No title in the text — opening words: རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 69 · folio 119a

གཉིས་ལ་ཡང་ཤེས་པར་བྱ་སྟེ། སྣམ་བུ་གསུམ་དུ་བྱ་བ་ནི། །ས་དེ་འཁོར་ཀྱང་ཐམས་ཅད་དུ། །ཞེས་པ་ནི་དེ་ལྟར་དཀྱིལ་འཁོར་དེ་ཁོར་ཡུག་ཏུ་རིམ་པ་གསུམ་དུ་བྱའོ་ཞེས་པའོ། །རེ་རེ་ལ་ཡང་ཆར་བྱ་བ། །དུམ་བུ་གསུམ་དུ་གཅད་པར་བྱ། །ཞེས་པ་ནི་སྣམ་བུ་

གསུམ་པོ་རེ་རེ་ལ་ཡང་ཆ་གསུམ་དུ་བགོས་པ་ལ། ཆ་གཅིག་ནི་བསྐོར་བའི་སྣམ་བུར་གཞག །ཆ་གཉིས་ནི་ལྷ་རྣམས་ཀྱི་གནས་སུ་བྱ་བ་སྟེ། དེ་བས་ན་གསུངས་པ། ཕྱི་རིམ་ཆ་གཅིག་དོར་བ་ནི། །སྣམ་བུ་གཅིག་བསྐོར་ཕྱི་རུ་སྟེ། །ལྷག་མའི་རིམ་པ་གཉིས་པོ་ནི། །ངེས་པར་

ལྷ་རྣམས་གནས་པར་རོ། །ཞེས་པ་སྟེ་དེ་དག་གིས་སྣམ་བུ་དབྱེ་བའོ། །སྒོ་ཁྱུང་དག་ནི་ཕྱོགས་བཞི་རུ། །བློ་ཅན་གྱིས་ནི་སོ་སོར་བྱ། །ལྷ་རྣམས་དེ་རུ་བྲི་བ་ཡང་། །དཀའ་བར་སྤྱོད་པས་ནན་ཏན་བྱ། །ཞེས་པ་ནི་སྒོ་ཁྱུད་རྣམས་རྣམ་པར་དབྱེ་བ་སྟེ། སྒོ་ཁྱུད་དེ་རྣམས་ཀྱང་ཚད་ནི་དཀྱིལ་

འཁོར་སྣམ་བུའི་དགུ་ཆ་གཅིག་ཏུ་བརྟགས་ཏེ། སྙིང་པོའི་དཀྱིལ་འཁོར་གྱི་ནང་གི་སྒོ་ཁྱུད་རྣམས་ཤར་ཕྱོགས་ཀྱི་སྒོ་ཁྱུད་ནང་དུ་ཆོས་ཀྱི་སྐུའི་ཕྱག་རྒྱ་གཞག་པར་བྱ། བྱང་ཕྱོགས་ཀྱི་ནང་དུ་སྤྱན་རས་གཟིགས་ཀྱི་དབང་པོ་གཞག །ལྷོ་ཕྱོགས་ཀྱི་ནང་དུ་ཕྱག་ན་རྡོ་རྗེ་གཞག །དེའི་ཕྱི་རིམ་

གྱི་སྒོ་ཁྱུད་རྣམས་ལ་ཤར་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་གཞག །ལྷོ་ཕྱོགས་ཀྱི་ནང་དུ་གཤིན་རྗེ་གཞག །བྱང་ཕྱོགས་ཀྱི་ནང་དུ་དབང་པོ་གཞག་པ་སྟེ། གཤིན་རྗེ་དབང་པོ་ལ་སོགས་དེ་རྣམས་ཀྱང་དཀྱིལ་འཁོར་བར་མའི་སྣམ་བུ་ལ་སྒོ་ཁྱུད་ཀྱི་ནང་དུ་འདུག་པ་

ཡང་། བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ཉིད་དུ་རིག་པར་བྱ་སྟེ། གཤིན་རྗེ་ལ་སོགས་པས་འདུལ་བའི་སེམས་ཅན་རྣམས་གདུལ་བའི་ཕྱིར་ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེའི་གཟུགས་སུ་གཙོ་བོར་བྱས་ནས་སྒོ་ཁྱུད་ན་གནས་སོ། །དབང་པོ་ཡང་ལྷ་རྣམས་ཀྱི་རྒྱལ་པོ་སྟེ། གཙོ་

བོར་བྱ་ཞིང་སྒོ་ཁྱུད་ན་གནས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་མི་རྣམས་ཀྱི་གཙོ་བོར་གྱུར་ཅིང་སྒོ་ཁྱུད་ན་བཞུགས་སོ། །སྙིང་པོའི་དཀྱིལ་འཁོར་ན་བཞུགས་པའི་གཙོ་བོར་ཡེ་ཤེས་བཞིའི་རང་བཞིན་དུ་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་

Vol. 69 · folio 119b

ཆུབ་པའི་མཚན་ཉིད་དབུས་ན་བཞུགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཆོས་ཀྱི་སྐུའི་ཕྱག་རྒྱ་ཤར་ན་གནས་པ་ནི་མེ་ལོང་གི་ཡེ་ཤེས་ཀྱི་རང་བཞིན་ནོ། །སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཕྱོགས་ན་གནས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཕྱག་

ན་རྡོ་རྗེ་ལྷོ་ཕྱོགས་ན་གནས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་དུ་རིག་པར་བྱའོ། །དཀྱིལ་འཁོར་གྱི་སྣམ་བུ་གསུམ་པ་ལ་ཤར་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་ན་འཕགས་པ་འཇམ་དབྱངས་གཙོ་བོའི་གཟུགས་སུ་བཞུགས། ལྷོ་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་ན་སྒྲིབ་པ་ཐམས་ཅད་རྣམ་པར་

སེལ་བའི་བྱང་ཆུབ་སེམས་དཔའ་བཞུགས། དེ་བཞིན་དུ་ནུབ་དང་བྱང་ན་ཡང་ནམ་མཁའི་སྙིང་པོ་དང་། སའི་སྙིང་པོ་གཙོ་བོའི་གཟུགས་སུ་སྒོ་ཁྱུད་ན་བཞུགས་པར་ཤེས་པར་བྱའོ། །དེ་བཞིན་འདི་ལྟར་ཀུན་བྱ་བ། །རིམ་པར་ཕྱེ་སྟེ་ཤིན་ཏུ་བརྟག །ཅེས་པ་ནི་གོང་དུ་སྨོས་པ་ལྟར་དཀྱིལ་

འཁོར་གྱི་སྣམ་བུ་བགོ་བ་དང་སྒོ་ཁྱུད་རྣམས་རྣམ་པར་དབྱེ་བ་དང་། སྒོ་ཁྱུད་རྣམས་སུ་གཙོ་བོའི་ལྷ་རྣམས་ཤིན་ཏུ་བྱེ་བྲག་ཕྱེ་བར་དགོད་ཅེས་པའོ། །འབྲས་བུ་པདྨོ་དཀར་པོ་མཆོག །དེ་ཡི་སྙིང་པོ་ཞེས་སུ་བསྒྲགས། །སྙིང་པོ་ངེས་བྱས་ཀུན་ཀྱང་དཀྱིལ་འཁོར་སྙིང་རྗེ་འབྱུང་བ་ཞེས་པ་ནི།

དབུས་ཀྱི་པདྨོ་དཀར་པོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་ལ་བྱ་སྟེ། དཀར་བ་ནི་ཚོགས་དེ་ཉིད་རྣམ་པར་དག་པའོ། །སྙིང་པོ་ནི་འབྱུང་བའི་གནས་ཏེ། བསོད་ནམས་ཀྱི་ཚོགས་ཏེ་བཅོམ་ལྡན་འདས་ཀྱི་སྙིང་རྗེ་ཆེན་པོའི་བདག་ཉིད་འབྱུང་བའི་གནས་སོ། །སྙིང་

རྗེ་ཆེན་པོ་དེ་ལས་དཀྱིལ་འཁོར་འདི་འབྱུང་སྟེ། དེ་བས་ན་སྙིང་པོ་འདི་ལས་འབྱུང་བ་ཞེས་པའོ། །དེ་ཡི་ཚད་ནི་སྨྲས་པ་ཡང་། །ཆེན་པོར་ཡང་ནི་སོར་བཅུ་དྲུག །ཅེས་པ་ནི་དབུས་ཀྱི་པདྨའི་ཚད་སོར་བཅུ་དྲུག་སྟེ། ཆེན་པོར་ཡང་ནི་ཞེས་པ་ནི་དེ་ལས་ལྷག་པར་ཀྱང་རུང་ཞེས་པའོ། །དེའི་དགོངས་པ་ཡང་

འདི་ལྟ་སྟེ། བཅུ་དྲུག་ནི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའོ། །ཆེན་པོར་ཡང་ནི་ཞེས་པ་ནི་དེ་ལས་ལྷག་པ་ཀུན་དུ་བཟང་པོའི་ས་ལ་སོགས་པ་དང་ལྡན་པ་ཞེས་པ་སྟེ། མདོར་ན་པདྨོ་དེ་བཅོམ་ལྡན་འདས་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་གྱི་མཚན་ཉིད་ལྟ་བུར་བལྟའོ། །

Vol. 69 · folio 120a

འདབ་བརྒྱད་ཀྱི་རྫོགས་ལྡན་ཞེས་པ་ནི་བསོད་ནམས་ཚོགས་ཏེ། ཡེ་ཤེས་བརྒྱད་དང་ལྡན་པས་འདབ་མ་བརྒྱད་དུ་གསུངས་སོ། །དེ་ལས་ཡེ་ཤེས་བརྒྱད་ནི་མེ་ལོང་གི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་

ཏན་གྱི་ཡེ་ཤེས་དེ་ཉིད་སྒོ་ལྔའི་རྣམ་པར་ཤེས་པ་ལྔ་ལས་གྱུར་པས་རྣམ་པ་ལྔར་ཕྱེ་སྟེ། ཡེ་ཤེས་དེ་རྣམས་དེ་བརྒྱད་དང་ལྡན་པས་འདབ་མ་བརྒྱད་དུ་གྱེས་སོ། །ཡེ་ཤེས་རྣམས་ཀྱང་ཆོས་ཐམས་ཅད་དམིགས་པ་མེད་པའི་རང་བཞིན་དུ་ཆུད་པ་སྟེ། དེ་ལྟར་ཐམས་ཅད་དམིགས་སུ་མེད་པར་ཆུད་

པས་སྦྱིན་པར་བྱ་བ་དང་། སྦྱིན་པའི་དངོས་པོ་དང་། སྦྱིན་པར་བྱེད་པ་གསུམ་ཆར་ཡང་དམིགས་སུ་མེད་པར་ཆུད་དེ། དེ་བས་ན་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཏེ་ཡེ་ཤེས་ལྟ་བུ་དང་ལྡན་པས་འཁོར་གསུམ་ཡོངས་སུ་དག་པའི་རང་བཞིན་དུ་ཤེས་པར་བྱའོ། །གེ་སར་དང་

ལྡན་ཤིན་ཏུ་བཟང་། །ཞེས་པ་གེ་སར་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུའི་ཡོན་ཏན་དང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་གྲོལ་བ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་མཚན་མར་བརྟག་སྟེ། བསོད་ནམས་ཀྱི་ཚོགས་དེ་ཡང་ཡོན་ཏན་དེ་རྣམས་དང་ལྡན་པ་ཞེས་པའོ། །

འདབ་མའི་བར་ནི་ཀུན་དུ་ཡང་། །ཆུབ་པར་རྡོ་རྗེ་བྲི་བར་བྱ། །ཞེས་པ་རྡོ་རྗེ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ། གོང་དུ་སྨོས་པའི་ཡེ་ཤེས་བརྒྱད་རྣམས་དང་ལྡན་པ་ཞེས་བྱའོ། །དེ་ཡི་སྙིང་པོའི་དབུས་སུ་ནི། །རྒྱལ་བའི་གཙོ་མཆོག་བྲི་ཞེས་པ་ནི་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་རང་བཞིན་

པདྨའི་སྙིང་པོའི་སྟེང་དུ་བྲིས་ཏེ། རྒྱལ་བའི་གཙོ་མཆོག་ཅེས་པ་ནི་བདུད་རྣམས་ལས་རྒྱལ་བ་སྟེ། དེ་རྣམས་ཀྱི་ནང་ན་ཡང་མཆོག་ཅེས་བྱའོ། །འབར་བཅས་གསེར་གྱི་ཁ་དོག་འདྲ། །ཐོར་ཚུགས་ཅོད་པན་འཆང་བ་སྟེ། །མགོན་པོའི་འོད་ཀྱིས་རིམ་པར་བསྐོར། །ནད་དང་བྲལ་བའི་ཏིང་

འཛིན་གནས། །ཤེས་པ་འབར་དང་བཅས་ཞེས་པ་ནི་འབར་བ་ནི་སྲེག་པའི་རང་བཞིན་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྲེག་པའི་རང་བཞིན་གྱི་ཡེ་ཤེས་དང་ལྡན་པ་ཞེས་པའོ། །གསེར་གྱི་ཁ་དོག་འདྲ་ཞེས་པ་ནི་རྒྱལ་བའི་རང་བཞིན་ནོ། །ཐོར་ཚུགས་འཆང་བ་ནི་འོག་མིན་གྱི་གནས་ན་

Vol. 69 · folio 120b

བཞུགས་ན་འོག་མིན་གྱི་གནས་ཀྱི་ལྷ་རྣམས་ཐོར་ཚུགས་དང་བཅས་པ་སྟེ། དེ་དག་དང་མཐུན་པར་བྱ་བའི་ཕྱིར་ཐོར་ཚུགས་དང་ལྡན་པའོ། །ཅོད་པན་འཆང་ཞེས་པ་ནི་ཆོས་ཀྱི་རྒྱལ་པོའམ་དབང་པོར་དབང་བསྐུར་བ་ནི་རིན་པོ་ཆེའི་ཅོད་པན་གསོལ་བའོ། །མགོན་པོའི་འོད་ཀྱིས་རིམ་པར་བསྐོར། །

ཞེས་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་རང་བཞིན་གྱིས་འོད་དང་བ། འོད་ཀྱི་དཀྱིལ་འཁོར་ལས་འཕྲོ་བས་བསྐོར་བ་ཞེས་པའོ། །ནད་དང་བྲལ་བ་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གདོན་དང་བྲལ་བ་ཞེས་པའོ། །ཏིང་ངེ་འཛིན་གནས་ཞེས་པ་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་མི་

གཡོ་བ་རྩེ་གཅིག་ཏུ་གནས་པ་སྟེ། གཟུངས་ཀྱང་ཏིང་ངེ་འཛིན་གྱི་ཚུལ་དུ་གནས་པའོ། །དེའི། ཤར་དུ་སངས་རྒྱས་རྣམས་ཀྱི་ནི། །ཕྱག་རྒྱ་ནན་ཏན་བྲི་བ་ནི། །པདྨའི་སྟེང་དུ་གྲུ་གསུམ་པ། །མཁས་པས་ཀུན་ཀྱང་དཀར་པོ་རུ། །འོད་ཀྱིས་ཀུན་བསྐོར་དང་བ་ནི། །ཐམས་ཅད་དུ་ཡང་

དཀར་པོ་རུ། །ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཤར་ཕྱོགས་སུ་མངོན་པར་སངས་རྒྱས་པ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཕྱག་རྒྱ་གསུམ་པའི་མཚན་ཉིད་དུ་བྲིས་ཏེ། ཤར་ཕྱོགས་སུ་གཞག་པ་ནི་རྒྱ་གར་སྐད་དུ་ཤར་ཕྱོགས་ལ་པཱུརྦ་ཞེས་བྱ། འདས་པའང་

