ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་བརྟག་པ་སྣང་བའི་རྒྱན་ཞེས་བྱ་བ
Sanskrit title (Tibetan script, as in the text) སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་ཏེ་ཛོ་རཱ་ཛ་ཀལྤ་ཨཱ་ལོ་ཀཱ་ལཾ་ཀ་ར་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 67 · folio 219b
༄༅༅། །རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་ཏེ་ཛོ་རཱ་ཛ་ཀལྤ་ཨཱ་ལོ་ཀཱ་ལཾ་ཀ་ར་ནཱ་མ། བོད་སྐད་དུ། ངན་སོང་
ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་བརྟག་པ་སྣང་བའི་རྒྱན་ཞེས་བྱ་བ། གཙོ་ཆེན་ཀུན་རིག་ཤཱཀྱ་ཐུབ། །རྡོ་རྗེ་འཛིན་པ་ཞི་དང་ཁྲོ། །ཚེ་དཔག་མེད་དང་བདེ་བ་ཆེ། །འཁོར་དང་བཅས་ལ་ཕྱག་འཚལ་ནས། །ངན་སོང་རྣམ་པར་སྦྱོང་བྱེད་པའི། །གཟི་བརྗིད་
Vol. 67 · folio 220a
རྒྱལ་པོའི་བརྟག་པ་ནི། བདག་ཉིད་དྲན་པ་སྐྱེད་པའི་ཕྱིར། །ཅི་ནུས་པས་ནི་རྣམ་པར་དབྱེ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པས་འདིའི་བརྗོད་པར་བྱ་བ་དང་འབྲེལ་པ་ནི་གང་ཞིག་ཡིན། དགོས་པ་དང་དགོས་པའི་དགོས་པ་ནི་ཅི་ཞིག་
ཡོད་ཅེ་ན། དེ་བརྗོད་པར་བྱ་སྟེ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཞེས་བྱ་བ་ནི་རྒྱུད་ཡིན་ལ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནས་ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ་ཞེས་བྱ་བའི་བར་གྱིས་ཤཱཀྱ་ཐུབ་པ་ཉིད་དང་གཞན་གྱི་དོན་
ཕུན་སུམ་ཚོགས་པའི་རང་བཞིན་སྟོན་པའི་གླེང་གཞིའི་མདོ་ནི། གདུལ་བྱ་མངོན་པར་འདོད་པ་བསྐྱེད་པའི་ཕྱིར་གསུངས་པ་ཡིན་ནོ། །གདུལ་བྱ་མངོན་པར་འདོད་པ་སྐྱེས་པ་རྣམས་ལ་ཤཱཀྱ་ཐུབ་པ་དེ་མངོན་སུམ་དུ་བྱེད་པའི་ཐབས་ནི་ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བའི་ཏིང་
ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་ཐབས་བསྟན་ཏོ། །ཡང་འདི་ཀུན་རིག་དང་གཙུག་ཏོར་དགུ་དང་། ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་ནི་བར་མ་ལ་སྲིད་པ་
རྗེས་སུ་འཛིན་པར་བྱེད་པ་ཡིན་ནོ། །བདེ་བ་ཆེན་པོ་དང་། འཆི་བདག་འཇོམས་པ་དང་། ཁྲོ་བོ་རྡོ་རྗེ་མེ་ནི། མཆོག་ལ་སྲིད་པ་རྗེས་སུ་འཛིན་པར་བྱེད་པ་ཡིན་ནོ། །འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ནི་མཆོག་དང་བར་མ་མ་ཡིན་པ་ལ་སྲིད་པ་རྗེས་སུ་འཛིན་པར་བྱེད་པ་ཡིན་ནོ། །
ཇི་སྐད་དུ་འདི་ཉིད་ལས། སྲིད་དང་སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་ཆེ། །ཞེས་གསུངས་པའི་ཕྱིར་རོ། །ཡང་འདིར་ནི་ཀུན་རིག་དང་བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། སྐུ་སྟོན་ཞིང་ཕྱག་རྒྱ་ཆེན་པོ་ཡིན་ལ། དེ་བཞིན་གཤེགས་པའི་རིགས་སུ་བསྟན་ཏེ།
འདོད་ཆགས་ཀྱིས་འདོད་ཆགས་སྤང་བའི་ཕྱིར་གསུངས་པ་ཡིན་ནོ། །གཙུག་ཏོར་དང་འཆི་བདག་འཇོམས་པའི་དཀྱིལ་འཁོར་ནི་གསུང་སྟོན་ཞིང་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་ལ། པདྨའི་རིགས་སུ་བསྟན་ཏེ་གཏི་མུག་གིས་གཏི་མུག་སྤང་བའི་ཕྱིར་གསུངས་པ་ཡིན་ནོ། །ཚེ་
Vol. 67 · folio 220b
དཔག་མེད་དང་ཁྲོ་བོ་ཉི་མ་དང་མེ་དང་འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ནི་ཐུགས་སྟོན་ཞིང་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་ལ་རྡོ་རྗེའི་རིགས་ཡིན་ཏེ། ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར་གསུངས་པ་ཡིན་ནོ། །ཇི་སྐད་དུ་འདི་ཉིད་ལས། ལག་པ་གཡོན་པའི་ཐལ་མོ་བཀན་ཏེ་པང་དུ་
བཞག་ལ་དེའི་སྟེང་དུ་གཡས་པ་བཞག་སྟེ་མཐེ་བོང་གཉིས་སྤྲད་ལ་ཞི་བའི་ལྟ་བས་བལྟ་བ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ་དམ་ཚིག་ཡིན་པར་བཤད་དོ། །དེ་ཉིད་ལས་བཟློག་སྟེ་ལྟག་འོག་བསྣོལ་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་གཅིག་
ལ་གཅིག་ལུ་གུ་རྒྱུད་ཀྱི་ཚུལ་དུ་བསྣོལ་ལ་སྙིང་གར་གཞག་པ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཐལ་མོ་རྫོགས་པར་སྦྱར་བ་ལས་མཐེ་བོང་མཐེའུ་ཆུང་གཉིས་བསྙམས་པ་ལ་ལྷག་མ་བརྐྱང་བ་འདི་ནི་པདྨོའི་རིགས་ཀྱི་པདྨོའི་ཕྱག་རྒྱའོ་ཞེས་བྱ་བ་དང་། རྩེ་གསུམ་
རྩེ་གསུམ་འཆང་འཕྲོ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་གཙོ། །ཞེས་པ་དང་། མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །ཅེས་གསུངས་པའི་ཕྱིར་རོ། །ཡང་ཀུན་རིག་དང་བདེ་བ་ཆེན་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ།
ཤཱཀྱ་ཐུབ་པ་གཙུག་ཏོར་གྱི་དཀྱིལ་འཁོར་དང་། འཆི་བདག་འཇོམས་པ་སྤྲུལ་པའི་སྐུའི་ཚུལ། དཀྱིལ་འཁོར་ལྷག་མ་རྣམས་ནི་ཆོས་ཀྱི་སྐུའི་ཚུལ་སྟོན་པ་ཡིན་ནོ། །འདི་ཉིད་ལས་ཇི་སྐད་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་རྡོ་རྗེ་སེམས་
དཔའི་སྐུར་ཞུགས་པར་འཚལ་བར་བགྱི་སྟེ་ཞེས་གསུངས་པའི་ཕྱིར་རོ། །ཡང་འདིའི་དབང་དང་དམ་ཚིག་དངོས་གྲུབ་ཀྱི་དཀྱིལ་འཁོར་ཀུན་རིག་དང་། གཙུག་ཏོར་དགུ་དང་། ཚེ་དཔག་མེད་དང་། རྒྱལ་ཆེན་བཞི་དང་། ཕྱོགས་སྐྱོང་བཅུ་དང་། གཟའ་ཆེན་བརྒྱད་དང་། ཀླུ་ཆེན་
བརྒྱད་དང་། འཇིགས་བྱེད་ཆེན་པོ་དང་། ལྷ་ཆེན་རྣམས་ཀྱི་དཀྱིལ་འཁོར་དང་། འཆི་བདག་འཇོམས་པ་དང་། བདེ་བ་ཆེན་པོ་དང་། ཁྲོ་བོ་རྡོ་རྗེ་ཉི་མ་མེའི་དཀྱིལ་འཁོར་ཏེ་བཅུ་གཉིས་སོ། །བསྒྲུབ་པའི་དཀྱིལ་འཁོར་ཀུན་རིག་གི་རས་ལ་བྲི་བ་དང་། གཙུག་ཏོར་དགུའི་
Vol. 67 · folio 221a
རས་ལ་བྲི་བ་དང་། ཚེ་དཔག་མེད་ཀྱི་རས་ལ་བྲི་བ་དང་། ཀླུ་ཆེན་བརྒྱད་ཀྱི་བསམ་པ་དང་། འཇིགས་བྱེད་ཆེན་པོའི་བསམ་པ་དང་། ལྷ་ཆེན་པོའི་བསམ་པ་དང་། འཆི་བདག་འཇོམས་པའི་བསམ་པ་དང་། བདེ་བ་ཆེན་པོའི་བསམ་པ་དང་། རྡོ་རྗེ་ཉི་མ་མེའི་
བསམ་པ་སྟེ་དགུའོ། དེ་ཁོ་ན་སྟེ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །དཀྱིལ་འཁོར་བསྐྱེད་པའི་གསང་སྔགས་དང་། བྱིན་གྱིས་བརླབ་པའི་གསང་སྔགས་དང་། མཆོད་པའི་སྔགས་དང་། དབང་དང་དམ་ཚིག་སྦྱིན་པའི་སྔགས་དང་། བསྒྲུབ་པའི་སྔགས་དང་། བརྡུང་བའི་སྔགས་
དང་། དགུག་པའི་སྔགས་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དེ་ཅི་རིགས་སུ་སྦྱར་རོ། །འདིའི་ཀུན་རིག་གི་སྐབས་ན་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང་། གཙུག་ཏོར་དང་བདེ་བ་ཆེན་པོའི་སྐབས་ནས་བཤད་པ་སྟེ་ཕྱག་རྒྱའི་དེ་ཁོ་ན་ཉིད་དོ། །ཀླུ་ཆེན་བརྒྱད་དང་། འཇིགས་བྱེད་
ཆེན་པོ་དང་། ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དང་། འཆི་བདག་འཇོམས་པ་དང་། བདེ་བ་ཆེན་པོ་དང་། ཁྲོ་བོ་རྡོ་རྗེ་ཉི་མ་དང་། མེའི་དཀྱིལ་འཁོར་གྱི་སྐབས་ནས་བསྒོམ་པའི་སྒོ་ནས་བསྒྲུབ་པ་དྲུག་སྟེ་ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད་དོ། །ཡང་ཀུན་རིག་གི་རས་རིས་ཀྱི་བཟླས་པ་
དང་། རོའམ་གཟུགས་བརྙན་ལ་བཟླས་པ་དང་། གཙུག་ཏོར་དགུའི་རས་རིས་དང་། རོའམ་གཟུགས་བརྙན་ལ་བཟླས་པ་དང་། ཚེ་དཔག་མེད་ཀྱི་རས་རིས་ཀྱི་བཟླས་པ་དང་། ཀླུ་ཆེན་བརྒྱད་ཀྱི་བཟླས་པ་དང་། ལྷ་ཆེན་དང་འཇིགས་བྱེད་ཆེན་པོའི་བཟླས་པ་དང་། འཆི་བདག་
འཇོམས་པའི་སྐབས་དང་། ཁྲོ་བོའི་སྦྱིན་སྲེག་གི་སྐབས་ཀྱི་བཟླས་པ་དང་བཅུ་ནི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དོ། །ཡང་ཀུན་རིག་གི་སྐབས་ནས་ཞི་བའི་དོན་དུ་སྦྱིན་སྲེག་དང་། རོ་བསྲེག་པའི་དོན་དུ་ཞི་བའི་སྦྱིན་སྲེག་དང་། གཙུག་ཏོར་དགུའི་དོན་དུ་ཞི་བའི་སྦྱིན་སྲེག་དང་།
འཆི་བདག་འཇོམས་པའི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་སྦྱིན་སྲེག་དང་། བདེ་བ་ཆེན་པོའི་སྐབས་ནས་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། རྡོ་རྗེ་ཉི་མ་མེའི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་བཅུ་བཞི་སྟེ། སྦྱིན་
Vol. 67 · folio 221b
སྲེག་གི་དེ་ཁོ་ན་ཉིད་དོ། །རྡོ་རྗེ་ཉི་མ་མེ་མ་གཏོགས་པའི་དཀྱིལ་འཁོར་བཅུ་གཅིག་པ་ལ་སོགས་པ་ནས་སྤྱན་དྲང་བ་བསྟན་པ་ནི་སྤྱན་དྲང་བའི་དེ་ཁོ་ན་ཉིད་དོ། །དཀྱིལ་འཁོར་དེ་དག་དང་སྦྱིན་སྲེག་དང་རས་རིས་ལ་སོགས་པ་རྣམས་ལས་མཆོད་པ་བཤད་པ་རྣམས་དང་། རྡོ་རྗེ་
ཉི་མ་མེའི་སྦྱིན་སྲེག་གི་སྐབས་ནས་ལྷ་རྣམས་མཆོད་ཅིང་གཤེགས་སུ་གསོལ་བའི་དེ་ཁོ་ན་ཉིད་བསྟན་ཏོ། །ཀུན་རིག་གི་རས་བྲིས་ཀྱི་སྐབས་ནས་འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད་དེ་བདག་གི་དེ་ཉིད་དྲན་པས་ནི་བདག་བསྲུང་བ་ནི་སྲུང་བའི་དེ་ཁོ་ན་ཉིད་བསྟན་ཏོ། །ཡང་དངོས་སུ་
ཏིང་ངེ་འཛིན་ཐབས་ཡིན་པས་དེ་བརྗོད་པར་བྱ་སྟེ། དེ་ཡང་རྩ་བའི་རྒྱུད་ཀྱིས་བཤད་པར་བྱའོ། །ངན་སོང་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ནས་བརྩམས་ཏེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་བཞིས་བཤད་པ་ངས་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བའི་བར་གྱིས་
ངན་འགྲོ་སྦྱོང་ཞིང་ནོར་བུ་དྲི་མ་མེད་པ་ལུང་བསྟན་པ་སྟེ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ་ཞེས་བྱ་
བའི་བར་གྱི་གཞུང་གིས་ཚངས་པ་ལ་སོགས་པའི་འཇིག་རྟེན་པའི་ལྷའི་དཀྱིལ་འཁོར་དུ་དགོད་པའི་ཕྱིར་དང་ལྷ་རྣམས་བསྐྱེད་པའི་ཕྱིར་གསང་སྔགས་བཤད་པ་སྟེ་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་ཏོ། །དེ་ནས་བསྡུ་ཞིང་བྱིན་གྱིས་བརླབ་པ་ནས་བརྩམས་
ཏེ་ལས་ཀྱི་རྒྱལ་པོ་མཆོག་འཕགས་པ་གསང་ཞིང་སྲ་བའི་མཆོག་མཐོན་པོ་ལས་བཤད་པ་བཞིན་དུ་ཤེས་པར་བྱའོ། །དབང་དང་དམ་ཚིག་ཐོབ་པས་ཐབས་འདི་ཉིད་ལ་འཇུག་པར་བྱ་བའི་ཕྱིར་དེ་ནས་ལྷ་རྣམས་ཀྱི་དབང་པོ་ཞེས་བྱ་བ་ནས་བརྩམས་ཏེ། བརྩེར་ལྡན་དངོས་གྲུབ་མྱུར་
དུ་འགྲུབ། །ཅེས་བྱ་བའི་བར་གྱི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་སྟོན་ཏོ། །དེ་ཉིད་དུ་དབང་དང་དམ་ཚིག་ཐོབ་པ་རྣམས་ལ། ཇི་ལྟར་འདོད་པའི་དངོས་གྲུབ་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར།
Vol. 67 · folio 222a
དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནས། གནོད་སྦྱིན་རྒྱུ་སྐར་གདོང་ལ་སོགས། །ཚིག་ཙམ་གྱིས་ནི་དྲན་བཞིན་དུ། །ཞི་བ་ལ་སོགས་ལས་ཀུན་བྱེད། །ཅེས་བྱ་བའི་བར་གྱི་གཞུང་གིས་དངོས་གྲུབ་སྟོན་
ཏོ། །ཡང་འདི་ཉིད་དུ། དབང་དང་དམ་ཚིག་ཐོབ་པ་རྣམས་ལ། སྡིག་པ་ཆེན་པོ་བྱས་པས་སེམས་ཅན་དམྱལ་བ་ལ་སོགས་པའི་ནང་དུ་གྱུར་པ་རྣམས་ཐབས་སླ་བས་གྲོལ་བར་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་བྱ་བ་
ནས། བདེ་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་བྱ་བའི་བར་གྱི་གཞུང་གིས་ཤི་བའི་དབང་དུ་གྱུར་པའི་ཆོ་ག་བསྟན་ཏོ། །དེ་ནས་བརྒྱ་བྱིན་ལ་སོགས་ལྷས། །པདྨ་ལྟ་བུའི་མིག་ཕྱེ་ནས། །ཞེས་པ་ནས་བརྩམས་ཏེ་བག་ཡོད་པར་གྱིས་ལ་སྒྲུབས་ཤིག་ཅེས་བྱ་བའི་
བར་གྱི་གཞུང་གིས་ནོར་བུ་དྲི་མ་མེད་པ་དགའ་ལྡན་དུ་སྐྱེས་པ་དང་། རྒྱུད་གཏད་པ་བསྟན་ཏེ། རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་བསྟན་ཏོ། །རྒྱུད་ཕྱི་མའི་བསྡུས་པའི་དོན་བསྟན་པར་བྱ་སྟེ་དེ་ལས་ཀྱང་དང་པོར་གཙུག་ཏོར་དགུའི་བསྡུས་པའི་དོན་བསྟན་པ་སྟེ། འདིར་དང་པོར་
སྦྱོར་བའི་ཏིང་ངེ་འཛིན་ནི་རྩ་བའི་རྒྱུད་ལས་བཤད་པ་ལས་ཕྱག་ན་རྡོ་རྗེ་དང་བཅས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས་བརྩམས་ཏེ། ཧཱུཾ་ཕཊ་ཅེས་པའི་བར་གྱི་གཞུང་གིས་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །ལས་རྒྱལ་
མཆོག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཐབས་དེ་ལ་འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པས་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་ལས་ཐམས་ཅད་བྱེད་
པའི་བར་གྱི་གཞུང་གིས་སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་བསྟན་ཏོ། །འདི་ལས་གསུངས་པའི་དངོས་གྲུབ་རྣམས་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་གཞན་ལས་གསུངས་པའི་ཐབས་ཀྱིས་འགྲུབ་བོ་ཞེས་བྱ་བར་བརྟག་པ་གཞན་གྱི་ཆོ་
Vol. 67 · folio 222b
གས་ཀྱང་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བས་སྟོན་ཏོ། །འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པའི་སློབ་དཔོན་གྱིས་ཤི་བའི་རོ་ལ་སོགས་པ་ལ་བཟླས་པ་དང་སྦྱིན་སྲེག་དང་དབང་རྣམས་ཀྱིས་གྲོལ་བར་བྱེད་དོ་ཞེས་པའི་དོན་བསྟན་པར་བྱ་བའི་ཕྱིར་ལྷ་དང་ཀླུ་དང་ཞེས་
བྱ་བ་ནས་བརྩམས་ཏེ་ཡོངས་སུ་གྲོལ་བར་བྱེད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་དང་ཕྱི་མའི་ཡང་ཕྱི་མ་ལས་གསུངས་པའི་ལྷ་རྣམས་བསྒྲུབ་པའི་ཕྱིར། རྒྱས་གདབ་པོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་
རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས་ཞེས་བྱ་བ་ནས། དེ་ལས་བསྐྱེད་ནས་བསྙེངས་པའོ། །ཞེས་པའི་བར་གྱི་གཞུང་གིས་བསྟན་ཏོ། །ཡང་འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པས་རས་རིས་མཆོད་དེ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་བསྙེན་པ་བྱས་
ནས་ལས་ཐམས་ཅད་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྒྲུབ་པར་བསྟན་ཏོ། །དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་ཞེས་བྱ་བ་ནས། གཞན་ཡིན་པར་མི་ལྟའི་ལྷའི་འཁོར་འདི་ཉིད་ཡིན་ནོ་ཞེས་བྱ་བའི་བར་གྱི་གཞུང་གིས་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལས་ཀྱི་རྣམ་པར་
སྨིན་པ་ཅི་ལས་གྱུར་པ་བསྟན་ཏོ། །གཙུག་ཏོར་དགུའི་བསྡུས་པའི་དོན་ཏོ། །ད་ནི་ཚེ་ཚད་མེད་པའི་བསྡུས་པའི་དོན་བཤད་པར་བྱ་སྟེ། སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནི་གཙུག་ཏོར་དུ་བཤད་པ་ཉིད་དོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་རྣམས་ཡིད་རབ་ཏུ་མགུ་ཞིང་རངས་ནས་ཞེས་
བྱ་བ་ནས། གསང་བའི་བདག་པོས་བཤད་དུ་གསོལ། །ཞེས་བྱ་བའི་གཞུང་གིས་བསྟོད་ཅིང་གསོལ་བ་གདབ་པར་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་རྨད་ཀྱི་ཡ་མཚན་དུ་མ་འཇིག་རྟེན་དུ་སྣང་བར་གྱུར་ཏོ་ཞེས་བྱ་བའི་བར་གྱི་གཞུང་གིས་
དཀྱིལ་འཁོར་སྤྲུལ་པའི་གསང་སྔགས་བསྟན་ཏེ་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་བསྲུང་བ་དང་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཚེ་ཚད་མེད་པའི་དཀྱིལ་འཁོར་འདི་ཉིད་དུ་དབང་དང་དམ་ཚིག་ལ་སོགས་པ་ཐོབ་པས་
Vol. 67 · folio 223a
ཐབས་དེ་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་འདི་ཡིན་ཏེ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་བྱ་བ་ནས་བརྩམས་ཏེ་ཨ་བྷི་ཥིཉྩ་ཧཱུཾ་ཨ་ཞེས་བྱ་བའི་བར་གྱི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་
མ་གཞུག་པ་ལ་སོགས་པ་སྟོན་ཏོ། །དེ་ཉིད་དུ་དབང་དང་དམ་ཚིག་ལ་སོགས་པ་ཐོབ་པ་ལ་དངོས་གྲུབ་སྦྱིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ལྟར་དབང་བསྐུར་ནས་ཚེ་བསྲིང་བའི་རིག་པ་སྦྱིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། བརྟག་མི་དགོས་པར་ཐེ་ཚོམ་མེད། །
ཅེས་བྱ་བའི་གཞུང་གིས་ཚེ་ཚད་མེད་པའི་དངོས་གྲུབ་བསྟན་ཏོ། །ཚེ་ཚད་མེད་པའི་བསྡུས་པའི་དོན་ཏོ། །ད་ནི་འཇིག་རྟེན་པའི་ལྷ་ལ་སྲིད་པ་རྗེས་སུ་འཛིན་པར་བྱེད་པའི་དོན་དུ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བསྟན་ཏོ། །དེ་ལ་དང་པོ་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་
བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིའི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནི་གཙུག་ཏོར་དུ་བཤད་པ་ལས་རྒྱལ་པོ་ཆེན་པོ་བཞི་དང་བཅས་པའོ། །རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་ཀྵ་ཞེས་བྱ་བའི་བར་གྱི་
