཞི་པ་ཕྱག་བརྒྱད་པ་རྡོ་རྗེའི་རིགས་སྤྲོ་བའི་ཚུལ་གྱིས་བཞུགས་པར་རྣམ་པར་བསམས་ལ། དང་པོའི་རྡོ་རྗེ་མཐེའུ་ཆུང་དང་། མཐེ་བོ་
དག་གིས་འབར་བ་བཞི་པའི་ཚུལ་བྱས་ལ་ཁྲོ་ཞིང་གཞན་གྱི་དཔུང་མངོན་པའི་ཕྱོགས་སུ་གཏོར་བར་བྱ་སྟེ། ཕྱག་རྒྱ་གཏོར་བ་ལས་རྡོ་རྗེ་རོ་ལངས་ལ་སོགས་པ་སྤྲོས་ཏེ། དེ་རྣམས་ཀྱིས་གཞན་གྱི་དཔུང་ཉམས་པའམ། ལྡང་བའམ་རྒྱས་གདབ་པའམ་ལྟུང་བའམ། གསད་
པར་བསམ་པར་བྱ་སྟེ། དེ་ལྟར་ན་ཇི་ལྟ་བ་བཞིན་དུ་བསམ་པ་གང་ཡིན་པ་དེ་འགྲུབ་པར་འགྱུར་རོ། །རིམས་ཐམས་ཅད་ལ་སོགས་པ་དང་། །ནད་ཐམས་ཅད་དང་། ནད་ཆེན་པོ་ཞི་བ་ཞེས་བྱ་བ་ལ། རིམས་ཐམས་ཅད་ནི་སྨན་གྱི་བསྟན་བཅོས་ལས་ཇི་ལྟར་
གྲགས་པའོ། །ནད་ཐམས་ཅད་ནི་སྐྱ་རྦབ་ལ་སོགས་པའི་ནད་དོ། །ནད་ཆེན་པོ་ནི་གཅོང་ཆེན་པོ་ལ་སོགས་པའོ། །དེ་རྣམས་ཞི་བ་ནི་འཇིག་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་ལྟ་བས་འཕྲོག་པས་སོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་
བྱས་ལ་དང་པོའི་རྡོ་རྗེ་རང་གི་སྙིང་གར་བཅིངས་ཏེ། ཞི་བའི་ལྟ་བས་དེའི་དབུས་མ་རྡོ་རྗེའི་རྩེ་མོ་འཕྲོག་ཅིང་རིམས་ནད་ཐམས་ཅད་ལ་སོགས་པ་འཕྲོག་པར་བྱེད་པ་ཡིན་ནོ། །བདག་ཉིད་འཕགས་པ་གཙུག་སྤྱོད་ཀྱི་རང་བཞིན་དུ་བསམས་ལ། བཅོམ་ལྡན་འདས་
འཕགས་པ་གཙུག་སྤྱོད་ཀྱིས་ཀྱང་། ནད་པའི་སྤྱི་བོ་ནས་རྐང་པའི་བར་དུ་གང་བར་བསམ་པར་བྱའོ། །དེ་ལྟར་ན་རིམས་ཐམས་ཅད་དང་ནད་ཐམས་ཅད་དང་ནད་ཆེན་པོ་ཞི་བར་འགྱུར་རོ། །དུག་ཐམས་ཅད་གཞིག་པར་བྱ་བ་ལ་ནི་མི་སྣང་བར་བྱའོ། །དུག་ཐམས་ཅད་
Vol. 60 · folio 194a
ཀྱི་ནུས་པ་འཕྲོག་པ་ནི་དུག་མེད་པར་བྱ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་ལྟ་བས་འཕྲོག་པས་སོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས་བྱམས་པའི་ལྟ་བས་འཕྲོག་པར་བྱའོ། །འདི་ལྟར་སྟོན་པར་འགྱུར་ཏེ། དེ་བཞིན་དུ་དཔལ་
རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བྱམས་པའི་ལྟ་བས་བལྟ་ཞིང་དང་པོའི་རྡོ་རྗེ་དུག་འཕྲོག་པར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཟླ་བའི་སྐུ་མདོག་ཅན་གྱིས་ཀྱང་དུག་ཐམས་ཅད་བདུད་རྩིར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟར་ན་དུག་ཐམས་ཅད་འཇིག་པ་དང་
དུག་མེད་པར་འགྱུར་རོ། །གདོན་ཐམས་ཅད་དགྲོལ་བར་ཞེས་བྱ་བ་ལ། རིག་པ་མཆོག་ལས་གསུངས་པའི་གདོན་བཅོ་བརྒྱད་ནི་གདོན་ཐམས་ཅད་དེ། དེ་རྣམས་བཀྲོལ་བ་ནི་གདོན་ཐམས་ཅད་བཀྲོལ་བ་སྟེ་གདོན་ཐམས་ཅད་ཀྱིས་བཟུང་བ་རྣམས་སེལ་བ་ཞེས་བྱ་བའི་ཐ་