པཱུརྦ་ཞེས་བྱ་སྟེ། དེ་བས་ན་སྔོན་འདས་པའོ་ཞེས་གླེང་བའི་ཕྱིར། ཤར་ཕྱོགས་སུ་གཞག་གོ། །པདྨའི་སྟེང་དུ་གྲུ་གསུམ་བྲི་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །ཕྱག་རྒྱ་དེའི་དབུས་སུ་རྡོ་རྗེ་རྩེ་

ལྔ་པ་བཞག་པ་དང་། གྲྭ་གཉིས་ནས་འོད་གཉིས་འབྱུང་བར་བྱའོ་ཞེས་གསང་བའི་དཀྱིལ་འཁོར་ནས་འབྱུང་བ་སྟེ། རྡོ་རྗེ་རྩེ་ལྔ་པ་གཞག་པ་ནི་ཡེ་ཤེས་ལྔའི་མཚན་མའོ། །འོད་གཉིས་འབྱུང་བར་བྱ་བ་ནི་ཕྱག་རྒྱ་སྟེ་ཆོས་ཀྱི་སྐུའི་མཚན་ཉིད་དེ་ཆོས་ཀྱི་སྐུ་ལས་རྫོགས་ལོངས་སྤྱོད་པའི་

སྐུ་དང་། པདྨོ་ནི་སྔར་བཤད་པའོ། །དཀར་པོ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པ་སྟེ་པདྨོ་ཉིད་ལ་བྱའོ། །འོད་ཀྱིས་བསྐོར་བ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །ཐམས་ཅད་དུ་ཡང་དཀར་པོ་ཞེས་པ་ནི་ཕྱག་རྒྱ་དེ་ཉིད་དཀར་པོ་བྱ་སྟེ་ཡོངས་སུ་དག་པའི་ཕྱིར་རོ། །དེ་ཡི་བྱང་དུ་བྲི་

Vol. 69 · folio 121a

བ་ནི། །མགོན་པོ་ཐམས་ཅད་ཀུན་གྱི་ཡུམ། །འོད་བཅས་གསེར་གྱི་ཁ་དོག་འདྲའོ། །ན་བཟའ་དཀར་པོ་མནབས་པ་སྟེ། །ཀུན་དུ་ཡང་ནི་འབར་བ་ལ། །ཏིང་འཛིན་གནས་བཞིན་མཁས་པའོ། །ཞེས་པ་ནི་ཕྱག་རྒྱ་གྲུ་གསུམ་པའི་བྱང་ཕྱོགས་སུ་བཅོམ་ལྡན་འདས་མ་ནམ་

མཁའི་སྤྱན་བྲི་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་མངོན་པར་བྱང་ཆུབ་པ་དང་ལྡན་པའི་ཤེས་རབ་སྟེ། མགོན་པོ་སངས་རྒྱས་བཅོམ་ལྡན་རྣམས་ཤེས་རབ་དེ་ལས་བྱུང་བས་ན་དེ་མགོན་པོ་རྣམས་ཀྱི་ཡུམ་མོ། །འབར་བཅས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྲེག་པའི་

རང་བཞིན་འབར་བ་དང་བཅས་པའོ། །གསེར་གྱི་ཁ་དོག་ནི་རྒྱས་པའི་རང་བཞིན་ནོ། །ན་བཟའ་དཀར་པོ་མནབས་པ་ནི་ན་བཟའ་ནི་གཡོགས་པར་བྱེད་པ་སྟེ། གཡོགས་པ་དེ་ཉིད་དག་པ་ནི་དཀར་པོ། དེ་བས་ན་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པས་གཡོགས་པ་དག་པའི་མཚན་མ་ནི་ན་

བཟའ་དཀར་པོའོ། །རྣམ་པར་སྣང་ཞིང་ཞེས་པ་ནི་ཤིན་ཏུ་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཀྱི་རང་བཞིན་དུ་ཁྱབ་པའོ། །ཏིང་ངེ་འཛིན་གནས་ཞེས་པ་ནི་མི་གཡོ་བའི་གཟུགས་སུ་གནས་པའོ། །མགོན་པོ་ཡི་ནི་བྱང་ཕྱོགས་སུ། །སྤྱན་རས་གཟིགས་ནི་ལེགས་པར་བྲི། །

དཔའ་བོ་པདྨོ་དཀར་པོའི་སྟན། །དུང་དང་ཀུནྡ་ཟླ་བ་འདྲ། །སྣང་བ་མཐའ་ཡས་ཐོར་ཚུགས་གནས། །ཡིད་ཙམ་འཛུམ་པའི་ཞལ་རས་སུ། །ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡས་རོལ་བྱང་ཕྱོགས་ཀྱི་ངོས་སུ་པདྨོའི་རིགས་ཀྱི་བདག་པོ་སྤྱན་རས་གཟིགས་ཀྱི་དབང་

པོ་བྲི་སྟེ། སྤྱན་རས་གཟིགས་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། གྲོལ་བར་བྱ་བའི་ཕྱིར་གཟིགས་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་གཟིགས་སོ། །དཔའ་བོ་ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་

སྒྲིབ་པའི་རྐུན་པོ་འཇོམས་པ་ལ་དཔའ་བའོ། །པདྨོ་དཀར་པོ་ལ་བཞུགས་པ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་དག་པའི་རང་བཞིན་ནོ། །སྦྱོར་བའི་ལས་པདྨོ་དང་དམར་པོར་གསུངས་ལ་འདིར་དཀར་པོར་གསུངས་པ་དེ་ཡང་སྦྱོར་བའི་རྒྱུད་ནི་ཐབས་གཙོ་བོར་གྱུར་པ་སྟེ། ཐབས་

Vol. 69 · folio 121b

ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་གྲོལ་བར་བྱ་བའི་དོན་ལ་ཞེས་བསྟན་པའི་ཕྱིར་དམར་པོ་བསྟན་ཏོ། །རྒྱུད་འདིར་ནི་ཤེས་རབ་གཙོར་གྱུར་པའི་སྒོ་ནས་ཤེས་རབ་ཀྱི་ཆོས་ཐམས་ཅད་ཤིན་ཏུ་དག་པར་ཆུད་པའི་མཚན་ཉིད་དུ་དཀར་པོར་བསྟན་ཏོ། །དུང་དང་ཀུནྡ་ཟླ་བ་འདྲ། །

ཞེས་པ་ནི་སྐུའི་ཁ་དོག་དུང་དང་མེ་ཏོག་ཀུནྡ་དང་ཟླ་བ་ལྟར་དཀར་བར་ཤེས་པའོ། །སྣང་བ་མཐའ་ཡས་ཐོར་ཚུགས་གནས། །ཞེས་པ་ནི་སྣང་བ་མཐའ་ཡས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ་དེའི་མཚན་མར་བསྟན་པའོ། །གཉིས་སུ་ན་སྦྱོར་བའི་རྒྱུད་ལས་རིགས་སོ་སོའི་དབང་

བསྐུར་བ་སོ་སོ་པདྨོའི་རིགས་ལ་སྣང་བ་མཐའ་ཡས་ཀྱིས་དབང་བསྐུར་བའི་ཕྱིར་རོ། །ཡིད་ཙམ་འཛུམ་པའི་ཞལ་ཞེས་པ་ནི་ཏིང་ངེ་འཛིན་དུ་མི་གནས་པར་སེམས་ཅན་གྱི་དོན་དུ་ཆོས་ལ་སོགས་པ་བཤད་པའི་ཕྱིར། འཛུམ་ཞིང་ཞལ་མ་བཙུམས་པའི་དོན་དུ། དེ་ཡི་གཡས་སུ་བྲི་བ་ནི། །སྒྲོལ་

མའི་ལྷ་མོ་གྲགས་ཆེན་ཏེ། །ལྗང་གུ་གདངས་བཞིན་ཁ་དོག་མང་། །བུད་མེད་ན་ཆུང་ཚད་དང་འདྲ། །ཐལ་སྦྱར་མེ་ཏོག་ཨུཏྤལ་ཐོགས། །འོད་རྣམས་ཀུན་གྱིས་ཀྱང་ནི་བསྐོར། །འོད་གསལ་ཀུན་ཀྱང་འབྱུང་བཞིན་ཏེ། །ན་བཟའ་ཡང་དག་དཀར་མནབས་པའོ། །ཞེས་པ་ནི་སྤྱན་རས་གཟིགས་

ཀྱི་དབང་པོ་སེམས་ཅན་གྱི་ཁམས་ལ་གཟིགས་ནས་བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་སོགས་པ་ཐམས་ཅད་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོས་ཏེ་བསྒྲལ་ཀྱང་སེམས་ཅན་དེ་དག་མ་ལུས་པར་འཁོར་བ་ལས་རྒལ་བར་མ་གྱུར་པ་གཟིགས་ནས་ཐུགས་རྗེ་ཆེན་

པོའི་ཤུགས་ཀྱིས་བཤུམས་པ་ལས་སྒྲོལ་མའི་ལྷ་མོ་མང་པོ་བྱུང་ནས་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པའི་གཟུགས་སུ་གྱུར་པ་སྟེ་དེ་བས་ན་སྒྲོལ་མའི་ལྷ་མོའོ། །གཞན་ཡང་རྣམ་པ་དུ་མ་རྒྱུད་གཞན་ལས་ཤེས་པར་བྱའོ། །གྲགས་ཆེན་ཞེས་པ་ནི་ཡོན་ཏན་གྱི་ཚིག་གོ། །ལྗང་གུ་གདངས་

བཞིན་ཞེས་པ་ནི་ཁ་དོག་དཀར་པོ་དང་སྔོན་པོ་དང་སེར་པོ་ལ་སོགས་པ་བསྡུས་པ་ལས་ལྗང་གུར་འགྱུར་ཏེ། ཁ་དོག་དཀར་པོ་དང་སྔོན་པོ་ལ་སོགས་པ་ནི་ཞི་བ་དང་རྒྱས་པ་དང་མངོན་པར་སྤྱོད་པའི་ལས་ཀྱི་མཚན་མ་སྟེ། དེ་དག་གཅིག་ཏུ་བསྡུས་པ་ནི་ལས་ཐམས་ཅད་བྱེད་པའོ། །གཟུགས་མེད་

Vol. 69 · folio 122a

པོ་ཞེས་པ་ནི་སེམས་ཅན་རྣམ་པ་མང་པོའི་དོན་དུ་བར་བར་ཕོའི་གཟུགས། བར་བར་མོའི་གཟུགས་རྣམ་པ་དུ་མར་འགྱུར་བའི་ཕྱིར་རོ། །བུད་མེད་ན་ཆུང་ཚད་དང་འདྲ། །ཞེས་པ་ནི་ཡོན་ཏན་མ་རྫོགས་ཏེ་གཞོན་པ་ཡང་མ་ཡིན། ཡོན་ཏན་རྣམས་ལས་འདས་པའི་བྱང་ཆུབ་ཉིད་མྱ་ངན་

ལས་འདས་པར་གྱུར་པའི་ཚུལ་དུ་རྒས་པ་ཡང་མ་ཡིན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་མཚན་ཉིད་ནི་ཚད་ལ་བབ་པའོ། །ཐལ་སྦྱར་མེ་ཏོག་ཨུཏྤལ་ཐོགས། །ཞེས་པ་ནི་རྣམ་པར་གྲོལ་བའི་སྒོ་སྣ་ཚོགས་འཛིན་པ་སྟེ། དེ་བས་ན་ཨུཏྤ་ལའི་འདབ་མ་རལ་གྲི་ལྟ་བུ་ནི་ཤེས་རབ་རྣམ་

པར་གྲོལ་བའི་སྒོ་ལྟ་བུར་ཤེས་པར་བྱའོ། །འོད་རྣམས་ཀྱིས་ནི་ཀུན་དུ་བསྐོར། །ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །འཇིགས་པ་སེལ་བ་ཞེས་པ་ནི་ཞི་ཞིང་རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་འཇིགས་པ་བརྒྱད་སེལ་བར་བྱེད་པའོ། །ན་བཟའ་ཡང་ནི་དཀར་པོ་མནབས་པ་ནི་ངོ་ཚ་བ་དང་

ལྡན་པའི་མཚན་མ་སྟེ། ཇི་ལྟར་གོས་ཀྱིས་གཡོགས་ཤིང་མི་སྣང་བར་བྱ་བ་བཞིན་དུ་ངོ་ཚ་བ་ཡང་འཆབ་ཅིང་སྦ་བའི་མཚན་མ་སྟེ་ངོ་ཚ་བ་དེ་དང་ལྡན་པའོ། །དཀར་བ་ནི་ངོ་ཚ་ཉིད་རྣམ་པར་དག་པའི་མཚན་མའོ། །ཅིའི་ཕྱིར་ངོ་ཚ་བ་དང་ལྡན་ཞེ་ན། ངོ་ཚ་བ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་དེ་

བཞིན་དུ་འོག་ནས་འཆད་དོ། །ཁྲོ་གཉེར་མ་ནི་གཡོན་ཕྱོགས་བྲི། །སྔགས་ཀྱི་ནོར་བུ་ཕྲེང་འཆང་བ། །ལྷ་མོ་སྤྱན་གསུམ་ཐོར་ཚུགས་ཅན། །ཁ་དོག་རྣམས་ཀྱང་དཀར་པོ་སྟེ། །འོད་ཀྱི་འཁོར་གྱིས་དེ་བསྐོར་བ། །དཀར་པོ་དམར་པོ་སེར་པོ་རྣམས། །ཞེས་པ་ནི་སྤྱན་རས་གཟིགས་ཀྱི་གཡོན་རོལ་དུ་

ཁྲོ་གཉེར་མ་བྲི་སྟེ། ཁྲོ་གཉེར་མ་ཞེས་པ་ནི་འབྲས་བུ་ལ་རྒྱུས་བརླན་པའི་མཚན་མ་སྟེ་སྤྱན་རས་གཟིགས་ཀྱི་དབང་པོའི་སྨིན་མཚམས་ཀྱི་ནང་ནས་ལྷ་མོ་དེ་ཕྱུང་སྟེ། ཁྲོ་གཉེར་གྱི་རྒྱུད་ལས་བྱུང་བས་ན་ཁྲོ་གཉེར་མ་ཞེས་བྱའོ། །སྔགས་ཀྱི་ནོར་བུའི་ཕྲེང་བ་འཆང་། །ཞེས་པ་ནི་ལྷ་མོ་དེ་ཁྲོ་བོའི་བདག་

ཉིད་འབའ་ཞིག་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྡན་པར་བསྟན་པ་སྟེ། སྔགས་ཀྱི་ནོར་བུ་ཕ་རོལ་ཏུ་ཕྱིན་པའི་མཚན་མའོ། །སྤྱན་གསུམ་པ་ནི་ཁྲོ་བོའི་བདག་ཉིད་དོ། །ཐོར་ཚུགས་ཅན་ཞེས་པ་ནི་འོག་མིན་གནམ་གྱི་ལྷ་རྣམས་དང་རིགས་མཐུན་པའི་ཁ་དོག་རྣམས་ཀྱང་དཀར་པོ་ཞེས་པ་ནི་

Vol. 69 · folio 122b

ཡོངས་སུ་དག་པའི་མཚན་ཉིད་དོ། །འོད་རྣམས་འཁོར་གྱིས་བསྐོར་བ་ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བ་དང་ལྡན་པའོ། །དེ་ནི། དཀར་པོ་དམར་པོ་སེར་པོ་རྣམས། །ཞེས་པ་ནི་འོད་ཉིད་ཁ་དོག་དེ་རྣམས་དང་ལྡན་པ་སྟེ། ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའི་མཚན་མའོ། །ཁྲོ་གཉེར་