བཤད་པས་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །ལས་ཀྱི་རྒྱལ་པོ་མཆོག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པས་ཐབས་དེ་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་དག་དཀྱིལ་འཁོར་འདི་
ཡིན་ཏེ། །ཞེས་བྱ་བ་ནས། ཕྱག་ན་རྡོ་རྗེ་ལ་ཡང་འཁུས་པར་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པ་སྟོན་ཏེ་རྒྱལ་པོ་ཆེན་པོ་བཞིའི་བསྡུས་པའི་དོན་ཏོ། །དེ་ནས་ཕྱོགས་སྐྱོང་བཅུ་རྣམས་ཀྱི་དཀྱིལ་འཁོར་གྱི་
དོན་བསྡུས་པའི་དོན་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏེ། འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི། གཙུག་ཏོར་དུ་གསུངས་པ་ལས་ཕྱོགས་སྐྱོང་བ་བཅུ་དང་བཅས་པ་ཡིན་ནོ། །ཕྱོགས་སྐྱོང་བ་བཅུ་
Vol. 67 · folio 223b
རྣམས་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་པྲ་ཞེས་བྱ་བའི་བར་གྱི་གཞུང་གིས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །ལས་ཀྱི་རྒྱལ་པོ་མཆོག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པས་ཐབས་དེ་ལ་འཇུག་པར་བྱའོ་ཞེས་
པའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་བདག་ཉིད་ཀྱིས་ཀྱང་ཡོངས་སུ་བསྐྱབ་པར་བྱའོ་ཞེས་བྱ་བའི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པ་བསྟན་ཏོ། །ཕྱོགས་སྐྱོང་བ་བཅུའི་
བསྡུས་པའི་དོན་ཏོ། །གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་སྟེ། འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་གཙུག་ཏོར་
དུ་བཤད་པ་ལས་གཟའ་ཆེན་པོ་བརྒྱད་རྒྱུ་སྐར་དང་བཅས་པ་ཡིན་ནོ། །གཟའ་ཆེན་པོ་བརྒྱད་ཅེས་པ་ནས། ཨོཾ་ཧ་ཞེས་བྱ་བའི་གཞུང་གིས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་ཏོ། །ལས་ཀྱི་རྒྱལ་པོ་མཆོག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཐབས་དེ་ལ་
དམ་ཚིག་དང་དབང་ཐོབ་པས་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས་གདོན་མི་ཟ་བར་འཇིགས་པ་མི་འབྱུང་ངོ་ཞེས་བྱ་བའི་བར་གྱིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་དཀྱིལ་འཁོར་དུ་
འཇུག་པའི་ཆོ་ག་གསུངས་པ་ཡིན་ནོ། །གཟའ་ཆེན་པོ་བརྒྱད་ཀྱི་བསྡུས་པའི་དོན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བསྟན་ཏེ་དེ་ནས་ཞེས་བྱ་བ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་
འཛིན་ནི་གཙུག་ཏོར་དུ་བཤད་པ་ལས་ཀླུ་ཆེན་པོ་བརྒྱད་དང་བཅས་པ་ཡིན་ནོ། །དེ་ནས་ཀླུ་ཆེན་པོ་ནས་ཞེས་བྱ་བ་ནས། ཨོཾ་ཕུཿཞེས་བྱ་བའི་བར་གྱི་གཞུང་གིས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་ཏོ། །བསྡུ་ཞིང་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །
Vol. 67 · folio 224a
འདི་ཉིད་དུ་དམ་ཚིག་དང་དབང་ཐོབ་པས་ཐབས་དེ་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་དག་གི་དཀྱིལ་འཁོར་བཤད་དེ། པདྨ་ཆེན་པོ་འདབ་མ་བརྒྱད་པ་ཞེས་བྱ་བ་ནས་རྡོ་རྗེ་འཛིན་པའི་བཀའ་རབ་ཏུ་བསྒྲུབ་པར་བགྱིའོ་ཞེས་བྱ་
བའི་བར་གྱི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པ་སྟོན་ཏོ། །ཀླུའི་དཀྱིལ་འཁོར་འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པས་བསམ་པའི་དཀྱིལ་འཁོར་ལ་བརྟེན་ཏེ་དུག་བསལ་བའི་དངོས་གྲུབ་བསྟན་པའི་ཕྱིར། དེ་ནས་བསྒྲུབ་པ་བཤད་དེ་
ཞེས་བྱ་བ་ནས། སྦྲུལ་མགོའི་ཕྱག་རྒྱས་སྨོས་ཅི་དགོས། །ཞེས་བྱ་བའི་བར་གྱིས་དངོས་གྲུབ་སྟོན་ཏོ། །ཀླུ་ཆེན་བརྒྱད་ཀྱི་བསྡུས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དང་པོའི་སྦྱོར་བའི་
རྗེས་ཐོགས་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་གཙུག་ཏོར་དུ་བཤད་པ་ལས་འཇིགས་བྱེད་ཆེན་པོ་མ་མོ་བརྒྱད་དང་བཅས་པ་ཡིན་ནོ། །དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་བྱེད་ཆེན་པོ་བྱེད་པ་ཞེས་བྱ་བ་ནས། ཨོཾ་བྷ་སྭཱ་ཧཱ་ཞེས་བྱ་བའི་བར་གྱི་
གཞུང་གིས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་ཏོ། །ལས་ཀྱི་རྒྱལ་པོ་མཆོག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པས་ཐབས་དེ་ལ་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་
དེ་ཞེས་བྱ་བ་ནས། དེ་ལྟར་བརྒྱད་ཀྱིས་དབང་བསྐུར་རོ། །ཞེས་བྱ་བའི་བར་གྱིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་སྟོན་ཏོ། །དེ་ཉིད་དུ་དབང་དང་དམ་ཚིག་ཐོབ་པ་ལ་སོགས་པ་ལ་ལས་སྦྱིན་ནོ་ཞེས་བྱ་བའི་དོན་འདི་བསྟན་
པར་བྱ་བའི་ཕྱིར། དེ་ནས་ལས་རྣམས་སྦྱིན་པར་བྱ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། བྱིན་ནས་དགོད་ཅིང་གྲོལ་བར་བྱེད། །སྐྲག་ནས་དེ་མ་ཐག་ཏུ་གསོད། །ཅེས་བྱ་བའི་བར་གྱིས་དངོས་གྲུབ་བསྟན་ཏེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་ཏོ། །དེ་ནས་
Vol. 67 · folio 224b
ཞེས་བྱ་བ་ལ་སོགས་པས་ལྷ་ཆེན་པོའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་གཙུག་ཏོར་དུ་བཤད་པ་ལས་ཚངས་པ་ལ་སོགས་ཏེ་ལྷ་ཆེན་པོ་དང་བཅས་པ་ཡིན་ནོ། །དེ་ནས་ཚངས་
པ་ཞེས་བྱ་བ་ནས་ཨོཾ་ག་ཞེས་བྱ་བའི་བར་གྱི་གཞུང་གིས་དཀྱིལ་འཁོར་རྒྱལ་པོ་མཆོག་བསྟན་ཏོ། །ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས། བུམ་པའི་ཆུས་ནི་དབང་བསྐུར་རོ། །ཞེས་བྱ་བའི་
བར་གྱི་གཞུང་གིས་ཐབས་དེ་ལ་འཇུག་པའི་ཕྱིར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པ་སྟོན་ཏོ། །དེ་ཉིད་དུ་དམ་ཚིག་ཐོབ་པ་རྣམས་ལ། དེ་ནས་ལྷ་རྣམས་གང་དགའ་བའི། །དངོས་གྲུབ་རབ་ཏུ་སྦྱིན་པ་རྣམས། །ཞེས་བྱ་བ་ནས་
བརྩམས་ཏེ། བདེ་འདོད་ཚད་མེད་གསོལ་བ་གདབ། །ཅེས་བྱ་བའི་བར་གྱིས་དངོས་གྲུབ་ཀྱི་ཆོ་ག་སྟོན་ཏོ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་ཞེས་བྱ་བ་ནས། དབང་ཕྱུག་ཆེན་པོ་ཉིད་ཀྱང་གསལ་བར་བགྱིའོ་ཞེས་བྱ་བའི་བར་གྱིས་འཇིག་རྟེན་པ་དང་འཇིག་རྟེན་པ་ལས་
འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་ཕན་ཡོན་སྟོན་ཏེ། ལྷ་ཆེན་པོའི་དཀྱིལ་འཁོར་གྱི་བསྡུ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འཆི་བདག་འཇོམས་པའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་དང་པོའི་སྦྱོར་བའི་རྗེས་ཐོགས་ལ་སྟེ། འདིར་དང་པོའི་སྦྱོར་བའི་
ཏིང་ངེ་འཛིན་ལ་གཙུག་ཏོར་དུ་བཤད་པ་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དཀྱིལ་འཁོར་ལ་གཟིགས་ནས་ཞེས་བྱ་བ་ནས་བརྩམས་ནས། ཨོཾ་སརྦྦ་སྭཱ་ཧཱ་གསང་བའི་སྙིང་པོའོ་ཞེས་པའི་བར་གྱི་གཞུང་གིས་བཤད་པར་གསོལ་བ་གདབ་པ་དང་
དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །ལས་རྒྱལ་མཆོག་སྔ་མ་དང་འདྲའོ། །ཐབས་དེ་ཉིད་ལ་དབང་དང་དམ་ཚིག་ལ་སོགས་པ་ཐོབ་པས་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས། གཞན་ཡང་ཅི་བཞེད་ཐམས་
Vol. 67 · folio 225a
ཅད་ནི། །ཕན་པར་བྱ་ཕྱིར་བླ་མར་དབུལ། །ཞེས་བྱ་བའི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པ་སྟོན་ཏོ། །དེ་ནས་བྱང་ཆུབ་བར་དུ་ནི། །ཞེས་བྱ་བ་ནས། དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །
ཞེས་བྱ་བའི་གཞུང་གིས་རྟོག་པ་ཐམས་ཅད་ཀྱི་དམ་ཚིག་སེམས་དཔར་བསྐྱེད་པར་བྱ་བ་དང་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་། ཕྱག་རྒྱས་གདབ་པ་དང་། མཆོད་པ་བསྒྲུབ་པའི་ཚོགས་བསྟན་ཏོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་ཞེས་བྱ་
བ་ནས་བརྩམས་ཏེ་གྲོལ་བར་འགྱུར་རོ་ཞེས་བྱ་བའི་གཞུང་གིས་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་སྟོན་ཏོ། །དེ་ནས་ལྷ་ཆེན་དེ་དག་གིས། །ཞེས་བྱ་བ་ནས་བརྩམས་ཏེ་སྡིག་པ་ཆུང་ངུ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་གཞུང་གིས་ཚེ་འདི་དང་ངན་འགྲོར་སྐྱེས་ཟིན་
པ་རྣམས་ཀྱི་མིང་ལ་སོགས་པ་བཀུག་ལ་ཞག་བདུན་དུ་དབང་བསྐུར་བ་དང་མིང་ནས་སྨོས་ཏེ་བཟླས་པའི་ཆོ་ག་བྱ་བ་བསྟན་ཏོ། །ལྷ་ཡི་བུ་རྣམས་ཤི་བ་ཡི། །ཞེས་བྱ་བ་ནས། མྱུར་དུ་བདེ་སྐྱེད་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་གྱིས་ངན་འགྲོར་སྐྱེས་ཟིན་པ་རྣམས་སྦྱིན་
སྲེག་བཞིས་སྦྱོར་བ་སྟོན་ཏེ། དེ་ནས་ཚངས་པ་ལ་སོགས་པའི་ལྷ་རྣམས་ཡིད་མགུ་ནས་ལེགས་པར་སྒྲུབས་ཤིག་ཅེས་བྱ་བའི་གཞུང་གིས་རྟོག་པའི་རྒྱལ་པོའི་ཕན་ཡོན་དང་རྒྱུད་གཏད་པ་བསྟན་ཏོ། །འཆི་བདག་འཇོམས་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་ཏོ། །དེ་ནས་
ཞེས་བྱ་བ་ལ་སོགས་པས་བདེ་བ་ཆེན་པོའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་སྦྱོར་བ་དང་པོའི་རྗེས་ཐོགས་ལ་སྟེ་འདིར་ཕྱག་ན་རྡོ་རྗེ་ཉིད་སྤྲུལ་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་བཛྲ་ཧཱུཾ་ཨ་ཞེས་བྱ་བའི་བར་གྱི་གཞུང་གིས་བདེ་བ་ཆེན་པོའི་
དཀྱིལ་འཁོར་རྒྱལ་པོ་མཆོག་སྟོན་ཏོ། །ལས་རྒྱལ་པོ་མཆོག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །བདེ་བ་ཆེན་པོ་དཀྱིལ་འཁོར་འདི་ཉིད་དུ་དབང་ཐོབ་པས་འཇུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནས། སིདྡྷ་
Vol. 67 · folio 225b
ཡེ་ཧཱུཾ་ཞེས་བྱ་བའི་བར་གྱིས་སློབ་དཔོན་ལས་ཀྱི་ཆོ་ག་དང་སློབ་མ་གཞུག་པ་ལ་སོགས་པ་བསྟན་ཏེ། དེ་ནས་ལས་རྣམས་ཐམས་ཅད་བྱེད་དུ་གཞུག་ཅིང་ཞེས་བྱ་བ་ནས། རྡོ་རྗེ་ལས་དང་མཉམ་པར་འགྱུར། །ཞེས་བྱ་བའི་གཞུང་གིས་དེ་ཉིད་དུ་དབང་དང་དམ་ཚིག་ཐོབ་པ་ལ་དངོས་གྲུབ་
སྦྱིན་པ་སྟོན་ཏོ། །དེ་ནས་ལས་རྣམས་བཤད་པར་བྱ་སྟེ། ཞི་བ་དང་ནི་རྒྱས་པའི་ལས། །དེ་ལྟར་དབང་དང་མངོན་སྤྱོད་རྣམས། །ཞེས་བྱ་བ་ནས་བརྩམས་ཏེ། འདོད་པ་ཀུན་ཀྱང་དབང་དུ་བྱེད། །ཅེས་བྱ་བའི་བར་གྱིས་ལས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས།
ཨུཏྤ་ལ་ནི་སྒྲོལ་མར་དགོངས། །ཞེས་བྱ་བའི་བར་གྱི་གཞུང་གིས་རྟོག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་དུས་སུ་རྒྱས་གདབ་པའི་ཕྱག་རྒྱ་བསྟན་ཏོ། །གཞན་ཡང་རྟོག་པ་ཐམས་ཅད་ཀྱི་ལྷ་བསྐྱེད་པ་དང་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་དུས་སུ་མི་
མཐུན་པའི་ཕྱོགས་གཞོམ་པ་ནི་བརྡུང་བའི་སྔགས་ནི་ས་ཞེས་བྱ་བ་ནས་ཁ་ཐམ་ཞེས་བྱ་བའི་གཞུང་གིས་སྟོན་ཏེ་བདེ་བ་ཆེན་པོའི་དཀྱིལ་འཁོར་བསྡུས་པའི་དོན་ཏོ། །གཙུག་ཏོར་ནས་བརྩམས་ཏེ་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱིས་རྒྱུད་ཕྱི་མའི་དོན་བསྟན་ནས། ཁྲོ་བོའི་འཁོར་ལོ་
བཤད་པ་རྒྱུད་ཕྱི་མའི་ཕྱི་མ་བསྟན་ཏེ་ཇི་སྐད་དུ། ལྟ་ངན་ཆགས་དང་བྲལ་བ་ལ། །གསང་བ་འདི་ནི་མི་རིགས་སོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དེ་ནས་ཡང་དག་བཤད་པར་བྱ། །ཞེས་བྱ་བ་གསུངས་པས་འདིར་ལྟ་བ་ངན་པ་ཆགས་པ་དང་བྲལ་བ་ནི་ཁྲོ་བོའི་བདག་ཉིད་
ཅན་ཡིན་པས་དེ་གདུལ་བའི་དོན་དུ་གཙོ་བོར་ཁྲོ་བོའི་བདག་ཉིད་ཅན་འདི་བསྟན་ཏོ། །དེ་ནས་ལྷ་རྣམས་ཀུན་མགུ་ནས། །ཞེས་པ་ནས། རྡོ་རྗེ་སེམས་དཔའི་སྐུར་ཞུགས་ནས། །ཞེས་བྱ་བའི་བར་གྱི་གཞུང་གིས་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་སྟོན་ཏོ། །འདིར་དེ་ནི་
གཙུག་ཏོར་དུ་བཤད་པ་ལས་ཁྲོ་བོའི་སྐུར་བསྒྱུར་བ་དང་བཅས་པ་ཡིན་ནོ། །རྡོ་རྗེ་གཉིས་སུ་མེད་པར་ཞེས་བྱ་བ་ནས། ཨོཾ་བཛྲ་ཀཱ་ལ་ཡ་ཙཀྲ་ཧཱུཾ་ཕཊ་ཅེས་བྱ་བའི་གཞུང་གིས་ཁྲོ་བོའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་སྟོན་ཏོ། །སྒོ་དབྱེ་བ་སྔོན་དུ་འགྲོ་བས་བསྡུ་ཞིང་བྱིན་གྱིས་
Vol. 67 · folio 226a
བརླབ་པ་ནས་བརྩམས་ཏེ། ལས་ཀྱི་རྒྱལ་པོ་མཆོག་ནི་གསང་ཞིང་སྲ་བ་མཐོན་པོ་ལས་བཤད་པ་བཞིན་ཤེས་པར་བྱའོ། །འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པས་ཐབས་དེ་ལ་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་དེ་དག་གི་དཀྱིལ་འཁོར་
མི་བཟད་པ་ཞེས་བྱ་བ་ནས་དེ་བཞིན་དབང་བསྐུར་བར་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་སློབ་དཔོན་ལས་ཀྱི་ཆོ་ག་དང་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་སྟོན་ཏོ། །འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པ་རྣམས་ལ་དངོས་གྲུབ་བསྟན་པའི་ཕྱིར། དེ་ནས་དཀྱིལ་འཁོར་གྱི་བསྒྲུབ་
པ་བཤད་དེ་ཞེས་བྱ་བ་ནས། བཟླས་པའི་ཚུལ་བཞིན་བསམ་པར་བྱ། །ཞེས་བྱ་བའི་བར་གྱི་གཞུང་གིས་དངོས་གྲུབ་སྟོན་ཏོ། །དེ་ནས་འབྲུབ་ཁུང་རྣམས་གཅིག་ནི། །ཞེས་བྱ་བ་ནས། རྡོ་རྗེ་འདོད་པ་རྟག་ཏུ་བཟླས། །དབང་གི་ལས་སོ་ཞེས་བྱ་བའི་གཞུང་གིས་སྦྱིན་སྲེག་གི་ཆོ་
ག་སྟོན་ཏོ། །རྟོག་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ་ཡང་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་བསྟོད་ནས་ཕྱག་རྒྱ་དགྲོལ་ཏེ་གཤེགས་སུ་གསོལ་བར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །ཞེས་བྱ་བ་ནས་རྗེས་སུ་
ཡི་རང་ངོ་ཞེས་བྱ་བའི་གཞུང་གིས་བསྟན་ཏོ། །རྡོ་རྗེ་ཉི་མ་མེའི་བསྡུས་པའི་དོན་ཏོ། །དེ་ལྟར་བསྡུས་པའི་དོན་བཤད་ནས། །ཤཱཀྱ་ཐུབ་པ་ཉིད་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དཀྱིལ་འཁོར་དང་། སྦྱིན་སྲེག་དང་རས་རིས་ལ་སོགས་པ་སྣང་བ་རྣམས་ནི་བརྗོད་པར་
བྱ་བ་ཡིན་ལ། དེ་སྟོན་པའི་གཞུང་གི་ཆོ་ག་ནི་རྒྱུད་ཡིན་ཏེ་རྒྱུད་དང་བརྗོད་པར་བྱ་བ་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དུ་འབྲེལ་པའོ། །རྒྱུད་ལ་བརྟེན་ནས་ཤཱཀྱ་ཐུབ་པ་ལ་མངོན་པར་འདོད་པ་བསྐྱེད་པ་ནི་དགོས་པའོ། །མངོན་པར་འདོད་པ་བསྐྱེད་པའི་
མངོན་སུམ་དུ་བྱས་པ་ནི་དགོས་པའི་ཡང་དགོས་པའོ། །ཡང་འདིའི་མཚན་ཉིད་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གླེང་གཞི་དང་རྩ་བའི་རྒྱུད་དུ་གཏོགས་པའི་ཀུན་རིག་གི་དཀྱིལ་འཁོར་དང་། རྒྱུད་ཕྱི་མར་གཏོགས་པ་གཙུག་ཏོར་དགུ་ནས་བརྩམས་ཏེ་བདེ་
Vol. 67 · folio 226b
བ་ཆེན་པོའི་དཀྱིལ་འཁོར་གྱི་བར་དང་། རྒྱུད་ཕྱི་མའི་ཕྱི་མ་ཁྲོ་བོའི་དཀྱིལ་འཁོར་ཏེ་བསྡུས་པའི་དོན་རྫོགས་སོ།། །།དེ་ལ་འདི་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ཞེས་བྱ་བའོ། །དེ་ལ་ངན་སོང་ཐམས་ཅད་ཅེས་བྱ་བ་ནི་སེམས་ཅན་
རྣམས་དམྱལ་བ་དང་ཡི་དགས་དང་བྱོལ་སོང་ངོ་། །དེ་ཡོངས་སུ་སྦྱོང་བ་ནི་སེམས་ཀྱི་ཉོན་མོངས་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡོངས་སུ་སྦྱོང་བའོ། །དེ་ཡང་འདི་སྐད་དུ་འདི་ཉིད་ལས། མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །
ཅེས་གསུངས་པའི་ཕྱིར་རོ། །ཡང་ན་ངན་སོང་ཐམས་ཅད་ནི་སེམས་ཅན་ཐམས་ཅད་དོ། །དེ་ཡོངས་སུ་སྦྱོང་བ་ནི་སེམས་ཀྱི་ཉོན་མོངས་པའི་ལས་ལས་གྲོལ་བའོ། །ཇི་སྐད་དུ་འདི་ཉིད་ལས་ཀུན་དུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཉོན་མོངས་པའི་འཆིང་བ་
ལས་རྣམ་པར་གྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས་ཞེས་གསུངས་པའི་ཕྱིར་རོ། །དེའི་གཟི་བརྗིད་ནི་སེམས་ཅན་གྱི་ཁམས་ཀུན་དུ་དཀྱིལ་འཁོར་དང་སྦྱིན་སྲེག་དང་རས་རིས་ལ་སོགས་པ་སྣང་བར་བྱེད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། ཨེ་མའོ་སེམས་ཅན་ཁམས་ཀུན་དུ། །སྣང་
བྱེད་གཟི་བརྗིད་དཔེ་མེད་བདག །ཅེས་གསུངས་པའི་ཕྱིར་རོ། །རྒྱལ་པོ་ནི་ཀུན་ལས་ཁྱད་པར་དུ་གྱུར་པས་མཛེས་ཤིང་འབར་བར་གྱུར་པས་རྒྱལ་པོ་སྟེ་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཡང་ཇི་སྐད་དུ་རྡོ་རྗེ་རྩེ་མོ་ལས། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །ཀུན་མཆོག་སྲིད་པའི་དབང་
ཕྱུག་གིས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་བརྟག་པ་སྟེ་རྡོ་རྗེ་རྩེ་མོ་ལས། གཞན་ཡང་གསང་བར་བརྟགས་པས་ན། །དེ་ཕྱིར་བརྟག་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་རྣམས་
དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྣམས་ནི་ངན་སོང་ཐམས་ཅད་དོ། །ཡོངས་སུ་སྦྱོང་བ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་བཀོད་པ་དང་རྣམ་པར་རྟོག་པ་མ་ལུས་པར་སྤངས་པའོ། །ཇི་སྐད་དུ་འདི་ཉིད་ལས། གང་ཕྱིར་ངན་སོང་ཐམས་ཅད་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་
Vol. 67 · folio 227a
བཀོད། ཅེས་པ་དང་། སེམས་ཉིད་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་སྤངས། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱིས་སེམས་ཅན་ཀུན་ལ་མི་འཇིགས་པ་སྦྱིན་པ་ནི་གཟི་བརྗིད་དོ། །ཇི་སྐད་དུ། སེམས་ཅན་ཀུན་ལ་མི་
འཇིགས་པ། །རྡོ་རྗེ་གཟི་བརྗིད་དུ་ཞེས་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེའི་རྒྱལ་པོ་ནི་སྔ་མ་བཞིན་ནོ། །བརྟག་པ་ནི་མི་རྟོག་པའི་དོན་ལ་བརྟག་པ་སྟེ་ཇི་སྐད་དུ་རྩ་བའི་རྒྱུད་ལས། དེ་ལ་མི་རྟོག་རྟོག་པའི་བདག །རྟོག་པ་བརྟགས་པ་ལས་བྱུང་བ། །ཅེས་
གསུངས་པའི་ཕྱིར་རོ། །མཚན་བཤད་ཟིན་ཏོ། །དེ་ལྟ་བུའི་རྒྱུད་སྡུད་པར་བྱེད་པ་ས་བཅུ་པའི་དབང་ཕྱུག་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པ་རྡོ་རྗེ་འཆང་བས་བློ་ལ་བཞག་ནས་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འདི་སྐད་ཅེས་བྱ་བ་ནི་ཡང་དག་པར་བསྡུས་
པའི་བཤད་མ་ཐག་པའི་གཞུང་དང་དོན་གྱི་ངོ་བོ་ཉིད་དོ། །བདག་གིས་ཞེས་པས་ནི་བདག་ཉིད་ཡིན་པར་སྟོན་ཏེ་བདག་ཉིད་ཀྱིས་ཐོས་ཀྱི་བརྒྱུད་དེ་འོངས་པ་མ་ཡིན་ནོ། །འདིས་ནི་བདག་ཉིད་ཀྱིས་ཐོས་པ་སྟོན་ཏོ། །ཐོས་པ་ཞེས་བྱ་བ་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱིས་
ཐོས་ཀྱི་རྟོགས་པས་ནི་མ་ཡིན་ནོ། །འདིས་ནི་མ་འོངས་པ་དང་མ་རྟོགས་པ་ཉིད་དུ་སྟོན་ཏོ། །གང་གི་ཚེ་ཐོས་ཤེ་ན་དུས་གཅིག་ན་ཞེས་བྱ་བ་སྨོས་ཏེ། དུས་གཅིག་གི་དུས་ན་ཐོས་ཀྱི་གཞན་དུ་གཞན་ཐོས་སོ་ཞེས་བྱ་བ་ཡིན་ཏེ་འདིས་ནི་ཐོས་པ་མང་བར་སྟོན་ཏོ། །ཡང་ན་དུས་
གཅིག་ན་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ལ་ཀུན་ཐོས་ཏེ་དུས་གསུམ་གྱི་བསྐལ་པ་རྣམས་སོ་སོར་སྣང་བས་ཐམས་ཅད་ཐོས་པ་སྟེ་འདིས་ནི་ཚད་མེད་པའི་སྐྱེས་བུ་ཡིན་པར་སྟོན་ཏོ། །ཡང་ན་དུས་གཅིག་ན་བྱ་བས་ནི་རྒྱུད་འདི་དུས་གཅིག་ན་འབྱུང་བས་འབྱུང་དཀའ་བར་བསྟན་ཏོ། །
ཁྱོད་ཀྱིས་གང་ལས་ཐོས་ཞེས་རྟོག་པ་དག་གི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་སྨོས་ཏེ་ཉོན་མོངས་པ་དང་། ལྷའི་བུ་དང་། ཕུང་པོ་དང་། འཆི་བདག་གི་བདུད་ཀྱི་མཚན་ཉིད་ཅན་དུ་གནས་པའི་བདུད་རྣམས་བཅོམ་པས་ན་བཅོམ་ལྡན་འདས་སོ། །ཡང་ན་དབང་ཕྱུག་ལ་སོགས་
Vol. 67 · folio 227b
པའི་ཡོན་ཏན་དྲུག་དང་ལྡན་པས་བཅོམ་ལྡན་འདས་སོ། །དེ་ལྟར་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ནས་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། ལྷའི་ཚོགས་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷའི་ཚོགས་ཐམས་ཅད་ཅེས་བྱ་བ་ནི་འདིར་སུམ་ཅུ་རྩ་གསུམ་
པའི་ལྷ་རྣམས་སོ། །དེ་རྣམས་ཀྱི་དགའ་བའི་ཚལ་ནི་རི་རབ་ཀྱི་རྩེ་ནོར་བུ་དྲི་མ་མེད་པའི་སྟེང་ཚལ་བཞི་ལས་དགའ་བའི་ཚལ་ལོ། །མཆོག་ཏུ་ཡིད་དུ་འོང་བ་ཞེས་བྱ་བ་ནི་བསྟན་པའོ། །དེ་ཉིད་བཤད་པ་ནོར་བུ་དང་ཞེས་བྱ་བ་ལ་སོགས་པ་སྟེ་ནོར་བུ་ནི་རྡོ་རྗེ་ལ་སོགས་པའོ། །
གསེར་གྱི་ཤིང་ཡལ་ག་དང་ལྕུག་མར་བཅས་པ་ཞེས་པ་ནི་ཤིང་ཉིད་གསེར་དུ་སྣང་བ་དང་ལྡན་པའོ། །ཤིང་གེལ་པ་དང་སྨན་དང་མེ་ཏོག་ཀ་མ་ལ་དང་། ཀ་ནི་ཀ་ར་དང་། བ་ཀུ་ལ་དང་། ཏི་ལ་ཀ་དང་། ཨ་ཤོ་ཀ་དང་། མནྡཱ་ར་བ་དང་། མནྡཱ་ར་བ་ཆེན་པོ་ལ་སོགས་པ་སྣ་
ཚོགས་པ་དང་། དཔག་བསམ་གྱི་ཤིང་རྣམས་ཀྱིས་མཛེས་པར་བྱས་པ་ཞེས་པ་ནི་དེ་རྣམས་ཀྱིས་བརྒྱན་པ་སྟེ་སོགས་པའི་སྒྲས་ནི་མཉྫུ་ཤ་ཀ་ལ་སོགས་པ་བསྡུས་པའོ། །རྒྱན་སྣ་ཚོགས་ཞེས་བྱ་བ་ནི་གདུགས་དང་རྒྱལ་མཚན་དང་ལྷབ་ལྷུབ་དང་ལྡ་ལྡི་ལ་སོགས་པ་སྟེ། དེ་རྣམས་
ཀྱིས་སོ། །བརྒྱན་པ་ནི་སྤུད་པའོ། །འདིས་ནི་ཤིང་དང་། སྨན་དང་། མེ་ཏོག་དང་ལྡ་ལྡི་ཡིད་དུ་འོང་བ་བསྟན་ཏོ། །བྱ་མང་པོ་སྐད་འབྱིན་པ་ཞེས་བྱ་བ་ནི་ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། མཐིང་རིལ་ལ་སོགས་པ་སྐད་ཡིད་དུ་འོང་བ་སྟོན་ཏེ་འདིས་ནི་བྱོལ་སོང་ཡིད་དུ་འོང་བ་
སྟོན་ཏོ། །རྔ་དང་། ཅང་ཏེའུ་དང་། ཀེར་ཀོ་དང་། གླིང་བུ་དང་། རྔ་བོ་ཆེ་ལ་སོགས་པ་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྒྲར་གྲགས་པ་སྟེ་སོགས་པའི་སྒྲས་ནི་དུང་དང་ཆ་ལང་ལ་སོགས་པ་བསྡུའོ། །འདིས་ནི་རོལ་མོའི་ཆ་བྱད་ཡིད་དུ་འོང་བ་སྟོན་ཏོ། །བརྒྱ་བྱིན་དང་། ཚངས་པ་ལ་
སོགས་པའི་ལྷ་དང་ལྷའི་བུ་མོ་རྣམ་པར་རྩེ་བ་ཞེས་བྱ་བ་ནི་དེ་རྣམས་གནས་དེར་ཡིད་མཐུན་པའི་སྒོ་ནས་རྩེ་བའོ། །སོགས་པའི་སྒྲས་ནི་ཚོགས་ཀྱི་བདག་པོ་ལ་སོགས་པ་བསྡུའོ། །འདིས་ནི་ལྷ་རྣམས་ཀྱི་ཡུལ་ཡིད་དུ་འོང་བ་སྟོན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་
Vol. 67 · folio 228a
དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ནི་ཞེས་བྱ་བ་ནི་རྗེས་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ཞེས་བྱ་བའི་དོན་ཏོ། །ལྷའི་བཞུགས་གནས་ཕུན་སུམ་ཚོགས་པ་བསྟན་ནས་བརྒྱ་བྱིན་དང་ཞེས་བྱ་བ་ལ་སོགས་པས་འཁོར་ཕུན་སུམ་ཚོགས་པ་
སྟོན་ཏོ། །བརྒྱ་བྱིན་ནི་མགོ་བོ་བརྒྱ་སྟོང་སྦྱིན་པ་ཉེ་བར་བསགས་ཞེས་པ་ལྟ་བུའོ། །ཚངས་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་མེས་པོར་གྲགས་པ་སྟེ། འཇིག་རྟེན་མེས་པོ་ཚངས་པ་ཡིས། །འཇིག་རྟེན་སྒྲོན་མ་བསྟོད་བྱས་ཏེ། །ཞེས་བྱ་བ་ལྟ་བུའོ། །སོགས་པ་ནི་འཇིགས་
བྱེད་ཆེན་པོ་ལ་སོགས་པའོ། །ལྷ་དང་རིག་པ་འཛིན་དང་། ལྷའི་བུ་མོའི་འཁོར་ཞེས་བྱ་བ་ནི་ལྷ་སྟེ་འདོད་ཁམས་དང་གཟུགས་ཁམས་ཀྱིའོ། །རིག་འཛིན་ནི་རྡོ་རྗེ་རིག་པ་འཛིན་པ་ལ་སོགས་པའོ། །ལྷའི་བུ་མོ་ནི་ཤ་རྩི་ལ་སོགས་པ་སྟེ་དེ་རྣམས་ཀྱི་འཁོར་གྲངས་བྱེ་བ་ཁྲག་
ཁྲིག་སྟོང་ཕྲག་དུ་མ་དང་གནོད་སྦྱིན་དང་ཞེས་བྱ་བ་ནི། དགེ་སྡིག་བསྲེས་མ་ལས་གྱུར་པའོ། །ལྷ་མ་ཡིན་ཞེས་བྱ་བ་ནི་ལྷ་དང་ཡིད་མི་མཐུན་པའོ། །དྲི་ཟ་ཞེས་བྱ་བ་ནི་ཟུར་ཕུད་ལྔ་པ་ལ་སོགས་པའོ། །མི་འམ་ཅི་ཞེས་བྱ་བ་ནི་སྡོང་པོ་ལ་སོགས་པའོ། །ལྟོ་འཕྱེ་ཆེན་པོ་ནི་
ཁྱུས་འགྲོ་བ་ལ་སོགས་པའོ། །ཀླུ་ནི་དགའ་བོ་དང་འཇོག་པོ་ལ་སོགས་པའོ། །སོགས་པ་ནི་འབྱུང་པོ་དང་ཡི་དགས་དང་མ་མོ་ལ་སོགས་པ་སྟེ། དེ་ལྟ་བུའི་འཇིག་རྟེན་པའི་འཁོར་དུ་མ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་
དཔའ་དང་སེམས་ཅན་གྱི་ཚོགས་ཆེན་པོ་ལ་སེམས་དཔའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ལ་ཞེས་བྱ་བ་ནི་གྲངས་སོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་དགོད་པའོ། །བློ་གྲོས་ཚད་མེད་པ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་
ནོ། །བློ་གྲོས་མི་གཡོ་བ་ནི་རྡོ་རྗེ་སེམས་དཔའོ། །བློ་གྲོས་ཡངས་པ་ནི་རྡོ་རྗེ་ཆོས་སོ། །ཀུན་དུ་བློ་གྲོས་ནི་རྡོ་རྗེ་ལས་སོ། །བློ་གྲོས་མཐའ་ཡས་ནི་རྡོ་རྗེ་འཁོར་ལོའོ། །བློ་གྲོས་ཀ་མ་ལ་ནི་རྡོ་རྗེ་རྣོན་པོའོ། །བློ་གྲོས་ཆེན་པོ་ནི་རྡོ་རྗེ་ཁུ་ཚུར་རོ། །བློ་གྲོས་ལྷ་རྫས་ནི་ནམ་མཁའི་
Vol. 67 · folio 228b
མཛོད་དོ། །བློ་གྲོས་སྣ་ཚོགས་ནི་གནོད་སྦྱིན་ནོ། །སོགས་པ་སྨོས་པས་ནི་སེམས་དཔའ་གཞན་རྡོ་རྗེ་སྲུང་བ་ལ་སོགས་པ་བསྡུས་པའོ། །དང་ཞེས་བྱ་བ་ནི་སྡུད་པའོ། །འདིས་ནི་འབྲས་བུའི་བྱང་ཆུབ་སེམས་དཔའི་འཁོར་སྟོན་ཏོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་
ཞེས་བྱ་བ་ནི་འཁོར་དང་མཚན་མར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་སྟེ། དེའི་དགེ་འདུན་ཕན་ཚུན་མི་ཕྱེད་པ་དང་། སྟོན་པ་མི་ཕྱེད་པ་གྲངས་མཐར་ཐུག་པ་མེད་པ་རྣམས་ཀྱིས་བླ་མར་བྱེད། མཆོད་ཅིང་བརྗོད་རབ་ཏུ་མཆོད་ཅིང་སྤེལ་ཞེས་བྱ་བ་ནི་གཅིག་གིས་གཅིག་
བཤད་པའོ། །ཡང་ན་བསྟི་སྟང་བྱེད་པ་ནི། གདན་བཤམ་པ་ལ་སོགས་པའོ། །བླ་མར་བྱེད་པ་ནི་གོང་མར་བྱེད་པའོ། །མཆོད་ཅིང་བརྗོད་པ་ནི་རྣམ་ལྔས་མཆོད་ཅིང་རྒྱན་འདོགས་པའོ། །རབ་ཏུ་མཆོད་ཅིང་སྤེལ་བ་ནི་དེ་རྣམས་ཡང་དང་ཡང་དུ་ནི་དོན་དུ་བྱས་པའོ། །དེས་ནི་རྒྱུའི་བྱང་ཆུབ་
སེམས་དཔའི་འཁོར་བསྟན་པའོ། །དེ་འཇིག་རྟེན་པ་དང་འབྲས་བུའི་བྱང་ཆུབ་སེམས་དཔའི་འཁོར་མང་པོའི་དབུས་ན་ཞེས་བྱ་བ་ནི་ཀུན་ནས་བསྐོར་ཏེ་བཞུགས་པའོ། །ཚངས་པ་ཆེན་པོ་པདྨའི་གདན་ལ་ཞེས་བྱ་བ་ནི་ཚངས་པ་ཡང་ཡིན་ལ་པདྨའི་གདན་ཡང་ཡིན་པས་ན་ཚངས་པ་ཆེན་པོ་
པདྨའི་གདན་ཏེ་དག་ཅིང་ཚངས་ལ་ཉེས་པའི་སྐྱོན་གྱིས་མ་གོས་པའོ་ཞེས་བྱ་བའི་ཐ་ཚིག་ཚིག་གོ། །བཞུགས་ཏེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་ཆོས་འཆད་པ་དང་། སྤྱོད་ལམ་དང་གསུམ་སྣང་བ་ཐ་དད་པའི་ཚུལ་གྱིས་བཞུགས་པ་སྟེ་འདིས་ནི་བཞུགས་པ་དང་གདན་ཕུན་སུམ་ཚོགས་པ་
བསྟན་ཏོ། །གཞན་དུ་ཡང་བཤད་པར་བྱ་སྟེ། འདི་སྐད་ཅེས་བྱ་བ་ནི་དོན་དམ་པར་རང་བཞིན་མེད་པར་ཀུན་རྫོབ་ཏུ་ཡོད་བཞིན་པ་སྟེ་སྒྲོ་སྐུར་གཉིས་དང་བྲལ་བའོ། །ཇི་སྐད་དུ་རྡོ་རྗེ་རྩེ་མོ་ལས། འཇིག་རྟེན་ཀུན་རྫོབ་ཅེས་བྱ་སྟེ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་
གསུངས་པའི་ཕྱིར་རོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་ཐོས་ནས་རྟོགས་པ་སྟེ་ཇི་སྐད་དུ་རྩ་བའི་རྒྱུད་ལས། དམ་པའི་དོན་ནི་བདག་ཡིན་ཏེ། །གང་ཕྱིར་གཟིངས་འདྲའི་ཆོས་རྣམས་ལ། །རྣམ་པར་དག་པ་རྟོགས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དུས་གཅིག་
Vol. 67 · folio 229a
ན་ཞེས་པ་ནི་ཡེ་ཤེས་བཞིའི་སྐད་ཅིག་མ་ཉིད་ལ་སྟེ་ཇི་སྐད་དུ་རྩ་བའི་རྒྱུད་ཉིད་ལས། སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་པའི་ཕྱིར་རོ། །བཅོམ་ལྡན་
འདས་ཞེས་བྱ་བ་ནི་ཡེ་ཤེས་དེ་དག་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཀུན་བཅོམ་པ་སྟེ་རྡོ་རྗེ་རྩེ་མོ་ལས། མི་མཐུན་པ་ཡི་ཕྱོགས་རྣམས་ཀུན། །བཅོམ་པས་བཅོམ་ལྡན་འདས་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །ལྷའི་ཚོགས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དེ་དག་གི་བྱང་ཆུབ་སེམས་
ཀྱི་འདོད་ཆགས་ཆེན་པོ་སྟེ། གང་ཕྱིར་སེམས་ནི་བཅོམ་ལྡན་འདས། །འདོད་ཆགས་ཆེན་པོ་འདི་ཡི་ལྷ། །ཞེས་གསུངས་པའི་ཕྱིར་རོ། །དགའ་བའི་ཚལ་མཆོག་ཏུ་ཡིད་དུ་འོང་བ་ན་ཞེས་བྱ་བ་ནི་ཆོས་ཉིད་ཀྱིས་དེ་བཞིན་དུ་རོ་གཅིག་པའོ། །ཇི་སྐད་དུ། བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་
སྟེ། །དམན་པས་འཇིགས་པ་ཉིད་ཀྱི་རྒྱལ་བྱེད་ཚལ། །ཞེས་གསུངས་པ་དང་། ཆོས་ཀྱི་འདོད་པ་ཡིད་དུ་འོང་། །འདོད་ཆགས་དམ་ཚིག་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །ནོར་བུ་དང་གསེར་ཤིང་ཡལ་ག་དང་ལྕུག་མར་བཅས་པ་དང་ཤིང་གེལ་པ་དང་། སྨན་དང་། མེ་
ཏོག་ཀ་མ་ལ་དང་། ཀརྣི་ཀ་དང་། ཙ་ཀུ་ལ་དང་། ཏི་ལ་ཀ་དང་། ཨ་ཤྭ་ཀ་དང་། མནྡཱ་ར་བ་དང་། མནྡཱ་ར་བ་ཆེན་པོ་ལ་སོགས་པ་སྣ་ཚོགས་པ་དང་། དཔག་བསམ་གྱི་ཤིང་རྣམས་ཀྱིས་མཛེས་པར་བྱས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེ་ཉིད་སྨན་དང་ཤིང་
དང་མེ་ཏོག་དང་མཛེས་པའི་རྒྱན་ཡིན་ཏེ། འདི་སྐད་དུ། སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་དང་། བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་། །ཞེས་གསུངས་པའི་ཕྱིར་རོ། །བྱ་མང་པོ་སྐད་འབྱིན་པ་ཞེས་པ་ནི་དེ་
ཉིད་སྐད་སྣ་ཚོགས་སུ་སྣང་བ་སྟེ། ཇི་སྐད་དུ། ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་བྱ་བ་དང་། ལྷ་ཡི་སྐད་དང་ཀླུ་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར། །ཞེས་གསུངས་པའི་ཕྱིར་རོ། །རྔ་དང་། ཅང་ཏེའུ་དང་། ཀེ་ཀོ་དང་། གླིང་བུ་དང་། རྔ་བོ་ཆེ་ལ་
Vol. 67 · folio 229b
སོགས་པ་ཞེས་བྱ་བ་ནི་ཕྱོགས་བཅུར་ཆོས་ཀྱི་སྒྲ་སྒྲོགས་པའོ། །ཇི་སྐད་དུ། ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །ཞེས་པ་དང་། ཆོས་ཀྱི་དུང་དེ་སྒྲ་ཆེན་ལྡན། །ཞེས་གསུངས་པའི་ཕྱིར་རོ། །བརྒྱ་བྱིན་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་འདི་ཉིད་གཞན་ལ་ཕན་པར་བརྩོན་པ་སྟེ། འདི་ཉིད་ལས།
བརྒྱ་བྱིན་གཞན་ལ་ཕན་བརྩོན་པ། །འདི་ཡིས་ཇི་ལྟར་གསོལ་བ་བཏབ། །ཅེས་གསུངས་པའི་ཕྱིར་རོ། །ཚངས་པ་ལ་སོགས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་རྣམ་པར་གྲོལ་བའོ། །ཇི་སྐད་དུ། མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །ཞེས་གསུངས་
པའི་ཕྱིར་རོ། །ལྷ་དང་མིའི་བུ་མོ་སྣ་ཚོགས་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྟེ། ཇི་སྐད་དུ། སྔོན་ཆད་བྱང་ཆུབ་སེམས་བཟང་གང་། །རྡོ་རྗེ་སེམས་དཔར་ཡང་དག་བཤད། །ཅེས་པ་དང་། གང་ཕྱིར་མཆོག་ཏུ་རོལ་པ་ན། །
སྒེག་མོ་སྦྱིན་པའི་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་རྣམ་པར་རྩེ་བ་ཞེས་བྱ་བ་ནི་རྨད་དུ་བྱུང་བའི་ཆོས་ཀྱི་ཐར་པ་དེ་ཉིད་དེ་རྡོ་རྗེ་རྩེ་མོ་ལས། ཐར་པ་མཆོག་ཏུ་བསྟན་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་
གྱིས་བརླབས་པ་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པ་སྟེ་རྩ་རྒྱུད་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་གཟིགས་ནས་བྱིན་གྱིས་བརླབས་ཏེ་ཞེས་གསུངས་པའི་ཕྱིར་རོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་
པའི་ལྷ་དང་རིག་འཛིན་དང་ལྷའི་བུ་མོའི་འཁོར་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། གནོད་སྦྱིན་དང་ལྷ་མ་ཡིན་དང་དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཀླུ་ལ་སོགས་པའི་འཁོར་དུ་མ་དང་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་ཀྱི་ཡོན་ཏན་གྱི་ཆ་དུ་མར་དེ་སྣང་བ་སྟེ་ཇི་
སྐད་དུ། ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ལྷ་མིན་དབང་པོ་ལྷ་མིན་བླ། །ཞེས་པ་དང་། གནོད་སྦྱིན་སྲིན་པོ་དམ་པ་བསྟན། །ཞེས་བྱ་བ་ལ་སོགས་པ་རྩ་བའི་རྒྱུད་ལས་གསུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་ཀུན་དུ་རྟོག་
Vol. 67 · folio 230a
པ་ཐམས་ཅད་སྤངས་པར་འདོད་པའོ། །ཇི་སྐད་དུ་བྱང་ཆུབ་པའི་རྒྱུད་ལས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་སྟེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །བྱེ་བ་ཁྲག་
ཁྲིག་སྟོང་ཕྲག་བརྒྱད་ལ་འདི་ལྟ་སྟེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་ཀུན་དུ་རྟོག་པ་ཐམས་ཅད་སྤངས་པས། བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་བྱེ་བྲག་མཐར་ཐུག་པ་མེད་པ་ཉེ་བར་དགོད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཚད་མེད་པ་དང་། བློ་གྲོས་མི་གཡོ་བ་དང་།
བློ་གྲོས་ཡངས་པ་དང་། ཀུན་དུ་བློ་གྲོས་དང་། བློ་གྲོས་མཐའ་ཡས་དང་། བློ་གྲོས་ཀ་མ་ལ་དང་། བློ་གྲོས་ཆེན་པོ་དང་། བློ་གྲོས་ལྷ་རྫས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་སྣ་ཚོགས་པ་ཞེས་བྱ་བ་ལ་བློ་གྲོས་ཚད་མེད་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱི་ཚོགས་གཉིས་
དང་ས་དང་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ནི་རྡོ་རྗེ་རིན་ཆེན་ནོ། །དེ་ཡང་ཇི་སྐད་དུ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཁམས་གསུམ་པ་ནི་རྒྱལ་པོ་ཆེ། །ཚོགས་གཉིས་ཡོངས་སུ་རྫོགས་པ་དང་། །ས་དང་ཕ་རོལ་ཕྱིན་པ་མཆོག །རྡོ་རྗེ་དབང་བསྐུར་ལེགས་འབྱུང་བའོ། །ཞེས་གསུངས་པའི་
ཕྱིར་རོ། །བློ་གྲོས་མི་གཡོ་བ་ནི་བྱང་ཆུབ་སེམས་དཔའ་བརྟན་པ་ལ་སྟོང་པ་ཉིད་ལས་བྱུང་བའི་མི་གཡོ་བ་ཕྱག་ན་རྡོ་རྗེ་སྟེ་ཇི་སྐད་དུ། འགྲོ་ལ་ཡང་དག་སྤྲོས་པའི་སེམས། །བསྟན་པའི་སྙིང་པོ་ལེགས་བསྒོམས་ཤིང་། །སྟོང་ཉིད་དེ་ཉིད་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་དེ་བཤད་དོ། །ཞེས་
