དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ

Sanskrit title (Tibetan script, as in the text) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 60 · folio 253a

གསུངས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔས་བཀའ་སྩལ་པའོ། །དོན་ཡོད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ལས་ཀྱི་རྒྱུན་དེ་དག་ཀྱང་གང་ཞེ་ན། དངོས་གྲུབ་སྐད་ཅིག་གིས་གྲུབ་ཅེས་གསུངས་པ་དང་། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་

པ་ཡིན་ཏེ། འདི་ལྟར་ཞེས་བྱ་བ་ཉེ་བར་སྟོན་པའི་ཚིག་ཡིན་ནོ། །ཐམས་ཅད་ཤིན་ཏུ་བསྲུང་བ་དང་། ཡོངས་སུ་སྐྱོང་བ་དང་། ཞི་བ་དང་། བདེ་ལེགས་སུ་བྱ་བ་དང་། ཚེ་མངོན་པར་འཕེལ་བ་ལ་ནི་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ལྷག་པར་བསྲུང་བ་ནི་ཐམས་ཅད་ཤིན་ཏུ་བསྲུང་བའོ། །

རྒྱལ་སྲིད་ལ་སོགས་པའི་ལོངས་སྤྱོད་ཡོངས་སུ་འཕེལ་བར་བྱ་བ་ནི་སེམས་ཅན་ཡོངས་སུ་བསྐྱང་བ་ཡིན་ཏེ། བདེ་བ་དང་ཡིད་བདེ་བ་ཐམས་ཅད་འབྱིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དུས་མ་ཡིན་པར་འཆི་བ་དང་། ཡམས་དང་ཉེ་བར་འཚེ་བ་ཞི་བར་བྱ་བ་ནི་ཞི་བའོ། །འདི་དག་ཉིད་མ་སྐྱེས་པ་རྣམས་

མི་སྐྱེ་བར་བྱ་བའི་ཕྱིར་ཞི་བའི་ལས་གང་ཞིག་བྱེད་པ་དེ་ནི་བདེ་ལེགས་སོ། །ཚེ་སྲུང་བར་བྱེད་པ་ནི་ཚེ་མངོན་པར་འཕེལ་བའོ། །འདི་དག་ཐམས་ཅད་ཇི་ལྟར་ཞེ་ན། རྡོ་རྗེ་གར་གྱི་རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱིས་སོ་ཞེས་གསུངས་ཏེ། རྡོ་རྗེ་གར་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་གཙུག་ཏོར་

གྱི་ཕྱག་རྒྱས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་སྐུའི་མཆོག་གི་གཙུག་ཏོར་གྱི་ལས་དང་། རྡོ་རྗེ་བསྡམས་པ་བཙིར་བ་དང་། དབུས་མའི་ནོར་བུ་བསྐོར་བ་དང་། སོར་མོ་ཐམས་ཅད་ཀྱི་རྡོ་རྗེ་དང་སོར་མོ་ལྷག་མ་རྣམས་ཀྱི་འོད་ཀྱི་རྡོ་རྗེའོ། །འདིས་ནི་འདི་

སྐད་སྟོན་པར་འགྱུར་ཏེ། སྔ་མ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ནས་གཡོན་པའི་མཐེ་བོའི་སྟེང་དུ་གཡས་པའི་མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་བཞག་པ་འདི་ནི་རྡོ་རྗེ་སྐུའི་མཆོག་གོ། །འདི་སྤྱི་གཙུག་

ཏུ་བཞག་ལ་བཙིར་ཞིང་བསྒྲུབ་པར་བྱ་བའི་སྐྱེས་བུ་ཆེན་པོའི་མཚན་གཙུག་ཏོར་དང་ལྡན་པའི་རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱི་རང་བཞིན་དུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ཤིན་ཏུ་བསྲུང་བར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་ཀྱི་གུང་མོ་སོར་མོ་དབུས་མ་གཉིས་ཀྱིས་རྒྱབ་ཏུ་བཀུག་ལ།

Vol. 60 · folio 253b

ནོར་བུར་བྱས་པ་བསྒྲུབ་པར་བྱ་བའི་སེམས་ཅན་གྱི་ཁམས་ཐམས་ཅད་དབང་བསྐུར་བ་ཐོབ་པ་ལས་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་རྒྱལ་སྲིད་ལ་རབ་ཏུ་གཞག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ཡོངས་སུ་བསྐྱངས་པར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་དེ་གཉིས་བསྐོར་ལ་བསྒྲུབ་

པར་བྱ་བ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བདུད་རྩིའི་ཕྲ་རབ་ཀྱིས་ཡོངས་སུ་བཀང་ལ་རྡོ་རྗེ་སེམས་དཔར་བྱས་ཏེ། དེ་ལྟ་བུས་ནི་ཞི་བར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་ཉིད་ཀྱིས་མཐེ་བོང་གཉིས་གཞིབས་ཏེ་རྩེ་མོར་བྱས་པ་དང་། མཛུབ་མོ་གཉིས་ཀྱི་རྩེ་མོ་དང་། གུང་མོ་གཉིས་ཀྱི་རྩེ་མོ་

དང་། སྲིན་ལག་གཉིས་ཀྱི་རྩེ་མོ་དང་། མཐེའུ་ཆུང་གཉིས་ཀྱི་རྩེ་མོར་བྱས་ལ་བསྒྲུབ་པར་བྱས་པའི་དུས་མ་ཡིན་པའི་འཆི་བ་དང་། ནད་ལ་སོགས་པ་ཟིལ་གྱིས་མནན་ལ་རྡོ་རྗེ་སེམས་དཔར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བདེ་ལེགས་སུ་བྱས་པར་འགྱུར་རོ། །གཙུག་ཏོར་གྱི་ཕྱག་རྒྱ་དེ་ཉིད་བཅིངས་

ལ། སྲིན་ལག་དང་མཐེའུ་ཆུང་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་བཅིངས་ཏེ། འོད་ཀྱི་དཀྱིལ་འཁོར་བྱས་ལ་དཔལ་རྡོ་རྗེ་སེམས་དཔའི་བདུད་རྩིའི་རྒྱུན་གྱིས་བསྒྲུབ་པར་བྱ་བ་ཀུན་བཀང་ལ། རྡོ་རྗེ་སེམས་དཔའ་གྱུར་ནས་རྒ་ཤི་མེད་པར་བསམས་ནས་ཚེ་མངོན་པར་འཕེལ་བར་འགྱུར་རོ། །དཀྱིལ་འཁོར་ཐམས་

ཅད་དང་། མཚམས་དང་། ཕྱོགས་དང་། དམ་ཚིག་དང་། དངོས་གྲུབ་བཅིང་བ་དང་། བསྲུང་བ་ལ་ནི་ཞེས་བྱ་བ་ལ་ནི་དཀྱིལ་འཁོར་ཐམས་ཅད་བཅིང་བ་ནི་ར་བའི་འོག་གི་ཆ་རྡོ་རྗེར་བྱ་བའོ། །མཚམས་བཅིང་བ་ནི་མངོན་པར་འདོད་པའི་སའི་ཆ་ཀུན་ནས་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བའོ། །

ཕྱོགས་བཅིང་བ་ནི་ལྷའི་ཁང་པ་ནང་དུ་བཅུག་པར་བྱས་ནས་ཕྱོགས་བཅུར་རྡོ་རྗེའི་མེ་འབར་བར་བསྐྱེད་དེ། འདི་དག་གིས་དཀྱིལ་འཁོར་ཐམས་ཅད་དང་། མཚམས་དང་། ཕྱོགས་བཅིང་བས་བསྲུང་བ་ནི་དཀྱིལ་འཁོར་གཞན་དག་ཏུ་ཡང་བྱ་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་

སེམས་དཔའ་དང་། ཕྱག་རྒྱ་ཆེན་པོའི་རང་བཞིན་ནམ་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ནི་རྫོགས་པར་འགྱུར་རོ། །ལས་ལྔ་པོ་འདི་དག་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོའི་གར་གྱིས་སོ་སོར་འབྲང་བས་སོ་ཞེས་བྱ་བ་

Vol. 60 · folio 254a

གསུངས་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་ཕྱོགས་ཀྱི་ཚོགས་གཡས་ནས་ཡོངས་སུ་བསྐོར་བ་དང་། ཁར་བསྐོར་བ་དང་། སྙིང་གར་ཞུགས་ན་འབར་བའི་རྣམ་པར་བྱ་བ་དང་། དམ་ཚིག་ལ་ནི་བཾ་ཞེས་བྱ་བ་དང་། གྲུབ་པ་ལ་ཡང་བཾ་བརྗོད་པར་བྱས་ཏེ། འདི་ནི་འདིའི་མཚན་ཉིད་

ཡིན་ཏེ། འདིས་ནི་འདི་སྐད་སྟོན་པར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་ཕྱོགས་ཀྱི་ཚོགས་གཡས་ནས་བསྐོར་བའི་ཚུལ་དུ་བྱས་ནས་དཀྱིལ་འཁོར་བཅིང་བར་འགྱུར་རོ། །དེ་ཉིད་ཁར་བསྐོར་ལ་དེས་མཚམས་བཅིང་བའི་ཚུལ་དུ་བྱས་

ཏེ། འདི་ལྟ་བུས་ནི་མཚམས་བཅིང་བར་འགྱུར་རོ། །དེ་ཉིད་རང་གི་སྙིང་གར་བཞུགས་པར་བྱས་ལ་རང་གི་སྙིང་ག་ལས་རྡོ་རྗེ་འབར་བས་ཕྱུང་ལ་དེས་ཕྱོགས་བཅིང་བར་བྱ་ཞིང་། ཕྱག་རྒྱས་ཕྱོགས་བཅིང་བའི་ཚུལ་དུ་བྱས་ན་འདིས་ཕྱོགས་བཅིང་བར་འགྱུར་ཏེ་ཕྱོགས་ཐམས་ཅད་དུ་མེ་འབར་བའི་ར་བ་

བྱས་ཏེ། ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་བཀོད་པར་ཡང་མི་འཇུག་གོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །ཡི་གེ་བཾ་དང་ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་ལ་རབ་ཏུ་གཞག་པར་འགྱུར་རོ། །ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་

ཉིད་དང་བཾ་ཟློས་ཤིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲུབས་ན། དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་འགྱུར་རོ། །ཉིན་གསུམ་པ་དང་ཉིན་བཞི་པ་དང་། སླར་ཟློས་པ་དང་རྟག་པ་དང་། ཁྱབ་འཇུག་གི་རིམས་ཐམས་ཅད་ཅེས་བྱ་བ་ནི་སྨན་དཔྱད་

ཀྱི་གཙུག་ལག་ལས་ཤེས་པར་བྱའོ། །བསལ་བ་ལ་ནི་ཞེས་བྱ་བ་ནི་དེ་རྣམས་ནད་པའི་རྒྱུད་ལས་ངེས་པར་བསལ་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱིས་རིམས་ནད་དང་བྲལ་བས་སོ་ཞེས་བྱ་བ་གསུངས་སོ། །འདིའི་མཚན་ཉིད་ནི་འདི་ཡིན་ཏེ། སེམས་མའི་རྡོ་རྗེ་ལྟ་བས་བསལ་བས་ཉིན་

གསུམ་པ་དང་། བཞི་པ་དང་། སླར་ཟློས་པ་དང་། རྟག་པའི་རིམས་སེལ་ཏོ། །ཚད་མེད་པར་བསྐོར་བས་ནི་དམིགས་འབྱེད་མི་ནུས་པ་ཞི་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་དབུས་མའི་གུང་མོ་གཉིས་བསྒྲེང་སྟེ། མྱུ་གུར་

Vol. 60 · folio 254b

བྱས་པའི་སེམས་མ་རྡོ་རྗེ་མ་བཅིངས་ལ། དེས་རིམ་གྱིས་གཟུང་བར་བྱ་ཞིང་། བྱམས་པའི་ལྟ་བས་ཀྱང་བསལ་ལ། བཅོམ་ལྡན་འདས་གཙུག་འཕྱང་གིས་ཀྱང་ནད་པའི་ལུས་ཀྱི་སྤྱི་བོ་ནས་བརྩམས་ཏེ་རྐང་མཐིལ་གྱི་བར་དུ་ཀུན་དུ་གང་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཉིན་གསུམ་པ་དང་།

ཉིན་བཞི་པ་དང་། སླར་ཟློས་པ་དང་། རྟག་པའི་རིམས་དང་བྲལ་བར་འགྱུར་རོ། །ཁྱབ་འཇུག་གི་རིམས་ནི་དཔག་ཏུ་མེད་པར་ཁྱབ་ཅིང་བསྐོར་བས་བྲལ་བར་འགྱུར་རོ། །ལྟུང་བ་ནི་སེམས་ཀྱི་སྡུག་བསྔལ་ལོ། །གནོད་པ་ནི་གཅོང་ཆེན་པོ་ལ་སོགས་པའོ། །ནད་ནི་སྐྱ་རྦབ་ལ་སོགས་པའོ། །

མྱ་ངན་ནི་འཇིག་རྟེན་དུ་གྲགས་པར་ཟད་དོ། །ལུས་ཀྱིས་གནོད་པ་མྱོང་བ་ལ་སོགས་པ་ནི་སྡུག་བསྔལ་ལོ། །འདི་དག་རྣམ་པར་གཞག་པ་ནི་མེད་པར་བྱ་བའོ། །འདིའི་དོན་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་སྡུག་བསྔལ་ཉེ་བར་ཞི་བས་སོ་ཞེས་བྱ་བས་གསུངས་སོ། །དེས་ན་འདིའི་མཚན་ཉིད་

བཤད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་ལྕགས་ཀྱུར་སྦྲེལ་ལ་བཏུད་དེ། མཛུབ་མོ་གཞིབས་པའི་རྩེ་མོས་ལས་ཀྱི་དུས་སུ་སྙིང་གར་གཞག་པར་བྱབ་པ་དང་། མཛུབ་མོའི་རྩེ་མོ་བཙིར་བ་དང་། ཁར་གཞུག་པ་དང་བཟློག་སྟེ། མཛོད་སྤུའི་གནས་སུ་གཞག་པའོ། །འདི་དག་

གིས་ནི་དོན་འདི་སྐད་སྟོན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་སྟེ། མཐེའུ་ཆུང་གཉིས་ལྕགས་ཀྱུར་བྱས་ལ་ཕན་ཚུན་སྦྲེལ་བ་བཅིངས་པ་ལ་མཛུབ་མོ་གཉིས་གཞིབས་པ་རྩེ་མོར་བྱས་ནས་རང་དང་གཞན་གྱི་སྙིང་གའི་ཕྱོགས་སུ་བཞག་ལ།

སྔགས་ཟློས་ཤིང་རྡོ་རྗེ་སེམས་དཔས་བསྒྲུབ་པར་བྱ་བའི་ལུས་ལ་ཀུན་དུ་བཀང་ནས་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་དང་ལྡན་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ལྟུང་བ་ཐམས་ཅད་ཞི་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ཕྱག་རྒྱ་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལ་བྱབ་པར་

བྱ་ཞིང་། བཅོམ་ལྡན་འདས་ཀྱི་ཕྱག་གིས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ཁྱབ་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོས་ནད་པ་བཙིར་བར་བྱ་ཞིང་། བཅོམ་ལྡན་འདས་

Vol. 60 · folio 255a

གཙུག་འཕྱང་གིས་ཀྱང་ནད་པའི་ལུས་ལ་ཁྱབ་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནད་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། ཕྱག་རྒྱ་དེ་ཉིད་བཀོད་པའི་ཚུལ་གྱིས་ཁར་བཞག་ལ། ཡིད་ཀྱིས་བསྒྲུབ་པར་བྱ་ཞིང་ནད་པའི་ལུས་

དང་ལྷན་ཅིག་ཏུ་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་རྡོ་རྗེ་སེམས་དཔའི་བདེ་བ་དང་ཡིད་བདེ་བ་ཐོབ་ནས་མྱ་ངན་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ཕྱག་རྒྱ་དེ་ཉིད་ཡོངས་སུ་བཟློག་སྟེ། མཛོད་སྤུར་བཞག་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་

བྱ་བ་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །དུག་དང་སྦྱར་བའི་དུག་ཐམས་ཅད་ཉེ་བར་སྦྱར་བ་དང་། དབབ་པ་དང་། བཟའ་བ་དང་། བཅིང་བ་དང་། བདུད་རྩིར་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་གང་གིས་བྱ་

ཞེ་ན། རྡོ་རྗེ་གར་གྱི་ཉེ་བའི་དུག་གིས་སོ་ཞེས་བྱ་བ་གསུངས་ཏེ། དེ་ལ་འདིའི་མཚན་ཉིད་འདི་ཡིན་ཏེ། རྡོ་རྗེ་བསྡམས་པའི་མཐེ་ཆུང་གཉིས་སྦྲེལ་ཏེ། བ་དན་གསུམ་པ་རྡོ་རྗེ་མགུ་བའི་ཚུལ་གྱིས་ཉེ་བར་བསྐུལ་བ་དང་། སྡུད་པའི་ཚུལ་དང་། རྡོ་རྗེ་བསྣུན་པ་དང་། སྙིམ་པས་བཟེད་པ་དང་། རྡོ་རྗེ་

བཏུང་བའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དུག་དང་སྦྱར་བའི་དུག་ཐམས་ཅད་ཀྱི་འོག་ཏུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། །དེའི་སྟེང་དུ་ཡི་གེ་ཧཱུཾ་འོད་ཟེར་འབར་བ་ཀུན་དུ་འཁྲུགས་པ་བསམས་ལ། ལག་

པ་གཉིས་ཀྱིས་བ་དན་གསུམ་པ་བཅིངས་ལ། མཐེའུ་ཆུང་གཉིས་ཀྱིས་ཤིན་ཏུ་མགུ་བའི་ཚུལ་གྱིས་བྱས་ཏེ། དེས་ཀྱང་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་མེའི་དཀྱིལ་འཁོར་ཧཱུཾ་དང་བཅས་པས་དུག་གམ་སྦྱར་བའི་དུག་ཤིང་སྐམ་པོ་བཞིན་ཉེ་བར་འབར་བར་བསམས་ཏེ། དེ་ལྟ་བུས་ནི་

དུག་དང་སྦྱར་བའི་དུག་ཐམས་ཅད་ཉེ་བར་འབར་བར་འགྱུར་རོ། །མཐེའུ་ཆུང་གཉིས་པོ་དེ་ཉིད་ཀྱིས་བསྡུ་བའི་ཚུལ་དུ་བྱས་པས་ནི་དུག་དང་སྦྱར་བའི་དུག་ཐམས་ཅད་བཅིང་བར་འགྱུར་རོ། །དེ་བཞིན་དུ་མཐེའུ་ཆུང་གཉིས་ཀྱིས་བསྣུན་པའི་ཚུལ་དུ་བྱས་པ་ནི་དུག་དང་སྦྱར་བའི་དུག་

Vol. 60 · folio 255b

ཐམས་ཅད་དབང་པོའི་གདུ་བུས་བཅིང་བར་འགྱུར་རོ། །ལྕེ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོ་བསམས་ལ་དེ་ལ་ཡི་གེ་ཧཱུཾ་ཟླ་བའི་མདོག་ཅན་གྱི་འོད་ཟེར་འབར་བ་བསམས་ལ་བ་དན་གསུམ་པ་གཉིས་ཀྱི་སྙིམ་པས་དུག་དང་སྦྱར་བའི་དུག་ཐམས་ཅད་བསལ་བའི་ཚུལ་དུ་བྱ་ཞིང་དུག་ཀྱང་སྦྱར་བའི་

དུག་བཟའ་བར་བྱའོ། །ཡི་གེ་བཾ་ལས་སྦྱར་བའི་དུག་གི་སྟེང་དུ་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་ཟླ་བའི་འོད་ཟེར་རྣམ་པར་འཕྲོ་བ་དང་། ཡི་གེ་ཧཱུཾ་གིས་དུག་དང་སྦྱར་བའི་དུག་བདུད་རྩིར་བྱས་པར་བསམས་ལ། བ་དན་གསུམ་པའི་ལག་པ་གཉིས་ཀྱིས་སྙིམ་

པ་བྱས་པ་བཏུང་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་བདུད་རྩིར་བྱས་པར་འགྱུར་རོ། །གདོན་ཐམས་ཅད་དབབ་པ་དང་། བཅིང་བ་དང་། དམ་ཚིག་འཛིན་དུ་གཞུག་པ་དང་། རབ་ཏུ་འདུལ་བ་དང་། བསྲུང་བ་ལ་ནི་ཞེས་བྱ་བ་གོ་བར་ཟད་དོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་

གདོན་ལས་ཐར་བས་སོ། །དེ་ལ་འདིའི་མཚན་ཉིད་འདི་ཡིན་ཏེ། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་པ་བཀུག་ལ་མཐེ་བོང་གཉིས་བསྒྲེངས་ནས་ཕྱེ་སྟེ། མཆེ་བར་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྟེ། དེས་ལག་མཐིལ་དལ་བུས་བརྡབ་པ་དང་། མཛུབ་མོའི་སོར་མོ་བཙིར་བ་དང་།

གུང་མོའི་རྡོ་རྗེ་བསྡམས་པ་དང་། བྱབ་ཅིང་ཕྱག་རྒྱ་མྱུར་དུ་དགྲོལ་བ་དང་། སོར་མོ་ལྷག་མ་རྡོ་རྗེ་གཙུག་ཏོར་དུ་བྱ་བའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་བསྡམས་པ་བཅིངས་ཏེ། མཛུབ་མོ་གཉིས་བཀུག་པ་ནང་དུ་

བཅུག་སྟེ། མཐེ་བོང་གཉིས་ཁ་ཕྱེ་ལ་ཕྱེ་བའི་ཚུལ་གྱིས་རང་གི་ཁར་བཞག་ནས་རྡོ་རྗེ་གནོད་སྦྱིན་དུ་བདག་ཉིད་བསམས་ན་ལག་མཐིལ་གཉིས་དལ་གྱིས་བརྡབ་ཅིང་གདོན་གྱིས་ཟིན་པའི་སྙིང་གར་ཡང་རླུང་དང་མེའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རྡོ་རྗེ་གནོད་སྦྱིན་རང་བཞིན་

དུ་དྲག་པ་འོད་ཟེར་འབར་བ་ཀུན་དུ་འཁྲུགས་པ་ཡིད་ཀྱིས་བཅུག་ན་དེས་གནོད་སྦྱིན་གྱིས་བཟུང་བའི་ལུས་ལ་གནས་པའི་གདོན་ཤིང་སྐམ་པོ་ལྟར་འབར་ཞིང་སྲེག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འབར་བར་འགྱུར་རོ། །ཕྱག་རྒྱ་འདི་ཉིད་ཀྱིས་མཛུབ་མོ་འདི་ཉིད་ཀྱི་སེན་

Vol. 60 · folio 256a

མོ་ཕན་ཚུན་བཙིར་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་ལྕགས་སྒྲོག་གིས་གདོན་བཅིང་བར་འགྱུར་རོ། །ཕྱག་རྒྱ་འདི་ཉིད་གུང་མོ་གཉིས་རྩེ་མོ་སྦྱར་ལ་བསྟན་ན་ཐམས་ཅད་དུ་གདོན་དམ་ཚིག་འཛིན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བྱས་ལ།

