དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ

Sanskrit title (Tibetan script, as in the text) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 60 · folio 196a

དག་པར་མཆོད་དེ། ཀྱེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདེན་པ་གང་གིས། ཆོས་ཐམས་ཅད་གཟུགས་བརྙན་དང་མཚུངས་པའི་བདེན་པ་དེས་བདག་ལ་མངོན་པར་འདོད་པའི་དངོས་པོ་སྟོན་ཅིག་ཅེས་བྱ་བ་དང་། བདེན་པ་གང་གིས་སྒྲ་

རྣམས་བྲག་ཅ་དང་འདྲ་བའི་བདེན་པ་དེས། བདག་ལ་མངོན་པར་འདོད་པ་གསུངས་ཤིག་ཅེས་བྱ་བའི་བདེན་པའི་བྱིན་རླབས་བྱས་ནས་དང་པོའི་རྡོ་རྗེ་བཅིངས་ཏེ་རང་གི་སྙིང་གར་བཞག་ནས་དབུས་མའི་ཁ་སྦྱོར་བསྐྱོད་ཅིང་བཟླ་བར་བྱ་སྟེ། དེ་ལྟར་ན་ཁྱེའུ་དང་བུ་མོ་དག་གིས་ཐམས་

ཅད་མཐོང་བ་དང་ཐོས་པ་ཡིན་ནོ། །དེ་ལྟར་ན་པྲ་དབབ་པ་གཞན་རྣམས་ཀྱི་སྒྲུབ་པ་ཡང་ཤེས་པར་བྱའོ། །རང་གི་ལུས་ཞེས་བྱ་བ་ལ་སོགས་པ་རང་གི་ལུས་དང་ཡིད་དག་ནི་རང་གི་ལུས་དང་ཡིད་རྣམས་སོ། །དེ་དག་ཉིད་རྩེ་གཅིག་པའི་རྣལ་འབྱོར་གྱི་རྟོག་པ་མེད་ཅིང་མི་

ཕྱེད་པ་རྡོ་རྗེ་ལྟ་བུ་སྟེ་རྡོ་རྗེའོ། །དེ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཐོང་བ་དང་། ཐོས་པ་དང་། སྨྲ་བ་དང་། སྟོན་པའི་ཤེས་པ་རྣམས་གྲུབ་པ་ནི་རྫོགས་པའོ། །དེ་ཇི་ལྟར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེའི་བདག་ཉིད་རྣམ་པར་བསྒོམས་པས་སོ་ཞེས་བྱ་བ་

ལ་དེ་ཡང་འདི་ཡིན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་ནི་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ཏེ། དེས་ཉིན་རེར་ལུས་ལ་སྦྱངས་པས་ལུས་འགྲུབ་པར་འགྱུར། དེ་ཉིད་ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་

ན་ངག་གྲུབ་པའོ། །དེ་ཉིད་སྙིང་གར་བཞག་ལ་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་བསྒོམས་ཏེ་དེ་ལྟར་ན་སེམས་གྲུབ་པའོ། །དེ་ཉིད་ལ་བལྟ་ཞིང་བཟླས་པར་བྱས་ཏེ། དེ་ལྟར་ན་ཐམས་ཅད་མཐོང་བ་ཡིན་ནོ། །དེ་ཉིད་རྣ་བ་ལ་གཞག་པར་བྱ་སྟེ། དེ་ལྟར་ན་རྣ་བའི་ཤེས་

པ་གྲུབ་པའོ། །དེ་ཉིད་ཁ་ལ་བཞག་ནས་བཟླས་པར་བྱ་སྟེ་དེ་ལྟར་ན་ལྕེས་ཐམས་ཅད་སྨྲ་བ་ཡིན་ནོ། །དེ་ཉིད་ཆོས་བསྟན་པའི་བསམ་པས་ཁར་བཟུང་ཞིང་བལྟ་བར་བྱས་ནས་ཐམས་ཅད་སྟོན་པའི་ཤེས་པ་གྲུབ་པར་འགྱུར་རོ། །ཐམས་ཅད་ལས་འདས་པ་དང་མ་

Vol. 60 · folio 196b

འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐམས་ཅད་དང་། ནམ་མཁའི་ཕྱོགས་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོའི་རང་བཞིན་གང་ཡིན་པ་དེ་ལ། བཀའ་ཤེས་པ་སྨྲ་བ་པ་དེ། མཐོང་བ་ནི་མངོན་སུམ་དུ་

བྱེད་པའོ། །དེ་ཇི་ལྟར་ཞེ་ན། ཡི་གེ་ཨ་ལ་སོགས་པ་སྟེ། དེ་ཉིད་སྣ་ཚོགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཅན་ཡིན་ནོ། །ཡང་ན་དངོས་པོ་ཐམས་ཅད་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོའི་རང་བཞིན་

རྣམས་ཀྱིས་རྣ་བའི་ཤེས་པ་འཇུག་པ་ནི་མ་འཁྲུལ་པའི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་རྫོགས་པ་དེ་ཉིད་སྒྲུབ་པ་ཡིན་ནོ། །དེ་ཕྱག་རྒྱ་གང་གིས་རྫོགས་པ་ཡིན་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་མཁྱེན་པས་སོ་ཞེས་བྱ་བ་ལ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་སྟེ།

དེའི་ཐམས་ཅད་མཁྱེན་པ་ནི་དུས་གསུམ་གྱི་དངོས་པོ་འཛིན་པའི་རྣམ་པར་ཤེས་པ་ལ་སོགས་པ་སྟེ། དེ་རྫོགས་པར་བྱེད་པའི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཐམས་ཅད་མཁྱེན་པ་སྟེ། དེས་དེ་ཐོབ་པར་འགྱུར་རོ། །འདི་ལྟར་བཤད་པར་འགྱུར་ཏེ་གསང་བའི་དཀྱིལ་

འཁོར་ལས་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ལ་བདེན་པའི་བྱིན་གྱི་རླབས་བྱའོ། །དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་བསྐོར་ཞིང་ཕྱག་རྒྱ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་མཐོང་

བའི་བསམ་པས་ཉིན་རེ་ཞིང་ལན་ཅིག་མིག་ཏུ་བཞག་སྟེ་ཐམས་ཅད་དུ་བསྐོར་བར་བྱས་ན་ཐམས་ཅད་མཐོང་བར་འགྱུར་རོ། །རྣ་བར་བཞག་ནས་བསྐོར་བ་བྱས་ན་ཐམས་ཅད་ཐོས་པ་དང་། སྣར་བཞག་ནས་སྣོམ་པ་དང་། ལྕེར་བཞག་ནས་ཐམས་ཅད་སྨྲ་བ་དང་། ལུས་ལ་བཞག་ནས་ཐམས་ཅད་ལ་

རེག་པ་དང་། སྙིང་གར་བཞག་ནས་ཐམས་ཅད་དུ་བསྐོར་བར་བྱས་ན་དེ་ལྟར་ཡིད་ཀྱིས་ཐམས་ཅད་ཤེས་པ་ཡིན་ནོ། །གློག་དང་ཆར་དང་ཐོག་འབབ་པ་ཐམས་ཅད་བཟློག་པ་དང་། སྤྲིན་གཞིག་པ་ཞེས་བྱ་བ་ནི་གོ་སླའོ། །ཇི་ལྟར་ཞེ་ན་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོའི་ལྟ་བས་སོ་ཞེས་བྱ་

Vol. 60 · folio 197a

བ་ལ། བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོའི་ལྟ་བ་ནི། ཁྲོས་པས་བལྟ་བ་སྟེ་དེ་དང་བཅས་པའི་དང་པོའི་རྡོ་རྗེ་ཕྱག་རྒྱས་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོའི་ལྟ་བ་སྟེ་དེས་དེ་འགྲུབ་པར་འགྱུར་བ་ཡིན་ནོ། །འདི་ལྟར་བཤད་པར་འགྱུར་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་

རྣལ་འབྱོར་ལ་དང་པོའི་རྡོ་རྗེ་བཅིངས་ལ་དེའི་དབུས་མའི་རྡོ་རྗེ་དང་ཁྲོ་བོའི་ལྟ་བས་བལྟ་ཞིང་གློག་བཟློག་པའི་ཚུལ་གྱིས་གློག་བཟློག་པར་བྱའོ། །ཆར་བཟློག་པའི་ཚུལ་གྱིས་ཆར་བཟློག་པར་བྱའོ། །ཐོག་འབབ་པ་བཟློག་པའི་ཚུལ་གྱིས་ཐོག་བཟློག་པར་བྱའོ། །སྤྲིན་གཞིག་

པའི་ཚུལ་གྱིས་སྤྲིན་གཞིག་པར་བྱའོ། །སའི་འོག་ནས་སྔར་མ་བྱུང་བའི་འབྲུ་ལ་སོགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་དབུས་མའི་རྡོ་རྗེ་འདི་རྣམས་བྱ་སྟེ། འོག་ནས་འབྱུང་

བའི་སྦྱོར་བས་སའི་འོག་ནས་སྔར་མ་བྱུང་བའི་འབྲུ་ལ་སོགས་པའི་འབྲས་བུ་ཐམས་ཅད་འབྱུང་བའི་བསམ་པས་སྔར་མ་བྱུང་བའི་འབྲས་བུ་བསྐྱེད་པར་བྱའོ། །དེ་ཉེ་བར་ལེན་པ་ནི་ཐམས་ཅད་ལས་དགུག་ཅིང་ཉེ་བར་བླངས་པའོ། །ཆུ་མེད་པའི་གནས་ལས་ཆུའི་ཕུང་པོ་འབྱུང་བ་

ནི་བསྐྱེད་པའོ། །དེ་ཉིད་སྦྱིན་པའི་ཚུལ་གྱིས་ཉེ་བར་བླང་བའོ། །འབར་བ་དང་མེ་སྟག་འཕྲོ་བས་མུན་པར་སྣང་བ་ཆེན་པོ་བསྐྱེད་པ་སྟེ་སྣང་བ་ཆེན་པོ་སྦྱོར་བའི་ཚུལ་གྱིས་སྣང་བ་ཆེན་པོ་ཉེ་བར་ལེན་པའོ། །རླུང་གི་ཚུལ་གྱིས་རླུང་ཐམས་ཅད་བཀའ་བསྒོ་བ་སྟེ་རླུང་ཐམས་ཅད་

ཉེ་བར་བླང་བའི་ཚུལ་གྱིས་དེ་ཉེ་བར་ལེན་པའོ། །ཕྱོགས་བཅུར་གནས་པའི་ནམ་མཁའ་ཐམས་ཅད་ལས་དངོས་པོ་ཐམས་ཅད་མཐོང་བའི་བསྒོམ་པས་དངོས་པོ་ཐམས་ཅད་མཐོང་བའོ། །དངོས་པོ་ཐམས་ཅད་ཉེ་བར་ལེན་པའི་བསྒོམ་པས་དངོས་པོ་ཐམས་ཅད་ཉེ་བར་

བླང་བར་བྱ་སྟེ། འདི་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡིན་ནོ། །ཐམས་ཅད་གཞོམ་པ་དང་། རེངས་པ་དང་། དྲལ་བ་དང་། རྨུགས་པ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། ལྟུང་བ་དང་། རྨོངས་པ་དང་། གསད་པ་དང་།

Vol. 60 · folio 197b

ཕྱིར་མི་ལྡོག་པ་རྣམས་ནི་བཤད་ཟིན་ཏོ། །འདི་རྣམས་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གདུག་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ལ། བདེ་བ་ཆེན་པོ་གདུག་པ་ནི་དྲག་པོའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའ་སྟེ། དེའི་རྡོ་རྗེའི་ཕྱག་རྒྱའི་བ་དན་གྱིས་ལས་དེ་རྣམས་

འགྲུབ་པར་འགྱུར་རོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། བདག་ཉིད་དྲག་པོ་ཆེན་པོའི་གཟུགས་ཅན་གྱིས་རྡོ་རྗེ་སེམས་དཔར་རྣམ་པར་བསམས་ལ། དང་པོའི་རྡོ་རྗེས་

དབུས་མའི་རྡོ་རྗེའི་ལས་རྣམས་བྱའོ། །དབུས་མའི་རྡོ་རྗེ་བསྣུན་པས་ཐམས་ཅད་འཇོམས་པའོ། །དབུས་མའི་རྡོ་རྗེ་རྩེ་མོ་གཉིས་སྙིང་གའི་ཕྱོགས་སུ་བཙིར་བས་བཙིར་ན། ཐམས་ཅད་རེངས་པའོ། །དབུས་མའི་རྩེ་མོ་རྡོ་རྗེ་སེན་མོ་དག་དྲལ་བས་ན་ཐམས་ཅད་

དྲལ་བའོ། །དབུས་མ་རྡོ་རྗེས་རང་གི་མིག་ལ་རེག་པས་ཐམས་ཅད་རྨུགས་པར་བྱེད་པའོ། །དབུས་མའི་རྡོ་རྗེས་རང་གི་མིག་བཙུམས་པར་བྱས་ན་ཐམས་ཅད་གཉིད་ལོག་ཏུ་བཅུག་པའོ། །དབུས་མའི་རྡོ་རྗེ་སོར་མོ་བཅུ་གཉིས་ཕན་ཚུན་སྙིམ་པར་ཡང་དག་པར་སྦྱར་

བར་བྱ་སྟེ། དེས་རང་གི་སྙིང་གར་མནན་པར་བྱས་ན་རྒྱས་བཏབ་པའོ། །དབུས་མའི་རྡོ་རྗེས་ལྟུང་བའི་ཚུལ་དུ་བྱས་ན་ཐམས་ཅད་ལྟུང་བའོ། །དབུས་མའི་རྡོ་རྗེས་གློད་པར་བྱས་ན་རྨོངས་པར་བྱེད་པའོ། །དབུས་མའི་རྡོ་རྗེས་ཕན་ཚུན་དུ་བརྡེག་པས་གསོད་པའོ། །དབུས་

མའི་རྡོ་རྗེའི་དངོས་པོ་ཉིད་རང་གི་སྙིང་གར་གཟུང་བར་བྱས་ན་ཕྱིར་བཟློག་པར་འགྱུར་རོ། །ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། གཞུག་པ་དང་། དབབ་པ་དང་། བཅིང་བ་དང་། དགྲོལ་བ་དང་། དྲལ་བ་དང་། ལྟུང་བ་སློང་བ་དང་། འདྲེན་པ་

དང་། བྲན་དུ་བྱེད་པ་དང་། མངག་གཞུག་བསྒོ་བར་བྱེད་པ་དང་། ཐམས་ཅད་ཚུར་དྲང་བ་དང་། ཕར་གཏོང་བ་དང་། གསད་པ་དང་། སླར་གསོ་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་དང་། དབང་དུ་བྱེད་པའི་སྒྲུབ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་གྲུབ་

Vol. 60 · folio 198a

པས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་དེ་རྣམས་བྱ་བ་ཡིན་ཏེ། མདའ་གཏོད་པའི་ཚུལ་གྱིས་ཐམས་ཅད་རྗེས་སུ་ཆགས་པའོ། །དབུས་མ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱ་སྟེ་

དེས་བསྒྲུབ་བྱ་བཀུག་པའི་ཚུལ་གྱིས་ཐམས་ཅད་དགུག་པའོ། །གཡོན་པའི་དབུས་མའི་རྡོ་རྗེ་ལས་གཡས་པའི་དབུས་མའི་སོར་མོ་བཅུག་པས་ཐམས་ཅད་གཞུག་པའོ། །དབུས་མའི་རྡོ་རྗེའི་རྩེ་མོ་བསྐྱོད་པས་དབབ་པའོ། །དབུས་མའི་རྡོ་རྗེ་གདུ་བུ་བཅིངས་པས་

བཅིང་བའོ། །དབུས་མའི་རྡོ་རྗེ་མྱུར་དུ་བཀྲོལ་བས་བཀྲོལ་བའོ། །དབུས་མའི་རྡོ་རྗེ་སོར་མོ་གཉིས་མཉམ་པོར་བྱས་ལ་མྱུར་དུ་དྲལ་བས་ན་དྲལ་བའོ། །དབུས་མའི་རྡོ་རྗེ་ལྟུང་བར་བྱས་པས་ན་ལྟུང་བའོ། །དབུས་མའི་རྡོ་རྗེ་འོག་ནས་སྟེང་དུ་དྲངས་པས་ལྟུང་བ་བསླང་བར་

བྱའོ། །དབུས་མའི་རྡོ་རྗེ་སོར་མོ་གཡོན་པ་གཡས་པའི་སོར་མོ་དབུས་མས་དྲངས་པས་ན་འདྲེན་པའོ། །དབུས་མའི་རྡོ་རྗེ་ལས་ཐམས་ཅད་སྦྱོར་བར་བྱེད་པས་ན་བྲན་དུ་བྱེད་པའོ། །དབུས་མའི་རྡོ་རྗེས་འོག་ཏུ་བསྐྱོད་ཅིང་སྟེང་དུ་དོར་བས་མངག་གཞུག་བཀའ་

བསྒོ་བར་བྱེད་པའོ། །དབུས་མའི་རྡོ་རྗེ་ཚུར་དྲངས་པས་ཚུར་འདྲེན་པའོ། །དབུས་མའི་རྡོ་རྗེས་མངོན་པར་འདོད་པའི་གནས་སུ་ཁྱེར་ནས་གཞག་པས་ཕར་གཏང་བའོ། །དབུས་མའི་རྡོ་རྗེའི་གཡོན་པ་དང་གཡས་པ་དྲག་ཏུ་བརྡེགས་པས་གསད་པའོ། །དབུས་མའི་

རྡོ་རྗེ་རང་གི་སྙིང་ག་ལ་གནས་པའི་རྩེ་མོ་གྱེན་དུ་དྲངས་པས་སླར་གསོ་བ་ལ་སོགས་པའོ། །དབུས་མའི་རྡོ་རྗེ་ལས་ཐམས་ཅད་སྦྱོར་བར་བྱེད་པས་ལས་ཐམས་ཅད་བྱེད་པ་དང་དབང་དུ་བྱེད་པ་གྲུབ་པར་འགྱུར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། རིགས་ཐམས་ཅད་

ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་ཀྱི་དཀྱིལ་འཁོར་རྣམས་སོ། །དེ་དག་གི་མཆོག་གི་དངོས་གྲུབ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྫོགས་པའོ། །དེ་ཉིད་སངས་རྒྱས་ཉིད་དང་། རྡོ་རྗེ་འཆང་བ་ཉིད་ཀྱི་མཚན་ཉིད་ཅན་གྱི་མཆོག་གི་དངོས་གྲུབ་

Vol. 60 · folio 198b

ཐམས་ཅད་ཀྱི་དང་པོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆོག་གི་དངོས་གྲུབ་ཐམས་ཅད་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་བསྐུར་བའོ། །དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཐོག་མར་གང་ལ་ཡོད་པ་དེ་ལ་

དེ་སྐད་ཅེས་བྱའོ། །ཐམས་ཅད་རྗེས་སུ་ཆགས་པ་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་རབ་ཏུ་ཞུགས་པ་ནི་བདག་དང་གཞན་གྱི་རྒྱུད་ལ་རྫོགས་པའོ། །མཆོད་པ་ཆེན་པོ་ཐམས་ཅད་ནི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་མཆོད་པ་བཅུ་གཉིས་དང་། ལས་ཀྱི་དཀྱིལ་

འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་སྟེ། དེ་དག་ལས་ཐམས་ཅད་ཀྱི་སྒྲུབ་པ་མྱུར་དུ་གྲུབ་པའི་ཆོ་ག་རྒྱས་པའི་དང་པོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། །བདེ་བ་ཆེན་པོ་རྡོ་རྗེ་མཆོག་གི་དངོས་གྲུབ་ཀྱིས་སོ་ཞེས་བྱ་བ་ལ་སོགས་པ་

འདི་ལྟར་འཆད་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་སྙིང་གའི་ཕྱོགས་སུ་དཀྱིལ་འཁོར་སྤྲུལ་པའི་ཚུལ་གྱིས་བསྐོར་བར་བྱ་སྟེ། རིགས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་

ཅད་ཐོབ་པར་འགྱུར་རོ། །དང་པོ་རྡོ་རྗེ་དེ་ཉིད་ཀྱིས་དབང་བསྐུར་བའི་ཕྲེང་བ་དང་། དར་དཔྱངས་འཆིང་བའི་ཚུལ་བྱས་ལ། དབང་བསྐུར་བ་ཐམས་ཅད་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་ནས་

བཏེག་སྟེ། བདེ་བ་དང་ཡིད་བདེ་བ་ཉམས་སུ་མྱོང་བའི་བསམ་པས་དེ་ཉིད་ཀྱིས་བདག་ཉིད་ལ་བདེ་བར་ཡོངས་སུ་སྦྱང་བ་བྱ་སྟེ། ཐམས་ཅད་རྗེས་སུ་ཆགས་པ་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་རབ་ཏུ་ཞུགས་པར་འགྱུར་རོ། །དང་པོའི་རྡོ་རྗེ་གར་གྱི་ཚུལ་

གྱིས་བསླང་སྟེ་སྤྱི་བོར་བཀྲོལ་བར་བྱས་ནས་མཆོད་པ་ཐམས་ཅད་ལ་སོགས་པའི་ལས་ཐམས་ཅད་ཀྱི་སྒྲུབ་པ་མྱུར་དུ་གྲུབ་པའི་ཆོ་ག་རྒྱས་པ་གྲུབ་པ་ཡིན་ནོ། །དེ་ལ་འདི་ཞེས་བྱ་བ་ལ་རྟོག་པ་ཐམས་ཅད་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་རྒྱུད་ཐུགས་ལ་གནས་པ་གསུངས་ཏེ་དེ་ལ་

Vol. 60 · folio 199a

འདིའི་རྒྱུད་ཅེས་བྱ་བ་དང་སྦྱོར་རོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་ནི་གསང་བའི་དཀྱིལ་འཁོར་ཏེ། དེའི་དང་པོ་མཆོག་ནི་ཕུལ་དུ་བྱུང་བའི་དམ་ཚིག་གི་རང་བཞིན་ཅན་གྱི་ལས་གྲུབ་པར་བྱེད་པའི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དང་པོ་

མཆོག་ནི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་སྟོན་པར་བྱེད་པའི་སྒྲུབ་པའི་ཚོགས་ནི་རྒྱུད་དེ་འདས་མ་ཐག་ཏུ་བཤད་པའི་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ལས་བརྒྱ་རྩ་བརྒྱད་སྒྲུབ་པར་བྱེད་པའི་བདེ་བ་ཆེན་པོའི་རྡོ་རྗེ་ཚེ་ལ་སོགས་པའི་ཕྱག་

རྒྱའི་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདེ་བ་ཆེན་པོ་རྡོ་རྗེ་དང་པོའི་རྡོ་རྗེ་སྟེ་དེ་སྒྲུབ་པ་པོ་ལ་རྡོ་རྗེ་སེམས་དཔའི་ཚེ་སྟེར་བ་ཡིན་ནོ། །འདིར་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་བདེ་བ་ཆེན་པོ་རྡོ་རྗེ་ཚེ་ལ་སོགས་པའི་ཕྱག་

རྒྱ་རྣམས་བཅིང་བར་བྱའོ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །དབུས་མའི་རྡོ་རྗེ་བཏུང་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་བཏུང་བར་བྱས་ནས་ཚེ་ཤིན་ཏུ་རིང་བ་འཕེལ་བར་འགྱུར་རོ། །རྩེ་མོ་འོད་ཟེར་བྱས་པས་གདོང་ཡོངས་སུ་སྦྱངས་ཏེ་གདོང་པ་

དགྲོལ་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མ་དང་། མཐེ་བོའི་རྩེ་མོ་དག་གིས་འབར་བའི་ཚུལ་བྱས་ཤིང་རང་གི་གདོང་ཡོངས་སུ་སྦྱངས་ཏེ། ཕྱག་རྒྱ་རང་གི་གདོང་པར་བཀྲོལ་བར་བྱས་ན་གཟུགས་དང་གཟི་བརྗིད་འཕེལ་བར་འགྱུར་རོ། །བདག་ཉིད་ལ་ཐམས་ཅད་

དུ་བསྐོར་ཞིང་སྙིང་གར་དགྲོལ་བར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་ལུས་ཐམས་ཅད་དུ་བསྐོར་བར་བྱ་ཞིང་དེ་ནས་སྙིང་གར་བཀྲོལ་ན་འདུ་བྱེད་ཆེན་པོ་ཐམས་ཅད་འཕེལ་བར་འགྱུར་རོ། །གཙུག་ཏོར་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་སྤྱི་བོར་གཟུང་བར་བྱས་ན་

སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དངོས་པོ་བསྲུང་བའོ། །ཕྱོགས་ཐམས་ཅད་དང་དཀྱིལ་འཁོར་བསྐོར་བའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་ཕྱོགས་བཅིང་བའི་བསམ་པས་ཕྱོགས་ཐམས་ཅད་བཅིང་བར་འགྱུར་རོ། །དེ་ཉིད་མཚམས་བཅིང་བའི་ཚུལ་གྱིས་བསྐོར་