གསུངས་པའི་ཕྱིར་རོ། །བློ་གྲོས་ཡངས་པ་ནི་བདག་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རྡོ་རྗེ་ཆོས་ཡངས་པ་སྟེ་ཇི་སྐད་དུ། བདག་མེད་ཆོས་ལས་ལེགས་པར་འབྱུང་། །གཉིས་མེད་ཡེ་ཤེས་དམ་པ་སྟེ། །ཆོས་ཉིད་མཆོག་ཏུ་བསམ་མི་ཁྱབ། །རྡོ་རྗེ་ཆོས་སུ་དེ་བཤད་
དོ། །ཞེས་གསུངས་པའི་ཕྱིར་རོ། །ཀུན་དུ་བློ་གྲོས་ནི་སེམས་ཅན་ཀུན་གྱི་དོན་དང་སངས་རྒྱས་ཀུན་གྱི་མཆོད་པ་ཆེན་པོ་སྟེ་རྡོ་རྗེ་ལས་སོ། །ཇི་སྐད་དུ། སེམས་ཅན་ཀུན་དོན་ཡང་དག་སྦྱོར། །སངས་རྒྱས་ཀུན་གྱི་མཆོད་ཆེན་པོ། །དང་པོ་སྦྱོར་བ་དག་པ་ཆེ། །རྡོ་རྗེ་ལས་ཞེས་བྱ་བར་བཤད། །ཅེས་གསུངས་
Vol. 67 · folio 230b
པའི་ཕྱིར་རོ། །བློ་གྲོས་མཐའ་ཡས་པ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་དང་། །རྟེན་འབྲེལ་བཅུ་གཉིས་གནས་འགྱུར་པ་མཐའ་ཡས་པ་ཐོབ་པ་རྡོ་རྗེ་རྒྱུའོ། །ཇི་སྐད་དུ། སངས་རྒྱས་རྣམས་ཀྱི་ཆོས་འཁོར་ལོ། །གཉིས་མེད་ཐོབ་པའི་མཚན་ཉིད་ཅན། །རྟེན་འབྲེལ་ཡང་
དག་བཅུ་གཉིས་གྲགས། །རྡོ་རྗེ་རྒྱུ་ཞེས་བྱ་བར་བཤད། །ཅེས་གསུངས་པའི་ཕྱིར་རོ། །བློ་གྲོས་ཀ་མ་ལ་ཞེས་བྱ་བ་ནི། ཟག་པ་མེད་པའི་ཤེས་རབ་དང་། །ཡེ་ཤེས་རྡོ་རྗེ་རྣོན་པོའོ། །ཇི་སྐད་དུ། རྡོ་རྗེ་བློ་ནི་སྣང་བ་ཆེ། །ཤེས་རབ་ཡེ་ཤེས་དྲི་མ་མེད། །ཟག་པ་མེད་པའི་ཤེས་རབ་སྟེ། །རྡོ་རྗེ་རྣོན་
པོར་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་སྦྱོར་བ་གསང་བ་ཆེན་པོ་རྡོ་རྗེ་ཁུ་ཚུར་རོ། །ཇི་སྐད་དུ། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ནི། །སྒྲིབ་པ་མེད་ཅིང་བླ་མེད་པ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྡོ་རྗེ་ཁུ་ཚུར་དེ་བཤད་དོ། །ཞེས་གསུངས་པའི་
ཕྱིར་རོ། །བློ་གྲོས་ལྷ་རྫས་ཞེས་བྱ་བ་ནི། ནམ་མཁའ་མཛོད་ཀྱི་ཆོས་ལ་དབང་སྒྱུར་བ་ཡིད་བཞིན་ནོར་བུ་ནམ་མཁའི་མཛོད་དོ། །ཇི་སྐད་དུ། ནམ་མཁའི་མཛོད་ནི་མཛོད་ཆེན་པོ། །ཆོས་རྣམས་ཀུན་ལ་དབང་སྒྱུར་བ། །ཡིད་བཞིན་ནོར་བུ་རྡོ་རྗེ་ཆེ། །རྡོ་རྗེ་ཏོག་ནི་བླ་མེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །
བློ་གྲོས་སྣ་ཚོགས་པ་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་ཐབས་སྣ་ཚོགས་པའི་སྒོ་ནས་ཉོན་མོངས་པ་སྣ་ཚོགས་པ་ཟ་བའི་རྡོ་རྗེ་གནོད་སྦྱིན་ནོ། །ཇི་སྐད་དུ། སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱིས། །ཤེས་རབ་ཐབས་ཀྱི་ཁྲོ་བོ་ཆེ། །ཉོན་མོངས་ཐམས་ཅད་ཟ་བ་ཆེ། །རྡོ་རྗེ་གནོད་སྦྱིན་དེ་བཤད་དོ། །ཞེས་
གསུངས་པའི་ཕྱིར་རོ། །འདི་དག་གིས་སྒྲུབ་པའི་ཡན་ལག་ཏུ་གྱུར་པའི་བྱང་ཆུབ་སེམས་དཔའ་བཤད་དེ། ལུང་ལས་དམ་པའི་ཆོས་ཀྱི་གྲོང་ཁྱེར་སྐྱོང་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ཞེས་གསུངས་པའི་ཕྱིར་རོ། །སོགས་པ་སྨོས་པས་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཡོན་ཏན་
བསྡུའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་མཐར་ཐུག་པ་མེད་པ་རྣམས་ཀྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེ་ཉིད་ཀྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་སྙིང་པོ་ལ་ཡོད་པའི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་བྱང་ཆུབ་སེམས་དཔའི་
Vol. 67 · folio 231a
ཡོན་ཏན་དང་ལྡན་པ་བསྟན་ཏོ། །ཇི་སྐད་དུ། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་པ་དང་། རྩ་བའི་རྒྱུད་ལས། ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་། །བྱང་ཆུབ་སྙིང་པོ་ཡིན་པར་དགོངས། །ཞེས་
གསུངས་པའི་ཕྱིར་རོ། །བསྟི་སྟང་དུ་བྱེད་བླ་མར་བྱེད་མཆོད་ཅིང་རྗེད། རབ་ཏུ་མཆོད་ཅིང་སྤེལ་ཞེས་བྱ་བ་ནི་རྒྱུའི་གནས་སྐབས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཐོབ་པར་བྱ་བའི་བདག་ཉིད་དུ་སྟོན་ཏེ་ཇི་སྐད་དུ། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རི་མོར་འོས་པ་བཀུར་བར་འོས། །བཀུར་
འོས་བརྗེད་པར་བྱ་བ་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་གསུངས་པའི་ཕྱིར་རོ། །འཁོར་མང་པོའི་དབུས་ན་ཞེས་བྱ་བ་ནི་དེ་ཉིད་དཀྱིལ་འཁོར་གྱི་དེ་ཉིད་ཀྱིས་འཁོར་དང་གཙོ་བོའི་ཚུལ་གྱིས་ཞུགས་པ་སྟེ། ཇི་སྐད་དུ་འདི་ཉིད་ལས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་
རྟོགས་གྱུར་པའི། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་ཕྱིས་བཤད་པར་བྱའོ། །ཚངས་པ་ཆེན་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཉིད་དེ་ཇི་སྐད་དུ་སྔར་བཤད་པ་དེ་བཞིན་དུ་ཤེས་པར་
བྱའོ། །པདྨའི་གདན་ལ་བཞུགས་ཏེ་ཞེས་བྱ་བ་ནི་འཁོར་བའི་ཉེས་པས་མ་ཕོག་པ་དང་རྣལ་འབྱོར་ཅན་བཞུགས་པའོ། །དཔལ་མཆོག་དང་པོ་ལས། ཇི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མ་གོས་པས། །འཁོར་བའི་ཉེས་པས་མ་གོས་སོ། །ཞེས་པ་དང་རྡོ་རྗེ་རྩེ་མོ་ལས། འཁོར་ལོ་
དེ་ལ་བརྟག་བྱས་ནས། །རྣལ་འབྱོར་ཅན་ནི་མི་གསུང་བཞུགས། །ཞེས་གསུངས་པའི་ཕྱིར་རོ་ཞེས་གླེང་གཞིའི་དེ་ཁོ་ན་ཉིད་དོ། །གླེང་གཞིའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་གླེང་གཞི་བསྟན་ནས། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བའི་ཞེས་བྱ་བ་ལ་སོགས་པ་རྒྱུད་ཉིད་བསྟན་
ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ནི། ངན་སོང་རྣམས་བག་ཆགས་དང་བཅས་པ་འཛོམས་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་མིང་འདི་སྐད་ཅེས་བྱ་སྟེ། དེའི་སྙོམས་པར་ཞུགས་པ་ནི་མངོན་དུ་མཛད་ནས་སོ། །ངན་སོང་གི་རྒྱུད་
Vol. 67 · folio 231b
ལས་རྣམ་པར་གྲོལ་བ་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་འོད་ཟེར་ཞེས་བྱ་བ་ནི་སྤྲུལ་པའི་སྐུའི་རང་བཞིན་གྱི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་འོད་ཟེར་ལས་བྱུང་བའོ། །སྤྲོ་བ་དང་བསྡུ་བ་མང་པོའི་ཕྲེང་བ་ཞེས་པ་ནི་ཕར་སྤྲོ་ཚུར་སྡུད་པ་རྒྱུན་མི་འཆད་པའི་རང་བཞིན་
ནོ། །ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་བྱུང་ནས་ཞེས་བྱ་བ་ནི། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི། འོད་ཟེར་གྱི་སྣང་བ་དེས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ནི་སྟོང་སྤྱི་ཕུད་དང་།
སྟོང་གཉིས་པ་བར་མ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའོ། །འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་འཇིག་པ་ལ་རྟེན་པའི་ཕྱིར་དང་མཚན་ཉིད་འཛིན་པའི་ཕྱིར་རོ། །འདི་དག་ཐམས་ཅད་ཀུན་དུ་སྣང་བར་བྱས་སོ་ཞེས་བྱ་བ་ནི། མ་ལུས་པར་སྣང་བར་བྱས་པའོ། །དེས་ཀྱང་ཅི་ཞིག་མཛད་ཅེ་ན། ནོར་བུ་དྲི་
མ་མེད་པའི་སྟེང་དུ་འཁོད་དེ་བཞག་ནས་ཞེས་བྱ་བར་སྦྱར་རོ། །ཀུན་ནས་སྣང་བར་བྱས་ནས་སེམས་ཅན་གྱི་སེམས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་དང་བཅས་པ་ལས་བཀྲོལ་བའོ། །བདེ་བ་སོ་སོར་ཐོབ་ནས་དགའ་བའི་ཚལ་ཐམས་ཅད་ཀུན་དུ་སྣང་
བར་བྱས་ཏེ་ཞེས་བྱ་བ་ནི་རྒྱུ་དག་པའི་སེམས་ཅན་སྣང་ངོ་ཞེས་བྱ་བའི་དོན་ནོ། །མཆོད་པའི་སྤྲིན་སྣ་ཚོགས་པས་མཆོད་དེ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་མགོ་བོས་ལན་བརྒྱ་ཕྲག་སྟོང་དུ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ས་གཞི་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དོ་ཞེས་བྱ་བ་ནི་
མཆོད་པ་དང་བསྐོར་བ་དང་། ཕྱག་འཚལ་བ་དང་། སྤྱན་སྔར་འཁོད་པས་དྲིན་ལན་གྱི་ཚུལ་དུ་སྟོན་ཏོ། །འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་དོན་འདི་སྐད་ཞུས་པའོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་གྱི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་དེ་ཁོ་ན་རྟོགས་ནས་ཆོས་ཀུན་རྟོགས་པའི་
ཕྱིར་སངས་རྒྱས་ཞེས་བྱའོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས། དེ་བཞིན་ཉིད་བདེན་ཤིན་ཏུ་བརྟན། །དེ་ཁོ་ན་ཉིད་གང་རྟོགས་པ། །ཆོས་ཀུན་རྟོགས་ཞེས་བྱ་བ་གང་། །དེ་ནི་རྟོགས་པས་སངས་རྒྱས་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །ཨེ་མའོ་སངས་རྒྱས་ཨེ་སངས་རྒྱས། །ཞེས་བྱ་བ་ནི་ཡང་དང་ཡང་དུ་
Vol. 67 · folio 232a
ངོ་མཚར་བའོ། །ཅི་ཞིག་ལ་ཞེ་ན། མཛད་པ་ལེགས་ཞེས་གསུངས་ཏེ། གང་ཕྱིར་ངན་སོང་བདག་ཉིད་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད། །ཅེས་གསུངས་པའི་དོན་ཏོ། །འདིས་ནི་སྦྱོར་བ་དང་པོ་སྒོམ་པ་རྣམས་ཀྱིས་མཆོད་པ་དང་སྡོམ་པ་གཟུང་བ་སྔོན་དུ་
འགྲོ་བས་ལྷ་ལ་སོགས་པས་སངས་རྒྱས་ཀྱི་ཡོན་ཏན་བརྗོད་དེ་མི་སྣང་བར་གྱུར་པར་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ། །སུ་ཞིག་གིས་སྙམ་པ་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་གསུངས་སོ། །གང་ཞིག་ལ་
ཞེ་ན། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ནས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་སངས་རྒྱས་ཀྱི་འོད་ཟེར་ཀུན་དུ་སྣང་བས་ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་ཞིང་། རྣམ་པར་གྲོལ་
བའི་ལམ་ལ་གཞག་པ་ནི་ཞེས་བྱ་བ་ནི་བར་ཆད་མེད་པ་དང་རྣམ་པར་གྲོལ་བས་བྱང་ཆུབ་ཀྱི་སྤྱོད་པ་ཉིད་ལ་བཞག་སྟེ། དེ་ལ་བཅོམ་ལྡན་འདས་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་ངོ་མཚར་ཆེའོ་ཞེས་གསུངས་པ་ནི་དོན་གཉིས་ཀྱི་དབང་གིས་ལན་གཉིས་ཞུས་པའོ། །ལན་དུ་བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འདི་ནི་ངོ་མཚར་མི་ཆེའོ། །ལྷའི་དབང་པོ་འདི་ནི་ངོ་མཚར་མི་ཆེ་སྟེ་ཞེས་བྱ་བ་ནི་བསྟན་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་བཤད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་ཡང་དག་པར་
བསགས་པའོ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་དང་པོའི་རྒྱུ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །དེ་ཡང་ཇི་སྐད་དུ། དེ་བཞིན་ཚོགས་ནི་རྫོགས་པའི་ཕྱིར། །སེམས་ནི་ཟླ་བ་གང་དང་མཚུངས། །དངོས་པོ་ཡོད་དང་མེད་ཉིད་མིན། །ཇི་ལྟར་ཟླ་བ་མཚུངས་ཉིད་ཡིན། །
ཞེས་གསུངས་པའི་ཕྱིར་རོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚད་མེད་པའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའོ། །ལྷའི་དབང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚད་མེད་པའི་ཐབས་ཡང་དག་པར་རྫོགས་པའི་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གཉིས་པ་
Vol. 67 · folio 232b
རྫོགས་པའོ། །ཇི་སྐད་དུ། སྙིང་པོ་དག་པ་བཟླས་ནས་ནི། །སེམས་ནི་དབུས་སུ་རྟོགས་པ་ན། །ཟླ་བའི་དབུས་སུ་ཡང་ཟླ་བའི། །དཀྱིལ་འཁོར་གཉིས་པ་མཐོང་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ལྷའི་དབང་པོ་སངས་རྒྱས་རྣམས་ནི་ཤེས་རབ་ཚད་མེད་པ་བསགས་པའོ་ཞེས་བྱ་བ་ནི།
ཤེས་རབ་སྟོང་པ་ཉིད་ཀྱིས་རྡོ་རྗེའི་དཀྱིལ་འཁོར་གཉིས་པའི་དབུས་ན་གནས་པའོ། །ཇི་སྐད་དུ། དཀྱིལ་འཁོར་གཉིས་པའི་དབུས་གནས་པའི། །རྡོ་རྗེ་ཆེན་པོ་སེམས་བྱེད་ཅིང་། །ཐང་ཅིག་སོ་སོར་བརྟགས་པ་ནི། །ཤིན་ཏུ་བརྟན་པ་མཐོང་འགྱུར་ནས། །ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་
བཅོམ་ལྡན་འདས་རྣམས་ནི་སྤྱོད་པ་ཚད་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བའི་སྐྱེ་བོ་ཚད་མེད་པའི་སྣོད་དུ་གྱུར་པར་མཛད་པའོ་ཞེས་བྱ་བ་ནི། རྡོ་རྗེ་ལས་སྐུ་གསུང་ཐུགས་བྱུང་ནས་སྤྱོད་པ་ཚད་མེད་པ་མཛད་ཅིང་སྐྱེ་བོའི་སྣོད་དུ་གྱུར་པར་མཛད་ཅིང་འདུས་པ་ལས་རྡོ་རྗེར་གྱུར་བའོ། །
ཇི་སྐད་དུ། སྙིང་པོ་དག་པ་བཟླས་ནས་ནི། རྡོ་རྗེའི་ལུས་སུ་རྣམ་བསྒོམ་པ། །དེས་ནི་སྲ་བརྟན་ཁོང་སྟོང་མེད། །རྡོ་རྗེའི་སྐུ་ནི་ཐོབ་གྱུར་ནས། །ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་ལྡན་པའོ། །སངས་རྒྱས་བཅོམ་
ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་རྫུ་འཕྲུལ་དང་ལྡན་པའོ་ཞེས་བྱ་བ་ནི། གཟུགས་སྐུ་ཆོས་སྐུ་དང་ལྡན་པའོ། །ཇི་སྐད་དུ། སྙིང་པོ་དག་ལ་བླངས་ནས་ནི། །སངས་རྒྱས་གཟུགས་སུ་རྣམ་བསྒོམས་པས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཀུན་མཁྱེན་ཡེ་ཤེས་ཐོབ་པར་
འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཉམ་པ་དང་མཉམ་པའི་སྨོན་ལམ་གྱི་སྟོབས་དང་ལྡན་པ་སྟེ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཤིན་ཏུ་བརྟན་པའི་ཡེ་ཤེས་དབང་བསྐུར་བ་དང་བཅས་པའོ། །ཇི་སྐད་དུ། རྡོ་རྗེ་དབྱིངས་ནི་ཤིན་ཏུ་བརྟན། །དེ་ནས་སངས་
རྒྱས་ཐམས་ཅད་ནི། །རྡོ་རྗེའི་ཐུགས་ཀ་ནས་ཕྱུང་སྟེ། །ཆོས་ཀྱི་དབང་བསྐུར་བཞི་པོ་ཡིས། །དེ་ཚེ་ཐུབ་པ་དབང་བསྐུར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ལྷའི་དབང་པོ་དེ་ལྟ་བས་ན་ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པ་ཀུན་དུ་རྫོགས་པས་དེ་ལྟ་བས་ན་ཞེས་བྱའོ། །སངས་རྒྱས་རྣམས་
Vol. 67 · folio 233a
ཀྱི་སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་དོན་དུ་གནས་པའི་ཡེ་ཤེས་ཀྱི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་འདུལ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་དང་ཞེས་བྱ་བ་ནི། ངན་འགྲོ་སྦྱང་ཞིང་དཀྱིལ་འཁོར་དུ་
བཅུག་པའི་སྒོ་ནས་སོ། །མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་ཡིན་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་དབང་ཐོབ་པའི་སྒོ་ནས་ཏེ། དེ་ལྟར་ན་འདི་ལ་ཐེ་ཚོམ་དང་སོམ་ཉི་དང་ཡིད་གཉིས་མ་བྱེད་ཅིག་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་
འགྱུར་བའི་གནས་མེད་དོ་ཞེས་བྱའོ། །ཡང་ན་བསོད་ནམས་ཀྱི་ཚོགས་བརྒྱད་དང་། མཚན་དང་དཔེ་བྱད་ཀྱི་ཡོན་ཏན་དང་། སྙིང་རྗེ་ཆེན་པོ་དང་། ཤེས་རབ་དང་། འཕགས་པ་མཆོད་པ་དང་། སེམས་ཅན་གྱི་དོན་དང་། ཡེ་ཤེས་དང་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། སྨོན་ལམ་གྱི་
སྟོབས་དང་ལྡན་པའི་སྒོ་ནས་གང་ཟག་ལ་བདག་མེད་པ་ལ་སོགས་པ་དང་། ཉན་ཐོས་ཀྱི་གཟུགས་ལ་སོགས་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་འདུལ་བར་གྱུར་པའི་རྒྱུ་ལ་སོམ་ཉི་ལ་སོགས་པ་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །འདིས་ནི་སྦྱོར་བ་དང་པོ་བསྒོམ་པ་རྣམས་
ཀྱིས་བདག་མངོན་པར་བྱང་ཆུབ་པ་བསྐྱེད་དེ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་ལྡན་པས་ངན་འགྲོ་ནས་དགུག་ཅིང་དཀྱིལ་འཁོར་དུ་བཅུག་དབང་བསྐུར་བར་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ནས་ཡང་བཅོམ་ལྡན་
འདས་ལ་མཆོད་པ་རྒྱ་ཆེ་ཞིང་ཆེ་བ་བྱས་ཏེ། ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། ང་རྒྱལ་དང་བྲལ་བ་དང་། མཆོད་པ་དང་ཕྱག་འཚལ་ཞིང་བསྟོད་པ་བྱས་པར་སྟོན་ཏོ། །འདིས་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་མཆོད་ཅིང་བསྟོད་
པ་དྲིན་ལན་གྱི་ཚུལ་དུ་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་ཉིད་སེམས་ཅན་གྱི་ཚེ་ཕྱི་མའི་དོན་དང་། སྙིང་རྗེ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་། བསམ་པ་རྫོགས་པའི་རྒྱུར་ཤེས་རབ་བསྐྱེད་ཅིག་ཅེས་ཡང་དང་ཡང་དུ་གསོལ་བ་བཏབ་པའོ། །
Vol. 67 · folio 233b
བྱིན་གྱིས་བརླབ་པ་དང་ཞུགས་པའི་རང་བཞིན་གང་ཞེ་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ཞེས་བྱ་བ་ནི་ག་ཎ་པ་ཏི་ལ་སོགས་པ་སུམ་ཅུ་རྩ་གཉིས་དང་། བརྒྱ་བྱིན་གྱི་རིས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་སོ། །