གདོན་ལུས་ལས་བསལ་བའི་བསམ་པས་གདོན་འབྱུང་བའི་ཚུལ་དུ་བྱས་ནས་མྱུར་དུ་བཀྲོལ་ན་དེ་ལྟ་བུས་ནི་གདོན་ཐམས་ཅད་འདུལ་བར་འགྱུར་ཏེ། གདོན་ལས་ཐར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེ་གཉིས་ཀྱིས་མཛུབ་མོ་དང་། མཐེ་བོང་གི་གདོང་སྦྱར་ལ་ཕྱག་རྒྱ་དེ་

བསྒྲུབ་པར་བྱ་བའི་སྤྱི་གཙུག་ཏུ་གཞག་པར་བྱས་ཏེ། དེ་ལྟ་བུས་ནི་བསྲུང་བར་འགྱུར་རོ། །གདོན་བསལ་ནས་བསྒྲུབ་པར་བྱ་བ་ཕྱག་རྒྱ་འདིས་བསྲུང་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །ཐམས་ཅད་བཅིང་བ་དང་། ཐར་པ་དང་། དྲལ་བ་དང་། ལྟུང་བར་བྱ་བ་དང་། བསླང་བ་ལ་ནི་ཞེས་བྱ་བ་ནི་

གོ་བར་སླའོ། །དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་ཁྲོ་བོ་ཆེན་པོས་སོ། །ཞེས་བྱ་བ་གསུངས་སོ། །འདིའི་མཚན་ཉིད་ནི་འདི་ཡིན་ཏེ། བ་དན་གསུམ་པ་གཉིས་བཀན་ཏེ། མཛུབ་མོ་ཁས་སྦུབ་པ་དང་། གུང་མོ་མདུད་པར་བཅིངས་ལ་གུང་མོ་དང་མཛུབ་མོ་གདོང་སྦྱར་བ་དེ་

དང་རྡོ་རྗེ་ཧཱུཾ་མཛད་ཀྱིས་ལས་བྱ་བ་ནི་མདུད་པ་བཙིར་བ་དང་། ཕྱག་རྒྱ་མོད་ལ་དགྲོལ་བ་དང་། བཙིར་ཏེ་སེ་གོལ་གཏོགས་པ་དང་། གུང་མོས་བརྡེབ་ཅིང་དོང་དུ་ལྟུང་བར་བྱ་བ་དང་། བསླང་བའི་ཚུལ་དུ་བྱ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ།

བ་དན་གསུམ་པ་གཉིས་བཀན་ཏེ་བཞག་ནས་དེ་ནས་དེ་ཁས་སྦུབ་ལ། གུང་མོ་གཉིས་མདུད་པ་བྱས་ལ། མཛུབ་མོ་གཉིས་དང་གུང་མོ་གཉིས་གདོང་སྤྲད་དེ་ཕྱག་རྒྱ་བཙིར་ཞིང་ཧཱུཾ་བཟླས་ནས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ཏེ། ཧཱུཾ་ཞེས་བཟླས་ན་ཐམས་ཅད་བཅིང་བར་འགྱུར་རོ། །ཧཱུཾ་དེ་

ཉིད་ཟློས་ཤིང་། ལྕགས་སྒྲོག་ལ་སོགས་པ་བཅིངས་པའི་སྟེང་དུ་འབར་བའི་རྡོ་རྗེ་དབབ་པར་ཡིད་ཀྱིས་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བཅིངས་པ་ཀུན་ལས་གྲོལ་བར་བྱེད་པར་འགྱུར་རོ། །དེ་ཉིད་ཟློས་ཤིང་ཕྱག་རྒྱ་བཙིར་ལ་འཁྲུལ་འཁོར་ལ་སོགས་པ་གཞིག་པའི་བསམ་པས་རྡོ་རྗེ་འབར་བ་

Vol. 60 · folio 256b

དེ་ལ་ཡིད་ཀྱིས་དབབ་པར་བྱས་ཏེ། དེ་རྣམ་པར་བཤིག་ན་དེ་ལྟ་བུས་ཐམས་ཅད་དྲལ་བར་འགྱུར་རོ། །དེ་ཕྱག་རྒྱ་དེ་ཉིད་བཅིངས་ཏེ། གུང་མོ་གཉིས་རྩེ་མོ་སྦྱར་ནས་རྩེ་མོ་དེས་ལྷ་ལ་སོགས་པ་ལྷུང་བར་བྱ་བའི་བསམ་པས་ཧཱུཾ་བཟླས་ལ་ནམ་མཁའ་ལ་བསྣུན་ན། དེ་ལྟ་བུས་ནི་ཐམས་ཅད་དོང་

དུ་ལྟུང་བར་འགྱུར་རོ། །ཡང་གུང་མོ་གཉིས་སྔ་མ་བཞིན་དུ་བཅིངས་ཏེ་འདིས་བླང་བའི་ཚུལ་དུ་བྱེད་ཅིང་ཡི་གེ་ཧཱུཾ་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་ལྟུང་བ་ཐམས་ཅད་ལས་བསླང་བར་འགྱུར་རོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་དང་། གདོན་ལས་ཐར་བར་བྱ་བ་དང་། འཆི་བ་སློང་

བ་དང་། ཚེ་མངོན་པར་འཕེལ་བ་དང་། ཤིན་ཏུ་བསྲུང་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་ལན་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་སོ། །བ་དན་གསུམ་པ་གཉིས་མཉམ་པོར་བྱས་ལ་མཛུབ་མོ་དང་མཐེ་ཆུང་རྡོ་རྗེར་བྱས་ཏེ། གུང་མོ་མདུད་

ལ་བཟློག་སྟེ། དབང་བསྐུར་བའི་གནས་དང་། ཁར་བཞག་ལ་ཧཱུཾ་གིས་གཞིག་པ་དང་། མུས་གདོན་ལས་ཐར་བར་བྱ་བ་དང་། ཨ་ཞེས་བྱ་བ་ལ་སོགས་པས་འཆི་བ་ལས་བསླང་བ་དང་། ཧཱུཾ་གི་གླུས་ཚེ་མངོན་པར་འཕེལ་བ་དང་། ཡི་གེ་ཧཱུཾ་གི་ཆོས་ཀྱི་ཚིག་གིས་ཤིན་ཏུ་བསྲུང་བ་ནི་

འདིའི་མཚན་ཉིད་ཡིན་ནོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཡི་གེ་ཧཱུཾ་ལས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱིས་དཔལ་ཧེ་རུ་ཀར་བདག་ཉིད་བསྐྱེད་ལ་བ་དན་གསུམ་པ་གཉིས་བཅིངས་ཏེ། གུང་མོའི་སོར་མོ་གཉིས་མདུད་པའི་

ཚུལ་དུ་བཅིངས་ལ། མཛུབ་མོ་གཉིས་དང་། མཐེ་ཆུང་གཉིས་ཀྱི་རྩེ་མོ་གཉིས་བྱས་ལ་བཟློག་སྟེ། མཛུབ་མོ་གཉིས་ཀྱི་གདོང་མཛོད་སྤུའི་གནས་སུ་བཞག་ལ། ཡི་གེ་ཧཱུཾ་ཟློས་ཤིང་མཁའ་འགྲོ་མའམ། །ཕྲ་མེན་མས་ཟིན་པའི་ལུས་ལ་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་ཡིད་ཀྱིས་

བཅུག་ལ་དེས་མཁའ་འགྲོ་མའི་ཕྱག་རྒྱ་ཐམས་ཅད་ཟོས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མཁའ་འགྲོ་མའི་ཕྱག་རྒྱ་ཐམས་ཅད་གཞིག་པར་འགྱུར་རོ། །གལ་ཏེ་མཁའ་འགྲོ་མ་རྣམས་ཕྱག་རྒྱ་བཅིངས་པས་གནོད་པར་བྱེད་པར་འགྱུར་ན་དེའི་ཚེ་དེའི་ཕྱག་རྒྱའི་སྟེང་དུ་ཧཱུཾ་གིས་རྡོ་རྗེ་

Vol. 60 · folio 257a

འབར་བ་དབབ་པར་བྱས་ཏེ། དེ་ལྟ་བུས་ཀྱང་མཁའ་འགྲོ་མའི་ཕྱག་རྒྱ་ཐམས་ཅད་འཇིག་པར་འགྱུར་རོ། །ཕྱག་རྒྱ་འདི་ཉིད་བཅིངས་ལ་མཁའ་འགྲོ་མ་ལ་སོགས་པའི་གདོན་ལས་ཐར་བར་བྱ་བའི་བསམ་པས་མུ་ཞེས་བྱ་བ་ཟློས་ཤིང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡང་

བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ནས་གདོན་རྣམས་ངེས་པར་འབྱིན་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གདོན་ལས་ཐར་བར་འགྱུར་རོ། །ཕྱག་རྒྱ་འདི་ཉིད་བཅིངས་ལ་མཁའ་འགྲོ་མའི་གདོན་གྱིས་བསད་པའི་ལུས་ལ། དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་ཡི་གེ་ཨ་ཟློས་ཤིང་ཡིད་ཀྱིས་

བཅུག་ལ་རྡོ་རྗེ་འབར་བའི་ལྕགས་ཀྱུས་མཁའ་འགྲོ་མའི་གདོན་ལས་སྙིང་བཀུག་ལ་བཅིངས་པའི་ལུས་ལ་བཅུག་ལ། དེའི་སྙིང་ལ་བཞག་སྟེ། དེས་བདེ་ཞིང་སླར་འཚོ་བར་འགྱུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འཆི་བ་བསླང་བར་འགྱུར་རོ། །ཕྱག་རྒྱ་དེ་ཉིད་བཅིངས་ལ་ཧཱུཾ་གིས་

གླུ་ཟློས་ཤིང་བསྒྲུབ་པར་བྱ་བའི་སྙིང་གར་དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག་ཅན་གྱི་མགོ་ལ་བདུད་རྩིའི་ཆར་འབེབས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཚེ་འདི་མངོན་པར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཕྱག་རྒྱ་དེ་བཅིངས་ལ་ཆོས་ཀྱི་ཚིག་གིས་ཡི་གེ་ཧཾ་ཟློས་ཤིང་། བསྒྲུབ་པར་

བྱ་བའི་རྡོ་རྗེའི་གོ་ཆས་རྡོ་རྗེར་བྱ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཤིན་ཏུ་བསྲུང་བར་འགྱུར་རོ། །སྒྲུབ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །སྲིན་པོ་ལ་སོགས་པའི་གདོན་གྱིས་ཉེ་བ་ནི་སྡིག་པའོ། །རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བྱུར་ནི་གོ་བར་

ཟད་དོ། །བྱུར་ལ་སོགས་པ་འདི་དག་གཞིག་པ་ནི་ཞི་བའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་ཞི་བས་སོ་ཞེས་གསུངས་ཏེ། པདྨ་ཆེན་པོ་བཅིངས་ལ་ཇི་སྲིད་འདོད་པར་བཟླས་པ་འམ་ཡང་ན་པདྨའི་ཁུ་ཚུར་གཡོན་པ་བསྟན་ཏེ། མར་དང་། ཏིལ་མར་དང་། ཏིལ་དང་།

འབྲས་དང་། འབྱུང་ཁུང་གི་ཕྱེ་མའི་སྦྱིན་སྲེག་བྱ་བ་ནི་འདིའི་མཚན་ཉིད་ཡིན་ནོ། །དེ་ལ་རྡོ་རྗེ་ཐལ་མོ་ཁོང་སྟོང་དུ་བྱས་པ་ལས་མཛུབ་མོ་དང་། གུང་མོ་དང་མཐེ་བོང་དང་། མཐེའུ་ཆུང་དང་མཐེབ་མོའི་འདབ་མ་བཞིར་བྱ་བ་ནི་པདྨ་ཆེན་པོའི་མཚན་ཉིད་ཡིན་ནོ། །པདྨའི་ཁུ་ཚུར་གྱི་

Vol. 60 · folio 257b

མཚན་ཉིད་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་ལས་འོག་ནས་བཤད་པ་ལས་ཤེས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རས་རིས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་

སྤྱན་དྲངས་ལ། ཡང་དག་པར་མཆོད་དེ་ཕྱག་བྱས་ནས་དེའི་འོག་ཏུ་པདྨ་ཆེན་པོ་བཅིངས་ཏེ་འོད་ཟེར་འབར་བས་ཀུན་དུ་འཁྲུགས་པ། འཕྲོ་བ་རྣམ་པར་འབར་བའི་འོད་ཀྱི་རང་བཞིན་ནི་དཔལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྱན་སྔར་འདུག་པ་ལ། ཨོཾ་ནི་ར་ཝ་ར་ཎ་སརྦ་དྷརྨ་ཏཱ་བཛྲ་དྷ་རི་ཎི་ཧཾ།

ཞེས་ཟློས་ཤིང་པདྨ་ཆེན་པོའི་ཕྱག་རྒྱས་སྒྲིབ་པ་ཐམས་ཅད་བླངས་ལ་བསྲེག་པར་བྱའོ། །དེ་ལྟ་བུས་ནི་སྒྲིབ་པ་ཐམས་ཅད་འཇིག་པར་འགྱུར་རོ། །ཨོཾ་རོ་ཛོ་བི་ག་ཏ་སརྦ་དྷརྨཱ་བཛྲ་དྷ་རི་ཎི་ཧཾ། ཞེས་བྱ་བས་སྡིག་པ་ཐམས་ཅད་བླངས་ལ་བསྲེག་པར་བྱའོ། །དེ་ལྟ་བུས་ནི་སྡིག་པ་ཐམས་ཅད་འཇིག་

པར་འགྱུར་རོ། །ཨོཾ་སྭཔྣོ་པ་མ་སརྦ་དྷརྨཱཿ པྲ་ཏི་བེ་ད་བཛྲ་དྷ་རི་ཎི་ཧཾ། ཞེས་བྱ་བས་རྨི་ལམ་ངན་པ་བླངས་ལ་བསྲེག་པར་བྱའོ། །དེ་ལྟ་བུས་ནི་རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། །ཨོཾ་ནི་རྣི་མིཏྟ་སརྦ་དྷརྨཱ་ཛྙཱ་ན་བཛྲ་དྷ་རི་ཎི་ཧཾ། ཞེས་བྱ་བས་ལྟས་ངན་པ་ཐམས་ཅད་བླངས་ལ་

བསྲེག་པར་བྱའོ། །དེ་ལྟ་བུས་ནི་ལྟས་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། །ཨོཾ་སྭ་བྷཱ་ཝ་པྲ་བྷ་སྭ་ར་སརྦ་དྷརྨཱ་བཛྲ་དྷ་རི་ཎི་ཧཾ། ཞེས་བྱ་བས་བྱུར་ཐམས་ཅད་བླངས་ལ་བསྲེག་པར་བྱས་ན་དེ་ལྟ་བུས་ནི་བྱུར་ཐམས་ཅད་འཇིག་པར་འགྱུར་རོ། །ཡང་ན་པདྨ་ཅན་གྱི་ཁུ་ཚུར་གྱིས་ཕྱིའི་སྦྱིན་སྲེག་

བྱས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། ལས་ཐམས་ཅད་པའི་ཐབ་ཁུང་དུ་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ནས། གཡོན་པའི་པདྨའི་ཁུ་ཚུར་དང་། གཡས་པ་པདྨའི་ཁུ་ཚུར་གྱིས་དགང་གཟར་དང་བླུགས་གཟར་བླངས་ཏེ། ཨོཾ་ནི་ར་ཝ་ར་ཎ་སརྦ་དྷརྨ་

ཏཱ་བཛྲ་དྷ་རི་ཎི་ཧཾ། ཞེས་མར་གྱི་སྦྱིན་སྲེག་བྱས་ཏེ། དེ་ལྟ་བུས་ནི་སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་དུ་བྱས་ནས། ཨོཾ་རོ་ཛོ་བི་ག་ཏ་སརྦ་དྷརྨཱ་བཛྲ་དྷ་རི་ཎི་ཧཾ་ཞེས་ཟློས་ཤིང་ཏིལ་མར་གྱི་སྦྱིན་སྲེག་བྱས་ན་དེ་ལྟ་བུས་ནི་སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ། །

Vol. 60 · folio 258a

དེ་བཞིན་དུ་ཐམས་ཅད་བྱས་ལ། ཨོཾ་སྭཔྣོ་པ་མ་སརྦ་དྷརྨཱཿཔྲ་ཏི་བེ་ད་བཛྲ་དྷ་རི་ཎི་ཧཾ། ཞེས་ཟློས་ཤིང་ཏིལ་གྱི་སྦྱིན་སྲེག་བྱས་ན་རྨི་ལམ་ངན་པ་རྣམས་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། ཨོཾ་ནི་རྣི་མིཏྟ་སརྦ་དྷརྨཱ་ཛྙཱ་ན་བཛྲ་དྷ་རི་ཎི་ཧཾ། ཞེས་བྱ་བས་

འབྲས་ཀྱི་སྦྱིན་སྲེག་བྱས་ན་དེ་ལྟ་བུས་ནི་ལྟས་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། དེ་བཞིན་དུ་ཐམས་ཅད་བྱས་ལ་ཨོཾ་སྭ་བྷཱ་བ་པྲ་བྷ་སྭ་ར་སརྦ་དྷརྨཱ་དྷ་རི་ཎི་ཧཾ། ཞེས་བྱ་བས་གསེར་ཁམས་ཀྱི་ཕྱེ་མའི་སྦྱིན་སྲེག་བྱས་ན་དེས་ནི་བྱུར་རྣམས་འཇོམས་པར་འགྱུར་རོ། །ཐམས་ཅད་དབབ་

པ་དང་། བསྒུལ་བ་དང་། གར་བྱེད་དུ་གཞུག་པ་དང་། ཐམས་ཅད་བདེན་པར་སྨྲར་གཞུག་པ་དང་། པྲ་སེ་ན་ཐམས་ཅད་བསྒྲུབ་པར་ཡང་ཤེས་པར་བྱའོ། །དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་མའི་འབེབས་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་ཐམས་ཅད་དབབ་པ་དང་།

བསྐྱོད་པ་དང་། གར་བྱེད་དུ་གཞུག་པ་དང་། ཐམས་ཅད་བདེན་པར་སྨྲར་གཞུག་པ་དང་། པྲ་སེ་ན་ཐམས་ཅད་སྒྲུབ་པ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་འབེབས་པའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་སོ། །དེ་ལ་འདིའི་

མཚན་ཉིད་ནི་འདི་ཡིན་ཏེ། བ་དན་གསུམ་པའི་རྡོ་རྗེ་གཉིས་བཅིངས་ལ་དགའ་བའི་ཚུལ་གྱིས་སེན་མོས་རོལ་མོ་བྱེད་པ་དང་། རྡོ་རྗེ་བཅིངས་པ་སྟེང་དང་འོག་ཏུ་བསྐྱོད་པ་དང་། རྡོ་རྗེ་བསྡམས་པའི་ཐ་མ་ལ་སོགས་པ་ནས་གྲོལ་བར་གར་བྱ་བ་དང་། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་ཁ་

ནས་དབྱུང་བ་ལྟ་བུ་དང་། བདེ་བ་ཆེན་པོ་དོན་ཡོད་པའི་དམ་ཚིག་གི་ལྕགས་ཀྱུས་དངོས་པོ་ཐམས་ཅད་ལ་རྒྱུ་བ་དང་མི་རྒྱུ་བ་རྣམས་གཟུགས་བརྙན་གྱི་ཚུལ་གྱིས་གསལ་བར་བསྟན་པ་དང་། སྒྲ་སྙན་གྱི་ཚུལ་གྱིས་སེམས་ཅན་དང་། བདག་ཉིད་ཀྱིས་ཐམས་ཅད་བདེ་བར་གསལ་བར་

ཐོབ་པའོ། །འདིས་ནི་འདི་སྐད་སྟོན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བ་དན་གསུམ་པ་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ལ་དགའ་བའི་ཚུལ་གྱིས་མཐེ་བོང་དང་། མཛུབ་མོའི་སེན་མོས་རོལ་མོ་བྱེད་ཅིང་བཅོམ་ལྡན་འདས་དཔལ་རྡོ་རྗེ་

Vol. 60 · folio 258b

སེམས་དཔའ་རླུང་དང་མེའི་དཀྱིལ་འཁོར་ལ་ཞུགས་པ་འབར་བའི་འོད་ཟེར་ཀུན་དུ་འཁྲུགས་པས་བསྒྲུབ་པར་བྱ་བ་ཀུན་དུ་གང་བར་འགྱུར་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་འབབ་པར་འགྱུར་རོ། །བ་དན་གསུམ་པ་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་

པ་བསྒྲུབ་པར་བྱ་བ་བསྐྱོད་པའི་བསམ་པས་སྟེང་དང་འོག་ཏུ་བསྐུལ་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྐུལ་བར་བྱས་ཏེ། དེ་བཞིན་དུ་ཐམས་ཅད་བྱས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་གཅིག་ཏུ་བྱས་ཏེ་བ་དན་གསུམ་པ་གཉིས་ཀྱི་རང་བཞིན་ཅན་རྡོ་རྗེ་

བསྡམས་པ་བཅིངས་ཏེ། ཐ་མ་ལ་སོགས་པ་ནས་གྲོལ་བའི་ཚུལ་གྱིས་གར་བྱས་ནས་དེ་ལྟ་བུས་ནི་ཐམས་ཅད་གར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་གཅིག་ཏུ་བྱས་ཏེ། བ་དན་གསུམ་པ་གཉིས་ཀྱིས་

རང་བཞིན་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ལ། མཛུབ་མོ་གཉིས་གཞིབས་ཏེ། རྩེ་མོར་བྱས་ནས་ཚིག་འབྱུང་བའི་ཚུལ་གྱིས་ཁའི་ཕྱོགས་ནས་གྱེན་དུ་བཏེག་ན་དབབ་པར་གྱུར་པའི་སེམས་ཅན་ཐམས་ཅད་སྨྲ་བར་འགྱུར་རོ། །གསང་བའི་ལྕགས་ཀྱུས་བཅིངས་ལ་

དངོས་པོ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་བྱུང་བར་བསྒོམས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་བཀུག་ན་དེ་རང་ཉིད་ཀྱིས་མཐོང་ཞིང་གཞན་རྣམས་ལ་ཡང་སྟོན་པར་འགྱུར་བ་དང་། བྲག་ཅ་དང་འདྲ་བའི་སྦྱོར་བས་ནི་སྒྲ་ཐམས་ཅད་རང་གིས་ཐོས་པ་དང་།

གཞན་གྱིས་ཐོས་པར་བྱེད་པར་འགྱུར་རོ། །ཐམས་ཅད་རྒྱས་གདབ་པ་དང་། གསད་པ་དང་། ལྟུང་བར་བྱ་བ་དང་། བསླང་བ་དང་། སླར་གསོ་བ་དོན་ཡོད་པར་གྲུབ་པ་ལ་ནི་ཞེས་བྱ་བ་ནི་གོ་སླའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་མཁའ་འགྲོ་མ་

ཆེན་པོས་སོ་ཞེས་བྱ་བ་གསུངས་སོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ལ་རྡོ་རྗེ་ལྟ་བས་ལས་བྱ་བ་ནི་འདི་ལྟ་སྟེ་མིག་མི་འཛུམས་པར་བལྟ་བ་དང་། མིག་འབྲས་གྱེན་དུ་བཟློག་པ་དང་། མྱུར་དུ་བཙུམས་ཏེ་བསྒྱེལ་བ་དང་།

