དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ

Sanskrit title (Tibetan script, as in the text) ཤྲཱི་པ་ར་མཱ་ཏྱ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 60 · folio 280b

ནས་རྡོ་རྗེ་སློབ་དཔོན་རང་གི་སེམས་མའི་རྡོ་རྗེ་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་ལ་རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས་གལ་ཏེ་གང་ཞིག་ལ་སྨྲས་ན་གླད་པ་འགས་པར་འགྱུར་རོ། །དེ་ནས་

དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོ་འདི་ལན་ཅིག་བཟླས་ནས་སློབ་མ་དེ་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་ལ་དམ་ཚིག་གི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །

དེ་མ་ཐག་ཏུ་དྲལ་ནས་གཤེགས། །བཛྲ་ཨུ་ད་ཀ་ཋ་ཋ་ཞེས་བྱའོ། །དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ནི་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག། །མི་བདེ་

བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་

རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ་འདི་སྐད་ཅེས་བརྗོད་དུ་གཞུག་གོ། །འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །དི་རིང་ཉིད་དུ་འབབ་པར་ཤོག །བཛྲ་ཨ་བེ་ཤ་ཨ། ཞེས་ལན་བརྒྱ་རྩ་བརྒྱད་བཟླ་བར་

བྱའོ། །ཡང་ཁྲོ་བོའི་ཁུ་ཚུར་བཅིངས་ལ་རྡོ་རྗེ་སེམས་མས་གཡས་པ་དྲལ་བར་བྱ་ཞིང་ཨོཾ་བྷུ་ཁཾ་ཨ་ཨ་ཨ་ཨ་ཞེས་ལན་བརྒྱ་བཟླ་བར་བྱའོ། །དེ་ནས་དེ་བཞིན་དུ་མེ་ཏོག་གི་ཕྲེང་བ་དོར་བར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཕྲེང་བའི་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་དེ་

བཞིན་དུ་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་ཧེ་བཛྲ་པ་ཤྱ་ཞེས་བྱ་བ་དང་། དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་སྙིང་གར་དགྲོལ་བར་བྱའོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་ཤར་སྒོར་

Vol. 60 · folio 281a

བལྟས་པའི་སྣ་ཚོགས་པདྨ་བྲིས་ལ་སློབ་མ་རྣམ་པར་སྣང་མཛད་དུ་བསམས་ཏེ་སེམས་མ་རྡོ་རྗེས་བྱིན་གྱིས་བརླབས་ལ་པདྨའི་སྟེང་དུ་ལས་ཀྱི་ཕྱག་རྒྱ་བཞག་ནས་ཡོན་གྱི་མཆོག་བླངས་ལ། སློབ་མ་ལ་མཆོད་ཡོན་བྱིན་ཏེ། དེ་ནས་མཆོད་པ་རྣམ་པ་ལྔས་

མཆོད་ནས། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ་ཨོཾ་བྷུ་ཁཾ་ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་བྱ་བས་དེ་དབང་བསྐུར་ལ་འདི་སྐད་བརྗོད་ཅིང་ཆུ་དེ་འཐུང་དུ་ཡང་གཞུག་གོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་

བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་འདི། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་ནང་བསྟན་པ་དང་། །དད་པ་མེད་པས་བགད་པར་འགྱུར། །སློབ་མས་ཀྱང་ཐལ་མོ་བསྐོར་བས་སློབ་དཔོན་ལ་ཕྱག་བྱས་ལ་རྡོ་རྗེ་མེ་ཏོག་ལ་སོགས་པས་དབང་

བསྐུར་བ་ཐམས་ཅད་བླང་བར་བྱ་ཞིང་ཡོན་ཡང་རྒྱུན་དུ་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱས་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བ་དང་། དར་དཔྱངས་ཀྱི་དབང་བསྐུར་བས་ཀྱང་དེ་དབང་བསྐུར་ལ། ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ་བྷི་ཥེ་ཀ་ན་སྟྭཾ། ཨ་བྷི་ཤཉྩཱི་མི་སརྦ་

བཛྲ་ཨ་ཏི་བ་ཏེ་ཏྲི་ཏོ་མེ་བྷ་བ། སིདྡྷ་ནཱ་མ་ཏེ། བྷ་ག་བཱན་མ་ཧཱ་བཛྲ་དྷ་ར་སུ་ར་ཏ་སྟྭཾ་ཧཾ། བཛྲ་སཏྭ་ཨོཾ་བྷུར་བྷུ་བ་སྭཿཞེས་བྱ་བའི་སྔགས་དང་། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ཏེ་རྡོ་རྗེའི་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་ཡང་བྱིན་ལ་མིང་གི་དབང་བསྐུར་བ་

ཡང་འདིས་སྦྱིན་པར་བྱའོ། །ཨོཾ་སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་མ་ཧཱ་དྷ་ར་ཏེ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་མཾ་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། དེ་ནས་འདིས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་མ་ཧཱ་བཛྲ་དྷ་ར། འདི་ནི་སངས་རྒྱས་ཐམས་

ཅད་ཉིད། །རྡོ་རྗེ་ཅན་གྱི་རྡོ་རྗེ་ཡིན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྡོ་རྗེ་འཆང་ཆེན་བརྟུལ་ཞུགས་ཡིན། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བྱང་ཆུབ་ཆེན་པོའི་སེམས་ཡོངས་སུ་མི་སྤང་བར་རྟག་ཏུ་བཅང་བར་བྱའོ་ཞེས་བྱ་བ་ནི་གསང་བའོ། །ཧེ་བཛྲ་གརྦྷ་པ་ཏེ་ཨ་བྷི་

Vol. 60 · folio 281b

ཥིཉྩ་ཧེ་བཛྲ་ནཱ་མ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། དེ་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ལྔ་བཤད་པར་བྱའོ། །དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ལྔ་ཡིན་ཏེ། རྟག་

དང་མི་བསྐྱོད་རིན་ཆེན་མཆོག །འཇིག་རྟེན་དབང་དང་དོན་ཡོད་གྲུབ། །དེ་བཞིན་གཤེགས་ཀུན་ཉིད་ཡིན་པས། །དེ་བཞིན་གཤེགས་པ་ཀུན་དུ་བཤད། །དེ་ལ་རིགས་ཀྱི་དེ་ཁོ་ན་ཉིད་ནི། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་རིན་ཆེན་དབང་། །འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས། །

རྡོ་རྗེ་ལས་ནི་རབ་གྲུབ་ཡིན། །དེ་ནས་དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་བྱ་བ་བསླབ་པར་བྱའོ། །དེ་ནས་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བླངས་ནས་རང་གི་ལྷའི་ཕྱག་རྒྱ་བཞིས་མནའ་

བསྒགས་ལ་བསླབ་པར་བྱའོ། །ཆོ་ག་རྒྱས་པ་ནི་སྔར་བཤད་པ་ལས་ཤེས་པར་བྱའོ། །སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །།དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་བསྟན་ནས་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་

རྣམས་ལ་སློབ་དཔོན་གྱིས་སྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་མ་གྲུབ་དངོས་གྲུབ་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་པ་སྟེ། ཆོས་ཀྱི་ཕྱག་རྒྱའམ། ཕྱག་རྒྱ་ཆེན་པོའམ། དམ་

ཚིག་གི་ཕྱག་རྒྱའམ། ལས་ཀྱི་ཕྱག་རྒྱ་ཟླ་བ་གཉིས་ཀྱིས་བསྒྲུབས་པ་ན་གང་གི་ཚེ་གྲུབ་པར་མ་གྱུར་པ་དེའི་རྗེས་ཐོགས་ཉིད་ལའོ། །གྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པར་གྱུར་པའོ། །གྲུབ་པ་མེད་པས་ན་མ་གྲུབ་པ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཀྱི་མཆོག་མ་གྲུབ་

པ་ནི་དངོས་གྲུབ་མཆོག་གོ། །ལས་རྣམས་ནི་འདོད་ཆགས་པ་ལ་སོགས་པ་འཇིག་རྟེན་པའི་མཚན་ཉིད་ཅན་གྱིའོ། །རྒྱུན་ནི་རབ་འབྱམ་སྟེ། དེ་ནི་མ་གྲུབ་དངོས་གྲུབ་མཆོག །ལས་རྣམས་ཀྱི་ནི་རྒྱུན་ཞེས་བྱའོ། །དེ་ཉིད་ནི་ལས་གཞན་ལས་དམ་པར་གྱུར་པས་ན་མཆོག་གོ། །སྡིག་པ་ཀུན་

Vol. 60 · folio 282a

སེལ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པའི་གཉེན་པོར་གྱུར་པའོ། །སྣ་ཚོགས་པ་ཞེས་བྱ་བ་ནི་དབྱེ་བ་རྣམ་པ་བརྒྱས་དངོས་གྲུབ་ཐམས་ཅད་གྲུབ་པར་བྱེད་པའོ། །གོ་རིམས་བཞིན་དུ་ཞེས་བྱ་བ་ནི་རིམ་པ་བཞིན་ཏེ། ཇི་སྐད་བཤད་པའི་སྒྲུབ་པའི་ཐབས་

ཀྱི་ཆོ་གའི་རིམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །རབ་བཤད་ཅེས་བྱ་བ་དེ་ལྟར་གྱུར་པ་དེ་རབ་ཏུ་བཤད་ཅིང་བསྟན་པར་བྱའོ་ཞེས་པའོ། །ཁྱེད་འཆད་པར་བྱེད་པ་གང་ཞིག་ཡིན་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་ཉེ་བར་སྟོན་པའི་དོན་ཏོ། །ནད་ཀྱང་

ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ནད་ཐམས་ཅད་དེ་སྐྱ་རྦབ་ལ་སོགས་པའོ། །མྱ་ངན་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བ་ལས་བྱུང་བའི་ཡིད་མི་བདེ་བའི་རྒྱུན་ནོ། །གནོད་པ་ནི་མ་འོངས་པའི་དོན་གྲུབ་པ་མ་རྙེད་པ་ལས་བྱུང་བའི་སྡུག་བསྔལ་ལོ། །གནོད་བྱེད་ནི་གཅོང་ཆེན་པོ་ལ་སོགས་པའོ། །དུག་

ནི་རྒྱུ་བ་དང་། མི་རྒྱུ་བའི་བདག་ཉིད་ཅན་ནོ། །སྦྱར་བའི་དུག་ནི་སྦྱར་བའི་ལས་བྱུང་བའི་བདག་ཉིད་ཅན་ནོ། །གཤེད་བྱེད་ནི་གཞན་ལ་གནོད་པ་བྱེད་པའི་ཕྱིར། ལྷ་དགུག་པ་དག་སྔགས་ཀྱི་སྟོབས་ཀྱིས་བསྐྱེད་པ་གང་ཡིན་པའོ། །གཡེང་བྱེད་ནི་ཕུར་བུའི་ཕྱག་རྒྱའམ། མིང་རུས་ལ་སོགས་པ་ཕྱིའི་

ཕུར་བུས་ལྷ་ལ་སོགས་པས་ཕུར་བུ་བཏབ་པའོ། །རོ་ལངས་ནི་འདིར་གཞན་དག་ལ་གནོད་པར་བྱ་བའི་ཕྱིར་ཤི་བའི་རོ་ལ་སྲིན་པོ་གདུག་པ་བཅུག་པའོ། །སྔགས་ནི་སྒྲུབ་པ་པོའི་དོན་ལ་གེགས་བྱེད་པར་འགྱུར་བའོ། །སྨན་ནི་འདོད་པའི་དོན་ལ་གེགས་བྱེད་པས་གཟུང་ངོ་། །བགེགས་ནི་སྒྲུབ་པ་

པོའི་འདོད་ཆགས་པ་ནང་གི་བགེགས་དང་། དངོས་གྲུབ་གྱི་བར་དུ་གཅོད་པའི་ཕྱིར་བགེགས་རྣམས་སོ། །ལོག་འདྲེན་ནི་གོ་བར་ཟད་དོ། །སྡིག་པ་ནི་སྒྲུབ་པ་པོ་ལ་ཟ་བར་བརྩོན་པའི་སྲིན་པོ་ལ་སོགས་པའོ། །རྨི་ལམ་ངན་པ་དང་། དུས་མ་ཡིན་པར་འཆི་བ་དང་། རིམས་ནི་གོ་བར་ཟད་དོ། །གདོན་ནི་

སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་ལྷའི་གདོན་ལ་སོགས་པ་རིག་པ་མཆོག་པས་གསུངས་པ་བཅོ་བརྒྱད་དོ། །མཁའ་འགྲོ་མ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །ཉེ་བར་འཚེ་བ་ནི་ཁྱིམ་དུ་སྲིན་པོ་ལ་སོགས་པ་སྣང་བའོ། །དེས་ཉེ་བར་བཅོམ་པ་ནི་ཉེ་བར་འཚེ་བའོ། །གློ་བུར་བ་ནི་འགོ་

Vol. 60 · folio 282b

བའི་ནད་དོ། །ཉེས་པ་ནི་ཁང་པ་ལ་སོགས་པར་ཉེས་པ་གློ་བུར་དུ་བྱུང་བའོ། །ཉོན་མོངས་པ་ནི་ལུས་ཀྱི་སྡུག་བསྔལ་ལོ། །ལུས་དང་ངག་དང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ནི་གོ་བར་ཟད་དོ། །འདི་རྣམས་འཇིག་པ་ཇི་ལྟར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་བསྔལ་

འཕྲོག་པར་བྱེད་པས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་ནད་བཙིར་བ་དང་། མིག་དབྱེ་བ་དང་། སྙིང་གར་གཞག་པ་དང་། བྱབ་པ་དང་། ཁུ་ཚུར་གྱིས་བསལ་བ་དང་། ཁ་ཟས་དང་ཁྲོ་བས་ཕུར་བུ་དབྱུང་བ་དང་། རྟིང་པས་བརྡེག་པ་དང་། ཨོཾ་བྲིས་ནས་

ཕྱི་བ་དང་། སོས་བཟུང་བ་དང་། ཧཱུཾ་དང་བཅས་པས་བསྣུན་པ་དང་། ལོག་འདྲེན་ལ་བརྡེག་པ་དང་། ཚོན་བྲིས་ནས་ཕྱིར་བྱུང་བ་དང་། སྦྱིན་སྲེག་བྱ་བ་དང་། དཱུར་བའི་སྦྱིན་སྲེག་བྱ་བ་དང་། སྤྱི་བོར་གཞག་པ་དང་། ལྟ་བས་བྱབ་པ་དང་། སྐྲ་ནས་བཟུང་སྟེ་སྤྲུག་པ་དང་། ཁ་ཊྭཱཾ་ག་སྟེང་དུ་བཟུང་བ་དང་། རང་

གི་ཁྱིམ་དུ་གཞག་པ་དང་། ཞུགས་པ་དང་། སྙིང་ལས་གདོན་པ་དང་། ལུས་ལས་བསྐོར་བ་དང་། ཚིག་འབྱིན་པའི་ཚུལ་དང་། སྙིང་གར་བཙིར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། གཡས་པ་ཀུན་དུ་བསྒྲེང་བ་ནི། །གཡོན་པའི་རྡོ་རྗེ་སོར་མོས་

གཟུང་། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི། །སངས་རྒྱས་བྱང་ཆུབ་རང་བཞིན་བྱེད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཁུ་ཚུར་རོ། །བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པས་རྣམ་པར་སྣང་མཛད་དུ་བདག་ཉིད་བསྐྱེད་དེ། འདི་བཅིངས་ནས་ཨོཾ་བྷུ་ཁཾ་ཞེས་ཟློས་ཤིང་དེས་ནད་བཙིར་

ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ནད་པའི་སྤྱི་བོ་ནས་བརྩམས་ཏེ་རྐང་མཐིལ་གྱི་བར་དུ་ཡོངས་སུ་བཀང་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ནད་ཞི་བར་འགྱུར་རོ། །དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ་བསྒྲུབ་པར་བྱ་བ་དང་། ལྷན་

ཅིག་ཡིད་ཀྱིས་གཅིག་ཏུ་བྱས་ལ་མྱ་ངན་གཞིག་པའི་བསམ་པས་བྱང་ཆུབ་མཆོག་གི་ཕྱག་རྒྱས་རང་གི་མིག་ཕྱི་ཞིང་བདེ་བ་སྐྱེས་པར་བསམས་ཏེ། དེ་ལྟ་བུས་ནི་མྱ་ངན་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་པར་བསམས་ལ་བསྒྲུབ་པར་བྱ་བ་

Vol. 60 · folio 283a

དང་བདེ་བ་དང་ཡིད་བདེ་བ་སྐྱེས་པའི་བསམ་པས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ་སྙིང་གར་གཞག་པར་བྱ་སྟེ་དེ་ལྟ་བུས་ནི་གནོད་པ་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། ནད་པའི་ལུས་ལ་བྱབ་

པར་བྱ་ཞིང་དེ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོས་ནད་པའི་ལུས་དེ་བཞིན་དུ་ཀུན་དུ་གང་བར་བསམས་ཏེ་དེ་ལྟ་བུས་ནི་གནོད་བྱེད་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཁུ་ཚུར་གཉིས་ཀྱིས་བསལ་བར་བྱས་

པས་ནི་དུག་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཁ་ཟས་རྙེད་པ་ན་སྔགས་བཟླ་ཞིང་ཁ་ཟས་དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསམས་ལ་དེ་ནས་ཁ་ཟས་དེ་ཟོས་ན་སྦྱར་བའི་དུག་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་

མཆོག་གི་ཕྱག་རྒྱ་བཅིངས་ཏེ། གཤེད་བྱེད་ལ་མངོན་དུ་ཕྱོགས་ཏེ་ཁྲོས་པས་རྡོ་རྗེ་འབར་བ་འཕངས་ཏེ་གཤེད་བྱེད་ཀྱི་སྟེང་དུ་བབས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཕུར་བུ་བཟུང་ལ་ཡིད་ཀྱིས་ཕྱུང་ལ་

དེ་ལྟ་བུས་ནི་བཀའ་འཁོར་དུ་འཇུག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཕུར་བུ་བཟུང་ལ་བཅིངས་ཏེ། དེས་རྟིང་པས་བརྡེག་པའི་ཚུལ་དུ་བྱས་ཤིང་ཕྱག་རྒྱ་བཅིངས་ལ། ལས་ཀྱང་རྡོ་རྗེ་འབར་བ་སྤྲོས་ལ་རོ་ལངས་ཀྱི་སྟེང་དུ་དབབ་པར་བྱ་སྟེ། དེ་ལྟ་བུས་ནི་རོ་

ལངས་ཐམས་ཅད་འཇིག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཡི་གེ་ཨོཾ་བྲིས་ལ། སྔགས་ཐམས་ཅད་གཞིག་པའི་བསམ་པས་དབྱི་བར་བྱ་སྟེ། དེ་ལྟ་བུས་ནི་སྔགས་ཐམས་ཅད་འཇིག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་

ཏེ། སྨན་ཐམས་ཅད་བཟུང་བའི་བསམ་པས་དེ་སོས་གཟུང་བར་བྱ་སྟེ། དེ་ལྟ་བུས་ནི་སྨན་ཐམས་ཅད་འཇིག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཚམ་ངམ་དང་བཅས་པ་དང་། ཨོཾ་བྷུ་ཁཾ་ཧཱུཾ་ཞེས་བྱ་བས་བགེགས་ཐམས་ཅད་ལ་བསྣུན་ཅིང་། བགེགས་ཐམས་ཅད་

Vol. 60 · folio 283b

ཀྱི་སྟེང་དུ་རྡོ་རྗེ་འབར་བ་ཡིད་ཀྱིས་ཕབ་ན་དེ་ལྟ་བུས་ནི་བགེགས་ཐམས་ཅད་འཇིག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་ལོག་འདྲེན་བཀུག་སྟེ་དེའི་སྟེང་དུ་བྱང་ཆུབ་མཆོག་གི་ཕྱག་རྒྱ་རྡོ་རྗེ་འབར་བར་བྱ་སྟེ། དེ་ལྟ་བུས་ནི་ལོག་འདྲེན་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་

བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་སྲིན་པོ་ལ་སོགས་པ་སྡིག་པ་ཐམས་ཅད་བསད་པའི་བསམ་པ་དེ་ཉིད་ཀྱིས་དབྱི་བར་བྱ་ཞིང་། བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བས་ཀྱང་དེ་ཐལ་བར་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་

དུ་ཐམས་ཅད་བྱས་ལ། མདུན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྤྱན་དྲངས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱས་རྨི་ལམ་ངན་པ་ཐམས་ཅད་གཞིག་པའི་བསམ་པས་སྦྱིན་སྲེག་བྱས་ན། དེ་ལྟ་བུས་ནི་རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ། །

དེ་བཞིན་དུ་ཐམས་ཅད་བྱས་ནས། བཅོམ་ལྡན་འདས་ཐབ་ཀྱི་དབུས་སུ་སྤྱན་དྲངས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། བྱང་ཆུབ་མཆོག་གི་ཕྱག་རྒྱས་དཱུར་བའི་སྦྱིན་སྲེག་བྱས་ན་དུས་མ་ཡིན་པར་འཆི་བ་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་

བཅིངས་ལ་སྤྱི་བོར་བཞག་སྟེ། བྱམས་པའི་ལྟ་བས་བསྒྲུབ་པར་བྱ་བ་ལ་བྱབ་ཅིང་བཅོམ་ལྡན་འདས་གཙུག་འཕྱང་གིས་ཀྱང་བསྒྲུབ་པར་བྱ་བའི་ལུས་ཀུན་དུ་གང་ལ་རིམས་བཅོམ་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་རིམས་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་

ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ནད་པའི་སྐྲ་ནས་བཟུང་ལ་སྤྲུག་ཅིང་། བཅོམ་ལྡན་འདས་ཁྲོ་བོ་སྟོབས་པོ་ཆེས་བསྒྲུབ་པར་བྱ་བའི་ལུས་ལས་གདོན་བླངས་ཏེ། གཞན་དུ་དོར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གདོན་འཇིག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་

བཅིངས་ཏེ། དེའི་སྟེང་ན་ཁ་ཊྭཱཾ་ག་འཛིན་པའི་ཚུལ་དུ་གཞག་ཅིང་བདག་ཉིད་དཔལ་ཧེ་རུ་ཀར་བསམས་ལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་སོགས་པ་དང་བཅས་པས་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་ནས་མཁའ་འགྲོ་མའི་ཕྱག་རྒྱ་རྣམས་ཐལ་བར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་

Vol. 60 · folio 284a

བུས་ནི་བསྒྲུབ་པར་བྱ་བའི་ལུས་ལ་ཡོད་པའི་མཁའ་འགྲོ་མ་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ་རང་གི་ཁྱིམ་དུ་བསྐོར་ལ་རྡོ་རྗེ་རིགས་ཀྱིས་ཀྱང་ཡམས་ཀུན་དུ་འབྱིན་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཡམས་ཐམས་

ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་ཆུབ་མཆོག་བཅིངས་ཏེ། རང་གི་ཁྱིམ་དུ་བཞག་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཁྱིམ་དེར་རྡོ་རྗེ་རིགས་འབྱིན་པའི་ཚུལ་གྱིས་གདུག་པ་ཐམས་ཅད་ངེས་པར་སྐྲོད་པར་མཛད་པ་ལ་བརྩོན་པར་བསམས་ན་དེ་ལྟ་བུས་ནི་ཉེ་

བར་འཚེ་བ་ཐམས་ཅད་འཇིག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ། རང་གི་ཁྱིམ་དུ་ཞུགས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོས་ཁང་པ་ཐམས་ཅད་སྣང་བར་མཛད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དབུས་ན་བཞུགས་

པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གློ་བུར་བའི་ཉེས་པ་སེལ་བར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ། རང་གི་སྙིང་ག་ནས་བཏོན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་པར་བྱས་པར་བསམས་ན་དེ་ལྟ་བུས་ནི་ཉོན་མོངས་པ་

ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ་ལུས་ལ་བསྐོར་བས་ལུས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ལུས་ཀྱི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་

ཆུབ་མཆོག་བཅིངས་ཏེ། དེས་ཚིག་འབྱིན་པའི་ཚུལ་དུ་བྱ་ཞིང་བདག་ཉིད་རྣམ་པར་སྣང་མཛད་ཀྱི་ཞལ་གྱི་ངོ་བོར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ངག་གི་སྡུག་བསྔལ་ཐམས་ཅད་འཇིག་གོ། །དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་ཆུབ་མཆོག་བཅིངས་ཏེ། སྙིང་གའི་ཕྱོགས་སུ་བཙིར་ཞིང་སྙིང་

གར་སེམས་དཔའ་རྡོ་རྗེ་བསྒོམས་ན་དེ་ལྟ་བུས་ནི་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ལས་ཉི་ཤུ་རྩ་ལྔ་བསྒྲུབ་པར་གསུངས་ནས། ད་ནི་དེ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་ལས་ཉི་ཤུ་རྩ་ལྔ་པོས་གཞན་བྱ་བར་

Vol. 60 · folio 284b

གསུངས་པ་ནི་ཚེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིས་ཀྱང་འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་བཅིངས་

ལ་རང་གི་སྙིང་གར་བརྟན་པར་བྱ་ཞིང་རང་གི་སྙིང་གར་རྣམ་པར་སྣང་མཛད་ཟླ་བའི་མདོག་ཅན་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཚེ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་དབང་པོ་ཐམས་ཅད་དུ་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོ་བཅུ་དྲུག་ལོན་པ་ཙམ་དང་བདག་ཉིད་ཆུ་དང་འོ་མ་

བཞིན་དུ་གཅིག་ཏུ་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ན་ཚོད་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཁར་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་པའི་སྒོ་ནས་ཞུགས་ཏེ། ཡན་ལག་ཐམས་ཅད་ཁྱབ་ནས་རྣམ་པར་སྣང་མཛད་དུ་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་

གཟུགས་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཁར་བསྐོར་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་ལ་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡན་ལག་རྣམ་པར་མཛེས་པ་ཁའི་སྒོ་ནས་ཞུགས་ཏེ། ཡན་ལག་ཐམས་ཅད་ཁྱབ་པས་རྣམ་

པར་སྣང་མཛད་དུ་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཁ་དོག་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་དཔྲལ་བར་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་ཏེ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ཐོབ་པས་

བདག་ཉིད་གཟི་བརྗིད་མཐའ་ཡས་པའི་རྣམ་པར་སྣང་མཛད་དུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གཟི་བརྗིད་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་སྙིང་གར་གཞག་སྟེ་རང་གི་སྙིང་གར་གནས་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བདག་ཉིད་སྣང་བར་བྱས་ཤིང་དེའི་མདངས་དང་ལྡན་

པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མདངས་འཕེལ་བར་འགྱུར་རོ། །དེ་ཉིད་ཕྲག་པ་གཉིས་སུ་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྟོབས་ནམ་མཁའ་དང་མཉམ་པར་རང་གི་ཡན་ལག་ཁྱབ་ཅིང་དེའི་སྟོབས་དང་ལྡན་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྟོབས་འཕེལ་བར་

Vol. 60 · folio 285a

འགྱུར་རོ། །དེ་གཉིས་བརླ་གཉིས་སུ་བཞག་ནས་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པས་ཡན་ལག་ཐམས་ཅད་ལ་ཁྱབ་ཅིང་དེའི་སྤྲོ་བ་དང་ལྡན་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྤྲོ་བ་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་དེས་ཕྲེང་བ་བཅིངས་པའི་

ཚུལ་དུ་བྱ་ཞིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྣ་ཚོགས་ཕྲེང་བའི་དབང་གིས་བདག་ཉིད་དབང་བསྐུར་བས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱི་རང་བཞིན་དུ་གྱུར་པར་བསམ་པར་གྱུར་པ་སྟེ། དེ་ལྟ་བུས་ནི་བརྩོན་འགྲུས་འཕེལ་བར་འགྱུར་རོ། །དེ་ཉིད་དབང་པོ་ཐམས་ཅད་

ལ་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བདག་ཉིད་ལ་འཕགས་པ་ནམ་མཁའི་སྙིང་པོའི་དབང་གིས་དབང་བསྐུར་བས་ནོར་བུའི་རིགས་ཀྱི་རང་བཞིན་དུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དཔལ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ཉིད་སྤྱི་བོར་བཞག་ལ་བཅོམ་ལྡན་འདས་

རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་སེམས་དཔའི་དབང་གིས་དབང་བསྐུར་བས་བདག་ཉིད་རྡོ་རྗེ་སེམས་དཔར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དཔལ་རྡོ་རྗེ་སེམས་དཔའི་སྐལ་བ་བཟང་པོ་འཕེལ་བར་འགྱུར་རོ། །དེ་ཉིད་ཁར་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁའི་སྒོ་

ནས་ཞུགས་པས་ལུས་ཐམས་ཅད་ཁྱབ་པས་རྣམ་པར་སྣང་མཛད་དུ་གྱུར་ཅིང་རྣམ་པར་དག་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བསོད་ནམས་འཕེལ་བར་འགྱུར་རོ། །དེ་ཉིད་ཁ་ནས་བྱུང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་ཀུན་དུ་

བཟང་པོ་རང་གི་ཁ་ནས་བྱུང་བས་ཕྱོགས་བཅུར་རང་གི་མིང་སྒྲོགས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མིང་འཕེལ་བར་འགྱུར་རོ། །དེ་ཉིད་ཐམས་ཅད་དུ་བསྐོར་ལ་རང་གི་ལུས་ལས་བྱུང་བ་དེའི་ཕྱོགས་བཅུར་རང་གི་སྙན་པས་ཁྱབ་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྙན་པ་འཕེལ་བར་

འགྱུར་རོ། །དེ་ཉིད་ཕྱོགས་ཀུན་ནས་བསྐོར་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས་གྲགས་པ་སྒྲོགས་པར་བདག་ཉིད་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གྲགས་པ་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་བསྒོམས་ན་དེ་ལྟ་བུས་ནི་

Vol. 60 · folio 285b

དྲན་པ་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་སྙིང་ག་ནས་དབྱུང་བའི་ཚུལ་དུ་བྱས་ན་བློ་གྲོས་འཕེལ་བར་འགྱུར་རོ། །དེ་ཉིད་སྙིང་གར་བཞག་ལ་དགའ་བ་ཐོབ་པར་བྱས་ན་དེ་ལྟ་བུས་ནི་བརྟན་པར་འགྱུར་རོ། །དེ་ཉིད་བཅིངས་ལ་སངས་རྒྱས་ཀྱི་ཚུལ་དུ་བདག་ཉིད་བསྒོམས་ན་དེ་བཞིན་གཤེགས་

པའི་རྟོག་པ་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་སངས་རྒྱས་ཐམས་ཅད་དུ་བསྒོམས་པས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་ཕུང་པོ་ལྔ་པོ་བཞག་ན་དེ་བཞིན་གཤེགས་པའི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་འཕེལ་བར་འགྱུར་རོ། །

དེ་ཉིད་རྫ་མཁན་གྱི་འཁོར་ལོ་བསྐོར་བ་ལྟར་བསྐོར་ཞིང་དོན་ཡོད་པར་གྲུབ་པའི་རང་བཞིན་དུ་བདག་ཉིད་བསམས་ན་དེ་ལྟ་བུས་ནི་དོན་ཡོད་པར་གྲུབ་པའི་རང་བཞིན་དུ་འདུ་བྱེད་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་རྣམ་པར་སྣང་མཛད་ཀྱི་སྐུར་བདག་ཉིད་བསྒོམས་ན། དེ་ལྟ་བུས་ནི་སྐུ་འཕེལ་

བར་འགྱུར་རོ། །དེ་ཉིད་ལྕེ་ལ་བཞག་ན་དེ་ལྟ་བུས་ནི་དེ་བཞིན་གཤེགས་པའི་གསུང་རྣམ་པར་འཕེལ་བར་འགྱུར་རོ། །དེ་ཉིད་བཅིངས་ལ་ཡིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་བསྒོམས་ན། དེ་ལྟ་བུས་ནི་ཐུགས་འཕེལ་བར་འགྱུར་རོ། །

དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་ལས་ཉི་ཤུ་རྩ་ལྔ་པ་བསྒྲུབ་པར་གསུངས་ནས། ད་ནི་དེ་ཉིད་ཀྱི་ལས་ཉི་ཤུ་རྩ་ལྔ་གཞན་དག་བསྒྲུབ་པར་གསུངས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིས་ནི་འདི་

སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་བཅིངས་ཏེ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་སྒེག་མོ་རྟོགས་པའི་སྦྱིན་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་

པར་བདག་ཉིད་བསམ་པར་བྱའོ། །དེ་བཞིན་དུ་གཏོང་བ་རྗེས་སུ་དྲན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །དེ་ཉིད་བཅིངས་ལ་རྡོ་རྗེ་ཕྲེང་བ་མ་རྟོགས་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཡང་དག་པར་སྦྱོར་བ་དང་། དེ་བཞིན་དུ་ཚུལ་ཁྲིམས་རྗེས་སུ་དྲན་པས་ནི་ཚུལ་

Vol. 60 · folio 286a

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ། །དེ་ཉིད་བཅིངས་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་བྱམས་པ་ཡང་དག་པར་སྤྲོས་ཏེ་དེ་ལྟ་བུས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འགྲུབ་པར་འགྱུར་རོ། །དེ་ཉིད་བཅིངས་ལ་གར་མའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞག་པར་བྱ་སྟེ། དེ་ལྟ་བུས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ། །དེ་ཉིད་བཅིངས་ལ་རྡོ་རྗེ་མེ་ཏོག་མའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞག་པར་བྱ་སྟེ། དེ་ལྟ་བུས་ནི་བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པ་འགྲུབ་བོ། །དེ་ཉིད་བཅིངས་ལ་རྡོ་རྗེ་བདུག་པ་མའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞག་པར་བྱ་སྟེ། དེ་ལྟ་བུས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ། །དེ་ཉིད་བཅིངས་ལ། བདག་ཉིད་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཐོབ་པར་

བསྒོམས་ན། དེ་ལྟ་བུས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ། །དེ་ཉིད་བཅིངས་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པས་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ། །དེ་ཉིད་བཅིངས་ལ་རྡོ་རྗེ་དྲིལ་བུའི་ཚུལ་དུ་བདག་ཉིད་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་

འགྲུབ་བོ། །དེ་ཉིད་བཅིངས་ལ་མདུན་དུ་རྡོ་རྗེ་བསྒོམས་ན། དེ་ལྟ་བུས་ནི་རྡོ་རྗེ་འགྲུབ་བོ། །དེ་ཉིད་བཅིངས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་གཟུགས་རྣམ་པར་བསྒོམས་ན་དེའི་སྒྲུབ་པ་གནས་པ་འགྲུབ་བོ། །དེ་ཉིད་བཅིངས་ལ་དྲན་པ་དང་ཤེས་རབ་དང་། ཡང་དག་པར་ལྡན་པའི་དེ་བཞིན་

གཤེགས་པའི་ཐུགས་བསྒོམས་ན་གཟུངས་རྣམས་འགྲུབ་བོ། །དེ་ཉིད་བཅིངས་ལ་ཚུལ་གསུམ་གྱི་བཤད་པའི་ཆོས་བསྒོམས་ན་ཆོས་འགྲུབ་བོ། །དེ་ཉིད་བཅིངས་ལ་རྡོ་རྗེ་ལས་ཀྱི་གཟུགས་སུ་བདག་ཉིད་བསྒོམས་ཏེ། སངས་རྒྱས་ཀྱི་སྤྲུལ་པ་དང་། སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་

ཅན་གྱི་ལས་བསྒོམས་ན་ལས་འགྲུབ་པའོ། །དེ་ཉིད་བཅིངས་ལ་གཟུགས་ཐམས་ཅད་ཀུན་དུ་སྟོན་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་བསྒོམས་པས་ནི་སྣ་ཚོགས་པའི་བྱ་བ་གྲུབ་བོ། །དེ་ཉིད་བཅིངས་ལ་རྡོ་རྗེ་རྒྱལ་མཚན་གྱི་གཟུགས་སུ་བདག་ཉིད་བསམས་ལ་

Vol. 60 · folio 286b

ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ཡིད་ལ་བྱས་ལ་དེ་ལྟ་བུས་ནི་སེམས་ཅན་གྱི་དོན་གྲུབ་བོ། །ཕྱོགས་བཅུར་སངས་རྒྱས་ཀྱི་སྤྲུལ་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་བསྒོམས་པས་ནི་སངས་རྒྱས་ཀྱི་མཛད་པའི་དོན་འགྲུབ་བོ། །དེ་ཉིད་

བཅིངས་ལ་རྣམ་པར་སྣང་མཛད་ཀྱི་སྐུར་བདག་ཉིད་བསྒོམས་ན་དེ་ལྟ་བུས་ནི་སྐུ་འགྲུབ་བོ། །དེ་ཉིད་བཅིངས་ལ་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ་ཨོཾ་བྷུ་ཁཾ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ན་དེ་ལྟ་བུས་ནི་གསུང་འགྲུབ་བོ། །དེ་ཉིད་བཅིངས་ལ་རང་གི་སྙིང་

གར་སེམས་དཔའི་རྡོ་རྗེ་བསྒོམས་ན་དེ་ལྟ་བུས་ནི་ཐུགས་འགྲུབ་བོ། །དེ་ཉིད་བཅིངས་ལ་རྡོ་རྗེ་བདག་ཉིད་བསྒོམས་ན་དེ་ལྟ་བུས་ནི་རྡོ་རྗེ་འཆང་ཆེན་པོ་འགྲུབ་པར་འགྱུར་རོ། །གང་དུ་ཁྱད་པར་དགག་པ་མེད་པ་དེ་ཐམས་ཅད་དུ་ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྙིང་པོ་བཟླ་བར་བྱའོ། །དེ་ལྟར་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཅེས་བྱ་བའི་ལས་བཤད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་ཕྱག་རྒྱ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྣ་ཚོགས་རྡོ་རྗེ་ཞེས་བྱ་བའི་ཕྲིན་ལས་

གསུངས་པ་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་བཅིངས་ཏེ། ཨོཾ་བོ་དྷི་ཙིཏྟ་བཛྲ། ཞེས་ཟློས་ཤིང་། ཟླ་བའི་དཀྱིལ་འཁོར་དུ་བདག་

ཉིད་བསྒོམས་ན་དེ་ལྟ་བུས་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཐམས་ཅད་བསྐྱེད་པར་འགྲུབ་པར་འགྱུར་རོ། །དེ་ཉིད་བཅིངས་ལ་ཨོཾ་ས་མནྟ་བྷ་དྲ་ཙརྱ། ཞེས་ཟློས་ཤིང་བདག་ཉིད་ཀུན་དུ་བཟང་པོའི་སྤྱོད་པའི་ཚུལ་དུ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་ཀུན་དུ་བཟང་པོའི་སྤྱོད་པ་སྣ་ཚོགས་རྫོགས་

པར་འགྱུར་རོ། །འདི་ཉིད་བཅིངས་ལ་ཨོཾ་ཙིནྟཱ་མ་ཎི། ཞེས་ཟློས་ཤིང་རྡོ་རྗེ་དཔལ་དུ་བདག་ཉིད་བསམས་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིས་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཡིད་ལ་བྱ་སྟེ། དེ་ལྟ་བུས་ནི་སེམས་ཅན་གྱི་དོན་འགྲུབ་པར་འགྱུར་རོ། །ཨོཾ་ཨ་ནི་རོ་དྷ། ཞེས་

Vol. 60 · folio 287a

ཟློས་ཤིང་བདག་ཉིད་དགའ་ལྡན་གྱི་གནས་དམ་པ་ནས་འཕོ་བ་ཉེ་བར་བསྟན་ནས་ཤཱཀྱའི་རིགས་སུ་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་འཇུག་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ལྷུམས་སུ་ཞུགས་པ་གྲུབ་བོ། །ཨོཾ་ཛཱ་ཏི་བི་བརྟེ་ཞེས་ཟློས་ཤིང་བདག་ཉིད་ཡུམ་གྱི་ལྷུམས་ནས་

བལྟམས་པའི་དོན་ཐམས་ཅད་གྲུབ་པའི་གཟུགས་སུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྐྱེ་བའི་ས་ཡང་དག་པར་སྟོན་པར་འགྲུབ་བོ། །ཨོཾ་སརྦཱ་བྷི་ཛྙཱ་ནེ། ཞེས་ཟློས་ཤིང་བདག་ཉིད་གཞོན་ནུའི་རོལ་པ་སྟོན་པ་ལ་སོགས་པ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གཞོན་ནུའི་རོལ་པར་འགྱུར་རོ། །ཨོཾ་མ་

ཧཱི་བ་རཱ་ག་དྷརྨ། ཞེས་ཟློས་ཤིང་བདག་ཉིད་མངོན་པར་འབྱུང་བར་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་གྲུབ་པར་འགྱུར་རོ། །ཨོཾ་བཱིརྱ་ཀཱ་བ་ཙེ། ཞེས་ཟློས་ཤིང་བདག་ཉིད་དཀའ་བ་སྤྱོད་པ་ལ་གནས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་འགྲུབ་བོ། །ཨོཾ་སརྦཱ་ག་མི་ནི་ཞེས་ཟློས་ཤིང་བདག་

ཉིད་བྱང་ཆུབ་ཆེན་པོའི་སྙིང་པོར་འགྲོ་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་འགྲུབ་བོ། །ཨོཾ་བཛྲ་དྷི་ར་ཙིཏྟེ་ཧཱུཾ། ཞེས་ཟློས་ཤིང་རང་གི་ལུས་ལས་དཔུང་གི་ཚོགས་ཡན་ལག་བཞི་པ་ཕྱུང་ལ་དེས་བདུད་ཀྱི་སྡེ་བཅོམ་པར་བྱ་སྟེ། དེ་ལྟ་བུས་ནི་བདུད་བརྟུལ་བ་འགྲུབ་བོ། །ཨོཾ་སརྦ་ཏ་ཐཱ་ག་ཏེ་ཞེས་ཟློས་ཤིང་

མངོན་པར་བྱང་ཆུབ་པ་མངོན་དུ་བྱ་བར་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་མངོན་པར་བྱང་ཆུབ་པ་འགྲུབ་བོ། །ཨོཾ་སྭ་བྷཱ་བ་ཤུདྡྷོ་དྷརྨ་ཏཱ་ཛྙཱ་ན་བི་ཤུདྡྷེ་ཞེས་ཟློས་ཤིང་བདག་ཉིད་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་འགྲུབ་

བོ། །ཨོཾ་ཀརྨ་བི་ཤྭ་དྷ་ནི་ཞེས་ཟློས་ཤིང་བདག་ཉིད་མུ་སྟེགས་ཅན་གཞན་དག་ཚར་གཅོད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མུ་སྟེགས་པ་གཞན་ཚར་གཅོད་པ་འགྲུབ་བོ། །ཧཱུཾ་ནི་སུ་བྷ་བཛྲ་ཎི་ཕཊ་ཅེས་ཟློས་ཤིང་བདག་ཉིད་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྒྱལ་བར་བྱེད་ཅིང་རྡོ་རྗེ་

རིགས་ཀྱི་རང་བཞིན་དུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འགྲུབ་བོ། །ཨོཾ་མ་ཧཱ་རཱ་གེ་ཞེས་ཟློས་ཤིང་བདག་ཉིད་ལྷ་ལས་འབབ་པར་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་འགྲུབ་བོ། །ཨོཾ་ཛ་བཛྲ་ཎི་ཞེས་ཟློས་ཤིང་འདུས་པ་ཆེན་པོ་བྱིན་གྱིས་བརླབ་པར་

Vol. 60 · folio 287b

བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་འགྲུབ་པོ། །ཨོཾ་ཧཱུཾ་སརྦ་དྷརྨ་ཎི་ཞེས་ཟློས་ཤིང་གདུག་པ་ཐམས་ཅད་རྡོ་རྗེ་རིགས་ཀྱི་ཚུལ་གྱིས་ཡིད་ཀྱིས་གདུལ་བར་བྱ་སྟེ། དེ་ལྟ་བུས་ནི་གདུག་པ་ཐམས་ཅད་འདུལ་བ་འགྲུབ་བོ། །ཨོཾ་ཧྲི་ཞེས་ཟློས་ཤིང་བདག་ཉིད་འགྲོ་བ་འདུལ་བའི་སྐུར་བསམས་ལ་

གཟུགས་ཐམས་ཅད་ཡང་དག་པར་སྟོན་པས་སེམས་ཅན་གདུལ་བར་ཡིད་ཀྱིས་བྱ་སྟེ། དེ་ལྟ་བུས་ནི་འདུལ་བ་ལ་རབ་ཏུ་འཇོག་པ་འགྲུབ་བོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་ཟློས་ཤིང་ངན་སོང་གསུམ་ཡིད་ཀྱིས་བཏོན་ལ་གསད་པར་བྱ་ཞིང་སེམས་ཅན་དེ་རྣམས་ཀྱང་བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱི་ཞབས་དྲུང་དུ་སྐྱེས་ནས་བྱང་ཆུབ་སེམས་དཔར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ངན་སོང་ཐམས་ཅད་ལས་གདོན་པ་འགྲུབ་བོ། །ཨོཾ་པྲཛྙཱ་པཱ་ར་མི་ཏ་ཞེས་ཟློས་ཤིང་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་ཐམས་

ཅད་སྟོན་པ་ལ་བརྩོན་པའི་དེ་བཞིན་གཤེགས་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མདོ་སྡེ་ཐམས་ཅད་སྟོན་པ་འགྲུབ་བོ། །ཨོཾ་བ་ཧཱུཾ་ཞེས་ཟློས་ཤིང་བདག་ཉིད་རྡོ་རྗེ་དབྱིངས་ལ་སོགས་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྔགས་ཀྱིས་རྟོག་པ་ཐམས་ཅད་བརྟན་