Vol. 60 · folio 199b

བར་བྱས་ན་མཚམས་བཅིང་བར་འགྱུར་རོ། །དེ་ཉིད་དཀྱིལ་འཁོར་བཅིང་བའི་ཚུལ་གྱིས་བསྐོར་ན་དཀྱིལ་འཁོར་བཅིང་བར་འགྱུར་རོ། །སྙིང་ག་དང་ཡིད་ཀྱིས་རྒྱབ་དང་ཕྲག་པ་དང་སྤྱི་བོ་དང་དཔྲལ་བར་བྱས་ན་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཕྲེང་བ་བཅིངས་ལ་གོ་ཆ་བྱས་ཏེ་མདུད་པ་

བྱས་ལ་རྡོ་རྗེའི་གནས་རྣམས་སུ་སླར་ཡང་ཕྲེང་བ་བྱས་པས་རྒྱབ་ཏུ་མདུད་པ་བྱས་ཏེ། དར་དཔྱངས་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་སུ་གོ་ཆ་བཅིང་བའི་བསམ་པས་གཞན་ལ་ཡིད་ཀྱིས་རྒྱབ་ཏུ་བཞག་སྟེ། དེ་ནས་ཕྲག་པ་ལ་སོགས་པར་བཞག་ལ། ཁུ་

ཚུར་གཉིས་བཅིངས་ཏེ་དེས་ཕྲེང་བ་འཆིང་བའི་ཚུལ་དུ་བྱས་ནས་སྙིང་གའི་ཕྱོགས་སུ་གོ་ཆ་འཆིང་བའི་ཚུལ་དུ་བྱའོ། །དེ་བཞིན་དུ་མགྲིན་པའི་སྟེང་དང་། སླར་ཡང་སྙིང་ག་དང་། དེ་ནས་ནུ་མའི་བར་དང་། སླར་ཡང་སྙིང་ག་དང་། དེ་ནས་དཔྲལ་བའི་སྟེང་དུ་མདུད་པ་བཅིང་བའི་

ཚུལ་དུ་བྱས་ལ། སླར་ཡང་དར་དཔྱངས་འཆིང་བའི་ཚུལ་གྱིས་རྣ་བ་གཉིས་ཀྱི་སྟེང་དུ་ནམ་མཁའ་ལྡིང་གི་གཤོག་པ་བྱས་ནས་མཐར་དར་དཔྱངས་སུ་དམིགས་པར་བྱས་ན། འདིས་སྡིག་པ་ཐམས་ཅད་ལས་བསྲུངས་པ་ཡིན་ནོ། །སྙིང་ག་དང་། དཔྲལ་བ་དང་། མགྲིན་པ་

དང་། སྤྱི་བོར་བཞག་ལ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ནས་སྙིང་གའི་ཕྱོགས་དང་། དཔྲལ་བ་དང་། མགྲིན་པ་དང་། སྤྱི་བོའི་ཕྱོགས་སུ་གོ་ཆ་བསྐྱེད་པའི་བསམ་པས་གཟུང་བར་བྱ་སྟེ། དེ་ལྟར་ན་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་དམ་གཞན་དག་རྡོ་རྗེ་ཉིད་དུ་བྱེད་

པར་འགྱུར་རོ། །དབུས་མའི་དར་མཆོག་ཅེས་བྱ་བ་ལ་དང་པོའི་རྡོ་རྗེ་སོར་མོ་དབུས་མ་གཉིས་དར་གྱི་བ་དན་གྱི་ཚུལ་གྱིས་གྱེན་དུ་གཟུང་བར་བྱས་ཏེ། འདིས་འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །བྱབ་པ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་རང་གི་དཔུང་གི་

ཚོགས་ཐམས་ཅད་བྱབ་པར་བྱ་སྟེ། དེ་ལྟར་ན་འཐབ་མོ་བསྲུང་བའོ། །གྱེན་དུ་ཁ་བལྟ་བའི་དབུགས་དང་འཇིགས་བྱེད་ཀྱི་གདོང་གི་ལྟ་བས་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ལ་འཇིགས་བྱེད་ཀྱི་ལྟ་བས་བལྟ་ཞིང་སྟེང་དུ་ཁ་བལྟས་པའི་ཁྲོ་བོའི་བཞད་པ་བྱས་ཏེ་ཕྱག་

Vol. 60 · folio 200a

རྒྱ་དེ་ཡང་གྱེན་དུ་ཁ་བལྟས་པས་རང་གི་ཁར་བཟུང་ན། ཕ་རོལ་གྱི་དཔུང་ཐམས་ཅད་གཞོམ་པའོ། །འབར་བ་བཞིའི་ཚུལ་གྱིས་དོར་ཞིང་ཁྲོས་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་མཐེ་བོང་དང་མཐེའུ་ཆུང་ཁྲོས་པ་འབར་བ་བཞིའི་ཚུལ་དུ་བྱས་ཏེ་དེ་ལྟར་ཕ་རོལ་

གྱི་དཔུང་ཐམས་ཅད་འཇིག་པ་དང་། བསླང་བ་དང་། རྒྱས་གདབ་པ་དང་། གསད་པ་དང་། བརྡེག་པར་འགྱུར་རོ། །རང་གི་སྙིང་གར་བཅིངས་ཏེ་ཞི་བའི་ལྟ་བས་རྩེ་མོ་འཕྲོག་པར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ཏེ་ཞི་བའི་ལྟ་བས་དེའི་དབུས་

མའི་རྡོ་རྗེའི་རྩེ་མོ་འཕྲོག་པར་བྱས་ཏེ་དེ་ལྟར་ན་རིམས་ནད་ལ་སོགས་པ་དང་། ནད་ཐམས་ཅད་ཞི་བར་འགྱུར་རོ། །ལྟ་བས་འཕྲོག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་བྱམས་པའི་ལྟ་བས་བལྟ་ཞིང་དུག་འཕྲོག་པར་བྱ་སྟེ། དེ་ལྟར་ན་དུག་ཐམས་ཅད་འཇིག་པ་

དང་དུག་མེད་པར་འགྱུར་རོ། །དབབ་པས་མྱུར་དུ་དགྲོལ་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་དེས་བསྒྲུབ་བྱ་ལ་དབབ་ཅིང་ཕྱག་རྒྱ་བྱ་ལ་མྱུར་དུ་དགྲོལ་བར་བྱ་སྟེ། དེ་ལྟར་ན་གདོན་ཐམས་ཅད་དགྲོལ་བར་འགྱུར་རོ། །ཡོངས་སུ་བསྐོར་ནས་དཔྲལ་བར་བཞག་སྟེ།

དབུས་མའི་རྡོ་རྗེ་རྩེ་མོ་གཉིས་བསྐྱོད་པར་བྱས་ན་ཇི་ལྟ་བ་བཞིན་དུ་ལས་བྱེད་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་ཡོངས་སུ་བསྐོར་ལ་མཐེ་བོའི་རྩེ་མོ་གཉིས་ཀྱི་མཛོད་སྤུའི་ཕྱོགས་སུ་ཡོངས་སུ་གཟུང་བར་བྱས་ལ་དེ་ནས་སོར་མོ་དབུས་མའི་རྩེ་མོ་གཉིས་བསྐྱོད་པར་བྱས་ཏེ་

དེ་ལྟར་ན་མ་མོ་ཐམས་ཅད་དང་། མཁའ་འགྲོ་མ་དང་། གདོན་རྣམས་དགྲོལ་བ་ཆེན་པོ་དང་། སྙིང་གཞན་དབྱུང་བ་དང་། འཆི་བ་འཚོ་བ་དང་། ཚེ་འཕེལ་བ་དང་། ཤིན་ཏུ་བསྲུང་བ་རྣམས་སྔར་བཤད་པའི་ཚུལ་གྱིས་འབྱུང་བར་འགྱུར་རོ། །སྙིང་གར་བཞག་སྟེ་དབུས་

མའི་རྡོ་རྗེ་ལས་སོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་རང་གི་སྙིང་གའི་ཕྱོགས་སུ་གཟུང་ཞིང་དབུས་མའི་རྩེ་མོས་ལས་རྣམས་བྱའོ། །དེ་དག་གང་ཡིན་ཇི་ལྟར་བྱ་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་སྙིང་གར་བསྟོད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་སུ་

Vol. 60 · folio 200b

བཞག་ལ་དེའི་དབུས་མའི་རྩེ་མོ་སྙིང་གར་བསྟོད་པས་ཐམས་ཅད་དབབ་པའོ། །བསྐྱོད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་རང་གི་སྙིང་བསྐྱོད་པས་ཐམས་ཅད་གཡོ་བར་བྱེད་དོ། །འཆིང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེས་དངོས་པོ་ཐམས་ཅད་བཅིང་བའི་བསམ་པས་དངོས་པོ་ཐམས་ཅད་

འཆིང་བའོ། །གར་བྱེད་དུ་གཞུག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེའི་རྩེ་མོས་གར་གྱི་བསམ་པས་བསྐོར་ན་དངོས་པོ་ཐམས་ཅད་གར་བྱེད་དུ་གཞུག་གོ། །མགྲིན་པ་གསལ་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ངག་འབྱིན་པའི་བསམ་པས་སྙིང་ག་ལས་གྱེན་དུ་དྲང་

བར་བྱ་སྟེ། དེ་ལྟར་ན་དངོས་པོ་ཐམས་ཅད་གླུ་ལེན་དུ་འཇུག་པའོ། །རྡོ་རྗེ་བཙིར་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་ཕན་ཚུན་བཙིར་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་སོ་སོར་བསྟན་པ་མཐོང་བའོ། །ཁ་འབུས་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་ཁ་

འབུས་པའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་རྨད་དུ་བྱུང་བ་ཐམས་ཅད་མཐོང་བའོ། །མགྲིན་པ་གསལ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་དངོས་པོ་ཐམས་ཅད་བདེན་པ་སྨྲར་གཞུག་པའོ། །བཅིངས་པ་

མྱུར་དུ་བཀྲོལ་བ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་མྱུར་དུ་བཀྲོལ་བར་བྱས་ཏེ། དེ་ལྟར་ན་བཅིངས་པ་ཐམས་ཅད་བཀྲོལ་བའོ། །བསྲུང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་བསྲུང་བར་བྱ་སྟེ་དེ་ལྟར་ན་ཐམས་ཅད་བསྲུང་བའོ། །བྱབ་པའི་ལས་ཞེས་

བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་བསྒྲུབ་བྱ་ལ་བྱབ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་སོས་པར་བྱེད་པ་ཡིན་ནོ། །སྙིང་གར་ཁ་སྦྱོར་བསྐྱོད་པའོ། །ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་ཁ་སྦྱོར་རང་གི་སྙིང་གའི་ཕྱོགས་སུ་བསྐྱོད་པར་བྱ་སྟེ་དེ་ལྟར་ན་པྲ་དབབ་པ་ཐམས་ཅད་

འཇུག་པར་འགྱུར་རོ། །ཉིན་རེ་ཞེས་བྱ་བ་ནི་ཞག་རེ་ལའོ། །སྔ་རོལ་དུ་ཞེས་བྱ་བ་ནི་དུས་མཚམས་སྔ་མའི་དུས་སུའོ། །ལན་ཅིག་ནི་འོར་གཅིག་གོ། །ལུས་ཡོངས་སུ་སྦྱངས་པ་ནི་དང་པོའི་རྡོ་རྗེ་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ཏེ། ཉིན་རེ་ཞིང་སྔ་རོལ་ལན་ཅིག་དེས་

Vol. 60 · folio 201a

རང་གི་ལུས་ལ་ཡོངས་སུ་བྱབ་པར་བྱ་སྟེ། དེ་ལྟར་ན་ལུས་གྲུབ་པར་འགྱུར་རོ། །མགྲིན་པ་གསལ་བའི་ངག་ཅེས་བྱ་བ་ནི་དང་པོའི་རྡོ་རྗེ་ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་ངག་གྲུབ་པའོ། །སྙིང་གར་གཞག་པ་ཞེས་

བྱ་བ་ནི་དེ་ཉིད་རང་གི་སྙིང་གའི་ཕྱོགས་སུ་བཞག་ན་ཡིད་གྲུབ་པའོ། །ཕྱག་རྒྱ་ལ་ལྟ་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་ལ་བལྟ་ཞིང་བཟླས་པ་བྱ་སྟེ་དེ་ལྟར་ན་ཐམས་ཅད་མཐོང་བ་ཡིན་ནོ། །དེ་ཉིད་རྣ་བར་གཞག་པར་བྱ་སྟེ་དེ་ལྟར་ན་རྣ་བའི་ཤེས་པ་གྲུབ་པའོ། །དེ་ཉིད་ཁ་ལ་

བཞག་ཅིང་བཟླས་པ་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྨྲ་བ་ཡིན་ནོ། །དེ་ཉིད་ཆོས་སྟོན་པའི་བསམ་པས་བལྟ་ཞིང་བཟླས་པ་བྱ་སྟེ་དེ་ལྟར་ན་ཆོས་ཐམས་ཅད་སྟོན་པའི་ཤེས་པ་གྲུབ་པར་འགྱུར་རོ། །ཉིན་རེར་སྔ་དྲོ་ལན་ཅིག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །དབང་པོ་ཐམས་ཅད་ལ་

བཞག་སྟེ་ཐམས་ཅད་དུ་བསྐོར་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ལ་མིག་ལ་བཞག་སྟེ་ཉིན་རེར་སྔ་དྲོ་ལན་ཅིག་ཏུ་དངོས་པོ་ཐམས་ཅད་ལ་བལྟ་བའི་བསམ་པས་ཐམས་ཅད་དུ་བསྐོར་བར་བྱ་སྟེ་དེ་ལྟར་ཐམས་ཅད་མཐོང་བའོ། །སྒྲ་ཐམས་ཅད་ཉན་པའི་བསམ་

པས་རྣ་བར་བཞག་ལ་ཐམས་ཅད་དུ་བསྐོར་བར་བྱས་ཏེ། ཐམས་ཅད་ཐོས་པའོ། །དྲི་ཐམས་ཅད་ལ་སྣོམ་པའི་བསམ་པས་སྣས་ཐམས་ཅད་སྣོམ་པའོ། །ཐམས་ཅད་སྨྲ་བའི་བསམ་པས་ལྕེས་ཐམས་ཅད་སྨྲ་བ་ཡིན་ནོ། །རེག་བྱ་ཐམས་ཅད་ཉམས་སུ་མྱོང་བའི་

བསམ་པས་ལུས་ལ་བཞག་སྟེ་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་ལུས་ཀྱིས་ཐམས་ཅད་ལ་རེག་པའོ། །སྙིང་གར་བཞག་ནས་ཐམས་ཅད་དུ་བསྐོར་བར་བྱས་ཏེ་དེ་ལྟར་ན་ཡིད་ཀྱིས་ཐམས་ཅད་ཤེས་པར་འགྱུར་རོ། །དབུས་མའི་རྡོ་རྗེས་བྱེད་པ་ཞེས་བྱ་བ་ལ། དང་

པོའི་རྡོ་རྗེ་དབུས་མའི་གློག་བཟློག་པ་ལ་སོགས་པའི་ལས་ཀྱི་ཚུལ་ནི་བྱེད་པའོ། །ཁྲོ་བོའི་རྡོ་རྗེ་བལྟ་བས་སོ་ཞེས་བྱ་བ་ལ་ཁྲོ་བོའི་ལྟ་བ་དང་བཅས་པས་སོ། །འདི་ལྟར་འཆད་པར་འགྱུར་ཏེ་དང་པོའི་རྡོ་རྗེ་བཅིངས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་། དབུས་མའི་རྡོ་རྗེ་གློག་

Vol. 60 · folio 201b

བཟློག་པའི་ཚུལ་གྱིས་བཟློག་པར་བྱའོ། །ཆར་བཟློག་པའི་ཚུལ་གྱིས་ཆར་བཟློག་པར་བྱའོ། །ཐོག་འབབ་པ་བཟློག་པའི་ཚུལ་གྱིས་ཐོག་འབབ་པ་བཟློག་པར་བྱའོ། །སྤྲིན་གཞིག་པའི་བསམ་པས་སྤྲིན་གཞིག་པར་བྱའོ། །དབུས་མའི་རྡོ་རྗེའི་ལས་ཞེས་བྱ་བ་ལ་དང་

པོའི་རྡོ་རྗེ་དབུས་མའི་རྩེ་མོའི་ལས་ནི་དབུས་མའི་རྡོ་རྗེའི་ལས་ཏེ་སྔར་མ་བྱུང་བའི་འབྲས་བུ་བསྐྱེད་པ་ལ་སོགས་པའི་ལས་སོ། །འོག་ནས་འབྱུང་སྟེ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་དེའི་དབུས་མའི་རྩེ་མོ་འོག་ནས་འབྱུང་བའི་ཚུལ་དུ་བྱས་ཏེ་དེ་ལྟར་ན་ཐམས་ཅད་ཀྱི་

འོག་ནས་སྔར་མ་བྱུང་བའི་འབྲས་བུ་འབྱུང་བར་འགྱུར་རོ། །ཉེ་བར་ལོངས་སྤྱོད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའི་ཚུལ་དུ་བྱ་སྟེ་འབྲས་བུ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའོ། །ཐམས་ཅད་འགུགས་པར་བྱེད་པ་ཞེས་བྱ་བ་ལ།

དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་རི་བོ་ལ་སོགས་པའི་ཕྱོགས་ལ་ཀླུ་དགུག་པའི་ཚུལ་དུ་བྱས་ཏེ་དེ་བཀུག་པས་རི་བོ་ལ་སོགས་པ་ཆུ་མེད་པའི་ཕྱོགས་སུ་འབབ་ཆུ་ལ་སོགས་པའི་ཆུ་འབྱུང་བར་འགྱུར་རོ། །དབབ་པ་སྦྱིན་པ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ཆུ་

འབབ་པ་སྦྱིན་པའི་ཚུལ་དུ་བྱ་སྟེ་དེ་ལྟར་ན་ཆུའི་ཕུང་པོ་ཉེ་བར་ལེན་པར་འགྱུར་རོ། །འབར་བའི་མེ་ཏོག་བྱེད་པ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་འབར་བའི་མེ་ཏོག་གི་ཚུལ་བྱ་སྟེ། དེ་ལྟར་མུན་པ་སྣང་བ་ཆེན་པོར་བསྐྱེད་པ་ཡིན་ནོ། །ཉེ་བར་ལེན་པ་ཞེས་བྱ་བ་ལ། ཉེ་

བར་ལེན་པ་ནི་ངེས་པར་སྦྱར་བའོ། །དེ་ཡང་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་བྱས་ཏེ་དེ་ལྟར་ན་སྣང་བ་ཆེན་པོ་ཉེ་བར་ལེན་པའོ། །རླུང་གི་ཚུལ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་རླུང་གི་ཚུལ་བྱ་སྟེ་དེ་ལྟར་ན་རླུང་ཐམས་ཅད་ལ་བཀའ་བསྒོ་བ་ཉན་པར་འགྱུར་རོ། །ཉེ་བར་ལེན་

པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་རླུང་ཐམས་ཅད་ཉེ་བར་སྦྱོར་བའི་ཚུལ་བྱ་སྟེ་དེ་ལྟར་ན་རླུང་ཐམས་ཅད་ཉེ་བར་ལེན་པར་འགྱུར་རོ། །ནམ་མཁའ་ཐམས་ཅད་བསྒོམ་པ་ལས་དུ་མའོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ཕྱོགས་བཅུར་གནས་པའི་ནམ་

Vol. 60 · folio 202a

མཁའ་ལས་དངོས་པོ་ཐམས་ཅད་མཐོང་བའི་ཚུལ་བྱས་ན་དངོས་པོ་ཐམས་ཅད་མཐོང་བའི་བསྒོམ་པས་དངོས་པོ་ཐམས་ཅད་མཐོང་བ་ཡིན་ནོ། །དངོས་པོ་ཐམས་ཅད་ཉེ་བར་སྦྱོར་བའི་ཚུལ་དང་། སྒོམ་པ་དག་གིས་དངོས་པོ་ཐམས་ཅད་ཉེ་བར་ལེན་པར་འགྱུར་བ་ཡིན་

ནོ། །དབུས་མའི་རྡོ་རྗེའི་ལས་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་ལས་ནི་དབུས་མའི་རྡོ་རྗེ་ལས་ཏེ་ཐམས་ཅད་གཞོམ་པ་ལ་སོགས་པའོ། །ཕྱག་རྒྱ་གཞོམ་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ཐམས་ཅད་འཇོམས་པའི་བསམ་པས་གཞོམ་པས་ན་ཐམས་ཅད་

འཇོམས་པའོ། །རྩེ་མོ་གཉིས་སྙིང་གར་བཙིར་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེའི་རྩེ་མོ་སྙིང་གའི་ཕྱོགས་སུ་བཙིར་ན་ཐམས་ཅད་རེངས་པའོ། །སེན་མོ་དག་བྲུད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མས་རྡོ་རྗེའི་སེན་མོ་གཉིས་བྲུད་པས་ཐམས་ཅད་དྲལ་བའོ། །མིག་ལ་རེག་

པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་རང་གི་མིག་མཉེས་ན་ཐམས་ཅད་རྨུགས་པའོ། །བཙུམས་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོར་རང་གི་མིག་བཙུམས་པར་བྱས་ན་ཐམས་ཅད་གཉིད་ལོག་ཏུ་བཅུག་པའོ། །སོར་མོ་མཉམ་པོ་སྙིང་གར་

བརྡེག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེའི་རྩེ་མོ་གཉིས་ཕན་ཚུན་ཡང་དག་པར་སྦྱར་བར་བྱ་སྟེ། དེས་རང་གི་སྙིང་གར་བརྡེག་པར་བྱས་ན་ཐམས་ཅད་ལ་རྒྱས་བཏབ་པའོ། །ལྟུང་བར་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ལྟུང་བའི་ཚུལ་

བྱས་ན་ཐམས་ཅད་ལྟུང་བའོ། །གློད་པར་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེས་གློད་པར་བྱས་ན། ཐམས་ཅད་རྨོངས་པའོ། །ཕན་ཚུན་བརྡེག་པ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེས་ཕན་ཚུན་བརྡེགས་ན་ཐམས་ཅད་གསད་པའོ། །རང་གི་སྙིང་གར་རང་བཞིན་དུ་གཞག་པའི་

ལས་སོ་ཞེས་བྱ་བ་ལ། དེའི་དབུས་མའི་རྡོ་རྗེ་རང་གི་སྙིང་གར་རྣལ་དུ་གཟུང་བར་བྱས་ན་ཐམས་ཅད་ཕྱིར་བཟློག་པར་འགྱུར་རོ། །དབུས་མའི་རྡོ་རྗེ་ལས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མདའ་གཏོད་པ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེའི་དབུས་མའི་རྡོ་རྗེས་མདའ་གཏོད་

Vol. 60 · folio 202b

པའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ། །ལྕགས་ཀྱུ་གཉིས་ཀྱིས་དགུག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ལྕགས་ཀྱུ་གཉིས་བྱས་ཏེ་དེས་བསྒྲུབ་བྱ་དགུག་པར་བྱས་ན་ཐམས་ཅད་འགུགས་པའོ། །གཡོན་པ་ལ་

གཡས་པ་བཅུག་པ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་གཡོན་པ་ལ་གཡས་པའི་སོར་མོ་དབུས་མ་བཅུག་པས་ཐམས་ཅད་གཞུག་པའོ། །རྩེ་མོ་བསྐྱོད་པས་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེའི་རྩེ་མོ་བསྐྱོད་པ་ཐམས་ཅད་འབབ་པའོ། །གདུ་བུ་

འཆིང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་གདུ་བུར་བཅིངས་པས་ཐམས་ཅད་འཆིང་བའོ། །མྱུར་དུ་དགྲོལ་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་མྱུར་དུ་བཀྲོལ་བས་ཐམས་ཅད་བཀྲོལ་བའོ། །སོར་མོ་མཉམ་པོར་མྱུར་དུ་དྲལ་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་

སོར་མོ་དབུས་མ་གཉིས་མཉམ་པོར་བྱས་ལ། མྱུར་དུ་དྲལ་བར་བྱས་ན་ཐམས་ཅད་དྲལ་བར་འགྱུར་རོ། །ལྟུང་བར་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་ལྟུང་བའི་ཚུལ་བྱས་ཏེ་དེས་ཐམས་ཅད་ལྟུང་བར་འགྱུར་རོ། །འོག་ནས་བཏེག་པ་ཞེས་བྱ་བ་ནི་དང་

པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་འོག་ནས་གྱེན་དུ་གདེག་པར་བྱ་སྟེ་དེ་ལྟར་ན་ལྟུང་བ་སློང་བའོ། །གཡོན་པས་གཡས་པ་དྲང་བར་ཞེས་བྱ་བ་ནི་གཡོན་པའི་སོར་མོ་དབུས་མའི་རྡོ་རྗེ་གཡས་པའི་སོར་མོ་དབུས་མས་དྲངས་ནས་ཐམས་ཅད་འདྲེན་པའོ། །ལས་ཐམས་