Vol. 60 · folio 259a

འོག་ནས་བསླང་བར་བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཡི་གེ་ཧཱུཾ་ལས་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་བསྒྲུབ་པར་བྱ་བ་ལ་མིག་མི་

འཛུམས་པར་བལྟ་ཞིང་བསྒྲུབ་པར་བྱ་བའི་སྙིང་གར་རྡོ་རྗེ་འབར་བ་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་རྒྱས་བཏབ་པར་འགྱུར་རོ། །མིག་གྱེན་དུ་བསྒུལ་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ་བསྒྲུབ་པར་བྱ་བའི་སྲོག་བླངས་ནས་གྱེན་དུ་འཕུར་བར་བྱས་ཏེ། དེ་

ལྟ་བུས་ནི་ཐམས་ཅད་གསོད་པར་འགྱུར་རོ། །བསྒྲུབ་པར་བྱ་བ་ལྟུང་བར་བྱ་བའི་བསམ་པས་མིག་འཛུམས་ལ་མྱུར་དུ་ལྟུང་བར་བྱས་པས་ནི་ཐམས་ཅད་ལྟུང་བར་འགྱུར་རོ། །ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་ཉིད་ཀྱིས་བསླང་བའི་ཚུལ་དུ་བྱ་ཞིང་། ལྟ་བས་བསླང་བ་ནི་ཐམས་ཅད་

བསླང་བར་འགྱུར་རོ། །བལྟ་བ་དེ་ཉིད་དང་ཁྲོ་བོའི་ལྟ་བས་བྱས་ན་ཐམས་ཅད་སླར་སོས་པར་འགྱུར་རོ། །ཐམས་ཅད་རེངས་པར་བྱ་བ་དང་། རྨོངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་། གསད་པ་དང་། བཟའ་བར་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་སླའོ། །འདི་དག་

ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་གདུག་པའི་སྲིན་པོས་སོ་ཞེས་བྱ་བ་གསུངས་སོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་བཟློག་ནས་མཆེ་བར་བྱ་ཞིང་མཐེ་ཆུང་སོར་བྱས་པས་གཟུང་ཞིང་མཆེ་བ་

གཙིགས་པས་འཇིགས་སུ་རུང་བའི་ཁས་མི་འགུལ་བ་ཉིད་དང་། ཡན་ལག་ཐམས་ཅད་ལྷོད་པ་དང་གཉིད་ཡུར་ཞིང་གླལ་བ་དང་། རང་གི་སྙིང་འཇོམས་པ་དང་། མྱུར་དུ་ལྡང་བའོ། །འདིས་ནི་འདི་སྐད་སྟོན་པར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་

སྦྱོར་བ་བྱས་ལ་རྡོ་རྗེ་གནོད་སྦྱིན་དུ་བདག་ཉིད་བསམས་ལ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ནས་ཁ་འགྲམ་གཉིས་སུ་མཆེ་བའི་ཚུལ་དུ་བཞག་ལ། མཐེའུ་ཆུང་གཉིས་འཇིགས་སུ་རུང་བའི་ཁས་བསྒྲུབ་པར་བྱ་བ་ལེན་པའི་བསམ་པས་སོས་འཛིན་པར་བྱས་ཏེ། དེ་

Vol. 60 · folio 259b

ལྟ་བུས་ནི་ཐམས་ཅད་རེངས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། གཅིག་ཏུ་གྱུར་པར་བྱས་ཏེ། ཕྱག་རྒྱ་འདི་ཉིད་བཅིངས་ལ་བསྒྲུབ་པར་བྱ་བ་རྨོངས་པར་བྱ་བའི་བསམ་པས་ཡན་ལག་ཐམས་ཅད་ལྷོད་པར་གྱུར་པར་བྱས་ན་དེ་ལྟ་བུས་ནི་

ཐམས་ཅད་རྨོངས་པར་འགྱུར་རོ། །དེ་ཉིད་བཅིངས་ལ་བསྒྲུབ་པར་བྱ་བ་དང་། གཅིག་ཏུ་གྱུར་པར་བསམས་ལ་མིག་བཙུམས་ཏེ་གླལ་བར་བྱས་ན་དེ་ལྟ་བུས་ནི་ཐམས་ཅད་གཉིད་ལོག་པར་བྱ་བར་འགྱུར་རོ། །བསྒྲུབ་པར་བྱ་བ་གཞིག་པའི་བསམ་པས་སྙིང་གར་ཕྱག་རྒྱ་གཞིག་

པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་གསོད་པར་འགྱུར་རོ། །བསྒྲུབ་པར་བྱ་བ་བཟའ་བའི་བསམ་པས་མྱུར་དུ་ལྡང་བའི་ཚུལ་བྱས་ན་དེ་ལྟ་བུས་ནི་ཐམས་ཅད་ཟ་བར་འགྱུར་རོ། །གཞན་གྱི་དཔུང་ཐམས་ཅད་སྐྲག་པར་བྱ་བ་དང་། གཞིག་པར་བྱ་བ་དང་། ལྟུང་བར་

བྱ་བ་དང་། གསད་པ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་རྣམས་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་གཤེད་བྱེད་ཀྱིས་སོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཁ་གདངས་པ་དང་། གདོང་འཇིགས་སུ་རུང་བ་

སྐྲ་གྱེན་དུ་བརྫེས་པ། མགོ་ཐུར་དུ་འདུད་ཅིང་འདེགས་པས་ལས་བྱའོ་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་འཕེན་པ་དང་། ཁུ་ཚུར་བཙིར་བ་དང་། ཡི་གེ་ཧཱུཾ་གིས་མགོ་བོས་སྡིགས་མཛུབ་བྱེད་པ་དང་། རང་ཉིད་ཁྲོ་ཞིང་མྱུར་དུ་བསྒྱེལ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་

དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྤྲུལ་པ་བསམས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་རྣལ་འབྱོར་པ་ཁ་གདངས་ཤིང་སྐྲ་གྱེན་དུ་བརྫེས་པ། མགོ་བོ་འོག་ནས་བསྟོད་དེ་བྷྱོ་ཞེས་ཟློས་ཤིང་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཚད་མེད་པས་

གཞན་གྱི་དཔུང་མཆོག་ཏུ་སྐྲག་པར་བྱས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གཞན་གྱི་དཔུང་ཐམས་ཅད་སྐྲག་པར་བྱས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་དུ་བདག་ཉིད་བསམས་ལ་གཞན་གྱི་དཔུང་གཞིག་ཅིང་གཞོམ་པའི་བསམས་པས་དེའི་ཐད་ཀར་འཕང་

Vol. 60 · folio 260a

ཞིང་རྡོ་རྗེ་འབར་བའི་ཕྲ་རབ་གཞན་གྱི་དཔུང་གི་སྟེང་དུ་འབེབས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གཞན་གྱི་དཔུང་ཐམས་ཅད་བཅོམ་པར་བྱས་པར་འགྱུར་རོ། །སྔ་མ་བཞིན་དུ་རྡོ་རྗེ་གནོད་སྦྱིན་དུ་བདག་ཉིད་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིང་ཞིང་། གཞན་

གྱི་དཔུང་ཁྲོ་བོའི་རྡོ་རྗེ་གཉིས་ཀྱི་བར་དུ་བཙིར་བར་གྱུར་པར་བསམས་ན། དེ་ལྟ་བུས་ནི་རང་དབང་དུ་བྱས་པར་འགྱུར་རོ། །སྔ་མ་བཞིན་དུ་བདག་ཉིད་བསམས་ལ་ཧཱུཾ་དང་མགོ་བོས་སྡིགས་མཛུབ་བྱས་ཤིང་གཞན་གྱི་དཔུང་གི་སྟེང་དུ་རྡོ་རྗེ་གནོད་སྦྱིན་གྱི་ལུས་ཆེན་པོ་ལྟུང་བར་བསམ་པར་

བྱས་ཏེ། དེ་ལྟ་བུས་ནི་གཞན་གྱི་ལུས་ཐམས་ཅད་ལྷུང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་དུ་བདག་ཉིད་བསམས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། ཁྲོ་བོ་ཆེན་པོ་ཟིལ་གྱིས་གནོན་པར་གྱུར་པ་དང་། གཞན་གྱི་དཔུང་གསད་པའི་བསམ་པས་ཤིན་ཏུ་མྱུར་དུ་ལྷུང་བར་བྱ་

ཞིང་། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ཡང་རྡོ་རྗེ་འོད་ཟེར་འབར་བ་ཀུན་དུ་འཁྲུགས་པས་གཞན་གྱི་དཔུང་གི་སྟེང་དུ་ཕབ་པས་གཞན་གྱི་དཔུང་ཐལ་བར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གཞན་གྱི་དཔུང་ཐམས་ཅད་གསོད་པར་འགྱུར་རོ། །ཁྲོ་བ་ཐམས་ཅད་བསལ་

བ་དང་། བཞིན་རས་དང་བར་བྱ་བ་དང་། རྩོད་པ་ལས་རྒྱལ་བ་དང་། འཇིགས་པ་ཐམས་ཅད་ལས་ཐར་བ་དང་། གཡུལ་འགྱེད་པ་ལས་རྒྱལ་བ་གྲུབ་པ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱི་རྩེ་

མོ་ཞེས་བྱ་བ་གསུངས་སོ། །དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་སྲིན་ལག་དང་མཐེ་ཆུང་གཉིས་མཉམ་པོར་ཕྱེ་སྟེ། བ་དན་བྱ་བ་ནི་རྒྱལ་མཚན་མཆོག་གི་རྩེ་མོ་སྟེ། ལས་ནི་རབ་ཏུ་འདུད་པ་དང་། འཛུམ་པ་དང་། ལྕེ་སྟོན་པ་དང་། ཕྲག་པ་གཉིས་

བསྙེམས་པ་སྟོན་པ་དང་། རྒྱལ་མཚན་བསྒྲེང་བའོ། །འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་གནོད་སྦྱིན་དུ་བདག་ཉིད་བསམས་ནས་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཛུབ་མོ་གཉིས་བཀུག་ནས་བར་ཡོད་པར་གནས་པར་བྱས་ལ་མཐེ་བོང་གཉིས་

Vol. 60 · folio 260b

ཕྱེ་སྟེ། བསྒྲེངས་ལ་མཆེ་བ་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །འདི་ཉིད་ཀྱི་སྲིན་ལག་དང་མཐེ་ཆུང་གཉིས་ཕྱེ་སྟེ། བ་དན་ལྟ་བུར་བྱ་བ་འདི་ནི་རྒྱལ་མཚན་མཆོག་གི་དཔུང་རྒྱན་ཏེ། འདི་བཅིངས་ལ་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་གཅིག་ཏུ་བྱས་ལ་བསྒྲུབ་པར་བྱ་བ་རབ་ཏུ་འདུད་

པའི་བསམ་པས་ཕྱག་བྱས་ནས་དེ་ལྟ་བུས་ཁྲོ་བ་ཐམས་ཅད་བསལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་བསྒྲུབ་པར་བྱ་བ་དང་། གཅིག་ཏུ་བྱས་ཏེ། འཛུམ་པ་བྱས་ནས་བཞིན་རས་དང་བར་འགྱུར་རོ། །འདི་ཉིད་བཅིངས་ལ་ལྕེ་བསྟོད་དེ་བསྐྱོད་པས་ནི་རྩོད་པ་ལས་རྒྱལ་བའོ། །དེ་ཉིད་

བཅིངས་ལ་ཕྲག་པ་གཉིས་བསྙེམས་པ་བསྟོད་པའི་ཚུལ་དུ་བྱས་ལ་དེ་ལྟ་བུས་ནི་འཇིགས་པ་ལས་ཐར་བར་འགྱུར་རོ། །དེ་ཉིད་བཅིངས་ལ་ལག་ངར་གཉིས་བརྐྱང་སྟེ་སྤྱི་བོར་བཞག་ལ་ཕྱག་རྒྱ་བཅིངས་པ་དེ་ལས་དཔུང་གི་ཚོགས་ཡན་ལག་བཞི་པོ་ཕྱུང་སྟེ། དེས་གཞན་གྱི་དཔུང་

བཅོམ་པར་བསམས་ན་དེ་ལྟ་བུས་ནི་གཡུལ་འགྱེད་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །སྤྲིན་ཐམས་ཅད་ཡང་དག་པར་བཟུང་ཞིང་མི་གཡོ་བར་བྱ་བ་དང་། ཆར་ཆེན་པོ་དབབ་པ་དང་། རླུང་དང་། ཆར་དང་། གློག་དང་། སེར་བ་དང་། སྤྲིན་བཟློག་པ་དང་། ཚ་བ་དང་། གྲང་

བ་བསལ་བས་ནི་ཞེས་བྱ་བ་ནི་གོ་སླའོ། །འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་དབང་པོས་རྡོ་རྗེས་སོ་ཞེས་བྱ་བ་གསུངས་སོ། །དེ་ལས་དཔལ་འདི་དག་གི་མཚན་ཉིད་ནི་འདི་ཡིན་ཏེ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ་རྡོ་རྗེ་གསོར་ཞིང་ལས་བྱ་བ་ནི་ནམ་མཁར་

དབུགས་གཏོང་བ་དང་། ཐམས་ཅད་དུ་བསྐྱོད་ཅིང་གཡོ་བའི་ལྟ་བས་ཆར་དབབ་པའི་ཚུལ་དང་། ཁྲོ་བོ་རྡོ་རྗེ་མེ་ལྟར་འབར་བའི་བཟླས་པས་ཆར་གཅད་པ་དང་། གྲང་བས་ཡན་ལག་འདར་བའི་ཚུལ་དང་ཐམས་ཅད་དུ་འབར་བའི་རྣམ་པར་བསམ་པར་བྱའོ། །འདི་སྐད་སྟོན་

པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལག་པ་གཡས་པས་དང་པོའི་རྡོ་རྗེ་གསོར་ལ་ནམ་མཁར་དབུགས་གཏོང་ཞིང་བཟླས་བརྗོད་བྱས་ནས་རང་གི་དབུགས་ཀྱི་རྡོ་རྗེ་རླུང་གི་དཀྱིལ་

Vol. 60 · folio 261a

འཁོར་གྱིས་ཀྱང་སྤྲིན་མི་འགུལ་བར་བྱས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་སྤྲིན་ཐམས་ཅད་ཡང་དག་པར་གཟུང་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་གསོར་ཏེ་ཐམས་ཅད་དུ་བསྐྱོད་ཅིང་འཛུམ་པའི་བསམ་པའི་ལྟ་བས་ཆར་དབབ་པའི་ཚུལ་དུ་བྱས་ཏེ། དེ་ལྟ་

བུས་ནི་ཆར་འབེབས་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་གསོར་ཞིང་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ལ་ཧཱུཾ་ཟློས་ཤིང་ཁྲོ་བོའི་ལྟ་བས་རླུང་དང་། ཆར་དང་། སེར་བ་དང་། གློག་དང་། སྤྲིན་བསལ་བས་ནི་དེ་དག་ཞི་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་

བྱས་ལ་རྡོ་རྗེ་གསོར་ཞིང་། གྲང་བ་དང་རླུང་ཆེན་པོ་བསྒོམས་པས་ཡན་ལག་གྲང་བས་འདར་ཚུལ་དུ་བྱས་ན། དེ་ལྟ་བུས་ནི་ཚ་བ་ཐམས་ཅད་སེལ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ལ་རྡོ་རྗེ་གསོར་ཞིང་ཐམས་ཅད་དུ་མེ་འབར་བ་བསྐྱེད་པའི་

ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་གྲང་བ་བསལ་ཞིང་འཇིག་པར་འགྱུར་རོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཤིན་ཏུ་གྲུབ་པ་ནི་རྟག་པར་གྲུབ་པའོ། །དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་འདོད་པའི་དབང་ཕྱུག་གིས་སོ་ཞེས་བྱ་བ་གསུངས་ཏེ། དེ་ནས་

འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་བསྡམས་པའི་རྡོ་རྗེ་སྤྱན་དང་། རྡོ་རྗེ་བསམས་པའི་མཛུབ་མོ་གཡོན་པའི་རྩེ་མོ་བཀུག་ལ་ཡུ་བར་བྱས་པ་ལ་མཛུབ་མོ་གཡས་པས་རྡོ་རྗེ་པི་ཝང་བརྡུང་བ་དང་། རྡོ་རྗེ་བསྡམས་པའི་མཐིལ་གཉིས་མཉེ་བ་དང་། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་དབུས་

སུ་ལྕེ་བཅུག་པ་ལ་རབ་ཏུ་དགའ་བའི་རྡོ་རྗེའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་བསྡམས་པ་བཅིངས་ཏེ་གཡས་པའི་མཛུབ་མོས་གཡོན་པའི་གུང་མོའི་ཚིགས་གསུམ་པ་བཟུང་ལ། གཡོན་པའི་མཛུབ་མོས་གཡས་པའི་གུང་

མོའི་ཚིགས་གསུམ་པ་བཟུང་སྟེ། མཐེ་བོང་གཉིས་དང་མཛུབ་མོ་གཉིས་གདོང་སྤྲད་པར་བྱ་བ་འདི་ནི་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱ་ཡིན་ཏེ། འདི་བཅིངས་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་གཟུགས་སུ་བདག་ཉིད་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་གཟུགས་ཀྱི་དངོས་གྲུབ་བརྟན་པ་

Vol. 60 · folio 261b

ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་བསྡམས་པའི་མཛུབ་མོ་གཡོན་པ་བཀུག་པའི་ཡུ་བ་མཛུབ་མོ་གཡས་པས་བརྡུང་བའི་ཕྱག་རྒྱ་འདི་བཅིངས་ལ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྒྲར་བདག་ཉིད་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་སྒྲའི་དངོས་གྲུབ་

རྟག་པར་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་དྲིར་བདག་ཉིད་བསྒོམ་ཞིང་རྡོ་རྗེ་བསྡམས་པ་བཅིངས་ལ་ལག་མཐིལ་གཉིས་ཕན་ཚུན་མཉེ་བར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་དྲི་བྱང་ཆུབ་སེམས་དཔའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་

བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་སྦྱོར་བ་བྱས་ལ་བྱང་ཆུབ་སེམས་དཔའི་རྡོ་རྗེ་རོར་བདག་ཉིད་བསམས་ལ་རྡོ་རྗེ་བསྡམས་པ་བཅིངས་ལ། ཐལ་མོ་ཁོང་སྟོང་གི་དབུས་སུ་ལྕེ་ཆུད་པར་བྱས་ཏེ། །དེ་ལྟ་བུས་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་རོ་ཤིན་ཏུ་གྲུབ་པར་འགྱུར་རོ། །སྔ་

མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་ཀཱི་ལི་ཀཱི་ལར་བདག་ཉིད་བསམས་ལ་ལྔ་པོ་བསྡུས་པ་བཅིངས་ལ། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བཟླ་བར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་ཀཱི་ལི་ཀཱི་ལའི་རེག་ཤིན་ཏུ་གྲུབ་པར་འགྱུར་རོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་

རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱས་ལ་རྩེ་བ་དང་། ལས་ཐམས་ཅད་ལ་སྦྱར་བ་ལ་ནི་ཞེས་བྱ་བ་ནི་བཤད་ཟིན་ཏོ། །འདི་དག་ཐམས་ཅད་ཅིར་འགྱུར་ཞེ་ན། རྡོ་རྗེ་གར་གྱིས་ཐམས་ཅད་གྲུབ་པས་སོ་ཞེས་བྱ་བ་གསུངས་སོ། །དེ་ནས་འདིའི་མཚན་ཉིད་

བཤད་པར་བྱ་སྟེ། བདེ་བ་ཆེན་པོ་རྡོ་རྗེ་མཆོད་པའི་ལས་དང་དང་པོའི་གླུའི་བཟླས་བརྗོད་ཅི་འདོད་པར་བྱ་བ་དང་། ཤིན་ཏུ་བསྡུས་པའི་འཛུམ་པས་དགོད་པ་དང་རབ་ཏུ་དགའ་བའི་རྡོ་རྗེ་ལྕགས་ཀྱུ་རང་གི་མ་མཆུའི་ནང་སོས་བཟུང་བ་དང་རང་གི་དབང་པོ་གཡོ་བ་དང་། རབ་ཏུ་

དགའ་བའི་རྡོ་རྗེའི་ཚིག་གིས་ཡིད་ལ་འདོད་པའི་ལུང་བསྒོ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ཏེ། དེས་ཀྱང་འདའ་བར་མཛད་པར་མི་སྤྱོད་ན། རྒྱུ་བ་དང་མི་རྒྱུ་བ་གཞན་དག་གིས་ལྟ་སྨོས་ཅི་དགོས། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་

Vol. 60 · folio 262a

སེམས་དཔའི་སྦྱོར་བ་བྱས་ལ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རང་གི་ངོ་བོར་བསམས་ཏེ། གར་དང་ཧཱུཾ་གི་གླུའི་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ། །དེ་བཞིན་དུ་གར་དང་རྡོ་རྗེའི་

ལྕགས་ཀྱུས་ངེས་པར་བསྡུས་པའི་མཛུབ་མོ་དང་བོད་པའི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུས་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་དངོས་པོ་ཐམས་ཅད་འགུགས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་གར་བྱེད་ཅིང་བསྒྲུབ་པར་བྱ་བ་དང་། མཆུ་སྤྲད་པའི་བསམ་པས་མ་མཆུའི་

ནང་རོལ་སོས་བཟུང་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་རང་གི་དབང་པོ་གཡོ་བའི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུ་ཟློས་ཤིང་བསྒྲུབ་པར་བྱ་བའི་གནོད་སྦྱིན་མོ་ལ་སོགས་པ་དང་ལྷན་ཅིག་ཡང་དག་སྦྱར་བར་བསྒོམ་པར་བྱས་ཏེ། དེ་

ལྟ་བུས་ནི་ཐམས་ཅད་དང་རྩེ་བར་འགྱུར་རོ། དེ་བཞིན་དུ་ཐམས་ཅད་བྱས་ལ། གར་བྱེད་ཅིང་རྡོ་རྗེ་སེམས་དཔའ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་ཡིད་ལ་མངོན་པར་འདོད་པའི་ལུང་བསྒོ་བའི་བསམ་པས་ཧཱུཾ་གི་གླུའི་བཟླས་བརྗོད་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་

ལས་ལ་ངེས་པར་སྦྱར་བར་འགྱུར་རོ། །ལྷ་ཐམས་ཅད་དབབ་པ་དང་། ཀླུ་ཐམས་ཅད་དབང་དུ་བྱ་བ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། མ་མོ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི། རྡོ་རྗེ་གར་གྱི་སྐུའི་མཆོག་གིས་སོ་ཞེས་བྱ་བ་ནི་དེ་ལ་རྡོ་རྗེ་གར་

གྱི་སྐུའི་མཆོག་འདི་ཡིན་ཏེ། རྡོ་རྗེ་ཐལ་མོའམ་མཐེ་བོང་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱས་ལ་མཛུབ་མོ་གཉིས་བསྒྲེང་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུའི་མཆོག་སྟེ་འདི་གཟུང་བར་སྐད་ཅིག་གིས་བཅོམ་ལྡན་འདས་དགོངས་ཤིང་བྱིན་གྱིས་བརླབ་