པར་བྱེད་པར་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་རྟོག་པ་ཐམས་ཅད་བྱིན་གྱིས་རློབ་པ་འགྲུབ་བོ། །ཨ་ཞེས་ཟློས་ཤིང་སངས་རྒྱས་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པ་རྣམས་ལ་སངས་རྒྱས་ཉིད་ལ་སོགས་པ་སྟེར་བར་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་དངོས་གྲུབ་ཐམས་ཅད་སྟེར་བ་འགྲུབ་

བོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡཱ་གྲེ་ཞེས་ཟློས་ཤིང་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་རང་བཞིན་དུ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་རབ་ཏུ་ཐོབ་པ་འགྲུབ་བོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱགྦི་ཤུདྡྷེ་ཞེས་ཟློས་ཤིང་དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་བསྒོམས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་ཏུ་ཐོབ་པ་འགྲུབ་བོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲོ་ཎི་ཞེས་ཟློས་ཤིང་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་

Vol. 60 · folio 288a

རབ་ཏུ་ཐོབ་ཅིང་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་ལ་སོགས་པ་འདུལ་བའི་སྒོ་རྣམས་རྣམ་པར་སྦྱོང་བ་ནི་རྣམ་པར་འཕྲུལ་པའོ། །དེ་སྒྲུབ་པ་ནི་རྫོགས་པའོ། །འདིར་ཐམས་ཅད་ལ་

ཡང་དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་བཅིངས་ཏེ། བསྒོམ་པར་བྱ་བ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་ཕྱག་རྒྱ་འདི་དག་གིས་ཞེས་བྱ་བ་ནི་གོ་བར་ཟད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྡོ་རྗེ་

ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་བྱང་ཆུབ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །དེའི་རྣམ་པ་ལ་རྣམ་པར་རྟོག་པ་ནི་རྟོག་པའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་

ཡང་ཉེ་བར་བཏགས་པས་དེ་སྐད་ཅེས་བྱ་བའོ། །དེ་ཉིད་ནི་སྟོན་པ་སྟེ་བྱ་བའོ། །དེའི་རྒྱས་པ་ནི་རྒྱུན་ནོ། །དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་གསུངས་པའི་བཅོམ་ལྡན་འདས་རྣམ་པར་

སྣང་མཛད་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་སེམས་ཅན་རང་བཞིན་བཟང་བ་རྣམས་ཀྱི་དོན་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གསུངས་ནས། ད་ནི་ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་གསུངས་པ་ནི། དེ་ནས་

སྣ་ཚོགས་ལས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཉིད་ཡིན་

ནོ། །སྣ་ཚོགས་ནི་རྣམ་པ་ཐ་དད་པ་སྟེ། རྗེས་སུ་མཉེས་པར་བྱ་བ་ལ་སོགས་པའི་རང་བཞིན་ནོ། །འདི་ལ་ཕྲིན་ལས་ཆེན་པོ་མངའ་བས་ན་སྣ་ཚོགས་ལས་ཆེན་པོའོ། །ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོ། །ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པར་མཛད་པའོ། །གདུག་

Vol. 60 · folio 288b

པ་ཐམས་ཅད་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་སྟེ་དེ་རྣམས་འདུལ་བའི་མཆོག་ནི་འདུལ་བར་མཛད་པའི་དམ་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན། གང་གི་ཕྱིར། སེམས་ཅན་ཀུན་ལ་རྗེས་སྟོན་མཛད། །ཅེས་བྱ་བ་གསུངས་ཏེ་སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་

ཅན་ཐམས་ཅད་དེ། ཚར་གཅད་པར་འོས་པ་དང་། ཕན་གདགས་པར་འོས་པ་རྣམས་སོ། །དེ་རྣམས་ལ་རྗེས་སུ་སྟོན་པར་མཛད་པ་ནི་རང་གི་བཀའ་ལ་ངེས་པར་སྦྱོར་བར་མཛད་པའོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས། དེ་བཞིན་གཤེགས་པའི་རིགས་བསྐྱེད་པ། །ཞེས་

བྱ་བ་ནི་བཤད་མ་ཐག་པའི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་རང་བཞིན་བཟང་བ་རྣམས་གདུལ་བར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྐྱེད་ནས་སེམས་ཅན་གྱི་ཁམས་རང་བཞིན་བཟང་བ་རྣམས་འདུལ་བའི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཞི་

བ་དེས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་ཅིང་གཏུམ་པའི་སེམས་ཅན་ཀུན་གྱི་དོན་བྱ་ཞིང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་འདུལ་བར་རབ་ཏུ་བསྒྲུབ་པར་མི་ནུས་སོ་ཞེས་བྱ་བ་སྟེ། འཇིག་རྟེན་གསུམ་པོ་དེ་གདུལ་བར་བྱ་བ་དེ་བཞིན་གཤེགས་པའི་ཏིང་ངེ་

འཛིན་ཞི་བར་ནུས་པར་མ་གྱུར་པའོ། །ཅིའི་ཕྱིར་ནུས་པར་མ་གྱུར་ཅེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཞེ་སྡང་ལ་སོགས་པའི་ཉེས་བྱས་རྣམས་ཀྱིས་གདུག་ཅིང་མ་རུངས་པར་གྱུར་པ་རང་གི་སྟེ། རང་ཉིད་ཀྱིས་རང་གི་སེམས་ཀྱི་སྤྱོད་པ་རང་བཞིན་

དེས་འགྲོ་བ་འདི་དག་ཀུན་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱིས་ཞི་བ་སྟེ། ཞི་བའི་ཉམས་ཀྱིས་བཞུགས་པས་རབ་ཏུ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གདུག་ཅིང་གཏུམ་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་བདེ་བར་གཤེགས་པ་སྟེ། དེ་

བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱིས་དོན་མཛད་པར་གྱུར་པ་དག་གང་གི་ཚེ་སྟེ་དུས་གང་གི་ཚེ་གདུག་ཅིང་གཏུམ་པའི་སེམས་ཅན་གྱི་དོན་མཛད་པར་སྤྱོད་པར་མ་གྱུར་པ་དེའི་ཚེ། ཉིད་ཀྱི་དངོས་པོ་ཀུན་ཞེས་བྱ་བ་ཉིད་ཀྱི་རང་གི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཀྱི་དངོས་

Vol. 60 · folio 289a

པོ་ཀུན་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་སྟེ་དེ་ལ་གསོལ་བ་བཏབ་པ་ནི་གསོལ་བ་བཏབ་པར་གྱུར་པ་སྟེ། གདུག་ཅིང་གཏུམ་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་རྡོ་རྗེ་རིགས་ཀྱི་རང་བཞིན་དུ་མཛོད་ཅིག་ཅེས་གསོལ་བ་བཏབ་བོ། །ཚིག་ཇི་ལྟ་བུས་ཤེ་ན། སེམས་

ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི། ཨུ་ཏིཥྛ་ས་མ་ཡ་ཀྲོ་དྷ་ནི་སུཾ་བྷ་ཛྭ་ལ་བཛྲ་ཧཱུཾ་ཞེས་བྱ་བའི་སྔགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཙམ་གྱིས་སོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །རང་ཉིད་གཙོ་

བོ་ནི་རང་དབང་ཅན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་རྣམས་ལ་སླར་འབྱུང་ཞིང་ཕྱིར་འཐོན་ཏེ། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་མདུན་ན་གནས་ཞེས་བྱ་བ་ལ་སྤྱན་སྔར་བཞུགས་པའོ། །སྐུ་གང་གིས་སྐྱིལ་མོ་ཀྲུང་དུ་ནི་གང་གིས་ཤེ་ན། ཁྲོ་བོ་ཆེན་པོ་རྒྱལ་པོའི་སྐུ་ཡིས་ནི། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །ཞེས་བྱ་བ་སྨོས་ཏེ། ཁྲོ་བོ་ཆེན་པོ་ནི་རྡོ་རྗེ་མེ་ལྟར་

འབར་བའོ། །དེ་ནི་རྡོ་རྗེ་རིགས་ཀྱི་བདག་པོར་གྱུར་པ་ཉིད་ཀྱིས་ནི་མཛེས་ཤིང་འབར་བས་ན་རྒྱལ་པོའོ། །དེའི་སྐུ་ནི་གཟི་མདངས་ལྡན་པ་སྟེ། ཁྲོ་བོ་ཆེན་པོ་རྒྱལ་པོའི་སྐུ་དེས་སྒེག་པའི་སྐུའི་མདངས་གསལ་ཏེ། ཁྲོ་བོའི་གཟི་མདངས་ཀྱིས་བཞུགས་སོ་ཞེས་པའི་ཐ་ཚིག་གོ། །

སེམས་དཔའི་སྐྱིལ་ཀྲུང་ནི་བཤད་ཟིན་ཏོ། །འབར་བ་ཉིད་ཕྲེང་བར་དཀྲིགས་པས་ནི་འབར་བའི་ཕྲེང་བ་སྟེ་དེ་ཉིད་འོད་ཡིན་ལ་དེས་གསལ་ཞིང་སྣང་བ་འདི་ལ་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་ཇི་ལྟ་བུས་སྣང་བར་བྱེད་ཅེ་ན། སྲེག་པའི་བསྐལ་པ་གཞན་འདྲ་བའམ། །ཞེས་

བྱ་བ་སྨོས་ཏེ། རྡོ་རྗེ་མཆོག་བསྡམས་པ་རྣམ་པར་སྲེག་པའི་བསྐལ་པ་གཉིས་འདྲ་བའི་དང་པོའི་རྡོ་རྗེ་གསོར་ཞིང་སྙིང་པོ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །གཞན་ཡང་དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། །གཡོན་པའི་རྡོ་རྗེ་བསྙེམས་པ་ཆེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

Vol. 60 · folio 289b

གཡོན་པའི་རྡོ་རྗེ་ཁུ་ཚུར་ཁྲོ་བོའི་དྲིལ་བུ་དང་བཅས་པ་དཀུར་འཇོག་པར་མཛད་པ་ནི་གཡོན་བསྙེམས་པའོ། །དེས་ཤུགས་དང་བཅས་པས་ན་དྲག་པོ་སྟེ། དེས་གསོར་བ་ནི་ཕྱག་གཡས་པས་དང་པོའི་རྡོ་རྗེ་གྱེན་དུ་འཕེན་པའོ། །ཁྱད་པར་ཇི་ལྟ་བུས་དེས་གསོར་ཞེ་ན། བསྐྱོད་ཅེས་བྱ་བ་

སྨོས་ཏེ། མྱུར་ཞིང་ཤིན་ཏུ་རིངས་པར་ཞེས་བྱ་བའི་ཐ་ཚིག་གོ། །འབར་བ་ནི་རྡོ་རྗེ་ཆེར་འབར་ཞེས་བྱ་བ་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་ནི་ཆེར་འབར་བའོ། །དེའི་འབར་བས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་ན་འབར་བའི་རྡོ་རྗེ་ཆེར་འབར་བའོ། །དེའི་མེ་སྟག་རྣམས་ཀྱིས་ཞེས་

བྱ་བ་ནི་རྡོ་རྗེ་མེའི་མེ་སྟག་ཆུང་ངུ་རྣམས་ཏེ་དེས་སྲེག་པ་འདྲ་ཞེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་སྲེག་པའོ། །གསོར་བ་ནི་གྱེན་དུ་འཕེན་པའོ། །འབར་བ་ཆེན་པོ་ནི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་རྡོ་རྗེ་འབར་བས་རབ་ཏུ་འབར་བའོ། །དེ་ཇི་ལྟ་བུས་ཤེ་ན། བསྐལ་པའི་མེ་དཔུང་

ལྟ་བུ་ཡིན། །ཞེས་བྱ་བ་སྨོས་སོ། །གང་ཞིག་ཡིན་ཞེ་ན། དང་པོའི་རྡོ་རྗེ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་ན་གནས་པ་རྡོ་རྗེ་གང་ཡིན་པ་དེ་ནི་དང་པོའི་རྡོ་རྗེའོ། །ཁྲོ་གཉེར་བཅས་ཞེས་བྱ་བ་ནི་ཁྲོ་གཉེར་བཅས་པར་གནས་པས་བཅས་སོ། །རྡོ་རྗེ་

མཆོག་འཛིན་ནི་རྡོ་རྗེ་དམ་པ་སྣང་བ་སྟེ། དང་པོའི་རྡོ་རྗེ་བསྡམས་པ་ཞེས་བྱ་བའི་ཐ་ཚིག་གོ། །གསུངས་པ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །ཅི་ཞིག་གསུངས་ཤེ་ན། དེ་ལ་འདི་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཧཱུཾ་ཞེས་བྱ་བའི་སྙིང་པོ་གསུངས་པའོ། །རྡོ་རྗེ་འབར་བ་ཆེན་

པོ་འདི་ལ་མངའ་བས་ན་རྡོ་རྗེ་འབར་བ་ཆེན་པོའོ། །རྡོ་རྗེ་འབར་བ་ཆེན་པོ་ཡང་ཡིན་ལ་མེ་ལྟར་འབར་བ་ཡང་ཡིན་ཞིང་དེ་ལྟ་བུས་ནི་ཉི་མ་དང་ལྡན་པས་ན་འདི་ལ་རྡོ་རྗེ་མེ་འབར་བ་ཆེན་པོ་མེ་དང་ཉི་མ་ཞེས་བྱ་སྟེ། རྡོ་རྗེ་མེ་འབྱུང་བའི་རྡོ་རྗེ་ཧཱུཾ་མཛད་དོ། །དེའི་ངེས་པའི་ཡེ་ཤེས་ནི་སྙིང་པོའོ། །

དེ་སྟོན་པར་བྱེད་པའི་སྒྲ་ཧཱུཾ་ཞེས་བྱ་བ་ལ་ཡང་ཉེ་བར་བཏགས་པས་མེའི་སྙིང་པོ་ཞེས་བྱ་བའོ། །སྙིང་པོ་ཞེས་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་

Vol. 60 · folio 290a

ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་ལ། དེ་ནས་དེར་གནས་ནས་དེ་རྣམས་ལས་རྡོ་རྗེ་མེ་ལྟར་འབར་བའི་སྐུར་སླར་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཞུགས་སོ། །དེ་ནས་གདུག་ཅིང་གཏུམ་པ་རྣམས་ནི་ངེས་པར་རྡོ་རྗེ་རིགས་ཀྱིས་

འདུལ་བ་ཡིན་ནོ་སྙམ་དུ་དགོངས་ནས་ཤིན་ཏུ་དགྱེས་པས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཧཱུཾ་ཞེས་བྱ་བ་གསུངས་སོ། །སྡིག་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་སྡིག་པ་ཀུན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཚུལ་ལོ། །དེ་ཉིད་ནི་བུད་ཤིང་དང་འདྲ་བར་ཡེ་ཤེས་ཀྱི་མེས་བསྲེག་པར་

བྱས་པ་ཡིན་པས་ན་སྡིག་པ་ཀུན་གྱི་བུད་ཤིང་ངོ་། །དེ་རྣམས་ཟད་པ་ནི་ཟད་པའི་རྒྱུ་སྟེ། ཡེ་ཤེས་ཀྱི་མེའི་རང་བཞིན་ཅན་གྱི་ཡི་གེ་ཧཱུཾ་ངོ་། །སྡིག་པ་ཀུན་གྱི་བུད་ཤིང་ཟད་པའི་སྙིང་པོ་ཕྱུང་བ་ལ་གཡོས་པ་ནི་གཡོས་པར་གྱུར་པའོ། །འགུལ་བ་ནི་འགུལ་བར་གྱུར་པ་སྟེ། ཕྱོགས་

བཅུ་ཀུན་ནས་ཉོན་མོངས་པ་ཅན་གྱིས་སངས་རྒྱས་ཀྱི་རང་བཞིན་ཅན་གྱི་འཇིག་རྟེན་གསུམ་པོ་ས་འོག་དང་ས་སྟེང་དང་། མཐོ་རིས་ཀྱི་མཚན་ཅན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཤིང་འགུལ་བར་བསྐྱོད་པར་གྱུར་པའོ། །ལྷ་ཆེན་ལ་སོགས་ལྷ་རྣམས་ནི། །གཡོ་

བ་མེད་ཅིང་རྨོངས་པར་འགྱུར། །ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་པར་བྱས་ནས་ལྷ་ཆེན་པོ་ལ་སོགས་པ་ཡང་བརྒྱལ་ཞིང་། ཀུན་དུ་རྨོངས་པ་སྐྱེ་བར་གྱུར་པ་དེས་ན་དེ་རྣམས་གཡོ་བ་མེད་ཅིང་རྨོངས་པ་ཉིད་དུ་གྱུར་ཏོ། །རྡོ་རྗེ་འབར་

བས་འཁྲུགས་པ་ཀུན། །ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ལྷ་ལ་སོགས་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ལ་སྤྱོད་པ་ནི་ལྷ་སྟེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་ལྷ་ལ་སོགས་སོ། །སྲིད་པ་གསུམ་པོ་ཀུན་གྱི་ཕྱོགས་བཅུ་ན་གནས་པ་ཐམས་ཅད་དོ། །

སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདུས་པར་མཛད་པར་གྱུར་པའོ། །དེ་ནས་འདུས་པར་གྱུར་པ་དེ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་བརྟན་ཞིང་མི་ཕྱེད་པར་མཛད་

Vol. 60 · folio 290b

ནས། རྡོ་རྗེ་རིགས་ཀྱི་རང་བཞིན་གྱི་གདུག་ཅིང་གཏུམ་པའི་སེམས་ཅན་ཐམས་ཅད་གདུལ་བའི་ཕྱིར་ཐབས་ཆེན་པོ་ཞེས་བྱ་བ་སྟེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །དམ་པ་བདག་ཅེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་རང་བཞིན་དེ་ཉིད་ཀྱི་མཆོག་ཏུ་གྱུར་པའོ། །ཀྱང་ཞེས་བྱ་བ་ནི་ཞི་བ་

ལ་སོགས་པའི་ཉམས་དང་ལྡན་པའི་རྫོགས་པའི་བྱང་ཆུབ་ལ་ལྟོས་ནས་ཀྱང་གི་སྒྲ་སྨོས་པ་ཡིན་ནོ། །ཐུགས་སུ་ཆུད་ཅེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་རང་བཞིན་དུ་བདག་ཉིད་མངོན་སུམ་དུ་བྱས་པ་ནི་ཐུགས་སུ་ཆུད་པའོ། །དེ་ནས་རྡོ་རྗེ་འབར་བའི་ཚོགས་ལས་ཞེས་བྱ་བ་ནི་ཕྱག་གཡས་

པའི་རྡོ་རྗེ་རྩེ་ལྔ་པ་འབར་བ་ལས་སོ། །འབར་བའི་ཕྲེང་བ་འཁྲུག་པའི་འོད། །ཅེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །རྡོ་རྗེ་འབར་བ་དེ་ལ་མཁའ་འགྲོ་མའི་དཀྱིལ་འཁོར་ཕྱུང་སྟེ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར་དྲག་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་

པ་ཡིན་ཏེ། དྲག་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དྲག་པོ་ཆེན་པོ་སྟེ། མཆེ་བ་གཙིགས་པ་ལ་སོགས་པས་འཇིགས་སུ་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱག་རྒྱའི་གར་གྱིས་འབར་ཞེས་བྱ་བ་ནི་ཕྱག་རྒྱའི་གར་གྱིས་འབར་བའོ། །དེ་ནས་ཕྱོགས་བཅུར་ཁྱབ་པར་འཇུག་པས་

ན་ཀུན་དུ་འཁྲུག་པའོ། །དྲག་པོ་ཆེན་པོ་ཡང་ཡིན་ལ་ཕྱག་རྒྱ་གར་གྱིས་འབར་བ་ཡང་ཡིན་ཞིང་ཀུན་དུ་འཁྲུག་པ་ཡང་ཡིན་པས་ན་དྲག་པོ་ཆེན་པོ་སྟེ། ཕྱག་རྒྱའི་གར་གྱིས་འབར་ཞིང་འཁྲུག །ཅེས་བྱ་བའོ། །རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེའི་རིགས་ཀྱི་བདག་པོ་རྣམས་སོ། །

དེ་རྣམས་ཀྱི་གསང་བ་ཆེན་པོ་ནི་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་མ་གྱུར་པའོ། །དེ་ཅི་ཞིག་ཅེ་ན་མཁའ་འགྲོ་མའི་རྣལ་འབྱོར་དཀྱིལ་འཁོར་ཡིན་ཞེས་བྱ་བ་སྟེ། མཁའ་འགྲོ་མའི་རྣལ་འབྱོར་པ་རྣམས་ཀྱི་འཁོར་ལོ་ཡིན་པས་ན་མཁའ་འགྲོ་མའི་རྣལ་འབྱོར་དཀྱིལ་འཁོར་

རོ། །དེ་ལ་རྡོ་རྗེ་མེ་ལྟར་འབར་བའི་ཏིང་ངེ་འཛིན་ནི་རྣལ་འབྱོར་རོ། །དེ་ལས་བྱུང་བའི་རྡོ་རྗེའི་རིགས་ཀྱི་ལྷ་ནམ་མཁའ་ལ་རྒྱུ་བ་ཐམས་ཅད་ནི་མཁའ་འགྲོའོ། །དེ་ཕྱུང་ནས་ཞེས་བྱ་བ་ནི་རྣལ་འབྱོར་མཁའ་འགྲོའི་དཀྱིལ་འཁོར་རྡོ་རྗེ་དེ་ལས་བྱུང་ཞིང་བཏོན་ནས་ཆོ་ག་བཞིན་ཏེ།

Vol. 60 · folio 291a

རྡོ་རྗེ་འཛིན་པ་ཆེན་པོའི་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་གྱི་དབྱིབས་ཀྱིས་སོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱིའོ། །ལྷ་མོའི་དཀྱིལ་འཁོར་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་

འཁོར་གྱི་ཚུལ་གྱིས་སོ། །ལོགས་ཀུན་དུ་ནི་ཡང་དག་གནས། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོའི་ཕྱོགས་དང་མཚམས་རྣམས་སུ་གནས་པའོ། །སངས་རྒྱས་ཐམས་ཅད་སྲས་བཅས་པ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་

མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་རྡོ་རྗེ་གཙུག་ཏོར་ལ་སོགས་པའི་རང་བཞིན་ལྟ་བུར་རྡོ་རྗེ་རིགས་ཆེན་པོ་བྱུང་ཞིང་རྣམ་པར་སྟོན་པར་གྱུར་པའོ། །དེ་ནས་རྡོ་རྗེ་དེ་ལས་ཏེ་འོད་འབར་བའི་རྡོ་རྗེ་དེ་ལས་སོ། །སྣ་