ཅད་ལ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལས་ཐམས་ཅད་ལ་ངེས་པར་སྦྱར་བའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་གནོད་སྦྱིན་ལ་སོགས་པ་རྗེས་སུ་འབྲང་བར་བྱེད་དོ། །འོག་ནས་བསྐྱོད་ཅིང་གྱེན་དུ་དྲང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་འོག་

ནས་བསྐྱོད་ཅིང་། གྱེན་དུ་བཏེག་པས་མངག་གཞུག་བཀའ་བསྒོ་བར་བྱེད་པའོ། །ཚུར་འདྲེན་པ་ཞེས་བྱ་བ་ནི་དྲང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ཚུར་དྲངས་པས་ཐམས་ཅད་ཚུར་འགུགས་པ་ཡིན་ནོ། །ཕར་གཏོང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་

Vol. 60 · folio 203a

མངོན་པར་འདོད་པའི་གནས་སུ་ཁྱེར་ཞིང་བཞག་པས་ཕར་གཏོང་བའོ། །གཡོན་དང་གཡས་ཀྱིས་དྲག་པོར་བརྡེག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་སོར་མོ་གཉིས་ཁྲོས་པས་ཕན་ཚུན་བརྡེག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པའོ། །རང་གི་སྙིང་

གར་རྩེ་མོ་འདྲེན་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་རྩེ་མོ་རང་གི་སྙིང་གར་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་སླར་གསོ་བ་ལ་སོགས་པའོ། །ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་བྱེད་པའི་ལས་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལས་ཐམས་ཅད་ངེས་པར་

སྦྱར་བའི་ཚུལ་གྱིས་དབང་དུ་བྱེད་པ་སྒྲུབ་པ་ཡིན་ནོ། །སྙིང་གར་འཁོར་ལོ་གཞུག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གའི་ཕྱོགས་སུ་དཀྱིལ་འཁོར་སྤྲུལ་པའི་བསམ་པས་བསྐོར་བར་བྱ་སྟེ། དེ་ལྟར་ན་རིགས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཐམས་ཅད་

འགྲུབ་པར་འགྱུར་རོ། །དབང་བསྐུར་བའི་ཕྲེང་བ་དང་། དར་འཆིང་བར་བྱེད་པ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་དབང་བསྐུར་བའི་ཕྲེང་བ་དང་། དར་འཆིང་བའི་ཚུལ་བྱས་ཏེ་དེ་ལྟར་ན་དབང་བསྐུར་བ་ཐམས་ཅད་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །

སྙིང་ག་ལས་དྲངས་ཏེ་བདེ་བ་ཐམས་ཅད་ཡོངས་སུ་སྦྱང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་རང་གི་སྙིང་གར་བཅིངས་ཏེ་བསླངས་ནས་བདེ་བ་དང་། ཡིད་བདེ་བ་ཉམས་སུ་མྱོང་བའི་བསམ་པས་དེ་ཉིད་ཀྱི་བདེ་བས་བདག་ཉིད་ལ་ཀུན་དུ་ཁྱབ་པར་བྱས་ཏེ་དེ་ལྟར་ན་ཐམས་ཅད་རྗེས་སུ་

ཆགས་པ་ལ་སོགས་པ་དང་། བདེ་བ་དང་ཡིད་བདེ་བ་ཐམས་ཅད་རབ་ཏུ་འཇུག་པར་འགྱུར་རོ། །གར་གྱིས་བཏེག་སྟེ་སྤྱི་བོར་བཀྲོལ་བའི་ལས་སོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ལ་གར་གྱི་ཚུལ་གྱིས་བསླངས་ཏེ་སྤྱི་བོར་དགྲོལ་བར་བྱའོ། །ལས་ནི་དང་པོའི་རྡོ་རྗེས་རང་

གི་ལྷའི་མཆོད་པ་ཐམས་ཅད་ལ་སོགས་པའི་ལས་ཐམས་ཅད་གྲུབ་པར་འགྱུར་རོ། །ལས་རྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་འདི་དག་བསྟན་པ་ཡིན་ནོ། །ཕྱག་རྒྱའི་རྒྱུད་འདི་ཅིའི་དོན་དུ་གསུངས་པ་ཡིན་ཞེ་ན། བདེ་བ་ཆེན་པོ་རབ་ཏུ་བསྒྲུབ་པ་དང་། །

Vol. 60 · folio 203b

ཆགས་པ་ཆེན་པོ་རྣམ་དག་ཕྱིར། །ཞེས་བྱ་བ་ལ་སོགས་པས་འབྲས་བུ་བསྟན་པ་ཡིན་ནོ། །རྡོ་རྗེ་འཛིན་པ་ཆེན་པོ་ཡིས། །ཞེས་བྱ་བས་ནི་རྡོ་རྗེ་སེམས་དཔས་སོ། །དེས་ཕྱག་རྒྱའི་རྒྱུད་འདི་གང་ལ་བདེ་བ་ལ་སོགས་པ་སྒྲུབ་པའི་དོན་དུ་རབ་ཏུ་བརྟག་པ་ཡིན་ཞེ་ན། སངས་

རྒྱས་སྲས་བཅས་བདག་ཉིད་ཀུན། །ཞེས་བྱ་བ་ལ། སྲས་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ལའོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་སེམས་ཅན་ཀུན་ཏེ། དེ་དག་གི་དངོས་གྲུབ་མྱུར་བ་ནི་གདུལ་བྱ་རྣམས་ལ་སྐྱེ་བ་འདི་ཉིད་

ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྒྲུབ་པའོ། །དེའི་དོན་དུ། དོན་ཡོད་དངོས་གྲུབ་ཀུན་སྩོལ་བའོ། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ངེས་པར་སྟེར་བ་ནི་འདི་ཉིད་ཡིན་ནོ། །དཀྱིལ་འཁོར་དག་ཏུ་མ་ཞུགས་པ། །ཞེས་

བྱ་བ་ལ། རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་འདིར་གང་དག་མ་ཞུགས་པ་དེ་དག་ལ་ཡང་དངོས་གྲུབ་ཐམས་ཅད་སྟེར་བའི་ཕྱག་རྒྱའི་རྒྱུད་འདི་ཡིན་ནོ། །སྡིག་པའི་ལས་ནི་ཀུན་དང་ལྡན། །ཞེས་བྱ་བ་ལ་མཚམས་མེད་པ་ལ་སོགས་པ་བྱེད་པ་རྣམས་

ལ་ཡོང་ངོ་། །དེ་དག་ཀྱང་ཞེས་བྱ་བ་ནི་གོ་སླའོ། །མཚམས་མེད་པ་ལ་སོགས་པ་བྱེད་པ་རྣམས་ཀྱི་ཡང་དངོས་གྲུབ་ཐམས་ཅད་རྫོགས་པའི་ཕྱིར་གྲུབ་པ་ཡིན་ནོ། །ཀྱང་གི་སྒྲ་ནི་དཀྱིལ་འཁོར་དུ་ཞུགས་པ་དང་། ཆོས་དང་ལྡན་པ་རྣམས་ལ་ཕྱག་རྒྱ་ཆེན་པོ་རྒྱུད་

འདིས་ཤིན་ཏུ་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །རྒྱུ་གང་གི་ཕྱིར་དེ་དག་ལས་འགྲུབ་པ་ཡིན་ཞེ་ན། བཅིངས་པ་ཙམ་གྱིས་སྡིག་སྦྱང་ཕྱིར། །ཞེས་བྱ་བ་ལ། གང་གི་ཕྱིར་ལས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་འདི་རྣམས་སྒྲུབ་པ་པོ་རྣམས་ཀྱིས་བཅིངས་

པ་ཙམ་གྱིས་སྒྲུབ་པ་པོ་རྣམས་ལ་སྡིག་པ་ཐམས་ཅད་སྦྱོང་བར་བྱེད་པའི་ཕྱིར་རོ། །གང་ཞིག་ལེ་ལོ་ཉིད་ཀྱིས་ཞེས་བྱ་བ་ལ། གང་ཞིག་ལེ་ལོ་ཉམས་པས་ཡོ་བྱད་ཡོད་ཀྱང་འཁོར་ལོ་བརྟག་པར་མི་ནུས་པའམ། ཡང་ན་བརྩོན་འགྲུས་དང་ལྡན་ན་ཡང་། ཕུན་

Vol. 60 · folio 204a

སུམ་ཚོགས་པ་མ་ཚང་བ་དེ་རྣམས་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལས་བརྒྱ་འགྲུབ་པའི་ཕྱག་རྒྱ་བཅིང་བའི་ནུས་པ་གྲུབ་པར་འགྱུར་ཏེ། དེའི་ཕྱིར་བཅིངས་པ་ཙམ་གྱིས་ལས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་འདི་རྣམས་ཀྱིས་སྡིག་པ་

སྦྱང་བར་བྱ་བ་ཡིན་ནོ། །དཀྱིལ་འཁོར་མེད་པའི་སེམས་ཅན་གང་། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་མ་ཞུགས་པའོ། །སློབ་དཔོན་ཉིད་བྱིན་གྱིས་མ་བརླབས་པ་ཞེས་བྱ་བ་ལ་ཡང་ན་དཀྱིལ་འཁོར་དུ་ཞུགས་ན་ཡང་སློབ་དཔོན་གྱིས་དབང་བསྐུར་བ་མ་བསྐུར་བའོ། །དེ་དག་

གྲུབ་མཆོག་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དུ་མ་ཞུགས་པའམ། དབང་མ་བསྐུར་བར་དཀྱིལ་འཁོར་དུ་ཞུགས་པ་དེ་རྣམས་ཕྱག་རྒྱ་བཅིངས་པ་ཙམ་གྱིས་རྡོ་རྗེ་སློབ་དཔོན་དུ་འགྱུར་རོ། །སླར་ཡང་དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་དོན་ཡོད་པ་

ཞེས་བྱ་བ་གསུངས་ཏེ་དོན་མེད་པ་མ་ཡིན་ནོ། །མཆོག་ནི་ཕུལ་དུ་བྱུང་བའོ། །སྣ་ཚོགས་པའི་མངོན་པར་འདོད་པའི་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པའོ། །བཅིངས་པ་ཙམ་གྱིས་མྱུར་འགྲུབ་ཅེས་བྱ་བ་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་

སངས་རྒྱས་ཉིད་དང་། བྱང་ཆུབ་སེམས་དཔའ་ཉིད་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་གདུལ་བྱ་རྣམས་ལ་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ། །ཕྱག་རྒྱའི་རྒྱུད་འདི་གང་ལས་བྱུང་ཞེ་ན། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། བསྐལ་པ་བཟང་པོ་འདིའི་སྔ་རོལ་

དུ་བྱུང་བས་ན་དང་པོར་བྱུང་བའོ། །རྡོ་རྗེ་རྣམས་ཀྱི་ཕུལ་དུ་བྱུང་བས་ན་རྡོ་རྗེ་མཆོག་གོ། །དང་པོར་བྱུང་བ་ཡང་ཡིན་ལ་རྡོ་རྗེ་མཆོག་ཀྱང་ཡིན་པས་ན་དང་པོར་བྱུང་བའི་རྡོ་རྗེ་མཆོག་གོ། །དང་པོར་བྱུང་བའི་རྡོ་རྗེ་མཆོག་ཀྱང་དེ་ཉིད་ཡིན་ལ་བདེ་བ་ཆེན་པོ་ཡང་ཡིན་པས་ན། དང་པོ་

བྱུང་བའི་རྡོ་རྗེ་མཆོག་གི་བདེ་བ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ཅན་ཐོག་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཏེ། དེ་ལས་བྱུང་བའི་སྐྱེ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དག་པ་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བའོ། །

Vol. 60 · folio 204b

ཤིན་ཏུ་གྲུབ་པ་ཞེས་བྱ་བ་ནི་མི་འཇིགས་པའི་དངོས་གྲུབ་ཀྱིས་གྲུབ་པའོ། །གང་ལ་ཞེ་ན་འགྲོ་བ་ཐམས་ཅད་ལ་ཡང་ངོ་ཞེས་བྱ་བ་ལ། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ལས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱའི་རྒྱུད་བསྟན་ནས། ད་

ཡི་གེ་ཧཱུཾ་བརྗོད་ཅིང་ལས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བཅིངས་ཏེ། དེའི་རྗེས་ལ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་ལས་བརྒྱ་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་གསང་བའི་རྒྱུད་ཅེས་བྱ་བ་

གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔར་བཤད་པའི་དེ་མ་ཐག་པའི་དོན་སྟོན་པར་བྱེད་པའོ། །ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ཕྱག་རྒྱ་ཐམས་ཅད་དེ་ལས་བརྒྱ་སྒྲུབ་པར་བྱེད་པའོ། །དེ་རྣམས་སྒྲུབ་པར་བྱེད་པ་ནི་རྫོགས་པར་བྱེད་པའི་རྒྱུད་སྟེ། དེ་སྟོན་པར་བྱེད་པའི་

གསང་བའི་རྒྱུད་འདི་ཡིན་ཏེ། ལས་འདོད་པ་ཞེས་བྱ་བ་ལ་ཚེ་འཕེལ་བ་ལ་སོགས་པའི་ལས་བྱེད་པར་འདོད་པས་དང་པོ་ཁོ་ནར་ཡི་གེ་ཧཱུཾ་བརྗོད་ཅིང་དང་པོའི་རྡོ་རྗེ་བཅིང་བར་བྱ་སྟེ། དེ་ནས་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་བཟླ་ཞིང་ལས་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་ནོ། །བདེ་

བ་ཆེན་པོའི་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྒྱུད་ཕྱི་མའི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་རྒྱུད་ཀྱི་རང་བཞིན་གྱི་ཆོ་ག་རྒྱས་པ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་རྒྱུན་ཏེ་ཡོངས་སུ་རྫོགས་པ་ནི་མཐར་ཐུག་པ་

ཡིན་ནོ། །དེ་ལྟར་དུམ་བུ་གཉིས་པ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་རྒྱས་པར་བཤད་པ་བྱས་ནས་ད་ནི་ཇི་ལྟ་བ་བཞིན་དུ་བྲིས་པའི་དཀྱིལ་འཁོར་རྣམས་གཤེགས་སུ་གསོལ་ནས། སློབ་དཔོན་གྱིས་སྤྲུལ་པ་རང་གི་ལུས་ལ་བཅུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་

འདི་བྱིན་གྱིས་བརླབ་པའི་ཕྱིར་བདག་ཉིད་གསོལ་བ་འདེབས་པ་བྱེད་པར་རྣམ་པར་བསམས་ལ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་བརྗོད་ནས་བདག་ཉིད་བསྲུང་བར་བྱས་ལ་ལྡང་བར་བྱའོ་ཞེས་བྱ་བ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་

Vol. 60 · folio 205a

ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པའོ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟར་ཞེ་ན་ཡོངས་སུ་མཐར་ཐུག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡོངས་སུ་མཐར་ཐུག་

པ་ནི་ཡོངས་སུ་རྫོགས་པའོ། །ཡོངས་སུ་མཐར་ཐུག་པ་མེད་པ་ནི་ཡོངས་སུ་མཐར་མ་ཐུག་པ་སྟེ་ཡོངས་སུ་མ་རྫོགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་ཀྱི་ལས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་ཁྱབ་པར་བྱེད་པའི་གཟུགས་ཐམས་ཅད་གཟིགས་པའི་ཡེ་

ཤེས་ཀྱིས་འཁོར་བ་ཇི་སྲིད་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གྱི་དོན་མཛད་པ་སྟེ་མཐར་ཐུག་པ་མེད་པའི་སྦྱོར་བ་དེས་དེ་རྣམས་ཀྱིས་གསོལ་བ་བཏབ་པ་ཡིན་ནོ། །འོ་ན་དེ་རྣམས་གཅིག་པུ་ཡིན་ནམ་ཞེ་ན། རྡོ་རྗེ་འཆང་དང་བཅས་ཞེས་བྱ་བ་ནི་རྡོ་རྗེ་ཡིད་ལས་

བྱུང་བ་ལ་སོགས་པའི་རྡོ་རྗེ་འཆང་ཆེན་པོ་དང་བཅས་པ་རྣམས་སོ། །ཅིའི་དོན་དུ་ཞེ་ན་འདི་ཞེས་བྱ་བ་ལ་སོགས་པ་ལ། རྟོག་པའི་རྒྱལ་པོ་ཆེན་པོ་འདིར་ཡོངས་སུ་མཐར་ཐུག་པའི་དོན་ཏོ་ཞེས་བྱ་བ་དང་སྦྱར་རོ། །དུམ་བུ་གཉིས་པ་རྩ་བའི་རྒྱུད་དང་ཕྱི་མའི་རང་བཞིན་འདས་མ་ཐག་ཏུ་

བཤད་པའི་ཐོག་མ་ཐ་མ་མེད་པའི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའོ། །བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་ཅེས་བྱ་བ་ནི་གཟུགས་ཐམས་ཅད་སྟོན་པར་ནམ་མཁའ་ཐམས་

ཅད་ཁྱབ་པར་བྱེད་པའོ། །ཁམས་ཐམས་ཅད་ཅེས་བྱ་བ་ནི་ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རྣམས་ནི་ཁམས་ཐམས་ཅད་དོ། །ཁམས་ཐམས་ཅད་ཀྱང་དེ་ཡིན་ལ་མ་ལུས་པ་ཡང་དེ་ཡིན་པས་ཁམས་ཐམས་

ཅད་མ་ལུས་པའོ། །དེར་ཀུན་དུ་འགྲོ་བ་ནི་སྤྲོ་བ་སྟེ་ཁྱབ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རྒྱུན་གང་ལ་ཡོད་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །སྲིད་པ་ཐམས་

Vol. 60 · folio 205b

ཅད་ཀྱི་མཐའ་ནི་ཁམས་གསུམ་གྱི་རང་བཞིན་ཅན་ཏེ་དེ་ཡོངས་སུ་མཐར་མ་ཐུག་པའི་གསུང་རབ་ཀྱི་བསྟན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཡོངས་སུ་མཐར་ཐུག་པའི་དོན་ནི་ཡོངས་སུ་རྫོགས་པའི་ཕྱིར་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ཡིན་ནོ། །གང་ཞིག་ཡོངས་སུ་མཐར་ཐུག་པའི་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་བཏབ་པའི་རྟོག་པའི་རྒྱལ་པོ་དེ་ཉིད་ཀྱིས་ཁྱད་པར་སླར་ཡང་བསྟན་པའི་ཕྱིར་རྡོ་རྗེ་ནམ་མཁའ་ལ་སོགས་པ་གསུངས་ཏེ་ནམ་མཁའ་དང་མཉམ་པ་ཉིད་

ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྡོ་རྗེ་ནི་ནམ་མཁའོ། །རྒྱུ་འདི་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཆེན་པོ་སྤྲོ་བ་སྟེ་དེ་བཞིན་ཉིད་ཀྱིས་ཁྱབ་པའི་དངོས་པོའོ། །རྡོ་རྗེ་འཆང་གི་ཐེག་པ་ནི་རྟོག་པའི་རྒྱལ་པོ་འདི་ཉིད་དེ། དེའི་ཕྱིར་རྟོག་པ་གཞན་དག་ལས་མཆོག་སྟེ་ཕུལ་དུ་བྱུང་

བའོ། །ཆོས་ཐམས་ཅད་ལས་ཁྱབ་པར་བྱེད་པའི་དེ་བཞིན་ཉིད་ནི་རྡོ་རྗེ་ནམ་མཁའ་ཆེན་པོའི་ཆོས་ཀྱི་དབྱིངས་ཏེ། དེ་སྤྲོ་བའི་དངོས་གྲུབ་ནི་དེ་བཞིན་ཉིད་རྟོག་པའོ། །དེ་སྩོལ་བས་ན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་དབྱིངས་སྤྲོ་བའི་དངོས་གྲུབ་སྩོལ་བ་སྟེ། རྡོ་རྗེ་འཆང་

རྣམས་ཀྱི་ཐེག་པ་དེ་ཡིན་ནོ། །དེ་ལྟར་གྱུར་པའི་ཐེག་པ་ཆེན་པོ་སྟེ་རྡོ་རྗེ་འཆང་གཅིག་པུའི་མ་ཡིན་ཏེ། འོན་ཀྱང་རྟག་ཏུ་སངས་རྒྱས་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་དང་བཅས་པ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་

རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་གཙོ་བོར་གྱུར་པའི་སངས་རྒྱས་ཐམས་ཅད་དོ། །དེ་དག་ཉིད་རྟག་ཏུ་སྟེ། དུས་ཐམས་ཅད་དུ་དེ་བཞིན་ཉིད་ཀྱི་རྡོ་རྗེ་ཆེན་པོ་འཛིན་པས་ན། རྡོ་

རྗེ་འཆང་ཆེན་པོ་སྟེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལྷའི་རང་བཞིན་ཅན་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་བཅས་པ་ནི་དེ་དང་ལྷན་ཅིག་ཏུའོ། །རྡོ་རྗེ་འཆང་གི་ཐེག་པ་ནི། །ཞེས་བྱ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་རྡོ་རྗེ་འཆང་

Vol. 60 · folio 206a

ཆེན་པོ་སྟེ། དེ་རྣམས་ཉིད་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་ཐེག་པ་ཡིན་ཏེ་གཞན་དག་ནི་མ་ཡིན་ནོ། །ཡོངས་སུ་མཐར་ཐུག་ནུས་པ་མིན། །ཞེས་བྱ་བ་ལ་ནམ་མཁའ་ཁྱབ་པས་མཐའ་ཡས་པའི་ཕྱིར་རྟོག་པའི་རྒྱལ་པོའི་ཐེག་པ་ཡིན་ཏེ། སངས་རྒྱས་དང་བྱང་

ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་རྫོགས་པར་བསྟན་པས་གདུལ་བྱ་རྣམས་ལ་བསྟན་པར་མི་སྤྱོད་པ་དེའི་ཕྱིར་ལེ་ལོ་ཅན་ལ་མདོར་བསྡུས་ནས་རབ་ཏུ་བསྟན་པར་མཛད་པའི་ཕྱིར་རྟོག་པ་འདི་ཡོངས་སུ་མཐར་ཐུག་པར་བྱིན་གྱིས་བརླབ་པའི་དོན་དུ་དེ་བཞིན་གཤེགས་པ་རྣམས་

ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་བཏབ་པ་ཡིན་ནོ། །དངོས་པོ་མི་སྡུག་པ་ལ་ཞེན་པས་ན་ངན་ཞེན་ནོ། །ཨེ་མའི་སྒྲ་ནི་རྗེས་སུ་བཟུང་བ་ལའོ། །རྟོག་པའི་རྒྱལ་པོ་ཆེན་པོ་ཐོས་པ་དང་། བསམ་པ་ལ་རབ་ཏུ་འཇུག་པ་ལ་དབང་བ་མེད་པའི་སེམས་ཅན་ནི་ལེ་ལོ་ཅན་ནོ། །མི་དགེ་བའི་

ལས་ཀྱི་ལམ་བཅུ་ལ་སྤྱོད་པས་ན་ལས་ཀུན་ལྡན་པའོ། །ཐུགས་རྗེ་དམ་པའི་རྡོ་རྗེ་ཁྱོད། །ཅེས་བྱ་བ་ལ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ནི་ཐུགས་རྗེ་དམ་པའི་རྡོ་རྗེའོ། །བྱང་ཆུབ་སེམས་ནི་བླ་ན་མེད། །ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རབ་སྒྲུབ་པ་ཞེས་

བྱ་བ་ནི་རྒྱ་ཆེ་བས་འཇིགས་པས་འཇིགས་པ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་རབ་ཏུ་བསྒྲུབ་པ་སྟེ། དེ་ལྟར་ཡོངས་སུ་མཐར་ཐུག་པར་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་བཏབ་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་མདོར་བསྡུས་པའི་གཞུང་བྱིན་གྱིས་

བརླབས་ལ་ཐུགས་རྩེ་གཅིག་པར་མཛད་ནས། བདེ་བ་ཆེན་པོ་རབ་སྒྲུབ་པ། །ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་རྫོགས་པའི་བྱིན་གྱིས་བརླབ་པ་གསུངས་པ་ཡིན་ནོ། །གང་གི་ཚུལ་འདི་ཉན་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཚུལ་འདིས་ནི་དུམ་བུ་གཉིས་པའི་

རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་འཁྲུལ་པ་མེད་པའི་རྣ་བའི་ཤེས་པ་མཆོག་སྟེ་ཕུལ་དུ་བྱུང་བ་ཉན་པར་འགྱུར་བའམ། རིགས་ཐམས་ཅད་ཀྱི་གསང་བའི་རང་བཞིན་གྱི་ཚུལ་འདི་གླེགས་བམ་ལ་བྲིས་ཏེ་སེམས་ཅན་གང་དག་གི་ཁྱིམ་ན་གནས་པར་གྱུར་པ་དེ་རྣམས་ལ་ཇི་ལྟ་བ་བཞིན་དུ་