པར་མཛད་པའི་ཕྱིར་གཟུང་བ་དང་། མཆོད་པ་དང་། སྒྲུབ་པར་འགྱུར་ཞིང་དངོས་གྲུབ་ཐམས་ཅད་ལ་ཡང་སྒྲུབ་པའི་ཐབས་སུ་དགོངས་པ་ཡིན་ནོ། །སྤྱི་བོར་བཞག་ནས་སྟེང་ནས་ཡོངས་སུ་དབབ་པར་བྱ་བ་དང་། ས་ལ་བཞག་ནས་ཁྲོ་གཉེར་གྱིས་གདེག་པ་

Vol. 60 · folio 262b

དང་། གནོད་སྦྱིན་གྱི་གཟུགས་བརྙན་བྱས་ནས་དེའི་སྙིང་གར་བཞག་ན་མངག་གཞུག་པར་འགྱུར་རོ། །དབང་ཕྱུག་ཆེན་པོའི་གནས་སུ་ཁྲོས་པས་བཟླ་བ་དང་། མ་མོའི་གནས་སུ་བཅིངས་ཏེ་བྷྱོ་ཞེས་བྱ་བ་དང་སྦྱར་ནས་མ་མོ་ཐམས་ཅད་དབང་དུ་འགྱུར་རོ། །རྩེ་བ་ལ་སོགས་

པའི་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཐལ་མོ་བཅིངས་ཏེ། མཐེ་བོང་གཡོན་པའི་སྟེང་དུ་མཐེ་བོ་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་བཞག་ལ། མཛུབ་མོ་གཉིས་གཞིབས་

ཏེ་སོར་མོ་སྦྱར་བ་འདི་ནི། དཔལ་རྡོ་རྗེ་སེམས་དཔའི་སྐུའི་མཆོག་ཅེས་བྱ་བ་ནི་ཕྱག་རྒྱ་འདི་ཡིན་ཏེ། འདི་བཅིངས་ལ་སྤྱི་བོར་བཞག་ནས་སྟེང་གི་ཕྱོགས་ནས་ལྷ་ཐམས་ཅད་དབབ་པའི་བསམ་པས་གཡས་ལོགས་ནས་ཐུར་དུ་འབབ་པར་བྱས་ཏེ། དེ་ལྟ་བུས་ནི་ལྷ་ཐམས་ཅད་

དབབ་པར་བྱས་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་རྡོ་རྗེ་སྐུའི་མཆོག་བཅིངས་ཏེ་ས་ལ་བཞག་ན་ཀླུ་ཐམས་ཅད་དབང་དུ་བྱ་བའི་བསམ་པས་ཁྲོ་གཉེར་བསྡུས་ལ་བཏེག་ན་ཀླུ་ཐམས་ཅད་དབང་དུ་བྱེད་དོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་གནོད་སྦྱིན་གྱི་གཟུགས་

བརྙན་བྲིས་ཏེ། རྡོ་རྗེ་སྐུའི་མཆོག་དེའི་སྙིང་གར་གཞག་པར་བྱས་ཏེ། དེ་ལྟ་བུས་ནི་མངག་གཞུག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། དབང་ཕྱུག་ཆེན་པོའི་གནས་སུ་ཁྲོས་པའི་སྐུའི་མཆོག་བཅིངས་ལ་བཟླས་བརྗོད་བྱས་ན་འབྱུང་པོ་ཐམས་ཅད་མངག་

གཞུག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། བདག་ཉིད་དཔལ་ཧེ་རུ་ཀའི་སྐུར་བསམས་ལ་རྡོ་རྗེ་སྐུའི་མཆོག་བཅིངས་ཏེ། བྷྱོ་ཞེས་བྱ་བ་བཟླས་ནས་མ་མོ་ཐམས་ཅད་གཡོག་མོར་འགྱུར་ཞིང་རྩེ་ཞིང་རོལ་པ་ལ་སོགས་པའི་བསྒོ་བའི་ལས་ཐམས་ཅད་བྱེད་

པར་འགྱུར་རོ། །རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་ཐམས་ཅད་དབྲོག་པ་དང་། ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་ཅད་རྩེ་བ་དང་། འཇིག་རྟེན་གསུམ་པོ་མ་ལུས་པ་ལས་རྒྱལ་བ་དང་། འདོད་པའི་དབང་ཕྱུག་ཐམས་ཅད་དབྲོག་པ་ལ་ནི་

Vol. 60 · folio 263a

རྡོ་རྗེ་གར་གྱི་སྐྱེས་བུ་བྱེད་པ་ཆེན་པོས་སོ་ཞེས་བྱ་བ་ལ་དེ་ནས་དེའི་མཚན་ཉིད་བཤད་པ་བྱ་སྟེ། རྡོ་རྗེ་གསོར་བའི་ཕྱག་རྒྱ་ཁྲོ་བ་དང་བཅས་པའི་བཞིན་གྱི་འཛུམ་གྱིས་ལས་བྱའོ། །འདི་ལྟ་སྟེ་ལུས་ངན་པོ་རྐང་པ་གཡོན་པས་མནན་ཏེ། བསྒྲུབ་པ་དང་

གཞོན་ནུ་མའི་མདུན་དུ་སྒྲུབ་ཅིང་འབར་བའི་མིག་སྦྱོར་བ་བྱ་བ་དང་། འབག་བྲིས་ལ་བལྟ་ཞིང་བསྒྲུབ་པ་དང་། དབང་ཕྱུག་ཆེན་པོས་རྐང་པ་གཡོན་པས་མནན་ལ་ཧཱུཾ་མཛད་དུ་སྦྱོར་བ་དང་། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཧཱུཾ་ཞེས་བྱ་བས་འདོད་པའི་དབང་ཕྱུག་རྡོ་རྗེའི་མདས་བསད་ལ་

ཁ་སྦུབ་ཏུ་བཞག་སྟེ་རྡོ་རྗེ་གསོར་བར་བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ཏེ། དེའི་ཕྱག་རྒྱ་ཆེན་པོ་དེས་རྡོ་རྗེ་འབར་བ་གསོར་ཞིང་ཁྲོ་བ་དང་བཅས་པས་འཛུམ་པའི་བཞིན་གྱིས་

ལུས་ངན་པོའི་གཟུགས་བརྙན་རྐང་པ་གཡོན་པས་མནན་ལ་བཟླས་བརྗོད་བྱའོ། །དེ་ལྟ་བུས་ནི་དཔལ་དྲང་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་གཞོན་ནུ་མའི་མདུན་དུ་ལྷའི་བུ་མོ་ཐམས་ཅད་འཕྲོག་པའི་བསམ་པས་རྡོ་རྗེ་འབར་བའི་ལྟ་བས་དགུག་ཅིང་བཟླས་ན་དེ་ལྟ་

བུས་ནི་ལྷའི་བུ་མོ་ཐམས་ཅད་འཕྲོག་པར་འགྱུར་རོ། །རྩིག་པ་ལ་སོགས་པ་ལ་བུད་མེད་ཀྱི་གཟུགས་བྲིས་ལ་གནོད་སྦྱིན་མ་ལ་སོགས་པ་ལྷ་དང་ལྷ་མ་ཡིན་མ་ཡིན་པའི་མངོན་པར་འདོད་པའི་བུད་མེད་དེར་བཅུག་ལ་ཡང་དག་པར་སྦྱོར་བ་བསྒོམ་ཞིང་དེ་ལ་བལྟ་བཞིན་དུ་བཟླས་ན་དེ་ལྟ་

བུས་ནི་བུད་མེད་ཐམས་ཅད་དང་རྩེ་བར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་གསོར་ཞིང་དབང་ཕྱུག་ཆེན་པོའི་གཟུགས་བརྙན་རྐང་པ་གཡོན་པས་མནན་ལ། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་བཟླས་པ་བྱས་ན་དེ་ལྟ་བུས་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །

རྡོ་རྗེ་མདའི་ཕྱག་རྒྱ་སྔར་བཤད་པའི་ཚུལ་གྱིས་འདོད་པའི་དབང་ཕྱུག་གི་གཟུགས་བརྙན་ལ་བསྣུན་ལ་དེ་ནས་དེ་ཁ་སྦུབ་ཏུ་བཞག་སྟེ། རྡོ་རྗེ་གསོར་ཞིང་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་དབང་ཕྱུག་ཆེན་པོ་ཐམས་ཅད་འཕྲོག་པར་འགྱུར་རོ། །མཆོད་པ་ཐམས་ཅད་གྲུབ་པ་དང་། །

Vol. 60 · folio 263b

ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་ལ་སོགས་པའི་མཆོད་པ་ཐམས་ཅད་དེ། དེ་རྣམས་ཀྱིས་བསྒྲུབ་པ་སྐྱེད་པའོ། །ཐམས་ཅད་རྡོ་རྗེར་བྱ་བ་དང་། །ཞེས་བྱ་བ་ནི་བདག་དང་གཞན་གྱིས་མི་ཕྱེད་པར་བྱའོ། །བདུད་ལ་སོགས་པ་གདུག་པ་ཐམས་ཅད་ནི་གཞན་ལ་གནོད་པར་བྱེད་པར་ཉེ་བར་

ཞུགས་པ་རྣམས་སོ། །དེ་རྣམས་རབ་ཏུ་གཞོམ་པ་ནི་ཤིན་ཏུ་འདུལ་བའོ། །ཕྱག་རྒྱ་ཐམས་ཅད་བཅིངས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ངེས་པར་བཅིངས་པའོ། །དངོས་གྲུབ་ཀྱི་མཆོག་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་

ཀྱི་ལས་ཀྱི་རྒྱུན་ནི་དེའི་ལས་ཀྱི་རབ་འབྱམ་སྟེ། དེ་མྱུར་དུ་བསྒྲུབ་པར་བྱ་བ་ལ་ནི་རྫོགས་པར་བྱ་བའོ། །འདི་དག་ཐམས་ཅད་ཇི་ལྟར་གྲུབ་པར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་དོན་ཡོད་པའི་ཐོགས་པ་མེད་པ་ལ་མྱུར་བའི་ལས་སྣ་ཚོགས་ཀྱི་དངོས་གྲུབ་དམ་པས་སོ་ཞེས་གསུངས་

སོ། །དེ་ནས་འདིའི་མཚན་ཉིད་ནི་བཤད་པར་བྱ་སྟེ། རྡོ་རྗེ་གསང་བའི་མཆོད་པ་རྣམས་ནི་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གོ་ཆའི་རྣམ་པར་སྤྱད་ལ་སྤྱི་བོར་དབང་བསྐུར་བ་གཉིས་བཞག་ལ་ངོས་གཉིས་སུ་ཕྲེང་བ་གཉིས་ཀྱི་རྣམ་པར་

བྱས་ལ་དེ་བཞིན་དུ་དར་དཔྱངས་བཅིངས་པ་དང་། གཡོན་དུ་རྡོ་རྗེ་མདའ་འཕང་བ་དང་། རྡོ་རྗེ་སྙེམས་མ་དང་། ཕྱག་རྒྱ་ཆེན་པོའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་མཚོན་ཆ་མ་ལ་

སོགས་པ་མཆོད་པ་བཅུ་གཉིས་བསྐྱེད་ལ་དེ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིད་ཀྱིས་མཆོད་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྙིང་ག་དང་། ལྐོག་མ་

དང་། རྒྱབ་དང་། ཡང་སྙིང་ག་དང་། དེ་ནས་ནུ་མའི་བར་དང་། དེ་ནས་སྙིང་ག་དང་། ལྐོག་མ་དང་། ལྟག་པར་དེ་ནས་དབང་བསྐུར་བའི་གནས་སུ་མདུད་པའི་ཚུལ་གྱིས་གོ་ཆ་བགོ་བ་བྱས་ལ་སྤྱི་བོ་དང་དབང་བསྐུར་བའི་གནས་སུ་མདུད་པ་བྱ་བའི་ཚུལ་དང་། གཡས་དང་གཡོན་གྱི་

Vol. 60 · folio 264a

མགོ་བོའི་ལོགས་སུ་མདུད་པའི་ཚུལ་དུ་བྱས་ལ་དར་དཔྱངས་བཅིངས་པའི་ཚུལ་དུ་བྱས་ཏེ། འདིས་ནི་ཐམས་ཅད་རྡོ་རྗེར་བྱས་པར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱི་གོ་ཆ་ཐམས་ཅད་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་

ཏེ། གཡོན་ལོགས་སུ་མདའ་འཕང་བའི་ཚུལ་དུ་བྱ་ཞིང་། རྡོ་རྗེ་མདས་ཀྱང་གདུག་པ་ཐམས་ཅད་འཇོམས་པར་བྱེད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བདུད་ལ་སོགས་པའི་གདུག་པ་ཐམས་ཅད་རབ་ཏུ་འཇོམས་པར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་

བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་རྡོ་རྗེ་བསྙེམས་པ་བཅིངས་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་མ་ལུས་པར་བཅིང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་ངེས་པར་འཆིང་བར་འགྱུར་རོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་

སྦྱོར་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །འདིས་ནི་དངོས་གྲུབ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་ཡིད་ལ་མངོན་པར་འདོད་པ་གྲུབ་པར་འགྱུར་རོ། །གར་ལས་བྱུང་བའི་ཕྱག་རྒྱ་བརྒྱ་ཕྲག་གཉིས་པ་འདི་རྫོགས་པ་སྟེ། ལས་ཉིས་བརྒྱ་

སྒྲུབ་པར་བྱེད་པའི་ཕྱག་རྒྱ་ཡི་གེ་ཧཱུཾ་ཟློས་ཤིང་བཅིང་བར་བྱའོ། །ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་ཟློས་ཤིང་ལས་ལ་ངེས་པར་སྦྱར་བར་བྱའོ། །དེ་ལྟར་ལས་ཉིས་བརྒྱ་བསྒྲུབ་པར་བྱ་བའི་ཕྱིར། ཕྱག་རྒྱ་ཉིས་བརྒྱའི་མཚན་ཉིད་གསུངས་ནས་ད་ནི་ཕྱག་རྒྱ་ཆེན་པོ་བཅིང་བ་དེ་རྣམས་ཀྱི་སྙིང་

པོ་དང་། བཟླས་པའི་སྙིང་པོ་གསུངས་པ་ནི་དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབས་སོ། །ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་དེ། །ཇི་སྐད་དུ་བཤད་པའི་ལས་ཐམས་ཅད་

སྒྲུབ་པར་བྱེད་པ་རྣམས་སོ། །དེ་རྣམས་ཀྱི་སྒྲུབ་པ་ནི་རང་དབང་དུ་བྱ་བའོ། །དེའི་ཆོ་ག་ནི་ཡི་གེ་ཧཱུཾ་བཟླས་ནས་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་བཅིང་བའོ། །དེའི་རྒྱས་པ་ནི་དེའི་རྒྱུན་ནོ། །ཉིན་རེ་ཞེས་བྱ་བ་ནི་ཉིན་ཞག་རེ་རེ་ཞིང་ངོ་། །དང་པོར་ཞེས་བྱ་བ་ནི་ལས་རྣམས་

Vol. 60 · folio 264b

ཀྱི་ཐོག་མར་རོ། །ལན་ཅིག་ཅེས་བྱ་བ་ནི་ལན་ཅིག་གཅིག་གོ། །ཕྱག་རྒྱ་ཆེན་པོ་རབ་གྲུབ་བྱ། །ཞེས་བྱ་བ་ནི་རྗེས་སུ་མཉེས་པར་བྱེད་པ་ལ་སོགས་པ་གྲུབ་པར་བྱེད་པའི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་དེ་བསྒྲུབ་པར་བྱའོ། །གང་གིས་དེ་བསྒྲུབ་པར་བྱ་ཞེ་ན། ལན་

ཅིག་བཟླས་པ་ཞེས་བྱ་བ་གསུངས་ཏེ། ལན་ཅིག་བཟླས་པ་དེས་སོ། །དེ་ནས་ཅི་ཞིག་ལན་ཅིག་བཟླས་ཤེ་ན། སྙིང་པོ་མཆོག་ཅེས་བྱ་བ་གསུངས་ཏེ་སྙིང་པོ་བཟང་པོ་ནི་སྙིང་པོ་མཆོག་སྟེ། ཡི་གེ་ཧཱུཾ་དང་། སྙིང་པོ་མཆོག་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བར་བྱེད་པའི་ཕྱག་རྒྱ་དེ་

ལ་ལན་ཅིག་མངོན་པར་བསྔགས་ཤིང་ལན་ཅིག་བཟླས་པའི་སྙིང་པོ་མཆོག་གིས་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒྲུབ་པར་བྱའོ། །རྒྱུ་ཅི་ཞིག་གི་ཕྱིར་ཞེ་ན། གང་གི་ཕྱིར། ཕྱག་རྒྱ་ཐམས་ཅད་རབ་སྒྲུབ་བྱེད། །ཅེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་དེ་

རྣམས་ནི་ཤིན་ཏུ་བསྒྲུབ་པ་ཡིན་པས་ན། ཕྱག་རྒྱ་ཐམས་ཅད་རབ་གྲུབ་བྱེད། །ཅེས་བྱ་བ་སྟེ། གང་གི་ཕྱིར་ཧཱུཾ་གི་གཟུགས་ཅན་འདི་ནི་སྙིང་པོ་ཡིན་ནོ། །དེ་བས་ན་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ལ་ཧཱུཾ་ཟློས་ཤིང་བཅིང་བར་བྱའོ། །དེ་ཡི་རྗེས་ལ་ཉེ་སྙིང་པོ། །ལས་

རྣམས་ཀུན་ལ་ངེས་སྦྱོར་བས། །ཞེས་བྱ་བ་ནི་དེ་ལྟར་ཡི་གེ་ཧཱུཾ་ལན་ཅིག་བཟླས་ལ། མངོན་པར་འདོད་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས། དེའི་རྗེས་ལ་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བྱ་བ་ཉེ་བའི་སྙིང་པོ་དང་བཅས་པའི་ཧཱུཾ་བཟླས་པར་བྱ་སྟེ། དེ་ལྟ་བུས་ནི་རྗེས་སུ་

མཉེས་པར་བྱ་བ་ལ་སོགས་པ་ལས་ཀྱི་དངོས་གྲུབ་ཐམས་ཅད་ལ་ངེས་པར་སྦྱོར་བར་བྱས་པར་འགྱུར་རོ། །དེ་ལྟར་བྱས་པས་ཇི་ལྟར་འགྱུར་ཞེ་ན། དོན་ཡོད་གྲུབ་པས་ལས་རྣམས་ནི། །ཀུན་ལ་ཤིན་ཏུ་གྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། དོན་ཡོད་པར་གྲུབ་པར་འགྱུར་བས་

ཕྱག་རྒྱའི་ལས་ཀུན་ལ་ཞེས་པ་རྗེས་སུ་མཉེས་པར་བྱ་བ་ལ་སོགས་པ་ཐམས་ཅད་ཤིན་ཏུ་ཞེས་བྱ་བ་ལྷག་པར་གྲུབ་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་བདག་བྱིན་བརླབ། །ཅེས་བྱ་བ་ལས་ཐམས་ཅད་འགྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་རྣམས་ཀྱིས་

Vol. 60 · folio 265a

ལེགས་པར་བྱིན་གྱིས་རློབ་པ་ནི་ཕྱག་རྒྱ་ཐམས་ཅད་རབ་ཏུ་བྱིན་གྱིས་རློབ་པ་སྟེ། དཔལ་རྡོ་རྗེ་སེམས་དཔའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་ནུས་པ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་གྲུབ་པའོ། །དེའི་དོན་གྱིས་ཕྱག་རྒྱ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་

ཅན་ཡིན་ནོ། །ཕྱག་རྒྱ་རྡོ་རྗེ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདིའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། ཕྱག་རྒྱ་ཐམས་ཅད་མཆོག་ཏུ་བྱིན་གྱིས་རློབ་པའི་དོན་དེ་ཉིད་དུའོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། དཀྱིལ་འཁོར་དག་ཀྱང་མ་མཐོང་བའམ། །མ་

བཤད་པ་ལའང་རབ་གྲུབ་འགྱུར། །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་དུ་མ་ཞུགས་པ་ལ་མ་བཤད་པ་ཡང་ཇི་སྐད་དུ་བཤད་པའི་མཚན་ཉིད་དུ་གྲུབ་པར་འགྱུར་རོ་ཞེས་བྱའོ། །རྟོག་པ་འདིར་ནི་ཞེས་བྱ་བ་རྒྱུད་འདིར་རོ། །འཇིགས་པ་ཡོད་མིན་ཏེ་ཞེས་བྱ་བ་ནི་དམ་ཚིག་ལས་

ཉམས་པ་མེད་པའོ། །ཕྱག་རྒྱ་སྦྱིན་པ་ནི་རྗེས་སུ་མཉེས་པ་ལ་སོགས་པའི་ལས་སྒྲུབ་པར་ཕྱག་རྒྱའི་ཆེ་བ་ཉིད་བསྟན་པར་འདོད་པར་བྱ་བའི་ཕྱིར་གདུལ་བྱ་རྣམས་ལ་རབ་ཏུ་སྟོན་པར་བཤད་ཅིང་འཁོར་ལོ་མེད་པས་ཏེ། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལའོ། །ཅིའི་ཕྱིར་འཁོར་

ལོ་མེད་པ་རྣམས་ལ་ཕྱག་རྒྱ་བསྟན་ན་རྟོག་པ་འདི་ལ་འཇིགས་ཤིང་ཉམས་པ་མེད་ཅེ་ན། གང་གི་ཕྱིར་བདག་ལ་བྱིན་གྱིས་རློབ་པས། རང་སྲས་རྒྱུར་ནི་འགྱུར་བ་ཡིན། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དཀྱིལ་འཁོར་དུ་མ་ཞུགས་པ་དེ་རྣམས་ཀྱིས་ཀྱང་ཕྱག་རྒྱ་བཅིངས་ཏེ། བཟླས་

ན་འདི་སྐད་བཤད་པའི་བདག་ལ་བྱིན་གྱིས་བརླབས་པས། དེ་བཞིན་གཤེགས་པ་ཉིད་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་བག་ཆགས་བསྐྱེད་པར་འགྱུར་རོ། །བསམ་པ་ཤེས་ནས་སྦྱིན་པར་བྱ། །ཞེས་བྱ་བ་ཕྱག་

རྒྱའི་ཡུལ་ལ་གདུལ་བྱ་རྣམས་ཀྱི་སེམས་དང་བ་ཉིད་དུ་ཤེས་ན་ཕྱག་རྒྱ་སྦྱིན་པར་བྱའོ། །ཇི་ལྟ་བུ་ཞེ་ན། སྡིག་པ་ཆེན་པོ་བྱེད་པའང་ཞེས་བྱ་བ་གསུངས་ཏེ། མཚམས་མེད་པའི་ལས་ནི་སྡིག་པ་ཆེན་པོ་སྟེ། གང་གིས་དེ་བྱས་པ་དེ་ནི་སྡིག་པ་ཆེན་པོ་བྱེད་པའོ། །སྡིག་པ་ཆེན་པོ་བྱེད་པ་དེ་རྣམས་