ཚོགས་གཟུགས་མཆོག་གྲུབ་པའི་ཕྱིར། །ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་ཚུལ་དུ་སེམས་ཅན་གྱི་ཁམས་ཐམས་ཅད་བསྐྱེད་པ་དང་། སེམས་ཅན་གདུག་ཅིང་གཏུམ་པ་རྣམས་བཏུལ་བ་ནི་སྣ་ཚོགས་གཟུགས་མཆོག་གྲུབ་པ་སྟེ་དེའི་དོན་དུ་བྱུང་བའོ། །ཕྱུང་ནས་ཀུན་དུ་བཞུད་པར་འགྱུར། །

ཞེས་བྱ་བ་ནི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་དེ་ལས་ཕྱུང་ནས་ཕྱོགས་བཅུར་སོང་བ་ནི་ཀུན་དུ་བཞུད་པ་ཡིན་ནོ། །ཀུན་དུ་འབར་བ་རྣམ་པར་འཁྲུག །ཅེས་བྱ་བ་ནི་ཐམས་ཅད་དུ་འབར་བའི་ནང་དུ་ཆུད་པས་ན་ཀུན་དུ་འབར་བའོ། །ཕན་ཚུན་དུ་རྣམ་པར་ཁྱབ་པས་ན་རྣམ་པར་འཁྲུག་

པའོ། །རླུང་གིས་སྐྱོད་པ་པོས་ཞེས་བྱ་བ་ནི་གོ་བར་ཟད་དོ། །སངས་རྒྱས་ཐམས་ཅད་དེ་ཞེས་བྱ་བ་ལ་སོགས་པ་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་སྲས་ཏེ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཇིག་རྟེན་གྱི་ཁམས་

མ་ལུས་པ་ན་བཞུགས་ཤིང་གནས་པར་མཛད་པ་རྣམས་ཧཱུཾ་ཞེས་བྱ་བ་དེས་ཡང་དག་པར་བསྐུལ་བ་སྟེ། འགྲོ་བའི་དོན་ལ་འདིར་གཤེགས་ཤིག །ཅེས་ཐུགས་སུ་ཆུད་པར་མཛད་ནས། འཇིག་རྟེན་ཀུན་གྱིས་ཡོངས་བསྐོར་བ། །ཞེས་བྱ་བ་གང་དེ་དག་རང་རང་གི་དཀྱིལ་འཁོར་གྱི་

Vol. 60 · folio 291b

འཁོར་བརྒྱ་བྱིན་ལ་སོགས་པའི་རང་བཞིན་ཅན་ལྟ་བུ་ནི་འཇིག་རྟེན་དེ་དག་ཀུན་གྱིས་སངས་རྒྱས་དེ་དག་ཐམས་ཅད་ཡོངས་སུ་བསྐོར་ནས་བཞུགས་པས་ན་འཇིག་རྟེན་ཀུན་གྱིས་ཡོངས་སུ་བསྐོར་བ་སྟེ་ཡོངས་སུ་བསྐོར་བའི་སངས་རྒྱས་དེ་དག་ཐམས་ཅད་བཀུག་ཅིང་སྤྱན་དྲངས་པའོ། །ཅིའི་

ཕྱིར་ཞེ་ན། སེམས་ཅན་ཀུན་གྱི་དོན་དང་ནི། །ཞེས་བྱ་བ་སྨོས་ཏེ། དྲག་ཅིང་དྲག་པོའི་སྦྱོར་བས་སེམས་ཅན་གདུག་ཅིང་གཏུམ་པ་རྣམས་གདུལ་བར་བྱ་བའི་ཕྱིར་དང་ཞི་བས་བསྡུ་བར་འོས་པའི་སེམས་ཅན་རྣམས་ཀུན་དུ་བསྡུ་བར་བྱ་བའི་ཕྱིར་དང་། སངས་རྒྱས་ཐམས་ཅད་དགུག་

ཅིང་སྤྱན་དྲངས་པ་ཡིན་ནོ། །བསྟན་པ་ཐམས་ཅད་གྲུབ་པའི་ཕྱིར། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་རྣམ་པ་སྣ་ཚོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་པའོ། །དེ་གྲུབ་པ་ནི་རྫོགས་པ་སྟེ། དེ་བཞིན་གཤེགས་པའི་བཀས་གདུལ་བྱ་རྣམས་

མི་དགེ་བ་བཅུ་ཡོངས་སུ་སྤོང་ཞིང་དགེ་བ་བཅུ་ཉམས་སུ་ལེན་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་དོན་དུ་སངས་རྒྱས་དེ་ཐམས་ཅད་ལ་ཡང་དག་པར་བསྐུལ་ནས་སྤྱན་དྲངས་པ་ཡིན་ནོ། །འཇིག་རྟེན་གསུམ་དག་དེ་རྣམས་ཀྱང་། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སེམས་ཅན་

ཀུན་གྱི་དོན་གྱི་ཕྱིར་དང་། བསྟན་པ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་དགུག་པར་མ་ཟད་ཀྱི་ཧཱུཾ་ཞེས་བྱ་བ་དེས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཁམས་གསུམ་གྱི་བདག་པོ་དེ་རྣམས་ཀྱང་ཀུན་དུ་རྒྱལ་བས་གཡོ་བ་མེད་པར་བྱ་ཞིང་། རྒྱུ་དང་མི་རྒྱུར་བཅས་པ་སྟེ། །གནས་དང་གཞལ་ཡས་

ཁང་དང་རང་རང་གི་འཁོར་གྱི་ཚོགས་དང་བཅས་པར་དགུག་གོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། དེ་ལྟར་རྡོ་རྗེའི་རིགས་བསྐྱེད་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བཀུག་པའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་འཛིན་

པ་སྟེ། རྡོ་རྗེ་མེ་ལྟར་འབར་བར་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་དེ་རྣམས་ལ་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པ་གཡོ་བ་མེད་པར་གྱུར་པ་སྟེ། དེ་རྣམས་ལ་ཐུགས་རྗེ་སྐྱེས་ནས་ཐུགས་རྗེ་ཞེས་བྱ་བ་ཐུགས་རྗེ་དང་ལྡན་པའི་ཐུགས་ཀྱིས་འཆི་བ་སློང་བར་བྱེད་པའི་རིགས་པ་

Vol. 60 · folio 292a

གསུངས་པས་ན། ཤི་བ་སླར་གསོ་བརྟན་པར་གསུངས། །ཞེས་བྱ་སྟེ། ཤི་བ་སླར་གསོ་བའི་དོན་ལ་བཟློག་དཀའ་བའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །ཧི་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བས་ཁམས་གསུམ་

གདུལ་བར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་ནས་དེ་གསུངས་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བའི་ཁྲོ་གཉེར་གྱི་ཕྱོགས་ནས་རྡོ་རྗེ་མེ་ལྟར་འབར་བའི་གཟུགས་འཛིན་པའི་ཉེ་བའི་སྙིང་པོ་ཁྲོ་བོ་གཉིས་པོ་ཕྱུང་ནས་དེའི་རྡོ་རྗེའི་རིགས་ཐམས་ཅད་རང་གི་རྡོ་རྗེ་

ལས་ཕྱུང་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པ་འཁོར་དང་བཅས་པ་བཏུལ་ནས། རྡོ་རྗེ་མིང་བྱིན་ཏེ་འཇིག་རྟེན་གསུམ་གྱི་མཆོག་ཏུ་བྱིན་གྱིས་བརླབ་པའི་བར་དུ་མཛད་པ་ཡིན་ནོ། །དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་མཆོག་བྱིན་གྱིས་རློབ། །ཅེས་

བྱ་བའི་བར་གྱི་བཤད་པས་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་ནོ། །དེ་ལྟར་ཏིང་ངེ་འཛིན་གསུམ་གསུངས་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་

ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་འཛིན་ཆེན་མཆོག །མགོན་པོ་ཡིས་ནི་གསོལ་བཏབ་པ། །ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་

ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ། །རྡོ་རྗེ་འཛིན་པ་ཆེན་པོ་ནི་རྡོ་རྗེ་མེ་ལྟར་འབར་བའོ། །མཆོག་ནི་དམ་པའོ། །མགོན་པོ་ཡིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །གསོལ་བ་བཏབ་

པ་ནི་གསོལ་བས་བཏབ་པར་གྱུར་པའོ། །ཅིའི་ཕྱིར་གསོལ་བ་བཏབ་ཅེ་ན། རྟོག་པ་འདི་ནི་བཤད་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། འོག་ནས་རྗེས་ཐོགས་ཉིད་ལ་འཆད་པར་འགྱུར་བའི་རྡོ་རྗེ་རིགས་ཀྱི་རྟོག་པ་འདི་བཤད་ཅིང་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་

Vol. 60 · folio 292b

རྗེས་སུ་སྟོན་པར་མཛད་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ལ་གསོལ་བ་བཏབ་པར་གསུངས་པ་ཡིན་ནོ། །ཅི་ཞིག་གསུངས་ཤེ་ན། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་སྔར་བཤད་པ་ཡིན་

ལ་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གང་ཡིན་པ་དེ་ནི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ལོ། །དེ་ཅི་ཞིག་ཡིན་ཞེ་ན། འབར་བའི་འཁོར་ལོ་ཞེས་བྱ་བ་གསུངས་ཏེ། འབར་བའི་འོད་དེས་ཉེ་བར་མཚོན་པའི་འཁོར་ལོ་སྟེ་དཀྱིལ་འཁོར་ལ་ནི་འབར་བའི་འཁོར་ལོ་ཞེས་བྱ་སྟེ། ནང་གི་དཀྱིལ་

འཁོར་འབར་བ་དང་བཅས་པ་ཞེས་སྟོན་པ་ཡིན་པས་དེ་རྣལ་འབྱོར་པས་ཡང་དག་པར་བྲི་བར་བྱའོ། །དེའི་ནང་གི་དཀྱིལ་འཁོར་གྱི་ལྟེ་བར་རོ། །གཞག་པར་བྱ་ཞེས་བྱ་བ་ནི་ལུགས་མའམ་བརྐོས་པ་ལ་སོགས་པའི་རང་བཞིན་ཅན་ནོ། །སྔོན་པོ་འབར་བའི་སྐུ་བཟང་པོ། །ཞེས་བྱ་བ་ནི་

རྡོ་རྗེ་སྔོན་པོ་འབར་བ་ལས་གྲུབ་པས་ཤིན་ཏུ་མཛེས་པའི་སྐུ་ནི། སྔོན་པོ་འབར་བའི་སྐུ་བཟང་པོ། །ཞེས་བྱ་བ་སྟེ། འོད་ཟེར་སྔོན་པོ་འབར་བ་དང་ལྡན་པའི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །བསྙེམས་བཅས་ཤས་

ཆེར་འབར་བ་ལ། །ཞེས་བྱ་བ་ནི་བསྙེམས་པ་དང་བཅས་པའི་ཤུགས་དང་ལྡན་པའི་འབར་བ་གང་ཡིན་པ་དེ་ནི་བསྙེམས་བཅས་ཤས་ཆེར་འབར་བ་སྟེ། གཡོན་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པ་ཁ་བཀན་ཏེ་ཁ་ནང་དུ་བསྟན་པ་ནི་འདིར་བསྙེམས་པ་ཞེས་བྱ་བ་སྟེ། དེ་ལྟ་

བུས་ནི་རྡོ་རྗེ་འབར་བ་གསོར་བ་ལ་བརྩོན་པ་ནི་དེ་ལ་འབད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་ཇི་སྐད་དུ་བཤད་པའི་སྙེམས་ཚུལ་བྱས་ནས་ཕྱག་གཡས་པས་འབར་བ་དང་བཅས་པའི་རྡོ་རྗེ་གསོར་ཞིང་བཞུགས་པ་བྲི་བར་བྱའོ། །དེ་

ཡི་ངོས་ནི་ཐམས་ཅད་དུ། །ཞེས་བྱ་བ་ནི་ཕྱོགས་དང་མཚམས་རྣམས་སུའོ། །རྡོ་རྗེ་རྣལ་འབྱོར་མ་ཡི་གཟུགས། །ཞེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་སྐུའོ། །རྡོ་རྗེ་རྣལ་འབྱོར་མའི་སྐུ་མཚོན་ཆ་ཅི་ཞིག་བསྣམས་པ་བྲི་ཞེ་ན། རྡོ་རྗེ་མཚོན་ཆ་མདུང་ཆེན་དང་། །རལ་གྲི་

Vol. 60 · folio 293a

པདྨ་མཆོག་འཛིན་མ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་མཚོན་ཆ་མ་ནི་རྡོ་རྗེའི་མཚོན་ཆ་བསྣམས་མའོ། །རྩེ་གསུམ་པ་འཛིན་པ་ནི་རྩེ་གསུམ་པ་བསྣམས་པའོ། །རལ་གྲི་འཛིན་པ་ནི་རལ་གྲི་བསྣམས་པའོ། །པདྨ་འཛིན་པ་ནི་ཞགས་པ་དང་ཐོ་བ་བསྣམས་པའོ། །མདའ་

འཛིན་པ་ནི་མདའ་བསྣམས་པའོ། །ཁ་ཊྭཱཾ་ག་འཛིན་མ་ནི་ཁ་ཊྭཱཾ་ག་བསྣམས་པའོ། །འཁོར་ལོ་འཛིན་པ་ནི་འཁོར་ལོ་བསྣམས་པའོ། །བ་དན་སྣ་ཚོགས་འཛིན་པ་ནི་ལྷ་མོ་རྡོ་རྗེ་དྲིལ་བུ་བ་དན་མའོ། །རྡོ་རྗེ་རིགས་ཆེན་པོ་ནི་ཞེས་བྱ་བ་ནི་རྡོ་རྗེ་གཙུག་ཏོར་ལ་སོགས་པའོ། །འབར་བའི་འཁོར་ལོའི་རྗེས་མཐུན་པ། །

ཞེས་བྱ་བ་འཇིག་རྟེན་གསུམ་གྱི་གསང་བར་འབར་བའི་འཁོར་ལོའི་དཀྱིལ་འཁོར་དུ་རྡོ་རྗེའི་རིགས་ཆེན་པོའི་དཀྱིལ་འཁོར་ཆེན་པོ་ཇི་ལྟར་བཀོད་པ་དེ་བཞིན་དུ་འདིར་ཡང་དགོད་པར་བྱའོ། །གང་དུ་ཞེ་ན། ཐིག་བདུན་གྱི་ནི་ཞེས་བྱ་བ་སྨོས་སོ། །དེ་ཉིད་བསྟན་པ་ནི། དང་པོར་རྡོ་རྗེའི་

ཕྱག་རྒྱ་བདག །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འབར་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་དང་པོར་ནི་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་བྲིའོ། །དེ་བཞིན་དུ་དྲུག་པའི་བར་ལ་རྡོ་རྗེ་ཕོ་ཉའི་མཆོག་དང་། གནོད་སྦྱིན་

དང་སྲིན་པོ་དང་། མངག་གཞུག་པ་རྣམས་བྲིའོ། །བདུན་པ་ལ་ནི་ཡང་དག་གནོན། །རི་མོ་དེར་ནི་དགོད་པར་བྱ། །རྡོ་རྗེ་འཆང་བ་ཆེན་པོ་ཡི། །རྡོ་རྗེ་རིགས་ནི་སྣ་ཚོགས་པ། །ཞེས་བྱ་བ་འདི་ཉིད་ཀྱི་དོན་བསྟན་པ་ནི། དབང་ཕྱུག་དམ་པ་དྲག་པོའི་ཚོགས། །གཏུམ་པོ་

ཆེན་པོ་འདུལ་བར་མཛད། །ཅེས་བྱ་བ་ཡིན་ནོ། །རི་མོ་བདུན་པའི་བར་དུ་རྡོ་རྗེ་གཙུག་ཏོར་ལ་སོགས་པས་གདུལ་བར་གྱུར་པའི་ལྷ་ཆེན་པོ་ལ་སོགས་པ་ནས་ཆུ་ལྷའི་བར་དུ་ཆུང་མ་དང་བཅས་པ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གནས་སུ་ནི། །ལྷ་ལ་སོགས་པ་ཀུན་གྱི་ཚོགས། །

ཞེས་བྱ་བ་ནི་ཕྱི་མའི་དཀྱིལ་འཁོར་གྱི་གནས་སུ་ནི་མེ་ལ་སོགས་པའི་མཚམས་སུ་ལྷ་ཡང་ཡིན་པས་ལྷ་ཀུན་ནོ། །དེ་རྣམས་ཀྱི་ཚོགས་ནི་དཀྱིལ་འཁོར་ཏེ། དེ་རྣམས་རང་རང་གི་ཕྱོགས་སུ་དགོད་པར་བྱའོ། །དེ་ཉིད་བཤད་པ་ནི། མདོར་ན་མིང་པོ་གསུམ་ལ་སོགས། རང་གི་ཕྱོགས་

Vol. 60 · folio 293b

སུ་དགོད་པར་བྱའོ་ཞེས་བྱ་བ་ཡིན་ཏེ། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པ་ནི་མིང་པོ་གསུམ་མོ། །དེ་ལ་སོགས་པ་ནི་སྔོན་དུ་བྱ་བའི་ལྷའི་ཚོགས་ཐམས་ཅད་མདོར་བསྡུས་ནས་རང་གི་ཕྱོགས་སུ་དགོད་པར་བྱའོ། །མཚམས་སུ་ལྷ་མོར་

བཤད་པ་ཡི། །ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའོ། །སྒོ་དབུས་སུ་ཡང་དེ་རྣམས་ཉིད། །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་ཚོགས་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གང་བཞག་པ་དེ་དག་འདིར་དགོད་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ཚོགས་བཅས་པའི། །ཁྲོ་བོ་གོ་རིམས་ཇི་

བཞིན་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་སྒོ་སྲུང་མ་རྣམས་དང་། སྒེག་མོ་ལ་སོགས་པའི་རྣམ་པར་འཇོམས་མ་ཁྲོ་བོ་དང་བཅས་པའི་དཀྱིལ་འཁོར་གྱི་ཚོགས་དེ་རྣམས་སུ་ཇི་སྐད་བཤད་པའི་སྙིང་པོས་དགོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་འཁོར་ཆེན་

པོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ལྟར་འདིར་ཡང་ཆོ་ག་ཐམས་ཅད་དེ་བཞིན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲོས་པས་རྡོ་རྗེ་གསོར་བ་དང་། །ཁྲོ་གཉེར་འཛུམ་དང་བཅས་པས་འདུད། །དེ་ནས་མེ་ཏོག་བླངས་ནས་ནི། །ཁྲོས་

པས་བདག་པོ་ཆེ་ལ་གཏོར། །ཞེས་བྱ་བར་སྦྱར་ཏེ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་གས་ཞུགས་པ་བདག་ཉིད་ལ་དབབ་པར་བྱའོ། །མེ་ཏོག་དོར་ལ་རྡོ་རྗེ་གསོར་བའི་ཕྱག་རྒྱ་བཅིངས་ཏེ། ཁྲོས་པར་གྱུར་པས་ཁྲོ་གཉེར་བསྡུས་པ་དང་། འཛུམ་པ་དང་བཅས་

པས་བཅོམ་ལྡན་འདས་ལ་འདུད་ཅིང་ཕྱག་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེས། །ཡང་དག་པར་ནི་དགུག་པར་བྱའོ། །ཞེས་བྱ་བ་ནི་རྡོ་རྗེ་འབེབས་པའི་བར་གྱི་དཀྱིལ་འཁོར་གྱི་ཚོགས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་

དུ་བཀོད་ལ། དཀྱིལ་འཁོར་གྱི་སྒོ་ལེགས་པར་ཕྱེ་སྟེ། བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་ཡང་དག་པར་བསྟོད་ནས་རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེན་པོ་སྤྱན་འདྲེན་པའི་སྔགས་དང་བཅས་པས་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བ་འཁོར་

Vol. 60 · folio 294a

དང་བཅས་པ་དཀྱིལ་འཁོར་དུ་སྤྱན་དྲངས་ཤིང་དགུག་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །བཅོམ་ལྡན་འདས་ཀྱང་དེ་ཁོ་ན་ཉིད་ཀྱི་སྙིང་པོས་གཞག་པར་བྱའོ་ཞེས་བྱ་བ་ནི་ཧི་ཞེས་བྱ་བས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྟན་པས་སོ། །འདི་སྐད་སྟོན་པ་

ཡིན་ཏེ། ཧཾ་ཞེས་བྱ་བ་ཟློས་ཤིང་བཅོམ་ལྡན་འདས་མེ་ལྟར་འབར་བའི་དཀྱིལ་འཁོར་དུ་བཞུགས་སུ་གསོལ་བར་བྱའོ། །དེ་ནས་དམ་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་སློབ་མ་ལ་བསྟན་པའི་རྗེས་ཐོགས་ཉིད་ལ། དེ་སེམས་ཅན་མང་ལ་བདེ་ཕྱིར་དང་། །ཞེས་བྱ་བ་ལ་སོགས་

པ་དམ་ཚིག་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་བཅས་པའི་མཛུབ་མོ་སྦྱར་བར་བྱའོ་ཞེས་བྱ་བ་ནི་དེ་ལྟར་དཀྱིལ་འཁོར་བྲིས་ནས་ཇི་སྐད་དུ་བཤད་པའི་ཆོ་གས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བཅུག་ནས་རྡོ་རྗེ་ཧཱུཾ་མཛད་

ཡི་གེ་ཧཱུཾ་དང་བཅས་པས་སྡིགས་མཛུབ་བྱའོ་ཞེས་བསླབ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྡིགས་མཛུབ་ཀྱི་ཕན་ཡོན་གསུངས་པ་ཡིན་ནོ། །དེ་ནས་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བྱ་བ་ནི། དེ་ལྟར་སློབ་མ་ཞུགས་པར་བྱས་ནས། དེ་ལ་དབབ་པ་དང་།

དེ་ནས་མེ་ཏོག་དོར་དུ་གཞུག་གོ། །དེ་ནས་དེ་བླངས་ལ་མགོ་ལ་བཅིང་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པ་ལ་སྙིང་གར་གཞུག་པའི་ཕྱག་རྒྱ་དགྲོལ་བར་བྱ་སྟེ། འདི་ནི་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །དབང་བསྐུར་བ་ལ་སོགས་

པ་དེ་བཞིན་དུ་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་ཆོ་གས་སློབ་མ་རྣམས་ལ་དབང་བསྐུར་བ་དང་། དངོས་གྲུབ་ནི་རྡོ་རྗེ་བརྟུལ་ཞུགས་དང་། རྡོ་རྗེ་རིགས་ཀྱི་བདག་པོའི་དེ་ཁོ་ན་ཉིད་བསྟན་པ་དང་། དམ་ཚིག་གསུམ་སྦྱིན་པ་དང་ལུང་བསྟན་