མའི་དྲུང་དུ་བྲི་བ་ནི། མཐུ་ཆེན་ཡང་ནི་ལེགས་བྲི་བ། །དཔའ་བོ་ན་བཟའ་དཀར་མནབས་ཏེ། །ཕྱག་ན་པདྨོ་སྙིང་བརྩེར་ལྡན། །དེ་ཡི་པདྨོ་ཁ་མ་བྱེ། །འོད་ཀྱི་དཀྱིལ་འཁོར་བསྐོར་བའོ། །ཞེས་པ་ནི་ཁྲོ་གཉེར་མའི་དྲུང་དུ་འཕགས་པ་མཐུ་ཆེན་པོ་ཐོབ་པ་བྲི་སྟེ། ཁྲོ་གཉེར་མའི་དྲུང་དུ་བྲི་བ་ནི་མཐུ་

ཆེན་ཏེ་དཔུང་དུ་བྱ་བའི་ཕྱིར་རོ། །དཔའ་ཞེས་པ་ནི་སུས་ཀྱང་ཟིལ་གྱིས་མི་གནོན་པའོ། །ན་བཟའ་དཀར་པོ་མནབས་པ་ནི་ཡོངས་སུ་དག་པའི་མཚན་ཉིད་དོ། །ཕྱག་ན་པདྨོ་སྙིང་བརྩེར་ལྡན། །དེ་ཡི་པདྨོ་ཁ་མ་བྱེ། །ཞེས་པ་ནི་དེའི་ཕྱག་རྒྱའོ། །སྙིང་བརྩེར་ལྡན་པ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །

པདྨ་ཁ་མ་བྱེ་བ་ནི་སྤྱན་རས་གཟིགས་ཀྱི་དབང་པོ་དང་ཁྱད་པར་བསྟན་པའོ། །འོད་ཀྱི་དཀྱིལ་འཁོར་བསྐོར་བའོ། །ཞེས་པ་ནི་ཡེ་ཤེས་ཀྱི་འོད་འཕྲོ་བ་དང་ལྡན་པའོ། །མཁས་པས་དེའི་དྲུང་དུ་བྲི་བ་ནི། གྲགས་འཛིན་རིག་པའི་ལྷ་མོའོ། །དེ་ཡི་ཁ་དོག་གསེར་འདྲ་བ། །རྒྱན་ཀུན་གྱིས་ནི་ཤིན་ཏུ་བརྒྱན། །མེ་

ཏོག་ཚོམས་ཅིག་བཟང་ཐོགས་པ། །པྲི་ཡང་ཀུ་སྟེ་ཕྱག་གཡོན་པར། །ཞེས་པ་ནི་མཐུ་ཆེན་པོ་ཐོབ་པའི་དྲུང་དུ་གྲགས་འཛིན་ཞེས་པའི་ལྷ་མོ་བྲི་སྟེ། དེ་ལ་གྲགས་འཛིན་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་གྲགས་པ་རྣམས་འཛིན་པའོ། །དེའི་ཁ་དོག་གསེར་འདྲ་བ་ནི་རྒྱས་

བའི་མཚན་ཉིད་དོ། །མེ་ཏོག་ཚོམས་ཅིག་བཟང་ཐོགས་པ། །པྲི་ཡང་ཀུ་སྟེ་ཕྱག་གཡོན་པར། །ཞེས་པ་ནི་ལྷ་མོ་དེའི་ཕྱག་རྒྱའོ། །སྒྲོལ་བའི་ལྷ་མོའི་དྲུང་དུ་ནི། །དཀར་བར་གནས་པར་ཞེས་བྱ་བའི་ལྷ་མོ་དེར་བྲི་སྟེ། དཀར་བར་གནས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་གནས་པའོ། །སྒྲོལ་

བའི་ལྷ་མོའི་དྲུང་དུ་བྲི་བ་ནི། སྒྲོལ་མའི་ལྷ་མོ་དེ་སེམས་ཅན་རྣམས་སྒྲོལ་ཞིང་ལས་ཐམས་ཅད་བྱེད་པ་འབའ་ཞིག་མ་ཡིན་གྱི། ཆོས་དབྱིངས་རྣམ་པར་དག་པ་ལ་བསྙེན་པར་བྱེད་པ་བསྟན་པའི་ཕྱིར་རོ། །ན་བཟའ་དཀར་མནབས་ཛ་ཏ་ཅན། །ཕྱག་རྒྱ་པདྨོ་བློ་ཅན་གྱིས། །ཞེས་པ་ནི་ན་

Vol. 69 · folio 123a

བཟའ་དཀར་མོ་ནི་ཡོངས་སུ་དག་པའི་མཚན་མའོ། །ཕྱག་ན་པདྨོའི་ནི་ཕྱག་རྒྱས་པདྨོ་ཐོགས་པའོ། །ཐོར་ཚུགས་སྔ་མ་བཞིན་ནོ། །བློ་ཅན་གྱིས་ཞེས་པ་ནི་སྔགས་མཁན་བློ་ཅན་གྱིས་དེ་ལྟར་བྲི་བ་ཞེས་པའོ། །དེའི་འོག་ཏུ་བྲི་བ་ནི་སྔགས་པས། རིག་པའི་རྒྱལ་པོ་སྟོབས་ཅན་ཏེ། །

ཉི་མ་འཆར་བའི་ཁ་དོག་འདྲ། །པདྨ་དཀར་པོས་ཤིན་ཏུ་བརྒྱན། །མ་རུངས་འོད་འབར་ཕྲེང་བ་ཅན། །སྤུ་ཡང་སེང་གེ་འདྲ་བར་འདུག །རྟ་མགྲིན་ཞེས་སུ་བསྒྲགས་པ་སྟེ། །བློ་ཅན་སྤྱན་རས་གཟིགས་ཀྱིའོ། །ཞེས་པ་ནི་དཀར་བར་གནས་པའི་ལྷ་མོའི་འོག་ལོགས་སུ་འཕགས་པ་རྟ་མགྲིན་བྲི་སྟེ།

རིག་པའི་རྒྱལ་པོ་ཞེས་པ་ནི་པདྨོའི་རིགས་ཀྱི་རིག་པའི་རྒྱལ་པོ་སྟོབས་ཅན་ཞེས་པ་སྟེ་མཐུ་ཆེན་པོའི་ཡོན་ཏན་ནོ། །ཉི་མ་འཆར་བའི་ཁ་དོག་འདྲ། །ཞེས་པ་ནི་ཁ་དོག་དམར་བར་བསྟན་པའོ། །པདྨོ་དཀར་པོས་ཀུན་ནས་བརྒྱན། །ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དཀར་བས་

བརྒྱན་པའོ། །མ་རུངས་པ་ཞེས་པ་ནི་ཁྲོ་བས་འཇིགས་པའི་གཟུགས་སོ། །འོད་འབར་བའི་ཕྲེང་བ་ཅན་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྲེག་པར་བྱེད་པའི་ཡེ་ཤེས་ཅན་ཏེ། དེ་བསྲེགས་ནས་ཆོས་ཀྱི་དབྱིངས་རྣམ་པར་ཐར་པ་འཐོབ་པར་འགྱུར་བ་སྟེ། དེ་བས་ན་ཆོས་ཀྱི་དབྱིངས་རྣམ་པར་

དག་པའི་རང་བཞིན་དཀར་བར་གནས་པའི་ལྷ་མོའི་འོག་ཟད་དུ་བྲི་སྟེ། བར་ཆད་མེད་པའི་ལམ་གྱི་རང་བཞིན་དུ་ཤེས་པར་བྱའོ། །སྤུ་ཡང་སེང་གེ་འདྲ་བར་འདུག །ཅེས་པ་ནི་སེང་གེ་ལྟར་སུས་ཀྱང་ཟིལ་གྱིས་མི་ནོན་པའི་མཚན་མའོ། །རྟ་མགྲིན་ཞེས་སུ་བསྒྲགས་ཞེས་པ་ནི་ཆོས་ལ་འབིགས་པའི་

ཡེ་ཤེས་མྱུར་ཞིང་མགྱོགས་པ་རྟ་དང་འདྲ་བ་དང་། སེམས་ཅན་གྱི་དོན་བྱ་བ་ལ་མགྱོགས་པ་རྟ་དང་འདྲ་བའི་ཕྱིར་རྟ་མགྲིན་ཞེས་བྱའོ། །བློ་ཅན་སྤྱན་རས་གཟིགས་ཀྱིའོ། །ཞེས་པ་ནི་དེ་དག་སྤྱན་རས་གཟིགས་ཀྱི་འཁོར་ལོ་ཅན་གྱིས་ཤེས་པར་བྱའོ་ཞེས་པ་སྟེ་དེ་དག་གི་པདྨོའི་རིགས་ཀྱི་དཀྱིལ་འཁོར་རང་

བཞིན་གྱི་དཀྱིལ་འཁོར་གྱི་གཟུགས་བརྙན་དུ་བྲིས་པ་སྟེ། རང་བཞིན་གྱི་དཀྱིལ་འཁོར་ཐམས་ཅད་ནི་མཐའ་ཡས་པས་བྲིར་ཡང་མི་ལང་བས། དཀྱིལ་འཁོར་འདི་དག་ཐམས་ཅད་ནི་རང་བཞིན་གྱི་དཀྱིལ་འཁོར་སྡུད་པའི་སྒོར་གྱུར་པར་ཤེས་པར་བྱའོ། །སངས་རྒྱས་རྣམས་ནི་ལྷོ་ཕྱོགས་སུ། །བྱང་ཆུབ་

Vol. 69 · folio 123b

སེམས་དཔའ་མགོན་རྣམས་ཀྱི། །ཕྱག་རྒྱ་མཐུ་ཅན་བྲི་བ་ནི། །རེ་བ་ཐམས་ཅད་ཡོངས་འགྲུབ་པ། །ཡིད་བཞིན་ནོར་བུ་ཞེས་སུ་གྲགས། །པདྨོ་དཀར་ལ་གནས་པར་རོ། །ཞེས་པ་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་གྲུ་གསུམ་པའི་ལྷོ་ཕྱོགས་སུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་

ནོར་བུ་ཡིད་བཞིན་འདྲ་བ་བྲི་སྟེ། བྱང་ཆུབ་སེམས་དཔའ་རྣམས་བྲི་ན། གྲངས་མེད་མཐའ་མེད་པས་དེ་རྣམས་སྡུད་པའི་སྒོར་གྱུར་པའི་ཕྱག་རྒྱ་བྲི་བར་ཤེས་པར་བྱའོ། །སྐལ་བ་ཆེན་པོ་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ལ་བྱའོ། །གཉིས་སུ་ན་བསྙེན་པ་ཆེན་པོ་ཞེས་ཀྱང་བྱ་སྟེ་

སེམས་ཅན་མང་པོས་བསྙེན་པའི་ཕྱིར་རོ། །བྱ་བ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་དོན་བྱེད་པའོ། །ཡིད་བཞིན་ནོར་བུ་ཞེས་བསྒྲགས་པ། །ཞེས་པ་ནི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་བཞིན་པའོ། །ཡང་ན་ཕྱག་རྒྱ་

ཡིད་བཞིན་གྱི་ནོར་བུ་ལྟར་བྲི་ཞེས་པའོ། །པདྨོ་དཀར་པོ་གནས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དཀར་བ་ལས་བྱུང་བའོ། །མགོན་པོ་ཡི་ནི་ལྷོ་ཕྱོགས་སུ། །སྣང་མཛད་ཆེན་དེའི་ཞེས་པ་ནས། །འོད་ཀྱིས་བསྐོར་བ་རྡོ་རྗེ་འཆང་། །ཞེས་པའི་བར་དུ་ཕྱག་ན་རྡོ་རྗེའི་བྱེ་བྲག་སྟེ།

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལྷོ་ཕྱོགས་སུ་བྲིའོ། །དེ་ཡང་ནན་ཏན་ཡེ་ཤེས་ཀྱི་མཚན་ཉིད་དེ། བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་བྲི་བ་ནི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ལ་འགྱིང་བའི་ཚུལ་དུ་གནས་པས་བཅོམ་ལྡན་འདས་ཞི་བ་དང་རྗེས་སུ་མཐུན་པའི་ཕྱིར་གཡོན་དུ་བྲིའོ། །རེ་བ་ཀུན་ནི་

རྫོགས་པར་བྱས་པ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པའི་ནན་ཏན་བྱེད་པས་ན། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། །འཕྲོ་བ་མཐའ་ཡས་རྒྱ་ཆེན་པོ། །ཞེས་པ་ནི་སེམས་ཅན་གྱི་དོན་དུ་མཐའ་ཡས་པར་རྒྱུ་སྟེ། དེ་ཡང་རྒྱ་ཆེ་བའི་རྒྱུའོ། །འོད་ཀྱིས་བསྐོར་བ་ནི་ཡེ་

ཤེས་ཀྱི་འོད་འཕྲོ་བས་བསྐོར་བའོ། །རྡོ་རྗེ་འཆང་བ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་བའོ། །དེ་ཡི་གཡས་སུ་བྲི་བ་ནི། །མཱ་མ་ཀཱི་ཞེས་བྱ་བ་ནི། །ལྷ་མོ་ཕྱག་ན་རྡོ་རྗེ་འཆང་། །རྡོ་རྗེ་རྒྱན་གྱིས་བརྒྱན་པའོ། །ཞེས་པ་ནི་རྡོ་རྗེའི་ཡུམ་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་ལྡན་པའི་ཤེས་རབ་

Vol. 69 · folio 124a

ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། མཱ་མ་ཀཱི་ཞེས་པ་ནི། མཱ་མ་ཀཱི་ནི་ཕྱག་ན་རྡོ་རྗེའོ། །མཱ་མ་ཀཱི་བས་མཱ་མ་ཀཱི་ཞེས་བྱའོ། །ཕྱག་ན་རྡོ་རྗེ་ཇི་ལྟར་མཱ་མ་ཀཱི་ཞེ་ན། གདུག་པ་དང་མ་རུངས་པ་རྣམས་གདུག་པའི་བྱ་བ་བྱེད་པ་ལ་མ་བྱེད་ཅེས་འགོག་པ་སྟེ། མ་བྱེད་པ་ཞེས་བྱ་སྟེ།

ཡུམ་དེའི་མ་བྱེད་ཅེས་བྱའོ། །རྡོ་རྗེ་འཆང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱག་ན་རྡོ་རྗེ་རྩེ་གསུམ་པ་འཆང་བའོ། །རྡོ་རྗེའི་རྒྱན་གྱིས་བརྒྱན་ཞེས་པ་ནི་རྒྱན་རྣམས་ཀྱི་མཚན་མ་རྡོ་རྗེས་བཏབ་པ་སྟེ། རྡོ་རྗེ་རིགས་ཀྱི་མཚན་མའོ། །དེ་ཡི་འོག་ཟད་བྲི་བ་ནི། །སྟོབས་ཆེན་རྡོ་རྗེ་ཁབ་ཅན་མ། །ལྷ་མོ་

ཞ་འབྲིང་བས་བསྐོར་ཏེ། །བཞིན་ནི་ཡིད་ཙམ་འཛུམ་པ་སྟེ། །ཞེས་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་བར་ཆད་པ་མེད་པའི་ལམ་གྱི་རང་བཞིན་པས་དེའི་འོག་ཏུ་བྲི་སྟེ། རྡོ་རྗེ་རྩེ་ཅན་མ་ཞེས་པ་ནི་ཆོས་ཉིད་ལ་འབིགས་པར་བྱེད་པའི་ངང་ཚུལ་ཅན་ནོ། །སྟབས་ཅན་ཞེས་པ་ནི་དེའི་ཡོན་ཏན་