འདི་ཉིད་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་ཅིག་ཤི་འཕོས་ཏེ་དུས་ལས་འདས་ནས་ཞེས་བྱ་བ་ནི་ལས་ཅི་ཞིག་གི་སྟོབས་ཀྱིས་ཚེ་འཕོས་པའོ། །དགུང་བདུན་ལགས་ན་ཞེས་བྱ་བ་ནི་ལྷའི་ཞག་བདུན་ལ་མིའི་ལོ་བདུན་བརྒྱ་ལོན་པའོ། །བཅོམ་ལྡན་འདས་དེ་གང་དུ་སྐྱེས་ཞེས་བྱ་
བ་ནི་གནས་གང་དུ་སྐྱེས་པ་དྲིས་པའོ། །བདེ་བའམ་སྡུག་བསྔལ་ཅི་ཞིག་མྱོང་བར་འགྱུར་ཞེས་བྱ་བ་ནི་འབྲས་བུ་དྲིས་པའོ། །བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ་ཞེས་བྱ་བ་ནི་ཡིད་ལ་གཅགས་ནས་ཡང་དང་ཡང་དུ་གསོལ་བ་བཏབ་པའོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལྷའི་དབང་པོ་ཇི་སྟེ་དུས་ལ་བབ་པར་ཤེས་ན་ཞེས་བྱ་བ་ནི། ལྷའི་དབང་པོ་སྤྲུལ་པ་ཡིན་པའི་ཕྱིར་དུས་མཁྱེན་པས་སོ། །ཉོན་ཅིག་ཅེས་བྱ་བ་ནི་ཐོས་པའི་རང་བཞིན་གྱི་ཤེས་རབ་ཀྱིས་ཟུང་ཤིག་པའི་དོན་ཏོ། །ལྷའི་དབང་པོས་གསོལ་བ་བཅོམ་
ལྡན་འདས་འདི་ནི་དུས་ལ་བབ་པ་ལགས་སོ། །བདེ་བར་གཤེགས་པ་འདི་ནི་དུས་ལ་བབ་པ་ལགས་སོ་ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་འདི་ནས་ཤི་འཕོས་ནས་མྱོང་ཞིང་མྱོང་བར་འགྱུར་རོ་ཞེས་
བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞིག་ཅེ་ན་དམྱལ་བ་ཆེན་པོར་ལོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དང་། དམྱལ་བ་ཆུང་ངུ་རྣམས་སུ་ལོ་སྟོང་ཕྲག་བརྒྱད་དང་། བྱོལ་སོང་དང་ཡི་དགས་ཀྱི་གནས་སུ་ལོ་བརྒྱ་ཕྲག་བརྒྱད་དང་། མིའི་སྐྱེ་གནས་སུ་རྣ་བ་དང་སྨྲ་བའི་སྐྱོན་ཅན་དུ་ལོ་སྟོང་ཕྲག་དྲུག་ཅུ་དང་
སྡུག་བསྔལ་བརྒྱུད་པ་དང་གཞན་ལ་གནོད་པ་བྱེད་པ་དང་ལས་ཀྱི་སྒྲིབ་པ་བརྒྱུད་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་སྡུག་བསྔལ་མྱོང་ཞིང་མྱོང་བར་འགྱུར་རོ་ཞེས་ལུང་བསྟན་པ་དང་། དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་ཐམས་ཅད་ཀྱིས་ཐོས་ནས་ཤིན་ཏུ་སྔངས་ཤིང་ཞེས་བྱ་བ་ནི་ངག་གི་སྒོ་
Vol. 67 · folio 234a
ནས་སྐྲག་སྟེ་སྐྱོ་ནས་ཞེས་བྱ་བ་སེམས་ཀྱི་སྒོ་ནས་ཁ་བུབ་ཏུ་འགྱེལ་བར་གྱུར་ཏོ་ཞེས་བྱ་བ་ལུས་ཀྱི་ཚུལ་གྱིས་འགྱེལ་བར་གྱུར་པའོ། །འདིས་ནི་མོས་པ་སྤྱོད་པའི་ས་ལ་གནས་པའི་བརྒྱ་བྱིན་ལ་སོགས་པ་སྟོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །
སྡུག་བསྔལ་ཆེན་པོ་བརྒྱུད་པ་འདི་ལས་བཅོམ་ལྡན་འདས་ཇི་ལྟར་ཐར་བར་འགྱུར། བདེ་བར་གཤེགས་པ་ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཅི་ནས་ཀྱང་སྡུག་བསྔལ་གྱི་ཕུང་པོ་འདི་ལས་རྣམ་པར་གྲོལ་བར་འགྱུར། བདེ་བར་གཤེགས་པ་འདི་བསྐྱབ་ཏུ་གསོལ་ཞེས་ཞུས་པ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་བཤད་པ་འདི་ཉོན་ཅིག་ཅེས་བྱ་བ་ནི་ཕྲག་བརྒྱད་ཅུ་རྩ་བཞི་ནི་ཉེ་བར་མཚོན་པ་སྟེ། སངས་རྒྱས་གྲངས་མེད་པས་བཅོམ་ལྡན་འདས་ལ་བསྐུལ་ཞིང་དུ་མར་སྣང་བའི་ཚུལ་གྱིས་འདི་བཤད་ཅེས་བྱ་བའི་དོན་ཏོ། །འདིས་ནི་གསང་
སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱི་ལུས་ལ་དཀྱིལ་འཁོར་བརྟག་ཅེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་དང་པོའི་ཏིང་ངེ་འཛིན་རྫོགས་སོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་རྒྱལ་པོ་མཆོག་སྟོན་པ་སྟེ། དེ་ནས་ཞེས་བྱ་བ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་
ལའོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞེས་བྱ་བ་ནི། དཀྱིལ་འཁོར་སྤྲུལ་ཞིང་གསང་སྔགས་གསུང་བའི་དོན་དུ་སླར་ཡང་ཞེས་པའི་དོན་ཏོ། །མེ་ཏོག་མནྡཱ་ར་བ་དང་ཞེས་བྱ་བ་ལ་སོགས་པ་མེ་ཏོག་དང་རྒྱན་གྱི་ཁྱད་པར་གྱིས་མཆོད་དེ་བསྐོར་བ་དང་ཕྱག་འཚལ་བ་དང་ལེགས་སོ་
ཞེས་བྱ་བས་མཉེས་པར་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་ཞེས་བྱ་བ་ཚེ་ཕྱི་མའི་དོན་དང་། བདེ་བར་བགྱི་བ་དང་ཞེས་བྱ་བ་ཚེ་འདིའི་དོན་དང་མ་འོངས་པའི་སེམས་ཅན་རྣམས་ངན་སོང་གི་རྒྱུད་གསུམ་ལས་ཐར་བར་བགྱི་
བའི་སླད་དུ་ཞེས་བྱ་བ་ནི། དཀྱིལ་འཁོར་ཡོད་ན་དབང་དང་དམ་ཚིག་ཡོད་པའི་ཕྱིར་རོ། །ལེགས་པར་བཤད་དུ་གསོལ་ཞེས་བྱ་བ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་ཞིང་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །དེ་ནས་གཞན་ཡང་སྤྲུལ་པའི་འཁོར་
Vol. 67 · folio 234b
ཚངས་པ་ལ་སོགས་པ་ལྷ་མང་པོ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་བཅོམ་ལྡན་འདས་ལེགས་སོ། །བདེ་བར་གཤེགས་པ་ཅི་ནས་ཀྱང་མ་འོངས་པའི་སེམས་ཅན་རྣམས་ཀྱིས་མཚན་ཙམ་ཐོས་པས་ངན་སོང་གསུམ་གྱི་ལམ་ལས་རྣམ་པར་གྲོལ་ཏེ། བདེ་འགྲོ་ལྷའི་འཇིག་
རྟེན་ནས་མིའི་འཇིག་རྟེན་དུ་སྐྱེས་ནས་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་བཤད་པར་གསོལ་ཞེས་བྱ་བ་ནི། དཀྱིལ་འཁོར་དང་སྔགས་དང་འབྲས་བུ་འདི་རྣམས་དང་ལྡན་པས་བཤད་པར་གསོལ་ཞེས་གསོལ་བ་བཏབ་པའོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འོག་ནས་འབྱུང་བ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། ཁ་བུབ་ཏུ་འགྱེལ་བ་བསླངས་ཏེ་
རྒྱུད་སྦྱངས་ལ་དམ་ཚིག་དང་དབང་ཐོབ་པར་བྱས་ནས་དཀྱིལ་འཁོར་དུ་ལྷ་དགོད་པའི་དོན་དུའོ། །ཇི་ལྟ་བུ་ཞིག་ལ་ཞེ་ན། གདོན་མི་ཟ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འབྲས་བུ་ཡོད་ཅིང་དོན་ཡོད་ལ་མི་ཆོད་པའི་རྡོ་རྗེ་ངེས་པ་བསྐྱེད་པའི་དོན་དུ་མིང་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
པ་ནི་མངོན་དུ་མཛད་པའོ། །ཏིང་ངེ་འཛིན་འབའ་ཞིག་ཏུ་ཟད་དམ་ཞེ་ན་མ་ཡིན་ཏེ། ཨོཾ་བཛྲ་ཨ་དྷི་དྷིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ་སྙོམས་པར་ཞུགས་ནས་གསང་སྔགས་གསུངས་པས་ལྷའི་བུ་རྣམས་ཀྱི་རྒྱུད་སྦྱང་བ་དང་དཀྱིལ་འཁོར་དུ་ཞུགས་པ་བསྟན་ཏོ། །གཞན་ཡང་
སྙོམས་པར་ཞུགས་ནས་ཀྱང་གདོན་མི་ཟ་བར་མི་ཆོད་པའི་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ནས་ཀྱང་ཞེས་བྱ་བས་ནི་དབང་བསྐུར་བ་བསྡུའོ། །གདོན་མི་ཟ་བར་ཞེས་བྱ་བ་ནི་དབང་བསྐུར་བ་ལ་ཐེ་ཚོམ་མེད་པའོ། །མི་ཆོད་པའི་ཞེས་བྱ་བ་ནི་དེའི་འབྲས་བུ་ཆོས་ཀྱི་སྐུའོ། །རྡོ་རྗེའི་བྱིན་གྱི་རླབས་
ཀྱིས་ཞེས་བྱ་བ་ནི་བུམ་པ་རྡོ་རྗེར་བྱིན་གྱིས་བརླབས་པས་སོ། །བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་ཆུའི་དབང་བསྐུར་ནས་ཏེ། གཞན་ཡང་དབང་ཉི་ཤུ་རྩ་གཅིག་ཀུན་གྱིས་བསྐུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡོངས་སུ་སྦྱོང་
Vol. 67 · folio 235a
བའི་རྒྱལ་པོ་ནི་རྒྱུ་དང་འབྲས་བུ་དང་ངོ་བོ་ཉིད་དང་རྟེན་དང་གནས་སྦྱོང་བ་སྟེ་ཐུགས་ཡང་དག་པའི་ཡེ་ཤེས་སོ། །དེ་སྟོན་པའི་སྒྲ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འོག་ནས་འབྱུང་བ་འདིའོ། །རང་ཉིད་ཀྱང་ངེས་
པའི་ཡེ་ཤེས་ལས་སྒྲའི་གཟུགས་སུ་ཕྱུང་ངོ་ཞེས་བྱ་བའི་དོན་ཏོ། །ཨོཾ་ཤོ་དྷ་ནི་ཞེས་བྱ་བ་ནས། ཤུདྡྷེ་སྭཱ་ཧཱ་ཞེས་བྱ་བའི་བར་རོ། །རིག་པ་ཆེན་པོ་འདི་བཤད་མ་ཐག་ཏུ་ཅེས་བྱ་བ་ནི་གསུངས་པ་དང་སྤྲུལ་པའོ། །དེའི་ཕན་ཡོན་སེམས་ཅན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ནས་གཞན་ཡང་
གསང་བའི་སྙིང་པོ་འདི་གསུངས་སོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་ཀུན་རིག་གི་གསང་སྔགས་གསུངས་པའི་རྗེས་ཐོགས་ལའོ། །གཞན་ཡང་ཞེས་བྱ་བ་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ། །གསང་བའི་སྙིང་པོ་ཞེས་བྱ་བ་ནི། ཐུགས་དང་ཡོན་ཏན་དང་གསུང་དང་ཕྲིན་ལས་སོ། །དེ་སྟོན་
པའི་སྒྲ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །འདི་གསུངས་སོ་ཞེས་བྱ་བ་ནི་འོག་ནས་འབྱུང་བའོ། །ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པ་ཡཱ་ན་ཞེས་བྱ་བ་ནི་ངན་སོང་སྦྱོང་བ་དང་། རིན་ཆེན་ཏོག་དང་། ཤཱཀྱའི་དབང་པོ་དང་། མེ་ཏོག་ཆེར་རྒྱས་རྣམས་ཀྱི་ཐུན་མོང་གི་སྙིང་པོ་ཡིན་
ནོ། །སརྦ་སདྱ་བྷྱ་ཧཱུཾ་ཞེས་བྱ་བ་དང་། ཧཾ་ཞེས་བྱ་བ་དང་། ཏྲ་ཐ་ཨ་ཞེས་བྱ་བ་ནི། རིན་ཆེན་ཏོག་ལ་སོགས་པའི་ཁྱད་པར་གྱི་སྙིང་པོ་སྟེ་ཕྱིས་འབྱུང་བ་ལས་ཤེས་པར་བྱའོ། །ལྷའི་དབང་པོ་གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོའོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་དང་
སྦྱིན་པ་དང་ཤེས་རབ་དང་། བརྩོན་འགྲུས་དང་སྙིང་རྗེ་ལ་སོགས་པ་དང་བཅས་པའོ། །དེ་སྟོན་པའི་སྒྲ་ལ་ཡང་དེ་སྐད་ཅེས་བྱའོ། །ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནེ་ཞེས་བྱ་བ་ནི། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་ཐུན་མོང་གི་སྙིང་པོ་ཡིན་ནོ། །
ཧཱུཾ་ཕཊ་ཅེས་བྱ་བ་དང་། ཏྲཾ་ཧཾ་ཨཿཞེས་བྱ་བ་ནི་ཁྱད་པར་གྱི་སྙིང་པོའོ། །ལྷའི་དབང་པོ་གཞན་ཡང་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་ཞེས་བྱ་བ་ནི་ཐུགས་སོ། །ཉེ་བའི་སྙིང་པོའོ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་སྟོན་པའི་སྒྲ་ལ་ཡང་དེ་སྐད་ཅེས་པའོ། །
Vol. 67 · folio 235b
ཨོཾ་ཏྲཊ་ཅེས་བྱ་བ་ནི་སྡིག་པ་གཞོམ་པའི་སྙིང་པོའོ། །ལྷའི་དབང་པོ་འདི་ནི་གཞན་ཡང་ངན་སོང་ཐམས་ཅད་སྦྱོང་བའི་སྙིང་པོའོ་ཞེས་བྱ་བ་ནི་ཤར་གྱི་གཙོ་བོའི་ཁྱད་པར་གྱི་སྙིང་པོའོ། །རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་ལྷག་མ་རྣམས་ཀྱི་བདེ་བ་ཆེན་པོའི་དཀྱིལ་འཁོར་དང་གཙུག་ཏོར་ལ་
སོགས་པ་རྣམས་སུ་ཤེས་པར་བྱའོ། །ལྷའི་དབང་པོ་གཞན་ཡང་མདོར་ན་དྲན་པ་ཙམ་གྱིས་ཀྱང་བསོད་ནམས་ཆུང་བའི་སེམས་ཅན་ཐམས་ཅད་ངན་སོང་གི་རྒྱུད་ཐམས་ཅད་ལས་བདེ་བླག་ཏུ་རྣམ་པར་གྲོལ་བར་གྱུར་པ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་མདོར་བསྡུ་ན་དྲན་པ་ཙམ་གྱིས་གྲོལ་བར་འགྱུར་བའི་རྒྱུ་
ཡིན་ཏེ། ལྷ་ཐམས་ཅད་བསྐྱེད་པ་དང་། རྒྱས་གདབ་པ་དང་། སྙིང་གར་དགོད་པ་དང་། ཁྲུས་བྱ་བ་དང་། ཀུན་ལ་མཆོག་ཏུ་གྱུར་པའི་རྩ་བའི་རིག་པ་སྟེ། ན་མོ་བྷ་ག་ཝ་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། སྭཱ་ཧཱའི་མཐར་ཐུག་པའོ། །སརྦ་བིད་ཅེས་བྱ་བ་ནས་བརྩམས་ཏེ། ཨོཾ་བྷ་ཞེས་བྱའི་མཐར་
ཐུག་པ་རྣམས་ཚེ་འདིའི་ཕན་ཡོན་ལ་གནས་པའམ་ཤི་བའི་ལུས་ལ་གདགས་པ་དང་བཟླས་བརྗོད་བྱ་བ་དང་། བྷ་དང་ཤའི་དོན་བསྒོམ་པ་ཡིན་ཏེ། དེ་གསུངས་པ་ལྷའི་དབང་པོ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་གསང་བའི་སྙིང་པོ་འདི་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ་དེ་སྟོན་པའི་སྒྲ་ལ་ཡང་དེ་སྐད་ཅེས་བྱ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་རུང་བས་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པ་དུ་མ་སྟེ། བུའམ་བུ་མོ་གང་ཡང་རུང་བས་ཞེས་བྱ་བ་ནི་ཁྱད་པར་གྱི་དགག་པ་མེད་པའོ། །མིང་ཙམ་ཉན་ཏམ་ཞེས་བྱ་བ་ནི་མིང་ཉིད་ཉན་པའོ། །
བཅངས་སམ་ཞེས་བྱ་བ་ནི་དོན་དང་ཚིག་གོ། །བཀླགས་སམ་ཞེས་བྱ་བ་ནི་ཁ་ཐོན་ནམ་གླེགས་བམ་གྱིས་སོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་གྲོ་ག་ལ་སོགས་པ་ལ་བྲིས་ནས་ཀྱང་མགོ་བོའི་གཙུག་ཕུད་དམ་དཔུང་པའམ་མགུལ་དུ་བཏགས་ཏེ་འཆང་ན་ཞེས་བྱ་བ་ནི་ཚེ་འདི་ཉིད་ལ་གནས་པའི་
གདགས་པ་གསུམ་བསྟན་ཏོ། །དེ་ཉིད་དུ་གསུངས་པ་ཚེ་འདི་ཉིད་ལ་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕན་ཡོན་དུས་མ་ཡིན་པར་འཆི་བ་བརྒྱད་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་མ་ཡིན་པར་འཆི་བ་བརྒྱད་ནི་མིད་པ་བསྒགས་པ་ལ་སོགས་པའོ། །དུས་མ་ཡིན་པའི་འཆི་བ་དང་
Vol. 67 · folio 236a
འབྲེལ་པའི་རྨི་ལམ་གྱི་རྣམ་པའམ་ཞེས་བྱ་བ་ནི། རྨི་ལམ་ནི་གསུམ་སྟེ། བག་ཆགས་ཀྱི་རྨི་ལམ་དང་ལྟས་བསྟན་པ་དང་བྱིན་གྱིས་བརླབས་པའོ། །དེས་ཀྱང་མི་འབྱུང་ལ་གཞན་ཡང་ངན་སོང་དང་འབྲེལ་པའི་མཚན་མ་དེ་དག་ཐམས་ཅད་རྨི་ལམ་དུ་ཡང་མི་འབྱུང་ན་ཞེས་
བྱ་བ་ནི་གཉིད་མ་ལོག་པ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །མཉན་པ་ལ་སོགས་པའི་ཕན་ཡོན་བཤད་ནས། དཀྱིལ་འཁོར་དུ་ཇི་ལྟ་བར་ཞུགས་ལ་ཞེས་བྱ་བས་ཞུགས་པའི་ཕན་ཡོན་སྟོན་ཏོ། །ཞུགས་ལ་ཞེས་བྱ་བ་ལ་དང་པོར་ཞུགས་ལ་ཞུགས་ནས་དབང་བསྐུར་ནས་གོང་དུ་བཤད་
པའི་སྙིང་པོ་བཟླས་བརྗོད་བྱེད་ཅིང་སྔགས་ཀྱི་དོན་བསྒོམ་པ་གང་ཡིན་པ་ཞེས་བྱ་བ་དང་། བྷ་དང་ཤའི་དོན་བསྒོམ་པའོ། །ལྟ་སྨོས་ཀྱང་ཅི་དགོས་ཏེ་ཞེས་བྱ་བ་དང་ཕུལ་དུ་བྱུང་བ་གསུངས་པ་སྟེ་བསྟན་པའོ། །དེ་ཉིད་བཤད་པ་དེ་དག་ལས་སྡིག་པ་གང་ཡང་ཉེ་བར་མི་འགྱུར་ངན་སོང་དུ་འགྲོ་བར་ཡང་
མི་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་ཚེ་འདི་ལ་གནས་པའི་ཕན་ཡོན་བཤད་ནས། ཚེ་འདས་པ་རྣམས་ཀྱི་ཕན་ཡོན་གྱི་དབང་དུ་བྱས་ནས། སྐྱེས་པའམ་བུད་མེད་དམ་ལྷ་འམ་ཀླུའམ་གནོད་སྦྱིན་ནམ་སྲིན་པོའམ། བྱོལ་སོང་ངམ་ཡི་དགས་སམ་སེམས་ཅན་དམྱལ་བ་ལ་སོགས་ཏེ་གང་
ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཙུག་སྟེ་དབང་བསྐུར་ན་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ཚུལ་གྱིས་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ན་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅིར་འགྱུར་ཞེ་ན་འབྲས་བུ་གསུངས་པ། སེམས་ཅན་དམྱལ་བར་སྐྱེས་ན་ཡང་དེ་མ་ཐག་པར་ཡང་ཐར་ནས་ལྷའི་
རིས་སུ་སྐྱེ་བར་འགྱུར་རོ། །ལྷའི་རིས་དེར་སྐྱེས་ནས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་དུ་བྱེད་ཅེས་བྱ་བ་ནི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་དང་བྲལ་བའི་ཆོས་ཉིད་ཐོབ་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་ལ་སོགས་པ་ཡང་བྱེད།
ཕྱིར་མི་ལྡོག་པར་ཡང་འགྱུར། རྒྱུ་ངེས་པ་ཅན་དུ་ཡང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཡང་སྐྱེ། སྡིག་པ་ཐམས་ཅད་རབ་ཏུ་སྤངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སམ་ལྷའི་རིགས་སམ། གང་ཡང་རུང་བར་བདེ་བ་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་
Vol. 67 · folio 236b
གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་བྱེད་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་ཕྱིར་མི་ལྡོག་པ་དང་། ཐེག་པ་ཆེན་པོའི་རིགས་ཅན་དང་། དེ་བཞིན་གཤེགས་པའི་དངོས་གྲུབ་དང་། མཆོད་པའི་སྒྲིབ་པ་ལ་སོགས་པ་སྤངས་པ་དང་། རིགས་ཀྱི་དངོས་གྲུབ་དང་། འཇིག་
རྟེན་པའི་ལྷ་དང་། རི་ལུ་ལ་སོགས་པའི་དངོས་གྲུབ་གང་ཡང་རུང་བ་དང་ལྡན་པའི་བདེ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལྷའི་དབང་པོ་མདོར་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་མདོར་བསྡུ་ན་འཇིག་རྟེན་དང་འཇིག་
རྟེན་ལས་འདས་པ་གཉིས་སུ་བསྡུས་པས་དེའི་ཕན་པ་དང་བདེ་བ་མྱོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་སྒོམ་པ་རྣམས་ཀྱི་ཁང་པ་བརྩེགས་མ་དང་གདན་བསྐྱེད་པ་དང་། ཀུན་རིག་སྤྲུལ་ནས་ཐུགས་ཀར་ཟླ་བ་ལ་སྔགས་བཀོད་ནས་ལྷ་རྣམས་སྤྲུལ་པ་དང་། སྤྲུལ་ཅིང་
སྒྲུབ་པའི་སྔགས་འབྲས་བུ་དང་བཅས་པ་བསྟན་ཏོ། །རི་རབ་ཏུ་སྤྲུལ་པའི་དུས་ནི། གཙོ་བོ་གྲུབ་པའི་དུས་སུ་འཁོར་རྣམས་གྲུབ་པས། གཙོ་བོ་དང་འཁོར་སྤྲུལ་པ་མ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་མྱོང་བར་འགྱུར་རོ་ཞེས་བྱ་བའི་བར་གྱི་གཞུང་གིས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་
ངེ་འཛིན་བསྟན་ཏོ། །དེ་ནས་གཙོ་བོ་དང་ཐ་མི་དད་པར་བསམས་ཏེ། བསྡུ་བ་དང་ཕྱག་འཚལ་བ་དང་། ཆེད་དུ་བརྗོད་པ་དང་། བྱིན་གྱིས་བརླབ་པ་དང་། ཡང་ཆེད་དུ་བརྗོད་པ་དང་། དབང་བླང་བ་དང་། དགུག་གཞུག་བྱ་བ་དང་། རྒྱས་གདབ་པ་དང་། ཀུན་གྱི་ཕྲིན་ལས་གཅིག་ལ་སྦྱར་བ་དང་།
ཀུན་གྱི་དེ་ཁོ་ན་ཉིད་བསྡུས་པ་དང་། གསང་ཞིང་སྲ་བའི་མཆོག་མཐོན་པོ་ལས་བསྟན་པ་བཞིན་ཤེས་པར་བྱའོ། །ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ།། །།དམ་ཚིག་དང་དབང་ཐོབ་པས་ཐབས་འདི་ཉིད་ལ་འཇུག་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་
དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་སྟོན་ཏོ། །དེ་ནས་སྔོན་དུ་བསྙེན་པ་བྱས་པའི་རྗེས་ཐོགས་ལའོ། །དེ་ཡང་འདིར་ལོའམ། ལོ་ཕྱེད་དམ། ཟླ་བ་གཅིག་གམ། ལྷ་རྣམས་གྲུབ་ནས་ཞེས་བྱ་བའི་དོན་ཏོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་
Vol. 67 · folio 237a
བར་སྦྱར་རོ། །ཅི་ཞིག་བྱས་ནས་ཤེ་ན། བཅོམ་ལྡན་འདས་ལ་དེ་བཞིན་དུ་བསྐོར་བ་བྱས་ནས་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །ཅིའི་སླད་དུ་ཞེ་ན། ངན་སོང་གི་དབང་དུ་གྱུར་པ་རྣམས་ལ་ཕན་པ་དང་བདེ་བར་བགྱི་བ་དང་
ཅི་ནས་ཀྱང་སེམས་ཅན་དེ་དག་ངན་སོང་ཐམས་ཅད་ཀྱི་སྒོ་ལས་རྒྱབ་ཀྱིས་ཕྱོགས་པར་བགྱིད་པ་དང་། བླ་ན་མ་མཆིས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་པས་མི་རྣམས་ལ་ཕན་པའི་དོན་དུ་སྟེ་དེའི་ཕྱིར་བཤད་དུ་གསོལ་
ཞེས་བྱ་བའི་དོན་ཏོ། །རྗེ་བཙུན་བཤད་དུ་གསོལ་ཞེས་བྱ་བ་ནི་ཁྱད་པར་དུ་བོད་པས་གསོལ་བ་བཏབ་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཞེས་བྱ་བ་ནི། ཀུན་རིག་ཉིད་མི་ཡུལ་དུ་ཤཱཀྱ་ཐུབ་པར་གྱུར་པ་ལ་དགོངས་ནས་དེ་སྐད་ཅེས་
བཤད་དེ་ངེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཡེ་ཤེས་ཞེས་བྱ་བ་ནི་དེར་ངེས་པའི་ཡེ་ཤེས་ཏེ། དབྱེར་མི་ཕྱེད་པས་རྡོ་རྗེ་ཞེས་བྱ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེའི་སྙོམས་
པར་ཞུགས་པ་ནི་མངོན་དུ་མཛད་པ་སྟེ་དེ་མཛད་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ་ཞེས་བྱ་བ་དཀྱིལ་འཁོར་ནི་གཟུགས་ཅན་དང་གཟུགས་མེད་པ་ལ་གཟུགས་མེད་དེ་
རང་གི་དཀྱིལ་འཁོར་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཡང་ཆོས་ཀྱི་བཅུད་ཀྱི་སྙིང་པོ་འབྱུང་བའི་ཕྱིར་དང་སྙིང་པོ་ལན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཆེན་པོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བས་ཡེ་ཤེས་གཟུགས་སྐུ་དང་བཅས་པའོ། །འདི་ཞེས་བྱ་བ་འོག་ནས་བྱུང་བ་འདིའོ་གསུངས་
སོ་ཞེས་བྱ་བ་ནི་བཀའ་སྩལ་པའོ། །གསུངས་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་འགྱུར་བའི། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་བྱ་བ་ཡིན་ཏེ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །
Vol. 67 · folio 237b
ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །བླ་ན་མེད་པ་ཞེས་བྱ་བ་ནི་སྤྲོས་པ་དང་བྲལ་བའོ། །རྟོགས་འགྱུར་བའི་ཞེས་བྱ་བ་ནི་ཁོང་དུ་ཆུད་པའོ། །དེ་ཉིད་ཡེ་ཤེས་ཞེས་བྱ་བས་སྟོན་ཏེ་སུས་གསུངས་ཤེ་ན། རྒྱལ་བས་གསུངས་པའི་ཞེས་བྱ་བ་སྨོས་སོ། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །
ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ་དེ་ཉིད་ཅེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་སྙིང་པོར་གསུངས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་རང་བཞིན་དུ་བཤད་པའོ། །རང་བཞིན་དུ་བཤད་པ་དེ་ཡང་འདི་ཡིན་ཏེ། མི་མཉམ་པ་མེད་པས་ཟུར་བཞི་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་
བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་ཞེས་བྱ་བ་ནི་སྒོ་བཞི་ཡིན་ནོ། །བསམ་གཏན་རྣམས་ལ་རྟ་བབས་བཞི། །ཞེས་བྱའོ། །གཟུགས་རྣམས་ལ་ཁ་ཁྱེར་ལ་བརྟེན་པའི་ལྷ་མོ་རྣམས་ཞེས་བྱའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འདུལ་བ་བསྐྱོད་པའི་རང་བཞིན་ནི།
རླུང་གིས་དར་འཕན་བསྐྱོད་ནས་སྒྲ་སྒྲོགས་པ་ཞེས་བྱའོ། །ཡེ་ཤེས་མེ་ལོང་ཞེས་བྱའོ། །བྱང་ཆུབ་ཀྱི་ཡན་ལག་མེ་ཏོག་གི་ཕྲེང་བ་ཞེས་བྱའོ། །མི་ཟད་པའི་བདེ་བ་དྲ་བ་དང་དྲ་བ་ཕྱེད་པ་དང་། རིན་ཆེན་མཆོག་ཉི་མ་དང་ཟླ་བ་ཞེས་བྱའོ། །རྣམ་པར་ཐར་པ་བརྒྱད་དཀྱིལ་འཁོར་བརྒྱད་ཅེས་བྱའོ། །ཐེག་
པ་ཆེན་པོ་མདོ་སྡེས་བསྐོར་བ་ནི་རྡོ་རྗེ་ཐེག་པ་ཞེས་བྱའོ། །འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །དེ་ཡང་ཇི་སྐད་དུ། མི་མཉམ་མེད་པས་ཟུར་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞི་ཡིན། །བསམ་གཏན་རྣམས་ཀྱང་རྟ་བབས་ཡིན། །ཁ་ཁྱེར་ལ་བརྟེན་རྡོ་རྗེ་མཆོག །ལྷ་མོས་མཆོད་པས་གཟུངས་
རྣམས་ཡིན། །སྣ་ཚོགས་པ་ཡི་རྒྱན་རྣམས་ཀུན། །བསམ་པ་ཐམས་ཅད་རྫོགས་པ་ཡིན། །གདུལ་བྱ་བསྐྱོད་པས་སྣ་ཚོགས་མཆོག །དམ་ཆོས་མཆོག་ནི་ཀུན་དུ་འགྲོ། །རླུང་གིས་བསྐྱོད་ནས་སྣ་ཚོགས་མཆོག །དར་འཕན་དྲིལ་བུ་སྒྲ་སྒྲོགས་ནི། །མེ་ལོང་ཡེ་ཤེས་རྟགས་མེ་ཏོག །དྲ་བ་དྲ་ཕྱེད་
རིན་ཆེན་མཆོག །ཉི་མ་ཟླ་བ་ཡང་དག་ལྡན། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་བཤད་དོ། །དེ་ཡི་ནང་རིམ་དག་གི་ཐིག །དཀྱིལ་འཁོར་བརྒྱད་པ་འདྲ་བ་ནི། །འདི་ན་རྣམ་པར་ཐར་པ་བརྒྱད། །དངོས་གྲུབ་ཀུན་གྱི་བདེ་བ་སྟེར། །ཐེག་པ་ཆེན་པོ་བྱང་ཆུབ་སེམས། །མདོ་སྡེའི་
Vol. 67 · folio 238a
འཁོར་ལོ་བསྐོར་བས་ན། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བ། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །ཞེས་པ་དང་། ཆོས་ཀྱི་འཁོར་ལོ་འདྲ་བ་ལ། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །ཅེས་གསུངས་པའི་ཕྱིར་རོ། །ཡང་དེ་ཉིད་ཀྱི་བྱང་ཆུབ་སེམས་ཀྱི་འབྲས་བུ་དང་བསྡུ་བའི་
དངོས་པོ་བཞི་དང་། སེམས་ཅན་གྱི་དོན་ལ་ཆགས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་མགུ་བར་བྱེད་པའི་ཚུལ་ནི་རྡོ་རྗེ་སེམས་དཔའ་དང་། རྒྱལ་པོ་དང་། ཆགས་པ་དང་། ལེགས་པའོ། །ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་འབྲས་བུ་ནི། །སངས་རྒྱས་ཡེ་ཤེས་བླ་མེད་གང་། །དེ་ནི་རྡོ་རྗེ་སེམས་
རང་བཞིན། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །ཞེས་པ་དང་། བསྡུ་བ་ཡི་ནི་དངོས་པོ་བཞི། །བཅོམ་ལྡན་འདས་ཀྱིས་གང་སྤྱད་པ། །སེམས་ཅན་འགུགས་པའི་ཐབས་ཞེས་པ། །རྡོ་རྗེ་རྒྱལ་པོ་ཡང་དག་འབྱུང་། །ཞེས་བྱ་བ་དང་། སེམས་ཅན་སྨིན་ཕྱིར་བཅོམ་ལྡན་གྱིས། །གང་ཚེ་བྱང་ཆུབ་
སྤྱོད་པ་སྤྱད། །བྱང་ཆུབ་སྤྱོད་ལ་རྗེས་ཆགས་པ། །རྡོ་རྗེ་ཆགས་པར་ཡང་དག་འབྱུང་། །ཞེས་པ་དང་། སངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང་། །ལེགས་སོ་ཞེས་བྱ་རབ་སྟེར་བྱེད། །བྱང་ཆུབ་སེམས་དཔའ་ཀུན་མགུ་བྱེད། །དེ་ནི་རྡོ་རྗེ་ལེགས་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །
གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མི་ཤེས་པའི་མུན་ནག་འཇོམས་པ་དང་། ཆོས་ཀྱི་རྒྱལ་མཚན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཀུན་དབུགས་འབྱིན་པ་གོ་རིམས་བཞིན་དུ་རྡོ་རྗེ་རིན་ཆེན་དང་། གཟི་བརྗིད་དང་། རྒྱལ་མཚན་དང་བཞད་པ་བཞི་ཡིན་ཏེ། ཇི་
སྐད་དུ། བྱང་ཆུབ་སེམས་དཔའི་སྦྱིན་པ་གང་། །མཁའ་མཉམ་རིན་ཆེན་ལྟ་བུ་སྟེ། །རྡོ་རྗེ་རིན་ཆེན་སྐལ་བ་ཆེ། །དེས་ན་རྡོ་རྗེ་རིན་ཆེན་བརྗོད། །ཅེས་པ་དང་། མ་རིག་ལིང་ཏོག་འཁོར་བ་ཡི། །མི་ཤེས་མུན་པ་འཇོམས་བྱེད་ཅིང་། །ཐར་པའི་སྣང་བ་གཟི་བརྗིད་ཆེ། །དེ་ནི་རྡོ་རྗེ་གཟི་
བརྗིད་དོ། །ཞེས་པ་དང་། རྒྱལ་མཚན་སངས་རྒྱས་ཀུན་རང་བཞིན། །ཐར་པའི་ལམ་འགྲོ་རྒྱལ་མཚན་དེ། །ཆོས་ཀྱི་རྒྱལ་མཚན་རྒྱལ་མཚན་ཆེ། །དེ་ནི་རྡོ་རྗེ་རྒྱལ་མཚན་བརྗོད། །ཅེས་པ་དང་། རྣལ་འབྱོར་ཆེན་པོ་རྡོ་རྗེ་བཞད། །སངས་རྒྱས་ཐམས་ཅད་བཞད་བྱེད་ཅིང་། །བྱང་ཆུབ་སེམས་
Vol. 67 · folio 238b
དཔའ་ཀུན་དབུགས་འབྱིན། །དེ་ནི་རྡོ་རྗེ་བཞད་པར་བརྗོད། །ཅེས་གསུངས་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སེམས་ཅན་གྱིས་རྟོགས་པར་བྱེད་པའི་རྒྱུ་དང་། ཤེས་རབ་ཆེན་པོ་དང་། ཆོས་ཀྱི་འཁོར་ལོ་དང་། ཚིག་དང་བྲལ་བས་སྨྲ་བ་སྟེ། བཞི་པོ་གོ་རིམས་བཞིན་དུ་རྡོ་རྗེ་ཆོས་དང་རྣོན་པོ་དང་།
འཁོར་ལོ་དང་སྨྲ་བ་སྟེ། ཇི་སྐད་དུ། རྣལ་འབྱོར་ཆེན་པོ་སངས་རྒྱས་ཆོས། །སངས་རྒྱས་སེམས་ཅན་རྟོགས་བྱེད་པ། །དག་པ་དེ་བཞིན་གཤེགས་སྙིང་པོ། །དེ་ནི་རྡོ་རྗེ་ཆོས་སུ་བརྗོད། །ཅེས་པ་དང་། ཤེས་རབ་རྣོན་པོ་ཡེ་ཤེས་ཆེ། །ཤིན་ཏུ་སྡུག་པའི་ཉོན་མོངས་གཅོད། །ཤེས་བྱའི་སྒྲིབ་པ་
གཅོད་པས་ན། །དེ་ནི་རྡོ་རྗེ་རྣོན་པོར་བརྗོད། །ཅེས་པ་དང་། འཁོར་ལོ་སངས་རྒྱས་གར་ཤེས་པ། །ཆོས་ཀྱི་འཁོར་ལོ་ཤིན་ཏུ་བརྟན། །དམ་ཆོས་སྒྲོལ་བའི་བཅུད་ལས་བྱུང་། །དེ་ནི་རྡོ་རྗེ་རྒྱུ་ཞེས་བྱ། །ཞེས་པ་དང་། སངས་རྒྱས་ཀུན་གྱི་ཆོས་ཆེན་པོ། །མཁའ་མཚུངས་ཚིག་དང་བྲལ་བ་སྟེ།
ཚིག་མེད་ཚིག་ལས་ཡང་དག་བྱུང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཉིད་སེམས་ཅན་སྨིན་པ་དང་གྲོལ་བ་དང་ཐེག་པ་དམན་པ་སྤོང་བ་དང་། ཉོན་མོངས་པ་ཐམས་ཅད་ཟད་པ་དང་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པ་སྟེ་གོ་རིམས་བཞིན་དུ། རྡོ་རྗེ་ལས་དང་སྲུང་བ་དང་།
གནོད་སྦྱིན་དང་། ཁུ་ཚུར་ཞེས་བྱའོ། །ཇི་སྐད་དུ། སེམས་ཅན་སྨིན་དང་གྲོལ་བ་ཡི། །སངས་རྒྱས་ཀུན་གྱི་ལས་གང་དང་། །སངས་རྒྱས་ལས་ནི་བདག་མེད་པ། །དེ་ནི་རྡོ་རྗེ་ལས་ཞེས་བྱ། །བྱང་ཆུབ་སེམས་དཔའ་སྲུང་བ་སྟེ། །ཐེག་པ་དམན་པ་སྤང་བྱེད་ཅིང་། །རྩེ་མོ་ནས་ལྟུང་སྲུང་བྱེད་པ། །
དེ་ནི་རྡོ་རྗེ་སྲུང་བར་བཤད། །སྡིག་པ་ཐམས་ཅད་ཟད་བྱེད་ཅིང་། །ཉོན་མོངས་ཐམས་ཅད་ངེས་པར་གཅོད། །སྲིད་པ་ཟད་བྱེད་གནོད་སྦྱིན་ཆེ། །དེ་ནི་རྡོ་རྗེ་གནོད་སྦྱིན་བརྗོད། །ཅེས་པ་དང་། བདེན་ཞིང་གཞན་མིན་དེ་བཞིན་ཉིད། །འགྱུར་མེད་དེ་ཁོ་ན་ཉིད་གང་། །སངས་རྒྱས་དེ་བཞིན་ཉིད་ཡེ་ཤེས། །
དེ་ནི་རྡོ་རྗེ་ཁུ་ཚུར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྦྱིན་པ་དང་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་རྣམས་ནི། ལཱ་སྱེ་དང་། མཱ་ལེ་དང་། གཱིརྟི་དང་། ནིརྟཱི་དང་། དྷཱུ་པེ་དང་།
Vol. 67 · folio 239a
པུཥྤེ་དང་། ཨཱ་ལོ་ཀེ་དང་། གནྡྷེ་ཞེས་བྱ་བ་རྣམས་སོ། །ཇི་སྐད་དུ། གང་ཕྱིར་མཆོག་ཏུ་རོལ་པས་ན། །སྒེག་མོ་སྦྱིན་པའི་ཕ་རོལ་ཕྱིན། །བྱང་ཆུབ་ཡན་ལག་འབྲས་སྟེར་བས། །ཕྲེང་བ་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཞེས་པ་དང་། ཞི་བའི་ཆོས་ལ་རྗེས་མོས་པས། །གླུ་
མ་བཟོད་པའི་ཕ་རོལ་ཕྱིན། །ཞེས་པ་དང་། སངས་རྒྱས་མཆོད་ལ་མི་སྐྱོ་བས། །གར་མ་བརྩོན་འགྲུས་ཕ་རོལ་ཕྱིན། །ཞེས་པ་དང་། ཐར་པ་མཆོག་ནི་དགའ་སྒྲུབ་པས། །བདུག་པ་ཤེས་རབ་ཕ་རོལ་ཕྱིན། །སངས་རྒྱས་ཉིད་འབྲས་རྒྱུ་ཡིན་པས། །མེ་ཏོག་བསམ་གཏན་ཕ་རོལ་ཕྱིན། །ཞེས་
པ་དང་། རྡོ་རྗེ་མར་མེ་ཐབས་ཆེན་པོ། །སྨོན་ལམ་རྡོ་རྗེ་བྱུག་པ་དང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་འགུགས་པར་བྱེད་པ་དང་། བྱང་ཆུབ་ཀྱི་སྤྱོད་པའི་ཞགས་པ་དང་ཐེག་པ་ཆེན་པོར་འཆིང་བ་དང་། ཆོས་ཐམས་ཅད་
སྐྱེ་བ་མེད་པར་འབབ་པ་སྟེ་གོ་རིམས་བཞིན་དུ། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུའོ། །དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་ཀྱིས་འགུགས་པ་ནི། །རྡོ་རྗེ་ལྕགས་ཀྱུར་ཡང་དག་བརྗོད། །བྱང་ཆུབ་སྤྱོད་པ་ལ་སྤྱོད་པ། །རྡོ་རྗེ་ཞགས་པར་དེ་བཤད་དོ། །ཐེག་པ་
དམན་པ་སྲུང་བྱེད་པ། །རྡོ་རྗེ་ལྕགས་སྒྲོག་དེ་བཤད་དོ། །རབ་ཏུ་འོད་གསལ་སྐྱེ་མེད་པ། །རྡོ་རྗེ་དྲིལ་བུར་དེ་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་གཉིས་སུ་མེད་པའི་ཐུགས་དེ་ཉིད་སྙིང་རྗེ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་དང་བཞི་ནི་གོ་རིམས་བཞིན་དུ།
སངས་རྒྱས་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཞེས་པ་ཡིན་ནོ། །ཇི་སྐད་དུ། སངས་རྒྱས་སྤྱན་ནི་བྱམས་པ་ཆེ། །མཱ་མ་ཀཱི་ནི་སྙིང་རྗེ་ཆེ། །དཀར་མོ་དགའ་བར་རབ་ཏུ་བརྗོད། །བཏང་སྙོམས་ཆེ་དང་ཐབས་ཆེ་བར། །སྒྲོལ་མ་ཞེས་ནི་བརྗོད་པ་ཡིན། །ཞེས་
གསུངས་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཉིད་བྱང་ཆུབ་ཀྱི་སེམས་དང་། ཚོགས་དང་། ཤེས་རབ་དང་། བྱང་ཆུབ་ཀྱི་སྤྱོད་པ་ཞེས་བྱ་བ་བཞི་གོ་རིམས་བཞིན་དུ་ངན་སོང་སྦྱོང་བ་དང་། རིན་ཆེན་ཏོག་དང་། ཤཱཀྱའི་དབང་པོ་དང་། མེ་ཏོག་ཆེར་རྒྱས་སོ། །ཇི་སྐད་དུ། བྱང་
Vol. 67 · folio 239b
ཆུབ་ཏུ་ནི་སེམས་བསྐྱེད་དང་། །དེ་བཞིན་ཚོགས་དང་ཤེས་རབ་དང་། །བྱང་ཆུབ་སྤྱོད་པ་རབ་སྤྱོད་པ། །རྒྱལ་པོ་བཞིར་ནི་ཡང་དག་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་གཅིག་ཏུ་བསྡུས་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །ཇི་སྐད་དུ།
དབུས་སུ་རྣམ་པར་སྣང་མཛད་ཅེས། །ཆོས་རྣམས་གཅིག་ཏུ་བསྡུས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་འབྲས་བུ་དེ་ཉིད་ལས་ལྡོག་པའི་ཚུལ་གྱིས་ཐ་དད་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་ཐ་དད་པ་ཡོད་པ་མ་ཡིན་ནོ། །འདིས་ནི་གཞན་ཡང་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་
རྣམས་ཀྱིས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཐོག་མར་ཤེས་པར་གྱིས་ཤིག་ཅེས་སྟོན་ཏོ། །དེ་ལྟར་ནང་གི་དཀྱིལ་འཁོར་གཟུགས་མེད་པ་གསུངས་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱིའི་དཀྱིལ་འཁོར་གཟུགས་དང་བཅས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པའོ། །
ཡང་ཞེས་བྱ་བ་ནི་སྡུད་པའོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ་ཞེས་བྱ་བ་ནི་མི་རྣམས་ལ་ཕན་པའི་དོན་དུའོ། །ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ནི། །གཟུགས་དང་བཅས་ཤིང་ཐམས་ཅད་འཇུག་ཏུ་རུང་བའོ། །འདི་གསུངས་སོ་ཞེས་པ་ནི། མི་
རྣམས་ལ་ཕན་པའི་དོན་དུ་བཤད་དོ། །གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་ལྷ་ཁང་ཀུན་ར་སོགས། །ཇི་བཞིན་པ་ཡི་ཆོ་ག་ཡིས། །གནས་ནི་བྱིན་གྱིས་བརླབ་པ་བརྩམ། །ཞེས་བྱ་བ་ནི་གཙུག་ལག་ཁང་དང་། མཆོད་རྟེན་དང་ལྷ་ཁང་དང་ཀུན་དགའ་ར་བ་དང་འབབ་ཆུའི་
འགྲམ་དང་། གྲོང་ཁྱེར་གྱི་ཤར་དང་། བྱང་གི་ཕྱོགས་ཀྱི་ཆར་རམ་གང་དུ་ཡིད་དང་མཐུན་པའི་གནས་སུའོ། །དེ་ནས། དཀྱིལ་འཁོར་བྲི་བའི་དོན་དུ་ནི། །ཚིགས་བཅད་འདི་ནི་བསྒྲག་པར་བྱ། །ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཞིག་ས་ལ་བརྟན་པ་ཀུན། །བྱམས་པའི་སེམས་ཀྱིས་གནས་
ནས་སུ། །སེམས་ཅན་ཀུན་ལ་དགེ་དོན་དུ། །ཀུན་དགའི་དོན་དུ་ཞུ་ཞིང་མཆིས། །དེ་ནས་ཇི་ལྟར་འཚམ་བཞིན་དུ་པུས་མོ་ནུབ་ཙམ་འོག་ཏུ་བརྐོས་ལ། གྱོ་མོ་ལ་སོགས་པ་བསལ་ལ། སྤྱན་དང་རྡོ་རྗེ་གནོད་སྦྱིན་དང་། །བདུད་རྩི་འཁྱིལ་པའི་སྔགས་ཀྱི་ཆུས་བསང་གཏོར་བྱ། ཁྲུ་ཚད་ཀྱིས་ཆེ་
Vol. 67 · folio 240a
ཆུང་བརྟག་པར་བྱ། བའི་ཆུ་དང་ལྕི་བས་བྱུག །ས་གཟུང་བ་དང་སྦྱང་བའི་ཆོ་གའོ། །དེ་ནས་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན། ཁྲུས་བྱས་ལུས་དྲི་ཆུས་བྱུགས། རྡོ་རྗེ་གནོད་སྦྱིན་དུ་བསྐྱེད། མིག་གཉིས་སུ་མ་དང་ཊ་ལས་ཟླ་བ་དང་ཉི་མ་དགོད། རྐང་པ་ལ་ཨ་ལས་
སྣ་ཚོགས་རྡོ་རྗེ་བསྐྱེད། ལག་པ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བཟུང་སྟེ་ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་ཤིང་། གཡས་ནས་བསྐོར་ལ་དེངས་ཞེས་བརྗོད། མཚམས་དང་ར་བ་དང་དྲ་བ་དག་ཀྱང་བྱ། བདུད་དང་སྡང་བ་བཟློག །དེ་ནས་ཕུར་བུ་བྱིན་གྱིས་བརླབས་ལ་ཕུར་བུ་གདབ་པར་བྱའོ། །འདིས་ནི།
ཇི་བཞིན་པ་ཡི་ཆོ་ག་ཡིས། །ཞེས་བྱ་བའི་དོན་ཏོ། །དེ་ནས་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་བསྒོམས་ལ་དཀྱིལ་འཁོར་ནམ་མཁའ་ལ་བཏེག། །ལྷའི་གནས་སུ་ཙནྡན་ལ་སོགས་པའི་ཟླུམ་པོ་དང་། གྲུ་བཞིའི་ཐིག་ལེ་བྱ། དཀྱིལ་འཁོར་
བརྟགས་པ་བསྡུས། ལྕགས་ཀྱུ་ལ་སོགས་པས་དགུག་གཞུག་བྱ། བགེགས་བསྐྲད་པ་དང་། ར་བ་དང་། དྲ་བ་བྱ། སྒོ་བཅད་སྲུང་བ་བརྟན་པར་བྱ། མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས་ཕྱག་རྒྱ་བཞིས་རྒྱས་གདབ། མཆོད་པ་རྣམས་ཀྱིས་མཆོད་རང་རང་གི་སྔགས་ཅི་མང་དུ་བཟླས་ཏེ།