Vol. 60 · folio 206b

བཤད་པའི་ཕན་ཡོན་ཅན་གྱི་མངོན་པར་འདོད་པའི་དངོས་གྲུབ་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་ཏེ། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པའི་སྒྲུབ་པ་པོའི་གདུལ་བྱ་རྣམས་ལ་སྡིག་པ་ཡོངས་སུ་ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐོག་མར་སྤྱོད་པ་ལ་སོགས་པའི་ཚུལ་

མཛད་པ་དེ་བཞིན་དུ་འདིར་ནི་མ་ཡིན་ཏེ། བསྒོམས་པའི་སྟོབས་ཁོ་ནས་སྡིག་པ་ཡོངས་སུ་ཟད་པའི་ཕྱིར་རོ། །རྒྱུ་འདི་ཉིད་ཀྱིས་ཕྱིར་ཕྱི་རོལ་གྱི་བགེགས་རྣམས་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། བགེགས་མེད་དེ་བཞིན་བདུད་ཀྱང་མེད། །རྟོག་པར་ཞེས་བྱ་བ་ལ་

མཉམ་པ་ཉིད་ཀྱི་ཡེ་ཤེས་བསྒོམས་པའི་སྟོབས་ཀྱིས་བདུད་བཞི་མི་དམིགས་པའི་ཕྱིར་རྟོག་པ་འདིར་དངོས་གྲུབ་ཐམས་ཅད་འཕེལ་བ་ཁོ་ནར་བྱིན་གྱིས་བརླབས་པ་སྟེ། ཇི་ལྟ་བ་བཞིན་དུ་བྲིས་པའི་དཀྱིལ་འཁོར་བྱས་པ་ལ་མངོན་པར་ཞེན་པ་རྣམས་ལ་བདུད་ཆེན་པོའི་གཟུགས་

དམིགས་པའི་ནུས་པས་བདུད་ཉིད་དུ་བདག་འགྱུར་བ་དེ་བཞིན་དུ་འདིར་ནི་མ་ཡིན་ནོ། །བསྟན་པ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཇི་ལྟ་བ་བཞིན་བྲིས་པའི་དཀྱིལ་འཁོར་རྣམས་ཇི་ལྟར་བཤད་པའི་ཚུལ་གྱིས་ཡང་དག་

པར་མཆོད་ནས་གཤེགས་སུ་གསོལ་བ་ལ་སློབ་དཔོན་གྱིས་སྤྲུལ་པ་རང་གི་ལུས་ལ་བཅུག་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པའི་རྡོ་རྗེ་སེམས་དཔར་བདག་ཉིད་རྣམ་པར་བསམས་ལ། བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་བརྗོད་ནས། རྡོ་

རྗེ་བསྲུང་བ་དང་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་བསྲུང་བ་བྱས་ན་ཡང་རྡོ་རྗེ་སེམས་དཔའ་ཡང་ནས་ཡང་དུ་ཡོངས་སུ་བཟླས་ཏེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་ལངས་ཏེ། ཇི་ལྟར་མངོན་པར་འདོད་པའི་གླེགས་བམ་

བཀླག་པ་ལ་སོགས་པ་བྱའོ། །དགེ་བའི་བྱ་བས་གནས་པར་བྱའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཆེན་པོ་ནི་འདིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་དེ་ཉིད་རྡོ་རྗེའོ། །དེའི་གསང་བ་ནི་དེ་དང་རྒྱུ་མཐུན་པའི་དུམ་བུ་གཉིས་པ་ལ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མའི་

Vol. 60 · folio 207a

རང་བཞིན་ཅན་གྱི་རྟོག་པའི་རྒྱལ་པོའོ། །དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལས་སྔ་ནས་གནས་པའོ། །མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལ་ལྟོས་ན་མཆོག་གི་བསྒྲུབ་བྱ་དང་། སྒྲུབ་པའི་ཆོ་ག་རྒྱས་པའི་རང་བཞིན་ཉིད་ཀྱི་ཕྱིར་

མཆོག་ཏུ་གྲུབ་པ་ཡིན་ནོ། །ཡོངས་སུ་རྫོགས་པ་ནི་མཐར་ཐུག་པ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་དག་པའི་མཚན་ཉིད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའི་ངོ་བོ་དང་། རྣམ་པར་སྨིན་པའི་སྐུ་དང་། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་དང་། སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་དང་། དམ་ཚིག་གི་ཕྱག་རྒྱ་བསྟན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མའི་བཤད་པ་རྫོགས་སོ།། །།རྒྱ་གར་

གྱི་མཁན་པོ་པཎྜི་ཏ་མཁས་པ་ཆེན་པོ་མནྟྲ་ཀ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་དཔལ་ལྷ་བཙན་པོ་ལྷ་བླ་མ་དགེ་སློང་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དེ་ལྟར་དུམ་བུ་གཉིས་པ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་གསུངས་

ནས། ད་ནི་དུམ་བུ་གཉིས་པ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་རྒྱུད་ཀྱི་རང་བཞིན་སྒྲུབ་པ་པོའི་རང་བཞིན་མྱུར་དུ་གྲུབ་པ་བཤད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་དང་པོ་གནས་ཉམས་དགར། །བདེ་བ་ཆེན་པོ་རྣམ་པར་བཞུགས། །

ཞེས་བྱ་བར་སྦྱར་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ་དུམ་བུ་དང་པོ་དང་གཉིས་པ་ལས་གསུངས་པའི་དོན་གྱི་བསྒྲུབ་པའི་ཁྱད་པར་གྱིས་དངོས་གྲུབ་མྱུར་དུ་སྒྲུབ་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ལ། སྔར་གསུངས་པའི་སྒྲུབ་པ་དེས།

གལ་ཏེ་བདག་ཅག་མ་གྲུབ་པར་གྱུར་ན། ཡང་དོན་དེ་ཉིད་སྒྲུབ་པར་བྱའི། སྲོག་ལ་ཐུག་ཀྱང་དོར་བར་མི་བྱའོ་ཞེས་མངོན་པར་འདོད་པ་སྐྱེས་པའི་གདུལ་བྱ་རྣམས་ཀྱི་བསམ་པ་མཁྱེན་པའི་རྗེས་ཐོགས་ཉིད་ལ། དང་པོར་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལ་སོགས་པའི་ཐོག་མར་

Vol. 60 · folio 207b

གནས་པའི་ཕྱིར་དང་པོར་རོ། །གནས་ཞེས་བྱ་བ་ནི་གཞལ་ཡས་ཁང་ཐམས་ཅད་ཀྱི་གཞིར་གྱུར་པས་ན་གནས་ཏེ། དང་པོ་ཡང་ཡིན་ལ་གནས་ཀྱང་ཡིན་པས་ན་དང་པོའི་གནས་སོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཉམས་དགའ་བ་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་སྦྱོར་བ་

དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ཡིད་དང་རྗེས་སུ་མཐུན་པ་ཡིན་པས་ན་ཡིད་དུ་འོང་བ་ཡིན་པའི་ཕྱིར་ཉམས་དགའ་བའོ། །ནམ་མཁའ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ནམ་མཁའ་ཀུན་ཏེ། ཕྱོགས་བཅུ་ན་རྫས་དང་བྲལ་བའི་རང་བཞིན་རྣམས་སོ། །

དེ་ན་ཟླ་བ་ལྟ་བུར་རབ་ཏུ་སྣང་བས་ན་གདུལ་བྱ་ཐམས་ཅད་ཀྱི་རྒྱུད་ལ་སོ་སོར་སྣང་བར་གྱུར་པ་དེ་ནི། ནམ་མཁའ་ཀུན་ལ་རབ་ཏུ་གནས། །ཞེས་བྱ་བའོ། །རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པས་རྩེ་མོ་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །དེ་རྣམས་ཀྱི་འོད་ནི་འོད་ཟེར་རྣམས་ཏེ་

དེ་རྣམས་ཀྱིས་འདི་གསལ་ཞིང་སྣང་བར་བྱས་པས་ན་རྡོ་རྗེ་རིན་ཆེན་འོད་འབར་གསལ་ཞེས་བྱའོ། །བརྒྱན་ཅིང་ཞེས་བྱ་བ་ནི་དར་དང་། གདུགས་དང་། དྲི་དང་། བདུག་སྤོས་དང་། མར་མེ་དང་། སྒོ་ཁྱུད་དང་། རྟ་བབས་རྣམ་པ་སྣ་ཚོགས་དང་། སྐས་དང་། མདའ་ཡབ་

ཀྱི་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་སྤུངས་པའོ། །དྲི་མེད་མདངས་ལྡན་ཞེས་བྱ་བ་ནི་རང་གི་འོད་དྲི་མ་མེད་པ་ནམ་མཁའ་དང་མཉམ་པས་སྣང་བར་བྱས་ན་དྲི་མེད་མདངས་ལྡན་པའོ། །དེ་ནི་རྡོ་རྗེ་རིན་པོ་ཆེའི་འོད་ཀྱིས་གསལ་བར་བྱས་པ་ཡང་ཡིན་ལ་བརྒྱན་པ་ཡང་ཡིན་ཞིང་དྲི་མ་

མེད་པའི་མདངས་དང་ལྡན་པ་ཡིན་པས་ན། རྡོ་རྗེ་རིན་ཆེན་འོད་ཀྱིས་གསལ། །བརྒྱན་ཅིང་དྲི་མེད་མདངས་ལྡན་པའོ། །ཞེས་བྱ་བ་སྟེ། བརྒྱན་ཅིང་མདངས་དང་ལྡན་པའི་གནས་དེར་རོ། །ཟུར་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །རྡོ་རྗེ་ལྷ་མོའི་ཚོགས་

ཀྱིས་མཆོད། །ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་གཟུངས་ཀྱི་ལྷ་མོའི་ཚོགས་ནི་རྡོ་རྗེ་ལྷ་མོའི་ཚོགས་ཏེ་དེ་རྣམས་ཁ་ཁྱེར་ལ་གནས་པ་རྣམས་ནི་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ཅིང་བསྙེན་བཀུར་བྱེད་པའོ། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་

Vol. 60 · folio 208a

མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་གནས་པ་ཡིས། །རྡོ་རྗེ་རིན་ཆེན་ཡང་དག་འབར། །ཞེས་བྱ་བ་ནི་གནས་འདི་དག་ཏུ་ཟླ་བ་ཁམ་པ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེ་འོད་འབར་བ་ཡོད་པའོ། །རླུང་གིས་བཏེག་པ་ནི་ཞེས་བྱ་བ་ནི་བཏེག་པའོ། །སྣ་ཚོགས་

པ་ནི་ཁ་དོག་ཐ་དད་པ་སྟེ། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་གང་དུ་ཞེ་ན། རྩེར་ཞེས་བྱ་བ་སྨོས་ཏེ་རྩེ་ནི་མཐར་ཏེ་ཐམས་ཅད་ཀྱི་འོག་གི་ཆར་རོ། །གང་གི་མཐར་ཞེས་ན་བ་དན་ཞེས་བྱ་བ་སྨོས་ཏེ།

དེ་ལྟ་བུའི་བ་དན་དེའི་རྩེ་མོར་རོ། །དྲིལ་བུ་བཏགས་པ་སྒྲ་སྒྲོགས་པ་ཡིན་པས་ན། རླུང་གིས་བསྐྱོད་པ་སྣ་ཚོགས་པ། །བ་དན་རྩེར་བཏགས་དྲིལ་སྒྲ་སྒྲོགས། །ཞེས་བྱ་བའོ། །དྲ་བ་ནི་མུ་ཏིག་གི་ཆུན་འཕྱང་མཆོག་དབུས་སུ་བཏགས་པའོ། །མེ་ལོང་ནི་མེ་ལོང་གི་དཀྱིལ་འཁོར་

ཉིད་དོ། །མེ་ཏོག་རྟག་ཅེས་བྱ་བ་ནི་མེ་ཏོག་གི་ཤིང་རྟག་ཏུ་མེ་ཏོག་ཐམས་ཅད་ཀྱི་ཆར་འབེབས་པའི་ཚུལ་གྱིས་རྟག་པར་གནས་པའོ། །མེ་ཏོག་གི་ཕྲེང་བ་ནི་མེ་ཏོག་གི་ཆུན་འཕྱང་ངོ་། །རྒྱན་གྱིས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པ་ལས་གཞན་པ་དག་ཡིན་པར་ཤེས་པར་བྱ་སྟེ། དྲ་

བ་ལ་སོགས་པ་དེ་རྣམས་ཀྱིས་བསྐོར་བ་ནི་ཀུན་ནས་བསྐོར་ཏེ་མཛེས་པར་བྱས་པའོ། །བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོ་སྟེ། དེའི་རྒྱུ་མཐུན་པ་ལས་བྱུང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་རྡོ་རྗེའོ། །རྡོ་རྗེ་དང་། རྡོ་རྗེ་རིན་པོ་ཆེ་དང་། པདྨ་དང་། སྣ་

ཚོགས་རྡོ་རྗེ་ནི་རྡོ་རྗེ་ཀུན་ནོ། །བདེ་བ་ཆེན་པོའི་རྡོ་རྗེ་ཆེན་པོ་དང་། རྡོ་རྗེ་ཀུན་གྱིས་མངོན་པར་འདུ་བྱས་པ་ནི་དེ་ལས་བྱས་ཤིང་བསྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་རྣམས་ཀྱི་གཞིར་གྱུར་པས་ན། རྡོ་རྗེ་སེམས་དཔའི་བཞུགས་

གནས་ཆེ། །ཞེས་བྱ་བ་སྟེ། དེ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་འདུས་པར་མཛད་པས་བཞུགས་གནས་སུ་མཛད་པ་ན། སངས་རྒྱས་ཀུན་གྱིས་རྗེས་བསྟེན་པ། །ཞེས་བྱའོ། །བྱང་ཆུབ་ཀྱི་རང་བཞིན་ཅན་

Vol. 60 · folio 208b

གྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ་རྡོ་རྗེ་སེམས་དཔའོ། །དེའི་གནས་སུ་གྱུར་པ་དེ་ཉིད་ཀྱིས་ན་མཆོག་གོ། །རྡོ་རྗེ་འཆང་བ་ཀུན་ནི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་ལ་སོགས་པ་དང་། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའོ། །དེ་རྣམས་

ཀྱི་གནས་ནི་བཞུགས་གནས་སོ། །དེ་ནི་བདེ་བ་ཆེན་པོའི་ནོར་བུ་རིན་ཆེན་གྱི་མཆོག་ཅེས་བྱ་བ་ཡིན་པས་ན། དེ་ལྟ་བུ་གང་ཡིན་པ་དེ་ལ་ནི། བདེ་བ་ཆེན་པོ་རྡོ་རྗེ་ཆེ། །ནོར་བུ་རིན་ཆེན་མཆོག་ཅེས་བྱ། །ཞེས་བྱ་བའོ། །རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་། དེ་ནས་བདེ་བ་ཆེན་

པོ་རྡོ་རྗེ་སེམས་དཔའ་བཞུགས་པ་ནི་རྣམ་པར་གནས་པར་མཛད་པའོ། །དེ་ཇི་ལྟ་བུ་ཞེ་ན། ཐོག་མ་ཐ་མ་མེད་སེམས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཐོག་མ་ཐ་མ་མེད་པ་ལ་སོགས་པ་ནི་བཤད་ཟིན་པའོ། །སྣ་ཚོགས་བཙུན་མོའི་ཚོགས་བཅས་པར། །

ཞེས་བྱ་བ་ལ་སྣ་ཚོགས་ཞེས་བྱ་བ་ནི་རྒྱུ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །བཙུན་མོའི་ཚོགས་གང་ཞིག་དང་ལྷན་ཅིག་བཞུགས་ཤེ་ན། རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་མཚོན་ཆ་མ་དང་རྡོ་རྗེ་ཀཱི་ལི་ཀཱི་ལི་དང་། རྡོ་རྗེ་དྲན་

པ་དང་། རྡོ་རྗེ་སྙེམས་པ་ལ་སོགས་པའི་རྡོ་རྗེ་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཡིན་གྱི། འཁོར་བའི་བུད་མེད་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན། དེ་ནས་དང་པོའི་གནས་ཉམས་དགའ། །ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་ལྷ་མོས་ཡོངས་

སུ་བསྐོར། །ཞེས་བྱ་བའི་བར་གྱིས་བཤད་པས་ནི་ཏིང་ངེ་འཛིན་དང་པོ་གསུངས་པ་ཡིན་ནོ། །ད་ནི་བདེ་ཆེན་རབ་སྒྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ་ཐར་པ་ཆེན་པོ་རབ་ཏུ་གྲུབ་པ་ནི་བདེ་བ་ཆེན་པོས་རབ་ཏུ་གྲུབ་པའོ། །གདུལ་

བྱ་རྣམས་ཀྱི་འདོད་ཆགས་ཆེན་པོ་རྣམ་པར་དག་ཅིང་འདོད་ཆགས་ལ་སོགས་པ་དང་བྲལ་བས་སེམས་ཅན་སྨིན་ཅིང་གྲོལ་བའི་ཚུལ་གྱིས་འགྲུབ་བོ། །མ་ལུས་འདུལ་བ་ནི་སེམས་ཅན་གྱི་ཁམས་སྐལ་བ་དང་ལྡན་པ་དང་། མི་ལྡན་པ་རྣམས་ཀྱི་བྱང་ཆུབ་ཆེན་པོར་བསྐྱེད་

Vol. 60 · folio 209a

པ་ནི་མ་ལུས་འདུལ་བ་སྟེ། དེའི་དོན་དུའོ། །དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་རྒྱུ་རྣམས་གྲུབ་པ་སྟེ། དེ་རབ་ཏུ་གྲུབ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉེ་བའི་སྙིང་པོ་དང་བཅས་པའི་སྙིང་པོ་བསྐལ་པ་དང་པོར་

གསུངས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཚུལ་ནི་དམ་ཚིག་གོ། །དམ་ཚིག་མཆོག་ནི་དེ་བཞིན་གཤེགས་པ་རྣམས་ཏེ་དེ་རྣམས་ཀྱི་དམ་

ཚིག་ནི་འདའ་བར་མི་བྱའོ། །རྒྱལ་པོས་ཀྱང་ནི་བསྲུང་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔས་འདུལ་བའི་གདུལ་བྱའི་སེམས་ཅན་གང་ཡིན་པ་ལ་རྡོ་རྗེ་སེམས་དཔའི་ཚུལ་ཅན་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་ངེས་པར་སྤྲུལ་པར་བྱ་བ་ཡིན་པས་དེས་ན། རྒྱལ་པོས་ཀྱང་

ནི་བསྲུང་བར་བྱ། །ཞེས་བྱ་བ་སྟེ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་སྙེམས་པའི་ཚུལ་འཆང་ཞིང་། །སྙེམས་དང་བཅས་པས་རྡོ་རྗེ་གསོར། །ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དེ་ཉིད་མངོན་སུམ་དུ་བྱེད་པའོ། །ཕྱག་རྒྱ་ཐམས་ཅད་མྱུར་གྲུབ་ཕྱིར། །ཞེས་བྱ་

བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་རིངས་པར་གྲུབ་པར་བྱ་བའི་ཕྱིར་རོ། །རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་རྟོག་པའི་གདུལ་བྱ་རྣམས་ཀྱི་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཕྱིར་

རོ། །དངོས་གྲུབ་ཀུན་གྱི་ཐབས་ཆེན་པོ། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཐོབ་པར་བྱ་བའི་ཕྱིར་ཏེ་ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་པོའོ། །བསོད་ནམས་ཀུན་གྱི་ཆེར་མཐོ་བ། །ཞེས་བྱ་བ་ནི་འཇིག་རྟེན་

དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཐམས་ཅད་ནི་བསོད་ནམས་ཀུན་ནོ། །དེ་རྣམས་ཀྱི་ཆེན་པོ་ཡང་ཡིན་ལ་མཐོ་བ་ཡང་ཡིན་པས་ན་བསོད་ནམས་ཆེར་མཐོ་བ་སྟེ། སྙིང་པོ་དེ་དེའི་རྒྱུར་གྱུར་པའི་ཕྱིར་རོ། །ཡེ་ཤེས་ཕྱག་རྒྱར་ཡང་དག་ལྡན། །ཞེས་བྱ་བ་ནི་ཨ་ནུ་རཱ་ག་ཡ་མི་

Vol. 60 · folio 209b

ཞེས་བྱ་བའོ། །བཟླ་བའི་དོན་གྱིས་ཡེ་ཤེས་ནི་ཕྱག་རྒྱ་སྟེ་དེ་དང་བཅས་ཤིང་ཡང་དག་པར་ལྡན་པས་ཡེ་ཤེས་ཀྱི་ཕྱག་རྒྱར་ལྡན་པའོ། །དེ་སུ་ཞིག་ཡིན་ཞེ་ན། སྙིང་པོ་ཆེན་པོ་ཞེས་བྱ་བ་གསུངས་ཏེ་ཡི་གེ་ཧཱུཾ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་སྟོན་པར་བྱེད་པས་ན་དམ་པ་ཡིན་ཞེས་བྱའོ། །གང་གིས་ཞེས་བྱ་བ་ནི་སྙིང་པོ་གང་གིས་སོ། །བསོད་ནམས་མི་ལྡན་པའམ་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་ལ་སོགས་པའི་ལས་རྣམས་བྱེད་པ་ཡང་ངོ་། །དེ་བཞིན་དཀྱིལ་འཁོར་མེད་པའང་

ཡིན། །ཞེས་བྱ་བ་ནི་དཀྱིལ་འཁོར་དག་ཏུ་ཇི་ལྟ་བ་བཞིན་དུ་མ་ཞུགས་པའོ། །དོན་ཡོད་པ་ནི་འབྲས་བུ་ཡོད་པའོ། །དེ་ཉིད་ཀྱིས་ན་ཐོགས་པ་མེད་པའོ། །མྱུར་བ་ནི་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་མྱུར་དུ་ཐོབ་པའོ། །མཆོག་ནི་དམ་པའོ། །དངོས་གྲུབ་

ཐམས་ཅད་རྙེད་མི་དཀའ། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རྙེད་པར་དཀའ་བ་མ་ཡིན་པར་འགྱུར་རོ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་སྟེ། དེའི་གསང་བ་མཆོག་གི་དམ་ཚིག་ཐོབ་པའི་རྒྱུའོ། །བསྟན་པ་ནི་སྙིང་པོ་

སྟེ། རྡོ་རྗེ་ལྟར་མི་ཕྱེད་པའོ། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི་རིགས་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་གང་དག་བཤད་པ་དེ་རྣམས་དང་པོའི་ཚུལ་ནི་ཡི་གེ་ཧཱུཾ་ཡིན་པས་སྒྲུབ་ཅིང་སྐྱེད་པར་བྱེད་པའི་རྒྱུ་ཡིན་ཏེ་གང་གི་ཕྱིར་ཡི་གེ་ཧཱུཾ་བཟླས་པས་དེ་དག་ཐམས་ཅད་

ཅད་གྲུབ་པར་གྱུར་པ་དེས་ན། རྟོག་པ་ཐམས་ཅད་མྱུར་གྲུབ་བྱེད། །ཅེས་བྱ་སྟེ། དུམ་བུ་དང་པོ་དང་། གཉིས་པར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྟོག་པ་གང་དག་བཤད་པ་དེ་རྣམས་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །ཐོག་མཐའ་མེད་ཅིང་ཞེས་བྱ་བ་ནི། དང་པོ་ཞེས་བྱ་བ་

ནི་ཐོག་མར་སྐྱེས་པའོ། །ཐ་མ་ནི་དུས་མཚམས་མེད་པའི་མྱ་ངན་ལས་འདས་པའོ། །གང་ལ་གཉིས་པོ་དེ་དག་མེད་པ་དེ་ནི་ཐོག་མཐའ་མེད་པ་སྟེ། ད་ལྟར་བྱུང་བའི་ངོ་བོས་རྟག་ཏུ་བཞུགས་པའོ། །དང་པོར་བྱུང་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལ་སོགས་པའི་དང་པོར་ཡང་ད་ལྟར་

Vol. 60 · folio 210a

བྱུང་བའི་ངོ་བོ་ཉིད་ཁོ་ན་བྱུང་བའི་ཕྱིར་རོ། །མཆོག་དང་པོ་ཞེས་བྱ་བར་བཤད་ཅེས་བྱ་བ་ལས་མཆོག་ནི་དམ་པའོ། །དང་པོའི་ནི་བསྐལ་པ་བཟང་པོའི་ཐོག་མར་རོ། །བཤད་ཅེས་བྱ་བ་ནི་བསྟན་ཅིང་བསྒྲགས་པའོ། །ཚིག་ཀུན་གྱིས་ནི་ཅི་འདོད་དང་། །ཞེས་བྱ་

བ་ལ་ཚིག་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཚིག་ཐམས་ཅད་དེ། གླུའི་ཚུལ་བདུན་ནོ། །དེས་གདུལ་བྱ་ཇི་ལྟར་འདོད་པ་བཞིན་དུ་གསུང་པས་ན། ཚིག་ཀུན་གྱིས་ནི་ཅི་འདོད་པ། །ཞེས་བྱའོ། །ཆགས་པ་ཀུན་གྱིས་ཅི་དགའ་བར། །ཞེས་བྱ་བ་ནི་གླུའི་ལམ་གྱི་ཆགས་པ་