པ་དང་སྙིང་པོ་སྦྱིན་པ་དང་ཕྱག་རྒྱ་བསླབ་པ་དང་། མཆོད་པ་དང་། གཟེངས་བསྟོད་པ་ལ་སོགས་པའི་འབྲས་བུ་བཤད་པ་དང་། དམ་ཚིག་བསྟན་པ་རྣམས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་མེ་ལྟར་འབར་བའོ། །དེའི་ལས་ཀྱི་དབྱེ་བ་བཞི་པོ་གང་ཡིན་

Vol. 60 · folio 294b

པ་དེ་དེ་རྣམས་ལ་བསླབ་པར་བྱ་ཞིང་བསྟན་པར་བྱའོ། །དེ་དག་གང་ཞེ་ན། རྒྱས་གདབ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་དེ་ལ་རྒྱས་གདབ་པ་བསྒྲུབ་པར་བྱ་བའི་སྙིང་པོ་ལ་རྡོ་རྗེ་མདའ་བསྐྱེད་པའོ། །ཕྱག་རྒྱ་གཞིག་པ་ནི་གདོན་གྱིས་ཟིན་པའི་རྒྱུད་ལ་ཡོད་པའི་ཁ་ཊྭཱཾ་ག་འཛིན་

པའི་ཕྱག་རྒྱས་གདོན་གྱི་ཕྱག་རྒྱ་གཞིག་པའོ། །འཁོར་ལོ་འཛིན་པའི་ཕྱག་རྒྱས་གདོན་གྱིས་བཟུང་བའི་རྒྱུད་ལ་ཡོད་པའི་གདོན་གསད་པ་ནི་གསད་པའོ། །བ་དན་སྣ་ཚོགས་འཛིན་པའི་ཕྱག་རྒྱས་གདོན་གྱིས་ཟིན་པའི་སེམས་ཅན་རྣམས་ལ་ཡང་སྲོག་འབྱིན་པ་ནི་སེམས་ཅན་

རྣམས་ལ་སླར་འཚོ་བར་བྱ་བའོ། །རྡོ་རྗེ་ཁྲོ་བོའི་ལས་བཞི་པོ་འདི་དག་གདོན་གྱིས་བཟུང་བ་ལ་བྱ་བ་ཡིན་ནམ་འོན་ཏེ་མ་ཡིན་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། །གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་ཅན་གང་ལ་མདའ་འཛིན་མ་ལ་སོགས་པའི་ཕྱག་རྒྱ་སྦྱར་བ་

ན་འགྱུར་བ་སྐྱེད་པར་བྱེད་ན། སེམས་ཅན་དེ་ནི་གདོན་གདུག་པས་ཟིན་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་འཚོ་བར་བྱེད་པའི་ཕྱག་རྒྱ་སྣ་ཚོགས་བ་དན་འཛིན་པའི་ཕྱག་རྒྱས་སེམས་ཅན་དེ་འཚོ་བར་བྱས་ལ། ཤིན་ཏུ་བསྲུང་བའི་ཕྱག་རྒྱས་སླར་ཡང་གནོད་པར་མི་འགྱུར་

ཞིང་སེམས་ཅན་དེ་ལ་གདོན་གྱིས་འགྱུར་བ་ཡང་བྱེད་པར་མི་འགྱུར་བར་བྱ་བའི་ཕྱིར་དེ་ལ་བསྲུང་བར་བྱའོ། །འཚོ་བའི་ཕྱག་རྒྱ་གང་ཡིན་པ་འདིས་སྲོག་བྱིན་ཏེ་བསྲུང་བར་བྱ་བ་དེ་ཇི་སྲིད་འཚོའི་བར་དུ་དེ་བྱའོ། །དེ་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ། །

དེ་ནས་འདིར་བསྒྲུབ་པ་བཤད་བྱ་སྟེ་ཞེས་བྱ་བ་ནི་དེ་ནས་ཞེས་བྱ་བའི་སྒྲས་ནི་གནས་སྐབས་སོ། །འདིར་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ལའོ། །སྒྲུབ་པ་ནི་བསྒྲུབ་པའི་ཐབས་ལས་སོ། །བཤད་ཅེས་བྱ་སྟེ་ཞེས་བྱ་བ་ནི་བསྟན་པར་བྱ་བའོ། །ཇི་བཞིན་སྐུ་ནི་དགེ་འདུན་དུ། །

ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་མེ་ལྟར་འབར་བའི་རས་རིས་ལ་སོགས་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་སྐུ་གཟུགས་དགེ་ཞིང་སྡིག་པ་དང་བྲལ་བ་དེའི་མདུན་དུ་སྟེ། སྤྱན་སྔར་རྡོ་རྗེ་གསོར་བས་རྡོ་རྗེ་གསོར་ཞིང་དང་པོ་ཞེས་བྱ་བ་བསྒྲུབ་པའི་

Vol. 60 · folio 295a

ཞག་ནས་བརྩམས་ཏེ་བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ་ཞེས་བྱ་བ་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཅིར་འགྱུར་ཞེ་ན། འབུམ་ཚང་ནས་ཞེས་བྱ་བ་ལ་སོགས་པས་དེའི་འབྲས་བུ་གསུངས་པ་ཡིན་ནོ། །དེ་ལྟར་ཡི་གེ་ཧཱུཾ་གི་སྒྲུབ་པ་གསུངས་ནས། ད་ནི་དེ་ནས་དེ་

ཁོ་ན་ཉིད་ཀྱི་སྙིང་པོ་བསྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་པས་ཡི་གེ་ཧཱུཾ་གི་སྒྲུབ་པ་གསུངས་པ་ཡིན་ནོ། །འདི་ཡང་གོ་སླའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ཅན་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་གསུངས་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་

པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ནོ། །ཕྱག་རྒྱ་རྣམས་ཀྱི་དམ་པ་སྒྲུབ་པ་ནི་དམ་ཚིག་སྒྲུབ་པ་སྟེ། ཕྱག་རྒྱ་ཆེན་པོ་ཐམས་ཅད་མངོན་དུ་བྱས་པའི་ཐབས་སོ། །དེ་ཉིད་བསྟན་པ་ནི། ཇི་བཞིན་རབ་ཏུ་ཕྱག་རྒྱ་བཅིང་། །ཞེས་བྱ་བ་ཡིན་ཏེ་མཉམ་པར་གཞག་

པའི་སྦྱོར་བ་ལ་གནས་པའི་སྐབས་ནི་ཇི་བཞིན་དུས་ཏེ། དེའི་དུས་སུ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བདག་ཉིད་བསྲེག་པར་བྱའོ་ཞེས་བྱ་བ་རང་ཉིད་ཐལ་བར་བྱའོ་ཞེས་བྱ་བ་སེམས་བསྐྱེད་ལ་བཟླས་བརྗོད་ཀྱི་དོན་གྱིས་རང་གི་ལྷའི་སྙིང་པོ་ཟློས་ཤིང་སྲིད་པ་འདི་ཉིད་དུ་ཞེས་བྱ་བ་ཚེ་

འདི་ཉིད་ལ་ཁྲོ་བོ་ཆེ་ཞེས་བྱ་བ་རྡོ་རྗེ་མེ་ལྟར་འབར་བའི་སྒྲུབ་པ་པོའི་ཕྱག་རྒྱ་ཆེན་པོ་སྒོམ་པར་བྱེད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་གསུངས་ནས་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་

པས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་གསུངས་པ་ཡིན་ནོ། །དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ནི་ཞེས་བྱ་བ་ནི་རྡོ་རྗེ་མེ་ལྟར་འབར་བ་ལ་རྡོ་རྗེ་རིགས་ཐམས་ཅད་ཀྱི་དམ་ཚིག་འཛིན་པར་བྱེད་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དེའི་སྒྲུབ་པ་ནི་དེ་བཞིན་ནོ། །དེ་ཉིད་

བསྟན་པ་ནི་བདག་ནི་ཐམས་ཅད་མི་སྣང་བར་བྱ་ཞེས་བརྗོད་ཅིང་ཕྱག་ན་རྡོ་རྗེ་ཡི་ཞེས་བྱ་བ་ནི། བདག་ནི་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་རང་བཞིན་ཏེ། སྟོང་པ་ཉིད་བཅུ་དྲུག་གི་ངོ་བོ་ཉིད་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །གསད་པར་བྱའོ་ཞེས་བྱ་བ་རྡོ་རྗེ་འཆང་ལ་སོགས་པའི་རང་

Vol. 60 · folio 295b

བཞིན་ཐམས་ཅད་མི་སྣང་བར་བྱའོ་ཞེས་བྱ་བ་སྟེ། ཆོས་བདག་མེད་པར་བསྒོམས་པས་བསྒོམ་པའི་དུས་ཀྱི་དང་པོར་དེ་སྐད་བརྗོད་ལ་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་མེ་ལྟར་འབར་བའི་དམ་ཚིག་སྒྲུབ་པའི་ཕྱག་རྒྱ་བཅིངས་ལ། བཟླས་བརྗོད་བྱས་ན་རྣལ་འབྱོར་པ་རྡོ་རྗེ་འཛིན་པ་འགྲུབ་པར་

འགྱུར་བ་སྟེ། རྡོ་རྗེ་མེ་ལྟར་འབར་བར་འགྱུར། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་བསྟན་ནས། ད་ནི་དེ་ནས་ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་ནི་ཞེས་བྱ་བ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་གསུངས་པ་ཡིན་ནོ། །སྒྲུབ་པ་དེའི་རང་གི་ཚུལ་གསུངས་པ་ནི། རྣམ་པ་

བཞི་པོ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་ཆེན་པོ་དང་། དབང་བསྐུར་བ་དང་། ཆོས་དང་ལས་ཀྱི་མཆོད་པའི་མཚན་ཉིད་ཅན་གྱི་ལས་

བཞི་པོ་གང་ཡིན་པ་དེ་ནི་ཤིན་ཏུ་བྱེད་ཅེས་བྱ་བ་ནི་རབ་ཏུ་བྱེད་པའོ། །ཉིད་ཅེས་བྱ་བ་ངེས་པར་གཟུང་སྟེ། དེ་ཉིད་བསྒྲུབ་པའི་མཆོག་གི་ལས་བྱེད་པས་རྡོ་རྗེ་ལས་ཉིད་ཐོབ་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཐམས་ཅད་བདེ་བའི་ཕྱིར་ཟློས་ན། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་

ཐམས་ཅད་རྡོ་རྗེའི་རིགས་རྟོགས་པའི་བར་དུ་བསྐྱེད་པ་ནི་ཐམས་ཅད་བདེ་བའོ། །དེའི་དོན་དུ་བཟླས་ན་རྡོ་རྗེའི་ལས་ཉིད་དེ་རྡོ་རྗེ་མེ་ལྟར་འབར་བའི་ལས་ཀྱི་ཕྱག་རྒྱའོ། །དེ་ཐོབ་པ་ནི་རྙེད་པའོ། །བསྐལ་པ་ཆེན་པོ་ནི་ཆོས་དང་ལས་དང་། དམ་ཚིག་དང་ཕྱག་རྒྱ་ཆེན་པོ་སྒྲུབ་པའོ། །དེ་

ཉིད་ཆོ་ག་སྟེ། དེའི་རྒྱས་པ་ནི་དེའི་རྒྱུན་ནོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དོ། །འདིས་ནི་དོན་འདི་སྐད་སྟོན་པ་ཡིན་པར་ཤེས་པར་བྱ་སྟེ། རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་ཏེ་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་དབབ་པ་བསྐྱེད་ལ། དབབ་

པའི་ཕྱག་རྒྱ་རང་གི་སྙིང་གར་དྲལ་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་དབབ་པ་ལ། ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ལ། དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་

Vol. 60 · folio 296a

ཡི་གེ་ཧཱུཾ་དང་ཡི་གེ་ཨའི་ཡེ་ཤེས་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ་ལ། རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་ཉིད་དང་ཀ་ལ་སོགས་པ་གསལ་བྱའི་ཡི་གེ་དང་བཅས་པ་ལས་ཟླ་བའི་དཀྱིལ་འཁོར་

གཉིས་པ་ཡང་དེ་ཧཱུཾ་དང་བཅས་པ་ལས་རྡོ་རྗེ་འབར་བ་དེའི་དབུས་སུ་ཡི་གེ་ཧཱུཾ་བསམས་ལ་གཉིས་སུ་མེད་པའི་ཐུགས་རྡོ་རྗེ་ཆེན་པོའི་མཚན་ཉིད་ལྟར་རྡོ་རྗེ་དེ་བཞིན་ནོ་ཞེས་རྡོ་རྗེའི་ང་རྒྱལ་བསྒོམས་ལ། རྡོ་རྗེ་དེ་ལས་རྡོ་རྗེ་རིགས་རྣམས་སྤྲུལ་ཏེ། དེས་གདུག་པ་ཐམས་ཅད་བཏུལ་ནས།

དེ་ཡང་རྡོ་རྗེ་དེར་ཡིད་ཀྱིས་ཞུགས་པར་བྱའོ། །དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ། ཡི་གེ་ཧཱུཾ་གིས་རྡོ་རྗེ་མེ་ལྟར་འབར་བར་བསམ་མོ། །དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ། ཞེས་ཟློས་ཤིང་དམ་ཚིག་ཆེན་པོའི་སེམས་

དཔར་བདག་ཉིད་བསྒོམ་མོ། །དེ་ནས་རྡོ་རྗེ་མེ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་མ་ཧཱ་ས་མ་ཡོ྅ཧཾ། ཞེས་ཟློས་ཤིང་རྡོ་རྗེ་མེ་ལྟར་འབར་བའི་སྐུ་དང་གསུང་དང་། ཐུགས་རྡོ་རྗེའི་ངོ་བོར་བདག་ཉིད་བསམས་ལ་ཕྱག་རྒྱ་དེ་ཉིད་དང་། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་ཟློས་

ཤིང་། སྙིང་ག་དང་དཔྲལ་བ་དང་། ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུཾ་ཨཿཞེས་ཟློས་ཤིང་སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེ་འབར་བ་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེའི་དབུས་སུ་ཧཱུཾ་བསམས་ལ། བཛྲེ྅ཧཾ་

ཞེས་བསྒོམས་ནས། དེ་ཉིད་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་མེ་ལྟར་འབར་བ་བདག་ཉིད་བསམས་ལ། དེ་ནས་དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཅོམ་ལྡན་འདས་མེ་ལྟར་འབར་བར་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ལ་རང་གི་དམ་

ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཧཱུཾ་དྲྀ་ཤྱ་ཞེས་བྱ་བས་བལྟ་བར་བྱས་ལ་རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེན་པོའི་ཧཱུཾ་གིས་རང་གི་ལུས་ལ་བཅོམ་ལྡན་འདས་གཞུག་པར་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ས་མ་ཡ་སྟྭཾ་ཧི་ཞེས་ཟློས་ཤིང་འོད་ཀྱི་དཀྱིལ་འཁོར་

Vol. 60 · folio 296b

བསྐྱེད་ལ་དེ་ཞུགས་པས་བཅོམ་ལྡན་འདས་དང་བདག་ཉིད་གཅིག་ཏུ་གྱུར་ནས། རྡོ་རྗེ་མེ་ལྟར་འབར་བ་བསྒོམས་ལ། ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ཧཾ་ཧོ་ཞེས་ལན་གསུམ་བཟླ་བར་བྱའོ། །དེ་ནས་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོས་བཅོམ་ལྡན་འདས་རྒྱས་བཏབ་ལ། ཛཿ

ཧཱུཾ་བཾ་ཧོཿ། ཞེས་ཟློས་ཤིང་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་རང་གི་ལུས་ལ་སངས་རྒྱས་ཐམས་ཅད་བཅུག་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དེ་བསྒྲུབ་པར་བྱའོ། །དེ་ནས་དེ་

ལས་བཤད་པའི་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་དེ་རྣམས་ལ་རྒྱས་བཏབ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པས་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་སྐུའི་མཆོག་གི་ཕྱག་རྒྱས་སངས་རྒྱས་ལྔའི་ཅོད་པན་གྱི་དབང་དང་། རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཕྲེང་བས་དབང་བསྐུར་བ་བླངས་ལ་ཡི་གེ་གཉིས་ཀྱི་གོ་ཆས་བདག་ཉིད་གོ་བགོ་བར་བྱའོ། །དེ་ནས་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པས་བདག་

པོ་དང་། མིང་གི་དབང་བསྐུར་བ་བླངས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་ཁྲོ་བོའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་གཉིས་ཀྱིས་རྡོ་རྗེ་བཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་ཧཱུཾ་

ལན་གསུམ་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་གསོར་ཞིང་ཁྲོ་གཉེར་དང་འཛུམ་པ་དང་བཅས་པས་སྡུད་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེ་ཉིད་བདག་པོ་མཆོག །རྡོ་རྗེ་སེམས་དཔར་བདག་གྱུར་ཅིག །

དེ་སྐད་ཅེས་བརྗོད་ལ་རབ་ཏུ་བསྒྲུབ་པར་བྱའོ། །ལྕེ་ལ་རྡོ་རྗེ་དཀར་པོ་དེ་ལ་ཧཱུཾ་བསམ་མོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་འབར་བའི་གནས་སུ་ཧཱུཾ་མཛད་སྒྲུབ་པར་བྱེད་པའི་ཡི་གེ་ཧཱུཾ་བྲིས་ལ་བདག་ཉིད་རྡོ་རྗེ་མེ་ལྟར་འབར་བ་དང་། གཟུགས་བརྙན་ཙམ་དང་

Vol. 60 · folio 297a

མཚུངས་པར་བསམ་ཞིང་བཟླས་པའི་དོན་ལ་དམིགས་ཤིང་ཟླ་བ་གཅིག་གི་བར་དུ་བསྒོམ་པར་བྱའོ། །མདུན་དུ་ཡང་རས་རིས་ལ་སོགས་པ་ལ་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ལ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་

ཕྱག་བྱས་ནས་རྡོ་རྗེ་གསོར་བའི་ཕྱག་རྒྱས་ཡི་གེ་ཧཱུཾ་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཟླ་བ་ཉ་བའི་དུས་སུ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནང་པར་རྡོ་རྗེ་མེ་ལྟར་འབར་བ་དང་མཉམ་པར་འགྱུར་རོ། །ཡང་ན་ཧི་ཞེས་བྱ་བ་དེ་བཞིན་དུ་བསྒྲུབས་ལ་ཟླ་བ་གཅིག་ཙམ་

བཟླས་ལ་དེའི་རྗེས་ལ་རས་རིས་ཀྱི་མདུན་དུ་སྟོང་ཕྲག་བརྒྱ་བཟླས་ནས་མཐར་ཡང་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ཉི་མ་འཆར་བའི་དུས་སུ་རྡོ་རྗེ་མེ་ལྟར་འབར་བ་དང་འདྲ་བར་འགྱུར་རོ། །དེ་ནས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་ན་དེ་བཞིན་དུ་ཐམས་ཅད་

བྱས་ལ། ཟླ་བ་གཅིག་ཙམ་དུ་བཟླས་བརྗོད་དཔག་ཏུ་མེད་པ་བཟླས་ནས་ཐམས་ཅད་བྱའོ་ཞེས་བསྒོམ་མོ། །དེ་ནས་སྔ་མ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཞག །ཡང་ཟླ་བ་གཅིག་ཙམ་བསྒོམས་ལ་མཐར་དེ་བཞིན་དུ་མཚན་ཐོག་ཐག་བསྒོམས་ན་རྡོ་རྗེ་འཆང་བ་དང་

འདྲ་བར་འགྱུར་རོ། །འོན་ཏེ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་འདོད་ན་དེ་བཞིན་དུ་ཐམས་ཅད་བྱས་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་ཧཱུཾ་ཡིད་ཀྱིས་བྲིའོ། །དེ་ནས་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་དངོས་པོ་མེད་པའི་ངོ་བོ་ཉིད་བར་བསྒོམས་ལ་དམ་ཚིག་གི་

ཕྱག་རྒྱ་བཅིངས་ནས་ཟླ་བ་གཅིག་ཙམ་དུ་ཧཱུཾ་བཟླས་ལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་དུ་མདུན་དུ་བཞག་ལ་ཟླ་བ་གཞན་ལ་བདག་གིས་ཐམས་ཅད་གསད་པར་བྱའོ་ཞེས་བརྗོད་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཟླས་བརྗོད་བྱའོ། །མཐར་དེ་བཞིན་དུ་མཚན་ཐོག་

ཐག་བཟླས་བརྗོད་བྱས་ན་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །འོན་ཏེ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་ན་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་མཆོད་

Vol. 60 · folio 297b

པ་རྣམ་པ་བཅུ་དྲུག་གིས་མཆོད་པ་དང་། ཕྱག་བྱས་ལ་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་རང་གི་སྙིང་གར་གནས་པའི་སྣ་ཚོགས་རྡོ་རྗེ་ལ་ཧཱུཾ་བསམས་ནས་དེ་ཉིད་བཟླས་ཤིང་ཟླ་བ་གཅིག་ཙམ་གྱི་བར་དུ་བསྒོམ་པར་བྱའོ། །ཡང་བཅོམ་ལྡན་འདས་མདུན་དུ་

བཞག་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཡང་ཟླ་བ་གཅིག་ཙམ་གྱི་བར་དུ་བཟླས་བརྗོད་བྱས་ཏེ། མཚན་ཐོག་ཐག་བཟླས་ཤིང་བསྒོམས་ནས་དེའི་རྗེས་ལ་ཉི་མ་འཆར་ཀར་རྡོ་རྗེ་ཧཱུཾ་མཛད་དང་འདྲ་བ་ལས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ལྟར་ན་དེ་ནས་

རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནས་བརྩམས་ཏེ་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །ཡང་འདིའི་དོན་བརྗོད་པར་བྱས་ཏེ། བདག་དང་གནས་

བསྲུང་བ་བྱས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་མདུན་དུ་བསྐྱེད་ནས་མངོན་སུམ་དང་འདྲ་བར་བལྟས་ལ། གལ་ཏེ་འབྱོར་པ་ཡོད་ན་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱ་བ་དང་། ཕྱག་བཞི་ལ་

སོགས་པ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྡོམ་པ་གཟུང་བར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་ལ་སོགས་པ་ནས་དམ་ཚིག་གི་ཁུ་ཚུར་བཅིང་བའི་བར་གྱིས་ཕྱག་རྒྱ་བཅིང་བ་ཐམས་ཅད་བྱས་ལ་དེ་ནས་ཡི་གེ་ཧཱུཾ་ཟློས་ཤིང་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པ་ནས་ལྷ་མོ་

རྡོ་རྗེ་དྲིལ་བུ་མའི་བར་གྱི་དམ་ཚིག་གི་ཕྱག་རྒྱས་བཅིངས་ལ་དེའི་སྙིང་པོ་ལན་གསུམ་བཟླས་ནས། ཨོཾ་བཛྲ་མུཿ། ཞེས་བྱ་བས་དམ་ཚིག་གི་ཕྱག་རྒྱ་རྣམས་རང་གི་སྙིང་གར་གཞུག་གོ། །རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པའི་གཟུགས་ཀྱང་རང་གི་སྙིང་གར་གནས་པའི་རྡོ་རྗེ་