བུམ་པ་ལྷག་པར་གནས་པ་དང་སློབ་མ་ལྷག་པར་གནས་པ་དང་། ཕྱི་རོལ་དུ་གཏོར་མ་སྦྱིན་པ་དང་། ཉེ་རེག་དང་། སྦྱིན་སྲེག་དང་། མཆོད་ཅིང་གསོལ་བ་གདབ་པ་ལ་སོགས་བྱའོ། །འདི་ཙམ་གྱིས་ནི། གནས་ནི་བྱིན་གྱིས་བརླབ་པ་བརྩམ། །ཞེས་བྱ་བའི་དོན་ཡིན་ནོ། །བྱིན་གྱིས་བརླབས་
པའི་གནས་དེར་ནི། །ཞེས་བྱ་བ་ནི་དེ་ཉིད་དུའོ། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །ཞེས་པ་ནི་དཀྱིལ་འཁོར་གྱི་སྒོ་གཉིས་པའོ། །ཕྱོགས་ཀུན་མཉམ་པ་གྲྭ་དང་བཅས་པས་གྲུ་བཞི་པ་ལ་ཕྱོགས་ཀྱི་ཆ་རེ་རེ་ཞིང་སྒོ་བཞི་ཡོད་པས་སྒོ་བཞི་པ་ཞེས་བྱའོ། །རྟ་བབས་བཞི་དང་ལྡན་པ་དང་། །ཐེམ་
སྐས་བཞི་ཡི་ཕྲེང་བ་དང་། །སེང་གེ་བ་གླང་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི། ཕྱོགས་རེ་རེ་ན་རྟ་བབས་རེ་དང་། ཐེམ་སྐས་ཕྲེང་བ་དང་། སེང་གེ་བ་གླང་རྣམས་ཀྱིས་མཛེས་པར་བྱས་པས་དེ་སྐད་ཅེས་བྱའོ། །དར་དང་ལྡ་ལྡི་དོ་ཤལ་ཕྲེང་། །དྲིལ་བུ་དང་ནི་རྔ་མས་བརྒྱན། །ཞེས་བྱ་བ་
Vol. 67 · folio 240b
ནི་དར་གྱི་ལྡ་ལྡི་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་གི་ཕྲེང་བ་དང་། དྲིལ་བུ་གཡེར་ཁ་ལ་སོགས་པ་དང་། རྔ་མས་མཛེས་པར་བྱས་པ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་པ་ཡི་ཕྱག་རྒྱས་བརྒྱན། །ཞེས་བྱ་བ་ནི་ཤར་ཕྱོགས་སུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ།
བྱང་དུ་རྒྱ་གྲམ་གྱི་ཕྱག་རྒྱས་བརྒྱན་ཅིང་སྤྲུལ་པའོ། །སྲད་བུ་རྒྱན་དང་ལྡན་པ་དང་། །ཕྱི་ཡི་སྒོ་ཁྱུད་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི་ཚངས་ཐིག་གཉིས་དང་། ཟུར་ཐིག་གཉིས་དང་། ཤར་ཕྱོགས་དང་། ནུབ་དང་། བྱང་དང་། ལྷོ་ཕྱོགས་ཀྱི་ཐིག་སྟེ་བརྒྱད་དང་ལྡན་པ་དང་། སྒོ་ཁྱུད་
ནི་མཛེས་པ་དང་། རྗེས་སུ་མཛེས་པ་ཞེས་བྱ་བ་ནི་རྩིག་པར་སྟོན་པའི་ཆ་གཉིས་ཏེ་དེ་རྣམས་ཀྱིས་བརྒྱན་པའོ། །དགུ་ཡི་ཆར་ནི་བགོས་པ་ལས། །ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་གནས་གྲུ་བཞི་པ་ཆ་དགུ་དང་ལྡན་པར་བགོས་པ་ལས་སོ། །སྒོ་དང་སྒོ་ཁྱུད་སུམ་ཆར་བྱ། །ཞེས་བྱ་བ་ནི་སྒོ་དང་སྒོ་ཁྱུད་
ལ་ཆ་ཆེན་གཅིག་གནས་པར་བྱས་པས་སུམ་ཆའི་ཡང་སུམ་ཆར་འགྱུར་རོ། །རྡོ་རྗེ་སྲད་བུས་ཐིག་གདབ་པོ། །ཞེས་བྱ་བ་ནི་རྡོ་རྗེ་སྲད་བུར་བྱིན་གྱིས་བརླབས་པས་གདབ་བོ། །དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །ཞེས་བྱ་བ་ནི་དབུས་ཀྱི་ཡང་དབུས་ཀྱི་ཐིག་གདབ་པའོ། །ཆོས་ཀྱི་འཁོར་
ལོ་དྲ་བ་ལ། །ཞེས་བྱ་བ་ནི་རྡོ་རྗེ་དང་མཚོན་ཆའི་འཁོར་ལོ་ལྟ་བུ་མ་ཡིན་པ་ཆོས་ཀྱི་འཁོར་ལོ་འདྲ་བའོ། །ཡང་ན་ལྟེ་བ་དང་རྩིབས་རྟེན་དང་རྩིབས་དང་གསུམ་ཆོས་ཀྱི་འཁོར་ལོ་གསུམ་དང་འདྲ་བའོ། །ཡང་ན་སྟོང་པ་ཉིད་བཅུ་དྲུག་ཆོས་ཡིན་ལ་དེ་ཡང་འཁོར་ལོ་ནི་འདྲ་བའོ། །ལྟེ་བར་བཅས་
ཤིང་རྩིབས་བཅུ་དྲུག །ཅེས་བྱ་བ་ནི་ལྟེ་བ་དང་། རྩིབས་རྟེན་དང་བཅས་ཤིང་། རྩིབས་བཅུ་དྲུག་ཏུ་གྲངས་ངེས་པའོ། །རིམ་པ་གསུམ་དང་ལྡན་པ་ལ། །ཞེས་བྱ་བ་ནི་ལྟེ་བའི་རིམ་པ་དང་། རྩིབས་རྟེན་གྱི་རིམ་པ་དང་། རྩིབས་ཀྱི་རིམ་པ་དང་ལྡན་པའོ། །རྩིབས་ནི་ཉིས་འགྱུར་ཉིད་དུ་
བྱ། །ཞེས་པ་ནི། རྩིབས་བྱང་ཆུབ་སེམས་དཔའི་གནས་ཡིན་པས་གཙོ་བོའི་གནས་པས་ཉིས་འགྱུར་གྱིས་ཆུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ལྟེ་བ་ལ་བསྐོར་བའི་རིམ་པ་དང་པོ་ནི་རྩིབས་རྟེན་ནོ། །གཉིས་པ་ནི་རྩིབས་ཡིན་པའི་ཕྱིར། རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་གསུངས་
Vol. 67 · folio 241a
སོ། །འདི་ནི་དོན་སླར་ཡང་གསལ་བར་བྱ་སྟེ། ས་ཡི་ཆ་ཡིད་དུ་འོང་བར་དཀྱིལ་འཁོར་གྱི་ཉིས་འགྱུར་གྱི་ཚད་ལ། མིག་བྱིན་གྱིས་བརླབ་ཅིང་བསྒྲིལ་བ་དང་རང་རྡོ་རྗེ་སེམས་དཔར་བསྐྱེད་དེ། གྲོགས་པོ་རྡོ་རྗེ་ལས་སུ་བསྐྱེད་ནས། དང་པོ་རང་ཤར་དུ་བལྟས་ཏེ་ཚངས་
ཐིག་གདབ། དེའི་འོག་ཏུ་བྱང་དུ་བལྟས་ཏེ་ཚངས་ཐིག་གཉིས་པ་གདབ། མེའི་གནས་སུ་གནས་ལ་ཤར་གྱི་ཐིག་གདབ། རླུང་གི་ཕྱོགས་སུ་བལྟས་ཏེ་ནུབ་ཀྱི་ཐིག་ཀྱང་གདབ། དེ་ཉིད་དུ་འདུག་སྟེ་ཤར་དུ་བལྟས་ཏེ་བྱང་དུ་ཐིག་ཀྱང་གདབ། མེའི་མཚམས་སུ་གནས་ནས་ལྷོ་ཕྱོགས་ཀྱི་
ཐིག་གདབ། དེ་ཉིད་དུ་འདུག་སྟེ་རླུང་ཕྱོགས་སུ་བལྟས་ཏེ་ཚངས་ཐིག་གདབ་པར་བྱ། བདེན་བྲལ་གྱི་ཕྱོགས་སུ་འདུག་སྟེ་དབང་ལྡན་དུ་ཁ་བལྟས་ལ་ཟུར་ཐིག་གཉིས་པ་གདབ། དེ་ལྟར་གྲུ་བཞིར་གནས་པ་ལ་ཆ་ཆེན་བཅུ་དྲུག་གདབ་པར་བྱའོ། །ཐ་མར་ཆ་ཆེན་གཉིས་པར་བྱའོ། །དབུས་ཀྱི་བཅུ་པོ་
གཉིས་གཉིས་གདབ། ཉི་ཤུ་རྩ་བཞི་དག་ཏུ་འགྱུར། །དེ་ནས་ཆ་ཕྲ་མོ་གདབ་པར་བྱ་བ་ནི། ཆ་ཆེན་དགུ་རུ་གནས་པ་ལ། །ཐ་མར་ལྔ་པའི་ཕྱེད་བོར་བ་ལ་ལྷག་མ་བརྒྱད་ལ་བཞི་བཞིར་བགོ་གསུམ་པ་དང་དེ་བཞིན་དུ་ལྔ་པ་ལ་ཡང་ངོ་། །ཕྱི་རོལ་གྱི་སྒོ་དང་ནང་གི་སྒོ་ཁྱུད་དང་ལོགས་སུ་འགྱུར་རོ། །
ལྔ་པའི་ཕྱེད་ནང་དུ་བོར་ནས་ཕྱི་རོལ་གཉིས་སུ་གདབ། དྲུག་པ་ལ་ཆ་བྲན་བཞི་བཏབ་ལ་བདུན་པའི་ནང་རོལ་ཆ་ཆུང་གཅིག་གདབ་བོ། །ཆ་གསུམ་མི་གདབ། དགུ་པ་དང་བཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་བཞི་བཞིར་གདབ་བོ། །དེ་ནས་ཚོན་གྱི་ཐིག་གདབ་པར་བྱ་སྟེ། ལྔ་པ་ཕྱེད་ཀྱི་དང་པོ་
གདབ། །དེ་ནས་གཉིས་དོར་གསུམ་པ་གདབ། །དྲུག་པ་ལ་ཡང་གདབ་པར་བྱ། །དགུ་པའི་ནང་གི་ཆ་གཅིག་གདབ། །ཡང་གཉིས་དོར་ལ་ཆ་གཅིག་གདབ། །ཡང་གཉིས་བཞག་ལ་ཆ་གཅིག་གདབ། །ངོས་དང་འགྲམ་དང་ཡ་ཕུབས་འགྱུར། །ལྷག་མ་ནི་ཅི་རིགས་པར་སྦྱར་བར་བྱའོ། །དབུས་ཀྱི་དཀྱིལ་འཁོར་
ཐིག་གདབ་པ་ལ། ཚངས་ཐིག་གི་ཕྱོགས་གཅིག་ཏུ་བཅུ་གཅིག་པ་ཡོངས་སུ་བསྐོར་བས་རྩིབས་རྟེན་དུ་འགྱུར་རོ། །དེའི་ནང་དུ་ཕྱོགས་གཅིག་གི་བཞི་པ་བཏབ་བས་ཀ་བར་འགྱུར་རོ། །རྩིབས་རྟེན་གྱི་ཕྱི་རོལ་གསུམ་དོར་བ་ལ་རྩིབས་བཅུ་དྲུག་ཏུ་བྱ་སྟེ། གཙོ་བོའི་གནས་པས་ཕྱེད་ཀྱིས་
Vol. 67 · folio 241b
ཆུང་བ་ཉིས་འགྱུར་དུ་བྱའོ། །བཞི་པ་ཡོངས་སུ་བསྐོར་བས་རྡོ་རྗེའི་ཕྲེང་བའོ། །ཐིག་གདབ་པའི་ཆོ་གའོ། །དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི། །དུང་དང་ཀུནྡ་ཟླ་འདྲ་བ། །ཞེས་པ་ནི་དཀྱིལ་འཁོར་གྱི་དབུས་ཀྱི་ཕྱོགས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁ་དོག་དུང་དང་ཀུནྡ་དང་། ཟླ་བ་
དང་འདྲ་བ་ལ་མཆོག་ཏུ་ཕུལ་དུ་བྱུང་བའོ། །དབྱིབས་དང་གདན་དང་རྒྱན་ཅི་ཞིག་ཅེ་ན། ཞལ་བཞི་པ་ལ་རྡོ་རྗེ་ཡི། །སེང་གེའི་གདན་ལ་བཞུགས་པ་དང་། །ཏིང་འཛིན་ཕྱག་རྒྱར་ལྡན་པ་དང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་བྲི། །ཞེས་གསུངས་སོ། །ཞལ་བཞི་པ་ལ་ཞེས་བྱ་བ་སྐུ་གཅིག་
ལ་ཞལ་བཞིའོ། །དེ་ཡང་འོག་ནས་དེའི་སྤྱན་སྔར་ངན་སོང་ཀུན་འདྲེན་ཤར་ཕྱོགས་ལ་གསུངས་པའི་ཕྱིར་རོ། །སེང་གེའི་གདན་ལ་ཞེས་པ་སེང་གེ་དང་པདྨ་དང་ཟླ་བ་ལའོ། །རྡོ་རྗེའི་བཞུགས་པ་དང་ཞེས་སྦྱར་རོ། །འདིས་ནི་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསྟན་ཏོ། །ཏིང་འཛིན་ཕྱག་རྒྱར་ལྡན་
པ་དང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྲི། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་དབུ་རྒྱན་ལ་སོགས་པས་བརྒྱན་པར་བྲི་བ་དང་། གཞག་པ་དང་དགོད་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་སྤྱན་སྔར་ཏེ། ཤར་དུ་ངན་སོང་ཀུན་སྦྱོང་བའི་རྒྱལ་པོ་བྲི་སྟེ་
ཕྱག་གཉིས་ཏིང་ངེ་འཛིན་དུ་བསྣོལ་བ་ཁ་དོག་ཇི་ལྟ་བུ་ཞེ་ན། ཟླ་བ་རྒྱས་དང་བ་མོའི་མདོག །རྒྱན་ཇི་ལྟ་བུ་ཞེ་ན། རྒྱན་རྣམས་ཀུན་གྱིས་ལེགས་རྫོགས་ལ། །རྒྱལ་མཆོག་སྐྱེས་བུ་གང་བ་བྲི། །ཞེས་བྱ་བ་ནི། རྒྱལ་མཆོག་གང་བས་མཚན་དང་དཔེ་བྱད་རང་བཞིན་གྱིས་བརྒྱན་པར་བསྟན་ལ།
སྔ་མས་ནི་གསལ་བའི་རྒྱན་སྟོན་ཏོ། །རྒྱབ་ཏུ་ཤཱཀྱའི་རིགས་དབང་པོ། །གཙོ་བོ་ཐུབ་པ་བྲི་བར་བྱ། །ཞེས་བྱ་བ་ནི་ནུབ་ཀྱི་ཕྱོགས་སུ་ཤཱཀྱ་ཐུབ་པ་ཁ་དོག་དམར་པོ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན་བྲི་བར་བྱའོ། །གཡོན་དང་གཡས་ཀྱི་ཕྱོགས་ཆར་ནི། །རྒྱལ་མཆོག་རིན་ཆེན་མེ་ཏོག་གཉིས། །
ཞེས་བྱ་བ་ནི་ལྷོ་དང་བྱང་དུའོ། །རིན་ཆེན་མེ་ཏོག་ཁ་དོག་སྔོན་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་དང་། བྱང་ཕྱོགས་སུ་མེ་ཏོག་ཆེར་རྒྱས་ཁ་དོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱ་ཅན་བྲི་ཞིང་དགོད་པར་བྱའོ། །འདི་དག་གི་གདན་ཡང་གླང་པོ་ཆེ་ལ་སོགས་པ་ཇི་སྐད་དུ་བཤད་པ་བཞིན་ཤེས་པར་
Vol. 67 · folio 242a
བྱའོ། །ལོ་ཙ་ན་དང་མཱ་མ་ཀཱི། །དེ་བཞིན་གོས་དཀར་སྒྲོལ་མ་རྣམས། །རང་གི་རིགས་ཀྱི་མཚན་མ་བཞིན། །གྲྭ་ཡི་ཕྱོགས་ནི་ཀུན་དུ་བྲི། །ཞེས་བྱ་བ་ནི། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་རང་གི་རིགས་གཙོ་བོའི་ཁ་དོག་དང་
མཚན་མ་ཅན་དང་། རྡོ་རྗེ་དང་། པདྨ་དང་། ཨུཏྤ་ལ་རྣམས་གོ་རིམས་བཞིན་དུ་ཕྱག་གཡས་ན་འཛིན་ཅིང་། གྲྭའི་ཕྱོགས་ཀུན་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྩིབས་ཀྱི་ནང་ནི་ཐམས་ཅད་དུ། །རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །གོ་རིམས་བཞིན་
དུ་བྲི་བར་བྱ། །ཞེས་བྱ་བ་ནི་རྩིབས་བཅུ་དྲུག་པའི་ནང་ཐམས་ཅད་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འབྲས་བུའི་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ་བ་རྣམས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་གོ་རིམས་བཞིན་དུ་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །མཁས་པས་ལཱ་སྱེ་ལ་སོགས་པ། །མཆོད་པ་གྲྭ་ཡི་
ཕྱོགས་སུ་བྲི། །ཞེས་བྱ་བ་དཀྱིལ་འཁོར་གྱི་མདོག་དང་། །དབྱིབས་ལ་བྱ་བས་ལཱ་སྱེ་ལ་སོགས་པ་མཆོད་པ་བརྒྱད་ནང་གི་གྲྭ་དང་། ཕྱི་རོལ་གྱི་གྲྭར་བྲི་ཞེས་བྱ་བའི་དོན་ཏོ། །སྒོ་ཡི་ཕྱོགས་ནི་ཐམས་ཅད་དུ། །ཞེས་བྱ་བ་ནི་ཤར་ལ་སོགས་པ་བཞིར། སྒོ་བ་བཞི་ནི་བྲི་བར་བྱ། །ཞེས་བྱའོ། །རྟ་བབས་ཁྱམས་
ནི་ཐམས་ཅད་དུ། །ཞེས་བྱ་བ་ནི་ཀྱང་ཞེས་བྱ་བའི་དོན་ཏོ། །དེས་ནི་འདི་ལྟར་འགྱུར་ཏེ། ནང་གི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་གནས་དང་། ནང་གི་ཁྱམས་ཉིད་ཀྱི་ནང་དུ་བྲི་ཞེས་བྱ་བ་སྟེ་བསྟན་པའོ། །དེ་ཉིད་བཤད་པ། བྱམས་པ་ལ་སོགས་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ནང་གི་
ཁྱམས་ཉིད་དུ་བྱམས་པ་ལ་སོགས་པ་བཅུ་དྲུག་བྲི་བར་བྱའོ། །རྟ་བབས་ཀྱི་གནས་ཀྱི་ཁྱམས་ལ། རིམ་པ་གསུམ་གྱི་རང་བཞིན་བྲི། །ཞེས་ཏེ་དང་པོ་ལ་འཁོར་བ་གཅོད་མཛད་ལ་སོགས་པ་བཅུ་དྲུག་བྲི་བར་བྱའོ། །གཉིས་པ་ལ། ཉན་ཐོས་རྒྱལ་བ་ཐམས་ཅད་དང་། །ཞེས་བྱ་སྟེ། ཉིད་ཀྱི་གཅུང་ཚེ་
དང་ལྡན་པ་དགའ་བོ་ལ་སོགས་པ་བཅུ་དྲུག་བྲི་བར་བྱའོ། །གསུམ་པ་ལ་ཉོན་མོངས་འཇོམས་པ་འཇིགས་མེད་གདུང་བ་སེལ་བ་ལ་སོགས་པ་བཅུ་གཉིས་བྲི་བར་བྱའོ། །ཁྲོ་བོ་མངག་པ་ཕོ་ཉ་རྣམས། །བྲི་བྱ་ཡང་ན་མིང་ཡང་རུང་། །ཞེས་བྱ་བ་ནི་ཁྲོ་བོ་ཉིད་མངག་པ་ཡང་ཡིན་ལ་ཕོ་ཉ་ཡང་ཡིན་པས་
Vol. 67 · folio 242b
དེ་སྐད་ཅེས་བྱའོ། །བྲིའམ་ཡང་ན་མིང་ཡང་རུང་། །ཞེས་བྱ་བ་ནི་འདྲ་བའམ་མིང་དེ་ཡི་གེར་དགོད་པའང་རུང་སྟེ་ཕྱག་མཚན་དུ་དགོད་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམ་པ་སྟོན་ཏོ། །ཤར་ཕྱོགས་ཀྱི་སྒོར་འཇིག་རྟེན་གསུམ་སྣང་དང་འཇིག་རྟེན་གསུམ་འཇིག་
གོ། །ལྷོ་ཕྱོགས་ཀྱི་སྒོར་འཇིག་རྟེན་གསུམ་མཐར་བྱེད་དང་འཇིག་རྟེན་གསུམ་འདུལ་ལོ། །ནུབ་ཕྱོགས་ཀྱི་སྒོར་བདུད་རྩི་འཁྱིལ་པ་དང་། བེ་ཅོན་སྔོན་པོའོ། །བྱང་ཕྱོགས་ཀྱི་སྒོར་མི་གཡོ་མགོན་པོ་དང་རྟ་མགྲིན་བྲི་བར་བྱའོ། །ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །ཞེས་བྱ་བ་ནི་སྔར་བསྟན་པ་དེ་ཉིད་ཀྱི་
ཕྱི་རོལ་དུ་མུ་རན་དཀར་པོ་བྲི་ཞིང་། དེ་ཉིད་ཀྱི་བར་དུ། གླིང་བཞི་པོ་ནི་བྲི་བར་བྱ། །འཛམ་བུའི་གླིང་དུ་ཚངས་པ་བྲི། །བྱང་ཕྱོགས་སུ་ནི་དབང་ཕྱུག་ཆེ། །ཤར་དང་ནུབ་ཀྱི་གླིང་དུ་ནི། །བརྒྱ་བྱིན་གཏོགས་འདོད་ཐམས་ཅད་ཀྱང་། །འཁོར་དང་བཅས་པ་བྲི་བར་བྱ། །ཞེས་བྱ་བ་ནི། ཤར་ཕྱོགས་སུ་བརྒྱ་
བྱིན་འཁོར་དང་བཅས། ལྷོ་ཕྱོགས་སུ་ཚངས་པ་འཁོར་དང་བཅས། ནུབ་ཕྱོགས་སུ་གཏོག་འདོད་འཁོར་དང་བཅས། བྱང་ཕྱོགས་སུ་མ་ཧཱ་དེ་བ་འཁོར་དང་བཅས་པ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་རྣམས་དག་ཀྱང་དེ་བཞིན་ཏེ། །ཞེས་བྱ་བ་ནི། བརྒྱ་བྱིན་ནས་བརྩམས་ཏེ་དབང་
ལྡན་གྱི་མཐར་ཐུག་པར་འཁོར་དང་བཅས་པ་བྲི་བར་བྱའོ། །དེ་ཉིད་ཀྱི་འཁོར་བཤད་པ་ལྷ་མིན་ཞེས་བྱ་བ་ལ་སོགས་པའོ། །ལྷ་མིན་ཞེས་བྱ་བ་སུམ་བརྩེགས་དང་། རབ་སིམ་དང་། ཧེ་རན་ཀེ་ཤུ་དང་། ཀུན་དུ་སྣང་བ་ལ་སོགས་པའོ། །དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་སོགས་པའོ། །ནམ་
མཁའ་ལྡིང་གསེར་མིག་ལ་སོགས་པའོ། །གནོད་སྦྱིན་ནོར་འཛིན་ལ་སོགས་པའོ། །སྲིན་པོ་ཨུ་བ་ཀརྣི་པུརྣ་ལ་སོགས་པའོ། །གཞན་ཡང་དེ་བཞིན་དུ་ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། འདྲེ་རྣམས་དང་། ཀླུ་དང་། སྦྲུལ་དང་། རི་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་དང་། གཟའ་
དང་། རྒྱུ་སྐར་དང་། ཁྲོ་བོ་མ་རུངས་པ་འཚེ་བའི་བགེགས་དང་། བི་ན་ཡ་ཀ་རྣམས་དང་། སེམས་ཅན་ཀུན་ལ་ཕན་པར་བྱེད་པའི་དྲང་སྲོང་སྐལ་བ་ཆེན་པོ་རྣམས་དང་། མཁའ་འགྲོ་མའི་བུད་མེད་རྣམས་དང་། སྲིན་པོ་རྣལ་འབྱོར་མ་རྣམས་དང་། འབྱུང་པོ་བཞིའི་ལྷ་ཆེན་པོ་རྣམས་དང་། ཁྱིམ་
Vol. 67 · folio 243a
དང་རི་དང་། ཀུན་དགའ་ར་བ་དང་། ནགས་ཚལ་དང་། དུར་ཁྲོད་ན་གནས་པ་དང་། གྲོང་ཁྱེར་ན་གནས་པ་རྣམས་ཀྱང་བྲི་སྟེ་མིང་དུ་གཞག་པ་དང་། ཕྱག་རྒྱར་གཞག་པ་དང་། ཐིག་ལེ་ཙམ་དུ་བྲི་བར་བྱ་སྟེ། འཁོར་འདི་རྣམས་ཀྱི་ཁ་དོག་ལ་སོགས་མ་བཤད་དོ། །
འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ཐིག་བཏབ་པའི་རྗེས་ཐོགས་ལའོ། །ཚོན་གྱི་ལས་རྣམས་བྱས་ནས། ཚོན་དགྱེ་བ་སྔོན་དུ་འགྲོ་བས་ལྷ་རྣམས་གཞག་ཅིང་འཁོར་རྣམས་ནི་མིང་དང་། ཕྱག་རྒྱ་དང་། ཐིག་ལེ་ཙམ་དུ་བྲིས་ཀྱང་འགྲུབ་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་
པ་ལ་མཁས་པས་གཞག་ཅེས་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ཡང་དཀྱིལ་འཁོར་ལ་མཆོད་པའི་ཕྱིར། བླ་རེ་དང་། རྒྱལ་མཚན་དང་། ལྷབ་ལྷུབ་དང་། གདུགས་དང་། རྔ་མ་དང་། ལྡ་ལྡི་དང་། འཕན་དང་། སྣ་ཚོགས་པའི་ན་བཟའ་དང་། གསེར་ལས་བྱས་པའི་བྱ་བརྒྱད་དང་བཅུ་དྲུག་
གམ། སུམ་ཅུ་རྩ་གཉིས་ཀྱང་རུང་བ་དང་། དབང་བསྐུར་བའི་བུམ་པ་ཆུས་བཀང་བ་ལྔ་དང་། མེ་ཏོག་དང་། མར་མེ་དང་། གཏོར་མའི་བུམ་པ་དང་། མཛེས་པའི་བཤོས་ལ་སོགས་པ་དང་། བཟའ་བ་དང་། བཏུང་བ་ལེགས་པར་སྦྱར་བ་དང་། བཅའ་བ་སྣ་ཚོགས་པ་དང་། གནོད་སྦྱིན་སྲིན་པོའི་
ཁ་ཟས་སུ་གཏོར་མ་རྣམ་པ་སྣ་ཚོགས་པ་དང་། འབྱུང་པོ་ཀུན་དང་། ཀླུ་རྣམས་དང་། ལྷ་དང་། མི་དང་། མི་མ་ཡིན་གྱི་ཁ་ཟས་སུ་མེ་ཏོག་དང་། དྲི་སྣ་ཚོགས་དང་། འོ་མ་དང་། མར་དང་། ལི་ཁ་ར་དང་བཅས་པ་གཞག་པར་བྱའོ། །སློབ་མ་དང་བདག་དབང་བསྐུར་བའི་དོན་དུ་རྣམ་པར་རྒྱལ་
བའི་བུམ་པ་དྲིའི་ཆུས་རབ་ཏུ་བཀང་བ་རྡོ་རྗེ་སེམས་དཔའི་སྤྱན་སྔར་གཞག་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ནི་ཤར་ཕྱོགས་ཀྱི་སྒོར་གཞག་པར་བྱའོ། །བུམ་པ་ལྷག་མ་རྣམས་ནི་ཕྱི་རོལ་གྱི་འཁོར་ཡུག་རྣམས་ལ་གཞག་པར་བྱའོ། །གཞན་ཡང་ཆོས་ཀློག་པ་བཞི་ཕྱོགས་བཞིར་གཞག་
པར་བྱའོ། །དེ་ལྟར་དཀྱིལ་འཁོར་ཀུན་དུ་ལེགས་པར་བཀོད་ནས་དགོངས་ཀའི་དུས་ནས་བརྩམས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པས་ལྷ་རྣམས་མཆོད་པ་སྟོན་ཏེ། ཁྲུས་ལ་སོགས་པ་བྱས་ནས་ཞེས་བྱ་བ་ནི་དང་པོར་ཁྲུས་བྱ། གནས་བསྲུང་རྐང་པ་བཀྲུས་ཏེ་ཉེ་རེག་བྱ། སྔོན་དུ་བདག་
Vol. 67 · folio 243b
བསྲུང་བ་ལ་སོགས་པ་འགྲོ་བས་རྒྱན་གདགས་དྲིས་བྱུག །རྡོ་རྗེ་འཛིན་མས་ཞུགས་ནས་བསྐོར་བ་བྱ། ཆད་པ་དང་ལྷག་པ་ཞི་བར་བྱ། སྒོ་ཕྱེ་ལ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དྲི་དང་ཕྲེང་མཆོག་ཕྲེང་བ་ཅན། །དྲི་ཞིང་ཁ་བཀང་མཆོག་མཛེས་པ། །རྡོ་རྗེ་འཛིན་མས་ཞུགས་ནས་ཀྱང་། །ཞེས་བྱ་བའི་