ཚིག་གོ། །དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་འབྱུང་པོ་བསྐྲད་པས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ཏེ་དང་པོའི་རྡོ་རྗེ་བཅིངས་ལ་འཕགས་པ་སྟོབས་པོ་ཆེ་དབུ་སྟོང་དང་། ཕྱག་སྟོང་མངའ་བར་བདག་ཉིད་བསམས་ལ་དེས་
བསྒྲུབ་བྱ་ལ་དབབ་པར་བྱའོ། །བསྒྲུབ་བྱའི་སྙིང་ག་ན་བཞུགས་པའི་བཅོམ་ལྡན་འདས་འཕགས་པ་སྟོབས་པོ་ཆེས་ཀྱང་བསྒྲུབ་བྱ་ཀུན་དུ་གང་བར་བྱས་ནས། དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་གདོན་བླངས་ཏེ། གདོན་དགྲོལ་བའི་བསམ་པས་དང་པོའི་རྡོ་རྗེ་ཞུ་ནས་དགྲོལ་
བར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །མ་མོ་དང་མཁའ་འགྲོ་མ་དང་། གདོན་ཐམས་ཅད་ནི་ཤེས་པར་ཟད་དོ། །དེ་རྣམས་དགྲོལ་བ་ཆེན་པོ་ནི་བསྒྲུབ་བྱའི་ལུས་ལས་ཤིན་ཏུ་འཇིག་པའོ། །དེ་རྣམས་ཉིད་ཀྱི་འཐབ་པ་སྔགས་དང་
ཕྱག་རྒྱ་དག་གིས་འཇོམས་པའོ། །དེ་དག་ཉིད་ཀྱིས་སེམས་ཅན་གང་གི་སྙིང་བཏོན་ནས་ཟོས་པ་དེ་ལས་གཞན་གྱི་སྙིང་བཅུག་པ་ནི་འབྱུང་བའོ། །དེ་ཉིད་ཀྱིས་བསད་པའི་སེམས་ཅན་ནི་ཤི་བ་སྟེ་དེ་གསོ་བ་ནི་ཤི་བ་གསོ་བ་སྟེ་སླར་ཡང་སྲོག་བྱིན་པའོ། །དེ་ཉིད་ལས་སྲོག་བྱིན་ནས་
Vol. 60 · folio 194b
སྔར་སྔོན་གྱི་བསགས་པའི་ཚེའི་བར་ཆོད་མེད་པ་ཉིད་དུ་གོང་ནས་གོང་དུ་རབ་ཏུ་འཇུག་པ་ནི་ཚེ་འཕེལ་བའོ། །མ་མོ་དང་མཁའ་འགྲོ་མ་དང་། གདོན་ཐམས་ཅད་ཀྱིས་དེ་ཟིལ་གྱིས་ནོན་པར་མི་འགྱུར་བ་ཉིད་ནི་ཤིན་ཏུ་བསྲུང་བའོ། །དེ་ཇི་ལྟར་བྱ་བ་ཡིན་ཞེ་ན། བདེ་བ་ཆེན་
པོའི་རྡོ་རྗེའི་ཕྱག་རྒྱའི་ལན་གྱིས་སོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་སྔར་བཤད་པའི་མཚན་ཉིད་ཅན་གྱི་དཔལ་ཧེ་རུ་ཀར་བདག་ཉིད་རྣམ་པར་བསམས་ལ་དང་པོའི་རྡོ་རྗེས་ཡོངས་སུ་བསྐོར་ཏེ། མཐེ་བོའི་རྩེ་མོ་དག་གིས་མཛོད་སྤུའི་ཕྱོགས་སུ་
གཟུང་བར་བྱའོ། །དེ་ནས་སོར་མོ་དབུས་མ་གཉིས་བསྐྱོད་པར་བྱའོ། །དཔལ་ཧེ་རུ་ཀ་འཁོར་དང་བཅས་པས་བསྒྲུབ་བྱའི་ལུས་ལ་ཞུགས་ཏེ། མ་མོ་དང་། མཁའ་འགྲོ་མ་དང་། གདོན་ཐམས་ཅད་ཟ་བར་འགྱུར་བར་བསམ་པར་བྱས་ཏེ་དེ་ལྟར་ན་མ་མོ་དང་། མཁའ་
འགྲོ་མ་དང་། གདོན་ཐམས་ཅད་ལས་གྲོལ་བར་འགྱུར་བ་ཡིན་ནོ། །འཐབ་པར་འགྱུར་བ་དེ་རྣམས་ཀྱི་སྔགས་དང་ཕྱག་རྒྱ་དག་གིས་དབུས་མའི་རྡོ་རྗེ་རྩེ་མོ་ལས་འབར་བའི་རྡོ་རྗེ་རྣམས་སྤྲོས་ཏེ་དེ་རྣམས་ཀྱི་སྟེང་དུ་ཡིད་ཀྱིས་དབབ་པར་བྱ་སྟེ་དེ་ལྟར་ན་འཇོམས་པར་འགྱུར་རོ། །དེ་
བཞིན་དུ་དབུས་མའི་རྩེ་མོ་གཉིས་བསྐྱོད་པར་བྱས་ཤིང་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་སྙིང་བཏོན་པའི་ལུས་ལ་བཅུག་སྟེ། དེའི་འབར་བའི་ལྕགས་ཀྱུ་རྣམས་ཀྱིས་མཁའ་འགྲོ་མ་དང་གདོན་རྣམས་ལས་སྙིང་བཀུག་ལ་བསྒྲུབ་པར་བྱ་བའི་ལུས་ལ་རབ་ཏུ་བཅུག་པར་