འབར་བར་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་ཐམས་ཅད་དྲལ་བར་བྱའོ། །དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་འབར་བ་ལ་ཧཱུཾ་ཡིད་ཀྱིས་བྲིས་ལ་དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་

Vol. 60 · folio 298a

དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་ནམ་མཁའ་རབ་འབྱམ་གྱི་ཚད་ཙམ་གྱི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་དུ་ནམ་མཁའ་དང་མཉམ་པའི་སྦྱོར་བས་ཞུགས་ལ་

རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་མེ་ལྟར་འབར་བའི་བདག་ཉིད་བསམས་ལ་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ། དཀྱིལ་འཁོར་དེར་ཡིད་ཀྱིས་འཇུག་པའི་གླུ་ལེན་ཅིང་

འཇུག་པར་བྱའོ། །དེ་ནས་མེ་ཏོག་དོར་བའི་གླུ་ལེན་ཅིང་རང་གི་མགོར་མེ་ཏོག་གི་ཕྲེང་བ་དོར་ལ་དེ་ནས་ཇི་ལྟ་བ་བཞིན་བཅིང་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་བརྟུལ་ཞུགས་བཟུང་བའི་བར་གྱིས་ཆོ་ག་རྣམས་རྗེས་སུ་སྤྱད་ལ། དཀྱིལ་འཁོར་དེར་རང་གི་སྙིང་གའམ་ཟླ་བར་ཡིད་ཀྱིས་

གཞུག་པར་བྱའོ། །དེ་ནས་རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེན་པོ་དང་། ཧཱུཾ་གིས་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བ་སྔ་མ་བཞིན་དུ་རང་གི་ལུས་ལ་བཅུག་ལ་དེ་ནས་སྔ་མ་བཞིན་དུ་འོད་ཀྱི་དཀྱིལ་འཁོར་བསྐྱེད་དེ་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོར་རྒྱས་

བཏབ་ལ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་ཆེན་པོ་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པས་སྔ་མ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ། རྡོ་རྗེ་ཧཱུཾ་མཛད་དུ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱའོ། །དེ་

ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱ་འམ། རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ལ་ཡི་གེ་གཉིས་ཀྱི་གོ་ཆས་གོ་བགོ་བར་བྱའོ། །དེ་ནས་རྡོ་རྗེ་དང་བདག་པོ་དང་། མིང་གི་དབང་བསྐུར་བ་བླངས་

ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བཟུང་ནས། ཁྲོ་བོའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ་བཅོམ་ལྡན་འདས་ལ་ཁྲོ་གཉེར་འཛུམ་པ་དང་བཅས་པས་བཏུད་པར་བྱས་ལ་ཕྱག་བཞི་བྱས་ལ། དེའི་རྗེས་ལ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་

Vol. 60 · folio 298b

ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་ཧཱུཾ་ལན་གསུམ་བཟླས་པར་བྱའོ། །དེའི་རྗེས་ལ་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བདག་ཉིད་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་ཟློས་ཤིང་གཟུགས་

བརྙན་དང་འདྲ་ཞིང་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་སརྦ་ས་མོ྅ཧཾ་ཞེས་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་ཀྱིས་ཐབས་དང་ཤེས་རབ་ཀྱི་འབྲས་བུ་ལྷ་ཐམས་ཅད་ཀྱི་རང་བཞིན་ཡིན་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་སྙིང་

གར་གནས་པའི་རྡོ་རྗེ་འབར་བ་ལ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ལ་སརྦྦོཏྟ་མ་མ་ཧཱ་སི་དྷ་མ་ཧེ་ཤྭརྱ་དྷི་པ་རཾ། ས་མ་ཡོ྅ཧཾ་བཛྲ་སཏྭ་སྟྭཾ་ཞེས་བརྗོད་ལ། ཉིན་རེའི་སྦྱོར་བས་བཟླས་བརྗོད་བྱའོ། །དཀྱིལ་འཁོར་གཞན་རྣམས་ཀྱི་སྔགས་ནི་བཟླས་བརྗོད་འབུམ་བྱའོ། །དེ་ལྟར་སྔོན་དུ་བསྙེན་པ་

བྱ་བར་འགྱུར་རོ། །ཡང་ན་རང་གི་སྙིང་གར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་བསྐྱེད་ལ་རང་རང་གི་སྙིང་པོས་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་རང་གི་སྙིང་གའི་དཀྱིལ་འཁོར་དུ་རང་རང་གི་གནས་སུ་ཡིད་ཀྱིས་བཀོད་ལ།

ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཤུདྡྷོ྅ཧཾ། ཨོཾ་སརྦ་ས་མོ྅ཧཾ། ཞེས་ཟློས་ཤིང་སྔ་མ་བཞིན་དུ་དོན་གསུམ་པ་བསྒོམ་པར་བྱའོ། །དེ་ནས་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཨཱཏྨ་མ་ཧཱ་མཎྜ་ལ་སྭ་བྷཱ་བོ྅ཧཾ་སྭ་མཾ་ཞེས་བྱ་བས་རང་གི་སྙིང་གར་གནས་པའི་རྡོ་རྗེ་མེ་ལྟར་འབར་བའི་ང་རྒྱལ་གྱིས་

བདག་ཉིད་བསམས་ལ། ལྷ་ཐམས་ཅད་ཀྱི་ཐུགས་ན་གནས་པའི་རྡོ་རྗེ་འབར་བའི་དབུས་སུ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ལ། དེ་ཉིད་རྡོ་རྗེའི་ཚིག་གམ་ཁྲོ་བོའི་ཚིག་གིས་ཟློས་ཤིང་ཇི་སྲིད་དཀྱིལ་འཁོར་དེ་ཉིད་ཉིན་རེ་བསྒོམ་པའི་དུས་སུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་

དུ་བཟླས་བརྗོད་དང་བསྒོམ་པ་བྱའོ། །དེ་ལྟར་སྔོན་དུ་བསྙེན་པ་ལེགས་པར་བྱས་པར་འགྱུར་རོ། །དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས་ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཉིན་རེ་འམ་ཟླ་རེ་འམ།

Vol. 60 · folio 299a

ལོ་རེ་ཞིང་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཡང་གཙུག་ལག་ཁང་ངམ། ཀུན་དགའ་ར་བའམ། གྲོང་རྡལ་ལམ། གྲོང་ཁྱེར་རམ། ཡུལ་ལྗོངས་ཀྱི་བྱང་དང་། ཤར་གྱི་མཚམས་ཀྱི་སའི་ཆར་བསམ་པར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བྲིས་

ན། རྒྱལ་པོ་རྣམ་པར་རྒྱལ་བ་དང་། ཡུལ་གྱི་སྐྱེ་བོ་རྣམས་དང་འཚེ་བ་མང་བར་འགྱུར་རོ། །གྲོང་ཁྱེར་གང་གི་ལྷོ་ཕྱོགས་སུ་བྲིས་པར་གྱུར་ན་དེ་སྟོངས་པར་འགྱུར་རོ། །གང་ལ་དམིགས་ནས་བྲིས་པ་དེ་འཆི་བར་འགྱུར་རོ། །ནུབ་ཕྱོགས་སུ་བྲིས་ན། དཀྱིལ་འཁོར་གྱི་སློབ་

དཔོན་འཆི་བར་འགྱུར་རོ། །བྱང་ཕྱོགས་སུ་བྲིས་ན། དེར་གང་ཞིག་ཞུགས་པ་དེ་འཆི་བར་འགྱུར་རོ། །མེའི་མཚམས་ཀྱི་སར་བྲིས་ན། ཆར་མི་འབབ་པ་དང་། མེའི་འཇིགས་པ་འབྱུང་བར་འགྱུར་རོ། །བདེན་བྲལ་དུ་ནི་བྲིས་ན། མུ་གེ་འབྱུང་བར་འགྱུར་རོ། །རླུང་

གི་ཆར་བྲིས་ན་ཆུ་ཆེན་པོ་འབབ་པར་འགྱུར་རོ། །དེ་བས་ན་གྲོང་ཁྱེར་གྱི་དབང་ལྡན་གྱི་ཕྱོགས་ཆར་བརྟེན་ནས་ས་ཡོངས་སུ་བརྟག་པར་བྱའོ། །མཆོད་རྟེན་དང་ཉེ་བ་མ་ཡིན་རླུང་གི་གནས་སུ་ཡང་མ་ཡིན། མཆོད་རྟེན་གྱི་གནས་སུ་ནི་འཆི་བར་འགྱུར་རོ། །ཤིང་གི་

གནས་སུ་ནི་འཆི་བའོ། །ཀླུའི་གནས་སུ་འཆི་བ་དང་། ཆུའི་དམུ་རྫིང་འབྱུང་བར་འགྱུར་རོ། །ཇི་སྐད་བཤད་པའི་གནས་སུ་ནི། རྡོ་བ་དང་། རུས་པ་དང་། གྱོ་མོ་དང་། ཕུབ་མ་དང་། སོལ་བ་ལ་སོགས་པ་བསལ་ལ་དཀྱིལ་འཁོར་བྲི་བར་བྱའོ། །གང་གི་ཕྱིར་རྡོ་

བ་དང་བཅས་པར་ནི་རླུང་འབྱུང་བར་འགྱུར་རོ། །རུས་པ་དང་བཅས་པར་ནི་གཟེར་གྱིས་འདེབས་སོ། །གསེག་མ་དང་བཅས་པའི་གནས་སུ་ལྐུགས་པ་ཉིད་དུ་འགྱུར་རོ། །ཕུབ་མ་དང་། སོལ་བ་དང་བཅས་པའི་གནས་སུ་རིམས་འབྱུང་བར་འགྱུར་རོ། །ཇི་སྐད་

དུ་བཤད་པའི་ཕྱོགས་ཀྱི་ཆ་དེའི་ས་དེ་ཡང་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཏེ་རིགས་བཞིར་ཤེས་པར་བྱའོ། །དེ་ལ་དཀར་པོ་གང་ཡིན་པ་དེ་ནི་བྲམ་ཟེའི་རིགས་ཏེ། ས་ཕྱོགས་དེར་གང་རིག་པ་སྒྲུབ་པར་བྱེད་ན་བསང་ཕྱེ་དང་། ཕྲེང་བ་དང་།

Vol. 60 · folio 299b

དབྱིག་པ་དང་། དབྱི་གུ་དང་། སྤྱི་བླུགས་ལ་སོགས་པའི་རྫས་དང་། དེས་དེར་དཀྱིལ་འཁོར་བྲི་བར་བྱའོ། །དམར་པོ་གང་ཡིན་པ་དེ་ནི་རྒྱལ་རིགས་ཏེ། གང་དེ་སྒྲུབ་པར་བྱེད་པས་ན་རྡོ་རྗེ་དང་། འཁོར་ལོ་དང་། རལ་གྲི་དང་། མདུང་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་།

འཕང་མདུང་དང་། ལྕགས་མདའ་ལ་སོགས་པ་སྒྲུབ་པར་བྱེད་དེ་དེར་དེས་དཀྱིལ་འཁོར་བྲི་བར་བྱའོ། །སེར་པོ་གང་ཡིན་པ་དེ་ནི་རྗེའུ་རིགས་ཏེ་གང་ཞིག་དེར་བསྒྲུབས་པས་ནི་དགྲ་སྟ་དང་། ཞགས་པ་དང་། ཏོག་སྤྱད་ལ་སོགས་པ་བསྒྲུབ་པ་སྟེ་དེས་དཀྱིལ་འཁོར་བྲི་བར་

བྱའོ། །ནག་པོ་གང་ཡིན་པ་དེ་ནི་དམངས་རིགས་ཏེ། ས་ཕྱོགས་གང་ཡིན་པ་དེར་ནི་ཅིག་ཤོས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ། །ཚོན་སྣ་ལྔའི་སྲད་བུས་ཐིག་བཏབ་ལ་རི་མོ་ཤིན་ཏུ་མི་སྦོམ་པ་ཤིན་ཏུ་མི་ཕྲ་བ་ཤིན་ཏུ་མི་འབྱེར་བ། རྒྱུན་མི་ཆད་པར་བྱའོ། །དེ་ལ་རི་མོ་ཕྲ་བས་ནི་

ཟ་བྱེད་ཀྱི་ལས་བསྐྱེད་དོ། །སྦོམ་པོས་ནི་ཀླུའི་གནས་བསྐྱེད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ། །དེ་ལ་དང་པོར་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས་མངོན་པར་གང་འདོད་པའི་སའི་དབུས་སུ་མི་རུས་ཀྱི་ཕྱེ་མ་ལ་སོགས་པས་དཀྱིལ་འཁོར་གྱི་

བགེགས་བཟློག་ལ་བདག་དང་སློབ་མ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་གདུག་པ་རྣམས་བསྐྲད་ལ་གནས་བསྲུང་བ་རྣམས་བྱས་ནས་ཡང་ཉུངས་ཀར་དང་ཆུ་དང་། ཐལ་བ་ལ་དཀྱིལ་འཁོར་དེ་ཉིད་ལན་བདུན་བཟླས་པས་གཏོར་ལ། ས་ཕྱོགས་

དེར་ཁྲུ་གང་ཙམ་མམ་འདོམ་གང་ཙམ་དུ་བརྐོས་ཏེ་ཟློས་ལ་སྐྲ་དང་ཕུབ་མ་དང་རུས་པ་དང་། གསེག་མ་དང་། ཐལ་བ་དང་། སོལ་བ་ལ་སོགས་པ་བསལ་ལ་སྦྱངས་ནས་སྤོས་ཆུའི་དྲི་ཞིམ་པོས་སྦགས་པའི་སས་བཀང་སྟེ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་དྲིའི་ཆུས་

ཡང་དང་ཡང་ཆག་ཆག་བཏབ་ལ་ཀུན་དུ་བརྡུང་བར་བྱའོ། །དེ་ནས་ཤིན་ཏུ་མཉམ་པར་བྱས་པ་སྒོ་བཞི་དང་ལྡན་པའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པ་དང་། རྟ་བབས་བཞིས་མཛེས་པར་བྱས་པ་ཕྱོགས་བཞིར་སྐར་ཁུང་བཞིས་ཡོངས་སུ་བསྐོར་བ་དེར་སློབ་མ་ཤིན་ཏུ་བྱང་བས་

Vol. 60 · folio 300a

བའི་རྣམ་ལྔ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པས་ཤར་ཕྱོགས་ནས་བརྩམས་ཏེ། སྐྱང་ནུལ་བྱེད་དུ་བཅུག་ཅིང་དེ་ཉིད་ཡོངས་སུ་བཟླས་པའི་དྲི་ཆུས་བསང་གཏོར་བྱས་ལ་དེ་ཉིད་བཟླས་པའི་རིན་པོ་ཆེ་དང་། སྨན་དང་འབྲུ་ཐམས་ཅད་སའི་དབུས་དང་

ཕྱོགས་བཞིར་དགུག་པར་བྱའོ། །ས་གཞི་ཡོངས་སུ་སྦྱང་བའི་ཆོ་གའོ། །རྩིག་པ་ལ་སོགས་པ་ཤིན་ཏུ་བྱི་དོར་བྱས་པའི་ཆར་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་ལ་ཡུངས་ཀར་དང་ཆུ་དང་ཐལ་བ་ལ་དེ་ཉིད་ཡོངས་སུ་བཟླས་པས་ས་ལ་གཏོར་ནས་ཡང་སློབ་མ་ཤིན་ཏུ་བྱང་

བས་རྡོ་རྗེ་གནོད་སྦྱིན་བཟླས་པའི་བའི་རྣམ་ལྔས་ཤར་ཕྱོགས་ནས་བརྩམས་ཏེ་བྱུག་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲིའི་ཆུས་གཏོར་བར་བྱས་ལ་དེ་ཉིད་བཟླས་པའི་རིན་པོ་ཆེ་དང་སྨན་དང་འབྲུ་རྣམས་སྔ་མ་བཞིན་དུ་བཅུག་པར་བྱའོ། །དེ་ནས་ཡང་

སློབ་མ་ཤིན་ཏུ་བྱང་བས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སྤོས་ཆུས་ཤར་ཕྱོགས་ནས་བརྩམས་ཏེ་བྱུག་ཏུ་གཞུག་གོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིག་པའི་ལྷ་མོ་རྣམས་ཀྱི་སྐུ་གཟུགས་ལུགས་མའམ། འབུར་དུ་བརྐོས་པའམ། བྱས་པ་

དང་། བྲིས་པ་རྣམས་ཀྱིས་བརྒྱན་པར་བྱ་བ་དང་། མཐའ་མར་ཚོན་གྱི་ཕྲེང་བས་ཉེ་བར་མཛེས་པར་བྱས་ལ་དྲིལ་བུ་བཏགས་པའི་ཏོག་བཟང་པོ་དང་། བླ་རེ་དང་། འཕན་གདུགས་མཆོག་གིས་རྣམ་པར་བརྒྱན་པ་དྲ་བ་དང་། དྲ་བ་ཕྱེད་པ་དང་། རྡོ་རྗེ་རིན་པོ་ཆེ་དང་། དར་

དང་། རྔ་ཡབ་དང་། མེ་ཏོག་གི་ཆུན་འཕྱང་དང་། གོས་སྣ་ཚོགས་དང་། ཕྲེང་བ་དང་། མར་མེ་ལ་སོགས་པས་ཤིན་ཏུ་མཛེས་པར་བྱས་ལ་མཚམས་བཞིར་གནས་པའི་སྤོས་སྣོད་ལས་བདུག་པ་གཏུལ་བ་དང་། ཕྱི་རོལ་དུ་གླུ་དང་། གར་ལ་སོགས་པ་བྱེད་དུ་བཅུག་པས་

ཀྱང་ཡང་དག་པར་མཆོད་ལ། ས་ལ་ལག་པ་གཞག་སྟེ་ཡི་གེ་ཧཱུཾ་དང་། ཡི་གེ་བརྒྱ་པ་ལན་བདུན་བཟླས་པར་བྱའོ། །ས་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ་རྡོ་རྗེ་མེ་ལྟར་འབར་བའི་ཁྲོ་བོར་སྙོམས་པར་ཞུགས་པས་བླངས་

Vol. 60 · folio 300b

ལ་བགེགས་གཞོམ་པ་ལ་སོགས་པ་བྱས་ནས་མཆོད་པ་རྣམ་པ་ལྔ་དང་། མཆོད་ཡོན་དང་ལས་ཐམས་ཅད་པའི་སྤོས་ཆུ་ལ། སྔགས་ཡོངས་སུ་བཟླས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོར་མངོན་པར་སྤྲུལ་ལ་ཕྱག་བྱ་བ་ལ་སོགས་

པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ནས་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བས་རྣལ་འབྱོར་པས་དེ་བཞིན་བསྒྲུབས་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་

ནས་སྙིང་པོ་བཟླ། །དེའི་རྗེས་ལ། གཡོན་པའི་མིག་ཏུ་ཊ་ལས་ཟླ་བ་བྱ། །གཡས་པར་མ་བཀོད་ཉི་མའི་དཀྱིལ་འཁོར་བསྐྱེད། །ཧཱུཾ་གིས་མིག་འབྲས་བསྐལ་པའི་མེ་ལྟ་བུར། །གནས་པ་འདིས་ནི་རྡོ་རྗེའི་ལྟ་བ་བྱ། །ཞེས་བྱ་བ་དང་ཧཱུཾ་ཟློས་པ་ལ་བརྩོན་ཞིང་ཡིད་ཀྱིས་ཕྱག་རྒྱ་ཆེན་པོ་

བཅིངས་ལ་བར་སྣང་གི་ཕྱོགས་སུ་གནས་ཏེ། རླུང་གི་དཀྱིལ་འཁོར་ལས་བྱུང་བའི། །འོད་ཟེར་རྣོན་པོ་རྣམ་པར་འཕྲོ། །དབུས་སུ་ས་བོན་རྣམ་བཀོད་པའོ། །རྡོ་རྗེ་བརྟུལ་ཞུགས་ཅན་གྱིས་བསམ། །རི་བོ་དང་བཅས་ས་གཞི་རྣམས་དང་ནི། །ཆུ་ཚོགས་རྡོ་རྗེ་མེ་ཡི་ཐལ་

བར་བྱས། །ནམ་མཁའི་ཕྱོགས་སུ་ཁཾ་ནི་རྣམ་བསམས་ན། །རྣམ་པར་སྣང་མཛད་ཆུ་ནི་རྣམ་པར་འབེབས། །ཀུན་ནས་དབའ་རླབས་འཁྲུག་པར་འགྱུར་བའོ། །རྒྱ་མཚོ་དཔག་ཏུ་མེད་པར་དེ་རྗེས་འགྱུར། །དེ་ཚེ་རྒྱ་མཚོར་མེ་ཡིས་བསྐོར་བ་ལ། །པདྨར་ཡོངས་

སུ་གྱུར་པར་བརྟག་པར་བྱ། །ཤེས་རབ་ཅེས་བཤད་འཛམ་བུའི་གསེར་མཆོག་ཅན། །རུས་སྦལ་པདྨའི་རྩ་བར་བསམ་པར་བྱ། །འདིར་ནི་ལྟེ་བ་དག་ཏུ་པྲ་ཉིད་ནི། །ཛམྦུའི་གསེར་དུ་སྣང་བ་རྣམ་པར་བསམ། །དེ་ནས་རྣམ་པར་སྣང་མཛད་ཁཾ་གི་ནི། །ངོ་བོ་ཉིད་དུ་བྱོན་

ནས་ལྟེ་བར་བཞུགས། །གཅིག་ཏུ་གྱུར་པ་དེ་ལས་རི་རབ་ནི། །རིན་ཆེན་བཞི་ཡི་ཆར་ལྡན་ཡང་དག་བྱུང་། །ཞེས་བྱ་བ་དང་། ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་ས་བོན་གྱི་ཡི་གེ་ལས་རི་རབ་བསྐྱེད་པར་བྱ་བའོ་ཞེས་བསམ་མོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བརྐྱང་བས་ས་ལ་རེག་པར་

Vol. 60 · folio 301a

བྱས་ལ་རི་རབ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པོ། །དེ་ནས་རི་རབ་ཀྱི་སྟེང་དུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བར་བསྐྱེད་ལ་དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །

དེང་དུ་བདག་ཚེ་འབྲས་བུ་ཡོད། །ཅེས་བྱ་བ་ལ་སོགས་པ་བརྗོད་ལ། ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ཏེ། དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བྱ་བའི་བར་དུ་བརྗོད་དོ། །དེ་ནས་ཡང་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་

གྱི་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཧཱུཾ་ཟློས་པ་ལ་བརྩོན་ཞིང་དཀྱིལ་འཁོར་བྲི་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ལ་གསོལ་བར་བསམ་མོ། །སེམས་ཅན་ཀུན་ལ་རྗེས་

