ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་བརྟག་པ་སྣང་བའི་རྒྱན་ཞེས་བྱ་བ

Sanskrit title (Tibetan script, as in the text) སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་ཏེ་ཛོ་རཱ་ཛ་ཀལྤ་ཨཱ་ལོ་ཀཱ་ལཾ་ཀ་ར་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 67 · folio 247a

མ་ཧཱ་བ་ལ་ཞེས་བྱའོ། །དམ་ཚིག་བསྒྲག་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་བྱ་བ་ནས། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་བྱ་བ་བརྗོད་དོ། །དེ་ནས་ཨོཾ་བཛྲ་ཧཱ་སྱོད་གྷ་ཊ་ཡ་ཧཱུཾ་ཞེས་བྱ་བས་གདོང་གཡོགས་དགྲོལ། ཨོཾ་བཛྲ་པཱ་ཤྱ་ཧཱུཾ་

ཞེས་བྱ་བས་དཀྱིལ་འཁོར་བསྟན། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཕྱག་རྒྱ་སྙིང་གར་དགྲོལ་ལོ། །དེ་ལྟར་སློབ་མ་དཀྱིལ་འཁོར་དུ་གཞུག་པ་བཤད་ནས། དབང་བསྐུར་བར་བྱ་བའི་ཕྱིར་མོས་པ་བརྟན་པ་དང་ལྡན་པས་དམ་བཅའ་ཞིང་། སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་

ཏེ། །བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་པས། །བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར། །དེ་ནས་ལག་ཏུ་དྲིལ་བུ་རྡོ་རྗེ་སྦྱིན། །འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །མི་དབང་དབང་ཕྱུག་འཁོར་ལོ་ཐོགས་པ་དང་། །སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་

བྱ་བ་ནི་སྡོམ་པ་འཛིན་པས་མོས་པ་བརྟན་པ་དང་ལྡན་པར་དམ་བཅས་ནས། ཨོཾ་སརྦ་བིད་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་། ཇི་ལྟར་གསུངས་པའི་བུམ་པས་དབང་བསྐུར་ཞིང་། གཞན་ཡང་དབུ་རྒྱན་དང་དར་དཔྱངས་ལ་སོགས་པའི་ཕྲེང་བ་དང་། ཕྱག་རྒྱ་དང་། རྡོ་རྗེ་དང་། ལས་ཀྱི་རྡོ་རྗེ་དང་། འཁོར་ལོ་

དང་། ཐབས་ཤེས་རབ་གཉིས་སུ་མེད་པ་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་ཀྱིས་དབང་བསྐུར་བ་ཇི་སྙེད་ཐོགས་པས། བཅུ་པོ་རྣམས་ཀྱིས་དབང་བཅུ་ཅི་དགར་བསྐུར་རོ། །དེ་ནས་ལག་པ་གཡོན་དུ་དྲིལ་བུ་གཡས་སུ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་དུ་བརྟགས་ལ་སྦྱིན། འཁོར་

ལོ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་ཐོགས་ལ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ། །དེའི་ཕན་ཡོན་ནི། མི་དབང་དབང་ཕྱུག་འཁོར་ལོ་སྟེ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འཐོབ་པར་བྱ་བའི་ཕྱིར་དང་། འདིས་ནི་རིན་པོ་ཆེ་སྣ་བདུན་གྱི་འབྲས་བུ་བསྟན་ཏོ། །ཐམས་

ཅད་ཀྱི་ཐུན་མོང་གི་འབྲས་བུ་ནི། སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་བྱའོ། །དེ་ནས་བཀའི་དབང་བསྐུར་བ་དང་། ལས་ཀྱི་དབང་བསྐུར་བ་ཡང་སྦྱིན་ཏེ་ཕྱིས་བཤད་པར་བྱའོ། །དེ་ལྟར་ན་དབང་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ། །ཅིའི་ཕྱིར་ཇི་ལྟ་བུ་ཞིག་ཅེ་ན། འཁྲུད་པར་བྱེད་པས་བརྟན་

Vol. 67 · folio 247b

པར་བྱེད་པའི་བདག་ཉིད་ཀྱི་ངོ་བོ་དང་ཕྱིར་མི་ལྡོག་པའི་ས་བོན་ལ་བྱའོ། །སྔགས་བསྒྲུབ་ཕྱིར་དུ་མོས་ལྡན་སློབ་མ་ལ། །སྔགས་པས་བཀའ་ནི་རབ་ཏུ་བསྒོ་བར་བྱ། །ཞེས་བྱ་བ་ནས་བརྩམས་ཏེ། བརྩེར་ལྡན་དངོས་གྲུབ་མྱུར་དུ་འགྲུབ། །ཅེས་བྱ་བའི་བར་གྱིས་སྔགས་བསྒྲུབ་པའི་ཕྱིར་སློབ་དཔོན་

གྱིས་བཀའ་རབ་ཏུ་བསྒོ་ཞིང་། སློབ་མས་བླ་མ་ལ་ཡོན་ཕུལ་ཏེ་དམ་ཚིག་སྦྱིན་པ་བསྟན་ཏེ་གོ་སླ་བའི་ཕྱིར་མ་བཤད་དོ། །སླར་ཡང་འདི་དག་གི་དོན་བཤད་པར་བྱ་སྟེ། ཤར་ཕྱོགས་ཀྱི་སྒོ་དང་ཉེ་བར་པདྨ་དཀར་པོ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་ལེགས་པར་བྲིས་ལ། དེ་ལ་སློབ་མ་རང་གིས་

ལྷར་བསྐྱེད་ནས། དྲི་དང་། བདུག་པ་དང་། མེ་ཏོག་དང་། ལྷ་བཤོས་དང་། མར་མེས་ཡང་དག་པར་མཆོད་དེ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདོན་ཅིང་། རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ལ། ཨོཾ་སརྦ་བིད་ཨ་བྷི་ཥིཉྩ་མཾ། ཞེས་བྱ་བའི་སྔགས་འདིས། སྤྱི་བོ་ནས་དབང་

བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་འཛིན་པའི་བུམ་པ་དང་། ཤར་ཕྱོགས་ཀྱི་ངན་སོང་སྦྱོང་བའི་བུམ་པས་དབང་བསྐུར་ཞིང་། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བྱ་བ་དང་། གཙོ་བོའི་བུམ་པས་དབང་བསྐུར་ཞིང་། བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ་ཞེས་བྱ་བ་དང་། རིན་ཆེན་ཏོག་གི་བུམ་པ་དང་། ཨོཾ་རཏྣ་ཀ་

ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ་ཞེས་བྱ་བ་དང་། ཤཱཀྱའི་དབང་པོའི་བུམ་པ་དང་། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿཞེས་བྱ་བ་དང་། མེ་ཏོག་ཆེར་རྒྱས་ཀྱི་བུམ་པ་དང་། ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཿཞེས་བྱ་བས་དབང་བསྐུར་བར་བྱའོ། །དེ་ནས་རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱས་པའི་དབུ་རྒྱན་དང་དེ་བཞིན་

གཤེགས་པའི་རིགས་སམ་བདེ་བར་གཤེགས་པའི་སྐུ་གཙོ་བོ་ཡིན་ན་རིན་པོ་ཆེའི་མྱུ་གུ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། བུདྡྷ་ཨོཾ། རཏྣ་ཏྲཱཾ། པདྨ་ཧྲིཿ། ཀརྨ་ཨཿཞེས་བྱས་པས། ཨོཾ་དང་ཨ་བྷི་ཥིཉྩ་བརྗོད་པས་དབང་བསྐུར་བར་བྱའོ། །དེ་ནས་རིན་པོ་ཆེ་ལ་སོགས་པའི་ཕྲེང་བས་དབང་བསྐུར་བ། ཨོཾ་རཏྣ་

མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། ཨོཾ་པ་ཊ་བཱ་ལཾ་པ་ན་ཨ་བྷི་ཥིཉྩ་ཏྲཾ་ཞེས་བརྗོད་པར་བྱའོ། །དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། དབུས་སུའོ། །ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ་ཤར་དུའོ། །ལྷོ་ནུབ་བྱང་རྣམས་སུ་ཏྲཱཾ་ཧྲཱིཿཨཿགཞན་འགྲེ། ཕྱག་རྒྱའི་དབང་

Vol. 67 · folio 248a

བསྐུར་བའོ། །དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཏྲཾ་ཧྲི་ཨཿཞེས་བྱ་བ་བརྗོད་དེ། ཡེ་ཤེས་ཀྱི་རྡོ་རྗེའི་དབང་བསྐུར་བའོ། །ལས་ཀྱི་རྡོ་རྗེ་སྣ་ཚོགས་ལག་ཏུ་བྱིན་ལ། ཨོཾ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨཿཞེས་བྱ་བས་ལས་ཀྱི་རྡོ་རྗེའི་དབང་བསྐུར་རོ། །

ཆོས་ཀྱི་འཁོར་ལོ་རྐང་པའི་བར་དུ་བཅུག་ལ། ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ་བྷྲཱུཾ། ཨོཾ་ཙཀྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཨོཾ་ཧཱུཾ་ཏྲཾ་ཧྲི་ཨཿཞེས་གསུམ་དུ་རིགས་ཀྱི་དབྱེ་བས་བརྗོད་པར་བྱའོ། །འཁོར་ལོས་དབང་བསྐུར་བའོ། །དེ་ནས་རྡོ་རྗེ་དྲིལ་བུ་གཉིས་འཁྱུད་པའི་ཚུལ་དུ་བཟུང་ལ། ཨོཾ་བཛྲ་དྷ་ར་ན་

ཨ་བྷི་ཥིཉྩ་ཧཱུཾ། རིན་པོ་ཆེའི་དྲིལ་བུ་རིན་ཆེན་རྡོ་རྗེ་དང་འཁྱུད་པ། ཨོཾ་རཏྣ་དྷ་ར་ན་ཨ་བྷི་ཥིཉྩ་ཏྲཾ། པདྨོའི་རྡོ་རྗེ་དྲིལ་བུ་དང་། པདྨ་དྷ་ར་ན་ཨ་བྷི་ཥིཉྩ་ཧྲི། སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། ཀརྨ་དྷ་ར་ན་ཨ་བྷི་ཥིཉྩ་ཨཿ། དེ་བཞིན་གཤེགས་པའི་རྡོ་རྗེའི་དྲིལ་བུ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྩ་ཨོཾ་

ཞེས་བྱ་བ་རིགས་ཐ་དད་པའི་སྒོ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་དབང་བསྐུར་བར་བྱའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ་ཞེས་བརྗོད་དེ་སྐུའི་གསང་བ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་དེ་ཐུགས་ཀྱི་གསང་བ། ཨོཾ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཾ་ཞེས་བརྗོད་དེ། ཡོན་ཏན་གྱི་

གསང་བ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲི་ཞེས་བརྗོད་དེ། གསུང་གི་གསང་བ། ཨོཾ་ཀརྨྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨ་ཨ་ཨ་ཞེས་བརྗོད་དེ། ཕྲིན་ལས་ཀྱི་གསང་བའོ། །གསང་བའི་དབང་བསྐུར་བ་སྦྱིན་པའོ། །དེ་ནས་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་ཉིད་བསྟན་ཅིང་། ཨོཾ་པྲཛྙཱ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཨ། ཞེས་

བྱ་བས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱའོ། །དེ་ནས་རས་སམ་གྲོ་ག་ལ་སོགས་པ་ལ། འཁོར་ལོ་རིན་པོ་ཆེ་ལ་སོགས་པ་བདུན་བྲིས་ལ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཞེས་དབང་བསྐུར་རོ། །དེ་ནས་ལག་པ་གཡས་པར་རྡོ་རྗེ་བྱིན་ལ། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་། །དི་རིང་ཁྱོད་ལ་བསྐུར་

བར་བྱ། །སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བས་སྦྱིན་པར་བྱའོ། །ཨཿཞེས་བྱ་བས་དྲིལ་བུ་བསྐྱེད་ལ་སྦྱིན་པར་བྱའོ། །དེ་ནས་གདེངས་ཀའི་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་

Vol. 67 · folio 248b

ཏེ་དཱ་སི་མི་གྲྀཧྞ་བཛྲ་སུ་སིདྡྷ་ཡེ། ཨོཾ་བཛྲ་ཏིཥྛ་ཧཱུཾ། རྗེས་སུ་གནང་བའོ། །ཡང་ལག་ཏུ་རྡོ་རྗེ་བྱིན་ལ། ལས་ཀྱི་དབང་བསྐུར་བར་བྱ་སྟེ། ཨོཾ་སརྦ་ཀརྨ་ཎི་ཀུ་རུ་བུདྡྷ་ནཱ་མ་ཧཱུཾ་ཞེས་བརྗོད་དེ་བརྟུལ་ཞུགས་སྦྱིན་ནོ། །དེ་ལྟར་དབང་ཉི་ཤུ་རྩ་གཅིག་བྱིན་ནས་སློབ་དཔོན་དུ་འགྱུར་རོ། །དེ་ནས་སློབ་དཔོན་དང་སློབ་མས་

དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་དེ་སློབ་མ་རྣམས་ཡོ་བྱད་ཀྱིས་ཚིམ་པར་བྱས་ནས་བསྟོད་ཅིང་མཆོད་ལ་དགེ་བའི་རྩ་བ་བསྔོ་སྟེ། དམ་ཚིག་གི་ཕྱག་རྒྱ་བཀྲོལ་ནས་གཤེགས་སུ་གསོལ་ཏེ། མཎྜལ་ཕྱགས་ནས། ཆུ་བོ་ཆེན་པོར་དོར་ནས་བསྐོར་བ་བྱ། སྤྲུལ་པའི་ཚོགས་ལུས་ལ་བསྡུ་ཞིང་ཅི་བདེར་

གནས་པར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་ཆོ་གའོ། །དེ་ལྟར་དབང་དང་དམ་ཚིག་ཐོབ་པ་རྣམས་ལ་དངོས་གྲུབ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །

བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས། ལྷའི་འཇིག་རྟེན་དང་བཅས་པ་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞེས་བྱའོ། །གང་ཞིག་གསུངས་ཤེ་ན། སྒྲུབ་པའི་ཆོ་ག་འདི་ཞེས་བྱ་བ་སྨོས་ཏེ་འདི་སྒྲུབ་པས་ན་བསྒྲུབ་

པ་སྟེ། བྱེད་པའམ་རྒྱུའི་ཆོ་ག་ཞེས་བྱ་བའོ། །རས་ལ་ཞེས་བྱ་བ་ལ་སོགས་པ་ལ། རས་ཁ་ཚར་བཟང་པོ་རིན་ལ་རྩེགས་པ་མེད་པར་ཉོས་ལ། སྦྱིན་མེད་པའི་ཚོན་རྩི་རྣམས་ཀྱིས་བཅོམ་ལྡན་འདས་ཀུན་རིག་སྔར་བཤད་པ་བཞིན་དུ་སེང་གེའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བ་ལྟར་

དཀར་བ་ཞལ་བཞི་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པ། རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་བྲི་བར་བྱའོ། །གཡས་ཕྱོགས་སུ་ངན་སོང་སྦྱོང་བ་རྒྱན་ཀུན་གྱིས་བརྒྱན་པ་བ་མོའི་མདོག་ལྟ་བུ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་བྲི་བར་བྱའོ། །གཡོན་ཕྱོགས་སུ་ཤཱཀྱ་ཐུབ་པ་མདོག་དམར་པོ་ཆོས་ཀྱི་

འཁོར་ལོའི་ཕྱག་རྒྱ་ཅན་བྲི་བར་བྱའོ། །ངན་སོང་སྦྱོང་བའི་འོག་ཏུ་སྤྱན་རས་གཟིགས་དབང་ཕྱུག་མདོག་ཟླ་བ་ལྟ་བུ་ཕྱག་གཡོན་ན་པདྨ་བསྣམ་པ་ཕྱག་གཡས་པ་པདྨ་ཁ་འབྱེད་པ་བྲི་བར་བྱའོ། །ཤཱཀྱ་ཐུབ་པའི་འོག་ཏུ་ཕྱག་ན་རྡོ་རྗེ་མདོག་ནམ་མཁའ་ལྟ་བུ་གཡས་ན་རྡོ་རྗེ་བསྣམས་ཤིང་ཐུགས་ཀར་

Vol. 67 · folio 249a

འཇོག་ལ་གཡོན་བསྙེམས་པའོ། །དེ་གཉིས་ཀྱི་བར་དུ་སྨན་གྱི་ལྷ་མདོག་སྔོན་པོ་ཕྱག་གཡོན་ན་འབྲས་བུ་ཨ་རུ་ར་བསྣམས་པ་གཡས་མཆོག་སྦྱིན་ཅན་ནོ། །རྟ་མགྲིན་དང་ཁམས་གསུམ་རྣམ་རྒྱལ་གཉིས་མདོག་དམར་པོ་དང་སྔོན་པོ་རང་གི་ལྷ་ལ་བརྟེན་པར་བྲི། དེ་

གཉིས་ཀྱི་བར་དུ། ལོ་ཙ་ན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་རང་གི་སྤྱན་ལ་སོགས་པ་ལག་ཏུ་ཐོགས་པ་བྲི། དེ་བཞིན་གཤེགས་པ་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ལྷ་མོ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་དག་གི་འོག་ཏུ་པདྨའི་རྫིང་བུ་

དང་། དེའི་ནང་ན་ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། སྦལ་བ་དཀར་པོ་དང་། ཉ་འཁར་བ་དང་། དུང་དང་། པིར་དང་། སྲོག་ཆགས་དུ་མ་ཡོད་པ་དང་། དེ་ནས་ཆུ་ལས་སྐྱེས་པའི་མེ་ཏོག་དུ་མ་ཡོད་པ་དང་བཅས་པ་བྲི་བར་བྱའོ། །བདུག་པ་དང་། མར་མེ་དང་། དྲི་དང་། ཕྲེང་བ་དང་། གོས་དང་། མེ་

ཏོག་དང་། འབྲས་བུ་སྣ་ཚོགས་པ་བྲི། དེའི་འོག་ཏུ་སྒྲུབ་པ་པོ་ཉིད་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བའི་ཚུལ་གྱིས་འདུག་པ་བྲི། དེ་ནས་རི་མོའི་གཟུགས་དེ་བསྙེན་པ་དང་བཅས་པས་མངོན་པར་མཆོད་དེ། སྒྲུབ་པ་པོ་བདག་ཉིད་ཀྱིས་རབ་ཏུ་གནས་པར་བྱ་ཞིང་མངའ་ཕུལ། སྤྱན་དབྱེ་བར་བྱ་སྟེ་འདི་ནི་འདི་

ཉིད་ཀྱི་ཆོ་ག་ལས་ཤེས་པར་བྱའོ། །བདེན་པས་བྱིན་གྱིས་བརླབ་པ་དམིགས་པར་བྱའོ་ཞེས་བྱ་བ་ནི་བདེན་པ་སྟེ་སྤྱན་དབྱེ་བའོ། །བྱིན་གྱིས་བརླབ་པར་དམིགས་པ་སྟེ་མཚན་མ་ལའོ། །དེ་ནས་ཅི་སྟེ་མཚན་མ་ཞིག་མཐོང་ན་ནི་མྱུར་དུ་དངོས་གྲུབ་ཐོབ་འགྱུར་རོ། །འོན་ཏེ་མ་མཐོང་ན་ནི་རིང་མོ་ཞིག་ནས་

དངོས་གྲུབ་ཏུ་འགྱུར་ཞེས་བྱ་བ་ནི་མཚན་མ་ལས་སྐལ་བ་དང་ལྡན་པ་དང་མི་ལྡན་པའི་ལས་སོ། །མཚན་མ་གང་ཞིག་ཡིན་ཞེ་ན། བཞད་པ་དང་ནི་རྔ་སྒྲ་དང་། །དྲིལ་བུའི་སྒྲ་དང་འབྲུག་སྒྲ་དང་། །ཞེས་བྱ་བ་མཆོག་གི་མཚན་མ་དང་། དེ་བཞིན་དགེ་སློང་བྲམ་ཟེ་དང་། །ཞེས་བྱ་བའི་འབྲིང་གི་མཚན་མ་

དང་། འབྲས་བུ་མཐོང་ན་ཞེས་བྱ་བ་མཚན་མ་ཐ་མ་ལས་གོ་རིམས་བཞིན་དུ་མྱུར་དུ་མཆོག་དང་བར་དང་ཐ་མར་འགྲུབ་ཅེས་བྱའོ། །དེ་ནས་གཟུགས་དེ་ཞེས་བྱ་བ་ལ་སོགས་པས་བསྙེན་པ་དང་སྒྲུབ་པ་དང་དངོས་གྲུབ་སྟོན་ཏེ། གཟུགས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི། ཡེ་ཤེས་སེམས་དཔའ་བཅུག་པས་སོ། །

Vol. 67 · folio 249b

སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ་དབང་བསྐུར་ནས་ཞེས་པའི་དོན་ཏོ། །ཅི་བདོག་པ་ཡིས་མཆོད་པར་བྱ། །རྟག་ཏུ་མངོན་སུམ་འདུག་ནས་ཀྱང་། །ཞེས་བྱ་བ་ནི་མཆོད་པ་སྣ་ཚོགས་ཀྱིས་མཆོད་ཅིང་། རྣལ་འབྱོར་གྱིས་དུས་སུ་རྒྱུན་མི་འཆད་པར་སྤྱན་སྔར་འདུག་ཅེས་སྟོན་ཏོ། །འཇིག་རྟེན་

གསུམ་ལས་རྣམ་རྒྱལ་གྱིས། །བདག་སྲུང་ལ་སོགས་བྱས་ནས་ཀྱང་། །བདག་གི་དེ་ཉིད་དྲན་བྱེད་ཅིང་། །ཞེས་བྱ་བ་ནི་ཧཱུཾ་བཞིའི་སྔགས་ཀྱིས་བདག་སྲུང་བ་དང་། ཁྲུས་ཀྱི་ཆོ་ག་སྔོན་དུ་འགྲོ་བས། དཀྱིལ་འཁོར་ལུས་ལ་བརྟགས་པའི་མཐར་ཐུག་པ་བྱས་ལ་འབུམ་ཕྲག་གསུམ་མམ་ཡང་ན་དྲུག །

དངོས་གྲུབ་མཚན་མ་མ་བྱུང་བར་དུ་བཟླས་པར་བྱའོ། །དེ་ནས་དབེན་པའི་གནས་སུ་ནི། །བརྒྱད་བརྒྱ་ཉིད་དུ་ཚང་བར་བྱ། །སྔགས་ནི་འཁྲལ་འཁྲུལ་མེད་པར་བཟླས། །ཞེས་བྱ་བ་ནི། གནས་དབེན་པར་སྔ་མ་ཉིད་ཀྱི་ཆོ་གས་བརྒྱད་བརྒྱར་སྔགས་གུག་སྐྱེད་དང་། ཚེག་བར་ལ་སོགས་པ་ཆད་ལྷག་

མེད་པར་བཟླས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བསྙེན་པ་བསྟན་ནས། དེ་ནས་བཟླས་པའི་མཇུག་ཏུ་ནི། །དཀྱིལ་འཁོར་སྔ་མ་བཞིན་བསམས་ལ། །མཆོད་པ་རྒྱ་ཆེར་བྱས་ནས་ཀྱང་། །མཚན་གཅིག་ཐོག་ཐག་བཟླས་པ་བྱ། །ཞེས་བྱ་བས་སྒྲུབ་པ་བསྟན་ཏེ། བཟླས་པ་རྫོགས་པའི་མཇུག་ཏུ་དཀྱིལ་

འཁོར་སྔ་མ་བཞིན་དུ་བསམས་ལ། ཏིང་ངེ་འཛིན་གསུམ་དང་ལྡན་པས་མཚན་ཐོག་ཐག་བཟླས་བརྗོད་བྱས་ནས་འབྲས་བུ་བསྟན་པ་སྟེ། ཅི་སྟེ་གཙོ་བོའམ་དེ་ཡི་སྲས། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཅི་སྟེ་གཙོ་བོ་དང་བྱང་ཆུབ་སེམས་དཔའ་དང་འཇིག་རྟེན་པ་མཐོང་བ་ལས་དངོས་གྲུབ་རབ་

འབྲིང་གསོལ་བ་གདབ་པར་བྱ་སྟེ། ཕྱག་འཚལ་ནས་དངོས་གྲུབ་བླང་བར་བྱའོ། །གལ་ཏེ་འབྲིང་ངམ་ཐ་མའི་དངོས་གྲུབ་མིག་སྨན་ལ་སོགས་པ་ཡིན་ན་བླ་མ་དང་དཀོན་མཆོག་ལ་སྐལ་བ་རེ་རེ་ཕུལ་ནས་ལྷག་མ་བདག་སྤྱད། དབུལ་བའི་ཞིང་མེད་ན་བདག་ཉིད་ཀྱིས་སྤྱད། མཆོག་གི་དངོས་གྲུབ་ཡིན་ན།

སེམས་ཅན་ལ་ཕན་པར་བརྩོན་པར་བསྐལ་པ་དུ་མར་གནས་པར་འགྱུར་རོ། །ཅི་སྟེ་དངོས་གྲུབ་འཐོབ་ན་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། གནོད་སྦྱིན་རྒྱུ་སྐར་གདོན་ལ་སོགས་པ་ཚིག་ཙམ་གྱིས་བྲན་བཞིན་དུ་ཞི་བ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྡིག་པ་ཆེན་པོ་

Vol. 67 · folio 250a

བྱས་པས་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་ཐབས་སླ་བས་གྲོལ་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་

འདས་སྡིག་པ་བགྱིས་པས་སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པ་རྣམས་ཇི་ལྟར་ན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྤང་བའི་སླད་དུ་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་ཤི་བ་རྣམས་ཇི་ལྟར་སྦྱང་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཉོན་

ཅིག །སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་ཆེན་པོ་བྱེད་པ་དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐབས་སླ་བས་གྲོལ་བར་འགྱུར་བ་ཉོན་ཅིག་ཅེས་བྱ་བ་ནི་ཉོན་ལ་ཟུང་ཤིག་པའི་དོན་ཏོ། །ཐབས་དེ་ཉིད། དེ་བཞིན་དཀྱིལ་འཁོར་བྲིས་

ནས་ནི། །དེ་ལྟར་ཡང་ན་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །དབང་བསྐུར་བ་ནི་རབ་ཏུ་བརྟག །ཅེས་བྱ་བ་སྔར་བཤད་པ་བཞིན་དུ། བསྙེན་པ་དང་སའི་ཆོ་ག་དང་། ལྷ་རྣམས་མཆོད་པ་ལ་སོགས་པ་བྱས་ནས། བུམ་པ་ལ་སྔགས་བཟླས་ཏེ། ལྷོ་སྒོའི་ཆོ་ག་སྔོན་དུ་འགྲོ་བས་

དཀྱིལ་འཁོར་དུ་བཅུག་ཅིང་སྔར་བཤད་པ་བཞིན་དུ་དབང་བསྐུར་བ་ཞེས་བྱ་བའི་དོན་ཏོ། །དེའི་འབྲས་བུ། དེ་ནས་སྡིག་པ་ཀུན་སྦྱངས་ཏེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་ཐར་བར་འགྱུར། །སྡིག་ལས་རྣམ་པར་གྲོལ་བདག་ཉིད། །དག་པར་གྱུར་པའི་ལྷ་རྣམས་

ཀྱི། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནི་རྟག་ཏུ་སངས་རྒྱས་དང་། །ཆོས་འགྲོ་བ་ནི་འཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་འཐོར་བར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་ཡང་ཅི་ཞིག་ལས་དབང་བསྐུར་ཞེ་ན། དེ་ཡི་གཟུགས་བརྙན་བྲི་བ་ནི། །