ནོ། །ལྷ་མོ་ཞ་འབྲིང་མས་བསྐོར་བ་ཞེས་པ་ནི་དེ་མ་ཐག་པའི་ལམ་གྱི་ཡན་ལག་རྣམས་དང་ལྡན་པའོ། །ཡང་ན་རྒྱལ་པོའི་འཁོར་བས་མངག་གཞུག་མ་ལ་སོགས་པ་སྲིད་པའི་ཕྱིར་རོ། །དེ་བཞིན་ཡིད་ཀྱིས་འཛུམ་པ་སྟེ། །ཞེས་པ་ནི་ཏིང་ངེ་འཛིན་དུ་མ་ཞུགས་པས་སེམས་ཅན་གྱི་དོན་མཛད་པའི་

ཕྱིར་རོ། །གཡོན་དུ་སྔགས་པས་བྲི་བ་ནི། །རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ། །རྡོ་རྗེ་ལུ་གུ་རྒྱུད་ཐོགས་པ། །རང་གི་འཁོར་གྱིས་བསྐོར་བ་སྟེ། །ཁ་དོག་པྲི་ཡང་ཀུ་བ་ཞིན་སྔོ། །རྡོ་རྗེ་མཚན་མས་མཚན་བྱས་པའོ། །ཞེས་པ་ནི་ཕྱག་ན་རྡོ་རྗེ་གཡོན་དུ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་བྲིས་ཏེ། ལུ་གུ་རྒྱུད་ནི་

འཕགས་པའི་ལམ་གྱི་རང་བཞིན་ཏེ། སེམས་ཅན་རྣམས་ལམ་དེར་འདྲེན་ཞིང་འཛུད་པར་བྱེད་པའི་མཚན་མའོ། །ཡང་ན་རྒྱལ་པོའི་འཁོར་གྱིས་ཕུལ་བས་གདུག་པ་དང་མ་རུངས་པ་རྣམས་བཟུང་ཞིང་འདོགས་པའི་མཚན་ཉིད་དོ། །རང་གི་འཁོར་གྱིས་བསྐོར་བ་སྟེ། །ཞེས་པ་ནི་རྡོ་རྗེ་ལུ་གུ་རྒྱུད་

མ་དེ་ཉིད་ཀྱི་འཁོར་མངག་གཞུག་མ་ལ་སོགས་པ་རྣམས་ཀྱིས་བསྐོར་བའོ། །རྡོ་རྗེ་མཚན་མས་མཚན་བྱས་པའོ། །ཞེས་པ་ནི་རྒྱན་རྣམས་ལ་རྡོ་རྗེ་མཚན་གྱིས་བཏབ་པའོ། །ཕྱག་ན་རྡོ་རྗེ་འོག་ལོགས་སུ། །ཞེས་པ་ནས། ཁྲོ་བོ་ཆེན་པོ་འདི་འདྲ་བས། །པདྨོའི་གདན་ལ་གནས་པར་བྲི། །

Vol. 69 · folio 124b

ཞེས་པའི་བར་དུ་ཕྱག་ན་རྡོ་རྗེའི་བྱ་བ་ནན་ཏན་གྱི་ཡེ་ཤེས་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་དུ་གྱུར་པ་ཁྲོ་བོ་ཟླ་བ་ཐིག་ལེའི་བྱེ་བྲག་སྟེ། མ་ཟད་འོག་ཏུ་བྲི་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་སྦྱོར་བ་བར་ཆད་མེད་པའི་ལམ་གྱི་རང་བཞིན་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སར་མ་ཕྱིན་པའི་འོག་ཏུ་

བྲིའོ། །ཁྲོ་བོ་ཁམས་གསུམ་གྲགས་པ་ཞེས་པ་ནི་ཡོན་ཏན་གྱིས་འཇིག་རྟེན་གསུམ་དུ་གྲགས་པའོ། །བགེགས་དང་དགྲ་ཆེན་ཞི་བར་བྱེད། །ཅེས་པ་ནི་ལྷ་དང་གནོད་སྦྱིན་ལས་འབྱུང་བའི་བགེགས་རྣམས་མི་ལ་སོགས་པའི་དགྲ་སེལ་བར་བྱེད་པའོ། །ཟླ་བ་ལྟར་ཡོངས་སུ་དག་ཅིང་སེམས་

ཅན་ཐམས་ཅད་ཀྱི་རྒྱུད་ཚིམ་པར་བྱེད་པའི་རང་བཞིན་ནོ། །ཐིག་ལེ་ནི་ཐིག་ལེའི་མཚན་མ་དང་ལྡན་པའམ། ཡང་ན་ནི་ཏི་ལ་ཀ་ཞེས་པ་ནི་རྒྱ་གར་སྐད་དུ་གཙོ་བོའི་རྣམ་པ་ལ་བྱ་སྟེ། ཁྲོ་བོ་ཟླ་བའི་གཙོ་བོ་ལྟ་བུར་ཞེས་བྱའོ། །སྤྱན་གསུམ་པ་ནི་ཡེ་ཤེས་ཀྱི་སྤྱན་ལྷག་པར་མངའ་བའམ་ཁྲོ་

བའི་མཚན་མའོ། །མཆེ་བ་བཞི་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་དང་ལྡན་པའོ། །འོད་ནི་དབྱར་གྱི་སྤྲིན་འདྲ་བར། །ཞེས་པ་ནི་ཁ་དོག་དབྱར་གྱི་སྤྲིན་འདྲ་བ་སྟེ། དབྱར་གྱི་སྤྲིན་གྱི་རླུང་དང་ཆར་པར་བཅས་པའི་

བག་གནས་པ་སྟེ། དེ་དང་འདྲ་བས་ལས་ཐམས་ཅད་བྱེད་པའི་མཚན་མའོ། །དྲག་པོ་རྒོད་པའི་སྒྲ་འབྱིན་པ། །ཞེས་པ་ནི་རྒོད་པའི་སྒྲས་ཐམས་ཅད་ཁེངས་ཤིང་གནོད་པར་འགྱུར་བའི་སྒྲ་འབྱིན་པའོ། །རྡོ་རྗེའི་རྒྱན་གྱིས་ཤིན་ཏུ་བརྒྱན། །ཞེས་པ་རྒྱན་རྣམས་ལ་རྡོ་རྗེ་མཚན་མས་བཏབ་པའོ། །

མཐའ་ཡས་འཁོར་གྱིས་བསྐོར་བ་ནི། །ཁྲོ་བོའི་འཁོར་གྱིས་བསྐོར་བ་ཞེས་པ་ནི་འཁོར་ཕལ་དང་ཁྲོ་བོ་གྲངས་མེད་པས་བསྐོར་བའོ། །ལག་པ་བརྒྱ་སྟོང་དུ་མ་ཞེས་པ་ནི་ལམ་གྱི་ཡན་ལག་བརྒྱ་སྟོང་དུ་མས་སེམས་ཅན་རྣམས་འཕགས་པའི་ལམ་ལ་འཛུད་པའམ། ཡན་ལག་དེ་རྣམས་ཀྱིས་ལམ་

གྱི་སྒྲིབ་པ་མང་པོ་རྣམས་སེལ་བའི་མཚན་མའོ། །མཚོན་ཆ་དུ་མ་སྣ་ཚོགས་ཞེས་པ་ནི་ལམ་གྱི་ཡན་ལག་ཡོན་ཏན་རྣམས་རྡོ་རྗེ་ལ་སོགས་པའི་མཚོན་ཆར་གྱུར་པའོ། །ཁྲོ་བོ་ཆེན་པོ་དེ་འདྲ་བར། །པདྨོའི་གདན་ལ་གནས་པར་བྲི། །ཞེས་པ་ནི་གོང་དུ་སྨོས་པའི་ཚུལ་དུ་བྲི་སྟེ་འཁོར་ཡན་ལག་

Vol. 69 · folio 125a

མང་པོ་རྣམས་ནི་ཡིད་ཀྱིས་བསམ་པར་བྱ་སྟེ། ཉུང་ཟད་ཅི་འོས་པར་བྲི་བར་བྱའོ། །དེ་ཡི་ནུབ་ཏུ་སོང་ནས་ནི། །རྡོ་རྗེ་འཛིན་པ་མང་དུ་བྲི། །ལག་ན་རྡོ་རྗེ་མཚོན་ཆ་ཐོགས། །མཐུ་ཆེན་ཁ་དོག་སྣ་ཚོགས་པ། །དཔའ་བོ་འོད་ཀྱི་འཁོར་གྱིས་བསྐོར། །སེམས་ཅན་ཀུན་གྱི་དོན་

བྱེད་པའོ། །ཞེས་པ་ནི་ཕྱག་ན་རྡོ་རྗེའི་འཁོར་རྡོ་རྗེ་འཛིན་པ་རྣམས་བྲི་སྟེ། མིང་དང་ཆ་ལུགས་དག་གསང་བའི་དཀྱིལ་འཁོར་ལས་འབྱུང་བ་དང་སྦྱར་བར་བྱའོ། །སྔགས་མགོན་གྱི་ནི་འོག་ལོགས་སུ། །ནཻ་རྀ་ཏི་ནི་ཕྱོགས་ལོགས་སུ། །ཞེས་པ་ནས། ཁྲོ་བོ་ལྟ་བུ་གཞོན་ནུའི་གཟུགས། །ཞེས་

པའི་བར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཆད་མེད་པའི་ལམ་དུ་གྱུར་པ། བཅོམ་ལྡན་འདས་ཀྱི་འོག་མ་ཟད་དུ་འཕགས་པ་མི་གཡོ་མགོན་བྲི་བའི་བྱེ་བྲག་གསུངས་པ་སྟེ། ལག་ན་རལ་གྲི་ཐོགས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་

གཅོད་པའི་ཤེས་རབ་ཀྱི་མཚན་ཉིད་དོ། །ཞགས་པ་ནི་ལམ་གྱི་མཚན་ཉིད་དོ། །ལམ་དེར་སེམས་ཅན་ཐམས་ཅད་འདྲེན་ཞིང་འཛུད་པའོ། །མིག་གཅིག་བཙུམས་པ་ནི། བར་ཆད་མེད་པའི་ལམ་གྱི་རང་བཞིན་པས་ཆོས་ཀྱི་དབྱིངས་རྣམ་པ་ཐམས་ཅད་དུ་མ་ཆུད་ཅིང་མཉམ་པ་ཉིད་ཀྱི་ཡེ་ཤེས་

ཡོངས་སུ་རྫོགས་པའི་མཚན་མའོ། །འབར་བས་བསྐོར་བའི་ནང་ན་འདུག །ཅེས་པ་ནི་སྒྲིབ་པ་སེལ་བའི་ཡེ་ཤེས་དང་ལྡན་པའོ། །མཁྲེགས་པ་ནི་ཕྱིན་ཅི་མ་ལོག་པ་ཡོངས་སུ་རྫོགས་པའི་ལམ་གྱི་རང་བཞིན་པས་བརྟན་ཞིང་མི་འགྱུར་བའོ། །གཞོན་ནུ་མའི་གཟུགས་ནི་བར་ཆད་མེད་པའི་ལམ་

ལ་དང་པོ་ཞུགས་པས་ལམ་རྒྱས་པའི་མཚན་མ་སྟེ། དེ་བས་ན་བར་ཆད་མེད་པའི་ལམ་རྒྱས་པའི་མཚན་ཉིད་ཁམས་གསུམ་རྣམ་པར་རྒྱལ་བ་རླུང་གི་ཕྱོགས་སུ་གཞག་གོ། །བྲིས་ནས་བློ་ཅན་འགྲོ་བ་ནི། །རླུང་ཕྱོགས་སུ་སྟེ་ནན་ཏན་བྱ། །ཞེས་པ་ནས། ཟད་པའི་དུས་བཞིན་འདུག་པའོ། །ཞེས་

པའི་བར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་ཆད་མེད་པའི་ལམ་རྫོགས་པའི་རང་བཞིན་ཁམས་གསུམ་རྣམ་པར་རྒྱལ་བ་བྲི་བའི་བྱེ་བྲག་གསུངས་པ་སྟེ། ཟད་པའི་དུས་བཞིན་འདུག་པའོ། །ཞེས་པ་ནི་ཟད་པའི་ཚེ་ཉི་མ་དང་ཟླ་བ་མེད་དེ་མུན་ནག་ཏུ་

Vol. 69 · folio 125b

འགྱུར་ཏེ། ཁྲོ་བོ་དེའི་ཁ་དོག་ཀྱང་མུན་པ་དང་འདྲ་བ་ནག་པོ་བྲི་ཞེས་པའི་དོན་ཏོ། །དེ་བཞིན་ནང་རོལ་བྲིས་པ་རྣམས། །རྒྱས་པ་རུ་ནི་བཤད་པ་ཡིན། །ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་དུ་སྐུ་མི་ཟད་པ་ལ་སོགས་པའི་རྒྱན་རང་བཞིན་གྱི་དཀྱིལ་འཁོར་རྣམས་སྡུད་པར་འགྱུར་བ་ཡེ་ཤེས་ལྔའི་

མཚན་མ་འཁོར་དང་བཅས་པར་བཤད་ཅེས་པའོ། །ད་ནི་དཀྱིལ་འཁོར་གཉིས་པའི་སྣམ་བུའི་སྐུ་མི་ཟད་པའི་རྒྱན་སྡུད་པར་གྱུར་པ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་དང་། དབང་པོ་དང་གཤིན་རྗེ་ལ་སོགས་པའི་ཚུལ་དུ་བསྟན་པ་འཁོར་དང་བཅས་པ་བྲི་བར་བཤད་པར་བྱ་སྟེ། གཉིས་པོའི་ཆ་ནི་

ངེས་པ་རུ་ཤར་ཕྱོགས་ཀྱི་དབུས་སུ་ཆ་གཉིས་རྣམ་པར་བརྟགས་པའི་སྒོ་ཁྱུད་ཀྱི་ནང་རོལ་དུ། སྔགས་པས་བྲི་བ་ཤཱཀྱ་ཐུབ། །རྒྱས་པ་གསེར་གྱི་ཁ་དོག་འབར། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །མགོན་པོ་ཆོས་གོས་གསོལ་བཞིན་ཏེ། །གཙོ་བོ་ཆོས་ཀྱི་དོན་བྱེད་པ། །པདྨ་

དཀར་པོའི་གདན་ལ་བཞུགས། །བཞུགས་པ་ཆོས་ཀྱང་འཆད་པ་བཞིན། །ཞེས་པའི་བར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དཀྱིལ་འཁོར་ཉིས་རིམ་གྱི་ཤར་གྱི་ངོས་ཆ་གཉིས་བགོས་པའི་དབུས་སུ་བབ་པའི་སྒོ་ཁྱུད་ཀྱི་ནང་དུ་བྲིས་ཏེ་ཤཱཀྱ་ཐུབ་པ་ཞེས་པ་ནི། ཤཱཀྱའི་རིགས་ལས་བྱུང་ཞིང་

ལུས་དང་ངག་ཡིད་གསུམ་ཐུབ་པའི་ངང་ཚུལ་ཅན་ནོ། །ཤར་ཕྱོགས་སུ་བྲི་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་པས་སྔར་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་པ་བསྟན་པའོ། །གསེར་གྱི་ཁ་དོག་ནི་རྒྱས་པའི་མཚན་མ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱས་པའི་རང་བཞིན་གྱི་