དོན་ཡིན་ནོ། །ཀྱང་ཞེས་བྱ་བའི་དོན་ནི་བསྡུ་བ་སྟེ། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་བསྒོམས་ལ། མཆོད་པ་གསང་བ་བཟླས་བརྗོད་བྱ། །ཧཱུཾ་མཛད་ང་རྒྱལ་གྱིས་སྒོ་ཕྱེ། །ཞེས་བྱ་བའི་དོན་ཏོ། །ཡང་། མེ་ཏོག་ཐོགས་ཏེ་སྒོ་ཕྱོགས་འདུག །གཙོ་བོ་
རྒྱལ་བ་སྲས་ཀྱི་འཁོར། །མང་པོ་རྣམས་ནི་སྤྱན་དྲངས་ཏེ། །ཞེས་བྱ་བ་ནི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་དཔུང་པར་སེ་གོལ་བརྡབ་པ་བྱས་ལ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་སྤྱན་དྲང་ངོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་སྔགས་དང་བདག་ལྡན་པས། །ལྕགས་ཀྱུ་ལ་སོགས་བདག་སྦྱོར་ཞིང་། །ཞེས་
བྱ་བ་ནི། བདག་ཕྱག་རྒྱ་དང་སྔགས་དང་ལྡན་པའི་སྒོ་ནས་ལྕགས་ཀྱུ་ལ་སོགས་པའི་ལས་བྱ་ཞིང་ངོ་། །ཅི་ཞིག་སྤྱན་དྲང་ཞེ་ན། ཛཿཧཱུཾ་བཾ་ཧོཿཐུགས་རྗེའི་བདག །ཚུར་གཤེགས་ཞེས་ནི་བརྗོད་ནས་ཀྱང་། །ཞེས་བྱ་བ་གསུངས་སོ། །གསང་བའི་བཅིང་བ་བཅིངས་ནས་ནི། །ཞེས་བྱ་བ་ནི་དམ་ཚིག་དང་།
ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་པས། དམ་ཚིག་གི་བཅིང་བས་བཅིངས་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་གང་ཞིག་གིས་དགུག་པ་ལ་སོགས་པའི་ལས་བྱ་བ་མཛུབ་མོ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱ། །ཞེས་བྱ་བ་ནི་མཁྲིག་མ་
གཉིས་བསྣོལ་ཏེ། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ། མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བྱ་བ་ནི་ལྕགས་ཀྱུའོ། །མཁྲིག་མ་གཉིས་མདུད་པ་བྱས་པ། །ཞགས་པ་བཞིན་དུ་སྦྱར་ནས་ཀྱང་། །ཞེས་བྱ་བའོ། །དེ་ལ་ལྕགས་སྒྲོག་ཚུལ་དུ་བྱ། །ཞེས་བྱ་བ་ནི་མཛུབ་མོ་གཉིས་གདུ་བུར་བཅིངས་པའོ། །
མཛུབ་མོ་གཉིས་སླར་ནང་དུ་བཀུག་ནས་བསྐྱོད་པར་གྱུར་ན་དབང་དུ་འགྱུར་ཞེས་བྱ་བ་ནི་དྲིལ་བུའོ། །དེ་ནས་མཚན་མ་སྐྱེས་ཏེ་མགུ་ནས་ནི། །ཐོག་མ་ཐ་མ་མེད་པར་མངོན་སུམ་མཐོང་། །ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པ་སྟེ། སྤྱན་དྲངས་ལྕགས་ཀྱུ་ལ་སོགས་པས་ལས་བྱས།
Vol. 67 · folio 244a
བགེགས་བསལ་མཆོད་པ་དབུལ་བ་སྔོན་དུ་འགྲོ་བས་ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །མཚན་མ་སྐྱེས་ཏེ་ཞེས་བྱ་བ་ནི། བསྒོམ་པ་དང་བཟླས་པ་བྱ་བར་བསྟན་ཏོ། །དེའི་འབྲས་བུ་ཁྱད་པར་མཐོང་ནས་མགུ་ནས་ནི།
ཐོག་མཐའ་མེད་པར་དངོས་པོ་ཐམས་ཅད་མངོན་པར་ཤེས་པ་སྐྱེས་པས་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་མཐོང་བ་ལ་སོགས་པའི་ལྷ་རྣམས་ལ། ཨརྒྷས་མཆོག་བསྟབས་གསང་ལ་སོགས་པ་ཡི། །དབྱངས་སྙན་པ་ཡི་བསྟོད་པའི་ལྷ་རྫས་ཀྱི། །མཆོག་གི་དམ་པ་རྣམས་ཀྱིས་
ལེགས་པར་མཆོད། །ཅེས་བྱ་བ་ནི། ཨརྒྷ་བྱིན་གྱིས་བརླབས་པ་དང་། གསང་བ་ལཱ་སྱེ་ལ་སོགས་པ་བརྒྱད་དང་། བསྟོད་པ་རྣམས་དབྱངས་སྙན་པས་འབུལ་ཞིང་། ལྷ་རྫས་ཀྱི་མཆོག་དམ་པ་གོང་དུ་བཤད་པ་བུམ་པ་ལ་སོགས་པ་རྣམས་ཀྱིས་ལེགས་པར་མཆོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་
སྐད་དུ་སྟོན་པ་ཡིན་ཏེ། དང་པོ་རྡོ་རྗེ་འཛིན་མ་དང་དཔལ་གྱི་ལག་གཉིས་ལྟ་བུར་བཅིངས་ནས་མེ་ཏོག་གི་ཕྲེང་བ་ཐོགས་ཏེ། ཡིད་ཀྱིས་དཀྱིལ་འཁོར་དུ་ཞུགས་ལ་ཆད་པ་དང་ལྷག་པ་ཞི་བར་བྱ། མེ་ཏོག་གི་ཕྲེང་བ་དོར། མགོ་ལ་བཅིང་ངོ་། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་ཀྱང་རྒྱུན་མི་ཆད་པར་བཟླས་པ་བྱ། ཧཱུཾ་
མཛད་ཀྱི་ང་རྒྱལ་དང་ལྡན་པས་སྒོ་བཞི་ཕྱེ། ཁྲུས་བྱས་དྲི་དང་ཕྲེང་བ་ལ་སོགས་པའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན། ས་མ་ཡ་སྟྭཾ། ཞེས་བརྗོད་དེ་སྟན་ཐོག་ཏུ་འདུག །ལྕེ་ལག་པ་བྱིན་གྱིས་བརླབ་པ་ནས་བརྩམས་ཏེ། སྲུང་བའི་འཁོར་ལོ་ཐམས་ཅད་རྫོགས་པར་བྱ་ལ། སེམས་ཅན་ཐམས་ཅད་ལ་
ཕན་པའི་ཕྱིར་ནམ་མཁར་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་དྲིལ་བུ་སྟོང་པའི་བདག་ཏུ་བརྟག་པ་དང་། མཆོད་པ་རྣམ་པ་ལྔ་དང་། སྡིག་པ་ཐམས་ཅད་བཤགས་པ་ལ་སོགས་པ་ལྷ་དང་ལྷ་མ་ཡིན་གྱིས་མཆོད་ནས་མི་སྣང་བར་གྱུར་པ་དང་། བསམ་གཏན་དང་གཟུགས་མེད་པའི་སྙོམས་
པར་འཇུག་པ་མངོན་དུ་བྱས་ནས། འོག་མིན་དུ་བྱིན་ནས་མངོན་པར་བྱང་ཆུབ་པ་ལྔས་རྡོ་རྗེ་དབྱིངས་སུ་བསྐྱེད་དེ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་སྔོན་དུ་འགྲོ་བ་དང་བཅས་ཏེ་སྙིང་གའི་དཀྱིལ་འཁོར་དུ། ངན་སོང་སྦྱོང་བ་ལ་སོགས་པ་བྱས་ནས་དཀྱིལ་འཁོར་ལུས་ལ་བརྟགས་ཏེ། ནམ་མཁའི་
Vol. 67 · folio 244b
ཕྱོགས་སུ་གནས་ནས། རི་རབ་དང་ཁང་པ་བརྩེགས་པ་ལ་སོགས་པ་བསྐྱེད་དེ་ཐབས་དང་ཤེས་རབ་ཀྱིས་བདག་ཉིད་ཞུ་བ་ལས། ཀུན་རིག་གི་སྐུར་གྱུར་ནས། ཐུགས་ཀའི་ཟླ་བ་ལ་ལྷ་ཐམས་ཅད་བསྐྱེད་པ་ལས་ཐ་མི་དད་པར་བསམས་ཏེ་བསྡུ་བ་སྔོན་དུ་འགྲོ་བས། ཕྱག་དང་ཆེད་དུ་བརྗོད་པ་དང་། དཀྱིལ་
འཁོར་དུ་ཞུགས་ནས་བྱིན་གྱིས་བརླབས་ནས་ཡང་ཆེད་དུ་བརྗོད་པ་དང་། རྣལ་འབྱོར་པས་དབང་བླངས་ཤིང་། ལྕགས་ཀྱུ་ལ་སོགས་པས་ལས་བྱ་ཞིང་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། ངན་སོང་ཐམས་ཅད་སྦྱོང་བའི་ལས་ལ་སྦྱར་ཏེ། མཆོད་པ་བསངས་ལ་བཟླས་པར་བྱ་བ་བརྗོད་ཅིང་། ཧཱུཾ་མཛད་ཀྱི་
ང་རྒྱལ་དང་ལྡན་པས་སྒོ་ཕྱེ་སྟེ། གཙོ་བོའི་སྦྱོར་བས་སངས་རྒྱས་རྣམས་བསྡུས་ལ། ལྕགས་ཀྱུ་ལ་སོགས་པས་ལས་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། ར་བ་དང་དྲ་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ། བསྲུང་བས་བརྟན་པར་བྱས་ལ། མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་
བས་ལྷ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། །ལྷ་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ཏེ། སྒོམ་པ་དང་བཟླས་བརྗོད་མཐོང་སྣང་གི་བར་དུ་བྱས་ལ་མཐོང་བ་གསལ་བ་དང་། ཨརྒྷ་ལ་སོགས་
པ་མཆོད་པ་རྣམ་པ་ལྔ་དང་བརྒྱད་དང་བསྟོད་པ་དང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་ལ་སོགས་པ་རྣམས་ཀྱིས་སྤ་ར་ཎ་ཁཾ་ཞེས་བྱ་བས་དབུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་བྱ། །སེམས་ཅན་བཀྲེས་ཤིང་སྐོམ་ལ་བཏུང་བ་དང་། །ཕྱོགས་ན་གནས་པ་རྣམས་ལ་རྣམ་
པར་བརྟག །དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་བྱ་བ་ནི་དངོས་གྲུབ་གསོལ་བའི་ལྷ་རྣམས་མཆོད་པ་དེ་ནས་འབྱུང་པོ་ཀུན་ཞེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དཀར་གསུམ་གྱིས་གཏོར་མ་བྱས་ཏེ་སེམས་ཅན་བཀྲེས་པ་ལ་བཟའ་བ་དང་ཞེས་སྦྱར། སྐོམ་པ་ལ་བཏུང་བ་དང་། ཕྱོགས་སྐྱོང་ཕྱོགས་
ན་གནས་པ་རྣམས་སྤྱན་དྲངས་ཏེ་གཏོར་མ་སྦྱིན། འཁོར་རྣམས་ལ་དེའི་གཏོར་མ་ཇི་ལྟར་མཐུན་ཞིང་འཚམ་པར་སྦྱིན་པར་བྱ་སྟེ། དེ་ཡང་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ། འབྲས་ཆན་མེ་ཏོག་ཆུ་དང་བཅས། །ཞེས་བྱ་བ་ལ་སོགས་པ་ལ། ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པས་བྱིན་གྱིས་བརླབས་
Vol. 67 · folio 245a
ནས་འཕགས་པ་དཔུང་བཟང་ཀྱིས་ཞུས་པ་ལས་འབྱུང་བ་ལྟར་གཏོར་མ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཉེ་རེག་དང་འཐོར་འཐུང་བྱས་ལ། ཐབ་ཁུང་དུ་མེ་ཏོག་གིས་ལྷ་རྣམས་སྤྱན་དྲངས་ལ་མར་གྱི་དགང་བླུགས་ལ་སོགས་པ་ཕུལ་ལ་སླར་སྤྱན་དྲངས་ཏེ།
བདག་མིང་འདི་ཞེས་བགྱི་བ་ཡི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་བགྱི། །ཞེས་བརྗོད་པར་བགྱིའོ། །འདི་ཙམ་གྱིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་སྟོན་ཏོ། །དེ་ནས་སྔགས་པ་ཞེས་བྱ་བ་ལ་སོགས་པས་སློབ་མ་གཞུག་པ་ལ་
སོགས་པ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྔགས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི། །གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ། །འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་སེམས། །དེ་དག་བྱང་ཆུབ་མཆོག་སེམས་བསྐྱེད་དུ་གཞུག །དེ་རྣམས་བྱིན་བརླབ་བྱང་ཆུབ་སྨོན་ལམ་གདབ། །
ཟབ་ཅིང་རྒྱ་ཆེ་བ་ཡི་ཆོས་བསྒྲགས་ལ། །སྲུང་བ་བྱས་ནས་བརྟུལ་ཞུགས་སྡོམ་གནས་པ། །ཞེས་བྱ་བ་ནི་འགྲོ་བ་ལ་ཕན་པའི་ཕྱིར་མྱུར་དུ་བྱང་ཆུབ་ཏུ་འགྱུར་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་ཅིང་བསྐྱེད་པ་དང་། སྡིག་པ་བཤགས། རྗེས་སུ་
ཡི་རང་བསྐུལ། གསོལ་བ་གདབ། ལམ་བསྒོམ། ཕྱག་འཚལ་བ་ལ་སོགས་པས་སྨོན་ལམ་གདབ་པ་དང་། ལྷག་པར་གནས་པའི་དུས་སུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྒྲགས་ལ། སྲུང་སྐུད་བཏགས་པས་སྲུང་བ་བྱས་ནས་ལྷག་པར་གནས་པ་དང་། དཀྱིལ་འཁོར་དུ་གཞུག་པའི་དུས་སུ་བརྟུལ་
ཞུགས་དང་སྡོམ་པ་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །རང་གི་ཁ་ནས་སྔགས་ཟློས་གཞུག་པར་བྱ། །དར་ལ་སོགས་པས་མིག་གཉིས་གཡོགས་ནས་ནི། །རྡོ་རྗེ་འཛིན་མར་དཔལ་གྱི་ལག་གཉིས་སྦྱར། །མེ་ཏོག་རིན་ཆེན་ལ་སོགས་དེ་བརྒྱན་ལ། །གཡོན་གྱིས་ལག་པ་བཀང་སྟེ་གཞུག་པར་བྱ། །
ཞེས་བྱ་བ་ནི་སློབ་དཔོན་རང་གི་ཁ་ནས་སྔགས་བརྗོད་ཅིང་སློབ་མ་གཞུག་པར་བྱ་བ་དང་། དར་དང་རས་དམར་པོས་སྟོད་གཡོགས་དང་སྨད་གཡོགས་བྱས་ཤིང་མིག་གཉིས་གཡོགས་ནས་རྡོ་རྗེ་འཛིན་མར་དཔལ་གྱི་པདྨོར་ལག་པ་གཉིས་བྱས་ལ། མེ་ཏོག་ལ་སོགས་པའི་ཕྲེང་བས་བརྒྱན་ལ་ཡོན་
Vol. 67 · folio 245b
འབུལ་དུ་གཞུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞུག་པའི་སྔགས་བསྟན་པ་ནི་སྔགས་ནི་འདི་རྣམས་ཡིན་ནོ་ཞེས་བྱ་བ་ནས། ས་མ་ཡེ་ཧཱུཾ་ཞེས་བྱ་བའི་བར་རོ། །དེ་ནས་སྔགས་འདིས་མེ་ཏོག་ལ་སོགས་པ་དོར་བར་བྱའོ་ཞེས་བྱ་བ་ནས་ས་མ་ཡ་སྟྭཾ་ཞེས་བྱ་བའི་བར་གྱིས་མེ་ཏོག་དང་རིན་པོ་ཆེ་ལ་
སོགས་པ་དོར་བ་བསྟན་ཏོ། །དོར་ནས་ཅི་ཞིག་བྱེད་ཅེ་ན། དངོས་གྲུབ་ཏུ་འགྱུར་བ་ནི་ལྷ་བཟུང་ཞིང་བསྒྲུབས་པས་འགྲུབ་པོ་ཞེས། མེ་ཏོག་རིན་ཆེན་ལ་སོགས་པ། །གང་ལ་བབ་པ་རིགས་ཀྱི་ལྷ། །གཙོ་བོའི་རིགས་དེ་བསྒྲུབས་ནས་ནི། །དངོས་གྲུབ་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་སོ། །
དེ་ནས་སྔགས་ལ་མཁས་པ་ཡིས། །ཞེས་བྱ་བ་སློབ་དཔོན་གྱིས། སྔགས་འདིས་དམ་ཚིག་སྦྱིན་པར་བྱ། །ཞེས་བྱ་བ་ནི། སྔགས་འདི་བརྗོད་པ་སྔོན་དུ་འགྲོ་བས་སྦྱིན་པར་བྱ་སྟེ། ཨོཾ་ཞེས་བྱ་བ་ནས། ཧཱུཾ་ཞེས་བྱ་བའི་བར་རོ། །དེ་ནས་འདིས་དམ་ཚིག་བསྒྲག་པར་བྱའོ་ཞེས་བྱ་བ་ནས། བདག་གི་
དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བྱ་བའི་བར་འདིའི་དོན་ནི། སློབ་དཔོན་གྱི་དམ་ཚིག་བསྒྲག་པར་བྱ་བ་དང་། འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ། །ཅེས་གསུངས་པ་ནི། ཡང་ཅིས་ཏེ་དམ་ཚིག་འདས་ན་
སྔར་ཞུགས་པའི་ཡེ་ཤེས་ཀྱི་སེམས་དཔའ་གཤེགས་ཤིང་ཁྲོས་པས་ཀྱང་རང་གིས་བརྩམས་པ་བུ་དང་ཚ་བོ་ལ་སོགས་པ་བརླག་པར་མཛད་དེ། སྐྱོན་དེ་ལྟར་གནས་པ་དེ་བས་ན། རྟག་ཏུ་ཁྱོད་ཀྱིས་དམ་ཚིག་དང་བླ་མའི་བཀའ་མོས་པས་བསྲུང་བར་བྱའོ། །བསྲུང་བར་བྱ་བ་དེ་ཉིད་གང་ཡིན་ན་སྲོག་
གཅོད་པ་དང་། མ་བྱིན་པར་ལེན་པ་དང་། བརྫུན་དང་། འདོད་པ་ལོག་པར་སྤྱོད་པ་དང་། ཆང་བཏུང་བ་དང་། ཤ་ལ་སོགས་པ་བཟའ་བ་སྤང་། །སེམས་ཅན་གནོད་པར་སྦྱོར་བ་རྣམས་ཀྱང་མི་བྱ། དཀོན་མཆོག་གསུམ་མི་སྤང་། དུས་ཀུན་དུ་བྱང་ཆུབ་ཀྱི་སེམས་དང་། སྙིང་པོ་དང་། སྔགས་དང་།
ཕྱག་རྒྱ་དང་། ལྷ་དང་བླ་མ་མི་སྤང་། སྡིག་པའི་ལས་མི་བྱ། བླ་མའི་བཀའ་ལས་མི་འདའ། ལྷ་ལ་ཕུལ་བའི་རྙིང་པ་དང་། བླ་མའི་གྲིབ་མ་དང་། ཕྱག་རྒྱའི་གཟུགས་ལ་མི་འགོམ། སྔགས་དང་ལྷ་ལ་མི་སྨད། གཞན་ལ་གནོད་པ་དྲག་པོ་མི་བསྐུལ། མུ་སྟེགས་ཅན་ལ་མི་སྨད། དམ་པའི་
Vol. 67 · folio 246a
ཆོས་ལ་སོམ་ཉི་དང་ཡིད་གཉིས་མི་བྱ། བདག་གི་དེ་ཉིད་དང་སྔགས་དང་ཕྱག་རྒྱ་ལ་སོགས་པ་ལ་ཡིད་གཉིས་མི་བྱ་བའོ་ཞེས་བྱ་བའི་དོན་ཏོ། །འདིའི་སླར་ཡང་བསྒྲུབ་པའི་རིམ་པ་ནི་འདི་ཡིན་ཏེ། བསླབ་པ་ལྔ་ཡོངས་སུ་གཟུང་བའམ། དགེ་སྦྱོང་ངམ་དགེ་སློང་
གི་སྡོམ་པ་ཡོངས་སུ་གཟུང་བ་ལྷག་པར་གནས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་པས། སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །
མགོན་པོ་དེ་རིང་བདག་འཚལ་ལོ། །དམ་ཚིག་ཆེན་པོ་དེ་ཉིད་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་གསོལ། །དེ་ནས་ཡོལ་བའི་མཐར་རྡོ་རྗེ་སྲུང་བ་ཡོངས་སུ་བཟླས་པའི་རས་ཤིན་ཏུ་དམར་བས་སྟོད་གཡོགས་སྨད་གཡོགས་བསྐོན་ཞིང་། སྒོ་སྲུང་བཟླས་པའི་དར་དཀར་གྱི་གདོང་གཡོགས་
བཅིངས་ལ་ཕྱག་བྱེད་དུ་གཞུག་གོ། །མེ་ཏོག་ཐོགས་པས་ཡང་སློབ་དཔོན་ལ་ཕྱག་བྱས་ལ། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་བསྐུལ་བ་དང་། གསོལ་བ་གདབ་པ་ཡང་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོ་བདག་ལ་སྡོམ་པ་གསོལ། །ཐུབ་པའི་ཉི་མ་མ་ལུས་
པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །སློབ་དཔོན་དཔང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཐོ་
ཐམས་ཅད་དུ། །སློབ་དཔོན་བདག་ནི་འཇུག་པར་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་གསོལ། །མཚན་རྣམས་ཀུན་གྱིས་རབ་བརྒྱན་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་
ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ལ་གསོལ་བ་གདབ་སྟེ། ཆེ་གེ་ཞེས་བྱ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་
Vol. 67 · folio 246b
ཡི། །འཁོར་ལོ་འདིར་ཡང་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱའོ། །གསང་བ་ཆེན་པོའི་རིགས་དག་པ། །གསང་བ་ཆེན་པོ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །དེ་ནས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །
ཞེས་བྱ་བ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཡང་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྙིང་གར་རྡོ་རྗེ་བཞག་ནས། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། དེ་ནས་བཛྲ་སཏྭ། ཞེས་ཟློས་ཤིང་རྡོ་རྗེ་སེམས་
དཔའི་དམ་ཚིག་གི་ཕྱག་རྒྱས། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཞིས་སྙིང་ག་ལ་སོགས་པ་བཞིར་བྱིན་གྱིས་བརླབས་ལ། དྲི་དང་མེ་ཏོག་ལ་སོགས་པས་མཆོད་ལ་ཡོན་གྱི་མཆོག་ཕུལ་ཏེ། ཕྱི་རོལ་ན་གནས་པའི་བུམ་པས་དབང་བསྐུར་ལ། ས་མ་ཡ་སྟྭཾ་ཞེས་
བྱ་བས་རྡོ་རྗེ་འཛིན་མ་དཔལ་གྱི་ལག་པ་གཉིས་སུ་ཤེས་པར་བྱ་སྟེ། མེ་ཏོག་གི་ཕྲེང་བ་ཐོགས་ལ། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་པྲ་བེ་ཤ་བཛྲ་ཧཱུཾ། ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་འདིས་གཞུག་པར་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྙིང་གར་ཕྱེ་ལ། རང་གི་སྙིང་
ག་ན་གནས་པའི་རྡོ་རྗེའི་དབུས་ན་ཡི་གེ་ཨ་རྡོ་རྗེ་དམར་པོའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པར་བསམས་ནས། སློབ་མའི་སྙིང་ག་ན་གནས་པའི་རྡོ་རྗེའི་དབུས་སུ་བློས་བཅུག་ལ་ལུས་ཐམས་ཅད་གང་བར་བསམས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་
དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲར་གཞུག་གོ། །དེ་ནས་སེམས་མ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། འདི་ནི་རྡོ་རྗེ་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །ད་ལྟ་ཉིད་དུ་འབབ་པར་ཤོག །ཅེས་བརྗོད་དུ་བཅུག་ལ། བཛྲ་ཨ་བེ་ཤ་ཨ་ཨ་ཨ་ཨ་
ཨཱ། ལན་བརྒྱའི་བར་དུ་བཟླས་ཤིང་དབབ་པར་བྱའོ། །དེ་ནས་སྣང་བ་དྲི་བར་བྱའོ། །མེ་ཏོག་གི་ཕྲེང་བ་ཧཱུཾ་པྲ་ཏཱིཙྪ་བཛྲ་ཧཱུཾ་ཞེས་བྱ་བས་དོར། ཡང་ན། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་པས་དོར་རོ། །དེ་ནས་མགོ་ལ་བཅིང་བ་ནི། །ཨོཾ་པྲ་ཏི་གྲྀཧྞ་སྭ་མི་མཾ། སཏྭ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words