གུར་གུམ་གྱིས་ནི་མིང་བྱང་རུས། །ཞེས་བྱ་བ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ངན་སོང་ཀུན་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་དགྲོལ་བའི་ཕྱིར། །ཞེས་གསུངས་ཏེ། སུ་ཞིག་གིས་ཤེ་ན། སྔགས་མཁན་གཞན་ལ་ཕན་བརྩོན་ཞིང་། །སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །

Vol. 67 · folio 250b

ཞེས་བྱ་བ་གསུངས་སོ། །དེས་ནི་ཐབས་དང་པོ་བསྟན་ཏོ། །གཞན་ཡང་། དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བརྟགས་ནས་ཀྱང་། །མཆོད་རྟེན་དབུས་སུ་གཞག་པར་བྱ། །ཞེས་བྱ་བ་ནི་གཟུགས་བརྙན་ལ་སོགས་པ་མདུན་དུ་གཞག་ལ། ལྕེ་དང་ལག་

པ་བྱིན་གྱིས་བརླབ་པ་ནས་བཟུང་སྟེ་སྲུང་བའི་འཁོར་ལོ་དང་། ནམ་མཁར་དཀྱིལ་འཁོར་བསྒོམ་པ་དང་མཆོད་པ་རྣམས་ཀྱིས་མཆོད་དེ། ཇི་ལྟ་བའི་གོ་རིམས་ཀྱིས་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་ནས། ཕབ་སྟེ་དཀྱིལ་འཁོར་བསྲེ་བ་བྱས་ལ་གཟུགས་བརྙན་ལ་སོགས་པ་ལ་འོད་ཟེར་གྱིས་ཤེས་པ་

བཅུག་སྟེ། སྡིག་པ་འཇོམས་པ་ལ་སོགས་སྔོན་དུ་འགྲོ་བས་རང་གི་སྙིང་གར་ཇི་ལྟ་བ་བཞིན་དུ་བཅུག་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བྱིན་གྱིས་བརླབས་ལ། སྔགས་དང་ཕྱག་རྒྱས་དབང་བསྐུར་ཏེ་མཆོད་རྟེན་གྱི་དབུས་སུ་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐབས་སླ་བ་གཉིས་པའོ། །གཞན་

ཡང་། རང་གི་ལྷའམ་ལྷ་གཞན་གྱི། །སྙིང་པོ་སྙིང་གར་བྲིས་ནས་ཀྱང་། །ལྷ་འདྲ་བར་ནི་སེམས་བསྐྱེད་དེ། །ཁྱིམ་གྱི་ནང་དུ་གཞག་པར་བྱ། །ཞེས་བྱ་བ་ནི་དབང་དང་དམ་ཚིག་ཐོབ་པའི་རྣལ་འབྱོར་པ་ཤི་བར་གྱུར་ན། ཤེས་ན་རང་གི་ལྷའི་སྙིང་པོ་སྙིང་གར་བྲི། ལྷ་དང་འདྲ་བས་སེམས་ཀྱིས་

བརྟག །མ་ཤེས་ན་ལྷ་གང་ཡང་རུང་བའི་སྙིང་པོ་སྙིང་གར་བྲི། ལྷ་དང་འདྲ་བས་སེམས་ཀྱིས་བརྟག །ཁྱིམ་མམ་དུར་ཁྲོད་དམ་མཆོད་པའི་ནང་དུ་གཞུག་པར་བྱ་སྟེ། འདི་ནི་ཐབས་སླ་བ་གསུམ་པའོ། །གཞན་ཡང་། དེ་ནས་སྨོས་ནས་ནི། གུར་གུམ་བཟང་པོས་སྔགས་བྲིས་ལ། །རིམ་གྱིས་འབུམ་

ནི་ཚང་ཙམ་དུ། །མཆོད་རྟེན་ལས་ནི་རབ་ཏུ་བྱ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་སྙེད་ནི་ཚང་བར་བྱ། །དེས་ནི་ངེས་པར་དམྱལ་གནས་ནས། །དེ་བྱས་པས་ནི་གྲོལ་བར་འགྱུར། །ཡི་དགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ནས་ལྷ་ཡི་ནང་དུ་སྐྱེ། །ཞེས་བྱ་བ་ནི། དེའི་མིང་ནས་བརྩམས་

ཏེ། སྔར་བཤད་པའི་སྔགས། ཨོཾ་སརྦ་བིད་ཅེས་བྱ་བ་ནས། བྷ་ཞེས་བྱ་བའི་མཐར་ཐུག་པ་གུར་གུམ་བཟང་པོས་རས་སམ་གྲོ་ག་ནག་པོར་བྱས་པ་ལ་འབུམ་ཚང་བར་ཙཻ་ཏྱ་བྱས་ཏེ། མཆོད་རྟེན་གྱི་ལས་བྱའོ། །སྡིག་པ་ཟད་པར་བྱ་བའི་ཕྱིར། །བྱེ་བ་སྙེད་དུ་གདབ་པར་བྱའོ། །དེ་ནི་དམྱལ་བ་དང་བྱོལ་སོང་

Vol. 67 · folio 251a

དང་ཡི་དགས་ལས་གྲོལ་ཏེ་ལྷའི་གནས་སུ་སྐྱེའོ་ཞེས་བྱ་བའི་དོན་ཏོ། །འདིའི་དོན་ནི་ཆོ་ག་ཉིད་ལས་ཤེས་པར་བྱའོ། །ཐབས་བཞི་པའོ། །གཞན་ཡང་། དེ་ཡི་མིང་ནས་བརྗོད་ནས་ནི། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། །བརྒྱ་ཕྲག་སྟོང་དུ་ཚང་བ་དང་། །བྱེ་བ་སྙེད་དུ་རབ་

བཟླས་ན། །ལྷ་ཡི་གནས་སུ་སྐྱེ་བར་ངེས། །ཞེས་བྱ་བ་ནི་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་དང་། སྒོ་དབྱེ་བ་སྔོན་དུ་འགྲོ་བས་དེའི་མིང་ཐོག་མར་སྨོས་ཏེ། གོང་དུ་བཤད་པའི་སྔགས་འབུམ་ཕྲག་སྟོང་དང་བརྒྱ་ཕྲག་སྟོང་ཚང་བ་དང་། བྱེ་བ་སྙེད་དུ་

བཟླས་ཏེ་དཀྱིལ་འཁོར་ཆེན་པོ་ལ་མཆོད་པ་སྔོན་དུ་འགྲོ་བས་མཚན་ཐོག་ཐག་བཟླས་ན་ལྷའི་གནས་སུ་ངེས་པར་སྐྱེ་ཞེས་བྱ་བའི་དོན་ཏོ། །ཐབས་སླ་བ་ལྔ་པའོ། །དེ་ནས་གཞན་ཡང་། དེ་ཡི་མིང་ནས་བརྗོད་ནས་ནི། །མཁས་པས་འབུམ་ཕྲག་བརྒྱ་འམ་ནི། །ཡང་ན་སྟོང་ཕྲག་བརྒྱ་སྙེད་དུ། །སྦྱིན་

སྲེག་བྱས་པར་གྱུར་ན་ནི། །ཞེས་བྱ་བ་ནི། ཐབ་ཁུང་ཇི་ལྟ་བ་བཞིན་དུ་བརྐོས་ཏེ། རྫས་གཞག་ཅིང་བསང་བ་བྱས་ནས་རང་ལྷར་བསྐྱེད་དེ། ཆོས་ཀྱི་ཡི་གེ་ལས་ཐབ་ཁུང་བྱིན་གྱིས་བརླབས་ལ། བྷ་དང་ཤ་བཀོད་པའི་བུད་ཤིང་བརྩིགས་ཏེ་རྒྱུན་བཞག་གི་མེ་སྤར་ནས་མེ་ལྷ་སྤྱན་དྲང་བ་སྔོན་དུ་

འགྲོ་བས་དགང་བླུགས་ལ་སོགས་པ་ཕུལ་ཏེ་འབར་བ་དང་ཐ་མི་དད་པར་འགྱུར་བའི་མེ་ལྷའམ། ཡང་ན་མེ་ལྷའི་སྙིང་གར་རྡོ་རྗེ་སེམས་དཔའ་ལ་དགང་བླུགས་ལ་སོགས་པ་ཕུལ་བ་སྔགས་དང་མིང་སྤེལ་ཏེ། ཏིལ་གྱི་སྦྱིན་སྲེག་མཁས་པས་འབུམ་ཕྲག་བརྒྱའམ། བརྒྱ་ཕྲག་སྟོང་སྙེད་དུ་སྦྱིན་སྲེག་

བྱས་ལ། ལྷ་རྣམས་གཤེགས་སུ་གསོལ་བའི་ཆོ་ག་བྱས་ནས་ནི་ཞེས་བྱ་བའི་དོན་ཏོ། །དེའི་འབྲས་བུ་ནི། དམྱལ་བ་ཆེན་པོར་གྱུར་པ་ཡི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་བྱའོ། །ཡང་དུས་ཇི་སྲིད་དུ་ཞེ་ན། །ཇི་སྲིད་མཚན་མ་ཤིན་ཏུ་ནི། །འབར་བའི་གནས་སུ་སྐྱེ་བར་འགྱུར། །

མཚན་མ་ཡང་དག་འབྱུང་བར་དུ། །ཞེས་བྱ་བ་དེ་སྲིད་དུའོ། །རྫས་ཅི་ཞིག་ཅེ་ན། ཏིལ་དང་ཡུངས་ཀར་འབྲས་རྣམས་དང་། །བ་ཡི་འོ་མར་ལྡན་པ་དང་། དྲི་ཡིས་བསྐུས་པའི་ཡམ་ཤིང་གིས། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །ཞེས་གསུངས་སོ། །སྡིག་པ་ལས་ཐར་པའི་མཚན་མ་ནི། དེ་ནས་དེ་ནི་

Vol. 67 · folio 251b

ངེས་པར་ཡང་། །ལྷ་ཡི་གནས་སུ་སྐྱེས་གྱུར་ནས། །དེ་ཡི་མཚན་མ་སྟོན་པར་བྱེད། །ཡང་ན་ལྷ་ཡི་མཆོག་ཏུ་འགྱུར། །ཡང་ན་ཧོམ་ཁུང་ནང་དུ་ནི། །མེ་ཡི་ལྟས་ནི་སྟོན་བྱེད་ཅིང་། །ལྷ་ཡི་གནས་སུ་སྐྱེ་བ་དང་། །སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་

འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་ལ། །བརྟན་ལ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །བདག་ཉིད་དེ་ཉིད་སྟོན་བྱེད་ཅིང་། །ཟླ་བ་དྲི་མེད་དཀར་འདྲ་ལ། །གཞན་མདོག་དཀར་ཞིང་ལྷམ་མེར་འབར། །དེས་ན་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་

གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ནི་ཐར་པའི་མཚན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐབས་སླ་བ་དྲུག་པའོ། །གཞན་ཡང་། ཁྲུ་བཞི་པ་ཡི་ཚད་དུ་ནི། །ཆོ་ག་བཞིན་དུ་བརྐོས་པ་ལ། །རྡོ་རྗེས་མཐའ་མར་བསྐོར་བ་ཡི། །འཁོར་ལོ་

དབུས་སུ་བྲི་བར་བྱ། །རིགས་ལྔ་ཡི་ནི་ཕྱག་རྒྱ་རྣམས། །ཇི་བཞིན་པ་ཡི་ཕྱོགས་སུ་བྲི། །ཇི་བཞིན་སེམས་དཔའ་རྣམས་ཀྱང་ནི། །འཇིག་རྟེན་རྩེ་ལ་སོགས་པ་བྲི། །ཞེས་བྱ་བ་ནི་དང་པོར་སྟེགས་བུའི་ཚད་ཁྲུ་སུམ་ཅུ་རྩ་གཉིས་ལ་སོགས་པ་བརྩིགས་ལ། ཁྲུ་བཞི་པའི་སྨད་དུ་ཟབས་སུ་ཁྲུ་དོ་པའི་ཚད་

ཀྱི་ཁུང་བུ་བརྐོས་ལ། སོར་བཅུ་དྲུག་པའི་ཕྱི་རོལ་དུ་སོར་བཅུ་དྲུག་ཡོད་པའི་མཐོ་དམན་དང་ལྡན་པ་དེ་ལ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བས་བསྐོར། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་རྡོ་རྗེ་རྩེ་གསུམ་པས་བསྐོར་བ་བྲི། ལྟེ་བ་ལ་སོགས་པ་རྣམས་སུ་རིགས་ལྔའི་ཕྱག་རྒྱ་རྣམས་ཤར་ལ་སོགས་པ་ཇི་བཞིན་

པའི་ཕྱོགས་སུ་རིམ་པ་བཞིན་དུ་བྲི། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་པ། སེམས་དཔའ་བཅུ་དྲུག་གི་རྡོ་རྗེ་ལ་སོགས་པ་བྲི། དེའི་ཕྱི་རོལ་གྲྭ་དང་སྒོ་རྣམས་ལ། ལཱ་སྱ་དང་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བྲི། ཁྱམས་ཀྱི་ནང་དུ་བྱམས་པ་ལ་སོགས་པའི་ཕྱག་རྒྱ་བྲི། ཕྱི་རོལ་གྱི་ཁྱམས་ལ་

རིམ་པ་དང་པོ་དང་གཉིས་པ་དང་གསུམ་པ་ལ་རྡོ་རྗེ་ལ་སོགས་པ་དང་། པར་བུ་དང་གསེག་ཤང་དང་། འཁོར་ལོ་རྣམས་བྲི་བར་བྱའོ། །སྒོ་རྣམས་ལ་ཁྲོ་བོའི་ཕྱག་མཚན་རྣམས་བྲི་བར་བྱའོ། །འཇིག་རྟེན་གཙོ་དང་མ་མོ་དང་མཁའ་འགྲོ་མ་རྣམས་ཀྱི་ཐིག་ལེ་དང་མིང་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །

Vol. 67 · folio 252a

ཡང་བྱ་དང་བུམ་པ་གང་བ་དང་། གཏོར་མའི་སྣོད་རྣམས་བཀང་བ་བརྒྱད་དམ་བཅུ་དྲུག་སྙེད་དག་གཞག །བཟའ་བ་དང་བཅའ་བའི་བཤོས་དང་། མེ་ཏོག་གི་ཕྲེང་བ་དང་། བླ་རེ་རྒྱལ་མཚན་དང་། དར་དང་ལྡ་ལྡི་རྣམས་གཞག་པར་བྱའོ། །དཀྱིལ་འཁོར་དམ་པར་སྦྱིན་སྲེག་གི་

ཕྱིར་གཞག་པ་ཡིན་ནོ། །ཆོ་ག་ཤེས་པས་བྲིས་ནས་ཀྱང་། ལྷ་རྣམས་མང་པོ་སྤྱན་དྲངས་པ། །ཞེས་བྱ་བ་ནི་ཆོ་ག་ཤེས་པས་ཕྱག་རྒྱའི་དཀྱིལ་འཁོར་བྲིས་ནས་ཏེ། ཐུགས་ཀྱི་རང་བཞིན་སྟོན་ཅིང་དངོས་པོ་མཚན་མ་བསྲེག་པ་ནི་ཐུགས་གཙོར་གྱུར་པའི་ཕྱིར་རོ། །ཀྱང་ཞེས་བྱ་བ་ནི་ལྷག་ཆད་ཞི་བ་སྔོན་དུ་

འགྲོ་བས་ཏིང་ངེ་འཛིན་གསུམ་དང་། བཟླས་བརྗོད་བྱེད་ཅིང་སྒོ་དབྱེ་བ་བསྡུའོ། །ལྷ་རྣམས་མང་པོ་སྤྱན་དྲངས་པ་ནི། བསྡུ་ཞིང་ལྕགས་ཀྱུ་ལ་སོགས་པས་ལས་བྱའོ། །སྔགས་ཤེས་པས་ནི་སྔགས་ཕྱག་རྒྱ། །ཨརྒྷཾ་ཕུལ་བ་ཤེས་པས་ཀྱང་། །ཞེས་བྱ་བ་ནི་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས་ཕྱག་རྒྱ་

བཞིས་རྒྱས་གདབ་དབང་བསྐུར་བས་ཀྱང་ཞེས་པས་སྟོན་ཏོ། །མདོར་ན་མཆོད་པ་བྱས་ནས་ནི། །ཞེས་བྱ་བ་ནི་སྣ་ཚོགས་པའི་མཆོད་པ་བསྡུ་ན་མཆོད་པར་འདུས་པས་དེ་སྐད་ཅེས་བྱའོ། །ལྷ་ཡི་སྦྱོར་བས་རབ་གནས་ལ། །ཞེས་བྱ་བ་ནི། ལྷའི་ང་རྒྱལ་གྱིས་གནས་པའོ། །དེ་ལྟར་སྦྱིན་སྲེག་གི་ཚེ་ན་

ལྷ་རྣམས་མཆོད་ནས་རྫས་བསྟན་པའི་ཕྱིར། ག་བུར་གུར་གུམ་ལ་སོགས་པ། །མར་དང་འོ་མ་ཏིལ་བསྒོས་ལ། །ནས་དང་ཡུངས་ཀར་འབྲས་རྣམས་ལ། །དྲི་ཡི་ཆུས་ནི་ལེགས་བཀང་སྟེ། །འབྲས་ཆན་སྤོད་དང་ལ་དུ་དང་། །སྦྲང་རྩི་ཁ་རར་ལྡན་དེ་བཞིན། །བརྒྱ་ཕྲག་དུ་མར་ཡོངས་བཟླས་ལ། །ཡམ་

ཤིང་ལ་ཡང་དེ་བཞིན་ཏེ། །རང་གི་སྔགས་ཀྱིས་བཏབ་པའི་ཤིང་། །ཁུང་བུའི་ནང་དུ་གཞུག་པར་བྱ། །ཞེས་བྱ་བ་ལ་རྫས་དེ་རྣམས་ཀུན་ལ་ཨོཾ་སརྦྦ་བིད་ཅེས་བྱ་བ་ནས། བྷ་ཞེས་བྱ་བའི་བར་གྱི་སྔགས་བརྒྱ་ཕྲག་དུ་མར་བཟླས་ཤིང་། སྔགས་དེ་ཉིད་བཏབ་པའི་ཤིང་ལ་བྷ་དང་ཤ་བཀོད་པ་མཆོད་རྟེན་

གྱི་དབུས་སུ་བརྩིག་པར་བྱ་བའི་དོན་ཏོ། །རོའི་བྱ་བ་བསྟན་པའི་ཕྱིར། དང་པོ་རེ་ཞིག་ངན་འགྲོ་ལས་དགུག་ཅིང་སྡིག་པ་སྦྱངས་ལ། བྱེ་མ་དང་ཉུངས་ཀར་གྱིས་སྦྱངས་ཏེ་ཁྲུས་བྱས་ལ། ཡང་ས་སྟེགས་སྔོན་པོའི་སྟེང་དུ་གཞག་པ་ལས་བུམ་པ་སྔོན་པོས་བཀྲུ་ཞིང་མགྲིན་རིས་དང་ལམ་བསྟན་ཏེ་མེ་ཏོག་གི་ཆར་

Vol. 67 · folio 252b

ཕབ་ལ། སློབ་མ་གཞུག་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ལ་བུམ་པ་ལ་སོགས་པ་བསྡུས་ཏེ། འཁོར་ལོ་རྩིབས་བརྒྱད་དང་པདྨ་ལ་བཞག་ནས་རང་གི་ལྷག་པའི་ལྷར་བསྐྱེད་དེ། ཆུ་མཆོག་གིས་བཀྲུས་ལ་དྲིས་བྱུག་ཅིང་རྒྱན་སྣ་ཚོགས་པ་བཏགས་ལ་སྔགས་ཀྱིས་བཏབ་པའི་བདུག་པ་

ལ་སོགས་པས་བདུག་ཅིང་མཆོད་པའི་ཁྱད་པར་གྱིས་མཆོད་པ་ནི། རོ་ལ་སྔགས་ཀྱིས་བཏབ་ནས་ནི། །ཆུ་མཆོག་གིས་ནི་བཀྲུ་བར་བྱ། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་བཀླུབས་ནས་ཀྱང་། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་བ་སོགས་པས་མཆོད། །

ཅེས་བྱ་བ་འདིས་བསྟན་ཏོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི། གཙུག་ཕུད་དཔུང་པར་དེ་བཞིན་དུ། །སྔགས་བྲི་བས་ནི་གདགས་པར་བྱ། །ཞེས་བྱ་བ་ནི་སྔགས་བྲིས་པས་གདགས་པ་མདོར་བསྟན་ཏོ། །སྙིང་ག་ལྐོག་མ་ཁ་ཕྱོགས་སུ། །སརྦྦ་བིད་ཀྱིས་བྱིན་གྱིས་བརླབ། །ཅེས་བྱ་བ་ནི་རྡོ་རྗེའི་ཕྱག་རྒྱ་བཅིངས་

ཏེ། ཨོཾ་སརྦྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་བྱ་བས་སྙིང་ག་ལྐོག་མའི་ཕྱོགས་ལ་སོགས་པ་རྣམས་སུ་བྱིན་གྱིས་བརླབ་པ་སྟེ་མདོར་བསྟན་པའོ། །སྔགས་བྲི་བ་དང་བྱིན་གྱིས་བརླབ་པ་གཉིས་བཤད་པ་ནི། དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་

རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང་། །མིག་གཉིས་དང་ནི་གསང་བ་ཡི། །དབང་པོ་རྣམས་ཀྱི་གནས་དང་ནི། །དེ་ལྟར་གཞན་དུ་ཡི་གེ་སྔགས། །མཆོག་ཏུ་དགེ་བ་རྣམས་བཤད་དོ། །ཞེས་བྱ་བ་ནི། གནས་བཅོ་བརྒྱད་དུ་འགོད་པ་སྟེ། །ཡི་གེ་ཞེས་བྱ་བ་བྷ་དང་ཤའོ། །སྔགས་ཞེས་བྱ་

བ་སརྦ་བིད་ལ་སོགས་པའོ། །མཆོག་ཏུ་དགེ་བར་བྱེད་པས་ན་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་རོ་བསྲེག་པའི་རང་ལྷར་གྱུར་པ་ཙམ་ཞིག་ལུས་པའི་ཕྱིར་ངན་སོང་སྦྱོང་བའི་ཕྱིར་ལྷར་བསྐྱེད་པ་སྟེ། འདིས་ནི་ཀུན་རྫོབ་མི་འགག་པ་དང་དོན་དམ་པར་མཚན་མ་ལས་འདས་པ་ཤེས་པར་བྱ་བའི་

ཕྱིར་རོ། །ཡང་ན་དོན་དམ་པར་ཤེས་པར་བྱ་བའི་ཕྱིར། སྐྲ་དང་ཐལ་བ་ལ་སོགས་པ་བསྲེག་པའི་རྫས་སུ་དབུལ་བ་ནི། རྒྱུད་ཕྱི་མ་ལས་སྟོན་ཏོ། །དེ་ནས་ལྷར་བསྐྱེད་དེ། དེ་ནས་ངན་སོང་སྦྱོང་བའི་ཕྱིར། །སྟན་དང་བཅས་ཏེ་ཐབ་དབུས་སུ། །བཞག་པ་ཉིད་དུ་བྱ་བ་ཡིན། །དེ་ནས་སྔགས་འཆང་

Vol. 67 · folio 253a

སྔགས་ཀྱིས་ནི། །བཏབ་པའི་གོས་ཀྱིས་གཡོགས་པར་བྱ། །ཞེས་བྱ་བ་ཡིན་ནོ། །མེ་དང་མཆོད་པའི་བྱ་བ་བསྟན་པའི་ཕྱིར་དེ་ནས་བྱིན་རླབས་ཞེས་བྱ་ལ་སོགས་པ་སྨོས་ཏེ་རོ་དབུས་སུ་བཞག་ལ་དེ་ནས་བྱིན་ཟ་དགེ་བ་རྒྱུན་བཞག་གི་མེ་བླངས་ལ། རླུང་ཡབ་ཀྱིས་སྦར་ལ་

རང་གི་ཆོས་ཀྱི་ཡི་གེས་ཐབ་ཁུང་བྱིན་གྱིས་བརླབས་ཏེ་མར་གྱིས་སྦར་ལ། བྱིན་ཟ་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། མེ་ལྕེ་སྟོང་གིས་དཀྲིགས་ཤིང་འབར་བའི་ལུས་སུ་གནས་པ་ལ་ཟླ་བ་ལྟར་དཀར་ཞི་བའི་ལུས་སོ། །བསམས་པའམ་ཞེ་ན་མཐའ་ཡས་པའི་མེ་བཀུག་ལ་ཞེས་བྱ་བའོ། །དེ་ནས་ཨརྒྷས་

མཆོད། བློ་མཆོག་ལྡན་པའི་མདུན་དུ་གཟུགས་མཆོག་གཞག །འབྲས་བུ་འཐོབ་པར་འདོད་པས་མེ་ཏོག་གིས་ནི་དེ་བཞིན་གཤེགས་པ་སྤྱན་དྲངས་ལ། མཆོད་ཡོན་སྔོན་དུ་འགྲོ་བས་མཆོད་པ་ལྔས་མཆོད་དེ། དེ་ནས་མེ་ལྷ་ལ་བསྲེག་བྱ་རྣམས་ཀྱིས་མཆོད་པར་བྱ་བའི་ཕྱིར་རོ། །དེ་ནས་བསྲེག་བྱ་རྣམས་

ཀྱིས་ལྷ་ཐམས་ཅད་ལ་བརྒྱ་རྩ་བརྒྱད་དང་། གཙོ་བོ་ལ་ཉི་ཤུ་རྩ་གཅིག་བརྟག །དེ་ནས་མེ་ལྷ་གཙོ་བོ་ལ་སོགས་པ་གཤེགས་སུ་གསོལ་ཏེ་ཡོ་བྱད་ལན་གསུམ་གསུམ་དབུལ། དེ་ནས་ཕྱག་ན་རྡོ་རྗེ་པད་དཀར་ཞལ། ཨརྒྷ་ལ་སོགས་པས་མཆོད་དེ། དེ་ཡང་ཕྱག་ན་རྡོ་རྗེ་དང་པདྨ་འཛིན་ཅིང་

གཉིས་ཀྱིས་ཞགས་པ་བསྣམས་པ། ཁམས་གསུམ་རྣམ་རྒྱལ་གྱི་གཟུགས་ཞབས་ཀྱི་པདྨོ་དང་མ་ཧཱ་དེ་བ་ཨུ་མ་དེ་བ་དང་བཅས་པ་མནན་པ་རྒྱན་རྫོགས་པ། སངས་རྒྱས་ཀྱི་དབུ་རྒྱན་ཅན་བསམས་སམ་ཡིད་ཀྱིས་བྲིས་པའང་རུང་། དེའི་སྙིང་པོ་ཧཱུཾ་ཞེས་བྱ་བ་དང་། ཚེ་འདས་པ་ཤཱནྟིཾ་ཀུ་རུ་ཞེས་བྱ་བ་

དང་ཏིལ་གྱིས་སྦྱིན་སྲེག་བྱས་ནས། སྟོང་ངམ་བྱེ་བའི་ཚད་དུའམ། མཚན་མ་བྱུང་བ་དེ་སྲིད་ཀྱི་བར་དུ་སྦྱིན་སྲེག་བྱས་ལ། སྡིག་ཅན་གྱི་རྒྱུད་དག་པར་ཤེས་ནས་མེ་ལྷའི་ཕྱག་རྒྱ་དགྲོལ་དེ་གཤེགས་ནས་མེ་ལྷ་མཆོད་དེ་བཟོད་པར་གསོལ་དེ་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་མཆོད་པ་བྱ་བ་

བསྟན་ནས་ཐལ་བའི་བྱ་བ་བསྟན་པའི་ཕྱིར། དེ་ནས་ཐལ་བར་གྱུར་པ་དང་། །རྡོ་རྗེ་བསྡུ་བའི་སྔགས་ཀྱིས་ནི། །ཞེས་བྱ་བ་སཾ་ཧ་ར་ན་བཛྲ་ཞེས་བྱ་བས་སོ། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཐལ་བ་དེ་དང་རུས་པ་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་