ཞེས་བྱ་བ་གདངས་ཀྱི་བྱེ་བྲག་རྣམས་ཀྱིས་ཅི་དགའ་བར་ཞེས་བྱ་བ་གདུལ་བྱ་རྣམས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་ཇི་ལྟར་དགའ་ཞིང་སྲེད་པ་དེ་བཞིན་དུ་སྙིང་པོ་དེ་གསུང་བར་མཛད་པའོ། །ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བ་ནི་རྗེས་སུ་ཆགས་པར་བྱའོ་ཞེས་པ་སྟེ། རྡོ་

རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ཐབས་དང་། ཤེས་རབ་ཀྱི་ངོ་བོ་ཇི་ལྟ་བ་བཞིན་དུ་གནས་པ་ཡང་དང་ཡང་དུ་མངོན་དུ་བྱའོ་ཞེས་བྱ་བ་ནི་རྗེས་སུ་ཆགས་པར་བྱ་བའོ་ཞེས་བྱ་བ་ཡིན་ནོ། །ཇི་བཞིན་དབབ་པའི་ཡེ་ཤེས་འཇུག །ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་

པ་བསྒོམས་པས་མངོན་སུམ་དུ་བྱ་བ་ནི་ཇི་བཞིན་དབབ་པ་སྟེ། དེར་འབབ་པ་ནི་ཡེ་ཤེས་སོ། །དེ་ལ་འཇུག་པ་ནི་མངོན་སུམ་དུ་བྱ་བའོ། །དེ་བས་ན་ཇི་ལྟ་བ་བཞིན་དུ་འབབ་པའི་ཡེ་ཤེས་ལ་རབ་ཏུ་འཇུག་པས་ན། ཅི་ཞིག་འབབ་པའི་ཡེ་ཤེས་འཇུག་ཅེས་བྱའོ། །ཉེ་བའི་སྙིང་

པོར་བཅས་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་དང་ལྷན་ཅིག་ཏུ་བཅས་པའི་སྙིང་པོའོ། །ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བ་སྟེ་ཉེ་བའི་སྙིང་པོ་དང་བཅས་པ་ཁོ་ནའོ། །བསྐལ་པ་དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལ་སོགས་པའི་དང་པོ་སྟེ་ཐོག་མར་རོ། །གསུངས་ཞེས་བྱ་བ་ནི་བཀའ་

སྩལ་པའོ། །འདི་སྐད་སྟོན་པ་ཡིན་ཏེ་བསྐལ་པ་བཟང་པོའི་དང་པོར་ཆགས་པའི་བསྐལ་པའི་ཚེ་སངས་རྒྱས་ཀྱི་ཞིང་ནམ་མཁར་གྱུར་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཇི་སྐད་དུ་བཤད་པའི་གཞལ་ཡས་ཁང་དུ་བཞུགས་ནས་དང་པོ་ཁོ་ནར། །ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་

Vol. 60 · folio 210b

བྱ་བའི་ཉེ་བའི་སྙིང་པོ་ཧཱུཾ་དང་བཅས་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཐ་ཚིག་གོ། །འདི་ནི་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་དང་བཅས་པའི་ཡི་གེ་ཧཱུཾ་ངོ་། །གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཚིག་

ཐམས་ཅད་ཀྱིས་བཀའ་སྩལ་པ་ཙམ་གྱིས་སོ། །སངས་རྒྱས་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའོ། །སྲས་བཅས་པ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང་བཅས་པའོ། །རྡོ་རྗེ་

འཛིན་བཅས་ནི་རྡོ་རྗེ་སེམས་དཔའ་དང་། རྒྱལ་པོ་དང་། ཆགས་པ་དང་། ལེགས་པ་ལ་སོགས་པ་རིགས་པའི་ལྷ་ཐམས་ཅད་དང་བཅས་པའོ། །རྡོ་རྗེ་འཛིན་པ་ཆེན་པོ་ནམ་མཁའི་ཁམས་ཐམས་ཅད་ན་རྟག་ཏུ་བཞུགས་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་དངོས་པོ་

ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས་སྣ་ཚོགས་པའོ། །དེ་དང་ལྷན་ཅིག་ཏུ་སྐད་ཅིག་གིས་འདུས་ཤིང་བྱོན་ནས་གཅིག་ཏུ་ཚོགས་པར་མཛད་པས་ནི་དེ་སྐད་ཅེས་བྱའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔས་རབ་ཏུ་བསྐུལ་བས་སོ། །ཐོག་མར་ཞེས་

བྱ་བ་ནི་ཆགས་པའི་བསྐལ་པའི་ཐོག་མར་ཏེ་བསྐལ་པ་བཟང་པོའི་དང་པོའི་ཚེ་ནའོ། །ཡུད་ཀྱིས་བྱ་བ་ནི་ཡུད་ཙམ་ཁོ་ནས་ཡིན་གྱི་དུས་གཞན་དུ་ནི་མ་ཡིན་ནོ། །འཇིག་རྟེན་གསུམ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་རང་བཞིན་ནོ། །

ཕྱུང་བ་ནི་བསྐྱེད་པའོ། །དེ་གང་གིས་ཕྱུང་ཞེ་ན། འདུས་པར་གྱུར་ནས་གཤེགས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ཇི་སྐད་དུ་བཤད་པའི་བདེ་བར་གཤེགས་པ་རྣམས་ཀྱིས་སོ། །དེ་ལྟར་དེས་སེམས་ཅན་གྱི་ཁམས་བསྐྱེད་པས་ཅི་ཞིག་མཛད་ཅེ་ན། དངོས་གྲུབ་

རིགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སེམས་ཅན་གྱི་ཁམས་ཇི་ལྟར་བསྐྱེད་པ་དེ་སངས་རྒྱས་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་དུ་ཇི་ལྟར་འགྱུར་བ་དེ་ལྟར་སྟོན་ཅིག་ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དྲིས་པ་ཡིན་ནོ། །ཇི་ལྟར་དྲིས་པ་ཡིན་ཞེ་ན། །ཇི་ལྟར་འགྲོ་བ་

Vol. 60 · folio 211a

རང་གྲུབ་ཅེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་གྱི་རང་བཞིན་ཅན་གྱི་ཁམས་གསུམ་པའི་སེམས་ཅན་གྱི་ཁམས་རྣམས་སངས་རྒྱས་པ་ཉིད་དམ། རྡོ་རྗེ་འཆང་ཉིད་དུ་ཇི་ལྟར་འགྲུབ་པར་འགྱུར། དེ་བཞིན་གཤེགས་པ་དེ་དག་རང་ཉིད་བཅོམ་ལྡན་འདས་

རྡོ་རྗེ་སེམས་དཔའ་ལ་དྲིས་པར་གྱུར་པའོ། །དེ་རྣམས་ཀྱི་ཞེས་བྱ་བ་ནི་བདེ་བར་གཤེགས་པ་རྣམས་ཀྱིའོ། །བཀའ་གསན་ནས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཐོས་པའི་རང་བཞིན་ཅན་གྱིས་ཞེས་པས་ངེས་པར་བཟུང་ནས་སོ། །རྡོ་རྗེ་འཛིན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །

ཇི་ལྟ་བུ་ཞེ་ན་རང་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཁོ་ནས་སོ། །འགྲོ་བ་ནི་སེམས་ཅན་གྱི་ཁམས་སོ། །འབྱིན་པ་ནི་འདོད་པ་ན་གཟུགས་དང་གཟུགས་མེད་པའི་ཁམས་བསྐྱེད་པའོ། །སངས་རྒྱས་ཉིད་ལ་སོགས་པ་

སྩོལ་བར་མཛད་པས་ན་སྩལ་བའོ། །སངས་རྒྱས་ཉིད་ལ་སོགས་པ་ཐོབ་པར་བྱེད་པའི་རྒྱུར་གྱུར་པ་སྟོན་པར་མཛད་པས་ན་སྟོན་པའོ། །དེ་ཉིད་སངས་རྒྱས་ཉིད་ལ་སོགས་པ་སྐྱེད་པར་མཛད་པས་ན་བྱེད་པའོ། །ཚིག་ནི་འདི་སྐད་ཅེས་གསུངས་ཞེས་བྱ་བ་ནི་བཀའ་སྩལ་

པར་གྱུར་པའོ། །ཚིག་ཇི་ལྟ་བུ་ཞིག་གསུངས་ཏེ་ཞེ་ན། འཇིག་རྟེན་འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མྱ་ངན་ལས་འདས་པའི་སེམས་ནི་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་ཕྱོགས་པ་ཡིན་ན་ཆགས་པ་དང་བྲལ་བའོ། །དེས་

འདུལ་བའི་སེམས་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་འཇོག་ཅིང་དགོད་པས་ན་འདུལ་བ་སྟེ། དེ་ལྟ་བུས་འདུལ་བའི་འཇིག་རྟེན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར། །ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་

འདུལ་བའི་འཇིག་རྟེན་ནི་ཇི་སྐད་དུ་བཤད་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་བསྒོམས་པའི་སེམས་ཉིད་ཀྱིས་དག་པར་འགྱུར་ཞིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་རོ། །འདིར་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

Vol. 60 · folio 211b

ཆུབ་དོན་དུ་གཉེར་བའི་འཇིག་རྟེན་རྡོ་རྗེ་ཐེག་པ་འདི་ལའོ། །འདོད་ཆགས་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོར་ཐར་པ་ཆེན་པོའོ། །ཇི་ལྟར་ཞེས་

བྱ་བ་ནི་ཐབས་གང་གིས་ན་ཞེས་རྣམ་པར་རྟོག་པའོ། །འགྲུབ་པར་འགྱུར་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་ཅིང་རྫོགས་པར་བྱེད་པའོ། །དེ་ཡི་ཚིག་དེ་གསན་པ་དང་། །ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་ཚིག་འཇིག་རྟེན་ཆགས་བྲལ་ཞེས་བྱ་བ་ནས་འགྲུབ་པར་འགྱུར་ཞེས་

བྱ་བའི་བར་གསན་པ་དང་། རྒྱལ་བ་རང་ཉིད་ཀྱིས་ཚིག་འདི་སྐད་གསུངས་ཤིང་བཀའ་སྩལ་ཏོ། །ཚིག་ཇི་ལྟ་བུ་གསུངས་ཤེ་ན། ཁྱོད་ནི་ཐབས་ཆེན་ཉིད་ཡིན་ཏེ། །ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་ཁྱེད་ཉིད་ཐབས་

ཆེན་པོ་ཡིན་ནོ་ཞེས་བྱ་བ་སྟེ་ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སྟེ་ཐོག་མའི་ལྷ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། དེའི་རྒྱུ་མཐུན་པ་ལས་བྱུང་བའི་ལྷག་པའི་ལྷ་ཡིན་པས་ན་བྱང་ཆུབ་

སེམས་ཏེ་ཐོག་མའི་ལྷ་ཞེས་བྱ་བ་ལ་ལྷག་པའི་ལྷ་ཉིད་ཡིན་པས་ན་ལྷག་པའི་ལྷ་སྟེ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་བཅོམ་ལྡན་འདས་སེམས་ནི་འདོད་ཆགས་ཆེན་པོ་སྟེ། འདིའི་ལྷ་ཉིད་དོ་ཞེས་འོག་ནས་བཤད་པ་ཡིན་ནོ། །

འདིས་ནི་དོན་འདི་སྐད་སྟོན་ཏེ་གང་གི་ཕྱིར་ཁྱེད་ནི་གདུལ་བྱ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ལྷག་པའི་ལྷ་ཉིད་ཡིན་ལ་དེ་བས་ན་ཁྱོད་ཉིད་འདོད་ཆགས་ཆེན་པོ་དང་། བདེ་བ་ཆེན་པོ་དགའ་བ་བསྐྱེད་པའི་ཕྱིར་རྒྱུར་གྱུར་པ་ཡིན་གྱི་གཞན་པས་ན། འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཇི་

ལྟར་འདིར་ནི་གྲུབ་པར་འགྱུར། །ཞེས་རྟོག་པ་འདིས་ཅི་ཞིག་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྲིད་འཁོར་བའི་གནས་སུ་ནི། །ཞེས་བྱ་བ་སོགས་པ་ནི་བཤད་ཟིན་ཏོ། །ཇི་སྲིད་སེམས་ནི་རྣམ་རྟོག་པ། །ཞེས་བྱ་བ་ལ་སོགས་པ་ལ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་

Vol. 60 · folio 212a

འགྲུབ་པར་ཤོག །ཅེས་བྱ་བས་སེམས་ཅན་གཅིག་གི་ཆེད་དུ་ཡང་ཕྱི་མའི་མཐར་ཐུག་པ་མེད་པར་གནས་པར་མཛད་པས་ཇི་སྲིད་སྨོན་ལམ་གྱི་སྟོབས་ཀྱིས་འཕངས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཡོད་པར་གྱུར་པ་དེ་ཇི་སྲིད་ཀྱི་

བར་དུ་འཁོར་བ་ཆེན་པོར་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཅན་གྱི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་བ་ཡིན་ནོ། །བྱང་ཆུབ་སེམས་ཅན་ལ་ཕན་ཕྱིར། །རྡོ་རྗེ་ཅན་གྱིས་ཅི་བདེར་གྱིས། །ཞེས་བྱ་བ་ལ་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་བོ། །སེམས་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཉིད་དུ་སྒྲུབ་པ་ནི་ཕན་པའི་ཕྱིར་ཞེས་བྱ་བ་དེའི་དོན་དུ་ཀྱེ་རྡོ་རྗེ་ཅན་རྡོ་རྗེ་འཆང་བ་ཅི་བདེ་བར་གྱིས་ཤིག་ཅེས་དེ་སྐད་རྡོ་རྗེ་སེམས་དཔས་གསུངས་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ་ཐབས་དང་ཤེས་རབ་ཀྱིས་འདུལ་

བའི་གདུལ་བྱ་རྣམས་ཀྱི་ཕྱིར་ཁྱེད་ཀྱི་རང་བཞིན་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རང་བཞིན་ཅན་གྱི་སྟོབས་ཀྱིས་གདུལ་བྱ་གང་ཞིག་གིས་བསྒྲུབས་ཤིང་མངོན་སུམ་དུ་བྱས་པས་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་དེ་ལྟར་གྱིས་ཤིག་པའོ། །དེ་ནས་ཞེས་བྱ་

བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ལ་དེ་སྐད་ཅེས་གསུངས་པ་དང་། རང་གི་ལྷ་མོའི་དཀྱིལ་འཁོར་བསྐལ་པ་བཟང་པོའི་ཐོག་མ་སྟེ། སྔོན་དུ་གནས་པས་དང་པོར་གྱུར་པ་ཐོག་མ་ཞེས་པ་སྔར་སེམས་ཅན་ཐམས་ཅད་གཞུག་

པར་བྱ་བའི་ཕྱིར་དཀྱིལ་འཁོར་བྱིན་གྱིས་བརླབས་ཤིང་བརྟན་པར་མཛད་ནས། རྡོ་རྗེ་ཀུན་གྱིས་ཞེས་བྱ་བ་དེ་བཞིན་གཤེགས་པའི་རིགས་ཀྱི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་དེ་རྣམས་ཀྱི་དམ་ཚིག་གི་མཆོག་ནི་དེའི་ལྷ་མོའི་དཀྱིལ་འཁོར་ཏེ་དེ་ལས་སྐྱེས་

པའོ། །ཇི་བཞིན་ཆོ་གས་སྒྲུབ་པ་ཉིད། །ཅེས་བྱ་བ་ནི་ཇི་ལྟར་བྲིས་པའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་འབྱུང་བར་འགྱུར་བ་དེ་བཞིན་དུ་བསམ་གཏན་གྱི་དཀྱིལ་འཁོར་དུ་རིང་པོར་མ་ལོན་པར་ནི་དེའི་སྣོད་དུ་གྱུར་པ་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་

Vol. 60 · folio 212b

འཇུག་པ་ལ་སོགས་པའི་ཆོ་ག་མཛད་ལ། ཆོ་ག་དེས་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པའི་དངོས་གྲུབ་ཉིད་སྒྲུབ་པ་ཡིན་ནོ། །དེ་ལྟར་ན། བདེ་བ་ཆེན་པོར་རབ་གྲུབ་ཕྱིར། །འདོད་ཆགས་ཆེན་པོ་དག་ཕྱིར་དང་། །ཞེས་བྱ་བ་ནས་བརྩམས་ཏེ། ཇི་བཞིན་ཆོ་གས་སྒྲུབ་པ་

ཉིད། །ཅེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ལ་སོགས་པས་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་། བསྒོམ་པ་བྱའོ་ཞེས་བྱ་བ་

འདིའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་

དཔས་སེམས་ཅན་ཐམས་ཅད་དཀྱིལ་འཁོར་དུ་འཇུག་པས་སངས་རྒྱས་ཉིད་དང་། རྡོ་རྗེ་འཛིན་པ་ཉིད་གྲུབ་ཅིང་བསྐྱེད་པར་གྱུར་ནས། དེའི་རྗེས་ཐོགས་ཉིད་ལ་སྔར། །ཇི་ལྟར་འགྲོ་བ་རང་གྲུབ་འགྱུར། །ཞེས་དངོས་གྲུབ་འདྲི་བར་མཛད་པ་གང་ཡིན་པའི་བཅོམ་ལྡན་

འདས་དེ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ། དཔལ་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་བྲིས་ནས་སེམས་ཅན་རྣམས་ཇི་སྐད་དུ་གྲུབ་པར་བྱ་བའི་ཕྱིར། གསོལ་བ་བཏབ་པ་ཡིན་ནོ། །ཇི་ལྟར་གསོལ་བ་བཏབ་ཅེ་ན། བཅོམ་ལྡན་ཁྱེད་ལ་

གསོལ་བ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྙིང་པོ་རྟོག་པ་དམ་པ་འདི། །ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་དང་བཅས་པའི་ཡི་གེ་ཧཱུཾ་གི་རྟོག་པ་དམ་པ་སྟེ། མཆོག་ཏུ་གྱུར་པ་བཤད་དུ་གསོལ། །ཞེས་ཤུགས་ཀྱིས་སྦྱར་རོ། །ལས་ཅི་ཞིག་བྱེད་

ཅེ་ན། བདེ་ཆེན་མྱུར་དུ་གྲུབ་བྱེད་པའོ། །ཞེས་བྱ་བ་གསུངས་ཏེ། ཐར་པ་ཆེན་པོ་མྱུར་བ་ཉིད་དུ་སྒྲུབ་པར་བྱེད་པའོ། །དེ་རྣམས་ཀྱི་ནི་བཀའ་གསན་ནས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསན་ནས། རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །ཞེས་བྱ་བ་

Vol. 60 · folio 213a

དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ན་ལྷ་མོའི་དཀྱིལ་འཁོར་གང་ཡིན་པ་དེ་བཀའ་སྩལ་པ་ནི་གསུངས་པའོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟོན་པའི་ཚིག་གོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ་གང་གི་ཕྱིར་དཀྱིལ་

འཁོར་དུ་འཇུག་པ་མེད་པར་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་སངས་རྒྱས་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་བསྟན་པའི་སྣོད་དུ་མི་འགྱུར་རོ། །དེ་བས་ན་དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྟན་པའི་སྣོད་དུ་གྱུར་པ་རྣམས་ལ། སངས་རྒྱས་དང་བྱང་

ཆུབ་སེམས་དཔའ་རྣམས་བསྟན་ཅིང་སྐལ་བ་དང་ལྡན་པ་ཉིད་དུ་ས་བོན་བསྐྱེད་པར་བྱ་བའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། མཆོག་ཏུ་གྱུར་པ་ཡང་དག་པར་བཤད་པར་བྱའོ་ཞེས་པའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། བདེ་བ་ཆེན་

པོ་རྡོ་རྗེ་མཆོག །གསང་བ་དམ་པ་ཞེས་བཤད་དོ། །ཞེས་གསུངས་པ་ཡིན་ཏེ། བཤད་དོ་ཞེས་བྱ་བ་ནི་བསྟན་པ་ཞེས་པའོ། །དམ་ཚིག་གསུམ་ཞེས་བྱ་བ་ནི་རྡོ་རྗེ་དང་། དྲིལ་བུ་དང་། ཕྱག་རྒྱ་ནི་དམ་ཚིག་གསུམ་མོ། །གང་གིས་འདི་དག་ཐོབ་པ་ནི་དམ་ཚིག་

གསུམ་ཐོབ་པའོ། །སློབ་དཔོན་དུ་རབ་ཏུ་གྱུར་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་བསྐུར་བར་གྱུར་པ་ནི་སློབ་དཔོན་དུ་རབ་ཏུ་གྱུར་པ་ཡིན་ནོ། །རང་གི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ་རང་གི་ཕྱག་རྒྱ་དེས་འཁོར་ལོའི་ཆོ་ག་

ཐམས་ཅད་བྱའོ། །ཇི་ལྟ་བུ་ཞེ་ན། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དཀྱིལ་འཁོར་གྱི་ལས་ལ་རྡོ་རྗེ་དང་དྲིལ་བུ་རྟག་ཏུ་འཆང་བས་དཀྱིལ་འཁོར་ཐམས་ཅད་ཀྱི་ལས་རྣམས་རྟག་ཏུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་

ཕྱིར་རྡོ་རྗེ་དང་དྲིལ་བུ་བཅང་བར་བྱ་ཞེ་ན་གང་གི་ཕྱིར། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོའི་རྟོག་པ་ཐམས་ཅད་ནི་རྡོ་རྗེ་དང་དྲིལ་བུ་འཆང་བའི་སྟོབས་ཀྱིས་དཀྱིལ་འཁོར་དུ་ཡང་དག་པར་འཇུག་ཅིང་རབ་ཏུ་འཇུག་པར་འགྱུར་རོ། །དེ་བས་

Vol. 60 · folio 213b

ན་དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་འཇུག་ཅིང་འབེབས་པར་བྱེད་པའི་རྡོ་རྗེ་དྲིལ་བུ་ལ་ནི་དམ་ཚིག་གསུམ་ཞེས་བྱའོ། །རྡོ་རྗེ་ཐམས་ཅད་ཡང་དག་པར་འབེབས་པས་དེ་ནི་སྔགས་གྲུབ་པའི་ཕྱག་རྒྱ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པས་དེས་ན་ཕྱག་རྒྱ་ཆེན་པོ་ལ་

སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི་རྡོ་རྗེ་དྲིལ་བུ་དཀྲོལ་བར་བྱའོ། །རྡོ་རྗེ་དང་དྲིལ་བུ་བསྒྲགས་པ་དེས། །ཇི་ལྟར་འགྱུར་ཞེ་ན། ཆོ་ག་ལྷག་གམ་མ་ཚང་ཡང་། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་འབད་པས་འཇུག་པར་

གྱུར་ཀྱང་། གལ་ཏེ་བག་མེད་པས་ཆོ་ག་ལྷག་པའམ་མ་ཚང་བར་གྱུར་ན་འདི་ལ་དྲིལ་བུའི་སྒྲས་བསྐང་བར་བྱས་ཏེ་དེས་ཉེས་པ་གཉིས་དང་ལྡན་པར་གྱུར་པའི་རྣལ་འབྱོར་པ་ནི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ངེས་པར་འགྲུབ་པར་འགྱུར་རོ། །དེ་ནི་ཉེས་པ་གཉིས་པོ་

དེས་སྨད་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡང་དཀྱིལ་འཁོར་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དཀྱིལ་འཁོར་གནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་སྦྱང་བ་དང་ཡོངས་སུ་གཟུང་བ་དང་། བྱིན་གྱིས་བརླབ་པའི་ཆོ་ག་གསང་བ་མཐོན་པོ་ལས་གསུངས་པའི་

སྦྱོར་བས་སམ། གསང་བའི་རྒྱུད་ལས་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་གནས་སྦྱང་བ་ལེགས་པར་བྱས་ལ་དཀྱིལ་འཁོར་གྱི་ས་དེའི་དབུས་སུ་དེར་རིག་པའི་བརྟུལ་ཞུགས་སྔོན་དུ་སྤྱད་པའི་སློབ་དཔོན་གྱིས་དཀྱིལ་འཁོར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་

ཆོ་ག་བཞིན་ཞེས་བྱ་བའི་དོན་ཡིན་ནོ། །དེ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དངོས་གྲུབ་བྱིན་བརླབ་ཆོ་ག་ཡིས། །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་གྱི་དངོས་གྲུབ་བྱིན་གྱིས་བརླབ་པའི་ཆོ་ག་ནི་དངོས་གྲུབ་བྱིན་གྱིས་བརླབ་པའི་ཆོ་གའོ། །དཀྱིལ་འཁོར་གྱི་དངོས་