ཕྱིར་རོ། །འབར་བ་དང་བཅས་པ་ནི་ཀུན་དུ་སངས་རྒྱས་པས་སྒྲིབ་པ་སྲེག་པའི་རང་བཞིན་གྱི་ཡེ་ཤེས་དང་ལྡན་པའོ། །མཚན་མཆོག་སུམ་ཅུ་གཉིས་དང་ལྡན། །ཞེས་པ་ནི་གཙུག་ཏོར་བལྟར་མི་སྣང་བ་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་གཞུང་ལས་གྲགས་པའོ། །ཆོས་གོས་ངུར་སྨྲིག་

གསོལ་བ་ནི་འཁོར་བ་ལ་ནི་མ་ཆགས་པ་དང་། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་ལ་ཆགས་པ་བསྟན་པ་སྟེ། ཆོས་གོས་ཚོན་གྱིས་ཞེས་པ་ནི་སྙིང་རྗེས་སེམས་ཅན་ལ་ཆགས་པ་བསྟན་པའོ། །དམར་པོ་ཉིད་དུ་མི་གསལ་བར་ངུར་སྨྲིག་ཏུ་གྱུར་པ་ནི་འཁོར་བ་ལ་མ་ཆགས་པར་

Vol. 69 · folio 126a

བསྟན་པའོ། །གཙོ་བོ་བསྟན་པའི་དོན་བྱེད་པ་ཞེས་པ་ནི། འཁོར་རྣམས་ལ་སློབ་ཅིང་སྟོན་པའི་དོན་བྱེད་པའོ། །པདྨ་དཀར་པོའི་གདན་ནི་བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པའི་མཚན་མ་སྟེ་སྔ་མ་བཞིན་ནོ། །ཆོས་འཆད་བཞིན་དུ་བཞུགས་པ་ནི་གཞུང་ལས་གྲགས་པའོ། །

དེ་ཡི་གཡས་ཕྱོགས་ལོགས་སུ་ནི། །ལྷ་མོ་སངས་རྒྱས་སྤྱན་ཞེས་བྱ། །ཞལ་རས་ཞི་བའི་ཡིད་འཛུམ་པར། །འོད་ཀྱི་འཁོར་གྱིས་ཤིན་ཏུ་བསྐོར། །མཉམ་མེད་སྐུ་ཡང་ཤིན་ཏུ་དངས། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །ཞེས་པ་ནི་སངས་རྒྱས་པའི་ཤེས་རབ་ཡུམ་གྱི་གཟུགས་གྱུར་པ་ཤཱཀྱ་ཐུབ་པའི་

གཡས་རོལ་གྱི་བྱང་ཕྱོགས་ལོགས་སུ་བྲི་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་ཤེས་རབ་དེ་ལས་བྱུང་བའི་ཕྱིར། སངས་རྒྱས་ཀྱི་ཡུམ་ཞེས་བྱའོ། །སངས་རྒྱས་ཀྱི་སྤྱན་ཞེས་པ་ནི་གཟིགས་པའི་རང་བཞིན་པས་ཤེས་རབ་ལ་བྱའོ། །ཞལ་རས་ཞི་བ་ཡིད་འཛུམ་པར་ནི་ཞི་བཤེས་བྱ་དང་ཉོན་མོངས་པའི་

སྒྲིབ་པ་དག་པའོ། །ཡིད་ཙམ་འཛུམ་པ་ནི་ཆོས་སྟོན་པའི་མཚན་མའོ། །འོད་ཀྱིས་ཤིན་ཏུ་བསྐོར་ཞེས་པ་ནི་ཀུན་དུ་སངས་རྒྱས་པ་ལ་ཤེས་བྱ་དང་ཉོན་མོངས་པ་སྲེག་པའི་ཡེ་ཤེས་དང་ལྡན་པའོ། །མཉམ་པ་མེད་པ་ནི་ཇི་བཞིན་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་པས་ཚད་འདི་ཙམ་མོ་ཞེས་བཟུང་ཞིང་

གཞལ་དུ་མེད་པའོ། །དེ་ཡི་གཡས་ཕྱོགས་བྲི་བ་ནི། །རིག་པ་སྨིན་མཚམས་ཞེས་གྲགས་པ། །ལྷ་མོ་པདྨའི་སྟེང་བཞུགས་པར། །དུང་དང་ཟླ་བའི་འོད་འདྲ་བ། །ཡིད་བཞིན་ནོར་བུ་ལག་ན་ཐོགས། །རེ་བ་ཀུན་ཀྱང་རྫོགས་པར་བྱེད། །ཅེས་པ་ནི་སངས་རྒྱས་སྤྱན་གྱི་གཡས་རོལ་བྱང་ཕྱོགས་སུ་སྨིན་

མཚམས་ཞེས་བྱ་བའི་རིག་མ་བྲི་སྟེ། སངས་རྒྱས་ཀྱི་སྨིན་མཚམས་ན་སྐྱེས་བུ་ཆེན་པོའི་མཚན་ཐིག་ལེ་འདྲ་བ་དེའི་ཏིང་ངེ་འཛིན་གྱི་གཟུགས་སུ་གྱུར་བའི་ལྷ་མོ་ནི་སྨིན་མཚམས་ཞེས་བྱའོ། །མགོན་པོའི་གཡོན་ལོགས་སྔགས་མཁན་གྱིས། །ལེགས་པར་གཙུག་ཏོར་ལྔ་བྲི་ཞེས་པ་ནས། ཀུན་

ཀྱང་ནན་ཏན་ཆེར་བྲི་བ། །གནས་རྣམས་ཀྱང་ནི་ལྔ་ཉིད་དུ། །ཞེས་པའི་བར་དུ་བཅོམ་ལྡན་འདས་ཀྱི་གཡོན་རོལ་ལྷོ་ཕྱོགས་སུ་གཙུག་ཏོར་ལྔ་བྲི་སྟེ། གཙུག་ཏོར་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་གཙུག་ནས་བྱུང་བ་སྟེ། འབྲས་བུ་རྒྱུ་ལས་བརླན་ཏེ་མཚན་གསོལ་བའོ། །འདི་རྣམས་ཀྱི་ཕྱག་རྒྱ་ལ་སོགས་

Vol. 69 · folio 126b

པ་ནི། ཞིབ་ཏུ་གསང་བའི་དཀྱིལ་འཁོར་ལས་སྨོས་པས་ན་འདིར་མ་བཤད་དོ། །དེ་རྣམས་ཀྱི་ནི་བྱང་ཕྱོགས་སུ། །གཙང་བར་གནས་དག་ལེགས་པར་བྲི། །ཞེས་པའི་བར་དུ་གཙུག་ཏོར་ལྔའི་གཡོན་རོལ་ལྷོ་ཕྱོགས་སུ་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ལ་སྐུ་མི་ཟད་པའི་རྒྱན་གྱིས་ཁྱབ་པར་མཛད་

པའི་སྒོར་གྱུར་པ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་བྲི་སྟེ། གཞུང་ལས་བྱང་ཕྱོགས་སུ་སྨོས་ན། ཅིའི་ཕྱིར་ལྷོ་ཕྱོགས་སུ་བྲི་ཞེ་ན། གཙུག་ཏོར་ལྔའི་བྱང་ཕྱོགས་ན་ཤཱཀྱ་ཐུབ་པ་ལ་སོགས་པ་བཞུགས་པས་བྲི་བའི་སྐབས་མེད་དེ། ལྷོ་ཕྱོགས་སུ་བྲི་བར་མངོན་ནོ། །གཉིས་སུ་ན་སྐད་ཀྱི་གཞུང་གིས་

ཀྱང་བྱང་ཕྱོགས་སུ་ཞེས་པའོ། །ལྷོ་ཕྱོགས་བྱ་བའི་ཕྱིར་རོ། །མཛོད་སྤུའི་གཡས་ལོགས་བྱང་ཕྱོགས་སུ། །གཙུག་ཏོར་གསུམ་པོ་ཉིད་ཀྱིས་ཏེ། །ཆེར་འབྱུང་བ་ཡི་གཙུག་ཏོར་དང་། །དེ་བཞིན་གྱེན་དུ་འབྱུང་བ་དང་། །མཐའ་ཡས་དབྱངས་ཀྱི་སྒྲ་དང་སྟེ། །དེ་རྣམས་ནན་ཏན་ལེགས་པར་བྲི། །

ཞེས་པ་ནི། མཛོད་སྤུའི་གཡས་རོལ་བྱང་ཕྱོགས་སུ། །གཙུག་ཏོར་གསུམ་རྣམས་བྲི་བ་སྟེ། །དཀར་པོ་སེར་སྐྱ་སེར་གདངས་ཏེ། །ཞེས་པ་ནི་གཙུག་ཏོར་གསུམ་པོ་དེ་དག་ཉིད་ཀྱི་ཁ་དོག་སྟེ། སེར་སྐྱ་ནི་ཡུངས་ཀར་གྱི་ཁ་དོག་འདྲའོ། །སེར་གདངས་ནི་གསེར་གྱི་ཁ་དོག་འདྲའོ། །མཐུ་ཆེན་གཙུག་

ཏོར་ལྔ་པོ་གསུམ་དུ་བྱ་བ་གཞན་གྱི་སྟེ་ཞེས་པའི་གཙུག་ཏོར་གསུམ་པོ་ལས་གཞན་པ་གཙུག་ཏོར་ལྔ་པོ་སྔར་སྨོས་པ་རྣམས་ཁ་དོག་གསུམ་དུ་བྱའོ་ཞེས་པ་སྟེ་ཁ་དོག་རྣམ་པ་གསུམ་པོ་ཞེས་པ་ཡང་དཀར་པོ་དམར་པོ་སེར་པོ་ཞེས་པའོ། །གཙུག་ཏོར་ལྔ་ལ་ཁ་དོག་གསུམ་ནི་གཙུག་ཏོར་གསུམ་དང་སྦྱར།

གཙུག་ཏོར་གཉིས་ནི་ཁ་དོག་དེ་དག་ཉིད་ལས་དཀར་པོ་དང་དམར་པོ་གཉིས་དང་སྦྱར་རོ། །དེ་དག་སྨོན་ལམ་མཐུ་ཅན་ཞེས་པ་ནི་དེ་དག་ཀུན་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨོན་ལམ་གྱི་མཐུ་ལས་བྱུང་བའོ་ཞེས་པའོ། །དེ་ནས་སྔགས་པ་མེའི་ཕྱོགས་སུ་མེ་ནི་དྲང་སྲོང་ཆེ་བ་དང་བཅས་པ་ཞེས་པ་ནས་

རིལ་བ་སྤྱི་བླུགས་དང་། སྔགས་ནོར་ཐོགས་ཞེས་པའི་བར་དུ་ཤར་དང་ལྷོའི་མཚམས་སུ་འཁོར་མེའི་དྲང་སྲོང་རྣམས་དང་བཅས་པར་བྲི་བའི་བྱེ་བྲག་དེ་རྣམས་ཀྱང་སྐུ་མི་ཟད་པའི་རྒྱན་ཉིད་མེའི་དྲང་སྲོང་ལ་སོགས་པ་གདུལ་བའི་ཕྱིར་མེའི་གཟུགས་སུ་གྱུར་པའོ། །དེ་ནས་ལྷོ་ཡི་ཕྱོགས་སུ་ནི། །སོང་ནས་གཤིན་རྗེར་

Vol. 69 · folio 127a

བྲི་བར་བྱ། །ལག་ན་དབྱིག་ཐོགས་མ་ཧེ་ཞོན། །འོད་ཀྱི་ཁ་དོག་དབྱར་སྤྲིན་འདྲ། །མ་མོ་རྣམས་དང་དུས་མཚན་དང་། །འཆི་བྱེད་རྣམས་ཀྱིས་བསྐོར་བའོ། །ཞེས་པ་ནི་སྐུ་མི་ཟད་པའི་རྒྱན་དེ་ཉིད་གཤིན་རྗེ་ལ་སོགས་པ་གདུལ་བའི་ཕྱིར་ཡི་དགས་ཀྱི་རྒྱལ་པོ་གཤིན་རྗེའི་གཟུགས་སུ་

གྱུར་པ་སྟེ། དེའང་ལྷོའི་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་བྲི་སྟེ། མ་ཧེ་ཞོན་པ་ནི་དེའི་ཐེག་པ་སྟེ། འཇིག་རྟེན་གྱི་ཐེག་པ་པས་མ་ཧེ་ལྟར་དཀར་པོ་མ་ཡིན་པའོ། །དབྱིག་པ་ཐོགས་པ་ནི་ཤེས་རབ་ཀྱི་མཚན་མ་སྟེ་དབྱིག་པ་ཟླུམ་པོ་བཅད་པའི་རང་བཞིན་མ་ཡིན་པ་ནི་འཁོར་བ་རྒྱུད་ལས་ལེགས་ཉེས་ཀྱི་འབྲས་བུ་

སྟོན་པ་ལ་སོགས་པ་འཆད་པས་འཁོར་བའི་རྒྱུད་གཅོད་པ་མ་ཡིན་པའོ། །ནཻ་རྀའི་ཕྱོགས་སུ་ནི་རི་བྲིའོ། །འཇིགས་པ་ལག་ན་རལ་གྲི་ཅན། །ཞེས་པ་ནི་ལྷོ་ནུབ་ཀྱི་མཚམས་སུ་འབར་བ་རྣམས་གདུལ་བའི་ཕྱིར་སྐུ་མི་ཟད་པའི་རྒྱན་དེ་ཉིད་འབར་བའི་རྒྱལ་པོ་ནི་རིའི་གཟུགས་སུ་གྱུར་པའོ། །དེ་

ནས་བློ་ཅན་བྲི་བ་ནི། ནུབ་བྱང་ཕྱོགས་སུ་བྲི་བ་ལྷའི་རྒྱལ་པོ་སྟེ། རི་རབ་རྩེ་གནས་ལྷས་བསྐོར་བ། །ལག་ན་རྡོ་རྗེ་ཅོད་པན་ཅན། །རྒྱན་ཀུན་གྱིས་ནི་བརྒྱན་པའོ། །ཞེས་པ་ནི་འདོད་པའི་ལྷ་རྣམས་གདུལ་བའི་ཕྱིར་སྐུ་མི་ཟད་པའི་རྒྱན་དེ་ཉིད་ལྷ་རྣམས་ཀྱི་རྒྱལ་པོ་དབང་པོའི་གཟུགས་སུ་གྱུར་པ་སྟེ།

དེ་ཡང་བྱང་ཕྱོགས་ཀྱི་ངོས་སྒོ་ཁྱུད་ཀྱི་ནང་དུ་བྲིའོ། །དེ་ཡང་རི་རབ་ཀྱི་རྩེ་མོ་ལ་གནས་ཤིང་འཁོར་ལྷ་རྣམས་ཀྱིས་བསྐོར་བར་བྲི་སྟེ་ཅོད་པན་གྱི་རྒྱལ་པོའི་ཚུལ་འཛིན་པས་སོ། །རྡོ་རྗེ་ནི་དེའི་ཡེ་ཤེས་ཀྱི་མཚན་མའོ། །གཉིས་སུ་ན་ལག་ཆའོ། །དེ་ཡི་ཤར་དུ་བ་རུ་ཎ། །ལག་ན་ཞགས་པ་ཐོགས་

པ་བྲི། །ཞེས་པ་ནི་ཆུའི་དབང་པོ་ཤར་ཕྱོགས་སུ་བྲི་སྟེ། ཞགས་པ་ནི་དེ་ཉིད་ཀྱི་ལམ་གྱི་རང་བཞིན་ནོ། །ཤར་ཕྱོགས་སུ་བྲི་བ་ནི་པཱུརྦ་ཞེས་པ་སྔོན་གྱི་ཚིག་སྟེ། བསྐལ་པ་འབྱུང་བའི་འོག་ཏུ་ཆུའི་དཀྱིལ་འཁོར་གྱིས་ཐོག་མར་གཞི་བཙུགས་པའི་ཕྱིར་རོ། །ཉི་མའི་ཤིང་རྟ་སྟེང་འདུག་