Vol. 67 · folio 253b

སྔགས་ཀྱི་བློ་ལྡན་གྱིས། །འབུམ་དུ་བཟླས་པ་བརྗོད་ནས་ནི། །ག་བུར་དྲི་དང་བསྒོས་པ་ཡིས། །འདག་པ་དང་ནི་བསྲེས་ནས་ཀྱང་། །གཟུགས་སུ་བྱ་བའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྷར་བྱས་ནས། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དུའམ། །སྔགས་དང་

ཕྱག་རྒྱས་བཏབ་ནས་ཀྱང་། །འབུམ་ཕྲག་ཉིས་བརྒྱའི་བར་དུ་བཟླས། །ཞེས་བྱ་བ་ལ་གཟུགས་སུ་ཞེས་བྱ་བ་སྐུ་གཟུགས་སུའོ། །སྔགས་དང་ཕྱག་རྒྱས་བཏབ་ཅེས་བྱ་བ་སྤྱན་དབྱེ་བ་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེའི་མཚན་མ་ནི། དེ་ནས་མཆོད་རྟེན་འབར་འགྱུར་ཏམ། །ཞེས་བྱ་བ་ལ་སོགས་ཏེ་དེ་

ལྟ་བུ་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་མཚན་མ་དེ་དག་ནི། །སྡིག་ཅན་བློ་ཡིས་མ་མཐོང་ན། །ཞེས་པ་ནི། རྣལ་འབྱོར་པ་རྒྱུད་མ་དག་པས་མ་མཐོང་ནའོ། །འབུམ་གྱི་ཕྲག་ནི་བརྒྱ་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་པ་མཆོད་ནས་ནི། །མཉམ་པར་

གཞག་པས་བཟླ་བར་བྱ། །དེ་ཡི་མཐར་ནི་མཁས་པས་ཀྱང་། །མཚན་གཅིག་ཐོག་ཐག་མི་ཉལ་བཟླས། །ཞེས་བྱ་བས་ནི་སྡིག་པ་ཤིན་ཏུ་ཆེ་བས་དང་པོ་དང་གཉིས་པ་ལ་མཚན་མ་མ་མཐོང་ན་འབུམ་ཕྲག་བརྒྱ་བཟླས་བརྗོད་བྱས་ཏེ་མཚན་ཐོག་ཐག་མི་ཉལ་བར་བཟླས་ཞེས་བྱ་བའི་དོན་ཏོ། །སྒྲིབ་པ་

ཤིན་ཏུ་ཆུང་བ་རྣམས་ནི་རོ་བསྲེག་པའི་དུས་སུའོ། །སྡིག་པ་ཅན་རྣམས་ནི་འབུམ་ཕྲག་ཉིས་བརྒྱའི་དུས་ནའོ། །ཤིན་ཏུ་སྡིག་ཆེ་བ་རྣམས་ནི་འབུམ་ཕྲག་སྟོང་གི་དུས་ན་མཚན་མ་བྱུང་ན། དེའི་སྡིག་པ་ཉིད་དག་པར་མཐོང་སྟེ་ལྷའི་ལུས་སུ་གྱུར་ལ་རང་གི་རྒྱུད་ངོ་ཤེས་ན་དེ་བྱམས་པ་དང་། སྙིང་རྗེར་

ལྡན་པས་ལས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐབས་བདུན་པའོ། །དེ་ལྟར་ཡང་རོ་ཡོད་པའི་དབང་དུ་བྱས་པ་བཤད་ནས། ད་ནི་རོ་མེད་པའི་དབང་དུ་བྱས་པའི་ཐབས་བསྟན་པ། ཡང་ན་མེད་པར་གྱུར་ན་ཡང་། །བཟླས་ཤིང་བསྒོམ་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་

བྲིས་ནས་ཀྱང་། །མཆོད་རྟེན་ཕྲེང་བ་བྱ་བ་དང་། །ཡང་ན་གཟུགས་སུ་བྲིས་ཀྱང་རུང་། །སྦྱིན་སྲེག་མངོན་པར་དབང་བསྐུར་ནས། །ཞེས་བྱ་བ་ནི་བཟླས་ཤིང་ཞེས་པ་བཟླས་བརྗོད་དང་། མཆོད་རྟེན་ཕྲེང་བའི་གཟུགས་སུ་བྱ། །ས་ཚ་དང་། སྦྱིན་སྲེག་བྱ་བ་མིང་བསྲེག་པ་དང་། སྦྱིན་སྲེག་མངོན་

Vol. 67 · folio 254a

པར་དབང་བསྐུར་ན། །ཞེས་བྱ་བ་མཆོད་རྟེན་གྱི་དབུས་སུ་གཞུག་པ་དང་། ཁྱིམ་དུ་བཞག་པ་དང་། དབང་བསྐུར་བ་ཉིད་དང་བདུན་རོ་མེད་ཀྱང་འགྲུབ་པའོ་ཞེས་བྱ་བར་སྟོན་ཏོ། །སྔ་མ་བཞིན་དུ་འབྲས་བུ་ནི། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཞེས་བྱའོ། །གཞན་ཡང་

ཐལ་བ་ཉུངས་ཀར་བྱེ་མ་སོགས། །ཞེས་བྱ་བ་ཐལ་བ་དང་ཉུངས་ཀར་དང་། བྱེ་མ་དང་མེ་ཏོག་ལ། རང་གི་མིང་སྨོས་སྔགས་བཏབ་ནས། །ཞེས་བྱ་བ་ལ་མིང་ནས་ཐོག་མར་སྨོས་ཏེ་རོ་ལ་སོགས་པ་ལ་བྱ་བ་བྱས་ནས། སོང་ནས་ཀྱང་ཕྱིའི་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ཞེས་བྱ་བའི་དོན་ཏོ། །དེའི་

འབྲས་བུ། དེ་ལྟར་ན་འང་སྡིག་ཅན་ཡང་། །ངན་འགྲོ་ལས་ནི་ཐར་འགྱུར་ན། །ཞེས་བྱ་བ་དམན་པ་ཡང་ཐར་བར་གསུངས་ན་ཞེས་བྱ་བའི་དོན་ཏོ། །མཆོག་རྣམས་སྨོས་ཀྱང་ཅི་ཞིག་དགོས། །དགེ་བའི་མཆོག་ནི་བསྐྱེད་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྡིག་པ་ངེས་པ་ཅན་

རྣམས་ནི་ཐབས་ཅིས་ཀྱང་མི་གྲོལ་བར་དགེ་བའི་རྩ་བ་མ་བསྐྱེད་པར་ཞེས་བྱ་བ་ནས། བདེ་གཤེགས་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་བྱ་བའི་བར་དུ་སྟོན་ཏོ། །དེ་ལྟར་ཐབས་བརྒྱད་སྟོན་ཏོ། །ཐམས་ཅད་ཀྱང་ཐབས་སླ་བས་གྲོལ་བར་འགྱུར་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བརྒྱ་བྱིན་

ལ་སོགས་པས་བཀའ་སྩལ་པ་བདེན་པ་ཉིད་དུ་བྱས་ནས་ནོར་བུ་དྲི་མ་མེད་པ་ཐར་ཏེ་དགའ་ལྡན་དུ་སྐྱེས་ནས་གྲགས་པ་ཆེན་པོའི་ལྷ་དང་བཅས་པས་དེ་བཞིན་གཤེགས་པ་ལ་ཚེ་འདི་ཉིད་ལ་མཆོད་པའི་ཕྱིར་སེམས་བསྐྱེད་དེ། ལྷ་རྫས་སྣ་ཚོགས་ཀྱིས་དགའ་བའི་ཚལ་ཀུན་དུ་གང་བར་བྱས་སོ། །ལྷའི་བུ་

ནི་མ་མཐོང་ལ་ལྷ་རྫས་མཐོང་བ་རྣམས་ཀྱིས་ཡ་མཚན་ཆེ་བར་གྱུར་ནས། འདི་ཅི་ལགས་ཞེས་ངོ་མཚར་ཆེ་བར་ཞུས་པ་དང་། བཀའ་སྩལ་པ་དྲི་མ་མེད་པའི་འོད་ཡིན་ནོ། །ཞུས་པ་ངོ་མཚར་ཆེའོ། །ལྷ་རྣམས་ཀྱིས་ཀྱང་ཞུས་པ། དཀོན་མཆོག་ལ་ཁྱད་པར་ཅན་དུ་བསྔགས་ནས་ལྟ་བར་འཚལ་ལོ། །

ཞེས་གསོལ་བ་བཏབ་ནས་འོད་ཀྱིས་སྙིང་བསྐུལ་ཏེ་འོད་མི་སྣང་བར་གྱུར་ནས། རྫུ་འཕྲུལ་ཆེན་པོས་དགའ་བའི་ཚལ་སྣང་བར་བྱས་ནས། བླ་མ་གཉིས་མ་གཏོགས་པ་ཟིལ་གྱིས་མནན་ནས་ཆེད་དུ་བརྗོད་དོ། །པདྨ་སྒྲ་སྙན་པ་འབྱིན་པ་བྱུང་བ་དང་ཡ་མཚན་སྐྱེས་ཏེ། བསམ་ཡས་བརྗོད་ནས་ལྟ་

Vol. 67 · folio 254b

བར་འཚལ་ཞུས་པ་དང་བླ་མའི་འོད་ཀྱིས་སྙིང་བསྐུལ་ཏེ་འོད་མི་སྣང་བར་གྱུར་ནས། བླ་མ་གཉིས་མ་གཏོགས་པ་ཐམས་ཅད་གཡོས་ཏེ་ངོ་མཚར་ཆེ་བའི་དོན་ཞུས་པ། ཁྱད་པར་ལྔའི་མཆོད་པས་མཆོད་དེ་མི་སྣང་བར་གྱུར་ཏེ་ཞེས་བྱ་བ་སྟེ། ནོར་བུ་དྲི་མ་མེད་པ་དགའ་ལྡན་དུ་སྐྱེས་པ་བསྟན་ཏོ། །

དེ་ནས་བརྒྱ་བྱིན་དང་ཞེས་བྱ་བ་ལ་སོགས་ནས་བག་ཡོད་པར་སྒྲུབས་ཤིག་ཅེས་བྱ་བའི་བར་གྱིས་ཐམས་ཅད་ལ་ཕན་པའི་ཕྱིར་རྒྱུད་གཏད་པ་བསྟན། དེ་ལྟར་རྩ་བའི་རྒྱུད་ཕྱག་རྒྱ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་གཙོ་བོར་གྱུར་པ་བསྟན་པའོ། །ཅིའི་

ཕྱིར་རྩ་བའི་རྒྱུད་དུ་མཛད་ཅེ་ན། ལྷ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཕྲིན་ལས་དང་། ཡོན་ཏན་དང་ལྔ། རྩ་བར་དང་པོར་སྟོན་པ་དང་ལྡན་པས་ན་རྩ་བའི་རྒྱུད་ཅེས་བྱའོ། །དེ་ཡང་ཇི་སྐད་དུ། གསང་བ་ལྔ་ལྡན་གང་ཡིན་པ། །དང་པོ་ཉིད་དུ་བསྟན་པས་ན། །དེ་ནི་རྩ་བའི་རྒྱུད་ཅེས་བྱ། །

ཞེས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུད་ཅེས་བརྗོད་ཅེ་ན། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་གསུངས་པས་རྒྱུན་ཆགས་པའམ། འཁོར་བའི་ཕྱིར་རྒྱུད་ཅེས་བྱའོ། །དེ་ལྟར་རྩ་བའི་རྒྱུད་བསྟན་ནས། དེ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱུད་ཕྱི་མ་སྟོན་

ཏེ། ཅིའི་ཕྱིར་ཕྱི་མ་ཞེས་བྱ་ཞེ་ན། སྔ་མ་ལས་བྱུང་ཞིང་དེ་ཉིད་གསུང་བ་སྦས་པ་ཤེས་པའི་ཕྱིར་རྒྱུད་ཕྱི་མ་ཞེས་བརྗོད་པར་བྱའོ། །དེ་ཡང་ཇི་སྐད་དུ། ཕྱི་མ་སྔ་མ་ལས་བྱུང་སྟེ། །དེ་ཉིད་གསུངས་པ་སྦས་ཤེས་པ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདིས་རྒྱུད་ཕྱི་མའི་

ཕྱི་མ་ནི་དགའ་བའི་ཚལ་འདི་ཉིད་དུ་གསུངས་པར་ཤེས་པར་བྱ་སྟེ། མིའི་ཡུལ་དུ་བབ་པ་ལ་སོགས་པ་ལ་ཁྱད་པར་མ་བཤད་པ་དང་། ཕྱིས་འཛམ་བུ་གླིང་གི་རིས་འདི་ཉིད་ན་ཞེས་གསུངས་པ་ནི། རི་རབ་ཀྱི་ལྷོ་ཕྱོགས་ལ་དགོངས་པ་དང་། ཡང་ཕྱིས་མིང་དང་རྗེས་ཡི་རང་ངོ་ཞེས་བྱ་བ་གསུངས་པ་

ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་ལྡན་པ་ཡིན་པས་སྤྲུལ་པའི་སྐུ་མཐོང་བའི་ཕྱིར་འགལ་བ་མེད་པ་ཁོ་ནའོ། །ལ་ལ་དག་གནས་གང་དུ་འཆད་པ་དེ་དག་གིས་བཤད་པའི་ལུང་བརྗོད་དགོས་ཏེ། ལུང་མེད་པ་ཁོ་ན་ཉིད་ཡིན་ཏེ། དེ་ཉིད་ཀྱིས་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །རིགས་པ་ནི་

Vol. 67 · folio 255a

ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་མི་འཐད་པ་ཉིད་དོ། །དེ་ནས་ཞེས་བྱ་བ་ནི་དང་པོའི་སྦྱོར་བའི་རྗེས་ཐོགས་ལའོ། །འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་རྩ་བའི་རྒྱུད་དུ་བཤད་པ་ལས་ཕྱག་ན་རྡོ་རྗེས་སྔར་བཤད་པའི་ཡོན་ཏན་གྱི་ཁྱད་པར་དང་བཅས་པའོ། །བཅོམ་ལྡན་འདས་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཕྱག་གི་མཐིལ་ན་གནས་པ་བཞིན་དུ་འཛིན་པའམ་ཕྱག་ན་རྡོ་རྗེ་ཉིད་འཛིན་པས་དེ་སྐད་ཅེས་བྱ་སྟེ་ངེས་སོ། །འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་གསུངས་ཤེ་ན། བཅོམ་ལྡན་འདས་ཀྱི་མཐུས་ཞེས་བྱ་བ་

གསུངས་ཏེ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སོ། །ཅི་ཞིག་གསུངས་ཤེ་ན། བརྟག་པའི་རྒྱལ་པོ་ཕྱི་མ་འདི། །ཞེས་བྱ་བ་སྨོས་ཏེ། བརྟག་པའི་རྒྱལ་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་བྱང་ཆུབ་ཀྱི་སེམས་དང་བཅས་པ་ཡིན་ལ་དེ་སྟོན་པ་ལ་ཡང་དེ་སྐད་ཅེས་བྱ་སྟེ། ཇི་སྐད་དུ། སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །བྱང་

ཆུབ་ཏུ་ནི་སེམས་བསྐྱེད་ནས། །ཕ་རོལ་ཕྱིན་དྲུག་སྤྱོད་པ་དག །བརྟན་པ་རྟོགས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བརྟག་པ་ཕྱི་མ་འདི་ཞེས་བྱ་བ་ནི་སྔར་བཤད་པ་འདི་ལྟ་བུ་འདིའོ། །གསུངས་སོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཐུས་བཀའ་སྩལ་ཏོ། །འདིས་ནི་ཕྱག་ན་རྡོ་རྗེ་བཤད་པས།

དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པའི་ཕྱིར་བཀའ་ཉིད་དུ་རྣམ་པར་གཞག་པ་གསུངས་སོ། །གདུལ་བྱ་རྣམས་ཀྱི་བསམ་པ་ལ་དགོངས་ནས་དེ་སྐད་ཅེས་བཤད་ཀྱིས་དོན་ལ་ཐ་དད་པ་ཡོད་པ་མ་ཡིན་ནོ། །དཔའ་བོ་གདན་ལ་བཞེངས་ནས་ཀྱང་། །དགྱེས་ཤིང་རྡོ་རྗེ་གསོར་ནས་ནི། །ཤཱཀྱའི་

བདག་པོ་དགྱེས་མཛད་པ། །ཐུབ་པའི་གཙོ་ལ་ཕྱག་བཙལ་ནས། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་དཔའ་བོ་གཙོ་བོ་ལ་གུས་པས་ཟླ་བ་དང་པདྨའི་གདན་རང་དང་འཚམ་པ་ལས་བཞེངས་ནས་བྱིན་གྱིས་བརླབས་པས་དགྱེས་ཤིང་བགེགས་ཞི་བ་དང་། བར་ཆོད་ཀྱིས་མི་ཚུགས་པར་བྱ་བའི་ཕྱིར་རྡོ་རྗེ་

བསོར་ནས་ཀྱང་། ཤཱཀྱའི་བདག་པོ་སེམས་ཅན་གྱི་དོན་ལ་དགྱེས་པར་མཛད་པ་ཐུབ་པའི་གཙོ་ལ་ཕྱག་འཚལ་ནས་ཞེས་བྱ་བའི་དོན་ཏོ། །འདིས་ནི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་བགེགས་ཞི་བར་བྱས་ནས་གནང་བ་ཐོབ་ནས་འཇུག་པ་བྱའོ་ཞེས་བྱ་བའི་དོན་ཏོ། །སྒྲིབ་པ་ཐམས་

Vol. 67 · folio 255b

ཅད་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་དེ་མཆོད་པའི་སྒྲིབ་པ་ལ་སོགས་པའོ། །རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་ལ། དེ་ལ་སྙོམས་

པར་ཞུགས་པ་ནི་མངོན་དུ་མཛད་པ་སྟེ། དེ་ལྟ་བུར་གྱུར་ནས་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པས་ཟླ་བའི་དབུས་སུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་ཞུགས་ནས་གཙོ་བོ་བསྐྱེད་དེ། ཕྱག་རྒྱ་བརྗོད་པ་དང་སྔགས་བརྗོད་པ་དང་བཅས་པ་བསྟན་པའོ། །ངན་སོང་

ཐམས་ཅད་རྣམ་པར་སྦྱོང་བའི་རང་གི་སྙིང་པོའི་འདི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བ་ལ། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ནི་འདིར་གཙུག་ཏོར་རོ། །རང་གི་སྙིང་པོ་ཞེས་བྱ་བ་ནི་དེ་ཁོ་ན་བསྐྱེད་པ་ལ་བྱའོ། །འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བ་ནི་སྒྲའི་རང་བཞིན་འོག་ནས་འབྱུང་བ་འདི་ཉིད་ཀྱི་

ཐུགས་ངེས་པ་ཅན་ཡེ་ཤེས་ལས་བཏོན་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྒོམ་པ་པོ་རྣམས་ཀྱིས་གཙོ་བོའི་ཐུགས་ཀར་ཟླ་བ་ལ་སྔགས་བཀོད་དེ་འཁོར་ཐམས་ཅད་བསྐྱེད་དོ། །སྟོན་པའི་སྔགས་ཉིད་བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་ནི་རྡོ་རྗེ་གཙུག་གིའོ། །ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་ནས་བརྩམས་

ནས། ཨོཾ་མ་ཏེ་སརྦྦ་ཏིརྱ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ་ཅེས་བྱ་བ་བཅོ་ལྔས་བཏེག་པའི་སྔགས་སྟོན་ཏོ། །དེ་ནས་དེ་དག་གི་ཡོ་བྱད་རྣམས་བཤད་དོ་ཞེས་བྱ་བ་ནི། དེ་དག་གི་ཞེས་པ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིའོ། །ཡོ་བྱད་རྣམས་ཞེས་པ་གསོལ་ཀ་བ་དང་བྲན་ལ་སོགས་པ་རྣམས་ཀྱིའོ། །བཤད་དོ་

ཞེས་བྱ་བ་བཟླས་པའི་སྔགས་རྣམས་གསུངས་སོ། །དེ་ཉིད་ཨོཾ་སརྦྦ་ཨ་པ་ཡ་ཞེས་བྱ་བ་ནས་ཧཱུཾ་ཕཊ་ཅེས་བྱ་བས་སྟོན་ཏོ། །དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་པ་ནི། རྒྱུད་གཞན་དང་འདི་ཉིད་ཀྱི་རྩ་བའི་རྒྱུད་དང་། ཕྱི་མའི་བདེ་བ་ཆེན་པོའི་བཤད་པ་ལས་ཤེས་པར་བྱ་སྟེ། ར་ཏྣོཏྟ་མ་ཏྲཾ་པདྨོཏྟ་མ་ཧྲཱིཿ།

བི་ཤོཏྟ་མ་ཨ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱང་། ན་མོ་བྷ་ག་ཝ་ཏེ་སརྦྦ་དུ་རྒ་ཏི་ཞེས་བྱ་བ་ལ་སོགས་པ་རྩ་བའི་རིག་པ་དང་བཅས་པའོ། །དེས་ནི་འདི་སྐད་དུ་སྟོན་ཏེ། དཀྱིལ་འཁོར་རྒྱལ་མཆོག་སྒོམ་པ་པོ་རྣམས་ཀྱིས་ནི་ཤཱཀྱ་ཐུབ་པའི་ཐུགས་ཀར་ཐུན་མོང་དང་ཁྱད་པར་གྱི་སྔགས་བཀོད་དེ། རྡོ་རྗེ་གཙུག་

Vol. 67 · folio 256a

ཏོར་ནས་བརྩམས་ནས་རྡོ་རྗེ་དྲིལ་བུའི་བར་དུ་བསྐྱེད་ཅེས་བྱ་བའི་དོན་ཏོ། །སྤྲུལ་པའི་དུས་སུ་མཐོང་བའི་སྐལ་བ་དང་ལྡན་པ་རྣམས་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྨོན་ལམ་དང་ཐུགས་རྗེའི་མཐུས་ཇི་ལྟར་འདོད་པ་ལྟར་སྣང་བ་ཡིན་ནོ། །དེ་ནས་བསྡུ་ཞིང་བྱིན་གྱིས་བརླབ་པ་སྔོན་དུ་

འགྲོ་བ་ནས་བརྩམས་ཏེ། ལས་ཀྱི་རྒྱལ་པོ་མཆོག་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཏིང་ངེ་འཛིན་རྣམ་པ་གསུམ་བསྟན་ཟིན་ཏོ། །ཐབས་དེ་ལ་འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པས་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་

གྱི་ལས་དང་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་སྔོན་དུ་བསྙེན་པའི་རྗེས་ཐོགས་ལའོ། །གཞན་ཡང་ས་བཟུང་བ་དང་ལྷག་པར་གནས་པ་དང་བཅས་པ་ཡང་དེ་ནས་ཞེས་བྱ་བས་སྟོན་ཏོ། །དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནི་ཐིག་གདབ་པ་དང་རྡུལ་ཚོན་བྲི་བའི་གཟུགས་

ཅན་གྱི་དཀྱིལ་འཁོར་བཤད་ཅེས་བྱ་བའི་དོན་ཏོ། །འཁོར་ལོ་འདྲ་བའི་དཀྱིལ་འཁོར་ལ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་གནས་གྲུ་བཞི་པ། སྒོ་བཞི་པ་རྟ་བབས་དང་བཅས་པ་ཁ་ཁྱེར་དང་ལྡན་པ་ལ་སོགས་པ་ཕྱིའི་དཀྱིལ་འཁོར་བྱས་ལ་ཞེས་བྱ་བའི་དོན་ཏོ། །འདིས་ནི། དཀྱིལ་འཁོར་ལ་ནི་འཁོར་

ལོ་བཤད། །ཅེས་བྱ་བ་ལེགས་པར་འགྱུར་རོ། །དེའི་ནང་དུ་ཇི་ལྟར་བྲི་ཞེ་ན། ཤིན་ཏུ་མཛེས་པའི་རྩིབས་བརྒྱད་ཅན། །ལྟེ་བར་བཅས་ཤིང་རྩིབས་རྟེན་ཅན། །ནང་གི་རིམ་པ་བྲིས་ནས་ནི། །ཞེས་བྱ་བ་གསུངས་ཏེ། རྩིབས་བརྒྱད་དང་ལྡན་པ་དང་ལྟེ་བ་དང་རྩིབས་རྟེན་དང་སུམ་རིམ་དུ་བྲིས་ནས་རྡོ་རྗེ་

ཕྲེང་བས་ཡོངས་སུ་བསྐོར་བ་བྲི་ཞེས་བྱ་བའི་དོན་ཏོ། །དེའི་ནང་དུ་ཅི་ཞིག་དགོད་ཅེ་ན། ལྟེ་བའི་ནང་དུ་ཤཱཀྱ་ཡི། །དཔང་པོ་ཐུབ་པ་བྲི་བར་བྱ། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ནི། །དཔའ་བོ་དེ་ཡི་སྤྱན་སྔར་བྲི། །རྒྱབ་ཏུ་འཁོར་ལོས་སྒྱུར་བ་བྲི། །གཡས་སུ་རྒྱལ་པོ་གཙུག་ཏོར་ལ། །གཡོན་པར་རྣམ་པར་

རྒྱལ་བ་བྲི། །གཟི་བརྗིད་ཕུང་པོ་མེ་ཡི་ཕྱོགས། །དབང་པོའི་ཕྱོགས་སུ་གདུགས་དཀར་པོ། །རྣམ་པར་འཐོར་བ་རླུང་གི་ཕྱོགས། །རྣམ་པར་འཇོམས་པ་ནྲི་ཏིར་བྲི། །ཞེས་བྱ་བ་གསུངས་ཏེ་ལྟེ་བའི་དབུས་པདྨའི་ལྟེ་བ་ལ་ཤཱཀྱ་ཐུབ་པ། པདྨ་རེ་རེ་བོར་བའི་གཞི་ལ་རྡོ་རྗེ་ལ་སོགས་པའི་ཤར་ཕྱོགས་སུ་རྡོ་རྗེ་

Vol. 67 · folio 256b

གཙུག་ཏོར། ལྷོ་ཕྱོགས་སུ་རྒྱལ་བའི་གཙུག་ཏོར། ནུབ་ཕྱོགས་སུ་པདྨའི་གཙུག་ཏོར། བྱང་ཕྱོགས་སུ་སྣ་ཚོགས་གཙུག་ཏོར། ཤར་ལྷོ་མཚམས་སུ་གཙུག་ཏོར་གཟི་བརྗིད། ལྷོ་ནུབ་མཚམས་སུ་གཙུག་ཏོར་རྒྱལ་མཚན། ནུབ་བྱང་དུ་གཙུག་ཏོར་རྣོན་པོ། བྱང་ཤར་མཚམས་སུ་གཙུག་ཏོར་

གདུགས་དཀར་བྲི་བར་བྱའོ། །འཁོར་ལོ་འདྲ་བའི་དཀྱིལ་འཁོར་ལ། །ཞེས་སྔར་བཤད་དེ། བཤད་པ་ཕྱི་རོལ་བྲི་བྱ་སྟེ། །གྲུ་བཞི་པ་ལ་སྒོ་བཞི་པ། །སེང་གེ་རྟ་བབས་བརྒྱན་པར་བྱ། །ཞེས་བྱ་བ་གསུངས་པ་སྟེ། ཕྱི་རོལ་གྱི་གནས་གྲུ་བཞི་དང་སྒོ་བཞི་དང་སེང་གེ་དང་གླང་པོ་ཆེ་དང་རྟ་བབས་དང་ཁ་ཁྱེར་