གྲུབ་ཀྱི་རྗེས་ཐོགས་ཉིད་ལ་འོག་ནས་སྟོན་པའི་གླུ་དང་རོལ་མོའི་མཆོད་པའི་ཆོ་གས་བྱ་བ་ཡིན་ནོ། །དེ་ལ་དཀྱིལ་འཁོར་ཞེས་བྱ་བ་ནི་ལྷ་མོའི་དཀྱིལ་འཁོར་ཏེ་བསྒྲུབ་པར་བྱའོ། །ད་ནི་དངོས་གྲུབ་བྱིན་གྱིས་བརླབ་པའི་ཆོ་ག་བསྟན་པའི་ཕྱིར། གླུ་དང་རོལ་མོ་ཞེས་

Vol. 60 · folio 214a

བྱ་བ་ལ་སོགས་པ་བསྟན་པ་ཡིན་ཏེ་དེ་ལ་རྡོ་རྗེ་གླུ་ལ་སོགས་པ་ནི་གླུའོ། །རྡོ་རྗེ་རོལ་མོ་ལ་སོགས་པ་ནི་རོལ་མོའོ། དེ་བདག་ཉིད་ཀྱིས་མཆོད་པ་ནི་མཆོད་པ་ཡིན་པས་གླུ་དང་རོལ་མོའི་མཆོད་པའོ། །མེ་ཏོག་སྤོས་སོགས་མཆོད་པ་

ཡིས། །ཞེས་བྱ་བ་ནི་མཆོད་པ་རྣམ་པ་ལྔ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་གི་ཕྲེང་བ་དང་། དར་དང་། བླ་བྲེ་དང་། ན་བཟའ་དང་། མེ་ཏོག་གི་ཤིང་ལ་སོགས་པ་ནི། སྤོས་ལ་སོགས་པ་མཆོད་པ་ཡིས། །ཞེས་

བྱའོ། །མཆོག་དང་པོ་ནི་བརྟག་པར་བྱ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ལྷ་མོའི་དཀྱིལ་འཁོར་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་བསམ་པར་བྱ་བའི་ཚུལ་ཅན་གྱིས་བཅོམ་ལྡན་འདས་ཀྱི་ལྷ་མོའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །ཇི་སྙེད་པ་ཞེས་

བྱ་བ་ནི་ཕྱིའི་ཡོ་བྱད་ཇི་སྙེད་པས་སོ། །ཅི་འདོད་པ་ཞེས་བྱ་བ་ནི་ཚད་ཅི་འདོད་པའོ། །ཅིའི་ཕྱིར་ཚད་ཅི་འདོད་པར་བརྟག་པར་བྱ་ཞེ་ན། མཆོག་དང་པོ་ཞེས་བྱ་བ་སྨོས་ཏེ་གང་གི་ཕྱིར་འདི་ནི་མཆོག་དང་པོ་ཡིན་ཞིང་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་འབྱུང་བ་

ཡིན་པས་ན་ཐོག་མ་མེད་ཅིང་ཐ་མ་དང་དབུས་ཀྱི་ཆ་ཡང་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྩེ་མོ་ཞེས་བྱ་བ་ནི་མཐའི་ཆའོ། །གང་ལ་མཐའ་ཡོད་པ་མ་ཡིན་པ་དེ་ནི་མཐའ་ཡས་མཆོག་སྟེ། མཐའ་དང་བྲལ་བའོ། །བླ་ན་མེད་པ་ཞེས་བྱ་བ་ནི་འདིའི་གོང་ན་

གཞན་མེད་པས་བླ་ན་མེད་པའོ། །རྒྱུ་འདི་ཉིད་ཀྱིས་ན་འདི་ལ་འདྲ་བའི་དཔེ་གཞན་མེད་པས་ན་དཔེ་མེད་པའོ། །ནམ་མཁའ་ཀུན་ལ་རབ་ཏུ་གནས། །ཞེས་བྱ་བ་ནི་ཟླ་བ་ལྟར་ཐམས་ཅད་དུ་སྣང་བར་གྱུར་པའི་ཕྱིར་རོ། །གྲོང་ཁྱེར་ཞེས་བྱ་བ་ནི་དཀྱིལ་

འཁོར་རོ། །དེ་ལྟར་བྱུང་བའི་ངོ་བོ་ཉིད་ཀྱིས་རྟག་ཏུ་བཞུགས་པས་ན་མི་འགྱུར་མཆོག་ཅེས་བྱ་སྟེ། རྟག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་མི་འགྱུར་བའི་མཆོག་ཡིན་ཞེ་ན། ཐོག་མ་མེད་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་

Vol. 60 · folio 214b

འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས་རྟག་ཏུ་འཁོར་བར་བཞུགས་པའོ། །ཡང་ཞེས་བྱ་བའི་སྒྲས་ནི་མ་བྱུང་ན་ཡང་ཞེས་སྟོན་པ་ཡིན་ནོ། །བཞུགས་པ་ནི་ད་ལྟར་བྱུང་བའི་ངོ་བོ་ཉིད་ཀྱིས་

གནས་ཤིང་བཞུགས་པའོ། །དེ་བས་ན། གྲོང་ཁྱེར་དེ་ནི་མི་འགྱུར་མཆོག །ཅེས་བྱའོ། །གལ་ཏེ་བཞུགས་གནས་དེ་ནམ་མཁའ་ཐམས་ཅད་ལ་གནས་པས་ནམ་མཁའ་དང་མཉམ་པ་ཡིན་ནོ། །ཇི་ལྟར་ན་སོ་སོའི་སྐྱེ་བོ་རྣམ་པར་རྟོག་པ་ལྷན་ཅིག་

མ་ཚང་བས་ཀུན་དུ་གང་བ་ཡིན་ཞེ་ན། ཀུན་མཆོག་མཉམ་པ་ཉིད་ཀྱིས་ན། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་བསྒོམས་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་མ་དབུས་མེད་ནམ་མཁའ་ནི། །ཞེས་བྱ་བ་ནི་ནམ་མཁའ་གང་ལ་མཐའ་འམ་དབུས་མེད་པ་དེ་ནི་གྲོང་ཁྱེར་

འདིའོ། །མཐའ་དང་དབུས་མེད་པ་ན་འདི་ལ་དཀྱིལ་ཡང་མེད་དོ་ཞེ་ན། འདི་ཡི་དབུས་མར་བརྟགས་པ་ན། །ཞེས་བྱ་བ་གསུངས་ཏེ། འདིའི་དབུས་མར་བརྟགས་པས་ན་འདི་དབུས་ཀྱི་ཐ་སྙད་འཇུག་པ་ཡིན་ནོ། །ཐ་མ་བཞིའི་ཆ་མཉམ་པ་ལ་ལྟོས་ནས་ཚད་དུ་བྱ་བ་

ཉིད་འདིའི་དབུས་ཀྱི་ཆར་ཇི་ལྟར་བརྟག་པར་བྱ་ཞེ་ན། དེའི་ཕྱིར་ཕྱག་རྒྱའི་སྦྱོར་བའི་ཏིང་ངེ་འཛིན་གྱིས་རྣམ་པར་བརྟག་པ་འདིའི་དབུས་ཉིད་ཅེས་གསུངས་ཏེ། མི་འགྱུར་བའི་རང་བཞིན་གྱིས་གནས་འདི་ནས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཏིང་

ངེ་འཛིན་གྱིས་དབུས་ཀྱི་ཆར་སློབ་དཔོན་གྱིས་བརྟག་པར་བྱའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ཞེས་བྱ་བ་བཞུགས་གནས་དེའི་དབུས་སུ་སློབ་དཔོན་གྱིས་ཡུ་བར་བཅས་ཞེས་བྱ་བ་སྡོང་བུ་དང་བཅས་པའི་པདྨ་ཆེན་པོ་

བྱའོ། །དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྣ་ཚོགས་འདབ་མས་ཡང་དག་ཁེབས། །ཞེས་བྱ་བ་གསུངས་ཏེ། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོའི་འདབ་མ་དང་ལྡན་པས་ཀུན་དུ་ཁེབས་པའོ། །ཅིའི་ཕྱིར་ཁ་དོག་སྣ་ལྔས་ཀུན་

Vol. 60 · folio 215a

ཏུ་ཁེབས་པ་ཡིན་ཞེ་ན། ཐམས་ཅད་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དཔལ་རྡོ་རྗེ་

སེམས་དཔའི་ཐམས་ཅད་དག་པའི་གདན་དུ་གྱུར་པ་ནི་པདྨ་དེ་ཡིན་ལ། དེ་བས་ན་ཡེ་ཤེས་སྣ་ཚོགས་པའི་རྣམ་པར་དག་པ་སྟོན་པར་བྱེད་པས་ན་ཁ་དོག་སྣ་ཚོགས་པ་ཡིན་ནོ། །དེ་ནས་ཐིག་ནི་གདབ་བྱས་ཏེ། །ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚུལ་དང་། སློབ་མ་དཀྱིལ་

འཁོར་གྱི་ལྷ་ཐམས་ཅད་ལྷག་པར་གནས་པར་བྱས་ནས་ཉི་མ་འཆར་བའི་དུས་སུ་སློབ་དཔོན་གྱིས་ཇི་སྐད་བཤད་པའི་ཆོ་གས་སྲད་བུ་དཀྱིལ་འཁོར་གྱི་ཉིས་འགྱུར་དང་དེ་ནས་ཐིག་གདབ་པར་བྱའོ། །ཚད་ཇི་ཙམ་ཞེ་ན། ནམ་མཁའ་ཀུན་གྱི་ཚད་ཀྱིས་ནི། །ཚད་ནི་ཚད་མེད་

པ་ཉིད་ཡིན། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་འདི་ནི་ནམ་མཁའ་དང་མཉམ་པ་ཡིན་པས་དེའི་ཕྱིར། འདི་ལ་ཁྲུ་ལ་སོགས་པའི་ཚད་ཀྱིས་ངེས་པར་མི་བྱ་བའི་ཐ་ཚིག་གོ། །ད་ནི་མི་མཉམ་མེད་པས་ཞེས་བྱ་བ་ལ་སོགས་པས་འདིའི་དབྱིབས་སུ་གསུངས་པ་ཡིན་

ཏེ་ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་ངོས་བཞིའི་རི་མོ་དང་བཅས་པའི་ཟུར་བཞིའོ། །ཅིའི་ཕྱིར་ཞེ་ན། མི་མཉམ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ཚུལ་གྱིས་གནོད་

སེམས་ལ་སོགས་པ་མི་མཉམ་ཞིང་མི་ཟད་པ་དང་བྲལ་བས་མི་མཉམ་པ་མེད་པའོ། །དེ་ལྟར་ན་མི་མཉམ་པ་མེད་པས་ན་དཀྱིལ་འཁོར་འདི་ནི་ཟུར་བཞི་པ་ཡིན་ནོ། །དྲན་དང་དབང་པོ་སྒོ་བཞི་སྟེ། །ཞེས་བྱ་བ་འདི་ལ་ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་སྒོ་བཞི་

ཡོད་པས་ན་སྒོ་བཞིའོ། །དྲན་ཞེས་སྨོས་པ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་སྒོ་བཞིའི་ཚུལ་དུ་གྱུར་པ་འདི་ལས་ཐར་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་འདི་སྐད་སྨོས་པ་ཡིན་ནོ། །བསམ་

Vol. 60 · folio 215b

གཏན་རྣམས་ཀྱི་རྟ་བབས་བཞི། །ཞེས་བྱ་བ་ནི་འདི་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་ལྡན་ནོ་ཞེས་བསྟན་པའི་ཕྱིར་རྟ་བབས་བཞི་དང་བཅས་པ་ཡིན་ནོ། །ཏིང་འཛིན་ཁྱམས་སུ་བཤད་པ་ཡིན། །ཞེས་བྱ་བ་ནི་གཞལ་ཡས་

ཁང་གི་ཕྱི་རོལ་ཀུན་ནས་ཡོངས་སུ་བསྐོར་བར་ཁ་ཁྱེར་གྱིས་བསྐོར་བ་དེ་ནི་ཁྱམས་ཞེས་བྱ་སྟེ། དེ་ནི་འདིའི་ཏིང་ངེ་འཛིན་ནོ་ཞེས་བཤད་ཅིང་བསྟན་ཏོ། །ཁྱམས་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གྲྭ་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེའི་

ཚུལ་གྱི་གཟུངས་རྣམས་ནི་རྡོ་རྗེའི་བདག་ཉིད་ཅན་གྱི་གཟུངས་རྣམས་སོ། །ཁྱམས་ལ་བརྟེན་པ་ལ་ཡང་ཡིན་ལ། རྡོ་རྗེའི་བདག་ཉིད་ཅན་གྱི་གཟུངས་རྣམས་ཀྱང་ཡིན་པས། ཁྱམས་ལ་བརྟེན་པའི་རྡོ་རྗེ་བདག་ཉིད་ཅན་གྱི་གཟུངས་རྣམས་ཞེས་བྱའོ། །འདི་ཉིད་ལྷ་མོ་

སྟེ། དེ་རྣམས་ཀྱིས་མཆོད་པའོ། །རྒྱན་རྣམས་ཀུན་གྱིས་ཞེས་བྱ་བ་ནི་གོས་དང་གདུགས་ལ་སོགས་པས་བཀྲ་བ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །ཐམས་ཅད་དུ་ཁྱབ་པས་ན་ཀུན་དུ་འགྲོ་བ་སྟེ་

ནམ་མཁའ་ཐམས་ཅད་ཁྱབ་པའོ། །འདིས་སེམས་ཅན་ཐམས་ཅད་རྣམས་འདུལ་བས་ན་འདུལ་བ་སྟེ། སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པའོ། །བསྐྱོད་པ་ནི་གཡོ་བར་བྱས་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་པའི་ཆོས་རྣམས་སྣ་

ཚོགས་པའོ། །དམ་པ་སངས་རྒྱས་ལ་སོགས་པའི་ཆོས་ཡིན་པས་ན། འདུལ་བས་བསྐྱོད་པ་སྣ་ཚོགས་མཆོག །དམ་ཆོས་ཞེས་བྱའོ། །དེ་ལ་མཆོག་ཀྱང་ཡིན་ལ། དེ་ཐམས་ཅད་དུ་འགྲོ་བ་ཡང་ཡིན་པས་ན། འདུལ་བས་བསྐྱོད་པ་སྣ་ཚོགས་མཆོག །

དམ་ཆོས་མཆོག་སྟེ་ཀུན་དུ་འགྲོ། །ཞེས་བྱའོ། །ཡོན་ཏན་འདི་གསལ་བར་བསྟན་པར་བྱ་བའི་ཕྱིར་རླུང་གིས་བསྐྱོད་པ་སྣ་ཚོགས་པའོ། །བ་དན་རྩེར་བཏགས་དྲིལ་སྒྲ་སྒྲོགས། །ཞེས་བྱ་བ་འདི་བྲིས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མེ་ལོང་ལྟ་བུའི་ཡེ་

Vol. 60 · folio 216a

ཤེས་རྟག །ཅེས་བྱ་བ་ཡིན་ནོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མེ་ཏོག་ཅེས་བྱ་བ་དུས་ཐམས་ཅད་པའི་མེ་ཏོག་ཡིན་ནོ། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མེ་ཏོག་གི་ཕྲེང་བའི་མཚན་ཉིད་ཅན་ཡིན་ནོ། །དེ་དག་

གསལ་བར་བསྟན་པའི་ཕྱིར། །དྲ་བ་མེ་ལོང་མེ་ཏོག་ཆེ། །མེ་ཏོག་ཕྲེང་བ་རྒྱན་གྱིས་བསྐོར། །ཞེས་བྱ་བ་འདི་བྲིས་པ་ཡིན་ནོ། །ཀུན་གྲུབ་མི་འགྱུར་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་བྱ་བ་འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་མི་འགྱུར་བའི་

བདེ་བ་དེ་ཉིད་ནི་བདེ་བ་ཆེན་པོ་ཞེས་བཤད་ཅིང་བསྟན་པ་ཡིན་ནོ། །ཚུལ་དེ་ལྟར་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་དང་། དང་པོའི་གནས་བྲི་བར་བྱའོ། །དེ་ལྟར་ཐར་པའི་གྲོང་ཁྱེར་དེ་ལེགས་པར་བྲིས་ནས་ཐོག་མ་དང་ཐ་མ་མེད་པ་ཡིན་པའི་ཕྱིར་

ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམ་ཞིང་མངོན་དུ་བྱའོ། །དེ་ལྟར་འདི་ཡན་ཆད་ཀྱི་གཞུང་གིས་ནི་ཕྱིའི་དཀྱིལ་འཁོར་སྟོན་པར་གྱུར་པ་ཡིན་ནོ། །ཕྱིའི་དཀྱིལ་འཁོར་དེའི་ནང་དུ་དབུས་སུ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཐིག་གདབ་པ་ནི་ནང་གི་དཀྱིལ་འཁོར་ཡིན་ནོ། །

ཇི་ལྟ་བུ་ཞེ་ན། དཀྱིལ་འཁོར་བརྒྱད་པ་ལྟ་བུ་ནི། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་བརྒྱད་པའི་ཐིག་གིས་དཀྱིལ་འཁོར་བརྒྱད་པ་ལྟར་བྱས་པ་གང་ཡིན་པ་དེ་ནི་དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན་ཞེས་བྱའོ། །ཅི་ཞིག་གི་རང་བཞིན་ཡིན་ཞེ་ན། འདི་ནི་རྣམ་ཐར་བརྒྱད་པོ་སྟེ། །

དངོས་གྲུབ་ཀུན་གྱི་བདེ་བ་སྟེར། །ཞེས་བྱ་བ་སྨོས་ཏེ། རྣམ་པར་ཐར་པ་བརྒྱད་ནི་བཤད་ཟིན་ཏོ། །དེའི་རང་བཞིན་ཡིན་པ་ཉིད་ཀྱིས་འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་རབ་ཏུ་སྟེར་བ་ཡིན་ནོ། །ཐེག་པ་ཆེན་པོ་ལ་སོགས་པ་གདུལ་བྱ་རྣམས་

ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པའི་མདོ་སྡེའི་འཁོར་ལོ་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་བསྐོར་ཞིང་སྐྱེད་པར་མཛད་པས་ན། ཐེག་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་མདོ་སྡེའི་འཁོར་ལོ་བསྐོར་བའི་རྒྱུ་དེས་ན། རྡོ་རྗེ་ཐིག་གིས་ཡོངས་

Vol. 60 · folio 216b

བསྐོར་བར། །ཞེས་བྱ་བ་རྡོ་རྗེའི་ཕྲེང་བས་ཕྱི་རོལ་ཀུན་ནས་ཡོངས་སུ་བསྐོར་བར་ནང་གི་དཀྱིལ་འཁོར་བྲི་བར་བྱའོ། །དེར་ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་སྣ་ཚོགས་པདྨ་ཆེན་པོ་བྲིས་པར་རྡོ་རྗེ་སེམས་དཔའ་དགོད་པར་བྱའོ། །ཇི་ལྟར་ཞེ་ན། ལུགས་མ་

འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་དངུལ་ལ་སོགས་པ་བཞུ་ནས་བླུགས་ཏེ་སྐུ་གཟུགས་སུ་བྱས་པ་ནི་ལུགས་མའོ། །ཤེལ་ལ་སོགས་པ་ལ་འབུར་དུ་བརྐོས་ཏེ་བྱས་པ་ནི་བརྐོས་པའོ། །ཤིང་མཁན་གྱི་བཟོ་བོས་བྱས་པ་ནི་བྱས་པའོ། །རས་དཀར་པོ་ལ་སོགས་

པ་ལ་ཚོན་གྱིས་བྲིས་པ་ནི་བྲིས་པའོ། །འཛུམ་བཅས་ཟླ་བའི་མདོག་ཅན་ལ། །ཞེས་བྱ་བ་ནི་གོ་བར་ཟད་དོ། །དམར་ཞིང་སྣ་ཚོགས་འོད་འབར་བ། །ཞེས་བྱ་བ་ནི་དམར་བ་སྟེ་ཁ་དོག་དམར་པོའི་མཐར་དཀར་པོ་དང་། སེར་པོ་དང་། སྔོན་པོ་དང་། ལྗང་གུ་དང་། དམར་པོའི་རི་མོ་

སྣ་ཚོགས་ཤིང་འབར་བ་གང་ཡིན་པ་དེ་ནི་དམར་ཤིང་ཁ་དོག་འབར་བ་ཞེས་བྱའོ། །སངས་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སངས་རྒྱས་ཐམས་ཅད་དེ་དེ་བཞིན་གཤེགས་པ་ལྔའོ། །དེ་དང་ལྡན་པའི་ཅོད་པན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའོ། །

དེ་ཉིད་ལ་སོགས་པ་ནི་གདུ་བུ་དང་། སྙན་ཆ་དང་། དཔུང་རྒྱན་ལ་སོགས་པ་དང་། ན་བཟའ་སྣ་ཚོགས་ཤིང་རྣམ་པ་ཐ་དད་པ་མངའ་བ་གང་ཡིན་པ་དེ་ནི། སངས་རྒྱས་ཀུན་གྱི་དབང་བསྐུར་སོགས། །རྒྱན་དང་ན་བཟའ་སྣ་ཚོགས་པ། །ཞེས་བྱའོ། །སེམས་དཔའི་སྐྱིལ་མོ་ཀྲུང་

ནི། རྡོ་རྗེ་སྐྱིལ་ཀྲུང་ཕྱེད་པའོ། །དེས་བཞུགས་པས་ན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཞེས་བྱའོ། །རྡོ་རྗེ་སྙེམས་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ། །དེས་འཛིན་པར་མཛད་པས་ན། རྡོ་རྗེ་སྙེམས་ཚུལ་འཆང་བའི་མཆོག །ཅེས་བྱ་སྟེ།

མཆོག་ནི་དང་པོའོ། །སུ་ར་ཏ་སྟྭཾ་ཞེས་བརྗོད་ལ་ཞེས་བྱ་བ་ནི་ཨོཾ་སུ་ར་ཏ་སྟྭཾ་ཧཱུཾ་ཞེས་བརྗོད་ལ་བཞུགས་སུ་གསོལ་བར་བྱའོ། །དེ་ཡི་ཕྱོགས་ནི་ཐམས་ཅད་དུ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དམ་ཚིག་མཆོག་ནི་འདི་རྣམས་ཀྱིས། །ཞེས་བྱ་བ་ནི། ཛཿབཛྲ་དྲྀཥྚི་

Vol. 60 · folio 217a

ས་མ་ཀེ་མ་ཊ་ཞེས་བྱ་བ་ནས། བཛྲ་གྷཎྚེ་ཧོཿཞེས་བྱ་བའི་བར་གསུང་གི་ཕྱག་རྒྱས་འདའ་བར་མི་བྱ་བའི་རང་བཞིན་ཅན་ནི་མཆོག་སྟེ། དམ་པར་གྱུར་པ་ནི་འདི་རྣམས་ཀྱི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་བཞུགས་པ་བརྟག་པ་ནི་དགོངས་པ་བརྟག་པ་ཞེས་བྱའོ། །

གང་གིས་དེ་རྣམས་དགོངས་པར་འགྱུར་ཞེ་ན། རྡོ་རྗེ་ལྷ་མོ་ལ་སོགས་ཚོགས། །ཞེས་བྱ་བ་སྨོས་ཏེ། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྐུ་གཟུགས་ལ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོའི་ཚོགས་རྣམས་དགོངས་ཤིང་བྱིན་གྱིས་བརླབས་པར་འགྱུར་བའོ། །དངོས་གྲུབ་

ཀུན་ལ་གྲུབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་ལྷ་མོ་ལ་སོགས་པ་དགོངས་ཤིང་བྱིན་གྱིས་རློབ་པ་དེ་རྣམས་སློབ་དཔོན་དང་སློབ་མ་དེ་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་རྣམས་གྲུབ་པར་མཛད་པའོ། །དེ་ནས་སྐུ་མཆོག་ལ་སོགས་པ། །མངོན་བྲིས་ཡང་དག་བསྒྲུབ་པར་བྱ། །

ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་བཤད་མ་ཐག་པའི་དགོད་པའི་ཆོ་གས་ཀུན་མཆོག་ལ་སོགས་ཏེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་དྲིལ་བུ་མའི་བར་གྱི་ལྷ་རྣམས་བཀོད་པ་ཡང་དག་པར་བསྒྲུབ་པར་བྱའོ། །ཅི་ཞིག་ཟློས་ཤིང་བསྒྲུབ་པར་བྱ་ཞེ་ན། དམ་

ཚིག་མཆོག་ནི་བཅིངས་ནས་སུ། །ཛཿཧཱུཾ་བཾ་ཧོཿཞེས་བརྗོད་བྱ། །ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་ལ་སོགས་པ་ནི་ཕྱག་རྒྱ་ནི་དམ་ཚིག་མཆོག་སྟེ། དེ་བཅིངས་ལ་ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བ་རྡོ་རྗེ་ཚིག་གིས་ཟློས་བཞིན་པ་བསྒྲུབ་པར་བྱ་ཞིང་རང་དབང་དུ་བྱའོ། །ཅི་ཞིག་ཟློས་