སྟོན་པས། །བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །ཨུཏྟིཥྛ་ས་མ་ཡ་ཀྲོ་དྷ་ནི་སུམྦྷ་ཛྭ་ལ་བཛྲ། དེ་ནས་རང་གིས་དམ་ཚིག་གི་ཕྱག་རྒྱ་དང་། ཧཱུཾ་ཧཱུཾ་བཛྲ་ཏིཥྛ་མ་ཧཱ་མཎྜ་ལ་ཨུཏྤཱ་ད་ཡ་ཞེས་ཟློས་ཤིང་། དཀྱིལ་འཁོར་ཆེན་པོ་བཏེག་ལ་ཡིད་ཀྱིས་བར་སྣང་གིས་ཕྱོགས་སུ་

བཏེག་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་སྙིང་ག་དང་དཔྲལ་བ་དང་ལྐོག་མ་དང་སྤྱི་བོར་བདག་ཉིད་བྱིན་གྱིས་བརླབས་ལ། ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཀྲོ་དྷ་དྲྀཥྚི་ཧི་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཀུན་དུ་རྣམ་པར་

བལྟས་ནས་ནི། །ཧཱུཾ་ཞེས་ཀུན་དུ་ཟློས་བྱེད་ཅིང་། །བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར། །ཡི་གེ་ཨ་ལས་རྐང་པ་གཉིས་ཀྱི་མཐིལ་དུ་སྣ་ཚོགས་རྡོ་རྗེ་བསམས་ལ། རྐང་མཐིལ་ནས་བཟུང་སྟེ། རི་རབ་ཀྱི་སྟེང་ནས་བརྩམས་ཏེ། ས་གཞི་བརྟན་

པ་ལ་ཐུག་གི་བར་དུ་དཀྱིལ་འཁོར་གྱི་སའི་ཆ་རྡོ་རྗེའི་རང་བཞིན་དུ་བསམ་ཞིང་ཁྲོ་བོའི་ལྟ་བས་ཀྱང་མཚམས་དང་ཕྱོགས་དང་། ནམ་མཁའ་དང་འོག་དང་དཀྱིལ་འཁོར་བཅིང་བ་དང་། དྲ་བ་དང་ར་བ་དག་བྱའོ། །ཡང་ཧཱུཾ་ཟློས་ཤིང་དེ་བཞིན་གཤེགས་པ་ཐམས་

Vol. 60 · folio 301b

ཅད་ཀྱི་ཐུགས་ཀ་ནས་ཕྱུང་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཁྲོ་བོས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྡོ་རྗེ་འབར་བ་འཁྲུག་ཅིང་། མི་བཟད་པའི་ཧཱུཾ་གི་སྒྲ་འཇིགས་པས་ཀུན་དུ་ཁེངས་ཤིང་སྡོང་བུ་ཅན་གྱི་པདྨའི་འདབ་མ་བཞིན་དུ་ཀུན་ནས་གཡོ་བར་བྱེད་

པའོ། །རྡོ་རྗེ་འབེབས་པའི་སྦྱོར་བས་ནམ་མཁའི་ཕྱོགས་ཐམས་ཅད་ནས་བབས་ལ། གར་ལས་བྱུང་བའི་མེ་ཏོག་གི་ཐལ་མོས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་དེ། དཀྱིལ་འཁོར་གྱི་ལྟེ་བར་གཡོན་བརྐྱང་བའི་གནས་པས་འདུག་ལ།

བསྐལ་པའི་མེའི་ཕུང་པོ་ལྟ་བུའི་ཁྲོ་བོའི་ཚོགས་བྱོན་པས་བདུད་ཐམས་ཅད་སྐྲག་པར་བྱའོ། །དེ་ནས་དགའ་བ་ཡོངས་སུ་གྱུར་པའི་ལུས་ཀྱིས་ཤར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ནས་གཡོན་བརྐྱང་བའི་གནས་པས་དེ་ཉིད་དུ་འདུག་སྟེ། དེ་བཞིན་དུ་

བགེགས་ཐམས་ཅད་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་གནོད་སྦྱིན་གྱི་འགྲོས་ཀྱིས་ལྷོ་ཕྱོགས་སུ་སོང་ལ་གཡས་བརྐྱང་བའི་གནས་པས་འདུག་སྟེ་དེ་བཞིན་དུ་བགེགས་རྣམས་རྗེས་སུ་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་ལངས་ལ་གཡས་

བརྐྱང་བ་དང་གཡོན་བརྐྱང་བ་གཉིས་ཀྱིས་ནུབ་ཕྱོགས་སུ་སོང་ལ་ཟླུམ་པོའི་འདུག་སྟངས་བཅིངས་ཏེ་དེ་བཞིན་དུ་བགེགས་རྣམས་ཤིན་ཏུ་བསྐྲད་པར་བྱའོ། །དེ་ནས་གནས་དེ་ནས་ནམ་མཁའི་ཁམས་ཀྱི་གཏོས་མ་ལུས་པ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་

སུ་བསྐྱོད་ཅིང་རྡོ་རྗེའི་འགྲོས་ཀྱིས་བྱང་ཕྱོགས་སུ་འགྲོ་བར་བྱའོ། །དེ་ནས་གཡས་བརྐྱང་བ་དང་གཡོན་བརྐྱང་བ་དང་ས་གའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། མཐུན་པའི་རྐང་སྟབས་ཏེ་ལྔས་དེ་བཞིན་དུ་བགེགས་བསྐྲད་པར་བྱས་ནས་རྡོ་རྗེ་

འགྲོས་ཀྱིས་གནས་ཏེ། དེ་ནས་ཤར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལྟར་སྟང་སྟབས་བཞིས་བགེགས་ཐམས་ཅད་བཅོམ་པར་གྱུར་པ་ཡིན་ནོ། །དཀྱིལ་འཁོར་གྱི་དུས་སུ་ཇི་ལྟ་བྱ་བ་དེ་བཞིན་དུ་འཁྲུལ་འཁོར་ལ་སོགས་པ་གཞིག་པ་ལ་ཡང་སྦྱར་

Vol. 60 · folio 302a

བར་བྱའོ། །དེ་ལྟར་འཁྲུལ་འཁོར་ལ་སོགས་པས་བཅོམ་པར་གྱུར་པ་ཡིན་ནོ། །སྟང་སྟབས་ཀྱི་དུས་འདིར་ཡི་གེ་ཧཱུཾ་ཁྲོ་བོའི་ཚིག་གིས་རྒྱུན་མི་ཆད་པར་བཟླ་བར་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་བཞི་ཕྱེ་ལ་གསང་བའི་དཀྱིལ་འཁོར་ཞལ་

བཞི་པ་ཕྱག་བཞི་པ། རྡོ་རྗེ་རྒྱུའི་ངོ་བོ་ཉིད་སྔགས་དང་ཕྱག་རྒྱ་དང་བཅས་པ་འདིས་དགུག་པར་བྱའོ། །ཨོཾ་བཛྲ་མཎྜ་ལ་ཧཱུཾ་ཛཿ རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་དང་མཐེ་བོང་གཉིས་སྦྱར་བ་འདི་ནི་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཕྱག་རྒྱ་སྟེ་དཀྱིལ་འཁོར་དགུག་པའོ། །

དེའི་རྗེས་ལ་ཨོཾ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷྱ་ཧཱུཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པ་ཡང་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མགལ་མེའི་འཁོར་ལོ་བསྐོར་བ་ལྟར་ཡོངས་སུ་བསྐོར་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་སེང་ལྡེང་གི་རྡོ་རྗེ་ཕུར་པ་

ཧཱུཾ་ལས་མཐའ་ཡས་དང་རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་བ་ཞེས་བྱ་བ་སྟོད་ཁྲོ་བོ་ལ་སྨད་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བསམ་པར་བྱའོ། །དེ་ནས་ཙནྡན་དམར་པོས་བྱུགས་ཤིང་སྲད་བུ་དམར་པོས་དཀྲིས་ལ། མེ་ཏོག་གི་ཕྲེང་བ་དམར་པོ་

བཏགས་ཏེ། ཧཾ་ཀྲོ་དྷ་ཡ་ས་ཧཾ་ཏྲི་ཤ་ཏ་ཏྲི་ཏ་ཏི་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ལ་གཡོན་པའི་ཁྲོ་བོ་ཁུ་ཚུར་གྱིས་བཟུང་ནས། ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞིར་རྡོ་རྗེ་ཐོ་བས་བརྡུང་བར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་ལ་བསྲུང་བ་བྱས་

ནས་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ། རྡོ་རྗེ་བསྲུང་བས་བསྲུང་བའི་ལྷ་ཐམས་ཅད་ཡང་དག་པར་བསྲུངས་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པས་བསང་གཏོར་བྱ་བའི་ཕྱིར་སྒོར་བཞག་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཟློས་ཤིང་སློབ་དཔོན་རང་ཉིད་དམ་

གྲོགས་དང་བཅས་པས་ཤར་ཕྱོགས་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ས་བྱུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ལྷ་ཐམས་ཅད་ཀྱི་གནས་སུ་དྲི་ཞིམ་པོས་དཀྱིལ་འཁོར་བྱས་ལ་དཔལ་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པའི་སྙིང་པོ་ལག་པ་བདུགས་པ་ལ་ལན་

Vol. 60 · folio 302b

བདུན་བདུན་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་དེ་རྣམས་སུ་རང་རང་གི་སྙིང་པོ་ཉིད་ཀྱིས་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པ་བཀོད་པར་བྱའོ། །དེ་ནས་དེ་རྣམས་ལ་མཆོད་པ་རྣམ་པ་ལྔས་མཆོད་དེ། དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ནས་ཇི་སྐད་དུ་བཤད་པའི་མཚན་ཉིད་

ཅན་གྱི་རྣམ་པར་རྒྱལ་བའི་བུམ་པ་རིན་པོ་ཆེ་དང་། སྨན་དང་འབྲུ་ཐམས་ཅད་དང་ལྡན་པ་རས་སྔོན་པོ་ཟུང་གཅིག་གིས་མགུལ་པ་བཅིངས་ལ། མེ་ཏོག་གི་ཕྲེང་བ་བཏགས་ལ། ཕྱི་རོལ་ཀུན་དུ་དྲིས་བྱུགས་པ། མེ་ཏོག་གི་སིལ་མ་གཏོར་བ། དྲི་ཞིམ་པོ་དང་ལྡན་པའི་ལྕུག་

མ་བཏགས་ལ་ལོ་མ་བཟང་པོས་ཁ་བརྒྱན་པ་རྡོ་རྗེ་མེ་ལྟར་འབར་བས་ཀྱང་སྤོས་ཆུ་ཅུང་ཟད་བཅུག་ལ། ཆོ་ག་འདིས་ལྷག་པར་གནས་པར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོས་མཆོད་ཡོན་ལ་ལན་བརྒྱ་བཟླས་ལ་བུམ་པ་དེར་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོ་ཧཱུཾ་ལས་བསྐྱེད་དེ། རང་

གི་ཕྱག་རྒྱས་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། མཆོད་ཡོན་ཕུལ་ལ་མཆོད་པ་རྣམ་པ་ལྔ་དང་། ཁྲོ་བོ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པས་ཡང་དག་པར་མཆོད་ནས་རྡོ་རྗེ་གནོད་སྦྱིན་གྱི་བུམ་པ་དམ་ཚིག་གི་ཕྱག་རྒྱས་བཟུང་བའི་ཁྲོ་བོ་རྡོ་རྗེ་དང་། མེ་ཏོག་གི་ལྕུག་མ་

ལ་སོགས་པ་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་མེ་ཏོག་རྣམས་བུམ་པ་དེར་བཅུག་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཉིད་ཀྱིས་བདུག་སྤོས་དབུལ་བར་བྱའོ། །དེ་ལྟར་ན་རྡོ་རྗེ་མེ་ལྟར་འབར་བའི་བུམ་པ་དེ་ལ་ཡང་རྡོ་རྗེ་གནོད་སྦྱིན་གྱི་ཆོ་ག་

བཟླ་བར་བྱའོ། །དེ་ནས་ཉི་མ་གཉིས་པ་ལ་ཐུན་གསུམ་དུ་བཟླས་བརྗོད་དེ་བཞིན་དུ་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོ་དང་། རྡོ་རྗེ་མེ་ལྟར་འབར་བ་དང་། མཱ་མ་ཀཱིས་ཉིན་རེ་ཞིང་མར་ལ་སོགས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་

བྱ་སྟེ། འདི་ནི་བསྙེན་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ལྟར་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་བསྟོད་ལ། ཁྲོ་བོ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་དང་། མེ་ཏོག་ལ་སོགས་པས་ཡང་

Vol. 60 · folio 303a

དག་པར་མཆོད་དེ་སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་རེ་ཞིག་དང་པོར་སློབ་མ་ལག་ན་མེ་ཏོག་ཐོགས་པས་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་ལས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་

ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་བདག་ནི་ཕྱག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་དེ་རྣམས་ཀྱི་སྙིང་གར་ས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེ་ཧཱུཾ་ལས་

རྡོ་རྗེ་རྩེ་ལྔ་པ་འབར་བ་བསམས་ལ་ལག་པ་གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་འབར་བ་བླངས་ལ་དེའི་སྙིང་གར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སུ་ར་ཏ་སྟྭཾ་ས་མ་ཡ་སྟྭཾ་ཧཾ་བཛྲ་སིདྡྷ་ཡ་ཐ་སུ་ཁཾ། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་བཅུག་སྟེ།

རྟོག་པ་རྣམས་ནི་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་

བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་མ་ལུས་དེ་ལྟར་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱིས་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང་། །རྟག་

ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་ཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་

ར་བ་སྟེ། །དམན་པས་འཇིགས་དང་བྲལ་བས་རྒྱལ་བྱེད་ཚལ། །སྲིད་པའི་སྦྱོར་བ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་རྒྱས་ཐུགས་རྗེ་ཆེར་ལྡན་པའི། །

Vol. 60 · folio 303b

བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་འགྱུར་བ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་

ཆུབ་རྣམ་པར་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་སྐྱོབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་གཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་

འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བྱ། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །བློ་སོགས་

རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ཞེས་ལན་གསུམ་བརྗོད་དོ། །བདག་གིས་དེ་སྐད་ཅེས་བརྗོད་པའི་དགེ་བའི་རྩ་བ་འདིས་བདག་གིས་ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ། །བདག་གིས་སེམས་

ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་དང་། ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་བྱའོ། །བདག་གིས་སེམས་ཅན་ཐམས་

ཅད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་སེམས་ཅན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོག་པར་བགྱིའོ། །བདག་གིས་མ་ཡེངས་པའི་སེམས་

དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཀྱིས་ཕ་རོལ་དུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །བདག་གིས་ཐོས་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོག་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པར་སོ་སོར་རྟོགས་

Vol. 60 · folio 304a

པར་བྱ་བའི་ཕྱིར་བསླབ་པར་བྱའོ། །བདག་གིས་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་དུ་

བདག་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ། །འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་ཡབ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་ནི་བཅོམ་ལྡན་འདས་ཀུན་དུ་བཟང་པོའོ། །དེ་དགེ་བའི་རྩ་བ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་

བྱས་པའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་སྒོ་མཐའ་ཡས་པ་ལ་གནས་པ་མཐའ་མེད་པར་འགྱུར་བ་རྫོགས་པར་བྱས་ནས་གདུལ་བྱའི་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་

སྒོ་མང་པོ་བསྟན་པས་ཡང་དག་པར་མགུ་བར་བྱ་བ་དང་། ཡང་དག་པར་དགའ་བར་བྱེད་པ་དང་། ཡང་དག་པར་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བགྱིའོ། །དེ་ནས་སློབ་མའི་ལག་ཏུ་རྡོ་རྗེ་ཁྲོ་བོའི་དྲིས་དྲི། མེ་ཏོག་གིས་མེ་ཏོག །རྡོ་རྗེ་བདུག་པས་དེ་

ལ་བདུག་སྤོས་སྦྱིན་ཞིང་། རྡོ་རྗེ་མར་མེས་མར་མེ་སྣང་བར་བྱའོ། །དེ་ནས་ཨུ་དུམྺཱ་ར་དང་། ཨ་ཤྭཏྠ་ལས་བྱས་པའི་སོ་ཤིང་དྲིས་བྱུགས་ཤིང་མེ་ཏོག་བཅིངས་པས་རྡོ་རྗེ་བཞད་པའི་ཁྲོ་བོ་བཟླས་ཤིང་བསྲུང་བར་བྱས་པ་སྦྱིན་པར་བྱའོ། །ཀུ་ཤ་སར་པ་ལས་རྡོ་རྗེ་རྣོན་

པོའི་ཁྲོ་བོ་བཟླས་པ་སྦྱིན་ནོ། །དེ་ནས་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ་དཔུང་པ་གཡོན་པར་རང་ཉིད་ཀྱིས་བཅིང་བར་བྱའོ། །ཨོཾ་བཛྲ་ཧ་ས་ཀྲོ་དྷ་ཧཱ་ཧཱ་ཧཱ་ཧཱ་ཧཱུཾ་ཕཊ། ཅེས་བྱ་བ་ནི་སོ་ཤིང་ལ་བཟླ་བའི་སྔགས་སོ། །ཨོཾ་བཛྲ་ཏིཥྛ་ཀྲོ་དྷ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཅེས་བྱ་བ་ནི་ཀུ་ཤ་ལ་

Vol. 60 · folio 304b

བཟླ་བའི་སྔགས་སོ། །ཨོཾ་བཛྲ་རཀྵ་ཧཱུཾ་ཀྲོ་དྷ་རཀྵ་ཧཱུཾ་ཕཊ། ཅེས་བྱ་བ་ནི་སྲུང་སྐུད་ལ་བཟླ་བའི་སྔགས་སོ། །ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ། ཞེས་བྱ་བ་བྱམས་པའི་གོ་ཆས་ཐམས་ཅད་ཡང་དག་པར་བསྲུང་བར་བྱའོ། །ཨོཾ་བཛྲ་སཏྭ་ཨུཥྞཱི་ཥེ་ཧཱུཾ་ཕཊ། ཅེས་བྱ་བ་རྡོ་རྗེ་སེམས་དཔའི་གཙུག་

ཏོར་གྱི་ཕྱག་རྒྱ་དང་ལྡན་པས་ཀྱང་བསྲུང་བར་བྱའོ། །དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། བཞིན་བཟངས་རྣམས་ལོངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚོལ་ཅིག །ནང་པར་ཐར་པ་ཆེན་པོ་གྲོང་ཁྱེར་ཆེན་པོ་མཐོང་བར་འགྱུར་རོ། །སློབ་མ་ལྷག་པར་གནས་པའི་ཆོ་

གའོ། །ཡང་མཆོད་པ་བྱས་ལ་བདུག་སྤོས་གཏུལ་ཏེ་བཅོམ་ལྡན་འདས་ལྷག་པར་གནས་པར་བྱའོ། །བཅོམ་ལྡན་རྡོ་རྗེ་མེ་ལྟར་འབར། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་

ཕྱིར། །དཀྱིལ་འཁོར་བྲི་བར་འཚལ་ལགས་ན། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་མགོན་པོ་བརྩེར་ལྡན་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་

སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པ་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །འདི་ཞེས་

བགྱི་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ནས། སྙིང་ནས་དད་

པས་ཕྱག་བྱའོ། །བསྟོད་པའི་ཆོ་ག་ཉིད་ཀྱང་བྱ། །དེ་ནས་ཆོ་ག་འདི་བྱའོ། །འདོད་ཆགས་བྲལ་བ་དང་ལྡན་པའི། །ཆོས་ནི་སློབ་མ་ལ་བཤད་པ། །བྱས་ནས་དང་པོ་བློ་ལྡན་གྱིས། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག །རྨི་ལམ་སངས་རྒྱས་མཐོང་བ་ནི། །ཡོན་ཏན་རྒྱ་

Vol. 60 · folio 305a

མཚོ་མངོན་སུམ་བཞིན། །མཆོད་པ་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པ་རྩོམ་པ་དང་། །དགེ་སློང་དག་ལས་ཆོས་ཉན་དང་། །ཡང་ན་གཞན་ལས་ཉན་ཀྱང་རུང་། །ཆོས་ནི་རྣམ་པར་སྤྱོད་པ་དང་། །དེ་བཞིན་གླེགས་བམ་བཀླག་པ་དང་། །རྨི་ལམ་

དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་མཐོང་དང་། །དེ་དང་འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་འགྱུར། །གཙུག་ལག་ཁང་དག་མཐོང་བ་དང་། །དེ་བཞིན་དགེ་སློང་རྣམ་དག་མཐོང་། །རྒྱལ་བའི་སྲས་རྣམས་མཐོང་བ་དང་། །དེ་བཞིན་ཕ་

མ་བླ་མ་དང་། །མཛའ་བོ་རྣམ་པ་སྣ་ཚོགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་བསླབ་པ་འཛིན་པ་དང་། །ཀུན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་དང་། །མཐོང་ན་

ཡང་ནི་དགེ་བར་གྲགས། །རྒྱལ་པོ་དག་ནི་མཐོང་ན་ཤིས། །བདེ་གཤེགས་སྤྱོད་པ་མཐུན་པ་ཡི། །དཀའ་ཐུབ་ཅན་དང་བྲམ་ཟེ་དང་། །ཕྱུག་པོ་སྐྱེས་བུ་དམ་པ་དང་། །བ་ལང་རྟ་དང་ངང་པ་དང་། །སེང་གེ་དང་ནི་རི་དགས་རྣམས། །རྨི་ལམ་དུ་ནི་མཐོང་ན་ཤིས། །བཀྲ་ཤིས་པ་

ཡི་བྱ་རྣམས་དང་། །གསེར་དག་དང་ནི་གཏེར་རྣམས་དང་། །རིན་པོ་ཆེ་དང་དངུལ་དག་དང་། །ནོར་ནི་རྣམ་པ་སྣ་ཚོགས་དང་། །མདོར་ན་འབྱུང་ཁུངས་རྣམ་པ་དང་། །མཚོན་ཆ་རྣམས་དང་འབྲུ་རྣམས་དང་། །འབྲས་བུ་རྣམས་དང་མེ་ཏོག་དང་། །རྒྱན་ནི་རྣམ་པ་སྣ་ཚོགས་དང་། །

ཁ་ཟས་དང་ནི་གོས་རྣམས་དང་། །བྱིས་པ་དག་ནི་གཞོན་ནུ་དང་། །བུད་མེད་གཟུགས་ནི་བཟང་མོ་དག །རྨི་ལམ་དུ་ནི་མཐོང་ན་བཟང་། །ཡང་ན་ཐོབ་ཅིང་རེག་སྨྲ་དང་། །རྨི་ལམ་དུ་ནི་དབང་བསྐུར་དང་། །རྒྱལ་པོར་གྱུར་ཅིང་འབྱོར་པ་དང་། །དམག་དཔོན་དུ་ནི་གྱུར་པ་དང་། །