ལ་སོགས་པས་བརྒྱན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་གནས་རྣམས་སུ་དགོད་པ་ནི། དཔའ་བོ་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་སྙན་རྣམས་གཞག །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དུ། །བདུག་པ་ལ་སོགས་བྲི་བར་བྱ། །ཞེས་བྱ་བ་གསུངས་ཏེ་དཔའ་བོས་ཤར་ཕྱོགས་ཀྱི་སྒོར་ལྕགས་ཀྱུ།

ལྷོར་ཞགས་པ། ནུབ་ཏུ་ལྕགས་སྒྲོག །བྱང་དུ་དྲིལ་བུ་རྣམས་གཞག །ནང་གི་གྲྭའི་ཕྱོགས་མཚམས་སུ་ནི་ལཱ་སྱེ་དང་ཕྲེང་བ་དང་གླུ་མཁན་མ་དང་གར་མཁན་མ་དང་བཞི་གཞག་པར་བྱའོ། །ཕྱིའི་གྲྭ་བཞིར་བདུག་པ་མ་དང་མེ་ཏོག་མ་དང་མར་མེ་མ་དང་དྲི་ཆབ་མ་རྣམས་ཤར་ལྷོ་མཚམས་ནས་བརྩམས་

ཏེ་བྲི་བར་བྱའོ། །ཁྱམས་ལ། བྱམས་པ་ལ་སོགས་བྲི་བར་བྱ། །ཞེས་བྱ་བའི་དོན་ཏོ། །དེ་ལྟར་དཀྱིལ་འཁོར་ལེགས་པར་བཀོད་ནས་ཆད་པ་དང་ལྷག་པ་ཞི་བར་བྱ་སྟེ་དཀྱིལ་འཁོར་དུ་ཞུགས་ལ་མེ་ཏོག་གི་ཕྲེང་བ་དོར་ཏེ་སྒོ་བཞི་ཕྱེ་ལ། ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོ་ལ་སོགས་པས་བྱུགས་ནས་རྒྱན་སྣ་ཚོགས་

པས་བརྒྱན་ཏེ། ལྕེ་དང་ལག་པ་བྱིན་གྱིས་བརླབས་ནས་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་དང་སྒོ་དབྱེ་བ་རྣམས་སོ། །དེ་ནས་དྲི་ཞིམ་ལ་སོགས་པ། །རང་གི་ལུས་ལ་བསྐུས་ནས་ཀྱང་། །རྡོ་རྗེ་འཛིན་མས་ཞུགས་ནས་ནི། །ཞེས་བྱ་བ་ཀྱང་དུ་བསྐུར་བས་ཕལ་ཆེར་སྟོན་

ཏོ། །དེ་ནས་གཙོ་བོ་བདག་སྦྱོར་བས། །ཨོཾ་ཛཿཧཱུཾ་བཾ་ཧོཿབྷ་ག་ཝཱན་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སྟྭཾ་ཞེས་བྱ་བ་ལས་ལྷ་ཐམས་ཅད་སྤྱན་དྲང་ངོ་ཞེས་བྱ་བ་ནི་བསྡུའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་གཤེགས་པར་མོས་པ་བསྐྱེད་དེ་ཞེས་བྱ་བ་ནི་ལྕགས་ཀྱུ་ལ་སོགས་པས་ལས་བྱ་ཞིང་བགེགས་བསལ་བ་དང་།

Vol. 67 · folio 257a

སྒོ་བཅད་པ་དང་། ར་བ་དང་། དྲ་བ་དང་། སྲུང་བ་དང་། དེ་བརྟན་པར་བྱ་བ་དང་། ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། དབང་བསྐུར་བར་མོས་པ་བསྐྱེད་དེ་མཆོད་པ་བྱས་ནས་ཞེས་བྱ་བ་ནི། བཟླས་བརྗོད་ཀྱི་རྗེས་ཐོགས་ལ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པ་དང་། གཏོར་

མ་དང་། སྦྱིན་སྲེག་དང་གནང་བ་ནོད་པར་བྱས་ལ། དེ་ནས་སློབ་མ་གཞུག་པའི་བྱ་བ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བཅུག་སྟེ་དབང་བསྐུར་ན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ཅིང་དབང་ཉི་ཤུ་རྩ་གཅིག་གིས་བསྐུར་ན་ཞེས་བྱ་བའི་དོན་ཏོ། །དེའི་ཕན་ཡོན་ངན་སོང་ཐམས་

ཅད་ལས་རྣམ་པར་གྲོལ་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དང་གོང་ནས་གོང་དུ་ས་རྣམས་སུ་སྐྱེ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །སངས་རྒྱས་སུ་ཡང་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །སྔ་མ་བཞིན་དུ་ལས་ཐམས་ཅད་བྱེད་ཅིང་ཐམས་ཅད་ལ་ཐོགས་པ་མེད་

པར་འགྱུར་རོ། །བྱ་བ་བྱས་པས་རིམས་ནད་ཐམས་ཅད་དང་གདོན་གདུག་པ་ཅན་ལ་སོགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཕྱག་ན་རྡོ་རྗེའི་ཧཱུཾ་ཞེས་བྱ་བས་ལས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི། དབང་བསྐུར་བ་ཙམ་གྱིས་ངན་སོང་ཐམས་ཅད་ལས་ཐར་ཞིང་བདེ་འགྲོར་སྐྱེ་བ་དང་།

དབང་བསྐུར་ནས་བསྒྲུབས་པས་མོས་པ་སྤྱོད་པ་ལ་སོགས་པ་ས་བཅུ་གཉིས་སུ་གོང་ནས་གོང་དུ་འགྲོ་བ་དང་། འཇིག་རྟེན་པའི་དངོས་གྲུབ་དང་སངས་རྒྱས་སུ་འགྱུར་བ་དང་སྔར་བཤད་པ་བཞིན་དུ་ཞི་བ་ལ་སོགས་པའི་ལས་བྱེད་པ་དང་། ལས་ཕྲ་མོ་ཐམས་ཅད་ལ་སྦྱར་བ་ཙམ་གྱིས་འགྲུབ་པ་དང་། བྱེ་མ་དང་

ཡུངས་ཀར་ལ་སོགས་པས་བྱབས་པས་རིམས་དང་གདོན་དང་གདུག་པ་ཐམས་ཅད་ལས་ཐར་བར་འགྱུར་བ་དང་། དབང་བསྐུར་བ་དེ་ལ་ཕྱག་ན་རྡོ་རྗེ་དེའི་དྲུང་དུ་གནས་པས་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བརྟག་པ་གཞན་གྱི་ཆོ་གས་ཀྱང་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་

བྱ་བ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་བརྟག་པ་གཞན་གྱི་ཆོ་ག་ལས་ཀྱང་ཞེས་བྱ་བ་ནི་སྔར་ཀྲྀ་ཡར་བཤད་པའི་ལྷ་ལྔས་བསྐྱེད་པ་དང་། སྙིང་པོ་ཚིག་ཙམ་གྱིས་བསྐྱེད་པ་དང་རྣལ་འབྱོར་གྱི་རྒྱུད་དུ་བཤད་པའི་མངོན་པར་བྱང་ཆུབ་པ་དང་། སྙིང་པོ་ཚིག་ཙམ་གྱིས་བསྐྱེད་པ་ལ་སོགས་པའི་ཆོ་གས་ཀྱང་

Vol. 67 · folio 257b

ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་འདིའི་དབང་བསྐུར་བ་དང་དམ་ཚིག་ལ་མཆོག་ཏུ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །ཐབས་སླ་བས་སྔ་མ་བཞིན་དུ་གྲོལ་བས་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་ངན་སོང་གི་རྒྱུད་ཀྱི་དབང་དུ་གྱུར་པ་

རྣམས་ཤི་བའི་རོའམ་གཟུགས་བརྙན་ནམ། མིང་ལ་སོགས་ཏེ་བཟླས་པ་དང་སྦྱིན་སྲེག་དང་དབང་རྣམས་ཀྱིས་སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཐབས་སླ་བ་བརྒྱད་ཚན་གཉིས་པོ་རྣམས་ཀྱིས་ཡིན་ཏེ། བཟླས་པ་དང་པོ་ཞེས་བྱ་བ་ནི་བཟླས་བརྗོད་བྱ་བ་ཉིད་དང་། ཆུ་ཀླུང་དུ་དོར་བ་དང་ཚ་ཚ་དང་གསུམ་བསྟན་ཏོ། །སྦྱིན་

སྲེག་ཅེས་བྱ་བ་སྦྱིན་སྲེག་ཉིད་དང་སྦྱིན་སྲེག་ཆེན་པོ་དང་གཉིས་སོ། །དབང་ཞེས་བྱ་བ་དབང་བསྐུར་བ་ཉིད་དང་། མཆོད་རྟེན་གྱི་དབུས་སུ་གཞག་པ་དང་དུར་དུ་བསྐྱལ་བ་དང་གསུམ་བསྟན་ཏོ། །ངན་སོང་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་དོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་ཕན་ཡོན་ནོ། །དེ་ནས་དེ་

རྣམས་སུ་ཞེས་བྱ་བ་ལ་སོགས་པས་རྒྱུད་གསུམ་ལས་གསུངས་པའི་ལྷ་རྣམས་རྒྱས་གདབ་བོ། །དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏེ་

ཞེས་བྱ་བ་ནི་འཇིགས་པ་མེད་པའི་ཚུལ་གྱིས་བལྟས་ཏེ་བྱིན་གྱིས་བརླབ་པའི་ཕྱིར་ཕྱག་འཚལ་ནས་འོག་ནས་འབྱུང་བའི་དོན་ཞུས་པའོ། །བྱིན་གྱིས་བརླབ་ཕྱིར་གསོལ་བ་བཏབ་སྟེ་ཞུས་པའི་དོན་ཏོ། །བཅོམ་ལྡན་ཕྱག་རྒྱ་དམ་པ་ཡི། །མཚན་ཉིད་བདག་གིས་བཤད་པར་བྱ། །ཐུགས་རྗེས་བསྒྲལ་བའི་

ཐུགས་མངའ་བའི། །རྒྱལ་བ་ཀུན་གྱིས་བྱིན་བརླབས་པ། །ཞེས་བྱ་བ་ཡིན་ཏེ་བཅོམ་ལྡན་འདས་སྐུ་གསུང་ཐུགས་དམ་པའི་ཕྱག་རྒྱས་བཅིངས་པའི་མཚན་ཉིད་བཤད་པར་བགྱི་བ་ལ། དམིགས་སུ་མེད་པ་ཐུགས་རྗེ་ཆེན་པོས་བསྐུལ་བའི་ཐུགས་དང་ལྡན་པ་ལ་རྒྱལ་བ་ཀུན་གྱི་ངོ་བོ་གནས་པ་ཁྱོད་

ཀྱིས་བྱིན་གྱིས་རློབས་ཤིག་ཅེས་བྱ་བའི་དོན་ཏོ། །གསོལ་བ་བཏབ་ནས་བཤད་པ་དངོས། །མཉམ་པར་གཞག་པས་དཔྲལ་བར་ནི། །ཕྱག་འཚལ་བ་ཡི་ཐལ་མོ་སྦྱར། །སངས་རྒྱས་བདེ་གཤེགས་སྐྱེས་རྣམས་ཀྱིས། །ཕྱག་འཚལ་བ་ཡི་ཕྱག་རྒྱར་བཤད། །ཅེས་བྱ་བ་ནི་ལྷའི་རྣལ་འབྱོར་དང་

Vol. 67 · folio 258a

ལྡན་པས་དཔྲལ་བར་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བའི་ཚུལ་དུ་བྱས་ན། དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི་ཕྱག་འཚལ་བའི་ཕྱག་རྒྱར་བཤད་ཅེས་བྱ་བར་བསྟན་ཏོ། །རྣལ་འབྱོར་རིགས་པས་མགྲིན་ཕྱོགས་སུ། །ཐལ་མོ་སྙིང་གར་སྦྱར་བ་ནི། །རྟག་ཏུ་

པདྨའི་རིགས་ཉིད་དུ། །པདྨའི་ཕྱག་རྒྱ་ཡིན་པར་བཤད། །ཅེས་བྱ་བ་ནི་ལྷའི་རྣལ་འབྱོར་དང་ལྡན་པས་མགྲིན་པའི་ཕྱོགས་སྙིང་གར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ན་པདྨའི་རིགས་ཀྱི་ཕྱག་རྒྱར་འགྱུར་རོ། །རྡོ་རྗེ་ཐལ་མོ་སྦྱར་ནས་ཀྱང་། །སྙིང་གར་གུང་མོ་ཐལ་སྦྱར་བ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་

འདི། །དམ་ཚིག་ཐམས་ཅད་འཛིན་བྱེད་པའོ། །ཞེས་བྱ་བ་ནི་ཐལ་མོ་སྦྱར་ནས་སྙིང་གར་གུང་མོའི་རྩེ་མོ་སྦྱར་བ་དང་ཕྱག་འཚལ་བ་ན་རྡོ་རྗེ་རིགས་ཀྱི་དམ་ཚིག་ཐམས་ཅད་འཛིན་པར་འགྱུར་རོ། །འདི་རྣམས་ཀྱི་རིགས་སུ་ངེས་པར་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ནཾ་ཀ་རོ་མི་ཞེས་བྱ་བས་ཕྱག་འཚལ་

བར་བྱའོ། །གཞན་ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་གཡོན་པས་ཐལ་མོར་བྱས་ལ་གན་རྐྱལ་དུ་གཞག་པ་དེའི་སྟེང་དུ་གཡས་པ་བཞག་སྟེ་མཐེ་བོང་གཉིས་སྤྲད་ལ་ཞི་བའི་ལྟ་བས་བལྟ་བ་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྟེ། ཀུན་རིག་དང་ངན་སོང་སྦྱོང་བའི་ཏིང་ངེ་འཛིན་གྱི་ཕྱག་

རྒྱ་སྟེ་དམ་ཚིག་ཡིན་པར་བཤད་དོ་ཞེས་བྱ་བའི་ཕྱག་རྒྱ་ཉིད་དམ་ཚིག་སྟེ་མི་འདའ་བར་བྱེད་པས་སོ། །ཇི་སྐད་དུ། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བར་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ལས་བཟློག་སྟེ།

ལྟ་འོག་བསྣོལ་ལ་མཐེ་བོང་དང་མཐེའུ་ཆུང་གཉིས་གཅིག་ལ་གཅིག་ལུ་གུ་རྒྱུད་ཀྱི་ཚུལ་དུ་བསྣོལ་ལ་སྙིང་གར་གཞག་པ་འདི་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་ལ་རྡོ་རྗེ་འཛིན་མ་དཔལ་གྱི་པདྨ་ལྟ་བུར་བྱ་བ་སྟེ་དམ་ཚིག་ཐོབ་པར་བྱེད་པའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པའི་རིགས་

ཀྱི་ཡང་འཇུག་པའི་ཕྱག་རྒྱ་ཡིན་ནོ། །ཐལ་མོ་རྫོགས་པར་སྦྱར་བ་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་བསྙམས་ལ་ལྷག་མ་བརྐྱང་བ་འདི་ནི་པདྨའི་རིགས་ཀྱི་པདྨའི་ཕྱག་རྒྱའོ་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེ་འདྲ་བར་བསྙམས་ལ་མཐེ་བོང་མཐེ་ཆུང་གཉིས་

Vol. 67 · folio 258b

བརྐྱང་བ་འདི་ནི། ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ་ཞེས་བྱ་བ་རྡོ་རྗེ་གཙུག་ཏོར་དང་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་དེ་བཞིན་དུ་བྱས་ལ། མཛུབ་མོ་གཉིས་དང་སྲིན་ལག་པདྨོ་འདྲ་བར་བཀུག་པ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཕྱག་རྒྱའོ་ཞེས་

བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་རིན་པོ་ཆེར་བྱས་པ་ནི་དབང་བསྐུར་བའི་ཕྱག་རྒྱའོ་ཞེས་བྱ་བ་ནི་རིན་ཆེན་ཏོག་དང་། དབང་བསྐུར་བ་སྟེ་རྡོ་རྗེ་གདམས་པ་ལས་བྱུང་བའོ། །མཐེའུ་ཆུང་དང་མཐེ་བོང་སོ་སོར་བསྙམས་ལ་ལྷག་མ་རྣམས་བརྐྱང་བ་འདི་ནི་སྡིག་

པ་ཐམས་ཅད་སྲེག་པའི་ཕྱག་རྒྱའོ་ཞེས་བྱ་བ་ནི་ངན་འགྲོ་ལ་སོགས་པའི་དཀྱིལ་འཁོར་དུ་ཞུགས་པའི་སྔོན་དུའོ། །ལག་པ་གཡོན་པ་དེ་བཞིན་དུ་བསྐོར་ཞིང་ཞེས་བྱ་བ་འདི་ནི་ལས་ཐམས་ཅད་པའི་ཕྱག་རྒྱའོ་ཞེས་བྱ་བ་ནི་ངན་འགྲོ་སྦྱང་བ་ལ་སོགས་པ་ཀུན་གྱི་སྟེ་སྔ་མ་བཞིན་དུ་ཤེས་པར་བྱའོ། །སྙིམ་

པ་བཟེད་པ་གྱེན་དུ་འཐོར་བར་བྱེད་པ་འདི་ནི་བདུག་པའི་ཕྱག་རྒྱའོ་ཞེས་བྱ་བ་ལ་སོགས་པ་ལ་སྙིམ་པ་འོག་ནས་གྱེན་དུ་འཐོར་བ་དང་། བསྙམས་ཏེ་འཛིན་པ་དང་། དུང་དང་འདྲ་བར་བྱ་བ་དང་བཞི་ནི་བདུག་པ་མ་ལ་སོགས་པའི་འོ། །དེ་ཉིད་ལས་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་ཕྱག་རྒྱའོ་ཞེས་བྱ་

བ་ནི་ཕྱི་རོལ་དུ་གཏོར་མ་སྦྱིན་པའི་ཚེ་རྡོ་རྗེ་ཐལ་མོ་བརྐྱང་བ་སྦྱིན་ནོ། །དེ་ཉིད་ལས་གུང་མོ་ནང་དུ་བཀུག་པ་ནི་ཨརྒྷའི་འོ་ཞེས་བྱ་བ་ནི་མཆོད་ཡོན་གྱིའོ། །ད་ནི་དམ་ཚིག་གི་ཕྱག་རྒྱ་སྟོན་ཏེ་རྡོ་རྗེ་བཅིངས་པ་ལས་གུང་མོ་གཉིས་བསྙམས་ཏེ་ཚིགས་དང་པོ་བཅག་ལ་སོར་མོ་ཐམས་ཅད་བརྐྱང་བ་འདི་ནི་

རྣམ་པར་འཐོར་བའི་ཕྱག་རྒྱའོ་ཞེས་བྱ་བ་གཙུག་ཏོར་རྣོན་པོའི་འོ། །དེ་ཉིད་ལས་མཐེ་བོང་དང་མཐེ་ཆུང་གཉིས་བཀུག་པ་ནི་རྣམ་པར་འཇོམས་པའི་ཕྱག་རྒྱའོ་ཞེས་བྱ་བ་ནི་གཙུག་ཏོར་རྒྱལ་མཚན་གྱིའོ། །དེ་ཉིད་ལས་འོད་ཟེར་འབར་བ་འདྲ་བ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱའོ་ཞེས་བྱ་བ་གཙུག་ཏོར་

གཟི་བརྗིད་ཀྱིའོ། །དེ་ཉིད་ལས་སྤྱི་བོར་བསྐོར་བ་གདུགས་དཀར་རྒྱ་ཞེས་བྱ་བ་ནི་གཙུག་ཏོར་གདུགས་དཀར་པོའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་ལས་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་གཉིས་བསྣོལ་ལ་མདུད་པ་གྱེན་དུ་བསྣོལ་བ་འདི་ནི་འཁོར་ལོའི་ཕྱག་རྒྱའི་ཞེས་བྱ་བ་དཀྱིལ་འཁོར་སྤྲུལ་པའི་

Vol. 67 · folio 259a

ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྡོ་རྗེར་བྱས་པ་ནི་མཛུབ་མོ་གཉིས་རིན་པོ་ཆེ་ལྟར་བྱས་ལ་ལྷག་མ་རྣམས་འོད་ཟེར་འབར་བར་བྱས་པ་ནི་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱའོ། །རིན་ཆེན་ཞེས་བྱ་བ་རིན་ཆེན་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་བཞིན་

དུ་མཛུབ་མོ་གཉིས་རྡོ་རྗེར་བྱས་ལ་སོར་མོ་ལྷག་མ་རྣམས་བསྡམས་ནས་རྡོ་རྗེ་འདྲ་བར་བྱས་པ་ནི་རྣམ་པར་རྒྱལ་བའི་ཕྱག་རྒྱའོ་ཞེས་བྱ་བ་ནི་སྣ་ཚོགས་གཙུག་ཏོར་གྱི་ཕྱག་རྒྱའོ། །གཡས་པ་མཆོག་སྦྱིན་དུ་བྱས་ལ་གཡོན་པ་མི་འཇིགས་པས་སྦྱིན་པ་འདི་ནི་དེ་བཞིན་གཤེགས་པའི་ཡིན་ནོ་ཞེས་བྱ་བ་

བཅོམ་ལྡན་འདས་ཚེ་དཔག་མེད་ཀྱིའོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་སྟེ་རྡོ་རྗེ་འདྲ་བར་བྱས་པ་འདི་ནི་རྡོ་རྗེའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་པ་འདི་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །དེ་ཉིད་ལས་མེ་ཏོག་འདྲ་བར་བྱས་ལ་འདི་ནི་མདའི་ཕྱག་རྒྱའོ། །དེ་ཉིད་ལས་

སླར་བཀུག་སྟེ་མཐེ་བོང་གཉིས་རྩེ་སྤྲད་པ་ནི་བློ་གྲོས་ལེགས་པའོ། །དེ་ཉིད་ལས་ཚིགས་བར་མ་བཅག་པ་ནི་རིན་པོ་ཆེའི་འོ། །དེ་ཉིད་ལས་སོར་མོ་རྣམས་འོད་ཟེར་འདྲ་བར་སྐྱེད་པ་ནི་གཟི་བརྗིད་ཀྱིའོ། །དེ་ཉིད་ལས་སྤྱི་བོར་གཞག་པ་ནི་ཏོག་གིའོ། །དེ་ལས་མདུན་དུ་གཞག་པ་ནི་བཞད་པའི་འོ། །དེ་ཉིད་

ལས་པདྨོ་འདྲ་བར་བྱས་པ་ནི་པདྨའི་འོ། །དེ་ཉིད་ལས་རྩེ་མོ་གཉིས་བཀུག་པ་ནི་རལ་གྲིའི་འོ། །དེ་ཉིད་ལས་གདུ་བུ་འདྲ་བར་བྱས་པ་ནི་འཁོར་ལོའི་འོ། །དེ་ཉིད་ལས་ཡིད་ཙམ་པདྨ་འདྲ་བར་བྱས་པ་ནི་ལྕེའི་འོ། །དེ་ཉིད་ལས་རྩེ་མོ་ཡིད་ཙམ་སྐྱེད་པ་ནི་རྒྱ་གྲམ་གྱིའོ། །དེ་ཉིད་ལས་ཤིན་ཏུ་བསྐྱེད་པ་ནི་

སྲུང་བའི་འོ། །དེ་ཉིད་ལས་རྩེ་མོ་གཉིས་སླར་བཀུག་པ་ནི་གནོད་སྦྱིན་གྱིའོ། །དམ་དུ་བཀུག་པ་ནི་བསྡམས་པའོ་ཞེས་བྱ་བ་རྣམས་ནི་རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱའོ། །བསྡམས་པ་ཉིད་མདུན་དུ་གཞག་པ་ནི་བདུག་པའི་འོ། །དེ་ཉིད་ལ་གྱེན་

དུ་སྟོད་པ་ནི་ཕྲེང་བའི་འོ། །མདུན་དུ་མཐེ་བོང་བསྙམས་ཏེ་བསྐོར་བ་ནི་མར་མེའི་འོ། །དེ་ཉིད་བྱུག་པ་ལྟར་བྱས་པ་ནི་དྲིའོ་ཞེས་བྱ་བ་བདུག་པ་ལ་སོགས་པ་བཞིའི་དམ་ཚིག་གི་ཕྱག་རྒྱའོ། །སྔར་བཤད་པ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་བཀུག་པ་ནི་ལྕགས་ཀྱུའི་འོ། །དེ་ཉིད་

Vol. 67 · folio 259b

ལས་རྩེ་མོ་གཉིས་སྤྲད་པ་ནི་ཞགས་པའི་འོ། །དེ་ཉིད་ལས་གཅིག་ལ་གཅིག་འཁྱུད་པ་ནི་ལྕགས་སྒྲོག་གིའོ། །དེ་ཉིད་ལས་བསྐྱོད་པ་ནི་མཉེས་པའི་འོ་ཞེས་བྱ་བ་ནི་སྒོ་བཞིའི་དམ་ཚིག་གི་ཕྱག་རྒྱ་སྟེ་ལས་ཀྱི་ཕྱག་རྒྱ་ནི་སྔར་རྩ་བའི་རྒྱུད་དུ་ཤེས་པར་བྱའོ། །སྐུ་གཟུགས་ཀྱི་ཆོ་ག་ཡང་འདི་ནི་དེ་བཞིན་

བྱས་ཏེ་ཞེས་བྱ་བས་རས་རིས་ཀྱི་སྒྲུབ་པ་སྟོན་ཏོ། །སྐུ་གཟུགས་ཀྱི་ཆོ་ག་ཡང་ཞེས་བྱ་བ་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཞེས་བྱ་བ་ནི་རྒྱུད་ཕྱི་མའི་དཀྱིལ་འཁོར་དང་པདྨའི་རིགས་འདིར་ནི་ཞེས་བྱ་བའོ། །དེ་བཞིན་བྱས་ཏེ་ཞེས་བྱ་བ་ནི་པདྨའི་རྫིང་བུ་ལ་སོགས་པ་རྣམས་སོ། །ཅུང་ཟད་དུ་ན་

བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་བྲིའོ་ཞེས་བྱ་བ་ནི། འཇིག་རྟེན་གསུམ་རྒྱལ་ཉིད་ཅུང་ཟད་ན་ནི་དོན་ཡིན་ནོ། །ཡང་ན་སྐུ་གཟུགས་ཉིད་དཀྱིལ་འཁོར་གྱི་ཚུལ་དུ་བྲིས་ལ་ཞེས་བྱ་བ་ནི་གཙུག་ཏོར་དགུའི་དཀྱིལ་འཁོར་གྱི་ཚུལ་དུ་བྲི་བའོ། །མེ་ཏོག་ལ་སོགས་

པས་མཆོད་དེ། དེའི་སྤྱན་སྔར་འབུམ་ཙམ་ཅིག་སྔར་བསྙེན་པ་བྱས་ནས་ལས་ཐམས་ཅད་བྱའོ་ཞེས་བྱ་བ་ནི་སྤྱན་དབྱེ་བ་སྔོན་དུ་འགྲོ་བས་དབེན་པའི་གནས་སུ་སྤྱན་དྲང་ཞིང་ཕྱག་རྒྱ་བཞིས་རྒྱས་གདབ་པ་པ་དང་། དབང་བསྐུར་བ་དང་། མཆོད་པ་བྱས་ལ་བསྙེན་པ་འབུམ་བྱས་ཏེ་མཚན་ཐོག་ཐག་

བཟླས་ནས་སྔར་བཤད་པའི་དངོས་གྲུབ་ཀྱི་ལས་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནོར་བུ་དྲི་མ་མེད་པའི་ལས་ཀྱི་རྣམ་པར་སྨིན་པ་ཅི་ལས་གྱུར་པ་སྟོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་ལས་ཀྱི་རྣམ་པར་སྨིན་པ་ཅི་ཡིས་ནོར་བུ་དྲི་མ་མེད་པའི་འོད་དེ་དམྱལ་བ་ལ་