པ། །ཞེས་པ་ནི་ཆུའི་རྒྱལ་པོའི་ཤར་ཕྱོགས་སུ་ཉི་མ་བྲི་སྟེ་ཤིང་རྟ་ནི་ཉི་མའི་བཞོན་པའོ། །ཤར་ཕྱོགས་སུ་བྲི་བ་ནི་སྔོན་གྱི་ཚིག་སྟེ། བསྐལ་པ་འབྱུང་བའི་འོག་ཏུ་འཇིག་རྟེན་པ་རྣམས་ཀྱི་ནང་ན་ཉི་མ་དང་ཟླ་བ་དང་པོར་འབྱུང་བའི་ཕྱིར་རོ། །རྒྱལ་དང་རྣམ་པར་རྒྱལ་བ་ཡང་། །དེ་ཡི་གཡས་ལོགས་

Vol. 69 · folio 127b

བྲི་བར་བྱ། །ཞེས་པ་ནི་ཉི་མའི་ཆུང་མ་གཉིས་སོ། །དེ་ཡི་གཡས་ཕྱོགས་ཚངས་པ་སྟེ། །གདོང་བཞི་པ་ལ་རལ་པ་ཅན། །ཨོཾ་ཞེས་འབྱིན་ཅིང་ནན་ཏན་བྱེད། །ངང་པ་པདྨའི་སྟེང་གནས་པ། །ཞེས་པ་ནི་དབང་པོའི་གཡས་ལོགས་ནུབ་ཕྱོགས་སུ་ཚངས་པ་བྲི་སྟེ། གདོང་བཞི་པ་ནི་སྨྲང་

བཞི་སོ་སོ་ནས་འབྱུང་བའོ། །ངང་པ་པདྨའི་སྟེང་གནས་པ། །ཞེས་པ་ནི་ཚངས་པའི་བཞོན་པ་ངང་པ་སྟེ། ངང་པའི་སྟེང་ན་པདྨ་བཞག་པ་ལ་འདུག་པར་བྲིའོ། །ཨོཾ་གྱི་སྒྲ་འབྱིན་པའི་ཚུལ་དང་ཕྱག་རྒྱ་ནི་གསང་བའི་དཀྱིལ་འཁོར་དུ་བཤད་པ་དང་སྦྱར་རོ། །དེ་ཡི་ནུབ་ཏུ་བྲི་བ་ནི། །ས་ཡི་ལྷ་

མོ་དབྱངས་ཅན་དང་། །གཏོགས་འདོད་ཕུང་པོ་དེ་བཞིན་རླུང་། །དབང་པོ་ཆེ་དང་ཟླ་བ་སྟེ། །ནུབ་ཀྱི་ཕྱོགས་སུ་གནས་པར་ནི། །ནན་ཏན་ཆེན་པོར་བྱས་ལ་བྲི། །ཞེས་པ་ནི་ནུབ་ཕྱོགས་ཀྱི་ངོས་སུ་གཏོགས་འདོད་ལ་སོགས་པའི་ལྷ་དེ་དག་ལྷོ་ཕྱོགས་ནས་བརྩམས་ཏེ་རིམ་པ་ཇི་ལྟ་བ་

བཞིན་དུ་བྲིའོ། །ནུབ་ཕྱོགས་སུ་བྲི་བ་ནི། སྒོ་ནུབ་ཏུ་གཏོད་པས་སྒོ་ཁར་བྲི་བ་སྟེ། དབང་པོ་དང་གཏོགས་འདོད་ལ་སོགས་པའི་ལྷ་དེ་རྣམས་འཇིག་རྟེན་ལས་འདས་པའི་ལམ་དུ་འཇུག་པའི་སྒོར་གྱུར་པའི་ཕྱིར་རོ། །དེ་རྣམས་ཀྱང་སྐུ་མི་ཟད་པའི་རྒྱན་དེ་ཉིད་དེ། ལྷ་དེ་དག་གདུལ་བའི་ཕྱིར་དེ་དག་

ཉིད་ཀྱི་གཟུགས་སུ་གྱུར་པ་སྟེ། སྐུ་མི་ཟད་པའི་རྒྱན་དེ་ལ་སོགས་པ་དེ་དག་གི་གཟུགས་སུ་གྱུར་པ་ཡང་ཆ་ལུགས་དེ་དག་འདྲ་མོད་ཀྱི། དེ་དག་ངག་གཅིག་ཅིང་གདུལ་བའི་ཕྱིར་མཐུ་དང་རྫུ་འཕྲུལ་ལ་སོགས་པ་དེ་དག་ལས་ལྷག་པར་ཤེས་པར་བྱའོ། །དེ་བཞིན་དུ་གཤིན་རྗེ་ལ་སོགས་པ་གཞན་

ཡང་སྦྱར་རོ། །དེ་དག་བྲི་བ་སྔགས་པ་ཡིས། །མི་འཁྲུགས་པ་ཡི་ཡིད་ཀྱིས་ཏེ། །ཐུབ་པ་རྒྱལ་པོའི་འོག་ཏུ་བྲི། །ཁྲོ་བོ་འདི་དག་བྲི་བར་བྱ། །གཞན་གྱིས་མི་ཚུགས་ཁྲོ་ཆེན་དང་། །གཞན་གྱིས་མི་ཚུགས་ལྷ་མོ་དང་། །ས་བདག་ལག་ན་བུམ་པ་ཐོགས། །གུས་པར་དེ་དག་འཁོར་བཞིན་

དུའོ། །ཁྲོ་བོ་གཞན་གྱིས་མི་ཐུབ་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བར་ཆད་མེད་པའི་རང་བཞིན་ནོ། །ལྷ་མོ་གཞན་གྱིས་མི་ཐུབ་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཐུ་བརྟན་པར་གྱུར་པའོ། །སའི་ལྷ་མོ་ལག་ན་བུམ་པ་ཐོགས་པ་ནི་བཅོམ་ལྡན་འདས་ཀྱི་དཔང་དུ་གྱུར་པ་སྟེ་དེ་དག་

Vol. 69 · folio 128a

ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔ་མ་ཟད་འོག་ཏུ་བྲིའོ། །ཀླུ་ཆེན་དགའ་བོ་ཉེ་དགའ་བོ། །ནན་ཏན་དུ་ནི་བྲི་བར་བྱ། །སྒོ་བ་གཉིས་ཀྱི་མདུན་དུ་སྟེ། །ཤཱཀྱ་སེང་གེ་སྦྱོང་བ་ཡི། །ཞེས་པ་ནི་ཀླུའི་རྒྱལ་པོ་གཉིས་སྒོ་ཕ་རོལ་ཚུ་རོལ་ནས་གཅིག་ལ་གཅིག་ཕྱོགས་པར་བྲི་སྟེ་

ཆབ་སྒོ་བར་ཤེས་པར་བྱའོ། །གཞན་ཡང་ཤཱཀ་ཐུབ་ཕྱག་རྒྱ་དང་། །སྔགས་རྣམས་དཀྱིལ་འཁོར་བར་བཤད་པ། །རྒྱུད་རྣམས་ཀུན་ལས་བྱུང་བ་ཡང་། །དབང་པོ་ཡིས་ནི་བྲི་བར་བྱ། །ཞེས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་རྒྱ་ལྷུང་བཟེད་དང་གསེག་ཤང་ལ་སོགས་པ་རྒྱུད་ལས་འབྱུང་

བ་རྣམས་ཇི་ལྟར་རིགས་པར་བྱའོ་ཞེས་པའོ། །ད་ནི་འཕགས་པ་འཇམ་དབྱངས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཆོས་ཉན་པའི་ཚུལ་དུ་བཞུགས་པས་བྲི་བར་བཤད་དེ། དེ་ལ་ཆོས་ཉན་པ་ནི་ལུགས་ཀྱི་ཆོས་དང་ཐོབ་པའི་ཆོས་ཏེ། ལུགས་ཀྱི་ཆོས་ནི་ཞལ་ནས་གསུངས་

པ་རྣམས་སོ། །ཐོབ་པའི་ཆོས་ནི་སྐུ་མི་ཟད་པའི་རྒྱན་གྱི་དཀྱིལ་འཁོར་ནང་ལོགས་པ་གཉིས་པོ་ནང་དུ་སྐུ་བཞི་པོ་འཁོར་དང་བཅས་པ་སྟེ། དེ་བས་ན་དེ་དག་ཆུད་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བྱས་པའི་ཚུལ་དུ་བྲི་བར་བསྟན་ཏེ། བྱང་ཆུབ་

སེམས་དཔའ་དེ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པ་ཤེ་དག་པར་ཤེས་པར་བྱའོ། །སྔགས་པ་དེ་ནས་བྱུང་ནས་སུ། །ཆ་གསུམ་གཏན་ལ་བབ་པ་དེར། །མཆོག་སྦྱིན་རྡོ་རྗེ་བྲི་སྟེ་ཞེས་པ་ནས། ཀུན་ནས་འཁོར་བར་སྔགས་པ་ཡིས། །མཚན་མ་བཟང་པོའི་འོད་ཀྱིས་སོ། །ཞེས་པའི་བར་དུའོ། །

ཤར་ཕྱོགས་ཀྱི་ངོས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་འཕགས་པ་འཇམ་དབྱངས་བྲི་བར་བྱ་སྟེ། དེ་ཡང་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱི་རང་བཞིན་ཏེ། ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་བློས་བརྟགས་ཤིང་དཔྱད་ནས་ཆུད་པར་བྱེད་པ་སྟེ། དེ་བས་ན་དེ་ལྟར་ཆུད་ནས་སྒྲིབ་པ་ཐམས་ཅད་རྣམ་པར་

སྤོང་བའི་བྱང་ཆུབ་སེམས་དཔའ་ཕྱི་ནས་ལྷོ་ཕྱོགས་སུ་བྲི་སྟེ། དེ་ལྟར་སྒྲིབ་པ་སྤངས་ནས་བཟོད་པ་དང་དགའ་བར་ལྡན་པའི་རང་བཞིན་སའི་སྙིང་པོ་བྱང་ཕྱོགས་སུ་བྲི་སྟེ། དེ་ལྟར་བཟོད་པ་དང་དགའ་བར་ལྡན་པ་ཐོབ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟར་ཆུད་པའི་རང་བཞིན་ནུབ་

Vol. 69 · folio 128b

ཕྱོགས་སུ་བྲི་སྟེ། རྣམ་པར་གྲོལ་བའི་རིམ་པ་དེ་ལྟ་བས་ན། དང་པོ་ཉིད་དུ་ཤར་ཕྱོགས་སུ་ཤེས་རབ་ཀྱི་རང་བཞིན་འཕགས་པ་འཇམ་དཔལ་བྲིའོ། །མཆོག་སྦྱིན་རྡོ་རྗེ་ཞེས་པ་ནི་འཕགས་པ་འཇམ་དཔལ་ཕྱག་ན་རྡོ་རྗེས་མཆོག་བྱིན་ཏེ། ཕྱག་ན་རྡོ་རྗེས་སྔགས་ཀྱི་རྒྱུད་འཆད་པའི་དབང་

བསྐུར་ཏེ་དེ་ལྟར་རྡོ་རྗེ་མཆོག་བྱིན་ཞེས་བྱའོ། །ཟུར་ཕུད་ལྔ་དང་ལྡན་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །གཞོན་ནུ་བྲིས་པའི་གཟུགས་འཛིན་པ་ནི་གཞོན་ནུའི་ས་འཛིན་པ་སྟེ་ཆོས་ཀྱི་རྒྱལ་པོའི་གཟུགས་སུ་བཞུགས་པའོ། །ལག་ན་ཨུཏྤལ་ཐོགས་པ་ནི་རྡོ་རྗེ་ཅན་ཏེ། ལག་པ་གཡོན་

པ་ཞེས་པ་ནི་ཡེ་ཤེས་ལྔའི་མཚན་མའི་རྡོ་རྗེ་ཨུཏྤལའི་སྟེང་དུ་གཞག་པ་ལག་པ་གཡོན་ན་ཐོགས་པ་སྟེ། རྡོ་རྗེ་ནི་མཆོག་བྱིན་པའོ། །ཨུཏྤ་ལ་ནི་ཤེས་རབ་ཀྱི་རལ་གྲིའི་མཚན་མའོ། །རབ་ཏུ་དགོད་བཞིན་འདུག་པའོ། །ཞེས་པ་ནི་ཤེས་རབ་ཀྱི་ཆོས་སྟོན་པའི་མཚན་མའོ། །མཚན་བཟང་ལྡན་

པའི་འོད་ཀྱིས་ཏེ། །ཞེས་པ་ནི་འོད་འཕྲོ་སེར་པོ་དང་དཀར་པོ་ལ་སོགས་པ་དང་ལྡན་པ་སྟེ། ནག་པོ་ལ་སོགས་པའི་འོད་མེད་པའོ། །དེ་བྲི་བ་ནི། གཞོན་ནུ་དྲ་བའི་འོད་ཅན་ཏེ། །ལག་ན་རིན་ཆེན་དྲ་བ་ཐོགས། །པདྨ་དཀར་པོའི་སྟན་ལ་སྟེ། །རྒྱལ་བའི་སྲས་ལ་ལྟ་བར་བྲི། །ཞེས་པ་ནི་འཕགས་

པ་འཇམ་དཔལ་གྱི་འཁོར་དྲ་བའི་འོད་ཅེས་བྱ་བ་ནི་གཡས་རོལ་བྱང་ཕྱོགས་སུ་བྲི་སྟེ། དྲ་བའི་འོད་ཅེས་པ་ནི་འོད་རྣམས་རྒྱུན་མི་འཆད་པར་གཅིག་ལ་གཅིག་འབྲེལ་པ་དང་ལྡན་པ་ནི་དྲ་བའི་འོད་ཅེས་བྱ། ལག་ན་རིན་ཆེན་དྲ་བ་ཐོགས། །ཞེས་པ་ནི་ཕྱག་དྲ་བ་འདྲ་བ་ལ་རིན་པོ་ཆེས་སྤྲས་པ་ཐོགས་པའོ། །

པདྨ་དཀར་པོའི་གདན་ལ་བཞུགས་པ་ནི་བླ་མ་བྱེ་བྲག་ཡོད་པར་བྱ་བའི་ཕྱིར་རོ། །རྒྱལ་བའི་སྲས་ལ་ལྟ་བར་བྲི། །ཞེས་པ་ནི་འཕགས་པ་འཇམ་དཔལ་ཉིད་ལ་ལྟ་བར་བྲི་བའོ། །མཆོག་སྦྱིན་རྡོ་རྗེ་གཡོན་རོལ་དུ། །མངག་གཞུག་མ་ནི་ལྔ་བྲི་ཞེས་པ་ནས། འགུགས་པ་ཞེས་སུ་བསྒྲགས་པ་སྟེ། །

ཞེས་པའི་བར་དུ་འཕགས་པ་འཇམ་དཔལ་གྱི་འཁོར་མངག་གཞུག་མ་རྣམས་མིང་གིས་སྨོས་པ་ལྔ་གཡོན་རོལ་དུ་བྲི་བར་བྱའོ། །བློ་ཅན་རྣམས་ཀྱིས་མངག་པ་རྣམས་ཀྱི་ནི། །འོག་ཏུ་ཅི་བགྱི་ཞེས་པ་ལྔ་པོ་བྲི། །ཞེས་པ་ནི་མངག་གཞུག་མ་དེ་ལྔའི་གཡོག་ཅི་བགྱི་ཞེས་པ་ལྔ་མངག་གཞུག་རྣམས་