ཤིང་བསྒྲུབ་པར་བྱ་ཞེ་ན། ཅི་ཞིག་བྱས་ནས་ཡང་དག་པར་བྱས་ཤེ་ན། རེ་ཞིག་དང་པོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྱན་སྔར་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའི་སྦྱོར་བས་འདུག་ལ། བདེ་བ་ཆེན་པོ་རྡོ་རྗེ་མཆོག །གསང་བའི་ལྕགས་ཀྱུའི་ཕྱག་རྒྱ་དྲིལ་བུ་དང་

བཅས་པས་བདག་པོ་སྟེ། གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལན་ཅིག་ཡང་དག་པར་དགུག་པར་བྱ་ཞིང་སྤྱན་དྲངས་པར་བྱའོ། །སྔགས་གང་གིས་ཤེ་ན། མ་ཧཱ་སུ་ཁ་ཞེས་བྱ་བ་ནས། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་བར་གྱིས་སོ། །འདི་

Vol. 60 · folio 217b

ཡིས་ཞེས་བྱ་བ་ནི་སྤྱན་དྲང་བའི་ཆོ་གས་སོ། །བཅོམ་ལྡན་འདས་རྟག་པར་ནི་ཞེས་བྱ་བ་ནི་བརྟན་པའོ། །རང་ཉིད་ཅེས་བྱ་བ་ནི་བདག་ཉིད་རྡོ་རྗེ་སློབ་དཔོན་གྱིས་བྲིས་པའི་དཀྱིལ་འཁོར་དུ་བྱོན་ཞིང་གཤེགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་

འཁོར་དང་བཅས་པ་གནས་ཇི་ལྟ་བ་བཞིན་དུ་བཞུགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དགུག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གི་ཕྱིར་སྤྱན་དྲང་བའི་ཆོ་ག་འདིས་དགུག་པ་དང་། གཞུག་པ་དང་བཅིང་བ་བྱས་ལ། ཞུགས་ནས་ཤིན་ཏུ་བརྟན་པ་སྟེ། ཐུགས་གཞན་

དུ་མི་འགྱུར་བས་དབང་དུ་བྱས་ནས་གྲུབ་པར་འགྱུར་རོ། །འོད་ཟེར་ཀུན་དུ་སྟོན་ལ་སོགས། །ཞེས་བྱ་བ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ནས་རྗེས་ཐོགས་ཉིད་ལ་བཤད་པའི་རྡོ་རྗེ་མཆོད་ཡོན་གྱིས་བཅོམ་ལྡན་

འདས་འཁོར་དང་བཅས་པ་ལ་མཆོད་ཡོན་དབུལ་བར་བྱའོ། །དེ་ལྟར་མཆོད་ཡོན་ཕུལ་ནས་བུམ་པ་གང་བ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཀུན་དུ་མཆོད་པར་བྱའོ། །གང་གིས་མཆོད་ཡོན་ཕུལ་བར་བྱེད་པའི་མཆོད་ཡོན་གྱི་ཕྱག་རྒྱ་དེ་ཇི་ལྟར་དབུལ་བར་བྱ་

ཞེ་ན། རྡོ་རྗེ་ཐལ་མོ་ཁ་ཕྱེ་བ། །ཞེས་བྱ་བ་གསུངས་ཏེ། གཞི་ཐལ་མོ་སྦྱར་བ་ལས་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་ནི་མེ་ཏོག་གི་རྡོ་རྗེ་ཐལ་མོ་སྟེ་ཁ་ཕྱེ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཐལ་མོ་བཅིངས་ལ། མཐེ་བོང་གཉིས་བརྐྱང་སྟེ་སོར་མོ་ལྷག་མ་རྣམས་ཀྱི་རྡོ་རྗེ་ཐལ་མོ་ཁ་མ་

ཕྱེ་བར་གཞིའི་ཐལ་མོ་བྱས་ལ་སོར་མོ་ཐམས་ཅད་རྡོ་རྗེའི་ཚུལ་ཉིད་ཀྱིས་སོ་སོར་གཞག་པར་བྱའོ། །བུམ་པ་གང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་འཁོར་ལོར་མ་ཞུགས་ཀྱང་། །ཞེས་བྱ་བ་ནི་དེ་ལྟར་བཤད་མ་ཐག་པའི་ཆོ་གས་ཞུགས་ནས་དེའི་རྗེས་

ལ་བདག་ཉིད་ཐོག་མར་འབྱུང་བར་ཞུགས། །རྡོ་རྗེ་ཀུན་གྱིས་སློབ་དཔོན་ཆེར། །རྡོ་རྗེ་སེམས་དཔར་བྱིན་གྱིས་རློབ། །ཅེས་བྱ་བ་སྟེ། གང་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་དུ་ཞུགས་པ་དེ་ནི་འཁོར་ལོར་མ་

Vol. 60 · folio 218a

ཞུགས་སུ་ཟིན་ཀྱང་དཀྱིལ་འཁོར་དུ་ཞུགས་པ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲས་ནི་འཁོར་ལོར་ཞུགས་པ་དག་ལ་ནི་ཤིན་ཏུ་ཡང་བྱིན་གྱིས་རློབ་པར་འགྱུར་རོ། །བདག་ཉིད་ཅེས་བྱ་བ་ནི་རང་ཉིད་དོ། །ཐོག་མར་འབྱུང་ཞེས་བྱ་བ་ནི་བསྐལ་པ་བཟང་

པོ་ལ་སོགས་པའི་སྔོན་དུ་ཡང་དག་ད་ལྟར་བྱུང་བའི་ཚུལ་གྱིས་བཞུགས་པའི་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་རོ། །ཞུགས་ཏེ་ཞེས་བྱ་བ་ནི་འཇུག་པའི་ཆོ་གས་ཞུགས་པའོ། །རྡོ་རྗེ་ཀུན་གྱི་ནི་སངས་རྒྱས་ཐམས་ཅད་ཀྱི་སློབ་དཔོན་ཆེན་པོ་ཡིན་པས། རྡོ་རྗེ་ཀུན་གྱི་

སློབ་དཔོན་ཆེར། །ཞེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་རིགས་རྣམ་པ་བརྒྱའི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་ཅན་གྱིས་རང་བྱིན་རློབ། །ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོས་རང་ཞེས་བྱ་བ་སློབ་དཔོན་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བྱིན་

གྱིས་རློབ་ཅིང་བསྐྱེད་པ་བརྟན་པར་འགྱུར་བའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་སྟེ། གང་གི་ཕྱིར་དཀྱིལ་འཁོར་འདིར་ཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སློབ་དཔོན་ཆེན་པོ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བྱིན་གྱིས་རློབ་པར་མཛད་དོ། །དེ་བས་ན་འདིས་རྡོ་རྗེ་སེམས་

དཔའི་རྣལ་འབྱོར་ཆེན་པོ་དང་ལྡན་པའི་རྡོ་རྗེ་འཛིན་པའི་སློབ་དཔོན་འོག་ནས་བཤད་པའི་ཆོ་ག་འདིས་འཇུག་པར་བྱའོ། །ཁྲུས་བྱས་དྲི་ཡིས་རྗེས་བྱུགས་ཤིང་། །ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ཕྱག་རྒྱ་ཀུན་གྱི་སྦྱོར་ཆེན་ལྡན། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་

ལ་སོགས་པ་ནས་རྡོ་རྗེ་དྲིལ་བུ་མའི་བར་གྱི་དམ་ཚིག་དང་། ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོ་ནི་དམ་ཚིག་ཀུན་ནོ། །དེའི་རྣལ་འབྱོར་ཆེན་པོ་ནི། །སངས་རྒྱས་ཀུན་གྱི་སྦྱོར་ཆེན་ནོ། །དེ་འདི་ལ་ཡོད་པས་ན། ཕྱག་རྒྱ་ཀུན་གྱི་སྦྱོར་ཆེན་ལྡན་ནོ། །མི་ཤེས་པ་ཞེས་བྱ་

བས་ནི་གོ་བར་ཟད་དོ། །མཆོག་དང་པོ་ཞེས་བྱ་བ་ནི་མཆོག་ཀྱང་ཡིན་ལ་དང་པོ་ཡང་ཡིན་པས་ན་མཆོག་དང་པོ་སྟེ་མཆོག་ནི་ཕུལ་དུ་བྱུང་བའོ། །དང་པོ་ནི་བསྐལ་པ་བཟང་པོ་ལ་སོགས་པའི་ཡང་ཐོག་མར་དང་ད་ལྟར་བྱུང་བའི་ངོ་བོ་ཉིད་ཀྱིས་ལྷ་མོའི་དཀྱིལ་འཁོར་གྱི་དབུས་

Vol. 60 · folio 218b

ན་ཡི་གེ་ཧཱུཾ་ཟློས་པ་ལ་མངོན་པར་བརྩོན་པར་རྟག་པར་རྒྱུན་དུ་ཞུགས་པའོ། །དེ་ཡང་། ཐོག་མཐའ་མེད་ཅིང་མཆོག་གྱུར་པས། །མཆོག་དང་པོར་ཞེས་བྱ་བར་བཤད། །འཁོར་ལོར་ཀུན་བདག་ཉིད་འགྱུར་བས། །མཆོག་སྟེ་མི་འགྱུར་མཆོག་ཡིན་ནོ། །ཞེས་གསུངས་པ་

ཡིན་ནོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་སེམས་དཔའ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སེམས་དཔའ་ཆེན་པོ་སྟེ། ཆོས་ཐམས་ཅད་བདག་མེད་པར་རྟོག་པའི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པའི་རྡོ་རྗེ་ཡིད་ལས་བྱུང་བ་དང་། འདོད་ཆགས་རྡོ་རྗེ་མའོ། །དེ་ཡང་

འདི་ནི་བཅོམ་ལྡན་འདས་ཀྱི་ཐུགས་འབིགས་ཤིང་མྱུར་བའི་སྙིང་པོ་ཡིན་པའི་ཕྱིར་ཆགས་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་བཤད་པ་ཡིན་ནོ། །རྡོ་རྗེ་ཡིད་ལས་བྱུང་བའི་དབང་དུ་མཛད་ནས་ཐམས་ཅད་ཀྱི་མཆོག་སོ་སོར་རྟོགས་པར་བྱ་བ་ནི་འདོད་ཆགས་རྡོ་རྗེ་མའི་དབང་དུ་བྱས་

པའོ། །དགའ་བ་ཆེན་པོ་ཞེས་བྱ་བ་ནི་དགའ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། དགའ་བ་ཆེན་པོ་སྟེ། ཆེན་པོ་ཉིད་ནི་བྱང་ཆུབ་ཀྱིས་མཚན་ཉིད་ཅན་རྡོ་རྗེ་རལ་པ་མ་དང་། རྡོ་རྗེ་ཀཱི་ལི་ཀི་ལ་གཉིས་ཀྱིས་གཉིས་སུ་མེད་པའི་ཐུགས་མངོན་དུ་བྱས་པས་ཐམས་ཅད་དུ་ཁྱབ་

ཅིང་། གཟུགས་ཐམས་ཅད་ཀུན་དུ་སྟོན་པ་ཉིད་ཀྱིས་ན་ཆེ་བ་ཡིན་ནོ། །དེ་ཡང་། ཉེས་པ་མེད་ཅིང་ཤིན་ཏུ་བརྟག །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །དེ་ཉིད་གསང་བ་བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །ཞེས་གསུངས་པ་ཡིན་ནོ། །དགའ་

བ་ནི་དགའ་ཞིང་མགུ་བ་མཐའ་ཡས་པ་མི་གནས་པའི་མྱ་ངན་ལས་འདས་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་རྡོ་རྗེ་དྲན་པ་དང་། རྡོ་རྗེ་དྲན་མའི་ངོ་བོ་དགའ་བ་འདི་ལ་མངའ་བས་ན་དགའ་བ་ཆེན་པོའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་འདི་ལ་ཀུན་

ནས་བཟང་བ་མངའ་བས་ཏེ་སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་འདི་ལས་འབྱུང་བས་ན་ཀུན་དུ་བཟང་པོའོ། །རྡོ་རྗེ་སྙེམས་པ་ནི་རྡོ་རྗེ་སྙེམས་པའི་ཆ་ལུགས་འཆང་བའི་རྡོ་རྗེ་འཆང་ཆེན་པོའོ། །ཀུན་བདག་ཉིད་ནི་རབ་ཏུ་དགའ་བ་ལ་སོགས་པ་ལྷ་མོ་ཐམས་ཅད་

Vol. 60 · folio 219a

ཀྱི་ཚུལ་འཛིན་པའི་རྡོ་རྗེ་འཆང་ཆེན་པོའོ། །དོན་འདི་ཉིད་ནི་འདིའི་འོག་ནས། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་གོ་ཆ་མཆོག །ཅེས་བྱ་བ་བཤད་པ་ཡིན་

ནོ། །རྡོ་རྗེ་སྙེམས་ཚུལ་བདག་པོ་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་། ལྷ་མོ་རྡོ་རྗེ་སྙེམས་མ་ནི་རྡོ་རྗེ་སྙེམས་ཚུལ་ཞེས་བྱའོ། །དེའི་བདག་པོ་ཡིན་པས་ན་རྡོ་རྗེ་སྙེམས་མ་བདག་པོ་སྟེ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་རྡོ་རྗེ་འཆང་ཆེན་

པོ་ནི་གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ནི་རྡོ་རྗེ་སྙེམས་ཚུལ་ཡིན་པའི་ཕྱིར་རོ། །དེ་ཡང་ཐུགས་ནི་བཅོམ་ལྡན་འདས་འདོད་ཆགས་ཆེན་པོ་དང་འདིའི་ལྷ་མོ་ཞེས་གསུངས་པས། བྱེ་བྲག་གི་ཚིག་གསུངས་པའི་ཕྱིར་དང་། ཡང་། དངོས་གྲུབ་ཆེན་པོ་ཀུན་གྱི་

མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །རྡོ་རྗེའི་དབང་བསྐུར་ཆེར་བསྟོད་པ། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་ཀྱང་གསུངས་པ་ཡིན་ནོ། །བདག་ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པའི་དངོས་པོ་རྣམས་རྒྱུན་དམིགས་སུ་མེད་པའི་

ཐུགས་རྗེ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་པས་བདག་པོ་སྟེ། བསྐྱེད་པའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སེམས་དང་སེམས་ལས་བྱུང་བའོ། །རང་བཞིན་གྱིས་འོད་གསལ་

བ་ནི་དགེ་བའི་ཁམས་བསགས་པ་ཡིན་པས་ན་སེམས་ཞེས་བྱའོ། །དེ་ཡང་། བསམ་གྱིས་མི་ཁྱབ་རྒྱ་ཆེར་ཟབ། །དངོས་གྲུབ་ཀུན་གྱི་མི་འགྱུར་བདེ། །ཀུན་དུ་ཁྱབ་ཅིང་དྲི་མ་མེད། །བྱང་ཆུབ་སེམས་སྙོམས་བརྟན་པ་དག །ཅེས་གསུངས་པ་ཡིན་ནོ། །འདི་རྟོགས་

པར་བྱ་བའི་ཕྱིར་མན་ངག་གསུངས་པ་ནི་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སེམས་དེ་ཉིད་རང་བཞིན་གྱིས་དག་པར་རྟོག་པས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་པ་ལ་ནི་སེམས་དཔའ་ཞེས་བྱ་སྟེ། སེམས་ནི་

Vol. 60 · folio 219b

བརྟན་པས་སེམས་དཔར་བཤད། །ཅེས་གསུངས་པ་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་ཕྱེད་པའི་སེམས་དཔར་གྱུར་པ་དེ་ཉིད་རྣམ་པར་གཡེང་བ་ཐམས་ཅད་དང་བྲལ་བས་ཏིང་ངེ་འཛིན་མཆོག་ཅེས་བྱ་སྟེ་ཏིང་ངེ་འཛིན་གྱི་དམ་པའོ། །དེ་ཡང་དེ་མཉམ་པར་བཞག་པས་

ཏིང་ངེ་འཛིན་ཞེས་གསུངས་པ་ཡིན་ཏེ། དེ་བཞིན་ཉིད་ཀྱི་རྣམ་པར་སེམས་རྩེ་གཅིག་པའི་ཚུལ་གྱིས་ཏིང་ངེ་འཛིན་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ཕྱིར་རོ། །རྡོ་རྗེ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཟླ་བའི་དཀྱིལ་

འཁོར་ལས་རྡོ་རྗེ་རྡོ་རྗེར་ངེས་པ་ལས་སེམས་དཔའི་རྡོ་རྗེར་གྱུར་པའི་སེམས་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས། ཏིང་ངེ་འཛིན་གྱི་མཆོག་རྡོ་རྗེ་ཞེས་བྱ་སྟེ། ངེས་པ་ལས་ནི་རྡོ་རྗེར་འགྱུར། །ཞེས་གསུངས་པའི་ཕྱིར་དང་། རྡོ་རྗེ་ཞེས་བྱ་བ་ནི་སེམས་དཔར་བྱིན་གྱིས་བརླབ་པ་ལས་

བྱུང་བའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་བྱ་སྟེ། ཚིག་གི་ཕྱོགས་གཅིག་སྨོས་པའི་ཚུལ་གྱིས་ཚིག་གི་སྤྱི་སྡུད་དེ་དཔེར་ན་འཇིག་ཅེས་སྨོས་པས་འཇིག་རྟེན་སྟོན་པ་དང་འདྲའོ། །མཆོག་ཆེན་ཞེས་བྱ་བ་ལ། མཆོག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་མཆོག་ཆེན་

ཏེ་དམ་ཚིག་ཆེན་པོའི་སེམས་དཔའ་ནི་ང་ཡིན་ནོ་ཞེས་ཆོས་ཀྱི་དབྱིངས་ཀྱི་ང་རྒྱལ་བྱེད་པའོ། །ཀུན་དུ་བཟང་པོའི་སྤྱོད་པ་མཆོག །ཅེས་བྱ་བ་ལ་ཀུན་དུ་བཟང་པོ་ནི་བཤད་ཟིན་ཏོ། །དེའི་སྤྱོད་པ་ནི་ལྷ་ཆེན་པོ་ལ་སོགས་པའི་གཟུགས་ཐམས་ཅད་དུ་ཡང་དག་པར་སྟོན་པས་

སེམས་ཅན་གྱི་དོན་མཛད་པའོ། །དེ་མཆོག་ཏུ་གྱུར་པས་ན། ཀུན་དུ་བཟང་པོའི་སྤྱོད་པ་མཆོག །ཅེས་བྱ་སྟེ། དེ་ཡང་གང་གི་ཕྱིར། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། །གང་ཕྱིར་སེམས་ཅན་དོན་མཛད་པས། །དེས་ན་འདི་ནི་ཀུན་དུ་བཟང་། །བྱང་ཆུབ་སྤྱོད་པའི་

རྗེས་བཞིན་འཇུག །ཅེས་གསུངས་པ་ཡིན་ནོ། །བདུད་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་འཇུག་པ་རྣམས་ལ་ཤིན་ཏུ་བརྩོན་པས་བསྐྱེད་པར་བྱ་བའི་ཕྱིར་བདུད་ཀྱི་སྡེ་སྤྲུལ་ནས་འཚེ་བས་བདུད་ཅེས་བྱའོ། །བདུད་ནི་རབ་འཇོམས་པ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་

Vol. 60 · folio 220a

གྱི་ཚུལ་གྱིས་བདུད་ཐམས་ཅད་ཟ་བར་མཛད་པས་ན། བདུད་ཐམས་ཅད་འཇོམས་པར་མཛད་པའོ། །དེ་ཡང་སེམས་ཉིད་ཁོ་ན་བདུད་ཡིན་ཏེ། སེམས་ཉིད་དེ་བཞིན་གཤེགས་པ་ཡིན། །རང་གི་སེམས་ནི་འདུལ་བའི་ཕྱིར། །བདུད་ཉིད་དུ་ནི་རང་གྱུར་

ཏོ། །ཞེས་གསུངས་པ་དང་། ཡང་ཇི་ལྟ་ཇི་ལྟར་བཅོམ་ལྡན་འདས་འདོད་པ་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་བྱང་ཆུབ་སེམས་དཔའ་ལ་བདུད་ཀྱི་གཟུགས་ཀྱིས་ཉེ་བར་འཚེ་བར་བྱེད་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་སེམས་བྱང་ཆུབ་ཆེན་པོར་ཤིན་ཏུ་བརྟན་

པར་ཉེ་བར་སྐྱེ་བར་འགྱུར་རོ། །དེ་ལྟར་ན་མཚན་བཅུ་བདུན་པོ་དེ་དག་ནི་དཔལ་རྡོ་རྗེ་སེམས་དཔའི་རྡོ་རྗེའི་རིགས་ཀྱི་ཡང་དག་པའི་ཡོན་ཏན་སྟོན་པར་བྱེད་པ་ཡིན་ནོ། །ཐམས་ཅད་བྱང་ཆུབ་ཆེ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་པ་རྣམ་པར་སྣང་མཛད་ནི་བྱང་

ཆུབ་ཐམས་ཅད་དོ། །བྱང་ཆུབ་ཆེ་ཞེས་བྱ་བ་ནི་མི་བསྐྱོད་པ་དང་། མི་བསྐྱོད་པའི་རིགས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྟོས་ན་བྱང་ཆུབ་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བྱང་ཆུབ་ཆེན་པོ་སྟེ། སངས་རྒྱས་ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་དང་མཉམ་

པའི་ཡེ་ཤེས་ཐུགས་སུ་ཆུད་པས་ན་སངས་རྒྱས་ཏེ་བཅོམ་ལྡན་འདས་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་དང་བཅས་པའོ། །སངས་རྒྱས་ཉིད་སྐྱེས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་བདག་ཉིད་ལས་འཁྲུངས་པས་ན་སངས་རྒྱས་ཉིད་སྐྱེས་ཏེ་གཟུགས་ཐམས་ཅད་སྟོན་པའི་ཡེ་

ཤེས་ཀྱི་སེམས་ཅན་ཐམས་ཅད་གདུལ་བྱའི་སྤྱོད་པའི་མཆོག་མངའ་བ་སྟེ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་འཁོར་དང་བཅས་པའོ། །མཆོག་སྐྱེས་པ་ཞེས་བྱ་བ་ནི་མཆོག་ལས་སྐྱེས་པས་ན་མཆོག་ལས་སྐྱེས་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་

སྒོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་མཆོག་དེ་ལས་འཁྲུངས་པ་དོན་ཡོད་པར་གྲུབ་པའི་རིགས་དང་བཅས་པའི་ངོ་བོའོ། །དེ་ཡང་ཇི་ལྟར་ན་བཅོམ་ལྡན་འདས་མངོན་པར་རྫོགས་པའི་བྱང་ཆུབ་དང་སངས་རྒྱས་ཡིན་ཞེ་ན། རང་སེམས་སོ་སོར་རྟོགས་པ་

Vol. 60 · folio 220b

ལས། །བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད། །དེ་ཡིད་དེ་ཉིད་སངས་རྒྱས་ཉིད། །གང་ལ་བྱིན་རླབས་མཆོག་གྲུབ་པ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་མཚན་ལྔ་པོ་དག་གིས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡོན་ཏན་སྟོན་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ་

ནི། ཨུ་ཏིཥྛ་ས་མ་ཡ་ཀྲོ་དྷ། ནི་སུཾ་བྷ་ཛྭ་ལ་བཛྲ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་མེ་ལྟར་འབར་བ། རྡོ་རྗེ་ཧཱུཾ་མཛད་དུ་སྤྲུལ་པའི་སྙིང་པོ་ཡིན་ལ། སྤྲུལ་པ་ཡང་ཁྲོ་བོ་ཡིན་པར་བཤད་དོ། །ཡི་གེ་ཧཱུཾ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ལ་སོགས་པ་འདུལ་བའི་སྙིང་པོ་མཚན་གཉིས་པོ་འདི་

དག་ནི་རྡོ་རྗེ་རིགས་ཀྱི་སྒོ་ནས་བརྗོད་པ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ནི། ཇི་ལྟར་པདྨ་དམར་པོ་འདི། །ཞེས་བྱ་བ་ལ་སྔར་གསུངས་པ་ཡིན་ཏེ་མཚན་འདི་ནི་པདྨ་རིགས་ཀྱི་སྒོ་ནས་བརྗོད་པ་ཡིན་ནོ། །ནོར་བུ་རབ་གསོལ་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་སྔགས་ཀྱི་སྒོ་

ནས་སོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ནི་གཟུགས་ཐམས་ཅད་སྟོན་པས་སེམས་ཅན་ཐམས་ཅད་སྦྱིན་པ་ལ་ཆགས་པས་འདོད་ཆགས་ཆེན་པོའོ། །དེ་ཡང་། དངོས་གྲུབ་ཀུན་ལ་རྗེས་ཆགས་པས། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་དཔལ་

རྒྱལ་འདི། །དམར་ཞིང་སྣ་ཚོགས་འོད་འབར་བ། །ཞེས་གསུངས་པ་ཡིན་ནོ། །བདེ་ཆེན་ཉིད་ཅེས་བྱ་བ་ནི་བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བདེ་བ་ཆེན་པོ་སྟེ། སངས་རྒྱས་རྣམས་ཀྱང་ཟག་པ་མེད་ཅིང་ཐོག་མ་དང་ཐ་མ་མེད་པའི་བདེ་བ་དང་ཡིད་བདེ་བ་ནི་