གཡུལ་ལས་རྒྱལ་ཞིང་དགྲ་སོད་དང་། གཉེན་དང་ལྷན་ཅིག་འགྲོགས་པ་དང་། །ལྷ་རྣམས་ཀྱང་ནི་མཐོང་བ་དང་། །ཐེག་པ་དང་ནི་ཤིང་རྟ་ཞོན། །དེ་བཞིན་རི་དང་ཡང་ཐོག་འཛེག །ངོ་མཚར་རྣམ་པ་སྣ་ཚོགས་དག །རྨི་ལམ་དུ་ནི་མཐོང་ན་དགེ། །ཡམ་ཤིང་མེ་ལ་སྦྱིན་སྲེག་

Vol. 60 · folio 305b

བྱ། །བྱ་བ་བཟང་པོ་དག་ལ་འཇུག །ཆུ་ལས་རྒལ་ཞིང་རི་ལས་རྒལ། །རྐུན་པོ་དག་ནི་ཚར་གཅོད་དང་། །སྟོབས་འགྱེད་པ་ལས་རྒྱལ་བ་དང་། །གྱད་སྟབས་རྡོབ་ཅིང་འགྱིང་བ་དང་། །རྩེད་མོ་སྣ་ཚོགས་རྨི་ལམ་དང་། །དེ་བཞིན་བརྩོན་དང་སྤུང་བྱེད་དང་། །བཀྲ་ཤིས་དག་ནི་

ཐམས་ཅད་ཀྱང་། །མཐོང་ན་རབ་ཏུ་དགེ་བར་བཤད། །གསང་སྔགས་ཆོ་ག་ཉན་པ་དང་། །དགའ་སྟོན་དགེ་བ་མཐོང་བ་དང་། །སྒྲུབ་པ་བཟང་པོ་རྩོམ་པ་དང་། །དེ་ལ་སོགས་པའི་ལྷ་རྣམས་ནི། །དགེ་བ་རྣམ་པ་དུ་མ་དག །བློ་ཡིས་རྣམ་པར་དཔྱད་བྱ་ཞིང་། །དེ་ལས་

བཟློག་པ་སྤང་བར་བྱ། །དགེ་བ་རྣམས་ནི་སྒྲུབ་པར་འགྱུར། །མི་དགེ་བ་དག་ཤེས་ནས་སུ། །དེ་དག་མཁས་པས་སྤང་བར་བྱ། །དགེ་བ་ཡི་ནི་ལྟས་རྣམས་ནི། །རབ་དང་འབྲིང་དང་ཐ་མ་ལས། །གསང་སྔགས་དངོས་གྲུབ་རྣམ་གསུམ་པོ། །རབ་དང་འབྲིང་དང་ཐ་མ་

འགྲུབ། །མི་དགེ་བ་ལ་ཞི་བ་ཡི། །སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས། །བ་ཡི་མར་ལ་བརྒྱ་རྩ་བརྒྱད། །ཆོ་ག་ཇི་བཞིན་བྲི་བར་བྱ། །དེ་ནས་སློབ་མ་སྡིག་བྲལ་ཞིང་། །རྣམ་པར་དག་པ་དེ་དག་ལ། །རྗེས་སུ་བརྩེ་བར་བྱ་བའི་ཕྱིར། །ཅི་འདོད་པར་ནི་གཟུང་བར་

བྱ། །དེ་ནས་མལ་ནས་ལངས་ལ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་དེ་བཞིན་དུ་བར་སྣང་གི་ཕྱོགས་སུ་བཞག་ལ་ཚོན་སྣ་ལྔའི་སྲད་བུ་ལ་སྲད་བུའི་སྔགས་དང་། ཧཱུཾ་ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །དེ་ནས་དཀྱིལ་

འཁོར་གྱི་ས་གཞི་དྲིས་བྱུགས་ལ། མེ་ཏོག་གི་སིལ་མས་གཏོར་ནས་བར་སྣང་ལ་བཞུགས་པའི་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་པ་རྣམ་པ་ལྔ་དང་། གླུ་དང་རོལ་མོ་ལ་སོགས་པས་ཡང་དག་པར་མཆོད་ནས། མིག་གཡོན་དང་གཡས་སུ་ཛ་ལས་

ཉི་མ་དང་ཟླ་བ་སེར་པོར་སྣང་བ་བསྐྱེད་ལ། རང་གི་ལག་ན་གནས་པའི་རྡོ་རྗེ་འབར་བ་ལ་གནས་པའི་ཡི་གེ་ཧཱུཾ་ལས་གྲོགས་པོ་རྡོ་རྗེ་ལས་ཀྱི་ཁྲོ་བོར་ཕྱུང་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཚོན་སྣ་ལྔའི་སྲད་བུ་བླངས་ནས་སྔགས་ཀྱིས་སྦྱངས་པའི་ཐིག་ཆལ་དཀར་པོ་ལ་སྦངས་

Vol. 60 · folio 306a

པ་ཛཿ ཡིས་སྲད་བུ་དེ་རང་གི་ལག་ནས་གྲོགས་པོའི་ལག་ཏུ་བཏང་ལ་གྲོགས་པོས་ཀྱང་ཛཿ ཛཿ ཛཿཞེས་ཡི་གེ་ཛཿལན་གསུམ་བཟླ་བར་བྱའོ། །དེ་ནས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམ་ཞིང་སློབ་དཔོན་ནུབ་ཏུ་འདུག་ཅིང་ཤར་ཕྱོགས་སུ་བལྟས་ལ། ཨོཾ་

བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཞེས་ཟློས་ཤིང་ཐིག་གདབ་པར་བྱའོ། །ཡང་སློབ་དཔོན་ལྷོ་ཕྱོགས་སུ་འདུག་སྟེ། བྱང་ཕྱོགས་སུ་བལྟས་ལ་ཚངས་པའི་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་མེའི་མཚམས་སུ་འདུག་སྟེ་བྱང་ཕྱོགས་སུ་བལྟས་ལ་ཕྱིའི་དཀྱིལ་འཁོར་

གྱི་ཤར་ངོས་ཀྱི་ཐིག་གདབ་བོ། །རླུང་གི་ཕྱོགས་ནས་ལྷོ་ཕྱོགས་སུ་བལྟས་ལ་ནུབ་ངོས་སུ་ཐིག་གདབ་བོ། །དེ་ནས་དེ་ཉིད་དུ་འདུག་ལ་ཤར་ཕྱོགས་སུ་བལྟས་ཏེ། བྱང་ཕྱོགས་སུ་ཐིག་གདབ་བོ། །དེ་ནས་ཡང་མེའི་ཕྱོགས་སུ་འདུག་ལ་ནུབ་ཏུ་བལྟས་ཏེ་ལྷོ་ཕྱོགས་སུ་ཐིག་གདབ་

བོ། །དེ་བཞིན་དུ་ཁ་ཁྱེར་དང་ལྷའི་སྣམ་བུའི་ཐིག་གདབ་པར་བྱ་ཞིང་། སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་གཉིས་ཀ་གཡས་ནས་བསྐོར་བའི་ཚུལ་གྱིས་འགྲོ་བར་བྱའོ། །ཡང་མེའི་མཚམས་སུ་འདུག་ལ་རླུང་གི་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱའོ། །ཡང་བདེན་

བྲལ་གྱི་མཚམས་སུ་འདུག་པ་དབང་ལྡན་གྱི་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱའོ། །དེ་ནས་སྒོ་དང་སྒོ་ཁྱུད་དང་རྟ་བབས་ཀྱི་ཐིག་གདབ་པར་བྱ་སྟེ། ཕྱིའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་གའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་ལེགས་པར་ཐིག་བཏབ་ནས་དེའི་དབུས་སུ་

དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་ལ་སོགས་པའི་རྡོ་རྗེ་ཕུར་བུ་ལ་སྔར་བཤད་པའི་ཕུར་བུའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་ཧཱུཾ་ཟློས་ཤིང་རྡོ་རྗེས་བརྡུང་བར་བྱའོ། །ཕུར་བུ་དེས་ཚོན་སྣ་ལྔའི་སྲད་བུ་བལྟབས་ཏེ་བཏགས་ལ་དེས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་

བསྐོར་ཞིང་ཆ་ཉི་ཤུའི་ཚད་ཀྱིས་ཐིག་གདབ་ལ་ཐམས་ཅད་ཀྱི་ནང་དུ་རྡོ་རྗེ་འབར་བའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །དེའི་ཉིས་འགྱུར་གྱིས་དངོས་པོ་འབར་བའི་འཁོར་ལོས་ཡོངས་སུ་བསྐོར་བའི་ནང་དུ་ཐིག་གདབ་བོ། །དེའི་ཉིས་འགྱུར་གྱིས་ནི་གཉིས་པའོ། །དེའི་

Vol. 60 · folio 306b

བཞི་འགྱུར་གྱིས་ནི་གསུམ་པའོ། །དེའི་ལྔ་འགྱུར་གྱིས་ནི་བཞི་པའོ། །དེའི་དྲུག་འགྱུར་གྱིས་ནི་ལྔ་པའོ། །དེའི་བདུན་འགྱུར་གྱིས་ནི་དྲུག་པའོ། །དེའི་བརྒྱད་འགྱུར་གྱིས་ནི་བདུན་པའོ། །ཐིག་གིས་བར་དུ་ཆོད་པར་ཐིག་གདབ་པར་བྱའོ། །དེ་ནས་རྡོ་རྗེའི་ཐིག་དང་དཀྱིལ་

འཁོར་གྱི་ཀ་བ་བརྒྱད་ཐིག་གིས་ལེགས་པར་ཐིག་བཏབ་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་གི་མཚམས་ལས་མེའི་ཕྱོགས་ནས་བརྩམས་ཏེ་མིང་པོ་གསུམ་དང་སྲིང་མོ་བཞི་དང་། གླུ་དང་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །དེ་ནས་ཁམས་

གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ཧཱུཾ་བཞི་ཟློས་ཤིང་དཀྱིལ་འཁོར་གྱི་ལྟེ་བར་གནས་པའི་ཕུར་བུ་བཏོན་ལ། རང་གི་རྡོ་རྗེ་འབར་བར་ཡིད་ཀྱིས་གཞུག་པར་བྱའོ། །དེ་ནས་ཕུར་བུའི་ཁུང་བུ་ཕྱེ་མ་ལྔས་བཀང་ལ་མཉམ་པར་བྱའོ། །དེ་ནས་ཧི་ཞེས་བྱ་བ་མིག་

གཡོན་དང་གཡས་སུ་ཉི་མ་དང་ཟླ་བ་བསྐྱེད་དེ་ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ཤིང་སྒོ་རྣམས་དབྱེའོ། །ད་ནི་ལུང་ལས་བཤད་པའི་ཐིག་གི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ནས་སྲད་བུ་ཉིས་འགྱུར་དུ། །བྱས་པས་ཐིག་ནི་གདབ་པར་བྱའོ། །ནམ་མཁའ་ཀུན་དང་ཆ་མཉམ་

པས། །ཚད་ནི་ཚད་མེད་པ་ཉིད་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །ཁ་ཁྱེར་གྱིས་ནི་ཡོངས་བསྐོར་ཅིང་། །མཚམས་སུ་ལྷ་མོས་རྣམ་སད་བྱས། །དཀྱིལ་འཁོར་གྱི་ནི་གྲྭ་རྣམས་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་

བ་ཕྱེད་པ་ལ་གནས་པའི། །རྡོ་རྗེ་རིན་ཆེན་གྱིས་མཛེས་བྱས། །མི་མཉམ་མེད་པར་ཟུར་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞི་ཡིན། །བསམ་གཏན་གྱིས་ནི་རྟ་བབས་ཏེ། །ཏིང་ངེ་འཛིན་རྣམས་ཁྱམས་སུ་བཤད། །ཁྱམས་དེར་གནས་པའི་རྡོ་རྗེ་བདག །གཟུངས་

རྣམས་ལྷ་མོས་མཆོད་པ་ཡིན། །བསམ་པ་ཐམས་ཅད་རྫོགས་མཛད་པས། །རྒྱན་རྣམས་ཀུན་གྱིས་རྣམ་པར་མཛེས། །དམ་ཆོས་མཆོག་གི་ཡན་ལག་ཀུན། །གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག །རླུང་གིས་བསྐྱོད་པ་སྣ་ཚོགས་མཆོག །བ་དན་དྲིལ་བུ་

Vol. 60 · folio 307a

སྒྲ་སྒྲོགས་ཡིན། །མེ་ལོང་ཡེ་ཤེས་རྟག་མེ་ཏོག །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །དྲ་བ་མེ་ལོང་མེ་ལོང་ཆེ། །མེ་ཏོག་ཕྲེང་བའི་རྒྱན་གྱིས་བསྐོར། །ཀུན་དུ་མི་ཟད་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་བཤད་དོ། །དེ་ལྟར་དཀྱིལ་འཁོར་ཐིག་བཏབ་

ནས། །རིན་ཆེན་སྣ་ཚོགས་ཕྱེ་མའམ། །ཁམས་སྣ་ཚོགས་ཀྱི་ཕྱེ་མ་འམ། །ནས་དང་འབྲས་ཀྱི་ཕྱེ་མའམ། །དེ་བཞིན་ཉུངས་ཀར་ཕྱེ་མ་ནི། །རྒྱ་སྐྱེགས་ཡུང་དང་སྔོ་དང་ལྗང་། །ཚོན་སྣ་བཞི་ཡིས་བཙོས་གྱུར་ཅིང་། །དྲི་ཞིམ་ཕྱེ་མ་དང་བསྲེས་ལ། །སྲད་བུ་དེ་རྣམས་

དགང་བར་བྱ། །རིན་ཆེན་ཕྱེ་མས་རྒྱལ་སྲིད་ཐོབ། །ཁམས་ཀྱི་ཕྱེ་མ་གསེར་མང་རྙེད། །འབྲུ་ཡི་ཕྱེ་མས་འབྲུ་མང་སྐྱེད། །ཉུངས་ཀར་གྱིས་ནི་དོན་ངེས་འགྲུབ། །དེ་ལ་ཕྱི་ཡི་དཀྱིལ་འཁོར་ནི། ཚོན་དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོས་རི་མོ་ལྔ་

བྱའོ། །རི་མོ་བདུན་ལ་ནི་ཁ་དོག་སེར་པོའི་རི་མོ་གཅིག་གིས་འབར་བའི་འཁོར་ལོ་བྱས་ཏེ། འབར་བའི་འཁོར་ལོ་ཇི་སྐད་བཤད། །ལྕགས་ཀྱི་འཁོར་ལོ་དམ་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ལྷག་མ་གོ་བར་ཟད་དོ། །ཚོན་མངོན་པར་སྦྱང་བ་ནི་སྔར་བཤད་པ་ལས་གཟུང་

ངོ་། །ཚོན་རྩི་ལྔ་དང་པོ་དགྱེ་བ་དང་། དང་པོའི་རྡོ་རྗེ་དང་། ཧཱུཾ་གིས་བརྩམ་པར་བྱས་ཏེ། ཕྱིས་ནི་ཅི་བདེར་བྱའོ། །དེ་ནས་ཧི་ཟློས་ཤིང་འཁོར་ལོ་འབར་བའི་ལྟེ་བའི་ཕྱོགས་སུ་སྣ་ཚོགས་པདྨའི་གདན་ལ་རྡོ་རྗེ་མེ་ལྟར་འབར་བའི་སྐུ་གཟུགས་ལུགས་མའམ། བརྐོས་པའམ།

བྲིས་པ་བཞུགས་སུ་གསོལ་བའམ། ནམ་མཁའི་ཕྱོགས་ལས་ཕབ་སྟེ། སྐུའི་གཟུགས་བརྙན་དང་གཅིག་ཏུ་བྱའོ། །ཧི་ཧཱུཾ་ཞེས་ཟློས་ཤིང་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་རྡོ་རྗེ་མཚོན་ཆ་འཛིན་མ། གཡས་ལོགས་སུ་ཀཱི་ལི་ཀཱི་ལའི་གནས་སུ་མཐུ་ཆེན་འཛིན་མ། དེའི་

རྒྱབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་མཛོད་འཛིན་མ། གཡོན་དུ་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་གནས་སུ་ཐོད་པའི་ཞགས་པ་འཛིན་མ། མེའི་མཚམས་སུ་མདའ་འཛིན་མ། བདེན་བྲལ་དུ་ཁ་ཊྭཱཾ་ག་འཛིན་མ། རླུང་གི་མཚམས་སུ་འཁོར་ལོ་འཛིན་མ། དབང་ལྡན་གྱི་མཚམས་སུ་བ་

Vol. 60 · folio 307b

དན་སྣ་ཚོགས་འཛིན་མ་དགོད་པར་བྱའོ། །དེ་ནས་འདི་རྣམས་ཀྱི་སྙིང་པོ་བཤད་པར་བྱ་སྟེ། ཧཱུཾ་བཛྲ་པྲ་ཧ་ར་ནི་མཊ། ཧཱུཾ་བཛྲ་ཤཱུ་ལ་གྲི་བིནྡྷ་མཊ། ཨོཾ་བཛྲ་ཀྲོ་ཤེ་ཙྪིནྡ་མཊ། ཨོཾ་བཛྲ་ཨ་མ་ལ་པདྨེ་མཊ། ཧཱུཾ་བཛྲ་གུ་ཧྱ་སིདྡྷྱ་བ་ར་མ་ཡོ་གཱི་ཤྭ་རི་ཧྲཱིཿཧཱུཾ་བཛྲ་ཙཎྜེ་ཤྭ་རི་ཁ་ཊྭཱཾ་གི། མ་ཧཱ་བཛྲ་

ཀ་པཱ་ལི་མཱ་ལ་མ་ཀུ་ཊེ། རུ་ལུ་རུ་ལུ་ལེ་ཧི། ཧཱུཾ་བཛྲ་ན་ར་ཡ་ནི་བཛྲི། ཧཱུཾ་མ་ཧཱ་བཛྲ་པ་ཏཱ་ཀེཛྫི། དེ་ལྟར་རྡོ་རྗེ་འབར་བའི་འཁོར་ལོར་ལྷ་རྣམས་བཀོད་པ་བྱས་ནས་དེ་ནས་རྡོ་རྗེ་ཤུགས་ཀྱིས་བྱུང་ལ། འབར་བའི་འཁོར་ལོ་རིམ་པས་བསྐོར་བ་དང་པོའི་ཐིག་གི་ནང་དུ་རྡོ་རྗེ་གཙུག་ཏོར་མ།

ཨོཾ་ཏྲཾ་བནྡྷ་ཧཾ་ཞེས་ཟློས་ཤིང་བཞི་པོ་ཤར་ཕྱོགས་ནས་བརྩམས་ཏེ་གྲལ་རིམ་པ་བཞིན་དུ་བྲི་བར་གཞག་པར་བྱའོ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་སྤྲུལ་པའི་ཁྲོ་བོ་བཞིས། ཨོཾ་སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་བ་སྭཿཞེས་བྱ་བ་དང་། དེ་ནས་ཨོཾ་སུཾ་བྷ་ནི་དྷ་ཏི་བཛྲེ་ན་ཙྪིནྡ་ཏི་ཧ་ན་ཏི་ད་ཧ་

ཏི་པ་ཙ་ཏི་བྷི་རི་བྷི་རི་སྭཱ་ཧཱ། ཞེས་བྱ་བ་རིག་པའི་མཆོག་ཞལ་ནས་བྱིན་པའོ། །ན་མོ་བཛྲ་པཱ་ཎི་སྱ་ཨོཾ་ཊཀྐི་ཧཱུཾ་ཛཿཞེས་བྱ་བས་ཁྲོ་བོ་འདོད་པ། ཧོ་བཛྲ་པཱ་ཎི་ཧཱུཾ་ཕཊ་ཅེས་བྱ་བས་གཤིན་རྗེ་གཤེད། ཀ་ནི་དྷུ་ནི་ས་ཧཱུཾ་ཕཊ་ཅེས་པས་ཁྲོ་བོ་ཀ་ནི། ཧེ་མ་ཧཱ་ཨཾ་ཀུ་ཤེ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཛཿ

ཞེས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ། ཨོཾ་བཛྲ་པཱ་ཤ་ཧྲཱིཿཞེས་བྱ་བས་རྡོ་རྗེ་ཞགས་པ། ཧེ་བཛྲ་ཀཱི་ལི་ཀཱི་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཞེས་བྱ་བས་ཁྲོ་བོ་རྡོ་རྗེ་ཀཱི་ལི་ཀཱི་ལ། ཧེ་བཛྲ་ཨ་ན་ཡ་སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་མ་ཧཱ་པ་ར་མེ་ཤྭ་ར་ལ་གྷུ་ལ་གྷུ་བྷ་ག་བཱན། བཛྲ་ཨ་ཀྲོ་མ་ཧཱ་སརྦ་བི་ཛ་ཡ་ཀྲོ་དྷ་

ཧ་ར་ཧཱུཾ་ཕཊ། ཅེས་བྱ་བས་ཁྲོ་བོ་བསྙེམས་པ། ཨོཾ་བཛྲ་མི་ཏྲ་ཏེ་ན་སུ་ཁ་ཏེ་ན་ཨ་བྷྱནྟ་ར་ཏེ་ན། ཨུ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། ཨཱ་ཧ་རོ་མེ་བྷ་ཝ་ཧཾ། ཨ་པྲ་ཏི་ཧ་ཏྱོ་མེ་བྷ་ཝ། ཤ་ཤྭ་ཏྭ་མེ་བྷ་ཝ་ཧཾ། སརྦ་ཙིཏྟ་ཤྲེ་ཡོ་མེ་ཀུ་རུ་སིདྡྷྱ་ཧ་ཧ་ཧི་ཞེས་བྱ་བས་ཁྲོ་བོ་རྡོ་རྗེ་བསྡམས་པ། ཨོཾ་རུ་ཏ་

རུ་ཏ་ཧཱུཾ་ཕཊ་ཅེས་བྱ་བས་ཁྲོ་བོ་རྡོ་རྗེ་ཁུ་ཚུར། ཨོཾ་བཛྲ་ལོ་ཀེ་ཤྭ་ར་ཨ་ན་ཧི་ནི་དྷི་ནི་པ་ར་མེ་ཤྭ་ར་ལ་གྷུ་ལ་གྷུ་བྷ་ག་བཱན་བཛྲ་ཀྲ་མ་སརྦ་བི་ཛ་ཡེ་ཀྲྀ་ཌ་ཏ་ཨོཾ་ཧ་ར་ཧ་ར་ཧཱུཾ་ཕཊ་ཅེས་བྱ་བས་ཁྲོ་བོ་རྡོ་རྗེ་སྙེམས་མ། ཨོཾ་བཛྲ་མི་ཏྲ་ཏེ་ན་སུ་ཁ་ཏེ་ན་ཨ་བྷྱནྟ་ར་ཏེ་ན། ཨུ་པ་ཏིཥྛ་རེ་ཏྭས་ཏྭ་ཤོ་དྷ་ཡ། བྷ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words