Vol. 60 · folio 265b

ལ་འང་ཞེས་བྱ་བའི་སྒྲས་ནི་གཞན་དག་ལ་ནི་ཤིན་ཏུ་འང་སྦྱིན་པར་བྱའོ། །ཇི་ལྟ་བུ་ཞེ་ན་ཞེས་སྟོན་ཏོ། །དེ་ལྟ་བུ་ལ་ནི་སྙིང་པོ་བྱིན་ཡང་དགོས་པ་ཅི་འང་མེད་དོ་ཞེས་གཞན་དག་རྟོགས་ན། དེའི་ཕྱིར་འདི་དག་བཅིངས་པ་ཙམ་གྱིས་དེ་དག་ཅེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ལས་

གྲུབ་པའི་ཕྱག་རྒྱ་འདི་དག་སྡིག་པ་ཆེན་པོ་བྱེད་པ་རྣམས་ཀྱིས་ཀྱང་བཅིངས་པ་ཙམ་གྱིས་སྡིག་པ་ཆེན་པོ་བྱེད་པའི་སེམས་ཅན་དེ་ནི་དེ་དག་རྣམ་པར་སྦྱོང་བར་བྱེད་ཅིང་གཙང་བ་དང་དག་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་སྡིག་པ་བྱེད་པས་ཀྱང་། འདིའི་བཅིངས་པ་ཙམ་གྱིས་དག་པར་བྱེད་པ་

དེས་བྱིན་ཞིང་སྩལ་ན། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བས་ན་དགོས་པ་ཡོད་པ་ཉིད་ཡིན་ནོ། །མཆོག་དང་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །རྟོག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པ་ཆེན་པོའོ། །དེ་ཉིད་རྟོག་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པས་མཛེས་ཤིང་འབར་

བས་ན་རྒྱལ་པོའོ། །དེའི་བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོའོ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེ་ལྟ་བུ་ཡིན་པས་ན་རྡོ་རྗེའོ། །མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་བསྐྱེད་པ་ཉིད་ཀྱིས་འབྲས་བུ་དང་བཅས་པས་ན་དེ་ཉིད་དོན་ཡོད་པའོ། །དེའི་རྒྱུ་མཐུན་པ་ལས་བྱུང་བ་དཔལ་རྡོ་རྗེ་

སེམས་དཔའི་ལྷ་མོའི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་ནི་དམ་ཚིག་གོ། །དེའི་ཆོ་ག་རྒྱས་པ་ནི་སྒྲུབ་པ་དང་བསྒྲུབ་པར་བྱ་བའི་རྒྱུ་ནི་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྟོག་པ་ལས་བྱུང་བའི་ཕྱིར་རྟོག་པ་ཞེས་བྱའོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པའི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་ལས། དཔལ་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དཀྱིལ་འཁོར་ཆེན་པོའི་བཤད་པ་རྫོགས་སོ།། །།དེ་ལྟར་འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་

ཕྱིར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གསུངས་ནས། ད་ནི་རང་བཞིན་བཟང་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པའི་རྟོག་པ་གསུངས་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་

Vol. 60 · folio 266a

བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་གཟུང་ངོ་། །སྟོན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྟོགས་པར་བྱ་བའི་ཕྱིར་

སེམས་ཅན་རྣམས་ཀྱི་དོན་མཛད་ཅིང་། སྟོན་པས་རང་གི་བཀའ་བསྒོ་བ་ལ་ངེས་པར་སྦྱོར་བར་མཛད་པས་ན་སྟོན་པའོ། །རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའོ། །འབྱིན་པ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པ་མཛད་པའོ། །བྱེད་པ་ཞེས་བྱ་བ་ནི་འདུལ་བའི་སྐྱེ་བོ་རྣམས་དཔལ་རྡོ་རྗེ་

སེམས་དཔའ་ལ་སོགས་པའི་ངོ་བོར་མཛད་པའོ། །བདེ་བ་ཆེ་ཞེས་བྱ་བ་ནི་བཤད་ཟིན་ཏོ། །བདེ་བ་ཆེན་པོ་རབ་བརྟན་ཕྱིར། །ཞེས་བྱ་བ་ནི། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་སེམས་ཅན་རྣམས་ཀྱི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་བརྟན་

པའི་དོན་ཏོ། །སེམས་ཅན་ཐམས་ཅད་རྣམ་དག་ཕྱིར། །ཞེས་བྱ་བ་ནི་ཁམས་གསུམ་པར་གཏོགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་སངས་རྒྱས་ཉིད་དུ་རྟོགས་པ་ནི་སེམས་ཅན་ཐམས་ཅད་རྣམ་པར་དག་པ་སྟེ། སེམས་ཅན་ཐམས་ཅད་རྣམ་པར་དག་པའི་ཕྱིར་དེ་བཞིན་

གཤེགས་པའི་རིགས་འབྱུང་ངོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་དེ་བཞིན་གཤེགས་པའི་རིགས་སྤྲུལ་པར་མཛད་ཅེ་ན། ཀུན་གྱི་བདག་ཉིད་ལ་ཞུགས་ཏེ། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱི་བདག་ཉིད་ནི་ཀུན་གྱི་བདག་ཉིད་དེ་བཅོམ་ལྡན་འདས་རྣམ་པར་

སྣང་མཛད་དོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་གྱི་བདག་ཉིད་དེར་ཞུགས་པ་ནི་ཞུགས་པར་མཛད་པའོ། །རྡོ་རྗེ་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ། དེ་ཉིད་རབ་ཏུ་ཞུགས་པའོ། །ཀུན་གྱི་བདག་

ཉིད་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཁམས་གསུམ་དང་མཉམ་ཟད་པ་མེད། །ཅེས་བྱ་བ་གསུངས་ཏེ། ནམ་མཁའི་ཁམས་ཐམས་ཅད་ན་རྟག་ཏུ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཁམས་ནི་ཐམས་ཅད་ཀུན་ནོ། །ཁམས་དེ་དག་

Vol. 60 · folio 266b

ཐམས་ཅད་མཉམ་ཞིང་མཚུངས་པས་ན་ཁམས་ཀུན་དང་མཉམ་མོ། །དེ་ཉིད་ཀྱིས་མི་ཟད་པ་ཡིན་པས་ན། ཁམས་ཀུན་དང་མཉམ་ཟད་པ་མེད། །ཅེས་བྱའོ། །ཁམས་ཀུན་དང་མཉམ་པ་ཡང་ཡིན་ལ་ཟད་པ་མེད་པ་ཡང་ཡིན་པས། ཁམས་ཀུན་དང་མཉམ་ཟད་པ་མེད། །

ཅེས་བྱ་སྟེ། ཁམས་ཀུན་དང་མཉམ་ཞིང་ཟད་པ་མེད་པའི་རྣམ་པར་སྣང་མཛད་དེ་ལ་ཞུགས་ནས། ཀུན་གྱི་བདག་ཉིད་དེ་མཉམ་ཞིང་མི་མཉམ་པ་མེད་པར་སྤྲོ་ཞིང་ཁྱབ་པར་མཛད་པ་ཡང་དག་པར་གྲུབ་པ་སྟེ། ལེགས་པར་གྲུབ་པའམ། །མ་ཉམས་པར་གྲུབ་པ་མི་འབྱུང་

བའོ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་རྣམ་པར་སྣང་མཛད་ཀྱི་སྐུ་ལ་ཁྱབ་ཅིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་རིགས་ཕྱུང་ངོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་

གང་ཡིན་པ་དེ་བསྐྱེད་པར་འགྱུར་རོ། །ཞིང་ནི་ཐམས་ཅད་མཐའ་ཡས་པ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ནམ་མཁའི་ཁམས་ཐམས་ཅད་དང་འདྲ་བར་མཐའ་ཡས་ཤིང་རྒྱ་ཆེ་བའོ། །དེ་ཉིད་ནི་འཇིག་རྟེན་ཐམས་ཅད་དོ། །ཁམས་བཅས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་

ཞིང་དེ་རྣམས་ཉིད་ནས་ས་འོག་དང་ས་བླ་དང་ལྷ་ཡུལ་གྱི་རང་བཞིན་ཅན། མཐའ་ཡས་པའི་འཇིག་རྟེན་གསུམ་པོ་གང་ཡིན་པ་ནི་འཇིག་རྟེན་ཐམས་ཅད་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་མཐའ་ཡས་པ་དང་ལྷན་ཅིག་ཏུ་གནས་པས་ན། འཇིག་རྟེན་

ཐམས་ཅད་དང་ཁམས་ཐམས་ཅད་ཅེས་བྱའོ། །དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །ཏིལ་གྱི་གོང་བུ་བཞིན་དུ་གང་། །ཞེས་བྱ་བ་ནི། ཞིང་ཁམས་ཐམས་ཅད་དང་ཇི་སྐད་དུ་བཤད་པའི་འཇིག་རྟེན་ཐམས་ཅད་ཁམས་དང་བཅས་པ་གང་ཡིན་པ་དེ་ཐམས་ཅད་ནི་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་པར་བྱ་བས་ན། དཔེར་ན་ཏིལ་གྱི་གོང་བུ་ལ་ཏིལ་གྱི་ས་བོན་གྱིས་བར་མཚམས་མེད་པར་ཡོངས་སུ་གང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པའི་ཞིང་ཐམས་ཅད་དང་། ཁམས་དང་བཅས་པའི་

Vol. 60 · folio 267a

འཇིག་རྟེན་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དུས་དེའི་ཚེ་མྱུར་ཞིང་རེངས་པར་ཡོངས་སུ་གང་བར་འགྱུར་རོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །སེམས་ཅན་ཀུན་མདུན་ཡང་དག་བཞུགས། །ཞེས་བྱ་བ་འདི་ན་

སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ཡོངས་སུ་གང་བ་མཛད་པ་ནི་སངས་རྒྱས་དང་བཅས་པ་དང་། སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་རེ་རེའི་ཡང་མདུན་ན་བཞུགས་པར་སྣང་བས། སེམས་ཅན་ཀུན་

མདུན་ཡང་དག་བཞུགས། །ཞེས་བྱ་བའོ། །ཅི་ཞིག་གི་དོན་དུ་ཞེ་ན། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་ཅད་དོ། །དེ་རྣམ་པར་དག་པ་ནི་བླ་ན་མེད་པའི་བྱང་ཆུབ་མངོན་

སུམ་དུ་བྱས་པས་ཉོན་མོངས་པ་བག་ཆགས་དང་བཅས་པའི་དྲི་མ་དང་བྲལ་བ་སྟེ། དེའི་དོན་དུ་སེམས་ཅན་ཐམས་ཅད་ཀྱི་མདུན་ན་བཞུགས་སོ། །སེམས་ཅན་དེ་དག་ཐམས་ཅད་དེ་རྣམས་བཞུགས་པས་ཡང་དག་པར་འགྱུར་རམ་མི་འགྱུར་ཞེ་ན། རང་གི་ལས་ཀྱིས་དག་མ་

གྱུར། །ཞེས་བྱ་བ་གསུངས་ཏེ། དམ་པའི་ཆོས་སྤོང་བ་ལ་སོགས་པའི་རང་གི་ལས་ལ་འཇུག་པ་གང་ཡིན་པས་སེམས་ཅན་དེ་དག་ཐམས་ཅད་དག་པར་མི་འགྱུར་ཞིང་། སངས་རྒྱས་ཉིད་མངོན་སུམ་དུ་བྱས་པར་མ་གྱུར་ཏོ། །དེའི་ཚེ་ནི་དེའི་དུས་ནའོ། །དེ་རྣམས་ནི་འདུས་པར་མཛད་

དེ། སེམས་ཅན་ཐམས་ཅད་ཀྱི་མདུན་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་དོ། །སེམས་ཅན་གྱི་ཁམས་གསོ་དཀའ་བ་ཉིད་ཡིན་ཞེ་ན། རང་བཞིན་གྱིས་ཞེས་བྱ་བ་སྨོས་ཏེ། རང་གི་ངོ་བོ་ཉིད་ནི་རང་བཞིན་ཏེ། དམ་པའི་ཆོས་སྤོང་བ་ལ་སོགས་པ་ལ་འཇུག་པའི་ལས་

ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་སྣོད་དུ་མ་གྱུར་པ་ཡིན་ནོ། །སེམས་ཅན་གྱི་ཁམས་རྣམས་རང་བཞིན་གྱིས་གསོ་དཀའ་བ་དེས་ན། རང་གི་ལས་ནི་སྦྱང་བའི་ཕྱིར། །བཏང་སྙོམས་ཆེན་པོ་མཛད་པ་ཡིན། །ཞེས་བྱ་བ་ཡིན་ཏེ། རང་གི་ཡང་ཡིན་ལ་ལས་ཀྱང་ཡིན་

Vol. 60 · folio 267b

པས་རང་གི་ལས་ཏེ། སེམས་ཅན་དེ་རྣམས་ཀྱི་དམ་པའི་ཆོས་སྤོང་བ་ལ་སོགས་པའི་ལས་རྣམས་སོ། །སྦྱང་བའི་ཕྱིར་ཞེས་བྱ་བ་ནི་སྐལ་བ་མེད་པའི་སེམས་ཅན་དེ་རྣམས་ཀྱི། སྡིག་པ་བསལ་བའི་དོན་སྦྱང་བའི་ཕྱིར་རོ། །དོན་དེའི་ཕྱིར་སངས་རྒྱས་དེ་དག་ཐམས་ཅད་བཏང་

སྙོམས་ཆེན་པོ་མཛད་པ་ཡིན་ཏེ། སྐལ་བ་དང་མི་ལྡན་པའི་སེམས་ཅན་དེ་རྣམས་སྦྱང་བའི་ཕྱིར་རེ་ཞིག་འབད་པ་མི་མཛད་ཀྱི། དུས་གཞན་གྱི་ཚེ་སྨིན་པར་བྱ་བའི་སྒོ་ནས་སེམས་ཅན་གྱི་ཁམས་སྦྱང་བར་བྱའོ་སྙམ་དུ་དགོངས་ནས་བཏང་སྙོམས་ཆེན་པོ་མཛད་པ་ཡིན་ནོ། །ཇི་སྐད་དུ་བཤད་

པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱང་བའི་ཕྱིར། གང་གི་ཚེ་མདུན་ན་བཞུགས་པར་གྱུར་པས་སེམས་ཅན་གྱི་ཁམས་རྣམས་སོ། །རྣམ་པར་སྦྱོང་བར་མཛད་པར་མི་སྤྱོད་པར་གྱུར་པ་དེའི་ཚེ། སེམས་ཅན་གྱི་ཁམས་སྐལ་བ་མེད་པ་ན་འབད་པ་ནི་འབྲས་བུ་མེད་པར་

མཁྱེན་ན། སངས་རྒྱས་དེ་ཐམས་ཅད་སེམས་ཅན་ཐམས་ཅད་སྦྱང་བའི་དོན་དུ་འབད་པ་བཏང་ནས་བཞུགས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཏང་སྙོམས་ཆེན་པོ་མཛད་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་བྱ་བ་

ནི་རྡོ་རྗེ་སེམས་དཔའོ། །སེམས་དཔའ་ཆེན་པོ་བདེ་བ་ཆེ། །ཞེས་བྱ་བ་ནི་བཤད་ཟིན་ཏོ། །སྐད་ཅིག་གིས་ཞེས་བྱ་བ་ནི། སྐད་ཅིག་མ་གཅིག་གིས་སོ། །ཡང་དག་བསྐུལ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཕྱིར་ཡང་དག་པར་

བསྐུལ་བར་གྱུར་པའོ། །རྡོ་རྗེ་ཅན་རང་བཞིན་ཇི་ལྟ་བུ་ཞིག་སྐད་ཅིག་གཅིག་གིས་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལ་ཞེ་ན། བྱང་ཆུབ་ཆེན་པོར་ཐུགས་བརྟན་པས། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་བྱང་ཆུབ་ཆེན་པོ་སྟེ། བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེའི་རང་བཞིན་ཡིན་པས་ན་བརྟན་ཞིང་མི་ཕྱེད་པའི་ཐུགས་འདི་ལ་ཡོད་པས་ན་བྱང་ཆུབ་ཆེན་པོར་ཐུགས་བརྟན་པ་སྟེ། དེ་ལྟ་བུའི་རྡོ་རྗེ་ཅན་གྱིས་སངས་རྒྱས་ཐམས་ཅད་སྐད་ཅིག་གིས་ཡང་དག་པར་བསྐུལ་བར་གྱུར་པའོ། །ཇི་

Vol. 60 · folio 268a

ལྟར་ཡང་དག་པ་བསྐུལ་ཞེ་ན། སེམས་ཅན་ཀུན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་སེམས་ཅན་ཀུན་ནོ། །དེ་རྣམས་ལ་ཕན་པ་ནི་མ་འོངས་པའི་དུས་ན་བདེ་བའི་ལས་སོ། །དེ་ཉིད་ནི་བསོད་ནམས་ཏེ།

གཙང་ཞིང་དག་པར་བྱེད་པས་ན་བསོད་ནམས་སོ། །དེ་ཅི་ཞིག་ཅེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་སེམས་སོ། །བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། །ཅི་ཞིག་ཏུ་རུང་བ་ཞིག་གམ་འོན་ཏེ་མ་ཡིན་

ཞེ་ན། བརྟན་པ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ཀྱི་རྡོ་རྗེ་མི་ཤིགས་པ་ནི་བདག་ཉིད་སྟོན་ཏོ། །ཤིན་ཏུ་བཏང་སྙོམས་མ་མཛད་ཅིག །ཅེས་བྱ་བ་ནི་གང་གི་ཕྱིར་སེམས་ཅན་ཀུན་ལ་ཕན་པའི་བསོད་ནམས་བྱང་ཆུབ་ཀྱི་སེམས་བརྟན་ཞིང་མི་ཕྱེད་པ་དག་ཡིན་པ་དེས་ན་སེམས་ཅན་

ཐམས་ཅད་སྦྱང་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་བཏང་སྙོམས་མ་མཛད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཁྱེད་རྣམས་ཀྱིས་བཏང་སྙོམས་མཛད་ན་སེམས་ཅན་རྣམས་ངན་འགྲོར་འགྲོ་བས་སེམས་ཅན་གྱི་ཁམས་བརྒྱུད་པར་འགྱུར་རོ། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་སངས་

རྒྱས་ཐམས་ཅད་སེམས་ཅན་གྱི་དོན་གྱི་ཕྱིར་ཡང་དག་པར་བསྐུལ་བར་གྱུར་པ་དང་། དེ་རྣམས་སེམས་ཅན་གྱི་དོན་གྱི་ཐབས་སྟོན་ཅིག་ཅེས་སངས་རྒྱས་རྣམས་ཀྱིས་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་སྟོན་པའི་ཚིག་གོ། །སངས་རྒྱས་ཀྱིས་ཞེས་བྱ་བ་ནི་

རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །གང་གསུངས་ཤེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་བྱ་བ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ནི་སྐུ་གསུང་ཐུགས་སོ། །དེ་འདི་ལ་མངའ་བས་ན་སྐུ་གསུང་ཐུགས་རྡོ་རྗེ་ཅན་ཏེ། སྐུ་དང་

གསུང་དང་ཐུགས་རྡོ་རྗེ་དང་ལྡན་པའི་རྡོ་རྗེ་སེམས་དཔའོ། །ཇི་ལྟར་གསུངས་ཤིང་ཅི་ཞིག་གསུངས་ཤེ་ན། ཁྱེད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་ཞེས་བྱ་བ་ནི་བྱང་ཆུབ་གྱི་མཚན་ཉིད་ཅན་གྱི་སེམས་སོ། །བདག་ཅི་ཞིག་ཡིན་ཞེ་ན། ཐབས་ཞེས་བྱ་བ་གསུངས་ཏེ།

Vol. 60 · folio 268b

ཡིད་ལ་མངོན་པར་འདོད་ཅིང་བསམ་པའི་དོན་བདེ་བས་ཐོབ་པར་བྱེད་པས་ན་ཐབས་ཞེས་བྱའོ། །གང་གི་ཐབས་ཡིན་ཞེ་ན། སྙིང་རྗེའི་བདག་ཉིད་ཅན་གྱི་ཞེས་བྱ་བ་གསུངས་ཏེ། མི་དམིགས་པའི་ཐུགས་རྡོ་རྗེ་ཆེན་པོའི་རང་བཞིན་ཅན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིའོ། །ཁྱེད་ཅེས་བྱ་

བ་ནི་ཁྱེད་ཉིད་ཡིན་ཏེ་གཞན་མ་ཡིན་པའོ། །འདིས་ནི་འདི་སྐད་སྟོན་ཏེ། གང་གི་ཕྱིར་ཁྱེད་ནི་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་རྣམ་པར་སྦྱང་བའི་ཐབས་ཡིན་ལ། དེ་བས་ན་སེམས་ཅན་རྣམ་པར་སྦྱོང་བའི་ཐབས་

ཁྱེད་ཀྱིས་སྨྲོས་ཤིག་ཅེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསུངས་པ་ཡིན་ནོ། །འདི་ལྟར་སེམས་ཅན་གྱི་དོན་གྱི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་རྡོ་རྗེ་འཆང་ལ་གསོལ་བ་བཏབ་པ་དང་། དེ་མཛད་པ་བསྟན་པའི་ཕྱིར། དེ་

ནས་སྟོན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་ཚེ་ཀུན་ནས་བྱིན་གྱིས་བརླབས། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཁམས་གསུམ་པ་ཐམས་ཅད་ཀུན་ནས་

ཁྱབ་པར་བྱིན་གྱིས་བརླབས་པས་ན། ཀུན་ནས་བྱིན་གྱིས་བརླབས་པ་སྟེ་དེ་མཛད་པར་གྱུར་པས་ན། ཀུན་ནས་བྱིན་གྱིས་བརླབས་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་དུས་སུ་དེ་ལྟར་མཛད་པའོ། །ཅི་ཞིག་ཀུན་ནས་བྱིན་གྱིས་

བརླབས་ཤེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལས་སྐྱེས་པས་ན་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བའོ། །དེ་ཉིད་ཀྱིས་ན་དམ་པ་སྟེ་མཆོག་གོ། །དེའི་ཚད་ཇི་

ཙམ་ཞེ་ན། ཁམས་གསུམ་འཁོར་ལོའི་རྒྱ་ཁྱོན་གྱི། །ཞེས་བྱ་བ་གསུངས་ཏེ། འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ནི་ཁམས་གསུམ་གྱི་འཁོར་ལོའོ། །དེས་ཁྱབ་པའི་ངང་ཚུལ་འདི་ལ་ཡོད་པས་ན། ཁམས་གསུམ་གྱི་ནི་རྒྱ་ཁྱོན་ཞེས་བྱའོ། །འཁོར་ལོ་ཡང་

Vol. 60 · folio 269a

ཡིན་པ་ཆེན་པོ་ཡང་ཡིན་ལས་ན་འཁོར་ལོ་ཆེན་པོ་སྟེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །ཁམས་གསུམ་འཁོར་ལོའི་རྒྱ་ཁྱོན་ཡང་ཡིན་ལ་འཁོར་ལོ་ཆེན་པོ་ཡང་ཡིན་པས་ན་ཁམས་གསུམ་པའི་རྒྱ་ཁྱོན་གྱི་འཁོར་ལོ་ཆེན་པོའོ། །གདོད་ནས་