བདེ་བ་ཆེན་པོ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་བདེ་ཆེན་ཉིད་དོ། །འདི་ཉིད་ནི། དངོས་གྲུབ་ཀུན་གྱི་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་འོག་ནས་བཤད་པ་ཡིན་ནོ། །འདོད་དང་ཞེས་བྱ་བ་ནི་འདོད་པར་བྱ་བ་ཉིད་ཡིན་པས་ན་འདོད་པ་སྟེ། མངོན་པར་འདོད་

པའི་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་འདོད་པའི་ཡོན་ཏན་ནོ། །ཐར་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བདེ་བ་ཆེན་པོ་དེའི་ངོ་བོ་ཉིད་གྱུར་པ་དང་མཐར་ཐུག་པའོ། །དེ་ཡང་ཇི་ལྟར་བཅོམ་

Vol. 60 · folio 221a

ལྡན་འདས་འདོད་པ་དང་ཐར་པ་ཡིན་ཞེ་ན། དངོས་གྲུབ་ཀུན་ལ་རྗེས་ཆགས་པས། །འདོད་ཆགས་ཆེན་པོ་བཅོམ་ལྡན་འདས། །དངོས་གྲུབ་ཀུན་གྱི་མི་འགྱུར་བདེ། །བདེ་བ་ཆེན་པོ་ཞེས་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །ནོར་ཆེ་བ་ཞེས་བྱ་བ་ནི་ནམ་མཁའ་

དང་མཉམ་པའི་ཡེ་ཤེས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་ནོར་ཆེ་བའོ། །དུས་གསུམ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཡིན་པས་ན་དུས་

གསུམ་མོ། །སྲིད་གསུམ་ཞེས་བྱ་བ་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་ནི་སྲིད་པ་གསུམ་མོ། །དེ་ཡང་མཐའ་ཡས་པ་ན་འཇིག་རྟེན་གསུམ་འདུལ་བས་སྲིད་གསུམ་ཡིན་ནོ་ཞེས་གསུངས་པ་ཡིན་པས་སྲིད་པ་གསུམ་གྱིས་འདུལ་བ་

རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་སྲིད་པ་གསུམ་གྱི་ངོ་བོར་སྟོན་ཅིང་བཞུགས་པས་ན་སྲིད་པ་གསུམ་ཞེས་བཤད་པ་ཡིན་ནོ། །མཚན་གསུམ་པོ་དེ་དག་གིས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་རིགས་སུ་སྟོན་པར་ཤེས་པ་ཡིན་ནོ། །མཆོག་གསུམ་ཞེས་བྱ་བ་ནི་རྒྱལ་བར་བྱེད་པ་དང་། སྦྲང་

རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པ་ལ་མཆོག་གསུམ་ཞེས་བྱའོ། །འཇིག་རྟེན་གསུམ་མཆོག་ཅེས་བྱ་བ་ནི་དེ་རྣམས་ཀྱི་མིང་གི་ཁྱད་པར་ལ་འཇིག་རྟེན་གསུམ་ཞེས་བྱ་སྟེ། འཇིག་རྟེན་མཆོག་གསུམ་གྱི་བྱིན་གྱིས་བརླབས་ཞེས་གསུངས་པའི་ཕྱིར་རོ། །ཁམས་

གསུམ་པ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྤྲུལ་པས་ན་ཁམས་གསུམ་པ་ཞེས་བྱའོ། །བརྟན་དང་ཞེས་བྱ་བ་ནི་རིའི་རྒྱལ་པོ་རི་རབ་ལ་སོགས་པ་དངོས་པོ་ཐམས་ཅད་འབྱུང་བའི་ཚུལ་གྱིས་གནས་པས་ན་བརྟན་པ་ཞེས་བྱའོ། །དེ་ཡང་། སེམས་

ཅན་བསོད་ནམས་ཆེར་མཐོང་བས། །བརྟན་པ་ཀུན་ཉིད་ང་ཡིན་ནོ། །ཞེས་འོག་ནས་བཤད་པ་ཡིན་ནོ། །རང་འབྱུང་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ལ་སོགས་པ་དངོས་པོ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་ན་རང་འབྱུང་བ་སྟེ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའོ། །

Vol. 60 · folio 221b

གསལ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་སོ་སོ་རང་གིས་རིག་པའི་ངོ་བོ་ཆོས་ཀྱི་དབྱིངས་སོ། །ཕྲ་རབ་ཅེས་བྱ་བ་ནི་ཤིན་ཏུ་ཕྲ་བས་ན་ཤིན་ཏུ་ཕྲ་བ་སྟེ་ཆོས་ཀྱི་དབྱིངས་དེ་ཉིད་དོ། །སྦོམ་པ་དང་ཞེས་བྱ་བ་ནི་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནམ་མཁའ་ཁྱབ་པས་ན་སྦོམ་པའོ། །བསགས་

པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་རྣམས་བསགས་ཤིང་བསྡུས་པའི་ངོ་བོ་ཉིད་ཡིན་པས་སོ། །རྒྱུ་བ་ཞེས་བྱ་བ་ནི་མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་སྟེ་རང་གི་ལས་ཀྱི་སྟོབས་

ལས་སྐྱེས་པ་ནི་རྒྱུ་བ་ཞེས་བྱ་བ་སྟེ་སེམས་ཅན་སེམས་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱང་ཆོས་ཉིད་ལ་དགོངས་ནས་དེའི་ངོ་བོ་ཉིད་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་སེམས་ཀྱི་འདུ་བྱེད་པས་རྒྱུ་བ་ཞེས་འོག་ནས་བཤད་པའི་ཕྱིར་རོ། །རབ་མཆོག་ཅེས་བྱ་བ་ནི་ཕུལ་དུ་

བྱུང་བ་སྟེ། འཁོར་ལོས་སྒྱུར་བ་ལ་སོགས་པའི་གཟུགས་རབ་མཆོག་གིས་འདུལ་བ་རྣམས་ལ་དེའི་གཟུགས་སུ་སྟོན་པར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཐོབ་མཛད་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པ་དང་ལྡན་པ་རྣམས་ལ་དེ་མངོན་སུམ་དུ་གྱུར་

པར་མཛད་པས་ན་ཐོབ་པའོ། །སྲིད་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐོབ་པར་མཛད་པ་དེས་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དུ་སྲིད་པ་ཤིན་ཏུ་གྲུབ་པར་ནི་སྲིད་པ་ཞེས་བྱའོ། །འཁོར་བ་ཞེས་བྱ་བ་ནི་དེ་འདུལ་བའི་སེམས་ཅན་རྣམས་

རྗེས་སུ་གཟུང་བའི་ཕྱིར་འགྲོ་བ་རིགས་དྲུག་གི་མཚན་གྱིས་བཞུགས་པར་མཛད་པ་དང་ཆོས་ཉིད་ཀྱི་ཚུལ་གྱིས་འཁོར་བ་ཞེས་བྱའོ། །སྦྱོང་མཛད་པ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་སྦྱོང་བར་མཛད་པས་ན་སྦྱོང་མཛད་པའོ། །ཐོག་མཐའ་

མེད་པ་ཞེས་བྱ་བ་དང་པོའི་ཐོག་མ་སྟེ་སྐྱེ་བའོ། །ཐ་མ་ནི་དུས་ཚིགས་ངེས་པ་མེད་པའི་མྱ་ངན་ལས་འདས་པའོ། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཐོག་མ་ཐ་མ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་

Vol. 60 · folio 222a

རྒྱུ་མཐུན་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་སྐུ་ནས་བརྩམས་ཏེ། དུམ་བུ་བཞི་པ་ལས་བཤད་པའི་འཕགས་པ་ནམ་མཁའི་སྙིང་པོའི་རང་བཞིན་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིན་པོ་ཆེའི་དྲིལ་བུ་མའི་བར་གྱི་ལྷ་ཐམས་ཅད་ཀྱི་སྐུའི་ངོ་བོར་གྱུར་པས་

ན་ཐོག་མ་ཅན་ནོ། །མདངས་དམར་བ་ཞེས་བྱ་བ་ནི་བལྟས་པས་མི་ངོམས་པའི་སྐུ་མངའ་བས་ཀུན་གྱི་མངོན་པར་འདོད་པར་བྱ་བ་ཡིན་པས་ན་མདངས་ལྡན་ནོ། །དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ཞེས་བྱ་བ་ལ་སོགས་པའི་ཐོག་མར་གནས་པས་ན་དང་པོའི་ཐོག་མར་རོ། །ཐམས་

ཅད་ཡང་དག་གནས་པ་ཞེས་བྱ་བ་ནི་སྡུད་པའི་དཀྱིལ་འཁོར་དུ་རིགས་ཐམས་ཅད་ཀྱི་གནས་པའི་ཚུལ་གྱིས་བཞུགས་པ་ན་ཐམས་ཅད་ཡང་དག་གནས་པའོ། །དེ་ལ་མཆོག་གསུམ་དང་འཇིག་རྟེན་གསུམ་མཆོག་ཅེས་བྱ་བའི་མཚན་གཉིས་པོ་འདི་ནི་འཇིག་རྟེན་པའི་དཀྱིལ་

འཁོར་གྱི་སྒོ་ནས་བསྟན་པ་ཡིན་ནོ། །ཁམས་གསུམ་པ་དང་། བརྟན་པ་དང་། རང་འབྱུང་དང་། གསལ་བ་དང་། ཕྲ་རབ་དང་། སྦོམ་པོ་དང་། བསགས་པ་དང་། རྒྱུ་བ་དང་། རབ་མཆོག་དང་། ཐོབ་མཛད་དང་། སྲིད་པ་དང་། འཁོར་བ་དང་། སྦྱོང་མཛད་དང་། ཐོག་

མཐའ་མེད་པ་དང་། ཐོག་མཐའ་ཅན་དང་། མདངས་ལྡན་དང་། དང་པོ་དང་། ཐམས་ཅད་ཡང་དག་གནས་ཞེས་བྱ་བ་མཚན་བཅོ་བརྒྱད་པོ་འདི་དག་ནི་བསྡུས་པའི་དཀྱིལ་འཁོར་གྱི་སྒོ་ནས་གསུངས་པ་ཡིན་ནོ། །སྙིང་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ངེས་པའི་

ཡེ་ཤེས་ཏེ་དེ་ཁོ་ན་ཡིན་ལ། དེ་སྟོན་པར་བྱེད་པའི་ཚིག་ལ་ཉེ་བར་གདགས་པས་སྙིང་པོ་ཞེས་བྱ་སྟེ། དེ་ཉིད་གདགས་པས་གསང་ཆེན་པོ། །སྙིང་པོ་ཞེས་ནི་རབ་ཏུ་བཤད། །ཅེས་བྱ་བ་གསུངས་པའི་ཕྱིར་དང་། ཡང་དེ་ཉིད་ཁོ་ན་ཉིད་དང་། གསང་བའི་སྙིང་པོ་ཞེས་

གསུངས་པའི་ཕྱིར་རོ། །ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་ལ་བྱ་སྟེ། སེམས་ཅན་གྱི་ཁམས་སྐུར་བསྟན་པར་བྱེད་པའམ། རྒྱས་འདེབས་པའི་ཕྱིར་དེ་ནི་ཕྱག་རྒྱ་ཞེས་བྱའོ། །རྣལ་འབྱོར་ཞེས་བྱ་བ་ནི་རྣལ་འབྱོར་དང་རྗེས་སུ་རྣལ་

Vol. 60 · folio 222b

འབྱོར་དང་། ཐམས་ཅད་ཀྱི་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གྱི་དབྱེ་བས་རྣམ་པ་བཞིའོ། །དེ་ལ་དེ་ཁོ་ན་ཉིད་རྣམ་པ་ལྔ་བསྒོམས་པས་བདག་ཉིད་རང་ལྷའི་ངོ་བོ་ཉིད་དུ་བསྐྱེད་པ་བསྒོམ་པ་ནི་རྣལ་འབྱོར་ཞེས་བྱའོ། །ཡེ་ཤེས་སེམས་དཔའ་བཅུག་ནས་དེ་དང་ལྷན་ཅིག་ཏུ་

གྱུར་པར་ལྷག་པར་མོས་པ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་བསྒོམ་པ་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་ཀྱི་རྣལ་འབྱོར་རྣམ་པར་བསྒོམས་པས་

སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །དམ་ཚིག་ཅེས་བྱ་བ་ནི་མི་འདའ་བའི་དོན་ལ་ནི་དམ་ཚིག་ཅེས་བྱ་བ་སྟེ་སྐུའི་རང་བཞིན་ནོ། །དེ་ཡང་སྐུའི་གསང་བའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་

མཛད་པས། །ཕྱག་རྒྱ་དམ་ཚིག་ཅེས་གྲགས་ཏེ། །ཡིད་ཀྱི་གཟུགས་ནི་བསྟན་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི། ཐོག་མ་ཐ་མ་མེད་སེམས་པ། །ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ། །བདེན་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བར་

གྱི་བདེན་པ་དང་དོན་དམ་པའི་བདེན་པ་དང་། འཕགས་པའི་བདེན་པ་བཞི་ནི་བདེན་པའོ། །མཆོད་པ་ཆེ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་རིགས་ཐམས་ཅད་ཀྱི་མཆོད་པ་ནི་མཆོད་པ་ཆེན་པོའོ། །དེ་ལྟར་མཚན་བདུན་ནི་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་

དཀྱིལ་འཁོར་གྱི་སྒོ་ནས་ལྷ་ཐམས་ཅད་ཀྱི་རང་བཞིན་སྟོན་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ནོ། །དངོས་གྲུབ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་

གྱི་དངོས་གྲུབ་ཆེན་པོའོ། །ཆོས་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཡིན་པས་ན་ཆོས་སོ། །ལས་ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཡིན་པས་ན་ལས་སོ། །མཁས་པ་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་ཡོངས་སུ་ཤེས་པས་མཁས་

Vol. 60 · folio 223a

པ་ཆེན་པོའོ། །དམ་པའི་ཆོས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་གྱིས་བཞུགས་པའི་འོད་དཔག་ཏུ་མེད་པའི་ཚུལ་གང་ཡིན་པ་དེ་ནི་དམ་པའི་ཆོས་སོ། །ལས་མཆོག་ཅེས་བྱ་བ་ནི་དེ་ཉིད་དུ་དོན་ཡོད་པར་གྲུབ་

པའི་ཚུལ་གྱིས་བཞུགས་པ་གང་ཡིན་པ་དེ་ནི་ལས་མཆོག་གོ། །བདག་ཅེས་བྱ་བ་ནི་དེ་ཉིད་ལས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་བཞུགས་པ་གང་ཡིན་པ་དེ་ནི་བདག་པོའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་དེ་ཉིད་དུ་མི་བསྐྱོད་པའི་ངོ་བོས་བཞུགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་

སེམས་སོ། །རབ་སྦྱོང་མཛད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་ཉིད་དུ་རྣམ་པར་སྣང་མཛད་ཀྱི་ངོ་བོས་བཞུགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་བསྡུས་པའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་སྦྱོང་བར་མཛད་པས་ན། རབ་སྦྱོང་མཛད་ཅེས་

བྱའོ། །ལ་ལ་ལས་ནི་རབ་སད་མཛད་པས་ན་རབ་སད་མཛད་ཅེས་བྱ་བ་ཡིན་པར་ཤེས་པར་བྱའོ། །མཚན་བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་གྱི་ཡོན་ཏན་སྟོན་པར་བྱེད་པ་ཡིན་ནོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་

ཆེན་པོའི་རང་བཞིན་ནོ། །ཁྲོ་བོ་ཞེས་བྱ་བ་ནི་ཁྲོ་བོའི་རིགས་ཀྱིས་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་པའོ། །དུས་མཐའ་ལྟར་འབར་ཞེས་བྱ་བ་ནི་སྲེག་པའི་བསྐལ་པ་ལྟ་བུའི་རྡོ་རྗེ་འབར་བས་ཁམས་གསུམ་མ་ལུས་པར་བཀང་སྟེ། སེམས་ཅན་གྱི་ཁམས་མ་ལུས་ཀུན་

ཏུ་རྨོངས་པར་མཛད་པ་སྟེ། དེ་ཡང་། འཇིག་པའི་བསྐལ་པ་ལྟ་བུ་ཡི། །རྡོ་རྗེ་འབར་བ་ཀུན་འཁྲུགས་པས། །ལྷ་ལ་སོགས་པའི་སྲིད་གསུམ་ཀུན། །སྐད་ཅིག་གིས་ནི་ཀུན་རྨོངས་མཛད། །ཅེས་གསུངས་པ་ཡིན་ནོ། །འདུལ་བ་པོ་ཞེས་བྱ་བ་ནི་ཡང་སླར་

གསོ་བའི་རིག་པས་ལྷ་ལ་སོགས་པ་སེམས་ཅན་གྱི་ཁམས་ཐམས་ཅད་བླངས་ནས། ཧྲཱིཿཞེས་བྱ་བས་བཀུག་ནས་བཅུག་ལ་བཅིངས་ཏེ། དབང་དུ་མཛད་པས་ན་འདུལ་བ་པོ་ཞེས་བྱའོ། །འདུལ་མཛད་ཆེན་པོ་ཞེས་བྱ་བ་ནི་འདིས་དབང་ཕྱུག་ཆེན་པོ་ལ་སོགས་པ་འདུལ་

Vol. 60 · folio 223b

བར་མཛད་པས་ན་འདུལ་མཛད་ཆེན་པོ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་རྡོ་རྗེ་རིགས་ཀྱི་རང་བཞིན་གྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་བྱང་ཆུབ་ཆེན་པོ་རབ་ཏུ་འཇོག་པར་མཛད་པས་ན་འདུལ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདུལ་མཛད་ཆེན་པོའོ། །གདུག་

པའི་མཆོག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཉེ་བར་འཚེ་ཞིང་གནོད་པར་བྱེད་པའི་སེམས་དང་ལྡན་པ་ནི་གདུག་པའི་ཡིད་ཅེས་བྱ་སྟེ། དེ་རྣམས་ལ་འཇིགས་པ་བསྐྱེད་པར་བྱ་བའི་ཕྱིར་ཤིན་ཏུ་གདུག་པ་སྟོན་པས་ན་གདུག་པའི་མཆོག་སྟེ། གདུག་པ་རྣམས་ལས་ཀྱང་གདུག་པ་ཞེས་

བྱ་བའི་ཐ་ཚིག་གོ། །དྲག་པོ་ཞེས་བྱ་བ་ནི་གདུག་པ་དེ་རྣམས་ཉིད་གདུལ་བར་བྱ་བའི་ཕྱིར་རྡོ་རྗེ་དྲག་པོའི་སྐུར་སྟོན་པས་ན་དྲག་པོའོ། །དྲག་པོ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་ཚོགས་སྤྲུལ་ནས་དྲག་པོ་ཐམས་ཅད་ཟ་བར་མཛད་པས་ན་དྲག་པོ་ཉིད་དོ། །ཟ་མཛད་ཅེས་བྱ་བ་ནི་

ཁྲོ་བོ་སྟོབས་པོ་ཆེས་གདུག་པའི་ཚོགས་རྣམས་ཟ་བར་མཛད་པས་ན་ཟ་མཛད་དོ། །མཚན་དགུ་པོ་འདི་དག་ནི་རྡོ་རྗེ་རིགས་ཀྱི་གསང་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །ཐམས་ཅད་དག་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །པདྨ་ཆེན་པོ་

ཞེས་བྱ་བ་ནི་པདྨའི་དམ་ཚིག་གི་ཕྱག་རྒྱའོ། །ཤེས་རབ་ཐབས་དང་ཞེས་བྱ་བ་ནི་ཤེས་རབ་ཀྱིས་བསྐྱེད་པའི་ཐབས་ནི་ཤེས་རབ་ཐབས་ཏེ། སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར་ཁྲོ་གཉེར་ཅན་ལ་སོགས་པ་ལྷ་མོའི་ཚོགས་ཀྱི་དབུས་ན་བཞུགས་པའི་འཇིག་རྟེན་དབང་

ཕྱུག་གི་སྐུའོ། །ཚུལ་ཆེན་ཞེས་བྱ་བ་ནི་གཟུགས་ཐམས་ཅད་ཀུན་དུ་སྟོན་པས་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱོང་བར་མཛད་པས་ན་ཚུལ་ཆེན་པོའོ། །འདོད་ཆགས་དག་པ་ཞེས་བྱ་བ་ནི། ཇི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་པ། །

དེ་བཞིན་དག་པའི་ཁམས་གསུམ་པ། །གནས་ཀྱི་ཉེས་པས་མི་གོས་སོ། །ཞེས་བྱ་བ་ནི་པདྨ་འདབ་མ་ཕྱེད་པའི་རྣལ་འབྱོར་རྡོ་རྗེ་ཆོས་ཀྱི་བསྒོམ་པས་འདོད་ཆགས་དག་པའོ། །ཏིང་ངེ་འཛིན་མཆོག་ཅེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་

Vol. 60 · folio 224a

བྱ་བར་སེམས་རྩེ་གཅིག་པ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་མཆོག་སྟེ་དམ་པའོ། །སྣ་ཚོགས་ཆགས་པ་ཞེས་བྱ་བ་ནི་སྣ་ཚོགས་ཆགས་པ་སྟེ་སེམས་ཅན་ཐམས་ཅད་འདུལ་བ་ལ་ཞེན་པའོ། །དབང་ཕྱུག་ཆེ་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོས་འདུལ་བ་རྣམས་ལ་

དེའི་གཟུགས་འཛིན་པར་མཛད་པས་ན་དབང་ཕྱུག་ཆེན་པོའོ། །མཚན་བརྒྱད་པོ་འདི་དག་ནི་པདྨའི་རིགས་ཀྱི་རས་རིས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པའོ། །ནམ་མཁའ་ཞེས་བྱ་བ་ནི། ནམ་མཁའ་དང་མཉམ་པའི་ཡེ་ཤེས་མངའ་བས་ན་ནམ་མཁའོ། །མཐའ་ཡས་

ཞེས་བྱ་བ་ནི་ནམ་མཁའ་དང་ཉེ་བར་ཡེ་ཤེས་རྒྱུ་མཐུན་པ་ལས་བྱུང་བར་གྱུར་པའི་རིན་པོ་ཆེའི་རིགས་ཀྱི་ངོ་བོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནམ་མཁའི་ཁམས་ཐམས་ཅད་ན་རྟག་ཏུ་བཞུགས་པ་ལ། མཐའ་ཡས་པའི་སྒྲར་བཤད་དོ། །རྟག་པ་ཞེས་བྱ་བ་ནི་རྟག་པ་དང་མི་

འགྱུར་བ་ནི་རྟག་པའོ། །དོན་ཞེས་བྱ་བ་ནི་དོན་དུ་གཉེར་བས་ན་དོན་ཏེ། སེམས་ཅན་རྣམས་ཀྱི་དོན་དུ་གཉེར་བ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ནམ་མཁའ་མཛོད་ཀྱི་ངོ་བོ་ཉིད་དུ་སྟོན་པ་ཡིན་ནོ། །འབྱུང་པོ་ཐམས་ཅད་ཅེས་བྱ་བ་ནི་འབྱུང་བས་ན་འབྱུང་

པོ་སྟེ། སེམས་ཅན་དང་སེམས་ཅན་མ་ཡིན་པའི་ངོ་བོའོ། །གནས་ཆེན་པོ་ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་ལ་གནས་པའི་དང་པོའི་གཞལ་ཡས་ཁང་གི་ངོ་བོ་ཉིད་དུ་གྱུར་པས་ན་གནས་ཆེན་པོའོ། །འབྱོར་པ་ཞེས་བྱ་བ་ནི་དབང་བསྐུར་བའི་ལྷའི་ངོ་བོ་ཉིད་དུ་གྱུར་པའོ། །

དཔལ་ཞེས་བྱ་བ་ནི་གཏེར་གྱི་ལྷ་མོའི་རང་བཞིན་དུ་གྱུར་པའོ། །གཙོ་བོ་ཞེས་བྱ་བ་ནི་རྒྱལ་མཚན་མཆོག་གི་ལྷ་མོའི་ངོ་བོ་ཉིད་དུ་གྱུར་པས་ཐམས་ཅད་དུ་སྤོང་བའོ། །རྒྱལ་ཞེས་བྱ་བ་ནི་ལྷ་མོ་ཆེན་མོའི་བདག་པོར་གྱུར་པའི་ངོ་བོ་ཉིད་ཀྱིས་མཛེས་ཤིང་གསལ་བས་ན་རྒྱལ་པོའོ། །

བསམ་པ་ཐམས་ཅད་རྫོགས་མཛད་པ། །ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བས་ན་ཐམས་ཅད་རྫོགས་པར་མཛད་པའོ། །མཚན་བཅུ་གཅིག་པོ་འདི་དག་ནི་རིན་པོ་ཆེའི་རིགས་ཀྱི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words