བྱ་སྟེ། དེ་ལྟར་ན་སྙིང་གཞན་ཡང་འབྱུང་བར་འགྱུར་རོ། །དེ་བཞིན་བདག་ཉིད་དཔལ་ཧེ་རུ་ཀར་རྣམ་པར་བསམས་ལ། དབུས་མའི་རྩེ་མོ་གཉིས་བསྐྱེད་ཅིང་དཔལ་ཧེ་རུ་ཀ་བསྒྲུབ་བྱའི་ལུས་ལ་རབ་ཏུ་བཅུག་སྟེ། བྱ་བ་མེད་པར་འགྱུར་བའི་བསྒྲུབ་བྱ་ལྡང་དུ་བཅུག་སྟེ་དེ་
ལྟར་ན་འཆི་བ་གསོ་བའོ། །དེ་ལྟར་སྲོག་བྱིན་ལ་ཚེ་འཕེལ་བའི་བསམ་པས་སྙིང་གར་དཔལ་རྡོ་རྗེ་སེམས་དཔའ་བསམ་ཞིང་དེ་ཉིད་སྤྱི་བོར་ཡང་བདུད་རྩི་འཛག་པར་བསམ་པར་བྱ་སྟེ། དེ་ལྟར་ན་ཚེ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་དབུས་མའི་རྩེ་མོ་བསྐྱོད་ཅིང་བསྒྲུབ་
Vol. 60 · folio 195a
བྱའི་སྙིང་གར་རྡོ་རྗེ་བསམ་པར་བྱ་སྟེ་དེ་ལྟར་ན་ཤིན་ཏུ་བསྲུང་བར་འགྱུར་རོ། །ཐམས་ཅད་དབབ་པ་ནི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་དབབ་པའོ། །གཡོ་བ་ནི་དེ་ཉིད་རང་གི་གནས་ནས་བསྐྱོད་པའོ། །འཆི་བ་ནི་དེ་ཉིད་རྡོ་རྗེ་ལྕགས་ཀྱུའི་ལུ་གུ་རྒྱུད་ཀྱིས་སོ། །གར་ནི་
དེ་ཉིད་གར་བྱེད་དུ་བཅུག་པའོ། །གླུ་ནི་གླུ་ལེན་དུ་བཅུག་པའོ། །སྔར་མ་བྱུང་བ་སོ་སོར་སྟོན་པ་ནི་དེ་ཉིད་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲར་གཞུག་པའོ། །དེ་ཉིད་རྨད་དུ་བྱུང་བ་སྨྲར་གཞུག་པ་དང་དེ་ཉིད་རྫུ་འཕྲུལ་སྟོན་དུ་གཞུག་པ་དང་། དེ་ནི་བདེན་པ་སྨྲར་
གཞུག་པ་དང་། དེ་ཉིད་བཅིངས་པ་དགྲོལ་བ་དང་། དེ་ཉིད་བྱུར་ཐམས་ཅད་ཕྲལ་བ་དེ་ལས་བསྲུང་བའོ། །སོས་སུ་གཞུག་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དེ་ཉིད་ལ་རྒས་པ་ལ་སོགས་པ་འཇིག་པར་བྱེད་པའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ་བ་
ཆེན་པོའི་རྡོ་རྗེ་དབབ་པས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་སུ་བཞག་སྟེ། དེའི་དབུས་མའི་རྩེ་མོ་རང་གི་སྙིང་ག་ལས་བསྟོད་པས་ཐམས་ཅད་ལ་དབབ་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་བཞུགས་པའི་
བསྒོམ་པས་སོ། །དེ་ཉིད་ཀྱིས་རང་གི་སྙིང་བསྐྱོད་ཅིང་དངོས་པོ་ཐམས་ཅད་གཡོ་བའོ། །དེ་ཉིད་ཀྱིས་བཅིང་བའི་བསམ་པས་རྡོ་རྗེ་ལྕགས་སྒྲོག་གི་ཕོ་ཉས་དངོས་པོ་ཐམས་ཅད་བཅིང་བའོ། །གར་བྱེད་དུ་གཞུག་པའི་བསམ་པས་དབུས་མའི་རྩེ་མོ་དེ་ཉིད་ཀྱི་དངོས་པོ་ཐམས་
ཅད་ལ་རྡོ་རྗེ་སེམས་དཔའ་བཅུག་ནས། གར་བྱེད་དུ་བཅུག་པ་སྟེ་དེ་དག་གར་བྱེད་དུ་བཅུག་པ་ཡིན་ནོ། །དབུས་མའི་རྩེ་མོ་དེ་ཉིད་ཀྱིས་བསྒྲུབ་བྱའི་ལུས་ལ་བཅུག་སྟེ། གླུ་ལེན་དུ་བཅུག་པའི་བསམ་པས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་གླུ་ལེན་དུ་བཅུག་པའོ། །