བྱུང་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ཚུལ་གྱིས་རྟག་ཏུ་བཞུགས་པས་ན་གདོད་མ་ནས་བྱུང་བའོ། །དེ་ཡིས་ཁམས་གསུམ་ལ་གནས་པའི་སེམས་ཅན་རྣམས་རབ་ཏུ་བསྒྲུབ་ཅེས་བྱ་བ་ནི། ཁམས་གསུམ་གྱི་འཁོར་ལོའི་རྒྱ་ཁྱོན་ཅན་གྱི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དེས། འདོད་

པ་དང་། གཟུགས་དང་། གཟུགས་མེད་པ་སྟེ། ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་བསྐལ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་ལ་མངོན་པར་འདོད་ཅིང་བརྩོན་པར་རབ་ཏུ་བསྒྲུབས་ཏེ། དེ་བཞིན་གཤེགས་པའི་རིགས་རྟོགས་པར་བྱ་བའི་ཕྱིར་

བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ལ་རབ་ཏུ་གཞག་པའོ། །དེ་ཚེ་དག་པ་གྲུབ་པར་འགྱུར། །ཞེས་བྱ་བ་ནི་དེ་ནས་དུས་དེའི་ཚེ་སྟེ་བསྐལ་པ་བཟང་པོ་ལ་སོགས་པ་དང་པོའི་ཚེའོ། །སེམས་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་བག་ཆགས་དང་བཅས་པ་དང་བྲལ་བས་

དག་པ་ཡིན་ནོ། །ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་པས་གྲུབ་པ་ཡིན་ནོ། །སངས་རྒྱས་ཀུན་སོགས་དངོས་གྲུབ་ལ། །ཞེས་བྱ་བ་ནི་སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན་སངས་རྒྱས་ཀུན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་

དངོས་གྲུབ་ནི་སངས་རྒྱས་ཀུན་སོགས་དངོས་གྲུབ་སྟེ། །སངས་རྒྱས་བྱང་ཆུབ་ཐོབ་པའོ། །དེ་ལ་སོགས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་སེམས་དཔའི་བར་གྱི་རིགས་ཐམས་ཅད་ཀྱི་དངོས་གྲུབ་གང་ཡིན་པ་དེ་ནི་སངས་རྒྱས་ཀུན་སོགས་དངོས་གྲུབ་སྟེ། སངས་རྒྱས་

ཀུན་སོགས་པའི་དངོས་གྲུབ་ཀྱི་ཡུལ་དེ་ལའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེས་འདུས་པ་མཛད་པའི་སངས་རྒྱས་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ཡིན་ཏེ། འདུས་པ་མཛད་ནས་རྡོ་རྗེ་སེམས་

Vol. 60 · folio 269b

དཔའ་ལ་དེ་བཞིན་གཤེགས་པའི་རིགས་སྟོན་པར་མཛད་པའི་ཕྱིར་གསོལ་བ་བཏབ་པ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་རིགས་ཆེན་པོ། །སངས་རྒྱས་ཀུན་མཆོག་བཤད་དུ་གསོལ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི་

རིགས་ཏེ། དེ་ཡང་ནམ་མཁའ་ཐམས་ཅད་ཁྱབ་པས་ན་ཆེན་པོའོ། །སངས་རྒྱས་ཀུན་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་ཡིན་པས་ན་སངས་རྒྱས་ཀུན་མཆོག་སྟེ། བྱང་ཆུབ་ཆེན་པོའི་མཚན་ཉིད་ཀྱི་སེམས་ཀྱི་རང་བཞིན་གྱིས་སྐུའི་གསང་བའི་ཚུལ་གྱིས་དེ་

བཞིན་གཤེགས་པ་རྣམས་ལས་དམ་པར་གྱུར་པས་ན་མཆོག་སྟེ། གང་གི་ཕྱིར་དེ་རྣམས་སེམས་དེ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་

མཉམ་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་འདུས་ནས་བྱོན་པ་དེ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཡང་དག་བཞུགས་པས་ན། སྐུ་གསུང་ཐུགས་ལ་ཡང་དག་བཞུགས། །ཞེས་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །ཡང་དག་སྤྲོས་ནས་འདི་

གསུངས་སོ། །ཞེས་བྱ་བ་ནི་དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་ཏེ། དེ་ནས་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་མཛད་ནས་ཤེ་ན། ཡང་དག་པར་སྤྲོས་ནས་ཞེས་བྱ་བ་

གསུངས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པའི་རྡོ་རྗེ་སེམས་དཔའི་མཉམ་པའི་སྤྲོ་བ་དེ་མཛད་པ་ནི་ཡང་དག་པར་མཉམ་པར་སྤྲོ་བའོ། །འདི་གསུངས་སོ་ཞེས་བྱ་བ་ཨོཾ་བྷུ་ཁཾ་ཞེས་བྱ་བ་བཀའ་སྩལ་

པའོ། །དེ་ནས་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བདུད་རྣམས་བཅོམ་པ་ལ་སོགས་པ་ཞེས་བྱ་བ་ནི་ཇི་ལྟར་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གདན་ལ་བཞུགས་ཏེ། བདུད་བཅོམ་པར་མཛད་པ་དེ་བཞིན་དུ། དེའི་ཚེ་འདུལ་བར་མཛད་པའི་སངས་རྒྱས་ཐམས་ཅད་

Vol. 60 · folio 270a

ཀྱིས་བདུད་བཅོམ་པར་མཛད་ཅིང་ཁམས་གསུམ་པ་དེར་བྱང་ཆུབ་ཀྱི་སྙིང་པོར་བྱིན་གྱིས་བརླབས་ཤིང་བརྟན་པར་མཛད་པ་ཡིན་ནོ། །སོགས་པའི་སྒྲས་ནི་དབང་བསྐུར་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ལོག་པར་སྤྱོད་པའི་སེམས་ཅན་འདུལ་བ་དང་། སངས་

རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་རྣམས་འདུལ་བ་ལ་བྱའོ། །དེ་ལ་མི་བསྐྱོད་པའི་ཚུལ་གྱིས་ནི་བདུད་རབ་ཏུ་བཅོམ་པ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱིས་ནི་དབང་བསྐུར་བ་ཐོབ་པ་ཡིན་ནོ། །འོད་དཔག་ཏུ་མེད་པའི་ཚུལ་གྱིས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ། །དོན་

ཡོད་པར་གྲུབ་པའི་ཚུལ་གྱིས་ནི་ལོག་པར་སྤྱོད་པའི་སེམས་ཅན་རྣམས་འདུལ་བ་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་ནི་སངས་རྒྱས་ཐམས་ཅད་བསྡུས་པ་ཡིན་ནོ། །དེ་ལྟར་ན། དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སྙིང་པོར་བྱིན་གྱིས་

བརླབས། །ཞེས་བྱ་བའི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་ནས་བརྩམས་ཏེ་གསུངས་པ་ཡིན་པས་ཤེས་པར་བྱའོ། །ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་

བྱ་བའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཛིན། །དཀྱིལ་འཁོར་མཆོག་ནི་བཀའ་སྩལ་པ། །ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པའི་ཚིག་སྟེ། ལས་ཀྱི་

རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་གོ་བར་ཟད་དོ། །རྟོག་པ་ཀུན་གྱི་བདེ་བ་ཆེ། །ཞེས་བྱ་བ་རྟོག་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་རྟོག་པ་ཀུན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱའི་ཚུལ་ལོ། །དེ་རྣམས་ཀྱི་

བདེ་བ་ཆེན་པོའི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་དང་། དེའི་རྒྱུ་མཐུན་པ་ལས་བྱུང་བས། དཀྱིལ་འཁོར་འདི་ཡང་། རྟོག་པ་ཀུན་གྱི་བདེ་བ་ཆེ། །ཞེས་བྱའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གི་

Vol. 60 · folio 270b

ཕྱིར་རོ། །ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་ཡང་དག་རབ་བཤད་པའོ། །དཀྱིལ་འཁོར་ཆེན་པོ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། སྐུའི་གསང་བ་གཙོར་གྱུར་པའི་དཀྱིལ་འཁོར་ཆེན་པོའི་དེ་ཉིད་ནི་དེ་བཞིན་གཤེགས་པའི་རིགས་ཀྱིས་འདུལ་བའི་

སེམས་ཅན་རྣམས་འདུལ་བས་ན་དཀྱིལ་འཁོར་གཞན་ལས་མཆོག་ཏུ་གྱུར་པས་ན་དམ་པ་ཡིན་ཞེས་བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་ཉེ་བར་བཟུང་སྟེ་རྣམ་པར་སྣང་མཛད་དཀྱིལ་འཁོར་ཆེན་པོ་འདི་ཇི་སྲིད་མངོན་སུམ་དུ་མཐོང་

བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དེའི་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པ་མཐོང་བའི་སྐལ་བ་མེད་པའི་སེམས་ཅན་རྣམས་སྐལ་བ་དང་ལྡན་པར་བྱ་བའི་ཕྱིར་དཀྱིལ་འཁོར་ཡང་དག་པར་བྲི་བར་བྱའོ། །དབྱིབས་ཇི་ལྟ་བུར་བྲི་བར་བྱ་ཞེ་ན། དཀྱིལ་

འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་ཕྱི་མའི་དཀྱིལ་འཁོར་བཤད་མ་ཐག་པའི་དཀྱིལ་འཁོར་ཆེན་པོ་འདིར་ཕྱིའི་དཀྱིལ་འཁོར་ཡིན་ལ། དེའི་མཆོག་གང་ཡིན་པ་དེ་ནི་དཀྱིལ་འཁོར་ཆེན་པོའི་ཕྱིའི་མཆོག་ཅེས་བྱའོ། །དེར་ཅི་ཞིག་བྱ་

ཞེ་ན། རྡོ་རྗེ་འཁོར་ལོ་ཡང་དག་བྲི། །ཞེས་བྱ་བ་སྟེ། རྡོ་རྗེ་འཁོར་ལོ་ཟླུམ་པོ་ལ་རྡོ་རྗེ་ཕྲེང་བའི་ཚུལ་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའི་དཀྱིལ་འཁོར་ནི་རྡོ་རྗེ་འཁོར་ལོ་སྟེ་ཡང་དག་པར་བྲི་བར་བྱའོ། །འཁོར་ལོའི་ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་

ཆེན་པོ་དེ་བྲིས་ནས་དཀྱིལ་འཁོར་དབུས་མའི་དབུས་ཀྱི་ལྟེ་བར་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཛུམ་པ་མི་སྣང་བ་སྟེ། ཚེམས་མངོན་པའི་འཛུམ་པ་གང་ཡིན་པ་དེ་ནི་འཛུམ་པ་སྣང་བ་ཡིན་ལ། འདིའི་འཛུམ་པ་མི་མངོན་པས་ན་མི་སྣང་བ་སྟེ། འཛུམ་པ་མི་སྣང་བའི་

སངས་རྒྱས་ཀྱི་མཆོག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་མཾ། ཞེས་ཟློས་ཤིང་དབུས་སུ་དགོད་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་དེའི་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་བདུད་ལས་རྣམ་པར་རྒྱལ་བར་མཛད་པའི་སངས་རྒྱས་མི་བསྐྱོད་པ་

Vol. 60 · folio 271a

ཡང་དག་པར་བྲི་བར་བྱ་སྟེ། རྣལ་འབྱོར་པ་མི་བསྐྱོད་པའི་སྦྱོར་བས་བདུད་ལས་རྣམ་པར་རྒྱལ་བར་བྱེད་ཅིང་། བཛྲ་སཏྭ། ཞེས་ཟློས་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་མི་བསྐྱོད་པ་བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཡས་སུ་བྱང་ཆུབ་སེམས་དཔའ། ནོར་

ཆེན་གྱིས་ནི་དབང་བསྐུར་བ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡས་ཀཱི་ལི་ཀཱི་ལའི་གནས་སུ་རྣལ་འབྱོར་པས་འཕགས་པ་ནམ་མཁའི་སྙིང་པོ་ལ་སོགས་པའི་ནོར་ཆེན་པོ་རིན་པོ་ཆེའི་རིགས་ཀྱི་རང་བཞིན་གྱིས་དབང་བསྐུར་ཞིང་དབང་བསྐུར་བ་དེ་བྱེད་བཞིན་དུ་བྲི་བར་

བྱའོ། །འདི་སྐད་སྟོན་ཏེ། རྣལ་འབྱོར་པ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་བཛྲ་རཏྣ་ཞེས་བཟླས་ལ་བདག་ཉིད་འཕགས་པ་ནམ་མཁའི་སྙིང་པོ་ལ་སོགས་པ་ནོར་བུའི་རིགས་ཀྱི་རང་བཞིན་གྱི་བྱང་ཆུབ་སེམས་དཔའི་རིན་པོ་ཆེའི་ཅོད་པན་ལ་སོགས་པས་དབང་བསྐུར་བར་བསམ་ཞིང་

བཅོམ་ལྡན་འདས་སངས་རྒྱས་རིན་ཆེན་འབྱུང་ལྡན་བཛྲ་རཏྣ་ཞེས་ཟློས་ཤིང་གཡས་ལོགས་སུ་བྲི་བར་བྱའོ། །རྒྱབ་ཏུ་བྱང་ཆུབ་སེམས་དཔའ་དང་མཉམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱབ་ཏུ་རྡོ་རྗེ་དྲན་

མའི་གནས་སུ་རྡོ་རྗེ་ཆོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་མཉམ་དུ་ལྷན་ཅིག་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དམ་པའི་ཆོས་སྟོན་པ་སྟེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་ཆོས་སྟོན་ཅིང་རྣལ་

འབྱོར་པས་བཅོམ་ལྡན་འདས་སངས་རྒྱས་འོད་དཔག་ཏུ་མེད་པ་བྲི་བར་བྱའོ། །འདི་སྐད་སྟོན་ཏེ། རྣལ་འབྱོར་པ་འོད་དཔག་མེད་པའི་ང་རྒྱལ་བསྒོམ་ཞིང་བཛྲ་དྷརྨཱ་ཞེས་ཟློས་ཤིང་རྡོ་རྗེ་ཆོས་ལ་སོགས་པའི་པདྨའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཆོས་ཐམས་

ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་སྟོན་ཅིང་སངས་རྒྱས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བྲི་བར་བྱའོ། །གཡོན་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡོན་ལོགས་རྡོ་རྗེ་བསྙེམས་མའི་གནས་སུའོ། །ལོག་པར་རྣམ་དྲེགས་པ་ནི་དབང་ཕྱུག་

Vol. 60 · folio 271b

ཆེན་པོ་ལ་སོགས་པ་དྲེགས་པ་བདོ་བ་རྣམས་ནི་ལོག་པར་རྣམ་པར་དྲེགས་པའོ་ཞེས་བྱའོ། །ལོག་པར་དྲེགས་པ་དེ་བསྒྲུབ་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་ཚུལ་སྤྲུལ་པར་མཛད་ནས་དེ་ནས་དེ་རྣམས་རང་དབང་དུ་མཛད་པའོ། །བསྟན་པ་དམ་པ་ལ་མངོན་པར་

དགའ་ཞིང་ནན་ཏན་ལྷུར་བྱེད་པ་དང་ལྡན་པའི་དམ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་ཤིན་ཏུ་ཡི་རངས་མཛད་པ་བཅོམ་ལྡན་འདས་སངས་རྒྱས་དོན་ཡོད་གྲུབ་པ་བྲི་བར་བྱའོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔགས་པས་དོན་ཡོད་པར་གྲུབ་པའི་ང་རྒྱལ་བསྐྱེད་ལ། བཛྲ་

ཀརྨ་ཞེས་ཟློས་ཤིང་རང་གི་ལུས་ལས་རྡོ་རྗེ་རིགས་རྣམས་སྤྲོས་ལ། དེས་ལྷ་ཆེན་པོ་ལ་སོགས་དྲེགས་པ་བདོ་བའི་སེམས་ཅན་བཏུལ་ཏེ། རང་དབང་དུ་བྱས་པར་ཡིད་ཀྱིས་བསམས་ཤིང་བསྟན་པ་ལ་མངོན་པར་དགའ་བ་རྣམས་ཀྱང་ཞི་བའི་ཚུལ་གྱིས་རང་དབང་དུ་བྱས་པར་ཡིད་

ཀྱིས་བསམས་ལ། བཛྲ་ཀརྨ། ཞེས་བྱ་བའི་སྙིང་པོ་འདིས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་བྲི་བར་བྱའོ། །དེ་ནས་འདི་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །མཚམས་ཀྱི་ཆར་ནི་རྡོ་རྗེ་དང་། །རིན་ཆེན་སྡོང་བུ་ནོར་བུ་བྲིའོ། །ཞེས་བྱ་བ་ནི་ནང་གི་དཀྱིལ་

འཁོར་དེ་ཉིད་ཀྱི་མེའི་མཚམས་སུ་རྡོ་རྗེ་རྩེ་ལྔ་པ། བདེན་བྲལ་དུ་རྡོ་རྗེ་རིན་ཆེན། རླུང་གི་མཚམས་སུ་སྡོང་བུ་སྟེ་རྡོ་རྗེ་པདྨ། དབང་ལྡན་དུ་སྣ་ཚོགས་རྡོ་རྗེའི་མིང་ནོར་བུ་ཞེས་བྱ་བ་བྲི་བར་བྱའོ། །དེ་ནས་འདི་རྣམས་ཀྱི་ཞེས་བྱ་བ་ནི་གོ་སླའོ། །མཚམས་རྣམས་སུ་ནི་ལྷ་མོར་

བཤད། །ཅེས་བྱ་བ་ནི། སྒེག་མོ་བཞད་མ་གླུ་ཆེན་མོ། །གར་མཛད་མ་སྟེ་ལྷ་མོའི་ཚོགས། །འདི་དག་རྡོ་རྗེ་རྣམ་སྒེག་མོའི། །ཕྱི་ཡི་མཚམས་སུ་བྱ་བར་བཤད། །ཅེས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་དེ་ཉིད་འདིར་བྲི་བར་བྱའོ། །སྒོ་ཉིད་དུ་ནི་ལྕགས་ཀྱུ་ཞེས་

བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་ཞེས་གསུངས་པ་དེ་འདིར་སྒོ་རུ་བྲི་བར་བྱའོ། །དེ་བཞིན་སྔ་མ་ཇི་ལྟ་བཞིན། །འཁོར་ལོ་དེ་ནི་བརྟག་པར་བྱ། །ཞེས་བཅོམ་ལྡན་འདས་རྣམ་

Vol. 60 · folio 272a

པར་སྣང་མཛད་ཀྱི་དཀྱིལ་འཁོར་དེ་ལེགས་པར་བྲིས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བྲིས་པའི་ཆུལ་གྱིས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དོ། །དེ་ནས་མཆོད་པའི་ཐལ་མོ་ཞེས་བྱ་བ། ཐལ་མོ་ཁོང་སྟོང་སྙིང་གར་བཅིངས། །ཞེས་བྱ་བ་རང་གི་སྙིང་གའི་ཕྱོགས་སུ་

བཅིངས་ལ། གཡོན་དུ་དེ་བཞིན་བསྐོར་བ་ནི། །ཞེས་བྱ་བ་ནི་རང་གི་སྙིང་གའི་གཡོན་ལོགས་སུ་དེ་བཞིན་གཤེགས་པ་སྔར་བཤད་པའི་ཚུལ་གྱིས་བསྐོར་ཞེས་བྱ་བའི་ཐ་ཚིག་གོ། །མེ་ཏོག་དང་བཅས་ཕྱག་རྒྱ་འདི། །སངས་རྒྱས་ཀུན་གྱི་དམ་ཚིག་གཅིག །ཅེས་བྱ་བ་ནི་གོ་བར་ཟད་དོ། །

དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་གི་རིམ་པའི་ཕྱག་རྒྱ་བཅིང་བའོ། །བསམ་པ་གཡོས་པས་འདུད་པར་བྱ། །ཞེས་བྱ་བ་ནི་ལྷག་པར་མོས་པ་ཕུལ་དུ་བྱུང་བས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱའོ། །དེ་ནས་ཕྱག་བྱས་ལ་མེ་ཏོག་དོར་བར་བྱའོ། །གང་གི་དུས་སུ་

ཞེ་ན། བསྐོར་བ་ལན་གསུམ་བྱས་ནས་ནི། །ཞེས་བྱ་བ་གསུངས་ཏེ། བསྐོར་བ་ལན་གསུམ་བྱས་ནས་སོ། །ཤིན་ཏུ་གསང་བས་ཡང་དག་དགུག །ཅེས་བྱ་བ་ནི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ། ཅེས་ཟློས་ཤིང་གསང་བའི་ལྕགས་ཀྱུ་མས་དགུག་པ་དང་།

གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །དེ་ནས་ཆོ་ག་ཇི་བཞིན་དུ། །སྟོན་པ་ལ་ནི་མེ་ཏོག་དོར། །ཞེས་བྱ་བ་ནི་དེ་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་གསང་བའི་ལྕགས་ཀྱུས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་

བྱ་བ་ལ་ཇི་ལྟ་བ་བཞིན་དུ་ཞུགས་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་ཚོགས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་མེ་ཏོག་དོར་བའི་སྔགས་ཀྱིས་མེ་ཏོག་གི་སིལ་མ་དོར་བར་བྱའོ། །སངས་རྒྱས་བྱང་ཆུབ་རབ་གྲུབ་ཕྱིར། །འགྲོ་བའི་མགོན་ལ་དེ་ཉིད་བརྗོད། །ཅེས་

བྱ་བ་ནི་བསྐོར་བ་ལན་གསུམ་བྱས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་འདུག་སྟེ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་དེ་ཁོ་ན་ཉིད་འགྲོ་བའི་མགོན་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་བརྗོད་པར་བྱའོ། །

Vol. 60 · folio 272b

ཅིའི་ཕྱིར་ཞེ་ན། སངས་རྒྱས་བྱང་ཆུབ་རབ་གྲུབ་ཕྱིར། །ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ། །དེ་བཞིན་དུ་ཕུལ་དུ་བྱུང་བ་བསྒྲུབ་པ་ནི་རབ་གྲུབ་པ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་སྟེ་ཤིན་ཏུ་གྲུབ་པར་བྱ་བའི་ཕྱིར་རོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ཨོཾ་ཨ་ཀཱ་

རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ། ཅེས་བྱ་བའི་སྙིང་པོ་དང་དྲིལ་བུ་དང་བཅས་པའི་གསང་བའི་ལྕགས་ཀྱུ་མ་དང་འབེབས་པས་དགུག་ཅིང་སྤྱན་དྲངས་ནས་མྱུར་བ་ཉིད་དུ་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཐམས་ཅད་འདུས་ཤིང་བྱོན་པར་འགྱུར་རོ། །ཐམས་ཅད་མ་སྐྱེས་སྦྱོར་བ་

ཡིས། །ཞེས་བྱ་བ་ནི་ཐམས་ཅད་ཀྱིས་མ་སྐྱེས་པ་ནི། ཐམས་ཅད་མ་སྐྱེས་པ་སྟེ་ཆོས་ཐམས་ཅད་མ་སྐྱེས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དུ་རོ་གཅིག་པའི་སེམས་ཀྱི་སྦྱོར་བ་དེས་དངོས་གྲུབ་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྒྲུབ་པ་པོའི་དངོས་གྲུབ་ཐམས་ཅད་སྩོལ་ཞིང་སྟེར་