སོགས་པ་དེར་ལྷུང་ཞེས་དྲིས་པ་དང་། སངས་རྒྱས་ཀྱི་མཐུས་ཕྱག་ན་རྡོ་རྗེས་བཀའ་སྩལ་པ་དང་བཤད་པ་ནི་འདི་ཡིན་ཏེ། འདི་ནི་སྔོན་གྱི་ལས་ཀྱི་སྒྲིབ་པ་འདི་ཡིན་ཏེ་འཛམ་བུའི་གླིང་གི་རིགས་འདི་ཉིད་ན་མཐའ་ཁོབ་པ་རིགས་ངན་དུ་གཏོགས་པའི་རྒྱལ་པོ་ལུས་མི་བདེ་བ་ཞེས་བྱ་བ་ཞིག་ཏུ་

གྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སྔོན་གྱི་ཞེས་བྱ་བ་རྫོགས་ལྡན་གྱི་དུས་ནའོ། །འཛམ་བུའི་གླིང་གི་རིགས་འདི་ཉིད་ན་ཞེས་བྱ་བ་ནི་རི་རབ་ཀྱི་ལྷོ་ཕྱོགས་གླིང་བཞི་པའི་རིགས་འདི་ཉིད་ནའོ། །རྒྱལ་པོ་ལུས་མི་བདེ་བ་ཞེས་བྱ་བ་ནི་བཙུན་མོ་དམ་པ་མཛེས་ལྡན་མའི་ཁོང་དུ་གནས་ཙམ་ཉིད་ན་

Vol. 67 · folio 260a

ལུས་མི་བདེ་བ་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དེ་འདིས་ཀྱང་ནོར་བུ་དྲི་མ་མེད་པ་དེ་ཉིད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་དང་ཞུས་པ་བསྟན་པའི་ཕྱིར། འཛམ་བུའི་གླིང་དུ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་དོན་དུ་ཞུ་བ་མ་འབྲེལ་པའི་ཕྱིར་རོ། །

ད་ནི་ཚེ་ཚད་མེད་པའི་དཀྱིལ་འཁོར་གསུངས་པའི་པདྨའི་རིགས་བཤད་པའི་རྗེས་ཐོགས་ལ། བཤད་པ་དེ་ནས་ཞེས་བྱ་བ་ལ་སོགས་པས་ཚེ་ཚད་མེད་པའི་དཀྱིལ་འཁོར་སྟོན་ཏོ། །གཞན་ཡང་དེ་ནས་ཞེས་བྱ་བ་ནི་སྦྱོར་བ་དང་པོའི་རྗེས་ཐོགས་ལའོ། །འདིར་དང་པོའི་ཏིང་ངེ་འཛིན་ནི་གཙུག་ཏོར་

དུ་བཤད་པ་ཉིད་དང་འདྲ་བར་ཤེས་པར་བྱའོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་ཀྱིས་བོས་ནས་བསྟོད་དེ་གསོལ་བ་བཏབ་བོ་ཞེས་བྱ་བར་སྦྱར་རོ། །ཚུལ་ཇི་ལྟ་བུ་དང་ལྡན་པས་ཤེ་ན། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་ཡིད་རབ་ཏུ་མགུ་ཞིང་རངས་ཏེ་བ་སྤུའི་བུ་

ག་ནས་སྤུ་རྣམས་ལངས་ཤིང་རྒྱལ་བ་རྒྱལ་བ་ཞེས་སྐད་ཆེན་པོས་བོས་ནས་སོ། །ལྷའི་བུ་རྣམས་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་སྤྲུལ་པའི་སྐུ་མཐོང་བའི་སྐལ་བ་དང་ལྡན་པའི་བརྒྱ་བྱིན་ལ་སོགས་པ་ཉིད་སྟོན་ཏོ། །སྔར་ནི་རྩ་བའི་རྒྱུད་དུ་ལས་ཀྱི་རྣམ་པར་སྨིན་པ་བཤད་པས་

རྒྱལ་བར་འགྱུར་ནས། དེ་སངས་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་བཅུག་ཅིང་། དབང་བསྐུར་བ་རྣམས་ཡིན་ཏེ། གཞན་ཡང་དེ་རྣམས་ཚེ་བསྲིང་བའི་ཕྱིར་དཀྱིལ་འཁོར་དང་སྒྲུབ་པ་བསྟན་པའི་ཕྱིར་རོ། །སྤྲུལ་པ་ནི་ལྷའི་དབང་པོ་ཞེས་བྱ་བ་གང་ཡིན་པ་སྟེ་དེ་ལྟ་ན་ནི་ཁྱོད་དེའི་ཕར་གྱུར་ཏོ་ཞེས་བྱ་བ་འགལ་

ལོ་ཞེ་ན་མ་ཡིན་ཏེ་ནོར་བུ་དྲི་མ་མེད་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ཡང་དེ་ལྟ་བུར་སྣང་བའི་ཕྱིར་རོ། །དེ་ལྟར་ན་ཐམས་ཅད་སྤྲུལ་པ་དང་དངོས་སུ་འགྱུར་རོ་ཞེ་ན། འདི་ནི་འཐད་པ་ཉིད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ལྷ་དང་ལྷ་དབང་ལྷ་ཡི་བླ། །ལྷ་མིན་དབང་པོ་ལྷ་ཡི་

བདག །ཅེས་པ་དང་། ཨུ་མའི་ཁྱིབ་ཐབ་སྐྱེ་དགུའི་བདག །གཏོགས་འདོད་རྒྱལ་འདོད་ཐུབ་པ་ཆེ། །འཇིག་རྟེན་གསུམ་དང་མཁའ་དང་ས། །ཞེས་བྱ་བ་ལ་སོགས་པ་དང་། ང་ནི་དམྱལ་བའི་དམྱལ་བ་པ། །ཞེས་གསུངས་པའི་ཕྱིར་རོ། །ལྷའི་བུ་རྣམས་ཁ་བུབ་ཏུ་འགྱེལ་བ་དང་བ་སྤུ་ལངས་པ་དང་

Vol. 67 · folio 260b

ཚེ་སྒྲུབ་པ་དེ་བཞིན་གཤེགས་པའི་སྤྲུལ་པ་ལས་གཞན་པ་ཉིད་དོ། །རབ་ཏུ་མགུ་ཞིང་རངས་ཏེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་ཁྱད་པར་མཐོང་བའི་ཕྱིར་རོ། །བ་སྤུ་ལངས་ཤིང་ཞེས་བྱ་བ་ནི་དང་པོའི་དད་པ་བསྐྱེད་པས་སོ། །རྒྱལ་བ་རྒྱལ་བ་ཞེས་སྐད་ཆེན་པོར་བོས་ནས་ཞེས་བྱ་བ་ནི་ལས་ཀྱི་

རྣམ་པར་སྨིན་པ་གསུངས་པས་སྐྲག་ནས་ཡང་དང་ཡང་དུ་སྐད་ཆེན་པོར་བོས་པའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མིང་བཅུ་པ་འདིས་ཞེས་བྱ་བ་ནི་མཚན་དོན་དང་ལྡན་པས་སོ། །མངོན་པར་བསྟོད་དེ་ཞེས་བྱ་བ་ནི་མིང་དོན་དང་ལྡན་པས་བརྗོད་པས་བསྟོད་པས་སོ། །གསོལ་བ་བཏབ་བོ་ཞེས་བྱ་བ་ནི་

ཚེ་རིང་བ་དང་ནད་མེད་པའི་དོན་དུ་གསོལ་བ་བཏབ་བོ་ཞེས་བྱའོ། །བསྟོད་པ་དང་གསོལ་བ་བཏབ་པའི་རང་གི་ངོ་བོ་ཀྵོ་ཏ་ཀྵ། ཁྱོད་ནི་གླང་པོའི་རྣ་བ་ཅན། །ཞེས་བྱའོ། །ཀྵད་ཏྲག་ཀྵ། བཅོམ་ལྡན་འདས་མགོན་རྡོ་རྗེ་འཛིན། །ཞེས་བྱའོ། །ཀོ་ཏ་བ་གོ་ཏ་བ། ཁྱོད་ནི་བཟང་པོའི་རྒྱན་ཞེས་བྱའོ། །

ཀོ་ཏ་པ་ཤ་ཁྱོད་ནི་རྣམ་པར་གནོན་པའི་ཞེས་བྱའོ། །ཀ་ཧི་རཀྵ། ཡོན་ཏན་རིན་ཆེན་འབྱུང་གནས་ཁྱོད། །ཅེས་བྱའོ། །ཀོ་ལ་ཀྵ། ཁྱོད་ནི་བདེན་པའི་སྤྲིན་ཆེན་ཏེ། །ཞེས་བྱའོ། །ཀོ་ལ་པ་ཀོ་ལ་པ། ཁྱོད་ནི་གཟུགས་སྡུག་ཡིད་ཀྱི་རྒྱན། །ཀོ་ལ་པ་ཤ །ཁྱོད་ནི་མེ་ལྕེ་འབར་བ་ཅན། །ཞེས་བྱའོ། །

ཀ་ལི་སྟ། ཁྱོད་ནི་ཡིད་བཞིན་ནོར་བུ་སྟེ། །ཞེས་བྱའོ། །ཐ་ཨི་ཏི། ཁྱོད་ནི་གཟུགས་ནི་མཛེས་པ་ཡིན། །ཞེས་བྱའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བསྟོད་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ངོ་བོ་ཉིད་ཀྱི་སངས་རྒྱས་ལ་སོགས་པ་བཅུ་དང་སྟོབས་བཅུ་དང་དབང་བཅུ་དང་། གཟུགས་བཅུ་སྟེ་

དེ་བཞིན་གཤེགས་པ་ལ་མངའ་བའི་ཡོན་ཏན་སྟོན་ཏེ་བརྗོད་པའི་ཕྱིར་རོ། །དེ་ལྟར་བསྟོད་པ་བསྟན་ནས། བརྒྱ་བྱིན་ལ་སོགས་ལྷ་མཆོག་རྣམས། །སེམས་ཅན་ཀུན་ལ་ཕན་པ་དང་། །ཚེ་དང་ནད་མེད་འཕེལ་བའི་ཕྱིར། །མགོན་པོ་ཁྱོད་ལ་གསོལ་བ་འདེབས། །བཅོམ་ལྡན་འདས་ཚེ་ཐུང་བ་དང་

སྐལ་བ་ཆུང་བ་རྣམས་ཀྱི་དོན་དང་ཕན་པ་དང་ཚེ་བསྲིང་བའི་སླད་དུ་བཤད་པར་གསོལ། གསང་བའི་བདག་པོ་བཤད་དུ་གསོལ་ཞེས་བྱ་བ་ཡིན་ཏེ་བརྒྱ་བྱིན་ལ་སོགས་པ་མོས་པ་སྤྱོད་པའི་ས་ལ་གནས་པའི་ལྷའི་མཆོག་རྣམས་སེམས་ཅན་ཀུན་ཚེ་ཕྱི་མའི་དོན་དང་། ཚེ་འཕེལ་བ་དང་ནད་མེད་པའི་ཕྱིར་

Vol. 67 · folio 261a

མགོན་པོ་ཁྱོད་ལ་གསོལ་བ་འདེབས་ཀྱིས་ཚེ་ཐུང་ཞིང་སྐལ་བ་ཆུང་བ་རྣམས་ཀྱི་དོན་དང་ཕྱི་མ་ལ་དང་འདིའི་ཕན་པ་དང་བདེ་བ་དང་ཚེ་བསྲིང་བའི་སླད་དུ་ཡང་དང་ཡང་དུ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་

བྱ་བ་ལ་སོགས་པས་སྙིང་པོ་གསུངས་པ་སྟོན་ཏོ་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཁོར་དེ་དག་གཟིགས་ནས་ལེགས་སོ་ཞེས་བྱ་བས་མགུ་བར་བྱས་ཏེ་སྣོད་དང་ལྡན་པ་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་

གང་ཁྱེད་ཀྱིས་འདི་ལྟ་བུའི་སྤོབས་པ་ཡང་དག་པར་བསྐྱེད་པ་ནི་ལེགས་སོ་ལེགས་སོ་ལེགས་པར་སྒྲུབས་ཤིག་དང་བཤད་པར་བྱའོ་ཞེས་བྱ་བ་ནི་འཁོར་ལ་གཟིགས་ཤིང་མགུ་བར་བྱས་པས་སྣོད་དང་ལྡན་པར་བྱས་ནས་སྤོབས་པ་བསྐྱེད་པ་ལ་དགྱེས་ནས་ལེགས་སོ་ཞེས་བྱ་བ་ལན་གཉིས་གསུངས་

ཏེ། མ་ཡེངས་པར་འཛིན་དུ་བཅུག་པའི་ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་སོ། །སེམས་ཅན་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་སྤེལ་བ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་ཡོད་པ་དེ་སྲིད་ཀྱི་བར་དུ་ཐུབ་པའོ། །དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཞེས་བྱ་བ་ནི། ཡོན་ཏན་དེ་ལྟ་བུ་དང་ལྡན་པ་འོག་ནས་འབྱུང་བའི་སྙིང་པོ་འདིའོ། །རང་གི་སྙིང་ག་ནས་ཕྱུང་ངོ་ཞེས་བྱ་བ་ནི་ངེས་པའི་ཡེ་ཤེས་སྟོན་པའོ། །དེ་ཉིད་ཨོཾ་པུཎྱེ་ཞེས་བྱ་བ་ལ་སོགས་པ་སྟེ་དེའི་ཕན་ཡོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་སྙིང་པོའི་གཟུངས་འདི་བཤད་མ་ཐག་ཏུ་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ་སེམས་ཅན་དམྱལ་བ་དང་བྱོལ་སོང་དང་ཡི་དགས་སུ་སྐྱེས་པའི་སེམས་ཅན་རྣམས་གྲོལ་བར་བྱེད་པ་ཉིད་ཀྱིས་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱས་ཏེ་སྣང་བར་བྱས་ནས་ཀྱང་སངས་རྒྱས་ཀྱི་

མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གཟུངས་འདི་གསུངས་མ་ཐག་ཏུ་ངན་སོང་གསུམ་ལས་ཞི་ཞིང་གྲོལ་ཏེ། བཅོམ་ལྡན་འདས་ཀྱི་མཐུས་གྲོལ་ཞིང་ཞི་བར་རང་རང་ཤེས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པའི་སྐུའི་རྣམ་པར་བྱས་ནས་སངས་

Vol. 67 · folio 261b

རྒྱས་ཀྱི་མཛད་པ་བཅུ་གཉིས་ཡུམ་གྱི་ལྷུམས་སུ་གཤེགས་པ་དང་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་བར་མཛད་ནས་ཞེས་བྱ་བའི་དོན་ཏོ། །ཀྱང་ཞེས་བྱ་བ་ནི་མཛད་པ་གཉིས་དང་། མཛད་པ་བདུན་དང་། མཛད་པ་བཅུ་དྲུག་དང་། མཛད་པ་ཉི་ཤུ་རྩ་བདུན་དང་། མཛད་པ་བརྒྱ་རྩ་བཅུ་དང་། མཛད་པ་

མཐའ་ཡས་པ་ཡང་མཛད་ནས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་འདི་ཉིད་དུ་ཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་ཕྱག་ན་རྡོ་རྗེའོ། །ཐུགས་ཀྱི་ཆོས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡེ་ཤེས་སོ་ཡི་

གེ་ཞེས་བྱ་བ་ནི་དེའི་རྟགས་ཟླ་བའོ། །དེ་ལ་བཀོད་པའི་ཡིག་འབྲུ་ལ་ཡང་ཡི་གེ་ཞེས་བྱ་བ་བཤད་དེ་ཇི་སྐད་དུ། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བར་བཤད། །ཅེས་བྱ་བ་བཤད་པའི་ཕྱིར་རོ། །འདི་ཉིད་དུ་ཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་དེ་དག་ཀྱང་ཟླ་བའི་དཀྱིལ་

འཁོར་དེ་ཉིད་དུ་ཞུགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་སྒོམ་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལྟེ་བའི་དབུས་སུ་བཞུགས་པ་ལ་སྙིང་ག་ནས་འོད་ཟེར་བྱུང་སྟེ་སྔགས་ཀྱི་འོད་དེས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་བཀུག་ནས་བསྟོད་ཅིང་གསོལ་བ་བཏབ་ནས།

ཡང་རང་གི་སྙིང་གར་ཟླ་བ་ལ་སྔགས་བཀོད་དེ། སངས་རྒྱས་ཀྱི་མཛད་པ་རྣམས་མཛད་ནས་སྔགས་དང་འདྲེས་པ་ལས་ཞུ་བར་གྱུར་པ་ཏེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ལས་གཙོ་བོ་བསྐྱེད་པར་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དཔག་ཏུ་མེད་པའི་རྡོ་རྗེའི་འོད་ཅེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི། ཚེ་དཔག་ཏུ་མེད་པའི་རྡོ་རྗེ་འོད་བྱེད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་བྲི་བ་དང་ཟད་པ་མེད་པས་ཚེ་དཔག་ཏུ་མེད་པའི་གཟུང་བ་དང་འཛིན་པ་རྟོག་པས་མི་ཕྱེད་པས། རྡོ་རྗེའི་རང་བཞིན་གྱིས་དག་པས་འོད་བྱེད་པ་ཞེས་བྱ་བ་ཡིན་ལ། དེ་ལ་

དམིགས་པའི་ཏིང་ངེ་འཛིན་ལ་ཡང་མིང་དེ་སྐད་ཅེས་བྱ་སྟེ་སྙོམས་པར་བྱས་པ་ནི་དེ་གཞན་ལ་སྦྱིན་པའི་རྣམ་པ་ཐུགས་རྩེ་གཅིག་ཏུ་མཛད་ནས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཚེ་ཚད་མེད་པའི་ཕྱག་རྒྱ་

Vol. 67 · folio 262a

ཆེན་པོའོ། །སྙིང་པོའི་གཟུངས་འདི་བཤད་དོ་ཞེས་བྱ་བ་འོག་ནས་འབྱུང་བ་འདི་བཤད་དོ། །དེ་ཉིད་ཨོཾ་ཨཱ་མི་ཏ་ཞེས་བྱ་བ་ནས་སྭཱ་ཧཱ་ཞེས་བྱ་བའི་བར་རོ། །དེ་ནས་འདི་བཤད་མ་ཐག་ཏུ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞིའོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ནས་

ཡང་བཅོམ་ལྡན་འདས་ཀྱིས་གདོན་མི་ཟ་བར་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བ་ནི་ཐེ་ཚོམ་མེད་པར་གཟུང་འཛིན་གྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་ཤིང་འཁྲུད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལ་དམིགས་པའི་ཏིང་ངེ་

འཛིན་ལ་མིང་དེ་སྐད་ཅེས་བྱ་ཞིང་གཞན་ལ་སྦྱིན་པའི་རྣམ་པ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྒྲིབ་པ་གཅོད་པ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །སྙིང་པོ་འདི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་སྔགས་ཏེ། དེ་ཉིད་

ཨོཾ་ཀ་ཀ་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་བཤད་མ་ཐག་ཏུ་ཡང་ཐམས་ཅད་དེ་བཞིན་གྱུར་ཏོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། སྒྲིབ་པ་ཐམས་ཅད་དྲི་མེད་ཅིང་། །ཞེས་བྱ་བ་ནི་གཟུང་འཛིན་གྱི་དྲི་མ་དང་བྲལ་བ་སོ་སོར་རྟོག་པའི་ཡེ་

ཤེས་སོ། །དེ་ཉིད་རྣམ་པར་རྟོག་པའི་རྡོ་རྗེ་ཞེས་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་སྦྱིན་པའི་རྣམ་པ་ཐུགས་རྩེ་གཅིག་ཏུ་མཛད་ནས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྒྲིབ་པ་རྣམས་མ་ལུས་པར་འཇོམས་པ་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའོ། །

སྙིང་པོའི་གཟུངས་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བ་ནི་དེ་སྐྱེད་པར་བྱེད་པ་དང་ལམ་སྦྱང་བའི་སྔགས་ཏེ། ཨོཾ་རཏྣེ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ་ཕན་ཡོན་ནོ། །དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ལ་གདོན་མི་ཟ་བར་མི་འཇོམས་པ་ཐམས་ཅད་

རྣམ་པར་འཇོམས་ནས་ཞེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སྒོ་ལྔའི་རྣམ་པར་ཤེས་པ་ལ་སོགས་པ་འཇོམས་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་སྦྱིན་པའི་རྣམ་པ་ཐུགས་རྩེ་གཅིག་ཏུ་མཛད་ནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ནི་དོན་ཡོད་གྲུབ་

Vol. 67 · folio 262b

པའོ། །སྙིང་པོའི་གཟུངས་འདི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། གསང་སྔགས་འདི་ཞེས་བྱ་བ་ལ་སོགས་པས་ལན་གསུམ་དུ་གཡོས་ཤིང་ཡ་མཚན་འཇིག་རྟེན་དུ་སྣང་བས་སྔགས་ཀྱི་ཆེ་བ་བསྟན་ཏོ། །དེ་ནས་བསྡུ་ཞིང་བྱིན་གྱིས་བརླབ་པ་ལ་སོགས་པ་སྔར་བཤད་པ་བཞིན་དུ་ཤེས་པར་

བྱའོ། །དེ་ནས་དཀྱིལ་འཁོར་ནི་འདི་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །དེ་ཡང་འདིར་དང་པོར་རེ་ཞིག་ཉམས་དགའ་བའི་ས་ཕྱོགས་སུ་སྟན་ལ་འདུག་ལ། ལྕེ་དང་ལག་པ་

བྱིན་གྱིས་བརླབ་པ་དང་རྡོ་རྗེ་འཇིགས་བྱེད་ནས་བརྩམས་ཏེ་འོག་བཅིང་བའི་མཐར་ཐུག་པ་དང་། ནམ་མཁར་དཀྱིལ་འཁོར་བསམས་ལ། མཆོད་པ་རྣམ་པ་ལྔས་མཆོད་པ་ལ་སོགས་པ་དང་ལྷ་དང་ལྷ་མ་ཡིན་གྱིས་བསྟོད་དེ་མི་སྣང་བར་གྱུར་པའི་བར་དང་། སྟོང་པ་ཉིད་དང་ཨ་ལས་ཟླ་བ་དང་ས་བོན་

དང་དམ་ཚིག་གི་ཕྱག་རྒྱ་དང་ལྷའི་རྣལ་འབྱོར་དང་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དང་ཕྱག་ན་རྡོ་རྗེ་ཐུགས་ཡོངས་སུ་རྫོགས་པའི་སྦྱོར་བས་དཀྱིལ་འཁོར་བསྐྱེད་དེ། ནམ་མཁའི་དཀྱིལ་འཁོར་དགུག་པ་དང་། ངན་འགྲོ་སྦྱོང་ཞིང་དཀྱིལ་འཁོར་དུ་གཞུག་པ་དང་དབང་བསྐུར་ནས། སངས་

རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་བྱ་བ་ལ་སོགས་པས་བསྟོད་པ་དང་། དཀྱིལ་འཁོར་ལུས་ལ་བརྟགས་པ་དང་བཅས་པ་ནི་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ནས་སྟོང་པ་ཉིད་དུ་བསྒོམ་པ་དང་ཁང་པ་བརྩེགས་མ་དང་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་ལ་བབས་ཏེ་ཕྱག་ན་

རྡོ་རྗེ་ཉིད་ཀྱི་ཐུགས་ཀར། ཨོཾ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦ་རོ་པ་ཙིཏྟེ་ཀ་རི་ནི་སྭཱ་ཧཱ། ཞེས་བྱ་བ་བཀོད་ནས་འོད་ཟེར་གྱིས་སངས་རྒྱས་ཀྱི་མཛད་པ་བྱས་ཏེ་གསོལ་བ་འདེབས་པའི་ལྷ་རྣམས་དང་བཅས་པ་ཐུགས་ཀའི་ཟླ་བར་ཞུགས་པས་ཟླ་བ་དང་བཅས་པ་ཞུ་ནས་ཤེས་རབ་

དང་ཐབས་སུ་གྱུར་ནས་སྔགས་དེ་ཉིད་གྱུར་པ་ལས་ཕྱག་ན་རྡོ་རྗེར་གྱུར་ནས་དེའི་ཐུགས་ཀྱི་ཟླ་བའི་ཨོཾ་ཨཱཿནི་ཏི་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད་པ་བསྐྱེད་དེ། ཤར་གྱི་རྩིབས་ལ་གདོན། ཨོཾ་ཀ་ཀ་ནི་ཞེས་བྱ་བ་ལ་སོགས་པས་ལྷོ་ཕྱོགས་ཀྱི་རིན་ཆེན་འབྱུང་ལྡན་གདོན། ཨོཾ་རཏྣེ་ཞེས་བྱ་བ་ལ་

Vol. 67 · folio 263a

སོགས་པས་ནུབ་ཕྱོགས་ཀྱི་འོད་དཔག་ཏུ་མེད་པ་གདོན། ཨོཾ་ཨ་ཀ་ཀ་ཞེས་བྱ་བ་ལ་སོགས་པས་བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་གདོན། ཧཱུཾ་ཏྲཾ་ཧྲཱི་ཨ་ཞེས་པས་ལཱ་སྱ་ལ་སོགས་པ་བརྒྱད་དེ་མཚམས་ཀྱི་ཆ་ལ་གཞག །དེ་ནས་གཙོ་བོ་དང་ཐ་མི་དད་པས་བསྡུ། ཕྱག་དང་

ཆེད་དུ་བརྗོད་དེ་དབང་བླང་ལྕགས་ཀྱུ་ལ་སོགས་པས་ལས་བྱ་ཞིང་དབང་བསྐུར་ཏེ་ཚེ་བསྲིང་བའི་ལས་ལ་སྦྱར་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་བཟླ་བར་བྱ་བ་བརྗོད་ཅིང་སྒོ་དབྱེ་བ་སྔོན་དུ་འགྲོ་བས་བསྡུ། ལྕགས་ཀྱུ་ལ་སོགས་པས་ལས་བྱ་ཞིང་མཆོད་ཡོན་སྔོན་དུ་འགྲོ་

བས་ཕྱག་རྒྱ་བཞིས་རྒྱས་བཏབ། དབང་བསྐུར་མཆོད་པ་སྣ་ཚོགས་ཀྱིས་མཆོད་དེ། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ཟླ་བ་ལ་སྔགས་བཀོད་ནས་བཟླས་བརྗོད་བྱ། ཐུན་བཞིའི་ཐ་མར་བསྟོད་པ་སྔོན་དུ་འགྲོ་བས་མཆོད་པ་དང་ཕྱག་དང་དབང་བསྐུར་བ་དང་གོ་བགོ་བ་དང་དགེ་བའི་རྩ་བ་བསྔོ་བ་

དང་བརྗོད་པར་གསོལ་བ་དང་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཀྲོལ་ཏེ་གཤེགས་སུ་གསོལ་བ་དང་སྤྲུལ་པ་ལུས་ལ་བསྡུ་བ་བརྟན་པར་བྱའོ། །དེ་ནས་ལངས་ཏེ་གླེགས་བམ་བཀླག་པ་ལ་སོགས་པ་ཅི་ནུས་བྱའོ། །དེ་ལྟར་བྱས་པས་ཟླ་བ་དྲུག་གམ་ལོ་གཅིག་གམ་ལྷ་རྣམས་ལས་གནང་བ་ཐོབ་པ་

དང་འབུམ་ཕྲག་གཅིག་གི་བར་དུ་བྱས་ཏེ་སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་སྔར་བཤད་པ་བཞིན་དུ་ས་གཟུང་བ་དང་ལྷག་པར་གནས་པའི་ཆོ་ག་དང་། ཐིག་བྱིན་གྱིས་བརླབ་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ནི་འདི་ཡིན་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །

སྒོ་བ་བཞི་དང་ཡང་དག་ལྡན། །རྟ་བབས་བཞི་དང་ལྡན་པར་བྱ། །ཞེས་བྱ་བ་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཕྱི་དང་ནང་གི་དཀྱིལ་འཁོར་སྤྱིར་ལྟེ་བར་བཅས་ཤིང་སྒོ་ཁྱུད་དང་ལྡན་པ། ལྟེ་བ་དང་ནི་སྒོ་ཁྱུད་ལྡན། །ཞེས་བྱའོ། །ནང་གི་དཀྱིལ་འཁོར་རྩིབས་བཞིའི་ལྟེ་བ་དང་བཅས་པའོ། །དེ་ཡི་

དབུས་སུ་འཁོར་ལོའོ། །དཀྱིལ་འཁོར་དམ་པ་བྲི་བྱ་སྟེ། །རྩིབས་བཞི་པ་དང་ལྡན་པ་ལ། །ལྟེ་བའི་དཀྱིལ་འཁོར་ལྡན་པར་བྱ། །ཞེས་བྱ་བ་སྟོན་ཏོ། །དེ་རུ་ལྷ་གང་བྲི་ཞེ་ན། །དེ་ཡི་དབུས་སུ་གཙོ་བོ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་ཏེ། །ཕྱག་ན་རྡོ་རྗེ་དྲིལ་བསྣམས་ཤིང་། །ཟླ་བ་འདྲ་བའི་ཞལ་

Vol. 67 · folio 263b

འཛུམ་བྲི། །ཞེས་བྱ་བ་ལ་སོགས་པ་བྲི་བ་གསུངས་སོ། །དཀྱིལ་འཁོར་གྱི་འཁོར་ལོའི་ལྟེ་བར་གཙོ་བོ་རྡོ་རྗེ་འཛིན་པ་ཞི་བ་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་ཤིང་ཁ་དོག་དཀར་པོ་ཞལ་འཛུམ་པར་བྲི་བར་བྱའོ། །འཁོར་ལོའི་རྩིབས་བཞི་ལ་ཤར་དུ་མི་བསྐྱོད་པ། ལྷོར་རིན་ཆེན་འབྱུང་

ལྡན། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ་བྲི་སྟེ་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་ཁ་དོག་དཀར་པོ་དབུ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཡས་པ་མཆོག་སྦྱིན་དུ་བྱེད་པ། གཡོན་མི་འཇིགས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་སོ། །ནང་གི་གྲྭ་ལ་

ལཱ་སྱེ་ལ་སོགས་པ་བྲིའོ། །ཕྱིའི་གྲྭ་ལ་དྷུཔྤེ་ལ་སོགས་པའོ། །སྒོ་བཞི་ལ་སྒོ་མ་བཞི་བྲི་སྟེ་གཡོན་བརྐྱང་བ་དང་། ཟླུམ་པོ་དང་། མཐུན་པའི་རྐང་ཐམས་ཅད་ཀྱིས་གནས་པར་བྲི་སྟེ། དེ་ནས་གཞན་ཡང་བྲིས་པ་ལྟར་བར་སྣང་ལས་འོངས་ཏེ་གཅིག་ཏུ་བསྲེ་བ་དང་། གདུགས་དང་རྒྱལ་མཚན་

བུམ་པའི་མཆོག་དང་གཏོར་མ་དང་རྟ་བབས་དང་ཆོས་ཀློག་པ་དང་། མེ་ཏོག་སིལ་མ་བཀྲམ་པ་དང་བཅས་པ་ནི་དེ་ནས་ཞེས་བྱ་བས་སྟོན་ཏེ། རྣལ་འབྱོར་བདག་ཉིད་ཞུགས་ཞེས་བྱ་སྟེ། ཞུགས་ནས་ལྷག་ཆད་བསྐང་བ་དང་སྒོ་དབྱེ་བ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་དང་ལྡན་པར་གནས་

པས་སྒོ་དབྱེ་བ་སྟོན་ཏོ། །དེ་ནས་བསྡུ་ཞིང་སྤྱན་དྲང་བ་ནི་སྔགས་ཀྱིས་ལྷ་རྣམས་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿབྷ་ག་བཱན་བཛྲ་ཨེ་ཧྱ་ཧི་ས་མ་ཡ་སྟྭཾ། དེ་ནས་གཙོ་བོ་བྱོན་པ་དང་། །ཞེས་བྱ་བ་ནི། མདོར་ན་མཆོད་པ་བྱས་ནས་ཀྱང་། །ཞེས་བྱ་བ་ནི། མདོར་བསྡུ་ན་ལྕགས་ཀྱུ་ལ་སོགས་པས་ལས་

བྱ་ཞིང་བགེགས་བསལ་སྒོ་བཅད་པ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ནས། ཕྱག་རྒྱ་བཞིས་རྒྱས་གདབ་དབང་བསྐུར་བཟླས་བརྗོད་བྱ་བ་རྣམས་ནི་མདོར་ན་ཞེས་བྱའོ། །མཆོད་པ་བྱས་ནས་ཞེས་བྱ་བ་ནི། ཨརྒྷ་མཆོག་བསྟབས་པ་ལ་སོགས་པའི་མཆོད་པ་བྱའོ། །ཀྱང་ཞེས་བྱ་བ་ནི་གཏོར་མ་

དང་སྦྱིན་སྲེག་དང་གནང་བ་ནོད་པ་བསྡུའོ། །འཆི་བདག་སྦྲུལ་གྱི་འཇིགས་ལྡན་རྣམས། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་དུ་གཞུག་པ་བསྟན་ཏོ། །འཆི་བདག་སྦྲུལ་དང་འདྲ་བས་འཇིགས་ལྡན་རྣམས་གཞོམ་པའི་ཕྱིར་གཞུག་པར་བྱ་སྟེ། མདོར་ན། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་

Vol. 67 · folio 264a

བས་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ་རིན་ཆེན་ཐོགས་ཏེ་ཡང་ན་ཕྲེང་བ་ཐོགས་ཏེ་གཞུག །ཧཱུཾ་པྲ་ཏཱིཙྪ་བཛྲ་ཧཱུཾ་ཞེས་བྱ་བས་མེ་ཏོག་དོར། བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བས་དམ་ཚིག་སྦྱིན། ཨོཾ་བཛྲ་ཧཱ་སྱོད་གྷ་ཏྲ་ཡ་ཞེས་བྱ་བས་གདོང་གཡོགས་དགྲོལ། ཨོཾ་བཛྲ་པཱ་ཤྱ་ཧཱུཾ་

ཞེས་བྱ་བས་དཀྱིལ་འཁོར་བསྟན་ནས་སྙིང་གར་ཕྱག་རྒྱ་དགྲོལ། འདིའི་སྒྲུབ་པའི་གོ་རིམས་ནི་རྩ་བའི་རྒྱུད་དུ་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བ་བསྟན་ཏོ། །དེ་ཡང་དང་པོར་དབུ་རྒྱན་དང་། བུམ་པ་དང་། ཕྲེང་བ་དང་། ཕྱག་རྒྱ་དང་། རྡོ་རྗེ་དང་། ལས་ཀྱི་

རྡོ་རྗེ་དང་། འཁོར་ལོ་དང་། ཐབས་དང་། ཤེས་རབ་དང་། གསང་བ་དང་། ཤེས་རབ་ཀྱིས་དབང་བསྐུར་བ་རྣམས་ཡིན་ཏེ། འདི་ཡང་རྩ་བའི་རྒྱུད་དུ་བཤད་པ་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་དབང་བསྐུར་ན་ཚེ་རིང་བའི་རིག་པ་འདི་སྦྱིན་ནོ་ཞེས་བྱ་བ་ལ་སོགས་པས་འདི་ཉིད་དུ་དབང་བསྐུར་

བ་དང་དམ་ཚིག་ཐོབ་པ་ལ་དངོས་གྲུབ་སྦྱིན་ནོ་ཞེས་བྱ་བ་སྟེ། དེ་ལྟར་སྔར་བཤད་པ་ལྟར་བསྐུར་ནས་ཚེ་རིང་བ་ཐོབ་པར་བྱེད་པའི་རིག་པ་འདི་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་ནོ། །དེ་ཉིད་ཨོཾ་བྷྲུཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཨ་ཞེས་བྱ་བའོ། །དེ་ནས་སྒྲུབ་པ་འདི་ཡིན་ཏེ་ཞེས་བྱ་བ་ནི་འདིས་སྒྲུབ་པས་ན་བསྒྲུབ་

སྟེ་འོག་ནས་འབྱུང་བའི་ཆོ་གས་སོ། །འདི་ཡིན་ཏེ་ཞེས་བྱ་བ་ནི་སྟོན་པས་རྩོམ་པའོ། །བཅོམ་ལྡན་འདས་རྡོ་རྗེ་ཚེ་དཔག་མེད་ཟླ་བའི་འོད་ཅན་ཞེས་བྱ་བ་ལ་སོགས་པས་དང་པོ་བྲི་བ་དང་བསྙེན་པ་སྟོན་ཏེ་བཅོམ་ལྡན་འདས་ཚེ་དཔག་མེད་ཁ་དོག་དཀར་པོ་རྒྱན་ཀུན་གྱིས་བརྒྱན་པ་གཡས་པ་མཆོག་

སྦྱིན་དང་གཡོན་པ་མི་འཇིགས་པ་སྦྱིན་པ་དེ་ལས་བདུད་རྩི་འཛག་པ་བྲིའོ། །དེའི་འོག་ཏུ་རྣལ་འབྱོར་པ་ཐལ་མོ་སྦྱར་བ་གདོང་གྱེན་དུ་བལྟས་པ། མཆོད་པ་རྣམ་པ་ལྔ་དང་བཅས་པ་རས་ལ་བྲིས་ཏེ་སྤྱན་དབྱེ་བའི་ཆོ་ག་སྔར་བཤད་པ་བཞིན་དུ་བྱས་ལ། དེའི་སྤྱན་སྔར་དང་པོའི་སྦྱོར་བའི་ཏིང་ངེ་

འཛིན་བསྒོམ་སྟེ་བཅོམ་ལྡན་འདས་ལ་སེམས་བཞིན་དུ་འབུམ་བཟླས་སོ། །དེ་ནས་ཟླ་བ་ཉ་བ་ལ་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་སྟོན་ཏེ། ཉའི་ནུབ་མོ་དཀྱིལ་འཁོར་ཆེན་པོ་བརྩམས་ཏེ་མཆོད་པ་བྱས་ལ་བ་དམར་སེར་གྱི་མར་སྣོད་གསར་པར་བཅུག་ལ་རྡོ་རྗེ་ཁུ་ཚུར་གཡོན་པས་མནན་ལ། བཅོམ་ལྡན་འདས་སྲོག་

Vol. 67 · folio 264b

དང་བཅས་པ་ལྟ་བུར་སེམས་ཤིང་མཚན་ཐོག་ཐག་བཟླས་བརྗོད་བྱ་བ་ཡིན་ནོ། །དེ་ནས་དྲི་སྣ་ཚོགས་བསྣམས་ཤིང་ཞེས་བྱ་བ་ལ་སོགས་པས་མཚན་མ་དང་དངོས་གྲུབ་སྟོན་ཏོ། །དེ་ནས་དྲི་དང་ལྡན་པ་འམ་རླངས་པ་འམ། དུ་བའམ་མེའམ་འོད་ཟེར་རམ་མེ་སྒྲོན་ནམ་འོད་ལ་སོགས་པའི་མཚན་མ་བྱུང་

ན་མར་མེ་དེ་ཡང་མར་སར་པ་ལ་སོགས་པ་རྫས་བཅུ་གཅིག་པོ་གང་ཡང་རུང་བ་ལ་བསྲེས་ཏེ། ནད་པར་སྔར་སྲུང་བ་དང་། ཁྲུས་ལ་སོགས་པས་བདག་ཉིད་དཀྱིལ་འཁོར་བརྟགས་པའི་ཚུལ་དུ་སྦྱངས་ནས། ལྷའི་རྣལ་འབྱོར་དུ་བྱས་ཏེ་འཐུངས་སམ་ཟོས་ན་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་ཚེ་རིང་

བ་རྡོ་རྗེ་དང་འདྲ་བར་འགྱུར་རོ། །མཚན་མ་ཐ་མ་བྱུང་ན། ནད་མེད་ཟོ་མདོག་བདེ་སྐྲ་དཀར་དང་གཉེར་བ་མེད་པའི་ཚེ་ལོ་བརྒྱ་པར་འགྱུར་རོ། །གཞན་ཡང་དེས་ཉུངས་ཀར་ལ་སོགས་པས་ཞི་བ་ལ་སོགས་པའི་ལས་འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དེ་ལྟར་ཚེ་ཚད་མེད་པའི་དཀྱིལ་འཁོར་

བཤད་ནས། ད་ནི་འཇིག་རྟེན་པའི་ལྷ་ལ་མོས་པའི་དོན་དུ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བསྟན་ཏེ། དེ་ཡང་དང་པོར་དེ་ནས་རྒྱལ་པོ་བཞི་ཞེས་བྱ་བ་ལ་སོགས་པས་རྒྱལ་པོ་བཞིའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་དང་པོའི་སྦྱོར་བའི་རྗེས་ཐོགས་སོ། །དེ་ཡང་འདིར་གཙུག་ཏོར་དུ་

བཤད་པ་ལས། རྒྱལ་པོ་བཞི་དང་བཅས་པའོ། །དེ་ཉིད་ཀྱི་སྙིང་གར་དཀྱིལ་འཁོར་སྤྲུལ་པའི་དུས་སུ་གཙོ་བོའི་ཐུགས་ཀར་ཟླ་བ་ལ་སྔགས་བཀོད་དེ། །ངན་འགྲོ་སྦྱོང་བའི་དུས་སུ་རྒྱལ་པོ་བཞི་ཡང་དགུག་པ་དང་བཅས་པ་བསྒོམ་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་བཞི་ཞེས་བྱ་བ་ལ་སོགས་པ་

ལ་བཤད་དུ་གསོལ་ཞེས་བྱ་བར་སྦྱར་རོ། །དེ་ཡང་རྒྱལ་ཆེན་བཞིས་མོས་པ་བྱེད་པའི་ས་ཐོབ་པའི་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་སེམས་ཅན་ངན་འགྲོ་ལས་བསྐྱབ་པ་དང་། ཚེ་ཕྱི་མ་དང་འདིའི་དོན་དུ་རང་རང་དགོད་པའི་སྙིང་པོ་དང་། སྤྲུལ་པ་ལ་སོགས་པ་བཤད་ཀྱིས། དེ་ལ་བརྟེན་

པའི་དཀྱིལ་འཁོར་རྡོ་རྗེ་འཛིན་པས་བཀའ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་བོ། །རྒྱལ་པོ་ཆེན་པོ་དག་ལེགས་ཀྱིས་ཤོད་ཅིག་དང་ངས་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ཁྱོད་ཀྱིས་ཞུས་པ་བཞིན་དུ་ངས་བྱིན་གྱིས་བརླབ་ཅིང་བཤད་པའོ་ཞེས་བྱའོ། །དེ་ནས་

Vol. 67 · folio 265a

གནོད་སྦྱིན་གྱི་རྒྱལ་པོ་ལ་བོས་ཏེ་ཞེས་བྱ་བ་ནས་རང་རང་གི་སྙིང་པོ་ཕུལ་ཏེ། ཨོཾ་བཻ་གནོད་སྦྱིན་གྱི་རྒྱལ་པོའི་འོ། །ཨོཾ་དྷི་དྲི་ཟའི་རྒྱལ་པོའི་འོ། །ཨོཾ་བི་གྲུལ་བུམ་གྱི་རྒྱལ་པོའི་འོ། །ཨོཾ་ཁྱ་ཀླུའི་རྒྱལ་པོ་སྟེ་འདི་དག་གིས་དེ་རྣམས་དགོད་པ་ལ་སོགས་པ་སྟོན་ཏོ། །སྒོ་བ་

རྣམས་ཀྱི་ནི་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་ཡིན་ནོ། །འདིས་ཀྱང་འདི་སྐད་དུ་སྟོན་ཏེ། སྦྱོར་བ་དང་པོ་བསྒོམ་པ་ལ་ཁང་པ་བརྩེགས་མ་དང་གདན་བསྐྱེད་ལ་རྒྱལ་པོ་བཞི་དང་བཅས་པ་བསམས་ནས་སྙིང་པོ་དེ་རྣམས་ཀྱིས་རྒྱལ་པོ་གནས་རྣམས་སུ་བཀོད་དེ། ཕྱག་ན་རྡོ་རྗེའི་ཐུགས་ཀ་ལས་སྒོ་བ་བཞི་

བཏོན་ནས་བསྒོམ་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །དེ་ནས་བསྡུ་ཞིང་བྱིན་གྱིས་བརླབ་པ་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཡིན་པར་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ནི། སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་ལ་སོགས་

པ་སྟོན་ཏེ། དེ་ཡང་རྒྱལ་པོ་ཆེན་པོ་དེ་དག་གི་དཀྱིལ་འཁོར་བཤད་པ་ནི། ཕྱིའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་ནང་གི་དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པས་བརྒྱན་པའོ། །དེའི་ལྟེ་བ་ལ་སྔ་མ་བཞིན་དུ་རྡོ་རྗེ་འཛིན་པ་ཞི་བ་བྲི་བའོ། །བྱང་ཕྱོགས་ཀྱི་རྩིབས་ལ་ལུས་ངན་པོ་ནེའུ་ལེའི་རྐྱལ་པ་

ཐོགས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྦོམས་པ་སེང་གེའི་གདན་ལ་གསེར་གྱི་མདོག་ཅན་བུམ་པ་བཟང་པོའི་ཁ་ནས་ཆུ་འབབ་པ་དང་། དཔག་བསམ་གྱི་ཤིང་དང་བཅས་པར་བྲིའོ། །ཤར་ཕྱོགས་ཀྱི་རྩིབས་ལ་ཡུལ་འཁོར་སྲུང་པི་ཝང་བསྒྲེང་བ་ལྗང་གུ་རྒྱན་རྣམས་ཀྱིས་བརྒྱན་པའོ། །ལྷོ་

ཕྱོགས་ཀྱི་རྩིབས་ལ་ལུས་འཕགས་རལ་གྲི་ལག་ན་ཐོགས་པ་བྲིའོ། །ནུབ་ཕྱོགས་ཀྱི་རྩིབས་ལ་མིག་མི་བཟང་རྡོ་རྗེ་དང་ཞགས་པ་འཛིན་པ་མགོ་བོ་ལ་སྦྲུལ་མགོ་བདུན་གྱིས་བསྐོར་བ་མིག་དམར་ཞིང་ཤིན་ཏུ་འབུར་བ་བྲིའོ། །སྒོ་བཞིའི་ཕྱོགས་སུ་ལྕགས་ཀྱུ་མ་ལ་སོགས་པ་བྲིའོ། །དེ་ནས་དགོངས་ཀའི་དུས་

ལ་བབ་པ་དང་རྡོ་རྗེའི་ཕྱག་རྒྱས་རྣལ་འབྱོར་པ་ཉིད་ཞུགས་ལ་ལྷག་ཆད་ཞི་བར་བྱ་བ་དང་། མེ་ཏོག་དོར་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་དང་ཡང་སྒོ་ཕྱེ་སྟེ་དང་པོ་རྡོ་རྗེ་འཛིན་པ་སྤྱན་དྲང་། དེ་ནས་ཨོཾ་བཻ་ཞེས་བྱ་བ་ལ་སོགས་པ་ལ་ཛཿཧཱུཾ་བཾ་ཧོཿ། བཏགས་པས་རྒྱལ་པོ་སྤྱན་དྲང་།

Vol. 67 · folio 265b

ལྕགས་ཀྱུ་ལ་སོགས་པས་ལས་བྱ། ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར་བ་དང་མཆོད་པ་བྱ་བ་དང་ཆོ་ག་བཞིན་དུ་ཕྱི་རོལ་དུ་གཏོར་མ་དབུལ་སྦྱིན་སྲེག་བྱ་ཞིང་གནང་བ་ནོད་ཅེས་བྱ་བ་སྟོན་ཏོ། །དེ་ནས་སྔགས་མཁན་སྔགས་འདི་དང་ཞེས་བྱ་བ་ལ་སོགས་པས་གཞུག་པ་དང་དབང་བསྐུར་བ་

ཕན་ཡོན་དང་བཅས་པ་སྟོན་ཏོ། །དེ་ནས་རྣལ་འབྱོར་པས། ཨོཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་འདི་དང་། རྡོ་རྗེ་འཛིན་པའི་ཕྱག་རྒྱས་རིགས་བཞི་པོ་གང་ཡང་རུང་བ་མེ་ཏོག་གམ། རིན་ཆེན་ཐོགས་སུ་གཞུག་གོ། །དེ་ནས་པྲ་ཏཱིཙྪ་བ་མ་ཧོ་དྷ་མ་ཞེས་བྱ་བས་དོར་རོ། །གང་ལ་བབས་པ་དེ་འདིས་

འགྲུབ་པར་འགྱུར་རོ། །དེ་ནས་སྔར་བཤད་པ་བཞིན་དུ་པདྨ་ལ་བཞག་སྟེ། ཕྱི་རོལ་དུ་གནས་པའི་བུམ་པ་བཞིས་དབང་བསྐུར་ཞིང་ཕྱག་ན་རྡོ་རྗེའི་ཕྱག་རྒྱར་བསྐྱེད་ལ་དབང་བསྐུར་བར་བྱ་སྟེ། དེ་ནས་དབང་ཉི་ཤུ་རྩ་གཅིག་པོ་ཀུན་སྔ་མ་བཞིན་དུ་བསྐུར་ནས་རྒྱལ་པོར་གྱུར་པ་དང་། རྒྱལ་པོ་

ཡང་གླིང་གཅིག་དང་། གླིང་བཞི་ལ་དབང་བསྐུར་བའི་རྒྱལ་པོར་འགྱུར་རོ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱར་བསྐྱེད་པ་བཞིན་དུ་གཞན་ཡང་རྒྱལ་པོ་བཞིའི་ཕྱག་རྒྱ་བསྐྱེད་དེ་ལན་བཞིར་དབང་བསྐུར་ཞིང་ཞུགས་ན་རྡོ་རྗེ་འཛིན་པ་དང་རྒྱལ་པོ་བཞི་འཁོར་དང་བཅས་པས་རྟག་ཏུ་སྐྱོང་བ་དང་གཞན་གྱི་གནོད་པ་དང་

ནད་དང་འཆི་བདག་གི་འཇིགས་པ་དང་མུ་གེ་ལ་སོགས་པའི་གནོད་པ་འཇོམས་སོ། །རྒྱལ་པོ་བཞིས་ཁྱད་པར་དུ་ཞི་བ་དང་མངོན་སྤྱོད་དང་དབང་དང་རྒྱས་པ་བྱེད་དེ། དེ་ལྟར་མ་བྱས་ན་ཕྱག་ན་རྡོ་རྗེ་ལ་འཁུས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱོགས་སྐྱོང་བ་བཅུ་

རྣམས་ཀྱི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་ཕྱོགས་སྐྱོང་བཅུ་དང་བཅས་པའི་ཕྱག་ན་རྡོ་རྗེ་སྟེ་མདོར་ན་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ཏེ་དེའི་རྗེས་ཐོགས་ལའོ། །ཕྱོགས་སྐྱོང་བ་བཅུ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་སྐྱོང་བ་བཅུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་

བྱས་ཏེ་སེམས་ཅན་གྱི་དོན་དུ་རང་གི་སྙིང་པོ་དབུལ་བར་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱིས་གནང་བས་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨི་ཞེས་བྱ་བ་ནས་ཨོཾ་བྲ་ཞེས་བྱ་བའི་བར་བརྒྱ་བྱིན་དང་། གཤིན་རྗེ་དང་། ཆུ་ལྷ་དང་། གནོད་སྦྱིན་དང་། མེ་ལྷ་དང་། སྲིན་པོ་དང་། རླུང་ལྷ་དང་། དབང་

Vol. 67 · folio 266a

ལྡན་དང་། ཉི་མ་དང་། ཕག་རྣམས་ཀྱི་སྙིང་པོ་ཡིན་ཏེ་འདིས་ནི་འདི་རྣམས་དགོད་པ་སྟོན་ཏོ། །དེ་ནས་བསྡུ་ཞིང་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་ནོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པ་

ལ་སོགས་པ་སྟོན་ཏེ། དེ་ཡང་ཏིང་ངེ་འཛིན་གསུམ་དང་ས་དང་ལྷག་པར་གནས་པ་བྱས་པ་དེའི་རྗེས་ལ་དཀྱིལ་འཁོར་ཟུར་བཞི་པ་སྒོ་བཞི་པ་ལ་སོགས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། དེའི་ལྟེ་བ་ལ་རྡོ་རྗེ་འཛིན་པ་སྔ་མ་བཞིན་གཞག །ཕྱོགས་སྐྱོང་རྣམས་ཤར་ལ་

སོགས་པའི་ཆར་བརྒྱ་བྱིན་ལ་སོགས་པ་གཞག །ལྟེ་བ་ལ་སྤྱན་སྔར་ཉི་མ་དང་ཕག་ཀྱང་གཞག །སྒོ་རྣམས་སུ་ལྕགས་ཀྱུ་ལ་སོགས་པ་ཡང་གཞག །དེ་ནས་ཏིང་ངེ་འཛིན་གསུམ་ལ་སོགས་པ་དང་སྤྱན་དྲང་བ་དང་མཆོད་པ་བྱ། དེ་ནས་སློབ་མ་གཞུག་པའི་དོན་དུ་ཡང་བདག་ཉིད་གཅིག་

པུ་ཞུགས་ནས། གནང་བ་ནོད་པའི་མཐར་ཐུག་པར་བྱ་ཞེས་པའི་དོན་ཏོ། །སློབ་མ་རྣམས་ནི་གཞུག་བྱས་ཤིང་། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་དུ་གཞུག་པ་དང་དབང་བསྐུར་བ་དང་ཕན་ཡོན་སྟོན་ཏོ། དང་པོ་སློབ་མ་རྣམས་སྔར་རྩ་བའི་རྒྱུད་དུ་བཤད་པ་བཞིན་དུ་གཞུག་ཅིང་། ཕྱོགས་

སྐྱོང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་ཏེ། དབང་བསྐུར་བ་གཞན་རྣམས་ཀྱིས་ཀྱང་དབང་བསྐུར་ཏེ་སྙིང་པོ་སྦྱིན་པར་བྱའོ། །དེ་ནས་བསྒྲུབས་ན་འགྲུབ་པར་ཐེ་ཚོམ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་དག་མགུ་ནས་ནི། །འདི་སྐད་དུ་ནི་ཚིག་གསོལ་ཏོ། །ཞེས་བྱ་བ་ལ་སོགས་པ་བརྒྱ་བྱིན་ལ་

སོགས་པས་ཞུས་པ་སྟེ་དབང་བསྐུར་བའི་ཕན་ཡོན་ཡིན་ཏེ་གོ་སླ་བས་མ་བཤད་དོ། །དེ་ནས་གཟའ་ཆེན་པོ་བརྒྱད་ཅེས་བྱ་བ་ལ་སོགས་པས་གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་ནི་དང་པོའི་སྦྱོར་བ་སྟེ། འདིར་དང་པོའི་སྦྱོར་བ་ནི་ཕྱག་ན་རྡོ་རྗེ་གཟའ་ཆེན་

པོ་རྒྱུ་སྐར་དང་བཅས་པ་ཡིན་ནོ། །གཟའ་ཆེན་པོ་བརྒྱད་ཅེས་བྱ་བ་ལ་སོགས་པ་ལ་གཟའ་འཁོར་དང་བཅས་པ་རྣམས་རང་རང་གི་སྙིང་པོ་ཕུལ་བ་ལ་བྱིན་གྱིས་བརླབས་ནས་རང་རང་གི་སྙིང་པོ་བཟླས་པ་ནི། ཨོཾ་ཨ་ཞེས་བྱ་བ་ནས་ཨོཾ་ར་ཞེས་བྱ་བའི་བར་པ་བ་སངས་དང་། ཕུར་བུ་དང་། ཟླ་བ་དང་། གཟའ་