དབུས་མའི་རྩེ་མོ་དེ་ཉིད་ཕན་ཚུན་བཙིར་བར་བྱ་སྟེ། དེ་ལྟར་ན་སྔར་མ་བྱུང་བའི་སོ་སོར་བསྟན་པ་མཐོང་བར་འགྱུར་རོ། །དབུས་མའི་རྩེ་མོ་དེ་ཉིད་ཕན་ཚུན་ཁ་འབུས་པའི་རྣམ་པར་བྱས་ན་རྨད་དུ་བྱུང་བ་དང་། ཆོ་འཕྲུལ་མཐོང་བར་འགྱུར་རོ། །དབུས་མའི་རྩེ་མོ་དེ་ཉིད་
Vol. 60 · folio 195b
ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱས་ཏེ་དེ་ལྟར་ན་བདེན་པ་ཐམས་ཅད་སྨྲར་གཞུག་པའོ། །དབུས་མའི་རྩེ་མོ་དེ་ཉིད་བཅིངས་ལ་ཐམས་ཅད་དགྲོལ་བའི་བསམ་པས་མྱུར་དུ་དགྲོལ་བར་བྱས་ཏེ་དེ་ལྟར་ན་ཐམས་ཅད་བཀྲོལ་བའོ། །དབུས་མའི་རྩེ་མོ་
དེ་ཉིད་བསྲུང་བའི་བསམ་པས་བསྐྱོད་པར་བྱ་སྟེ། དེ་ལྟར་ན་གོ་ཆ་ལ་སོགས་པ་ཐམས་ཅད་བསྲུང་བར་འགྱུར་རོ། །དབུས་མའི་རྩེ་མོ་དེ་ཉིད་ཀྱིས་བསྒྲུབ་བྱ་བྱབ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་སོས་སུ་བཅུག་པར་འགྱུར་རོ། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་
ཅད་ལ་ཡིད་ཀྱིས་འདོད་པའི་པྲ་དབབ་པ་ཐམས་ཅད་གྲུབ་པ་ཞེས་བྱ་བ་ལ་པྲ་དབབ་པ་ཐམས་ཅད་ནི་སྔར་བཤད་པ་སྟེ། དེ་རྣམས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་པྲ་དབབ་པས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་
བྱས་ཏེ་ཁྱེའུ་འམ་བུ་མོ་དང་པོའི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། དེའི་རྣ་བ་དང་མིག་གཉིས་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྣམ་པར་བསམས་ལ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བརྗོད་ཅིང་། སྦྱིན་སྲེག་གི་ཐལ་བས་མེ་ལོང་ཡང་དག་པར་སྦྱངས་ལ་ཉེ་འཁོར་གྱི་སའི་ཕྱོགས་
དྲི་བཟང་པོས་བྱུག་པར་བྱས་ནས་མེ་ཏོག་བཀྲམ་པས་ཉེ་བར་མཛེས་པར་བྱས་ལ་དེར་མེ་ལོང་བཞག་སྟེ་དེ་ལ་བཅོམ་ལྡན་འདས་སྤྲུལ་ཏེ། འདུས་བྱས་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་བྱས་ཏེ་སྒོ་ཕྱེ་ནས་སྤྱན་དྲང་བའི་ཕྱག་རྒྱ་དང་སྔགས་དག་གིས་སྤྲུལ་པ་ལ་
བཅུག་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་ལ་སོགས་པ་བྱས་ནས་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ་ཨ་ཀ་རུ་ཕུལ་ལ་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་
ལ་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བ་སྟེ། མཆོད་པ་ལྔས་ཡང་དག་པར་མཆོད་ལ་རྣམ་པ་བཅུ་གཉིས་ཀྱི་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་དེ། ཕྱག་བྱས་ནས་བཟླས་པ་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་སླར་ཡང་ཡང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words