བར་མཛད་པར་འགྱུར་རོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདུས་པ་རྣམས་ཐམས་ཅད་མ་སྐྱེས་པའི་སྦྱོར་བས་སྒྲུབ་པ་པོའི་དངོས་གྲུབ་ཐམས་ཅད་རྣལ་འབྱོར་པ་ལ་སངས་རྒྱས་ཐམས་ཅད་ཀྱིས་སྩོལ་བར་འགྱུར་རོ། །ཞུགས་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་

དེར་ཞུགས་ནས་སོ། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་དཀྱིལ་འཁོར་དེར་ཞུགས་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དགའ་བ་ལ་སོགས་མཚན་མ་མཆོག །སྣ་ཚོགས་པ་ནི་འབྱུང་བར་འགྱུར། །ཞེས་བྱ་བ་

ནི་དཀྱིལ་འཁོར་དེར་ཞུགས་ནས་སྒྲུབ་པར་བྱེད་པ་ནི་རྣལ་འབྱོར་པ་ལ་དངོས་གྲུབ་ཀྱི་ལྟས་དགའ་བ་དང་། ཡིད་བདེ་བ་དང་། འོད་ཟེར་མཐོང་བ་ལ་སོགས་པའི་མཚན་མའི་མཆོག་སྟེ། དམ་པའི་ཚུལ་རྣམ་པ་སྣ་ཚོགས་སྐྱེ་ཞིང་འབྱུང་བར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནི་སློབ་དཔོན་

གྱི་ལས་ཀྱི་ཆོ་གའི་རྗེས་ཐོགས་ལའོ། །མཆོག་ཏུ་སློབ་མ་གཞུག་པ་ནི་དཀྱིལ་འཁོར་ཆེན་པོར་རོ། །ཆོ་ག་རྒྱས་པ་དེ་བཞིན་ནོ། །ཞེས་བྱ་བ་ནི་འདིར་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་ཐམས་ཅད་འདིར་བྱ་བ་ཡིན་

Vol. 60 · folio 273a

ནོ། །མཆོད་པའི་ཐལ་མོས་འཁོར་ལོ་ཆེ། །མཆོད་པ་བྱས་ནས་སླར་འབྱུང་བྱ། །ཞེས་བྱ་བ་ནི་གང་འདི་ན་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོར་མཆོད་པའི་ཐལ་མོ་དེས་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ལ་སོགས་པ་བླངས་ནས་མེ་

ཏོག་ལ་སོགས་པ་དེར་འཁོར་ལོ་ཆེ་ཞེས་བྱ་བའི་དཀྱིལ་འཁོར་མཆོད་པ་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དཀྱིལ་འཁོར་ཆེན་པོ་དེ་ལས་སླར་འབྱུང་བར་བྱའོ། །དངོས་གྲུབ་ཆོ་ག་ཇི་བཞིན་དུ། །སྒྲུབ་པ་རྣམས་ནི་རབ་བཤད་བྱ། །ཞེས་བྱ་བ་ལ་དངོས་གྲུབ་ནི་བསྒྲུབས་པའི་

འབྲས་བུའོ། །ཆོ་ག་ཇི་བཞིན་ཞེས་བྱ་བ་ནི་ཆོ་གའི་རིམ་པ་མ་འཆོལ་བར་རོ། །སྒྲུབ་ཅེས་བྱ་བ་ནི་འདིས་སྒྲུབ་པས་ན་བསྒྲུབ་པ་སྟེ། རས་རིས་ལ་སོགས་པའོ། །རབ་བཤད་བྱ་ཞེས་བྱ་བ་ནི་དེ་རབ་ཏུ་ཕྱེ་སྟེ་སྒྲུབ་པ་དང་དངོས་གྲུབ་བཤད་པར་བྱའོ་ཞེས་བྱ་བ་སྟེ་ཅི་ཡང་རུང་བའི་ཚུལ་

དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཆོ་ག་ཇི་བཞིན་ཞེས་བྱ་བ་ནི་སྒྲའི་དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་ཞུགས་ལ་རང་གི་ལྷའི་སྔགས་དང་། ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བླངས་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ལ་མདུན་དུ་རང་གི་ལྷ་སྤྱན་དྲངས་པ་

དང་། མཆོད་པ་དང་། ཕྱག་བྱས་ནས་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་རས་རིས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཉེ་རེག་ལན་ཅིག་བྱས་ལ། ཟླ་བ་གཅིག་ཙམ་གྱི་བར་དུ་བཟླས་བརྗོད་བྱས་ལ་དེ་ནས་ཇི་སྐད་བཤད་པའི་

ཚུལ་གྱིས་རས་རིས་ཀྱི་དཀྱིལ་འཁོར་གྱི་ཚུལ་ལམ་དཔའ་བོ་གཅིག་པུ་འདིར་གཞུག་པར་བྱའོ། །དེའི་མདུན་དུ་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། རས་རིས་ལ་རང་གི་ལྷ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པའམ། རང་གི་ལྷའི་

ཕྱག་རྒྱ་ཆེན་པོ་སྔར་བཤད་པའི་ཚུལ་གྱིས་ཡང་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ལ། མཐར་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱའོ། །དེ་ནས་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་རྣམས་གྲུབ་པར་འགྱུར་རོ། །དོན་འདི་ཉིད་སྟོན་པས་ནི། བདུད་ལ་སོགས་

Vol. 60 · folio 273b

ལས་རྣམ་རྒྱལ་བརྙེས། །བཅོམ་ལྡན་རས་ལ་བྲི་བར་བྱ། །སྒྲུབ་པ་འདི་ལས་གཅིག་ཙམ་ནི། །དེ་ལྟའི་བསྒྲུབ་བྱས་སྒྲུབ་པར་འགྱུར། །ཞེས་བྱ་བ་ནི་འདི་ནི་དཀྱིལ་འཁོར་གྱི་རས་རིས་སྒྲུབ་པ་ལ་གསུངས་པ་ཡིན་ནོ། །དཔའ་བོ་གཅིག་པུའི་དབང་དུ་བྱས་ནས། སྐུ་གཟུགས་ལ་སོགས་མདུན་དུ་

ཡང་། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདི་ནི་གོ་བར་ཟད་དོ། །འདིས་ཀྱང་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཟླ་བ་གཅིག་ཙམ་བཟླས་བརྗོད་བྱས་ནས་རང་གི་ལྷ་དཔའ་བོ་གཅིག་པུ་རས་ལ་སོགས་པ་ལ་གཞུག་པ་མདུན་དུ་

གཞུག་སྟེ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སླར་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་དེ་ལྟ་བུས་ནི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱུད་འདི་ལ་ཐམས་ཅད་དུ་ཡང་རས་

རིས་སྒྲུབ་པ་ལ། ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ཏེ་བཟླས་བརྗོད་བྱ་བར་ཤེས་པར་བྱའོ། །གཞུང་འདིས་ནི་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པ་ཡང་བཤད་པར་གྱུར་པ་ཡིན་ཏེ། གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་བསྒྲུབས་པའི་རྗེས་ཐོགས་

ཉིད་ལ་སྟོན་པ་ཡིན་གྱི་ཆོས་ཀྱི་ཕྱག་རྒྱ་ནི་མ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱའི་སྒྲུབ་པ་ཆེན་པོའི་རྒྱུད་ནི་ཞེས་བྱ་བ་ནི་དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི་ཕྱག་རྒྱ་

ཆེན་པོ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱའོ། །དེ་རྣམས་ཀྱི་སྒྲུབ་པ་ཆེན་པོ་ནི་རང་གི་སྐུའི་ངོ་བོར་བདག་ཉིད་བསྒོམ་པའོ། །དེ་སྟོན་པར་བྱེད་པའི་སྒྲ་ནི་ཚོགས་རྒྱུད་དོ། །ཕྱག་རྒྱ་གཅིག་ཅིག་བཅིངས་ནས་ནི། །བདག་ཉིད་སངས་རྒྱས་ཡིན་བསམས་ན། །ཞེས་བྱ་བ་ནི་རྣམ་པར་སྣང་

མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བདག་ཉིད་སངས་རྒྱས་ཡིན་ནོ་ཞེས་བསྒོམ་ཞིང་ཡང་དང་ཡང་དུ་མངོན་དུ་བྱེད་པའོ། །དེས་ཅིར་འགྱུར་ཞེ་ན། ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཆེ། །བརྟན་པ་རིང་པོར་མི་ཐོགས་ཐོབ། །ཅེས་བྱ་བ་གསུངས་ཏེ། རྣམ་པར་སྣང་མཛད་

Vol. 60 · folio 274a

ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནི་བདག་ཉིད་ཡིན་ནོ་ཞེས་བསྒོམས་ན། རྣལ་འབྱོར་པ་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བཅད་དུ་མེད་ཅིང་གཞིག་ཏུ་མེད་པར་བརྟན་པ་རིང་པོར་མི་ཐོགས་

ཤིང་མྱུར་བ་ཉིད་དུ་ཐོབ་པའོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་བསྒྲུབ་པ་གསུངས་ནས། ད་ནི་དམ་ཚིག་ཐམས་ཅད་སྒྲུབ་པ་གསུངས་པ་ནི། དེ་ནས་དམ་ཚིག་ཐམས་ཅད་སྒྲུབ་པ་ཞེས་བྱ་བ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །དམ་ཚིག་ཐམས་ཅད་ནི་དམ་ཚིག་གི་ཕྱག་རྒྱ་ཐམས་

ཅད་དོ། །དེ་རྣམས་ཀྱིས་སྒྲུབ་པ་ནི་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་བསམས་ལ། ས་མ་ཡ་སྟྭཾ། ཞེས་ཕྱག་རྒྱ་བཅིང་བའི་སྙིང་པོ་ཟློས་ཤིང་བཅིང་བའོ། །འདི་ཉིད་གསུངས་པ་ནི། སྙིང་གར་རྡོ་རྗེའི་གཟུགས་གཞག་སྟེ། ས་མ་ཡ་སྟྭཾ། ཞེས་བརྗོད་ནས། བཟླས་བརྗོད་འབུམ་གྱིས་

བསྒྲུབས་ནས་ནི། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། །ཞེས་བྱ་བ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་འདོད་པའི་སྒྲུབ་པ་པོས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། སེམས་དཔའི་རྡོ་རྗེ་སྙིང་གར་བསམས་ལ། ས་མ་ཡ་སྟྭཾ།

ཞེས་བརྗོད་ལ་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་ཟླ་བ་གཅིག་ཙམ་གྱི་བར་དུ་ཕྱག་རྒྱ་བཅིང་བ་དང་། རང་གི་ལྷའི་སྔགས་བཟླས་བརྗོད་དཔག་ཏུ་མེད་པ་བྱའོ། །དེ་ནས་ཡང་དེ་བཞིན་དུ་བཟླས་བརྗོད་བྱས་ལ་མཐར་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་

དེ་ལྟ་བུས་ནི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་གསུངས་ནས། ད་ནི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་གསུངས་པ་ནི། དེ་ནས་ལས་ཀྱི་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་རྒྱུད་ནི་ཞེས་བྱ་བ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་

སྔ་མ་བཞིན་ནོ། །ལས་ཀྱི་ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ལས་ཀྱི་ཕྱག་རྒྱ་ཐམས་ཅད་དོ། །དེ་རྣམས་ཀྱི་བསྒྲུབ་པ་ནི་བདུད་བཅོམ་པ་ལ་སོགས་པ་སྒྲུབ་པའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དོ། །བདུད་ལས་རྒྱལ་བ་ཞེས་བྱ་བ་ནི་མི་བསྐྱོད་པའི་ལས་ཀྱི་

Vol. 60 · folio 274b

ཕྱག་རྒྱ་བཅིངས་ལ་བདུད་ཀྱི་སྡེ་ལས་རྒྱལ་བར་བྱའོ། །མཆོག་རྟོགས་ཤིང་ཞེས་བྱ་བ་ནི་མཆོག་ནི་དམ་པ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་རྟོགས་པ་ནི་མངོན་པར་བྱང་ཆུབ་པའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་ནི། འོད་དཔག་ཏུ་མེད་

པའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཆོས་སྟོན་པའོ། །མཚུངས་མེད་སེམས་ཅན་དོན་བྱས་ནས། །ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ལོག་པར་སྤྱོད་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བར་ཡིད་ལ་བསམས་པར་བྱས་ནའང་དེ་ལྟ་བུས་ཅིར་འགྱུར་ཞེ་ན། ལས་

ཀྱི་ཕྱག་རྒྱ་གྲུབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། བཛྲ་ས་ཏྭ། ཞེས་ཟློས་ཤིང་མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ་བདུད་རབ་ཏུ་

གཞོམ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ལ་ཨོཾ་བྷུ་ཁཾ་ཞེས་ཟློས་ཤིང་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་བདག་ཉིད་མངོན་པར་སངས་རྒྱས་པར་བསམ་པར་བྱའོ། །བཛྲ་རཏྣ་ཞེས་ཟློས་ཤིང་རིན་པོ་ཆེའི་རིགས་ཀྱི་རང་བཞིན་ཅན་གྱིས་བྱང་ཆུབ་སེམས་

དཔའི་ནོར་བུ་ཆེན་པོས་བདག་ཉིད་ལ་དབང་བསྐུར་ལ། བཛྲ་དྷརྨཱ་ཞེས་ཟློས་ཤིང་འོད་དཔག་ཏུ་མེད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །དེ་ནས་བཛྲ་ཀརྨ་ཞེས་ཟློས་ཤིང་དོན་ཡོད་པར་གྲུབ་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ལོག་པར་སྤྱོད་

པ་དང་། ཡོངས་སུ་དགའ་བ་རྣམས་དབང་དུ་བསྡུས་ཤིང་དོན་བྱས་ནས་བདག་ཉིད་བྱ་བ་བྱས་པ་ལྟ་བུར་བསམས་ལ། རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། སྔ་མ་བཞིན་དུ་ཟླ་བ་གཅིག་བཟླས་བརྗོད་དཔག་ཏུ་མེད་པ་བྱའོ། །དེའི་རྗེས་ལ་ཟླ་བ་གཉིས་པ་ལ་ཡང་མཐར་ཟླ་བ་ཉ་ལ་མཚན་

ཐོག་ཐག་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་གྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་མཆོག་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པའོ། །དེའི་ཆོ་ག་ནི་བྱ་བ་རྣམས་སོ། །དེའི་ཆོ་ག་རྒྱས་པ་ནི་ཆོས་

Vol. 60 · folio 275a

ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པའི་རྒྱུན་ནོ། །དེ་སྟོན་པར་བྱེད་པ་སྒྲའི་ཚོགས་ནི་རྒྱུད་དོ། །སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།ཡང་འདིའི་དོན་བརྗོད་པར་བྱ་སྟེ། ཡང་བདག་བསྲུང་བ་དང་། བགེགས་གཞོམ་པ་ལ་སོགས་པ་

བྱས་ལ་བསང་གཏོར་བྱ་བའི་ཕྱིར་སྤོས་ཆབ་ཀྱིས་བཀང་བའི་སྣོད་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་ཏེ། ལྷའི་ཁང་པའི་སྒོར་བཞག་ལ། མཆོད་ཡོན་དང་མཆོད་པ་རྣམ་པ་ལྔ་ལ་ཇི་ལྟ་བ་བཞིན་དུ་མངོན་པར་བཟླའོ། །མཆོད་ཆེན་ཐམས་ཅད་དགུག་པ་དང་། །བདག་ལ་བྱིན་རླབས་

ལ་སོགས་བསྒྲུབ། །རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ལུགས་མའམ་ཡང་ན་བརྐོས་པའམ། །བྱས་པའམ་ནི་བྲིས་པ་ཡིས། །དང་པོའི་འཁོར་ལོ་བཞག་ནས་ནི། །དེས་ནི་སླར་ཡང་རབ་ཏུ་འགྲུབ། །ཡི་གེ་ཧཱུཾ་ངམ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྤྲུལ་པར་བྱའོ། །དེ་ནས་གལ་ཏེ་འབྱོར་པ་ཡོད་ན་མེ་ཏོག་ལ་སོགས་པས་དཀྱིལ་འཁོར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་ཟློས་ཤིང་ཕྱོགས་ཐམས་ཅད་ནས་དཀྱིལ་

འཁོར་ལྔ་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་ལ་ཕྱག་བཞི་བྱས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ཅིང་། སྡོམ་པ་གཟུང་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་བཅིངས་ནས་རྡོ་རྗེ་བསྡམས་པ་རང་གི་སྙིང་གར་དྲལ་བར་བྱའོ། །དེ་

ནས་རྡོ་རྗེ་འབེབས་པ་བསྐྱེད་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་རང་གི་སྙིང་གར་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དགྲོལ་བས་དབབ་པ་བརྟན་པར་བྱས་ལ་རྡོ་རྗེ་ཁུ་ཚུར་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་མུཥྚི་བཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཕྱག་

རྒྱ་དགྲོལ་བར་བྱས་ལ་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་རྣམ་པར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ་སྐྱིལ་མོ་ཀྲུང་གི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་ཏེ་བཞག་ལ། སྙིང་གར་སེམས་མ་རྡོ་རྗེ་བཀོད་དེ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་

Vol. 60 · folio 275b

པའི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་སྟྭཾ་ཧཾ། ཞེས་བསྒོམས་ལ། ས་མ་ཡ་ས་ཏྭ་ཨ་དྷི་ཏིཥྛ་སྭ་མཾ། ཞེས་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་སྙིང་ག་དང་དཔྲལ་བ་དང་།

ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ནམ་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་ཡིད་ཀྱིས་ཞུགས་ལ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དེ་ཉིད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་

ཀྱི་དཀྱིལ་འཁོར་ཆེན་པོ་མངོན་པར་སྤྲུལ་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་བདག་ཉིད་འཇུག་པའི་ཆོ་ག་རྣམས་རྗེས་སུ་སྤྱད་དེ། རང་གི་སྙིང་གར་ཟླ་བའི་ནང་དུ་འདྲེས་པར་བསམས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་

ནས། ཨོཾ་བྷུ་ཁཾ་ཨ་ཞེས་ཟློས་ཤིང་མདུན་དུ་སྣ་ཚོགས་པདྨའི་སྟེང་དུ། དེ་བཞིན་གཤེགས་པའི་རྡོ་རྗེ་བསམས་ལ། བཛྲ་ཧཱུཾ་ཞེས་བྱ་བས་རྡོ་རྗེའི་ང་རྒྱལ་དུ་བསྒོམས་ཏེ། བཻ་རོ་ཙ་ན་ཧཱུཾ་ཞེས་བྱ་བས་རྡོ་རྗེ་རྣམ་པར་སྣང་མཛད་དུ་བདག་ཉིད་བསམས་ནས་དེ་ཉིད་དུ་བཅོམ་ལྡན་འདས་

རྣམ་པར་སྣང་མཛད་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་སྔར་བཤད་པའི་སྙིང་པོ་དང་བཅས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་དང་། ཨོཾ་བྷུ་ཁཾ་དྲྀ་ཤྱ་ཞེས་བྱ་བས་རྣམ་པར་སྣང་

མཛད་བལྟ་བར་བྱས་ལ། ཨོཾ་བྷུ་ཁཾ་ཞེས་བྱ་བ་དང་། གསང་བའི་ལྕགས་ཀྱུ་མས་རང་གི་ལུས་ལ་བཅུག་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་བཅིངས་ཏེ། ས་མ་ཡ་སྟྭཾ་ཞེས་བརྗོད་ལ་འོད་ཀྱི་དཀྱིལ་འཁོར་བསྐྱེད་ནས་ས་མ་ཡ་སྟྭཾ་ཛཿཧཱུཾ་བཾ་ཧོཿ། ཨོཾ་བྷུ་ཁཾ་ཞེས་

ལན་གསུམ་བཟླས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་བདག་ཉིད་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་

Vol. 60 · folio 276a

པའི་རྣལ་འབྱོར་ཆེན་པོ་བྱས་ལ། སྔ་མ་བཞིན་དུ་དང་པོའི་རྡོ་རྗེས་བདག་ལ་བྱིན་གྱིས་བརླབ་པ་བྱས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ། རིན་པོ་ཆེའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། ཡི་གེ་གཉིས་ཀྱིས་གོ་ཆ་བགོ་བར་བྱའོ། །དེ་ནས་དེ་བཞིན་

གཤེགས་པའི་རྡོ་རྗེ་དང་བདག་པོ་དང་། མིང་གི་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་གཟུང་བར་བྱའོ། །དེ་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་དེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་

ཀྱི་ཕྱག་རྒྱ་ཆེན་པོས་བཅིངས་ལ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་སྟེ། ཆོས་ཀྱི་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས་ལ། ཨོཾ་བྷུ་ཁཾ་ཞེས་ལན་གསུམ་བཟླ་བར་བྱའོ། །དེ་ནས་དང་པོའི་རྡོ་རྗེ་ནམ་མཁའི་ཕྱོགས་སུ་རྡོ་རྗེ་སེམས་དཔའི་

གཞལ་ཡས་ཁང་དེ་བཞིན་དུ་བསྐྱེད་དེ། ལྷ་ཐམས་ཅད་ཀྱི་གནས་སུ་ཧྲི་ལས་སྣ་ཚོགས་པདྨའི་གདན་བསམས་ལ། ལྷ་མོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བདག་ཉིད་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་

བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སྙིང་པོར་བྱིན་རློབ་མཛོད། །ཅེས་བྱ་བའི་བར་གྱིས་བཤད་པ་བསྒོམ་པ་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་སྒོ་དབྱེ་བ་བྱས་ལ་བསྡུ་བར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་

བཤད་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱ་བ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམས་ནས་ཡང་བསྡུ་བར་བྱས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་། དཔལ་མཆོག་དང་པོའི་

སེམས་དཔའ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །ཅེས་བྱ་བ་ལ་སོགས་པ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཅེས་ཟློས་ཤིང་གསང་

Vol. 60 · folio 276b

བའི་ལྕགས་ཀྱུ་མས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ལ། དམ་ཚིག་གི་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་བསྒོམས་ནས་ཆོས་དང་། ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་གདབ་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དེ་བཞིན་གཤེགས་པ་རྣམས་དབང་

བསྐུར་ལ་རྡོ་རྗེ་སེམས་མ་ནས་རྡོ་རྗེ་དྲིལ་བུའི་བར་དུ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་ནས་མཆོད་ཡོན་ཕུལ་ཏེ། མཆོད་པ་རྣམ་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་ཡང་དག་པར་མཆོད་པར་བྱའོ། །དེ་ནས་རྣམ་

པར་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བྱས་ལ། ཕྱག་བཞི་བྱས་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མོ྅ཧཾ། ཞེས་བྱ་བའི་སྙིང་པོ་གསུམ་ཟློས་ཤིང་། དོན་གསུམ་རྣམ་པར་

བསྒོམས་ལ། ཏ་ཐཱ་ག་ཏ་མཎྜ་ལ་སྭ་བྷཱ་ཝ་ཧཾ་སྭ་མཾ། ཞེས་ཟློས་ཤིང་བདག་ཉིད་ནི་རང་ཉིད་དེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ངོ་བོ་ཡིན་ནོ་ཞེས་བསམ་མོ། །དེ་ནས། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་དབང་ཕྱུག་ཆེ། །བདེ་བ་ཆེན་པོ་དངོས་