Vol. 67 · folio 266b

ལག་དང་། མིག་དམར་དང་། སྒྲ་གཅན་དང་། ཉི་མ་དང་། སྤེན་པ་ལ་སོགས་པ་དང་། སྨིན་དྲུག་ལ་སོགས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་བཅས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་ཏེ་ཏིང་ངེ་འཛིན་རྣམ་པ་གསུམ་མོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དོ་ཞེས་བྱ་བ་ལ་སོགས་པས་

སློབ་དཔོན་གྱི་ལས་སྟོན་ཏེ་དེ་ཡང་ཏིང་ངེ་འཛིན་གསུམ་གྱིས་བསྙེན་པ་བྱས་ནས་ས་དང་ལྷག་པར་གནས་པའི་རྗེས་ལ་ཐིག་གདབ་པ་སྔོན་དུ་འགྲོ་བས་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་དང་། ནང་གི་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་དང་བཅས་པ་བྲིས་ལ། དབུས་ཀྱི་པདྨོའི་ལྟེ་བ་ལ་རྡོ་རྗེ་འཛིན་པའི་

ཁྲོ་བོ་གཞག་པར་བྱའོ། །པདྨ་འདབ་མ་བརྒྱད་ཀྱི་མཚམས་བཞི་བོར་བའི་ཕྱོགས་བཞི་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་བྲིའོ། །རྩིབས་ལ་ཤར་དུ་པ་བསངས། ལྷོར་ཕུར་བུ། ནུབ་ཏུ་ཟླ་བ། བྱང་དུ་གཟའ་ལག །ཤར་ལྷོར་མིག་དམར། ལྷོ་ནུབ་ཏུ་སྒྲ་གཅན་འཛིན། ནུབ་བྱང་དུ་

ཉི་མ། བྱང་ཤར་དུ་སྤེན་པ། སྒོ་བཞིར་ལྕགས་ཀྱུ་ལ་སོགས་པ་ཁྲོས་པ་བྲི། ཁོར་ཡུག་གི་ཕྱི་རོལ་དུ་སྨིན་དྲུག་ནས་བྲ་ཉེའི་མཐར་ཐུག་པར་རྒྱུ་སྐར་བདུན་བདུན་ཕྱོགས་རེ་རེར་བྲིའོ། །འདིར་ལཱ་སྱེ་ལ་སོགས་པ་རྣམས་མི་བྲི་བ་ནི་འཇིག་རྟེན་པའི་ལྷར་དངོས་གྲུབ་སྩོལ་བའི་རྒྱུར་གྱུར་པས་མཆོད་པ་བྱ་བ་མ་

ཡིན་པའི་ཕྱིར་རོ། །དེ་ནས་ཁྲུས་ལ་སོགས་པ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་དང་ལྡན་པས་ལྕགས་ཀྱུ་ལ་སོགས་པས་ལས་བྱ་ཞིང་། མཆོད་པ་དང་གནང་བ་ནོད་པ་སྔ་མ་བཞིན་ནོ། །དེ་ནས་སློབ་མ་རྣམས་གཞུག་སྟེ་ཞེས་བྱ་བ་ལ་སོགས་པས་གཞུག་པ་དང་དབང་བསྐུར་བའི་ཕན་

ཡོན་དང་བཅས་པ་སྟོན་ཏོ། །ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པ་གསུམ་གྱིས་གཞུག་པའི་ཁྱད་པར་བསྟན་ཏོ། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །དེ་ནས་གཟའ་བརྒྱད་ཀྱིས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་རྡོ་རྗེའི་ཕྱག་རྒྱས་དབང་བསྐུར། དབང་བསྐུར་བ་ལྷག་མ་རྣམས་

ཀྱིས་ཀྱང་དབང་བསྐུར། གཟའ་ཡི་དམ་འདི་ལྟར་བཟུང་སྟེ་སྙིང་པོ་དོན་ཙམ་གྱི་སྒོ་ནས་བསྒྲུབ་པར་བྱའོ། །འདིར་སྒྲུབ་པའི་ཁྱད་པར་མ་བཤད་པ་ནི་རྒྱུ་ནི་གསུམ་ཡིན་ཏེ། དབང་དང་དམ་ཚིག་ཁོ་ན་གཙོར་ཟུང་ཤིག །དབང་གི་འབྲས་བུ་གཟའི་དཀྱིལ་འཁོར་ལ་སོགས་པ་གསུམ་

Vol. 67 · folio 267a

ཡིན་ནོ། །ཀླུའི་དཀྱིལ་འཁོར་ལ་སོགས་པ་གསུམ་ནི་དབང་དང་དམ་ཚིག་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ཁོ་ནའོ། །འདི་ལྟར་བསྟན་པ་དེ་ཡང་དེས་འདུལ་བའི་གང་ཟག་ལ་སོགས་པ་ཡིན་ནོ་ཞེས་བྱ་བའོ། །དེ་ནས་ཕན་ཡོན་གཟའ་རྣམས་ཀྱིས་འདོད་པ་ཐམས་ཅད་

སྒྲུབ་པོ། །རྒྱུ་སྐར་དང་སྐད་ཅིག་དང་ཡུད་ཙམ་དང་ཐང་གཅིག་དང་། དུས་གཅིག་དང་ཟླ་ཚིགས་དང་སྦྱོར་བ་དང་ཁྱིམ་དང་དུས་སྦྱོར་དང་འཇུག་ཕོད་ལ་སོགས་པ་ཞེས་བྱ་བ་ནི་རྒྱུ་སྐར་དེ་དག་ཉིད་སྐད་ཅིག་ལ་སོགས་པ་ལ་དབང་བ་དང་། དུས་དྲུག་པ་ལ་སོགས་པ་ནས་ཟླ་ཚིགས་ལ་དབང་བ་དང་།

དཔལ་ལ་སོགས་པའི་འབྱོར་པ་དང་། ཁྱིམ་དང་དུས་སྦྱོར་བ་ལ་སོགས་པ་འགྲུབ་པ་དང་འཇུག་ཕོད་བཟང་ངན་བྱེད་པ་དང་ཞེས་བྱ་བ་ཡིན་ནོ། །ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ། །དེ་ནས་ཀླུ་ཆེན་བརྒྱད་ཀྱི་ཞེས་བྱ་བ་ལ་སོགས་པས་ཀླུའི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་

ལ་སོགས་པ་ནི་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དེ་ཡང་སྔ་མ་ལས་ཀླུ་ཆེན་བརྒྱད་དང་བཅས་པའོ། །ཀླུ་ཆེན་བརྒྱད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རང་གི་སྐད་ཅིག་ཙམ་གྱིས་མཚོན་པའི་སྒྲས་བཅོམ་ལྡན་འདས་མཉེས་པར་བྱས་ཏེ་སྙིང་པོ་དབུལ་བར་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་

གནང་ནས་རང་རང་གི་སྙིང་པོ་ཕུལ་བ། ཨོཾ་ཕུཿཞེས་བྱ་བ་ནས། ཨོཾ་ཕུཿཞེས་བྱ་བའི་བར་མཐའ་ཡས་དང་། འཇོག་པོ་དང་། ཀརྐོ་ཊ་དང་རིགས་ལྡན་དང་། ནོར་རྒྱས་དང་དུང་སྐྱོང་དང་པདྨ་དང་ཆུ་ལྷ་རྣམས་ཀྱི་ཡིན་ནོ། །དེ་སྔ་མ་བཞིན་དུ་བཤད་པས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་

འཛིན་བསྟན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ནི་སྔ་མ་བཞིན་དུ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་བསྟན་ཏོ། །དེ་ཡང་སྔོན་དུ་བསྙེན་པ་དང་ས་ལྷག་པར་གནས་པའི་ཆོ་ག་དང་། ཐིག་གདབ་པ་དང་བཅས་པར་བྱ་བ་ལ་དེ་ནས་

ཞེས་བྱའོ། །པདྨ་འདབ་མ་བརྒྱད་པའི་དཀྱིལ་འཁོར་བཤད་དེ། པདྨ་འདབ་མ་བརྒྱད་པ་ཁ་དོག་དཀར་པོ་དེའི་ལྟེ་བར་རྡོ་རྗེ་འཛིན་པ་ཁྲོ་བོ་དབུ་ལ་སྦྲུལ་མགོ་བདུན་མཐའ་ཡས་པ་ཡོད་པར་བྲིའོ། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་མཐའ་ཡས་ནས་ཆུ་ལྷའི་བར་མཐར་ཐུག་པར་པདྨ་རེ་རེ་ལ་སྦྲུལ་

Vol. 67 · folio 267b

མགོ་བདུན་བདུན་མགོ་ལ་ཡོད་པ། ཆུང་མས་ལག་པ་གཡས་པས་མགུལ་ནས་འཁྱུད་པར་བྲི་བར་བྱའོ། །འདི་དག་དང་ཕྱིའི་དཀྱིལ་འཁོར་དང་སྒོ་ལ་སོགས་པ་མེད་ན་ནི་རྒྱ་མཚོ་ཆེན་པོ་ལ་བརྟེན་པའི་དབང་དུ་བྱས་ནས་དུས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ། །དེའི་ཕྱིར་པདྨ་ཡང་ཆུ་དང་

འདམ་ལས་སྐྱེ་སྟེ་འདི་དག་ཀྱང་པདྨ་ལ་གནས་པ་ཉིད་དོ། །གཞན་དག་ཏུ་ནི་གཞལ་ཡས་ཁང་དང་བཅས་པར་ཡང་བཤད་དོ། །གཞན་ཡང་བུམ་པ་བརྒྱད་དང་། གཏོར་མ་དང་ཤིན་ཏུ་མཛེས་པའི་བཤོས་དང་། འབྱུང་པོའི་གཏོར་མ་མར་དང་འོ་མ་དང་སྦྲང་རྩིར་བཅས་པར་བྲིའོ། །དེ་ནས་

ཁྲུས་བྱ་བ་སྔོན་དུ་འགྲོ་བས་ཞུགས་ལ་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱའོ། །སྦྲུལ་མགོའི་ཕྱག་རྒྱས་རང་གི་སྐད་མཚོན་པ་ཕུཿཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། ལྕགས་ཀྱུ་ལ་སོགས་པས་ལས་བྱ་བ་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་བུ་ནི་རྒྱལ་པོ་དང་ཞེས་བྱ་བ་ལ་སོགས་པས་སློབ་མ་

གཞུག་པ་སྟོན་ཏོ། དེ་ནས་རྒྱལ་པོ་དང་རྒྱལ་རིགས་རྩ་བའི་རྒྱུད་དུ་བསྟན་པ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ནས་དུག་གི་ཉེས་པ་བསལ་བའི་ཕྱིར། ཕུཿཞེས་བྱ་བས་དྲངས་པའི་སྔར་བཤད་པའི་སྔགས་རྣམས་ཀྱིས་སྔ་མ་བཞིན་དུ་དབང་བསྐུར་རོ། །དེ་ནས་ཨོཾ་བེའུ་ཞེས་བྱ་བ་ལ་སོགས་

པའི་སྙིང་པོ་ཙམ་བརྗོད་ནས་ཀླུ་རྣམས་བསྒྲུབ་པར་བྱའོ། །དེ་ནས་དེ་དག་མགུ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་བའི་ཕྱིར་མ་བཤད་དོ། །ཀླུའི་དཀྱིལ་འཁོར་འདི་ཉིད་དུ་དབང་ཐོབ་པ་རྣམས་ལ་དངོས་གྲུབ་བསྟན་པའི་ཕྱིར། དེ་ནས་སྒྲུབ་པ་བཤད་ཅེས་བྱ་བ་ལ་སོགས་པས་དངོས་

གྲུབ་བཤད་དེ། དེ་ཡང་དང་པོར་གནས་དབེན་པར་ཁྲུས་བྱས་པ་སྔོན་དུ་འགྲོ་བས་བདག་རྡོ་རྗེ་འཛིན་པར་བསམས་ཏེ། དེའི་དབུ་ལ་སྦྲུལ་མགོ་དེ་ལས་ལྷ་རྫས་ཀྱི་འོད་ཟེར་གྱི་ཕྲེང་བ་དཀར་པོ་བདུད་རྩི་འབབ་པ་ལྟ་བུར་བསམས་ཏེ། ཕུཿཞེས་བྱ་བ་ཐུན་མོང་གི་སྙིང་པོ་འབུམ་བཟླས་ལ་བསྙེན་པ་

བྱས་ཏེ། དེ་ནས་ཀླུའི་དཀྱིལ་འཁོར་བསམས་ཏེ་མཆོད་ལ་དུག་གིས་ཟིན་པའམ། གཡན་པའམ་འཚེ་བ་ལ་སོགས་པས་ཟིན་པ་ལ་དབུའི་ལྷ་རྫས་འོད་ཟེར་གྱི་ཕྲེང་བས་བཀང་སྟེ། དེའི་དོན་དུ་ཕུཿཞེས་བྱ་བས་ཀླུའི་དཀྱིལ་འཁོར་བསམས་ཏེ་ལག་པ་སྦྲུལ་མགོའི་ཞགས་པ་འདྲ་བས་དྲང་ཞིང་

Vol. 67 · folio 268a

ཕུཿཞེས་བརྗོད་ལ་འོད་ཟེར་གྱི་རླུང་གིས་གཏོར་ལ། དང་པོར་པགས་པ། དེ་ནས་ཤ་དང་། ཐ་མར་རུས་པ་ལ་གནས་པའི་དུག་རྣམས་ཕུཿཞེས་བྱ་བ་དང་སྦྲུལ་མགོས་དྲངས་ན་འདྲོངས་པར་འགྱུར་རོ་ཞེས་བྱ་བའི་དོན་ནི་སྒྲུབ་པ་ཡིན་ནོ། །དེ་ནས་ལས་ཐམས་ཅད་བྱེད་ཅིང་

དུག་རིམས་དང་དུག་སྦྱར་མ་ལ་སོགས་ཀྱི་དུས་སུ་སྔ་མ་བཞིན་དུ་སྦྱར་ན་ཁུ་ཚུར་གྱིས་ཀྱང་འབྱིན་ཏེ། སྦྲུལ་མགོའི་ཕྱག་རྒྱ་སྨོས་ཅི་དགོས། །ཞེས་བྱ་བ་ཁྱད་པར་དུ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་སྟོན་ཏོ། །དེ་ནས་ཞེས་བྱ་བ་ནི་འཇིགས་

བྱེད་ཆེན་པོའི་དཀྱིལ་འཁོར་དང་བཅས་པ་སྔ་མ་བཞིན་ནོ། །ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་བྱེད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་འཇིགས་བྱེད་རང་གི་འཁོར་བུད་མེད་བརྒྱད་དང་བཅས་པས་བསྐོར་བས་ཕྱག་བྱས་ཏེ་ཞུས་པའི་དོན་ཏོ། །སྐྲག་ཅིང་སྨྱོ་བ་ལ་སོགས་པ་ལ་ཕན་གདགས་

པའི་སླད་དུ་སྙིང་པོ་ཕུལ་ལ་གསོལ་བ་བཏབ་པ་དང་། བཤད་པར་གནང་ནས་འཇིགས་བྱེད་ཆེན་པོ་ཁོ་ནས་འཇིགས་པའི་སྒྲ་ཕྱུང་སྟེ་སྨྲས་པ་ནི་ཨོཾ་བྷེ་ར་ཞེས་བྱ་བ་ནས། ཨོཾ་བ་སྭཱ་ཧཱ་ཞེས་བྱ་བའི་བར་ཡིན་ཏེ། འཇིགས་བྱེད་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་དང་། གཞོན་

ནུ་ཀརྟི་ཀ་དང་། བྷྲྀངྒི་རི་ཏི་དང་། སྟོབས་བཟངས་དང་། ཚོགས་ཀྱི་བདག་པོ་ཁྲོས་པ་དང་བཅས་པ། ཆུང་མ་དང་བཅས་པ་རྣམས་ཀྱི་སྙིང་པོ་ཡིན་ཏེ། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་སྟོན་ཏེ་གང་གི་ཕྱིར་འཇིགས་བྱེད་ཆེན་པོ་ཁོ་ནས་སྨྲས་ཤེ་ན། བཅོམ་ལྡན་འདས་འཇིགས་

བྱེད་ཆེན་པོ་ནི། བརྒྱད་པོ་དེ་དག་བདག་ངག་ཉན། །ཞེས་བྱ་བ་གསུངས་ཏེ་གཙོ་བོ་ཡིན་པའི་ཕྱིར་ངག་ཉན་པའོ། །ཏིང་ངེ་འཛིན་གསུམ་པ་ནི་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་སྟོན་ཏེ་དེ་བཞིན་དུ་བསྙེན་པ་

ལ་སོགས་པ་ཐམས་ཅད་བྱས་ལ་ཕྱིའི་དཀྱིལ་འཁོར་བྲི་བའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་དང་བཅས་པ་བྲིས་ནས། རྡོ་རྗེ་འཛིན་པ་ཁྲོ་བོ་འཇིགས་བྱེད་ཆེན་པོ་ཆུང་མ་དང་བཅས་པ་ཞབས་འོག་ཏུ་ནོན་པར་བྲི། ཤར་ཕྱོགས་ཀྱི་རྩིབས་སུ་བརྒྱ་བྱིན་ལ་སོགས་པ། ལྷོའི་ཕྱོགས་ཀྱི་རྩིབས་

Vol. 67 · folio 268b

ལ་ཚངས་པ་ཁྲོས་པ། ནུབ་ཕྱོགས་ཀྱི་རྩིབས་ལ་གཏོགས་འདོད་ཁྲོས་པ། བྱང་ཕྱོགས་ཀྱི་རྩིབས་ལ་གཞོན་ནུ་ཀརྟི་ཀ་ཁྲོས་པ། ཤར་ལྷོའི་རྩིབས་ལ་ཚོགས་ཀྱི་བདག་པོ་ཁྲོས་པ། ལྷོ་ནུབ་ཀྱི་མཚམས་སུ་བྷྲྀངྒི་རི་ཏི་ཁྲོས་པ། ནུབ་བྱང་གི་མཚམས་སུ་དགའ་བྱེད་དབང་ཕྱུག་ཁྲོས་པ། བྱང་ཤར་གྱི་རྩིབས་

ལ་སྟོབས་བཟངས་ཁྲོས་པ་ཆུང་མ་དང་བཅས་པ་བྲི་བར་བྱའོ། །རྒྱུད་འདིར་ནི་ལྷ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་དང་གདན་དང་དབྱིབས་ལ་སོགས་པ་མ་བསྟན་པ་ནི་འགྲོ་བ་འདུལ་བ་རྣམས་ཀྱི་ཕྱག་མཚན་ལ་སོགས་པ་ངེས་པ་མེད་པའི་ཕྱིར་མ་བསྟན་ཏོ། །ཡང་དཀྱིལ་འཁོར་དུ་

དགོད་པའི་དུས་སུ་ནི་བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་གཞན་རྣམས་ལས་ཤེས་པར་བྱའོ། །འདིར་ཡང་སྒོ་བ་རྣམས་ནི་ཁྲོ་བ་དང་ལྡན་པར་བྲི་ལ། སྔར་བཤད་པ་བཞིན་དུ་བུམ་པ་ལ་སོགས་པ་རྣམས་གཞག་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གསུམ་དང་ལྡན་པས་སྒོ་དབྱེ་བ་

ལ་སོགས་པ་ལྕགས་ཀྱུ་ལ་སོགས་པས་ལས་བྱ་སྟེ་ཁྲག་གིས་བཀང་པའི་ཐོད་པས་མཆོད་པ་དང་། ཤ་ཆང་གི་གཏོར་མ་དང་། སྣོད་མགོའི་ཐོད་རྣམས་ཁྲག་ཆང་གིས་བཀང་བ་གཞག །བུམ་པ་བརྒྱད་འཇིགས་བྱེད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཀྱིས་མཆོད་ཅིང་ཕྱི་རོལ་དུ་གཏོར་མ་བྱིན་

ལ་གནང་བ་ནོད་པའི་བར་དུ་བྱའོ། །དེ་ནས་འཇིག་རྟེན་གསུམ་རྒྱལ་པོའི། །ཞེས་བྱ་བ་ལ་སོགས་པས་སློབ་མ་གཞུག་པ་སྟོན་ཏོ། །སློབ་དཔོན་གྱི་ལས་རྣམས་ཀྱི་རྗེས་ཐོགས་ལ་འདིར་འཇུག་པའི་ཕྱག་རྒྱ་ནི་དྲག་པོ་ཡིན་པའི་ཕྱིར་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱས་སྔར་བཤད་པ་བཞིན་དུ་

བཅུག་ལ། བུམ་པའམ་མགོའི་ཐོད་པ་བརྒྱད་ཀྱི་ཁྲག་ལྕེ་ལ་མྱང་དུ་གཞུག་ཅིང་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འདི་ཉིད་དུ་དབང་ཐོབ་པ་ལ་སྦྱིན་པར་སྟོན་ཏོ། །དེ་ནས་དང་པོར་རེ་ཞིག་བུད་མེད་ཀྱི་ཁྱིམ་མམ། ཤིང་གཅིག་པར་

ལྕེ་དང་ལག་པ་བྱིན་རླབས་ནས་བརྩམས་ཏེ་འཇིག་རྟེན་གསུམ་རྒྱལ་དུ་བསྐྱེད་ནས་མཆོད་དེ། ཨོཾ་བྷཻ་ར་ཞེས་བྱ་བ་འབུམ་ཕྲག་བཞིར་བཟླས་པ་ནས་ཐ་མར་མཚན་ཡལ་ནས་སུ་གནས་ཏེ་དེ་ནས་སྒྲ་ཐོས་ནས་ཁྲག་གི་ཐོད་པ་ཕུལ་ཏེ་འཇིགས་བྱེད་དེ་མཐོང་བར་འགྱུར་རོ། །ཁམས་གསུམ་རྣམ་

Vol. 67 · folio 269a

རྒྱལ་ཧཱུཾ་ཞེས་བྱ་བ་དྲན་པར་བྱེད་ཅིང་ཐོད་པ་བཀང་སྟེ་ཡང་ཕུལ་ན་གྲུབ་ནས་ཅི་འདོད་ཅེས་བྱ་བར་སྨྲ་བར་བྱེད་དེ་ས་སྦྱིན་པ་མ་གཏོགས་པར་ཁམས་གསུམ་རྣམ་རྒྱལ་གྱི་ང་རྒྱལ་དུ་བསྒོམས་པས་གསོལ་བ་བཏབ་ན་ཁུ་བ་ལ་སོགས་པ་ཐམས་ཅད་སྦྱིན་པར་བྱེད་དོ། །མི་སྐྲག་པར་བྱ་

སྟེ་སྐྲག་ན་དེ་མ་ཐག་ཏུ་གསོད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ལྷ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་སྟོན་ཏེ། དེ་ནས་ཞེས་བྱ་བ་སྔ་མ་བཞིན་ཏེ་ཚངས་པ་ལ་སོགས་པ་དང་བཅས་པའོ། །ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཆེན་པོ་རྣམས་ཀྱིས་རྡོ་རྗེ་

འཛིན་པ་ལ་ཕྱག་བྱས་ཏེ་ཞུས་པའི་དོན་རང་གི་སྙིང་པོ་བཤད་པར་འདོད་པ་ལ་བྱིན་གྱིས་བརླབ་པར་གསོལ་བ་བཏབ་ནས། རང་གི་སྙིང་པོ་སྨྲས་པ་ཞེས་བྱ་བ་ནས་ཀྲ་ཞེས་བྱ་བའི་མཐར་ཐུག་པར་ཏེ་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། བརྒྱ་བྱིན་དང་། གཏོགས་འདོད་དང་། གཞོན་ནུ་ཀརྟི་

ཀ་དང་ཚོགས་ཀྱི་བདག་པོ་དང་བྷྲྀངྒི་རི་ཏི་དང་སྟོབས་བཟངས་རྣམས་ཀྱི་ཡིན་ནོ། །འདིའི་བཤད་པ་སྔ་མ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་གསུམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་བསྟན་ཏོ། །

བསྙེན་པ་ལ་སོགས་པ་ཐམས་ཅད་བྱས་ལ་དེ་ནས་ཚེ་དཔག་ཏུ་མེད་པ་བཞིན་དུ་དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པ་བྲིས་ལ། ལྟེ་བ་ལ་རྡོ་རྗེ་འཛིན་པ་ཁྲོ་བོ། ཤར་གྱི་རྩིབས་ལ་དབང་ཕྱུག་ཆེན་པོ། །ལྷོའི་རྩིབས་ལ་བརྒྱ་བྱིན། ནུབ་ཀྱི་རྩིབས་ལ་ཚངས་པ། བྱང་གི་རྩིབས་ལ་གཏོགས་

འདོད། རང་རང་གི་ཆུང་མ་དང་བཅས་པ་བྲི་སྟེ་ལྕགས་ཀྱུ་ལ་སོགས་པ་བཞི་ཡང་ཁྲོས་པ་དང་བཅས་པ་བྲིས་ལ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་དབང་ལྡན་གྱི་མཚམས་ནས་བརྩམས་ནས་སྟོབས་བཟངས་དང་། ཚོགས་ཀྱི་བདག་པོ་དང་། བྷྲྀངྒི་རི་ཏི་དང་། གཞོན་ནུ་ཀརྟི་ཀ་གཞག །བྱ་

དང་བུམ་པ་ལ་སོགས་པ་ཐམས་ཅད་ཀྱང་སྔ་མ་བཞིན་དུ་གཞག །དེ་ནས་ཞུགས་པ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་དང་ཕྱག་རྒྱ་བཞིས་རྒྱས་བདབ་པ་ལ་སོགས་པ་མཆོད་པའི་མཐར་ཐུག་པ་ཐམས་ཅད་དགའ་བ་ཆེན་པོས་མཆོད་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་པ་ནི། །ཞེས་བྱ་བ་ལ་

Vol. 67 · folio 269b

སོགས་པས་སློབ་མ་གཞུག་པའི་ལས་ལ་སོགས་པ་སྟོན་ཏོ། །འདིར་རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ལ་སྔ་མ་བཞིན་དུ་བཅུག་ནས། ཨོཾ་པྲ་ཏཱིཙྪ་ཞེས་བྱ་བ་ལ་སོགས་པས་མེ་ཏོག་དོར་བ། མིག་དབྱེ་བ། བསྟན་པར་བྱ་བ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུའོ། །དེ་ནས་སྔགས་ཀྱིས་

བཏབ་པའི་བུམ་པ་བརྒྱད་ཀྱིས་དབང་བསྐུར། དབང་བསྐུར་བ་ལྷག་མ་ཡང་རྩ་བའི་རྒྱུད་དུ་བཤད་པ་བཞིན་ཤེས་པར་བྱའོ། །དེ་ནས་ལྷ་རྣམས་གང་དགའ་བའི། །ཞེས་བྱ་བ་ལ་སོགས་པས་འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པ་ལ་དངོས་གྲུབ་སྦྱིན་པ་སྟོན་ཏོ། །གང་ལ་དགའ་བའི་སྔགས་

བྱིན་ལ་སྔ་མ་བཞིན་དུ་རྡོ་རྗེ་འཛིན་པ་བསམས་ཏེ་འབུམ་ཕྲག་གཉིས་བསྙེན་པ་བྱས་ནས་ཤིས་པའི་གནས་སུ་དཀྱིལ་འཁོར་ཆེན་པོ་བསམས་ཏེ་བསྒྲུབས་ན་ནམ་ཕྱེད་ན་ལྷ་འོངས་ནས་ཅི་འདོད་པ་སྦྱིན་གྱིས་སོམས་ཏེ་སྨྲོས་ཤིག །དེ་ནས་ལྷ་ལ་གསོལ་བ་ཅི་འདོད་པ་གདབ་བོ། དེ་ནས་བླ་མ་