Vol. 69 · folio 129a

ཀྱི་མ་ཟད་དུ་བྲི་བར་བྱའོ། །གཡོག་གཉིས་པོ་ཡང་བྲི་བ་ནི། །དྲ་བའི་འོད་ཅན་གྱི་སྟེ་ཞེས་པ་ནི་དྲ་བའི་འོད་ཀྱི་དྲུང་དེའི་གཡོག་གཉིས་བྲི་བར་བྱ། དེ་རྣམས་ནི་འཕགས་པ་འཇམ་དཔལ་གྱི་འཁོར་ཏེ། ཁ་དོག་དང་ཕྱག་རྒྱ་ལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་དུ་བལྟ་བར་བྱའོ། །ལྷོ་

ཕྱོགས་སུ་ནི་སྔགས་མཁན་གྱིས། །བྱང་ཆུབ་སེམས་དཔའ་ཆེར་གྲགས་པ། །སྒྲིབ་པ་ཀུན་སེལ་དེ་རུ་བྲི། །གཙོ་བོའི་རང་བཞིན་ནོར་བུ་ཐོགས། །ཞེས་པ་ནི་ལྷོ་ཕྱོགས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྲི་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་

པའི་སྒྲིབ་པ་ཐམས་ཅད་སྤངས་ཞེས་པའི་དོན་ཏོ། །གཉིས་སུ་ནི་རྒྱུའི་ཚེ་འདོད་པ་དང་སྲེད་པ་དང་ངན་སེམས་ལ་སོགས་པའི་སྒྲིབ་པ་ལྔ་བསལ་ཏེ། དེ་རྣམས་མི་བསྐྱོད་པ་ལས་བྱུང་བས་ན་འབྲས་བུ་ལ་རྒྱུས་བརླན་པ་ལ་ཡང་བྱའོ། །དེ་ཡི་གོ་གཉིས་བོར་ནས་སུ། །དཔའ་བོ་བརྒྱད་པོ་རྣམས་བྲི་སྟེ། །ཞེས་

པ་ནས། བློ་གྲོས་བསམ་པས་དེ་བཞིན་ནོ། །ཞེས་པའི་བར་དུ་མགོན་པོའི་འཁོར་བརྒྱད་པོ་རྣམས་གཡས་སུ་བཞི་གཡོན་དུ་བཞི་རིམ་བཞིན་དུ་བྲིས་ཏེ། ཆ་གཉིས་བོར་བ་ནི་དཔོན་གཡོག་གི་མཚམས་ཀྱི་གྲལ་དཔག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་མིང་ནི་དོན་གྱི་རྗེས་སུ་མཐུན་

པར་ཤེས་པར་བྱའོ། །ལྷོ་ཕྱོགས་དེ་ནི་བོར་ནས་སུ། །བྱང་གི་ཕྱོགས་སུ་སོང་ལ་ནི། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །ཞེས་པའི་བར་དུ་སའི་སྙིང་པོ་བྱང་ཆུབ་སེམས་དཔའ་བྱང་ཕྱོགས་ཀྱི་ངོས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་བྲི་བ་སྟེ། བཟོད་པ་རབ་ཏུ་དགའ་ལྡན་པ། །ཞེས་པ་ནི་བཟོད་པ་

རྣམ་པ་གསུམ་དང་ལྡན་པ་སྟེ། ཟབ་མོའི་ཆོས་ལ་བཟོད་པ་དང་སྡུག་བསྔལ་བ་ལ་བཟོད་པ་དང་ཕ་རོལ་གྱི་གནོད་པ་བྱས་པ་བཟོད་པའོ། །དགའ་བར་ལྡན་པ་ནི་རང་གི་རྣམ་པར་ཐར་པའི་སྒོས་རངས་ཤིང་དགའ་བའོ། །སའི་སྙིང་པོ་ཞེས་པ་ནི་དེ་ལྟ་བུར་བཟོད་པ་དང་ལྡན་པས་ས་དང་འདྲ་བའི་ཕྱིར་རོ། །འབར་

བ་ནི་སྔར་བཤད་པ་བཞིན་ནོ། །དེའི་སྟན་ཡིད་དུ་འོང་བ་ནི། །མཁས་པས་ཀྱང་ནི་བསམ་པར་བྱ། །འབྱུང་གནས་ཀུན་དང་ལྡན་པ་ཡིས། །རིན་ཆེན་ཀུན་གྱིས་ཤིན་ཏུ་བརྒྱན། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེའི་བྱེ་བྲག་ས་དེ་ཡང་དཀར་དམར་ལ་སོགས་པའི་ཁ་དོག་དང་ལྡན་པ་རིན་པོ་ཆེས་བརྒྱན་པར་

Vol. 69 · folio 129b

བྲིའོ། །དེ་ཡི་སྟེང་དུ་འདུག་པ་སྟེ། །དེར་འདུག་པར་བྲི་བ་ནི། བྱང་ཆུབ་སེམས་དཔའ་གྲགས་ཆེན་ནོ། །ཞེས་པ་ནི་སའི་སྟེང་དུ་པདྨོ་རིན་པོ་ཆེ་བཞིའི་རང་བཞིན་བྲི་སྟེ། རིན་པོ་ཆེ་བཞི་ནི་གོང་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་བཟོད་པ་རྣམ་པ་གསུམ་དང་། རབ་ཏུ་དགའ་བ་དེ་ཉིད་རིན་པོ་ཆེའི་མཚན་མར་

གྱུར་པས་པདྨོ་དེ་བརྒྱན་པ་སྟེ། དེའི་སྟེང་དུ་བྱང་ཆུབ་སེམས་དཔའ་དེ་བཞུགས་པར་བྲིའོ། །དེ་ཡི་ཡོན་ཏན་སྒོ་མཐའ་ཡས། །ཞེས་པ་ནས། བསམ་པ་བརྟན་པ་ཡང་དེ་བཞིན། །ཞེས་པའི་བར་དུ་བྱང་ཆུབ་སེམས་དཔའ་དེའི་འཁོར་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་གྲངས་མེད་པ་རྣམས་ཡོད་

དོ། །དེ་དག་ལས་དོན་གྱི་རྗེས་སུ་མཐུན་པའི་མིང་དང་ལྡན་པ་བྱང་ཆུབ་སེམས་དཔའ་འདི་རྣམས་རིམ་བཞིན་དུ་བྲི་བར་བྱའོ། །དེ་ནས་སྔགས་པ་ནུབ་ཕྱོགས་སུ། །ནམ་མཁའི་སྙིང་པོ་དེར་བསམ་སྟེ། །དཔའ་བོ་གོས་ཀྱང་དཀར་པོ་གྱོན། །ལག་ན་རལ་གྲི་ཤིན་ཏུ་འབར། །ལེགས་པར་འདུག་པ་བྲི་

བ་ནི། །རྒྱལ་སྲས་པདྨོའི་སྟེང་དུ་སྟེ། །ཞེས་པ་ནི་ནུབ་ཕྱོགས་ཀྱི་ངོས་ཀྱི་སྒོ་ཁྱུད་ཀྱི་ནང་དུ་ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་བྲི་བར་བྱ་སྟེ། ནམ་མཁའི་སྙིང་པོ་ཞེས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ནམ་མཁའ་ལྟ་བུར་གྱུར་པ་བྱང་ཆུབ་སེམས་དཔའ་དེ་ལས་བྱུང་བས་ན་

ནམ་མཁའི་སྙིང་པོ་ཞེས་བྱའོ། །ན་བཟའ་དཀར་མོ་མནབས་པ་ནི་འཛེམ་པ་དང་ངོ་ཚ་བ་དང་ལྡན་པའི་མཚན་མ་སྟེ་སྔར་བཤད་པ་དང་འདྲའོ། །རལ་གྲི་ནི་དེའི་རྣམ་པར་གྲོལ་བའི་ཤེས་རབ་ཀྱི་མཚན་མའོ། །དེ་ཡི་འཁོར་དུ་བསྒྲགས་པ་ནི། །ཞེས་པ་ནས་བརྟན་པའི་བློ་ཞེས་པའི་བར་དུ་ནམ་མཁའི་སྙིང་

པོའི་འཁོར་བྱང་ཆུབ་སེམས་དཔའ་དོན་གྱི་རྗེས་སུ་མཐུན་པའི་མིང་དང་ལྡན་པ་འདི་རྣམས་གོ་རིམས་བཞིན་དུ་གཡས་གཡོན་དུ་བྲི་བར་བྱའོ། །སོམས་ཤིག་གོ་རིམས་བཞིན་དུའོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྒྱན་དེ་དག་ཆོས་ཉན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་རྣམས་

ཀྱིས་ཡོངས་སུ་བསྐོར་ཞིང་མདུན་དུ་བྱས་ཏེ། རྟག་པར་ལྷན་ཅིག་ཏུ་སོམས་ཤིག་ཅེས་པའོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་རྒྱ་ལ་སོགས་པ་འདིར་གསལ་བར་མ་སྨོས་པ་རྣམས་གསང་བའི་དཀྱིལ་འཁོར་དུ་བལྟ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོས་

Vol. 69 · folio 130a

འཁོར་དེ་ཐམས་ཅད་ལ་བལྟས་ནས་ཞེས་པ་ནས། གང་གིས་སྤྱད་པའི་མཆོག་འདི་ལ། །ཤིན་ཏུ་བརྟན་ཡིད་ཐུབ་པའོ། །ཞེས་པའི་ཕྱག་ན་རྡོ་རྗེ་གོང་དུ་དཀྱིལ་འཁོར་བཤད་པ། ལྷ་རྣམས་སོ་སོར་དགོད་པ་ལ་སོགས་པ་ཆུད་ནས་དེ་དག་གི་ཚུལ་དང་ཡོན་ཏན་ལ་སོགས་པ་

སེམས་ཤིན་ཏུ་དང་བར་གྱུར་ཏེ། དང་བ་དེའི་ཤུགས་ཀྱིས་སྔགས་ཀྱི་ཚུལ་དཀོན་ཞིང་མཐུ་ཆེ་བ་བསྟན་པ་དང་། དཀྱིལ་འཁོར་མཐོང་བ་མཐུ་ཆེ་བ་བསྟན་པ་དང་། སྔགས་སློབ་པ་ཡང་མཐུ་ཆེ་བ་བསྟན་པ་དང་། སྔགས་ཉན་ཅིང་སེམས་པའི་སྒོ་ནས་དད་པ་མཐུ་ཆེ་བ་བསྟན་པའི་ཚིགས་སུ་

བཅད་པ་སྨྲས་པ་སྟེ། དེ་ལ་སེམས་དང་བ་རྣམ་པ་གསུམ་སྟེ། པགས་པར་སོང་བ་དང་། རུས་པར་སོང་བ་དང་། རྐང་དུ་སོང་བའོ། །དེ་ལ་པགས་པར་སོང་བ་ནི་བ་སྤུར་ལྡང་བ་ལ་སོགས་པའོ། །རུས་པར་སོང་བ་ནི་མཆི་མ་འབྱུང་བ་ལ་སོགས་པའོ། །རྐང་དུ་སོང་བ་ནི་ཚིག་ཏུ་སྨྲ་བ་ལ་

སོགས་པ་སྟེ། དེ་བས་ན་ཕྱག་ན་རྡོ་རྗེ་སེམས་ཤིན་ཏུ་དད་རྐང་དུ་སོང་བ་དང་ལྡན་པས་ཚིག་ཏུ་སྨྲས་སོ། །དེ་ནས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོས་འཁོར་དེ་ཐམས་ཅད་ལ་བལྟས་ནས་ཞེས་པ་ནི། འཁོར་དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སོགས་པ་ཡོངས་སུ་

དག་པ་ཤ་སྟག་ཏུ་བཞུགས་པས་གཡེང་ངམ་མི་གཡེང་བ་སྣོད་དུ་གྱུར་ཏམ་མ་གྱུར་པ་བརྟག་པ་ལ་ནི་མི་བྱའི། དང་པའི་ཤུགས་ཉིད་ཀྱིས་འཁོར་དེ་རྣམས་ལ་བལྟས་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རིང་ཞིག་ཏུ་མིག་མི་འཛུམས་པར་བལྟས་ནས་ཞེས་པ་ཡང་དད་པའི་ཤུགས་ཀྱིས་

བཅོམ་ལྡན་འདས་ལ་སྙིང་ཚིམ་ཚིམ་དུ་རིང་དུ་བལྟས་པའོ། །གླེང་གཞིར་གླེང་བའི་ཚིག་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་གཞན་གྱིས་མ་དྲིས་པར་བདག་ཉིད་ཀྱིས་སེམས་དང་བ་དང་། དང་བའི་ཤུགས་ཀྱིས་ཚིག་ཏུ་འདོར་ཏེ་སྨྲས་པའོ། །ཀུན་མཁྱེན་གལ་ཏེ་འཇིག་རྟེན་དུ། །འབྱུང་

ཞིང་སྐྱེ་བར་འགྱུར་བ་ཡང་། །ཨུ་དུམྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་བརྒྱ་ལམ་གདོད་འབྱུང་བའོ། །དེ་བས་ཤིན་ཏུ་འབྱུང་དཀའ་བ། །སྔགས་སྤྱད་པ་ཡི་ཚུལ་འདི་སྟེ། །ཞེས་པ་ནི་སྔགས་སྤྱད་པ་ཤིན་ཏུ་དཀོན་པ་བསྟན་པ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་

Vol. 69 · folio 130b

ཡང་ཨུ་དུམྦཱ་རའི་མེ་ཏོག་དང་འདྲ་བ་སྟེ། དཀོན་པ་བརྒྱ་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་ན་ཡང་། བརྒྱ་ལམ་བརྒྱ་ལམ་ན་སྔགས་ཀྱི་ཚུལ་འཆད་པ་ནི་སྔགས་སྤྱོད་པའི་སྣོད་དུ་གྱུར་པའི་གདུལ་བ་གཟིགས་ནས། གདོད་སྔགས་ཀྱི་ཚུལ་སྟོན་པ་ན། དེ་བཞིན་གཤེགས་པ་

འཇིག་རྟེན་དུ་འབྱུང་ན། ཡང་སྔགས་སྤྱོད་པའི་ཚུལ་ནི་བརྒྱ་ལམ་བརྒྱ་ལམ་ན་འབྱུང་བ་ཡིན་པས་ན་དཀོན་ནོ་ཞེས་ཏེ། ཚིག་དེ་སྐད་དུ་སྨྲས་པ་ཡང་ཕྱག་ན་རྡོ་རྗེ་ཉིད་དེ་ལྟར་ཆུད་ནས་སེམས་དད་པའི་ཤུགས་ཀྱིས་སྨྲས་པ་དང་། སྔགས་ཀྱི་ཚུལ་དེ་ལྟར་དཀོན་ཞིང་མཐུ་ཆེ་བར་མ་འོངས་པའི་

འགྲོ་བ་རྣམས་ལ་བསྟན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་འཇིག་རྟེན་དུ་སྐྱེ་ཞིང་འབྱུང་བའི་དུས་ངེས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་སངས་རྒྱས་ཏེ། འཇིག་རྟེན་དུ་འབྱུང་ནས་ཀྱང་། བསྐལ་པ་དང་ལོ་གྲངས་ལ་སོགས་པ་འདི་སྲིད་