གྲུབ་མཆོག །དེ་བཞིན་གཤེགས་པར་བདག་གྱུར་ཅིག །ཅེས་བསམས་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ། ཨོཾ་བྷུ་ཁཾ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ་འདི་ཉིད་ཆོས་ཀྱི་ཚིག་གིས་ཟློས་ཤིང་བདག་ཉིད་ལྷ་ཐམས་ཅད་ཀྱི་རང་བཞིན་ཡིན་པར་བསྒོམ་པར་བྱའོ། །དེ་ལྟར་ན་དང་

པོར་བདག་ལ་བྱིན་གྱིས་བརླབ་པ་ལན་ཅིག་བྱས་ནས་གང་གི་ཚེ་མཉམ་པར་གཞག་པའི་སྦྱོར་བས་གནས་པར་འདོད་པ་དེའི་ཚེ། ཨོཾ་བྷུ་ཁཾ་ཞེས་ཟློས་ཤིང་རྣམ་པར་སྣང་མཛད་ཀྱི་གནས་སུ་རྣམ་པར་བཞག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གིས། ཨོཾ་བྷུ་ཁཾ་ཞེས་ཟློས་

ཤིང་བདག་ཉིད་ཀྱི་གནས་བཞིར་དེ་བཞིན་དུ་བྱིན་གྱིས་བརླབས་ལ་གནས་པར་བྱའོ། །བྱ་བ་ཐམས་ཅད་བྱས་ནས་ཡང་སླར་ཞུགས་ཏེ། གསང་བའི་ལྕགས་ཀྱུ་མ་དང་། རྣམ་པར་སྣང་མཛད་ཀྱི་སྙིང་པོས་རྣམ་པར་སྣང་མཛད་རང་གི་ལུས་ལ་བཅུག་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་

Vol. 60 · folio 277a

པ་དང་། མཆོད་པ་བཅུ་གཉིས་དང་། ཕྱག་ཀྱང་བྱས་ལ་དེ་བཞིན་དུ་བསྒོམས་པར་བྱའོ། །བསྒོམ་པས་དུབ་པར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་དང་། མཆོད་པ་རྣམ་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་བཅུ་གཉིས་བྱས་ནས་དེ་བཞིན་དུ་ཕྱག་བྱས་ལ་དེ་བཞིན་

དུ་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ཟླ་བ་གཅིག་གམ་ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་སྲིད་ཀྱིས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་སྩོལ་བ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བྱའོ། །དེ་ནས་ཉིན་རེའམ་ཟླ་བ་རེའམ། ལོ་རེ་

ཞིང་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་དང་པོར་ས་སྦྱང་བ་དང་། ས་ཡོངས་སུ་གཟུང་བའི་ཆོ་ག་རྗེས་སུ་སྤྱད་ལ་བགེགས་གཞོམ་པ་ལ་སོགས་པ་བྱས་ནས་རྡོ་རྗེ་འཁོར་ལོས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ལ་རྣལ་འབྱོར་ཆེན་

པོ་དང་། གཞལ་ཡས་ཁང་དང་གདན་རྣམས་བསྐྱེད་དེ། དཀྱིལ་འཁོར་གྱི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། སྔ་མ་བཞིན་དུ་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་དེ་བཞིན་དུ་སངས་རྒྱས་ཐམས་ཅད་སྤྱན་དྲང་བ་བྱས་ལ་ཡང་ཕྱག་བྱས་ནས་དང་པོའི་སྦྱོར་

བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་མཆོག་རྣམ་པར་བསྒོམས་ལ། དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །དེ་བཞིན་གཤེགས་པའི་རིགས་ཆེན་པོ། །སངས་རྒྱས་ཀུན་མཆོག་བཤད་དུ་གསོལ། །ཞེས་བྱ་

བས་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་མོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་། ཨོཾ་བྷུ་ཁཾ་བཛྲ་ཏིཥྛ་མཎྜ་ལ་ཨུཏྠ་པ་ཡ་ཞེས་ཟློས་ཤིང་ཡིད་ཀྱིས་དཀྱིལ་འཁོར་བཏེག་ལ་ནམ་མཁར་གཞག་སྟེ། ཨོཾ་བྷུ་ཁཾ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བ་དང་། དམ་ཚིག་གི་ཕྱག་

རྒྱ་དེ་ཉིད་ཀྱིས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བདག་ཉིད་ལ་བྱིན་གྱིས་བརླབ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་དྲྀཥྛ་མཊ་ཅེས་བྱ་བ་མིག་གཉིས་སུ་དགོད་པ་དང་། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་

Vol. 60 · folio 277b

པར་བལྟས་ནས་ནི། །ཨོཾ་བྷུ་ཁཾ་ཞེས་ཟློས་ཤིང་། བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་སློབ་མ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པའི་ཆོ་ག་བྱས་ནས་ཉི་མ་འཆར་ཀར་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་སྟེ། ཕྱིའི་

དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་གས་ཐིག་གདབ་པར་བྱའོ། །དེའི་ནང་དུ་ཕྱེད་ཀྱི་ཚད་ལ་རྡོ་རྗེ་རྩེ་གསུམ་པ་ཟླུམ་པོར་བསྐོར་བ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྲི་བའི་ཐིག་གདབ་པོ། །དེ་ནས་ཚོན་སྣ་ལྔའི་ཕྱེ་མས་དཀྱིལ་འཁོར་

བྲིས་ལ། ནང་གི་དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གསེར་གྱི་མདོག་ཅན་ཞལ་གཅིག་པ། བྱང་ཆུབ་མཆོག་གི་ཕྱག་རྒྱས་དེ་བཞིན་གཤེགས་པའི་རྡོ་རྗེ་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཉི་མའི་འོད་མངའ་བ།

རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། ཞལ་ཤར་དུ་གཟིགས་པ་ཅུང་ཟད་འཛུམ་པ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷ་མཾ་ཞེས་ཟློས་ཤིང་བྲི་བར་བྱའོ། །དེའི་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་ཟླ་བའི་མདོག་ཅན་ས་གནོན་གྱི་ཕྱག་རྒྱས་

བཞུགས་པ་རྡོ་རྗེ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། རྣལ་འབྱོར་པ་མི་བསྐྱོད་པའི་ང་རྒྱལ་གྱིས་བདུད་ལས་རྣམ་པར་རྒྱལ་བར་བསམ་ཞིང་རྡོ་རྗེ་སེམས་དཔའི་སྙིང་པོ་བཛྲ་སཏྭ་ཧཱུཾ། ཞེས་ཟློས་ཤིང་བྲི་བར་བྱའོ། །ཀཱི་ལི་ཀཱི་ལའི་གནས་སུ་བཅོམ་ལྡན་འདས་རིན་ཆེན་

འབྱུང་ལྡན་བཻཌཱུརྱའི་མདོག་ཅན། མཆོག་སྦྱིན་གྱི་ཕྱག་རྒྱས་བཞུགས་པ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། རྣལ་འབྱོར་པ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས་བྱང་ཆུབ་སེམས་དཔའི་ནོར་ཆེན་པོས་བདག་ལ་དབང་བསྐུར་བར་བསམ་ཞིང་། བཛྲ་རཏྣ་ཞེས་ཟློས་ཤིང་བྲི་

བར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་བཞུགས་པ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། རྣལ་འབྱོར་པ་འོད་དཔག་ཏུ་མེད་པའི་ང་རྒྱལ་

Vol. 60 · folio 278a

གྱིས་རྡོ་རྗེ་ཆོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསམ་ཞིང་། བཛྲ་དྷརྨཱ་ཧྲིཿཞེས་ཟློས་ཤིང་བྲི་བར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི། གཡོན་ལོགས་སུ་རྡོ་རྗེ་སྙེམས་མའི་གནས་སུ་བཅོམ་

ལྡན་འདས་དོན་ཡོད་གྲུབ་པ་སྣ་ཚོགས་མདོག་ཅན་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་བཞུགས་ཏེ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་རྣལ་འབྱོར་པ་དོན་ཡོད་པར་གྲུབ་པའི་ང་རྒྱལ་གྱིས་གཡོན་ལོགས་སུ་བཞུགས་པར་བརྩོན་པའི་སེམས་ཅན་ཐམས་ཅད་ཀྱང་འདུལ་བར་བྱེད་ན།

དམ་པ་རྣམས་ལ་སྨོས་ཀྱང་ཅི་དགོས་ཞེས་ཡིད་ལ་བསམ་ཞིང་བཛྲ་ཀརྨ་ཞེས་ཟློས་ཤིང་བྲི་བར་བྱའོ། །དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་མི་བསྐྱོད་པ་ལ་སོགས་པ་ནི་སྤྲུལ་པའི་སྐུའི་ངོ་བོ་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ཆོས་གོས་

བསྣམས་པ་སྣ་ཚོགས་པདྨ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མངོན་པར་ཕྱོགས་ཤིང་། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་པདྨ་བསྣམས་པ་ཉི་མའི་དཀྱིལ་འཁོར་མངའ་བའོ། །དེ་ནས་རང་གི་དཀྱིལ་འཁོར་དེ་ཉིད་ཀྱི་མེའི་

མཚམས་སུ་རྡོ་རྗེ་རྩེ་ལྔ་པ། བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་རིན་པོ་ཆེ། རླུང་གི་མཚམས་སུ་རྡོ་རྗེ་པདྨ་དང་། དབང་ལྡན་གྱི་མཚམས་སུ་སྣ་ཚོགས་རྡོ་རྗེ། དེ་ལ་འདི་རྣམས་ཀྱི་སྙིང་པོ་ནི་སཏྭ་བཛྲ། བཛྲ་རཏྣ། བཛྲ་པདྨོ་ནི། བི་ཤྭ་བཛྲ་ཎི། ཞེས་བྱ་བ་ཡིན་ནོ། །ཕྱིའི་དཀྱིལ་འཁོར་གྱི་

སྣམ་བུའི་མཚམས་སུ་སྒེག་མོ་དང་བཞད་མ་དང་། གླུ་ཆེན་མོ་དང་། གར་མ་ཞེས་བྱ་བའི་ལྷ་མོའི་ཚོགས་རྣམས་སྙིང་པོ་འདིས་བྲི་བར་བྱའོ། །ཧེ་ར་ཏི་བཛྲ། བི་ལཱ་སྱ་ནི་ཏྲཊ། ཧེ་བེེ་ག་བ་ཏཱི་བཛྲ། ཧ་སེ་ཧ་ཏ། ཧེ་བཛྲ་ར་ཏི། བཛྲ་གཱི་ཏེ་རི་ཏེ། ཧེ་ར་ཏི་བཛྲ། ནྲྀ་ཏྱ་བེ་བ་བེ་བ་ཞེས་

བྱ་བ་ཡིན་ནོ། །ཤར་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་ལྕགས་ཀྱུ་སྐུ་མདོག་དཀར་དམར་རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་ལ་འཛིན་པར་བརྩོན་པ། ལྷོ་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་ཞགས་པ་སྐུ་མདོག་དཀར་པོ། །རྡོ་རྗེ་ཞགས་པས་དེ་བཞིན་

Vol. 60 · folio 278b

གཤེགས་པ་ཐམས་ཅད་འཛུད་པ་ལ་བརྩོན་པ། ནུབ་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་ལྕགས་སྒྲོག་སྐུ་མདོག་སེར་པོ་རྡོ་རྗེ་ལྕགས་སྒྲོག་གིས་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་མཛད་པ། བྱང་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་དྲིལ་བུ་སྐུ་མདོག་སྔོ་བ་ཕྱག་གཡས་ན་རྡོ་རྗེ་དྲིལ་

བུ་བསྣམས་པ། ཕྱག་གཡོན་པས་གདན་ལ་བསྙེམས་ཏེ་བཞུགས་པ་བྲི་བར་བྱའོ། །དེ་རྣམས་ཀྱི་སྙིང་པོ་ནི་ཛཿབཛྲ་ཨཾ་ཀུ་ཤ། །ཧཱུཾ་བཛྲ་པཱ་ཤ། བཾ་བཛྲ་སྥོ་ཊ། ཧོཿབཛྲ་གྷཎྚ། ཞེས་བྱ་བ་ཡིན་ནོ། །འདི་དག་ཐམས་ཅད་ཀྱང་སྣ་ཚོགས་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་

བཞུགས་པའོ། །སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བ་དང་ལྡན་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མངོན་པར་ཕྱོགས་པར་བྲིའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ་བསྡུ་བ་བྱས་ནས་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་

འདས་ལ་མངོན་པར་བསྟོད་དེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་འདུག་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་ཏེ་གསང་བའི་ལྕགས་ཀྱུ་མའི་སྙིང་པོ་སྔར་བཤད་པས་བཅོམ་ལྡན་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་

བསལ་བར་བྱས་ནས་ར་བ་དང་དྲ་བ་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ་རྡོ་རྗེ་བསྲུང་བ་ཐམས་ཅད་ཀྱིས་ཡང་དག་པར་བསྲུངས་ལ། ཨོཾ་བྷུ་ཁཾ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས། ཨོཾ་བྷུ་ཁཾ་དྲྀ་ཤྱ་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཧཾ་

ཛཿཧཱུཾ་བཾ་ཧོཿ། ཨོཾ་བྷུ་ཁཾ། ཞེས་བྱ་བས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རང་གི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཨཿབཛྲ་གྷཎྚ་དྲྀ་ཤྱ་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་ཛཿཧཱུཾ་བཾ་ཧོཿ། ཨཿབཛྲ་གྷཎྚ། ཞེས་བྱ་བ་ལན་གསུམ་བཟླས། རྡོ་རྗེ་དྲིལ་བུའི་བར་དུ་རང་གི་

དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམ་པར་སྣང་མཛད་ལ་སོགས་པ་རྒྱས་བཏབ་ལ་དེ་བཞིན་གཤེགས་པ་ལྔའི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་ཞིང་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བའི་ཕྱག་རྒྱས་དབང་

Vol. 60 · folio 279a

བསྐུར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་བུམ་པ་གང་བ་ལ་སོགས་པ་ཡང་དག་པར་མཆོད་ནས་ཆོས་གོས་སུ་གྱོན་པའི་གོས་ལ་རྡོ་རྗེ་གནོད་སྦྱིན་བཟླས་པ་དང་། ཡང་གདོང་གཡོགས་ཀྱི་དར་ལ་སྒོ་བ་བཞིའི་སྙིང་པོ་བཟླས་ཏེ། དེས་རང་གི་གདོང་གཡོགས་ལ། ཤིན་ཏུ་

དམར་བའི་གོས་གྱོན་ཞིང་། མེ་ཏོག་གི་ཕྲེང་བ་བཏགས་པ་དང་། གདོང་དྲི་ཞིམ་པོར་བྱས་ལ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་བྱ་

བའི་ཕྱིར་གསོལ་བ་བཏབ་པ་བྱས་ནས་སྡོམ་པ་གཟུང་བར་བྱའོ། །དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུ་ལ་ཨོཾ་བྷུ་ཁཾ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བདག་ཉིད་དབང་བསྐུར་ལ། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་མཚན་ཉིད་ལ་མེ་ཏོག་དང་བཅས་པའི་སྙིང་གར་གཡོན་གྱིས་བསྐོར་བའི་

ཚུལ་གྱིས་བཅིངས་ལ་དེ་ནས་མེ་ཏོག་གི་ཕྲེང་བ་བླངས་ནས། བཛྲ་བཛྲ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པས། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བརྗོད་ཅིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ། །སྒོ་བཞིར་རྡོ་རྗེ་

ལྕགས་ཀྱུ་མ་ལ་སོགས་པའི་སྙིང་པོ་ཡང་དེ་བཞིན་དུ་བཟླ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་སུ་ར་ཏ་སུ་སིདྡྷི་སུ་ཏོ་ཥྱོ་མེ་སུ། སུ་ཁཾ་བཛྲས་ཏྭ་ཨཱདྱ་སིདྡྷྱ་སྭ་མཱཾ། དེའི་འོག་ཏུ་འཇུག་པའི་ཕྱག་རྒྱ་མེ་ཏོག་

དང་བཅས་པ་རང་གི་སྙིང་གར་བཞག་ལ། ཨོཾ་པ་ར་མ་སུ་ཁ་ཤ་ཡ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་བསམ་པ་གཡོས་པས་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཕྱག་བྱའོ། །དེ་ནས་དཀྱིལ་འཁོར་ལན་གསུམ་བསྐོར་བ་བྱས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་འདུག་སྟེ་

དེ་ཁོ་ན་ཉིད་བརྗོད་པར་བྱའོ། །འདོད་ཆགས་ཆེན་པོའི་བདེ་བ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་ཞིང་། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔར་བདག་གྲུབ་མཛོད། །དེ་ནས་ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་ཆུ་འཐུངས་ལ། །གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མའི་

Vol. 60 · folio 279b

རྡོ་རྗེ་ཕྱེ་ལ་ཨོཾ་བྷུ་ཁཾ་ཨ་ཞེས་ལན་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་མེ་ཏོག་སིལ་མ་གཏོར་ལ་འཇུག་པའི་མཛུབ་མོའི་ཕྱག་རྒྱ་དང་། མཐེ་ཆུང་གི་རྩེ་མོ་བསྒྱིངས་པ་དང་བཅས་པས་དཀྲོལ་ལ། ཨོཾ་པ་ར་མ་སུ་ཁཾ་ཤ་ཡ་སུ་ལ་ལི་ཏ་བི་ལཱ་སྱ་ན་མི་ཏེ་ན་མ་མི་བྷ་

ག་བཱནྟཾ་ཛཿཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཞེས་བརྗོད་དོ། །དེ་ནས་ཕྲེང་བ་དེ་བླངས་ལ། རང་གི་མགོ་ལ་བཅིང་བར་བྱའོ། །དེང་ཁྱོད་དབང་བསྐུར་བ་དང་། འདི་གཞན་ལ་སྨྲས་ན། གལ་ཏེ་སྐྱེ་བོ་འདུས་ནང་སྨྲས། །དད་པ་མེད་པས་བགད་པར་འགྱུར། །ཨོཾ་མ་ཧཱ་སུ་ཁ་

བཛྲ་ས་ཏྭ་ཨ་བྷི་ཥིཉྩ་སུ་ར་སྟྭཾ་དེ་ནས་སྙིང་པོ་འདིས་གདོང་གཡོགས་དགྲོལ་བར་བྱའོ། །ཨོཾ་བཛྲ་ཙཀྵུ་ཀ་མ་ཡ་སརྦ་སུ་ར་ཏ་སྟྭཾ། དེ་ནས་ཧེ་བཛྲ་པ་ཤྱ་ཞེས་ཟློས་ཤིང་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་གྱི་དཀྱིལ་འཁོར་ཐམས་ཅད་

ཀྱི་ལྷའི་ངོ་བོ་ཉིད་བསྟན་པར་བྱའོ། །དེ་ནས་ཏིཥྛ་བཛྲ་ཞེས་ཟློས་ཤིང་འཇུག་པའི་ཕྱག་རྒྱས་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་ཤིས་པ་བརྗོད་པའི་ཚུལ་དུ་སྙིང་གར་བཅིངས་ནས། མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་བསྟོད་

པར་བྱའོ། །དེ་ནས་རྣམ་པར་སྣང་མཛད་དུ་བདག་ཉིད་བསམས་ལ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས། ཡང་དང་པོའི་རྡོ་རྗེ་བཛྲ་སཏྭ་ཞེས་ཟློས་ཤིང་བྱིན་གྱིས་བརླབས་ལ། མི་བསྐྱོད་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱས་མི་བསྐྱོད་པ་ལ་སོགས་པའི་རང་གི་

ལུས་ལ་གནས་ཇི་ལྟ་བ་བཞིན་དུ་བཀོད་ནས། ཇི་ལྟ་བ་བཞིན་དུ་དབང་བསྐུར་ཏེ། གཟེངས་བསྟོད་པ་དང་། ལུང་བསྟན་པའི་བར་གྱི་ཆོ་ག་རྗེས་སུ་སྤྱད་ནས། བདག་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། ཇི་ལྟར་མངོན་པར་འདོད་པར་བཟླས། །དེ་ནས་བཅོམ་ལྡན་

འདས་འཁོར་དང་བཅས་པ་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་ཕྱིར་འབྱུང་བར་འགྱུར་རོ། །དེ་ནས་སློབ་མ་གཞུག་པར་འདོད་ན། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ཏེ། །སྙིང་ནས་བསམ་པ་གཡོས་

Vol. 60 · folio 280a

པ་ཡིས། །མགོ་བོས་ཡང་དག་ཕྱག་བྱས་པ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། །ཞུགས་པས་དཀྱིལ་འཁོར་ལན་གསུམ་ནི། །བསྐོར་བ་བྱས་ནས་བརྗོད་པར་བྱ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །འགྲོ་བ་ཀུན་ལའང་གྲུབ་པར་མཛོད། །དེ་

ནས་དུས་ཀྱི་མཆོད་པ་ཡིས། །དེ་བཞིན་གཤེགས་པ་ཡང་དག་མཆོད། །དེ་བཞིན་དབང་བསྐུར་རྡོ་རྗེ་ནི། །བཟུང་སྟེ་སློབ་མ་གཞུག་པར་བྱ། །སློབ་དཔོན་གྱི་ལས་ཀྱི་ཆོ་གའོ། །དེ་ནས་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་པར་བྱའོ། །དེ་ལ་སློབ་མ་བསླབ་པའི་

གཞི་ལྔ་ཡོངས་སུ་གཟུང་བའམ། དགེ་སྦྱོང་ངམ། དགེ་སློང་གི་སྡོམ་པ་ཡོངས་སུ་བཟུང་བས་སྔར་བཤད་པའི་ཆོ་གས་རིག་པའི་སྡོམ་པ་གཟུང་བར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་ཅེས་སྨྲར་གཞུག་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ར་མ་མ་ཧཱ་ཨུཏྤཱ་ད་

ཡཱ་མི་ཨ་ཤེ་ཥ་ན་བི་ཤེ་ཥ་སརྦ་སཏྭ་ས་དྷཱ་ཏུ་དྷ་ཏྲ་ན་ཧྲི་ཏེ་སུ་ཁོཏྟ་མ་སིདྡྷི་ནི་མིཏྟ་ཨ་དྱནྟ་བྷ་བ་སིདྡྷི་མ་ཧེ་ཤྭརྱ་དྷི་པ་ཏྱ་ཡཾ། ཡ་བོ་དྷ་སཏྭ་ཏ་མ་ཧཱ་ཡ་དྷི། མ་ཧེ་ཤྭརྱ་དྷི་པ་ཏྱ་ཡཾ། དེ་ནས་སློབ་མའི་སྙིང་གར་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱ་བས་དེ་བཞིན་

དུ་རྡོ་རྗེ་བསྐྱེད་ལ། སློབ་དཔོན་གྱིས་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བྱ། དེ་ནས་མེ་ཏོག་ལ་སོགས་པས་མཆོད་ལ། ཡོན་གྱི་མཆོག་བླངས་ཏེ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། དང་པོར་འཇུག་པའི་ཕྱག་རྒྱས་སློབ་དཔོན་འཇུག་

པའི་ཚུལ་དུ་ཞུགས་པར་བྱའོ། །དེ་ནས་འདི་སྐད་ཅེས་སྨྲར་གཞུག་གོ། །མ་ཧཱ་ར་ཏ་སུ་ཏྲི་ཏ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨཱདྱ་སིདྡྷྱ་མཾ། དེ་ནས་ཡང་ངས་འདི་སྐད་ཅེས་བརྗོད་དོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་ཡེ་

ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པར་ཡང་མཐོང་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words