དང་སློབ་དཔོན་ལ་ཆ་རེ་དབུལ་བ་ནི་རྩ་བའི་རྒྱུད་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུ་གཉིས་པོ་མཐའ་དག་ཏུ་ཞུགས་པའི་འབྲས་བུ་ལམ་བཅོ་ལྔ་དང་། འཇིག་རྟེན་པའི་ཡོན་ཏན་མཐའ་དག་ཀྱང་བསྟན་ཏེ་གོ་

སླ་བས་མ་བཤད་དོ། །འཇིག་རྟེན་པའི་དྲུག་བར་དུ་ཅིའི་ཕྱིར་བསྟན་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་སྐུ་གསུམ་དང་རིགས་གསུམ་གྱིས་བསྡུས་པའོ། །དེ་ཡང་ཀུན་རིག་དང་། གཙུག་ཏོར་དང་། ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གསུམ་གྱིས་བསྟན་པ་དེ་དག་རྟོགས་པར་

བྱ་བའི་ཕྱིར་དང་པོར་སྟོན་ཏོ། །དེ་ནས་དེ་དག་ལ་འཇུག་པ་ཡང་བྱང་ཆུབ་སེམས་དཔའ་མོས་པའི་ས་ཡན་ཆད་ཐོབ་པ་ཡིན་པས་སྦྱོར་བའི་ལམ་ལ་གནས་པ་ཐོབ་པའི་རང་བཞིན་ཅན་རྒྱལ་པོ་བཞི་དང་ཕྱོགས་སྐྱོང་བཅུ་དང་། གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དང་དབང་དང་དམ་ཚིག་དང་གཙོ་བོར་

གྱུར་པ་སྟོན་ཏོ། །སྦྱོར་བའི་ལམ་མངོན་པར་རྟོགས་པ་དང་འབྲེལ་པའི་རང་བཞིན་ལ་གཞན་གྱི་དོན་བྱེད་པ་གཙོ་བོར་འགྱུར་བས། ཀླུ་ཆེན་པོ་བརྒྱད་དང་འཇིགས་བྱེད་ཆེན་པོ་དང་། ལྷ་ཆེན་པོའི་དཀྱིལ་འཁོར་གཙོ་བོར་གྱུར་པ་བསྟན་ཏོ། །དེ་དག་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་

Vol. 67 · folio 270a

པ་ཞེས་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་དང་རྒྱལ་པོ་བཞི་དང་འཇིག་རྟེན་སྐྱོང་བ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོ་དང་ནོར་

བཟངས་པོ་ཆེན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་གནས་པ་རྣམས་དང་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཡང་ས་བཅུ་དང་སངས་རྒྱས་ཀྱི་ས་ལ་སྐུ་གསུང་ཐུགས་ཉིད་དུ་འབྱུང་བས་འཆི་བདག་འཇོམས་པ་གསུང་དང་། བདེ་བ་ཆེན་པོ་སྐུ་དང་། ཁྲོ་བོ་ཐུགས་ཀྱི་དཀྱིལ་འཁོར་

ཏེ་གསུམ་གྱིས་བཤད་དོ། །དེ་ལྟར་ན་རྒྱུ་འབྲས་ཀྱི་གོ་རིམས་སུ་བཤད་ནས་ཞེས་བྱ་བ་ཡིན་ལ། གྲངས་ཀྱང་ངེས་པ་འདི་ཙམ་གྱིས་བསྟན་ཏོ། །དེ་ལྟར་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་བཤད་ནས། དོན་དེ་ནས་ཞེས་བྱ་བ་ལ་སོགས་པས་འཆི་བདག་འཇོམས་པའི་དཀྱིལ་འཁོར་སྟོན་ཏེ།

དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་སྦྱོར་བ་དང་པོའི་རྗེས་ཐོགས་ལའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་འཁོར་གྱི་དཀྱིལ་འཁོར་གཟིགས་ནས་ཞེས་བྱ་བ་ལ་སོགས་པ་ལ་མཐུ་ཆེན་པོའི་རིག་བཤད་དུ་གསོལ་ཞེས་བྱ་བ་སྦྱར་རོ། །དེ་ཡང་ཕྱག་ན་རྡོ་རྗེ་ཉིད་ཀྱིས་འཁོར་ལ་གཟིགས་ཏེ་འཛུམ་

པ་དང་། འཁོར་གཡོས་པ་དང་། འགུལ་བ་དང་། འབར་བ་དང་། དགོད་པ་དང་། རྩེ་བ་དང་རྨད་ཀྱི་ཡ་མཚན་སྣང་བར་གྱུར་ཏོ། །དེ་ལ་ལྷ་རྣམས་དམ་པར་གྱུར་ནས་ཕྱག་འཚལ་ཏེ་འཛུམ་པ་མཛད་པའི་རྒྱུ་དྲིས་པ་དང་། ཕྱག་ན་རྡོ་རྗེས་གསན་ནས་ལྷ་རྣམས་ལ་འཆི་བདག་འཇོམས་པར་བྱེད་པའི་རིག་པ་

ཐོས་སམ་ཞེས་བཀའ་སྩལ་པ་དང་། ཕྱག་འཚལ་ཞིང་མགུ་ཞིང་དང་བའི་དད་པ་སྐྱེས་ཏེ་ལེགས་སོ་ཞེས་བྱ་བ་སྔོན་དུ་འགྲོ་བས་ཚེ་བསྲིང་ཞིང་འཆི་བདག་ཞི་བར་བྱ་བ་དང་ངན་སོང་གྲོལ་བར་བྱ་བ་དང་། འཁོར་བ་སྤངས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་རིག་པ་བཤད་

དུ་གསོལ་ཞེས་བྱ་བའི་དོན་ཏོ། །སྔ་མ་ནི་ཚེ་འདི་ལ་གནས་པའི་དོན་དུ་བཤད་པ་ཁོ་ན་ཡིན་ལ། འདི་ནི་འདི་དང་ཕྱི་མ་གཉིས་ཀ་ནས་ཐམས་ཅད་ཡིན་པའི་ཕྱིར་ཁྱད་པར་དེ་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་རྣམས་ཀྱིས་གསོལ་བའི་ཚིག་གསན་ནས་ཞེས་བྱ་བ་ནི་སྔར་གསོལ་བ་

Vol. 67 · folio 270b

བཏབ་པའི་ཚིག་གསན་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རིག་སྔགས་འདི་ཉིད་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་རིག་སྔགས་འདི་ཉིད་སྐུ་ལས་འོད་ཟེར། གསུང་ལས་སྒྲ། ཐུགས་ལས་ངེས་པའི་ཡེ་ཤེས་ཕྱུང་ངོ་ཞེས་བྱ་བའི་དོན་

ཏོ། །དེ་ཉིད་ཨོཾ་པུཎྱེ་ཞེས་བྱ་བ་ལ་སོགས་པའོ། །སྙིང་པོ་རིག་པའོ་ཞེས་བྱ་བ་ནི་སྙིང་པོ་ནི་ཡེ་ཤེས་ལྔའོ། །དེ་ཉིད་ནི་རིག་པའོ། །དེ་སྟོན་པའི་སྒྲ་ལ་ཡང་དེ་སྐད་ཅེས་གདགས་སོ། །འདིས་ནི་ཐམས་ཅད་ཀྱི་འོད་ཀྱི་དཀྱིལ་འཁོར་ལ་བྲི་བའི་རིག་པ་དང་བཟླས་བརྗོད་དུ་བྱ་བ་བསྟན་ཏོ། །ཨོཾ་

དྷི་སྭཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ་ཞེས་བྱ་བ་ནི་མངོན་སུམ་པའི་རྒྱུའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེའི་སྒྲ་ཡང་སྔ་མ་བཞིན་ནོ། །ཕྱག་ན་རྡོ་རྗེའི་སྙིང་པོའོ། །ཨོཾ་བྷྲཱུཾ་སྭཱ་ཧཱ་སྙིང་པོའོ། །ཉེ་བའི་སྙིང་པོ་རིག་པ་ཞེས་བྱས་པ་ལ་སྙིང་པོ་ནི་གཟུགས་ཀྱི་སྐུའོ། །ཉེ་བའི་སྙིང་པོ་ནི་རིག་པའོ། །

མངོན་སུམ་པའི་རྒྱུ་ཡེ་ཤེས་ཏེ་དེའི་སྒྲ་ཡང་སྔ་མ་བཞིན་ནོ། །གཙོ་བོ་ནི་རིག་པའོ། །ཨོཾ་བྲུཾ་སྭཱ་ཧཱ་སྙིང་པོ་ཡང་དག་པར་བསྐུལ་བའོ་ཞེས་བྱ་བ་ནི་ཐུགས་རྗེས་ཐུགས་ཡང་དག་པར་བསྐུལ་བའི་རིག་པའོ། །དེའི་སྒྲ་ཡང་སྔ་མ་བཞིན་ཏེ། ཁྲོ་བོའི་རིག་པའོ། །ཨོཾ་ཏྲཾ་སྭཱ་ཧཱ་སྙིང་པོ་དམ་པའོ་ཞེས་

བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་སྒྲ་ལ་ཡང་དེ་བཞིན་ནོ། །ནམ་མཁའི་སྙིང་པོའི་རིག་པའོ། །ཨོཾ་ཧྲིཾ་སྭཱ་ཧཱ། གསང་བའི་སྙིང་པོའོ་ཞེས་བྱ་བ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཏེ་སྤྱན་རས་གཟིགས་ཀྱི་རིག་པའོ། །འདི་དག་གིས་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་བསྟན་

ཏོ། །སྔ་མ་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་ནས་དེ་དག་གི་དཀྱིལ་འཁོར་བསྟན་ཏེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་བསྟན་ཏེ་སྔ་མ་བཞིན་དུ་བསྙེན་པ་ལ་སོགས་པ་སྔོན་དུ་འགྲོ་བས་

ཕྱིའི་དཀྱིལ་འཁོར་བྲིས་ཏེ། ནང་གི་དཀྱིལ་འཁོར་དུ་འཁོར་ལོ་རྩིབས་བཞི་པ་བྲིས་ལ་དབུས་སུ་དེ་བཞིན་གཤེགས་པ་ཚེ་དང་ཚོགས་དང་གཟི་བརྗིད་ཚད་མེད་པ་གཞག་པ་བྷྲཱུཾ་ཞེས་བྱ་བས་སོ། །སྤྱན་སྔར་ཕྱག་ན་རྡོ་རྗེ་སྟེ་ཧྲི་ཞེས་བྱ་བའི་སྙིང་པོས་གཞག་གོ། །བྱང་ཕྱོགས་སུ་ཁྲོ་བོ་སྟེ་ཀྲུཾ་

Vol. 67 · folio 271a

ཞེས་བྱ་བའི་སྙིང་པོས་སོ། །ལྷོ་ཕྱོགས་སུ་ནམ་མཁའ་སྙིང་པོའི་སྙིང་པོ་སྟེ། ཏྲཾ་ཞེས་བྱ་བའི་སྙིང་པོས་སོ། །ནུབ་ཕྱོགས་སུ་སྤྱན་རས་གཟིགས་ཏེ་ཧྲི་ཞེས་བྱ་བའི་སྙིང་པོས་སོ། །ཀུན་གྱི་འོད་ལ་ཨོཾ་པུ་ཎྱེ་ཞེས་བྱ་བ་ལ་སོགས་པའི་རིག་པ་བྲིའོ། །དབང་བསྐུར་

བའི་བུམ་པ་ལྔ་དང་། མཆོད་པའི་བུམ་པ་བརྒྱད་དང་། ཏྲཾ་ཞེས་བྱ་བའི་སྔགས་ཀྱི་བཟླས་བརྗོད་བྱས་ཏེ་གཞག་གོ། །བདུག་པ་ལ་སོགས་པའི་མཆོད་རྫས་ཀུན་ལ། ཀྲུཾ་ཞེས་བྱ་བའི་བཟླས་པས་གཞག། གཞན་ཡང་མཆོད་པའི་ལྷ་མོ་བརྒྱད་དང་སྒོ་བ་བཞི་སྔ་མ་བཞིན་དུ་བྲིའོ། །དེ་ནས།

དགོངས་ཀའི་དུས་ལ་བབ་པ་དང་། །ཞེས་བྱ་བ་ནི་དེ་ནས་སྔགས་མཁན་བདག་ཉིད་ཞུགས་ལ་བདེ་བར་གཤེགས་པ་སྲས་དང་འབངས་སུ་བཅས་པའི་འཁོར་གྱིས་བསྐོར་ཏེ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ་། །དེ་ནས་བདག་ཉིད་དབང་བསྐུར་ཏེ། །སྐྱིལ་ཀྲུང་བཅས་ཏེ་འདུག་ལ་སྟོང་ཕྲག་བརྒྱར་

བཟླས་ན་དེ་བཞིན་གཤེགས་པའམ་རྡོ་རྗེ་འཛིན་པའམ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཀྱང་རུང་སྟེ་མངོན་སུམ་དུ་མཐོང་ནས་འདོད་པའི་མཚན་མ་སོ་སོར་ཐོབ་པར་འགྱུར་རོ། །ཅི་སྟེ་མཉམ་པར་མ་བཞག་ན་ཡིད་ཀྱིས་ཐམས་ཅད་ནུས་པར་འགྱུར་རོ། །དེ་ནས་རྡོ་རྗེ་འཛིན་མའི་

ཕྱག་རྒྱ་བཅིངས་ནས། ཨོཾ་བཛྲ་དྷཱ་ར། རཏྣ་དྷཱ་ར། པདྨ་དྷཱ་ར། བི་ཤྭ་དྷཱ་ར། ཏ་ཐཱ་ག་ཏ་ས་མ་ཡ་མ་ཏི་ཀྲ་མ་ཐ་ཏ་ཐཱ་ག་ཏ་ས་མ་ཡ་དྷཱ་ར་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་ང་རྒྱལ་བསྐྱེད་ལ་ཞེས་བྱ་བ་ནི་སྔགས་པ་ཉིད་ཞུགས་ལ་ལྷག་ཆད་ཞི་བར་བྱས་ནས་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་སྒོ་ཕྱེ་སྟེ། རྒྱལ་

བ་སྲས་དང་བཅས་པ་རིག་པ་དང་ལྷན་ཅིག་སྤྱན་དྲང་ངོ་། །དེ་ནས་ལྕགས་ཀྱུ་ལ་སོགས་པས་ལས་བྱ། ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར། བཟླས་པ་དང་། མཆོད་པ་དང་། གཏོར་མ་དང་། སྦྱིན་སྲེག་དང་གནང་བ་ནོད་པའི་བར་དུ་བྱའོ། །དེ་ནས་སློབ་མ་འཇུག་པའི་ཆོ་གས་

ཞུགས་ཏེ། བདག་ཉིད་དབང་ཉི་ཤུ་རྩ་གཅིག་བསྐུར་ནས། སྐྱིལ་ཀྲུང་བཅས་ནས་འབུམ་བཟླས་ན་དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་གྱི་གཙོ་བོ་མངོན་སུམ་དུ་མཐོང་ནས་འབྲས་བུ་མཆོག་ཐོབ་པོ། །བཟླས་བརྗོད་མ་བྱས་ཀྱང་ཡིད་ཀྱིས་ལས་ཐམས་ཅད་བྱེད་ནུས་པར་

Vol. 67 · folio 271b

འགྱུར་རོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས། རྡོ་རྗེ་འཛིན་གྱི་ཕྱག་རྒྱས་འཇུག་པ་ཡིན་ནོ་ཞེས་བྱ་བའམ། རིན་ཆེན་འཛིན་དང་། པདྨ་འཛིན་དང་། ཁྲོ་བོ་དང་དེ་བཞིན་གཤེགས་པའི་འཇུག་པ་ནི་ང་ཡིན་ཞེས་ང་རྒྱལ་བསྐྱེད་ལ་ཞེས་བྱ་བའི་དོན་ཏོ། །དེ་ནས་སློབ་མ་རྣམས་

གཞུག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་སློབ་མ་གཞུག་པ་ལ་སོགས་པ་སྟོན་ཏེ་དེ་ཡང་རྩ་བའི་རྒྱུད་དུ་བཤད་པ་བཞིན་དུ་ཡེ་ཤེས་དབབ་པའི་མཐར་ཐུག་པ་བྱས་ལ་འདིར་མེ་ཏོག་དོར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོ་ས་མ་ཡ་སྟྭཾ། དེ་ཉིད་བརྗོད་ལ་མགོ་ལ་བཅིངས་གདོང་

གཡོགས་དགྲོལ། །ལྷ་ངོ་བསྟན་འཇུག་པའི་ཕྱག་རྒྱ་སྙིང་གར་བསྟན། དབང་བསྐུར་བར་བྱ་སྟེ་སྔ་མ་བཞིན་དུ་ཤར་ཕྱོགས་ཀྱི་སྒོར་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་བཛྲ་དྷཱ་ཏུ་ཨཛྙཱ་ཧཱུཾ་བྷྲཱུཾ། ཞེས་བྱ་བ་དང་གཙོ་བོའི་བུམ་པས་དབང་བསྐུར་རོ། །ཨོཾ་བཛྲ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། ཞེས་

བྱས་པས་རྡོ་རྗེ་འཛིན་པའི་བུམ་པས་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ་ཏྲཾ། ཞེས་བྱ་བས་ནམ་མཁའི་སྙིང་པོའི་བུམ་པས་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱིཿ། ཞེས་པས་སྤྱན་རས་གཟིགས་ཀྱི་བུམ་པས་དབང་བསྐུར་རོ། །དེ་ནས་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ་ཀྲུཾ་ཞེས་བྱ་བ་དང་

ཁྲོ་བོའི་བུམ་པས་དབང་བསྐུར་རོ། །དབང་ལྷག་མ་ཉི་ཤུས་ཀྱང་དབང་བསྐུར་བར་བྱ་སྟེ། དེ་ལ་དམ་ཚིག་ནི་འདི་ཡིན་ནོ། །དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་དང་བླ་མ་མི་སྤང་ངོ་། །སྲོག་ཆགས་མི་གསད་མ་བྱིན་པར་མི་བླང་། བརྫུན་དུ་སྨྲ་བར་མི་བྱ། གཞན་གྱི་བུད་མེད་ལ་

མི་སྤྱད། །བླ་མའི་གྲིབ་མ་ལ་མི་འགོམ། །སློབ་དཔོན་དུ་ཡོན་ཏན་ཅན་མ་ཡིན་པ་མི་གཟུང་། སློབ་དཔོན་གྱི་མཚན་ནས་མི་བརྗོད། སྔགས་དང་ཕྱག་རྒྱ་དང་ལྷ་ལ་མི་སྨད་གལ་ཏེ་གླེན་པས་སྨད་ན་ནད་ཀྱིས་ཐེབས་ནས་འཆི་བར་འགྱུར་རོ། །སྙིང་པོ་དང་ལྷའི་གྲིབ་མ་དང་ཕྱག་རྒྱ་དང་གོམ་

པས་མི་འགོམ། དཀོན་མཆོག་གསུམ་དང་བསྟན་པ་ལ་གནོད་པ་དང་བླ་མ་ལ་སྨོད་པ་རྣམས་ངན་སྔགས་ཀྱིས་གསད་པར་བྱའོ། །ལོག་པར་ལྟ་བ་དང་སྡིག་པ་སྤྱོད་པ་དང་སེམས་ཅན་ལ་གནོད་པ་དང་དམ་ཚིག་ལ་སྡང་བ་རྣམས་སྙིང་རྗེ་ཆེན་པོས་ངན་སྔགས་ཀྱིས་གསད་པར་བྱའོ། །འཇུངས་

Vol. 67 · folio 272a

པ་ཅན་གྱི་ནོར་བླངས་ལ། །ཕོངས་པ་རྣམས་ལ་སྦྱིན་པར་བྱ། །བླ་མ་ལ་མཆོད་པ་བྱ་བའི་ཕྱིར་དང་། དམ་ཚིག་བསྒྲུབ་པའི་ཕྱིར་དང་། དཀྱིལ་འཁོར་མཆོད་པའི་ཕྱིར་དང་། དམ་ཚིག་ཅན་ལ་ཕན་པའི་ཕྱིར་དང་། རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པའི་ཕྱིར་

དུ་འཇུངས་པ་རྣམས་ཀྱི་ནོར་དབྲོག་གོ། །སེམས་ཅན་ལ་ཕན་པར་འདོད་པས་བླ་མའི་ནོར་དང་། སྲོག་ཆགས་ཀྱི་སྲོག་བསྲུང་བའི་ཕྱིར་བརྫུན་དུ་སྨྲ་བར་བྱའོ། །སངས་རྒྱས་མཉེས་པར་བྱ་བའི་ཕྱིར་དམ་ཚིག་སྲུང་བ་དང་བསྒྲུབ་པའི་ཕྱིར་གཞན་གྱི་བུད་མེད་བསྟེན་པར་བྱའོ། །དེ་དག་ཀྱང་

ཇི་ལྟ་བུ་ཞེ་ན། རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་ཐམས་ཅད་སྤྱད་ཅིང་བསྒྲུབས་ན་འགྲུབ་པར་འགྱུར་ཏེ་མཉེས་པར་མི་འགྱུར་ན། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཐབས་ཀྱིས་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེ་ནས་བཀའི་དབང་བསྐུར་བར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་

ལག་ཏུ་བྱིན་ལ་ལས་ཀྱི་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ནི་རྩ་བའི་རྒྱུད་དུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །དེ་ནས་བླ་མ་ལ་ལུས་དང་ནོར་དང་དབྱིག་དང་འབྲུ་དང་སྟན་དང་བྲན་དང་ཁང་པ་དང་རྒྱལ་པོ་ཡིན་ན་རྒྱལ་སྲིད་དང་བུ་དང་བུ་མོ་དང་ཆུང་མ་དང་མ་དང་སྲིང་མོ་དང་ཚ་བོ་དང་།

གཞན་ཡང་ཅི་བཞེད་པ་ཐམས་ཅད་རང་ལ་ཕན་པའི་ཕྱིར་བླ་མ་ལ་དབུལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བྱང་ཆུབ་བར་དུ་ནི། །ཞེས་བྱ་བ་ལ་སོགས་པས་དངོས་གྲུབ་སྟོན་ཏེ། འདི་ཉིད་དུ་དབང་དང་དམ་ཚིག་ཐོབ་པ་དེ་ནས་བྱང་ཆུབ་ཐོབ་པའི་བར་དུ་སངས་རྒྱས་ཉིད་དང་། བྱང་ཆུབ་སེམས་དཔའ་

དང་འཇིག་རྟེན་པའི་མཐུ་ཆེན་རྣམས་སྒྲུབ་པར་འདོད་པས་སློབ་དཔོན་ལ་དངོས་གྲུབ་རྣམས་གསོལ་བ་གདབ་བོ། །དེ་ནས་སློབ་མ་ལ་ཕན་པའི་ཕྱིར་སློབ་དཔོན་སེར་སྣ་མེད་ཅིང་སེམས་དད་པ་དང་ལྡན་པའི་སློབ་མ་ལ་དངོས་གྲུབ་རྣམས་སྦྱིན་པར་བྱའོ་ཞེས་བྱ་བ་སྦྱིན་ནོ། །ཇི་ལྟ་བུ་སྦྱིན་ཞེ་ན། ཆོས་

རྣམས་ཐམས་ཅད་དངོས་མེད་པར། །སེམས་ཀྱིས་བསྒོམ་པ་བྱས་ནས་ཀྱང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །བསམས་ནས་དམ་ཚིག་ཕྱག་རྒྱ་དག །བསམས་ཤིང་དེ་བཞིན་དེ་ཉིད་དུ། །སྒྲུབ་པ་ཡིས་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། །

Vol. 67 · folio 272b

དེ་ནས་རང་གི་ས་བོན་དང་། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ། །ལྟག་འོག་གོ་རིམས་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་ང་རྒྱལ་བསྐྱེད་ནས་ཀྱང་། །ཞེས་བྱ་བ་གསུངས་ཏེ། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་མཚན་ཉིད་འཛིན་པས་ན་ཆོས་

ཏེ་དངོས་པོ་ཐམས་ཅད་དོ། །དངོས་པོ་མེད་པར་ཞེས་བྱ་བ་ནི་རྒྱུ་དང་བྲལ་བས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་བྲལ་བ་དེ་ཡང་རྒྱུ་ཡོད་པ་ལས་སྐྱེའམ་མེད་པ་ལས་སྐྱེའམ་གཉི་ག་ལས་སྐྱེ་ཞེ་ན། ཅི་དང་པོར་ཡོད་པ་ལས་མ་ཡིན་ཏེ་ངོ་བོ་ཉིད་ཡོངས་སུ་གྲུབ་ཟིན་པ་ནི་མ་འོངས་པའི་དུས་གཞན་

དུ་སྐྱེ་བ་དོན་དུ་མི་རིགས་སོ། །གཞན་དུ་གལ་ཏེ་ཡོད་པ་སྐྱེ་བར་འགྱུར་བ་ནི་སྐྱེས་ཟིན་པའང་སྐྱེ་བར་འགྱུར་རོ། །མེད་པ་ལས་ཀྱང་མི་སྐྱེ་སྟེ་ཤིན་ཏུ་གཟུགས་མེད་པའི་རི་བོང་གི་རྭ་ལ་སོགས་པ་དང་འདྲ་ཞིང་སྐྱེ་བར་འཇུག་པ་དང་མི་ལྡན་པའི་ཕྱིར་རོ། །གཞན་དུ་འདི་དག་ཐམས་ཅད་མེད་

པར་འགྱུར་ཞིང་གང་གི་ཕྱིར་དངོས་པོའི་ཕྱོགས་གང་ཡང་རུང་བ་འགའ་ཞིག་ལས་ཀྱང་དངོས་པོ་ཐམས་ཅད་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བས་རྒྱུ་དང་འབྲས་བུ་ངེས་པ་མེད་པར་འགྱུར་རོ། །གལ་ཏེ་སོ་སོའི་ནུས་པ་ངེས་པར་མི་འགྱུར་བར་དངོས་པོ་འདི་རྣམས་ཀྱི་ནུས་པ་སོ་སོར་ངེས་པར་གྱུར་

ན་ནི་དངོས་པོ་དེ་རྣམས་ལས་ཅུང་ཟད་ཅིག་སྐྱེ་བར་འགྱུར་བས་ཁྱད་པར་མེད་པས་ཀྱང་ཐམས་ཅད་མེད་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ་འབྲས་བུ་རྣམས་དང་འདྲེས་པའི་གཟུགས་རྣམས་རྐྱེན་དུ་གྱུར་ན་ནི་དེའི་ཚེ་དེ་རྣམས་ཀྱིས་སོ་སོར་ངེས་པའི་འབྲས་བུ་དང་འབྲེལ་པར་འགྱུར་བས་འབྲས་བུ་

གང་ཞིག་ལ་ངེས་པར་ནུས་པ་ཡིན། དེ་ལྟ་ན་ནུས་པ་ངེས་པ་མེད་པ་ཉིད་དུ་གནས་པར་འགྱུར་རོ། །དེ་བས་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བས་བཟློག་དཀའ་བར་འགྱུར་བ་དང་ཡོད་པ་དང་མེད་པའི་ཕྱོགས་སུ་སྨྲས་པའི་ཉེས་པ་དང་འདྲེས་པར་འགྱུར་རོ། །གཉི་ག་

ལས་ཀྱང་མི་སྐྱེ་སྟེ་གཅིག་ལ་ངོ་བོ་ཉིད་གཉིས་སུ་འགྱུར་བ་མེད་དེ། གཅིག་པ་ཉིད་དང་གཉིས་པ་ཉིད་ནི་ཕན་ཚུན་འགལ་བའི་ཕྱིར་དེ་ཡང་། ཡོད་དང་མེད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །མེད་ན་གང་གི་རྐྱེན་དུ་འགྱུར། །གང་ཚེ་ཆོས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words