ཅིག་ལོན། འཕགས་པ་བྱམས་པ་འཇིག་རྟེན་དུ་གདོད་འབྱུང་བ་ཡང་། དུས་འདི་སྲིད་ཅིག་ན་འབྱུང་ངོ་ཞེས་ངེས་པར་བཤད་ན། ཅིའི་ཕྱིར་བརྒྱ་ལམ་བརྒྱ་ལམ་ན་ཞེས་མ་ངེས་པས་སྨོས་ཤེ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བའི་དུས་ངེས་ཀྱང་དེ་བཞིན་གཤེགས་པ་

འཇིག་རྟེན་དུ་འབྱུང་བའི་ཚེ། སེམས་ཅན་རྣམས་སྐལ་བ་དང་མི་ལྡན་པས་བརྒྱ་ལམ་བརྒྱ་ལམ་ན་དེ་བཞིན་གཤེགས་པ་མངོན་པར་འབྱུང་སྟེ་དུས་ངེས་པ་མེད་དོ། །དེ་བས་ན་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མངོན་པར་འཚང་རྒྱ་བ་འབའ་ཞིག་ལ་འཇིག་རྟེན་དུ་འབྱུང་ཞེས་མི་བྱའི་སེམས་

ཅན་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ཅིང་མཐོང་བ་ལ་ཡང་བྱ་བས་ན། བརྒྱ་ལམ་བརྒྱ་ལམ་ན་ཞེས་སྨོས་སོ། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་ཇི་སྙེད་བྱས་ཡོད་པ། །དེ་ཀུན་འབྱུང་བར་འགྱུར་བ་ནི། །དཀྱིལ་འཁོར་འདི་ནི་མཐོང་བའོ། །ཞེས་པ་ནི་དཀྱིལ་འཁོར་མཐོང་བ་ཤིན་ཏུ་མཐུ་ཆེ་བར་

བསྟན་པ་སྟེ། དེ་བཞིན་གཤེགས་པ་སྐུ་མི་ཟད་པའི་རྒྱན་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་དཀྱིལ་འཁོར་འདི་མཐོང་བས། བསྐལ་པ་དུ་མར་མི་དགེ་བ། །བཅུ་ལ་སྤྱད་པའི་སྡིག་བསགས་པ། །དེ་དག་ཐམས་ཅད་འབྱང་བར་འགྱུར། །ཞེས་པ་སྟེ་དེ་འབྱང་བར་འགྱུར་བ་ཡང་དཀྱིལ་

Vol. 69 · folio 131a

འཁོར་མཐོང་བ་ཙམ་གྱིས་འབྱང་བར་འགྱུར་བ་འབའ་ཞིག་མ་ཡིན་གྱི། སྦྱོར་བ་དང་རྩ་བ་དང་ཕྱི་མ་དང་གསུམ་དུ་ལྡན་ན་འབྱང་བར་འགྱུར་ཏེ། དེ་ལ་སྦྱོར་བ་ནི་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། དུས་གསུམ་དུ་

སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་པའོ། །རྩ་བ་ནི་དཀྱིལ་འཁོར་དུ་འཇུག་པ་ཉིད་ཀྱི་ཚེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དཀྱིལ་འཁོར་དུ་གཞུག་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་སྐུ་གཟུགས་དང་། ཕྱག་རྒྱ་ལ་སོགས་པ་དང་དཀྱིལ་འཁོར་གྱི་

རྒྱན་དང་ལྡ་ལྡི་ལ་སོགས་པ་མཐོང་ནས་སེམས་དང་བ་སྐྱེས་པའོ། །ཕྱི་མ་ནི་དཀྱིལ་འཁོར་དུ་ཞུགས་པའི་འོག་ཏུ་དམ་པའི་ཆོས་དང་། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ལ་སོགས་པའི་དམ་ཚིག་མནོས་ཏེ། རྣམ་པ་དེ་དག་གསུམ་དང་ལྡན་པར་དཀྱིལ་འཁོར་མཐོང་ན་བསྐལ་

པ་དུ་མར་བསགས་པའི་སྡིག་པ་ཡང་འབྱང་བར་འགྱུར་ན་ནི། དཔེར་ན་མུན་ནག་ལོ་དུ་མར་འདུག་པ་སྒྲོན་མ་ལན་ཅིག་འབྱུང་བས་མེད་པ་དང་འདྲའོ། །ཇི་སྨོས་གྲགས་པ་མཐའ་ཡས་པའི། །སྔགས་སྤྱད་ཆོ་ག་གནས་པ་སྟེ། །བླ་མེད་གནས་སུ་འགྲོ་བ་ནི། །མགོན་པོ་སྔགས་འདི་ཟློས་པ་སྟེ། །

ཞེས་པ་ནི་སྔགས་ཟློས་པ་མཐུ་ཆེ་བ་བསྟན་པ་སྟེ། དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་བསྐལ་པ་དུ་མར་བསགས་པའི་སྡིག་པ་འབྱང་བར་འགྱུར་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྔགས་ཡོན་ཏན་མཐའ་ཡས་པར་གྲགས་པ་ཇི་སྐད་དུ་གསུངས་པའི་ཆོ་ག་དང་ལྡན་པར་བསླབ་པ་གོམས་

པར་བྱས་ན་བླ་ན་མེད་པའི་གནས་ཐོབ་པ་ལྟ་སྨོས་ཅི་དགོས་ཞེས་པའོ། །དེ་དག་ལོག་པར་འགྲོ་ཆད་པ། །སྡུག་བསྔལ་ཀུན་ཀྱང་འབྱང་བ་སྟེ། །གང་གིས་སྤྱད་པའི་མཆོག་འདི་ལ། །ཤིན་ཏུ་བརྟན་ཡིན་འདུག་པའོ། །ཞེས་པ་ནི་སྔགས་སྤྱད་པའི་ཚུལ་ལ་ཉན་ཅིང་སེམས་པའི་སྒོ་ནས་དད་པ་མཐུ་ཆེ་

བར་བསྟན་པ་སྟེ། སྔགས་སྤྱད་པའི་ཚུལ་དམ་པ་འདི་ལ་ཉན་པ་དང་བསམ་པས་དེ་ཉིད་ཡིན་གྱི་གཞན་མ་ཡིན་ནོ་སྙམ་ནས་བློ་གཞན་དུ་མི་འགྱུར་བར་མོས་ན་སྡུག་བསྔལ་ཅན་གྱི་ངན་སོང་དུ་མི་སྐྱེ་བར་འགྱུར་རོ་ཞེས་པའོ། །སྔགས་སྤྱད་པ་དང་སྤྱད་པའི་ཚུལ། །ཞེས་པ་ལ་སོགས་པའི་ཚིག་

Vol. 69 · folio 131b

རྣམས་ནི་སྔར་ལན་མི་ཉུང་བར་བཤད་ཟིན་པས་ན་འདིར་མ་སྨོས་སོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱང་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དོན་དེ་ལྟ་བུར་ཆུད་པས་སེམས་དང་བའི་ཤུགས་ཀྱིས་སྨྲས་པའི་ཞར་ལ་མ་འོངས་པའི་སེམས་ཅན་རྣམས་སྔགས་སྤྱོད་པ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་སྨྲས་སོ། །དེའི་

ཚེ་འཁོར་དེ་དག་ཐམས་ཅད་དང་། རྡོ་རྗེ་འཛིན་པ་དེ་དག་མགྲིན་གཅིག་ཏུ་མཐུན་པར་ཚིག་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་། །སྔགས་རྒྱུད་རྗེས་བཞིན་དང་བའོ། །ཞེས་པའི་བར་དུའོ། །ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་

སྐད་གསོལ་བ་དང་། ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ་ལ་སོགས་པ་འཁོར་དེ་རྣམས་དང་རྡོ་རྗེ་འཛིན་པ་དེ་རྣམས་ཀྱིས་ཕྱག་ན་རྡོ་རྗེའི་དགོངས་པ་འདི་ལྟར་རིག་སྟེ། དཀྱིལ་འཁོར་བཤད་པའི་སྐབས་སུ་བབ་པ་ལ། དཀྱིལ་འཁོར་གྱི་སྲད་བུ་བྲེ་བ་དང་། ལྷ་རྣམས་སོ་སོར་དགོད་པ་ལ་

སོགས་པ་ནི་བཤད་ཟིན་གྱི་ཚོན་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་དང་། ས་ཚོན་སོ་སོ་ལ་སངས་རྒྱས་ཀྱི་སྐུ་བསམ་ཞིང་བྱིན་གྱིས་བརླབ་པ་དང་། ཚོན་གང་ཡིན་པ་དང་། ཇི་ལྟར་ཚོན་ཞེས་བྱ་བ་དང་། ཚོན་འགྱེད་པའི་ཐབས་དང་། ཚོན་གང་སྔོན་དུ་གཏང་བ་དང་། རྟ་བབས་དང་སྒོ་ཁྱུད་

ཀྱི་ཚད་ལ་སོགས་པ་མ་བཤད་པས་དེ་དག་དྲི་བའི་ཕྱིར་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པ་འདི་དག་སྨྲའོ་སྙམ་པར་རིག་ནས་ཚིག་འདི་སྐད་སྨྲས་པ་སྟེ། ཕྱག་ན་རྡོ་རྗེས་དེའི་ཚེ་འཁོར་དེ་དག་ཐམས་ཅད་དང་། རྡོ་རྗེ་འཛིན་པ་དེ་དག་མགྲིན་གཅིག་ཏུ་མཐུན་པར་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི།

ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། འཇམ་དཔལ་ལ་སོགས་པ་དང་། སྔགས་ཀྱི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པ་དེ་རྣམས་དགོངས་པ་མཐུན་པས་ཚིག་དང་དོན་མཐུན་པར་སྨྲས་པའོ། །དགེའོ་དགེའོ་ཞེས་པ་

ནི་ཕྱག་ན་རྡོ་རྗེ་དོན་དེ་ལྟ་བུར་སེམས་ཤིང་བཅོམ་ལྡན་འདས་ལ་འདྲི་བ་ཕྱག་ན་རྡོ་རྗེ་དེ་ཉིད་དགེའོ་ཞེས་པའོ། །དགེའོ་ཞེས་པ་གཉིས་པ་ནི་དྲི་བར་བྱ་བའི་དོན་བཟང་བས་དགེའོ་ཞེས་པའོ། །དགེའོ་དགེའོ་དཔའ་ཆེན་པ། །སྔགས་སྤྱད་དབང་དུ་གྱུར་པ་སྟེ། །ཞེས་པ་ནི་ཕྱག་ན་རྡོ་རྗེའི་ཡོན་

Vol. 69 · folio 132a

ཏན་བརྗོད་པའོ། །ཁྱོད་ཀྱིས་ཀུན་དྲིས་མཉམ་མེད་ལ། །བདག་གི་ཡིད་ལ་བསམས་པའོ། །ཞེས་པ་ནི་དྲི་བར་བྱ་བའི་དངོས་པོ་སྟེ། དགེའོ་དགེའོ་ཞེས་པ་དང་སྦྱར་རོ། །ཕྱག་ན་རྡོ་རྗེའི་ཡིད་ལ་བསམས་པ་དེ་ཚིག་ཏུ་མ་སྨྲས་ན་བྱང་ཆུབ་སེམས་དཔའ་དེ་དག་གིས་ཇི་ལྟར་

རིག་ཅེ་ན། ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་ཤ་སྟག་པས། ཕ་རོལ་གྱི་སེམས་རིག་པ་དང་འདྲ་བར་ཕྱག་ན་རྡོ་རྗེས་ཅི་བསམས་པ་རྣམས་ཤེས་སོ། །གཉིས་སུ་ན་དེ་ལྟ་བུར་དྲི་བའི་སྐབས་ཡིན་པས་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པ་གཞན་གླེངས་ཀྱང་

དྲི་བར་བྱ་བའི་དངོས་པོ་འདི་ཡིན་པར་ཤེས་སོ། །དེ་ལྟར་ཕྱག་ན་རྡོ་རྗེའི་དགོངས་པ་ཤེས་པས་ན། བདག་ཅག་ཀུན་གྱི་དབང་དུ་གྱུར། །ཞེས་པ་སྟེ་དབང་དུ་གྱུར་ཞེས་པའི་དོན་ནི་ཁྱོད་ཀྱིས་ཅི་བསམས་པ་དེ་ངེད་ཀྱིས་ཤེས་ཏེ། དེད་ཀྱང་དེ་བཞིན་དུ་སེམས་སོ་ཞེས་པའོ། །སྔགས་སྤྱད་

འབྲས་བུ་གནས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་ཉིད་བརྩམ་པར་བསྟན་ཏེ། ངེད་ཀྱང་ངན་ངོན་མ་ཡིན་གྱི། སྔགས་སྤྱད་པའི་འབྲས་བུ་ཐོབ་པ་དག་གོ་ཞེས་པའོ། །བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་། །སྔགས་རྒྱུད་རྗེས་བཞིན་དང་བའོ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་

དེ་རྣམས་འབའ་ཞིག་མ་ཡིན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་ཀྱང་དེ་བཞིན་དུ་མཁྱེན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། སྔགས་རྣམས་མཚན་ཉིད་ཅི་འདྲ་བ་དང་ཏིང་ངེ་འཛིན་ཇི་ལྟར་རྟོགས་པ་

ཡང་ཞེས་པའི་བར་དུ་གོང་དུ་ཞུ་བར་བསམས་པའི་དངོས་པོ་རྣམས་ཞུས་པ་སྟེ། ཚོན་བྱིན་གྱིས་བརླབ་པ་ལ་སོགས་པ་འདིར་ཞུས་པ་དང་། བཤད་པའི་ནང་དུ་མ་བྱུང་བ་རྣམས་གསང་བའི་དཀྱིལ་འཁོར་གྱི་སྐབས་སུ་བལྟ་བར་བྱའོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་

ཆོས་ཀུན་དབང་ཐུབ་པས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་ཞེས་པ་ནས། དེ་བས་རྣམ་པ་ཀུན་ལ་ཡང་། །སྟོང་ཉིད་རྟག་ཏུ་དྲན་པར་བྱ། །ཞེས་པའི་བར་དུ་ཕྱག་ན་རྡོ་རྗེས་ཞུས་པ་རྣམས་ཀྱི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། སེམས་ཅན་ཁམས་དག་མགུ་རྙེད་པ། །ཆོས་ཀྱི་

Vol. 69 · folio 132b

དབྱིངས་ནི་རོ་དེ་ཡིན། །དེ་ཕྱིར་སྔོན་གྱི་སངས་རྒྱས་གསུང་། །དེ་བས་དེ་ཡི་ཚོན་ཞེས་བྱ། །ཞེས་པ་ནི་ཅིའི་ཕྱིར་ཚོན་ཞེས་བགྱི་ཞེས་ཞུས་པ་དང་། འོག་གི་ལན་ཏེ། སེམས་ཅན་ཁམས་ནི་མགུ་རྙེད་པ། །ཞེས་པ་ནི་ཚོན་ཞེས་བྱ་བའི་ཚིག་གི་དོན་ཏེ། ཚོན་ཞེན་པར་བྱེད་པའི་རང་བཞིན་ཏེ་

འདིར་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་དོག་དང་ཆ་ལུགས་དང་། དཀྱིལ་འཁོར་གྱི་རི་མོར་སྣང་བས་སེམས་ཅན་རྣམས་དད་པ་སྐྱེས་ཏེ་མགུ་ཞིང་ཞེན་པར་འགྱུར་བས་ན་ཚོན་ཞེས་བྱའོ། །ས་བཅུ་ཡོངས་སུ་རྫོགས་པའི་ཚེ་ཏིང་ངེ་འཛིན་འདི་རབ་ཏུ་ཐོབ་པར་འགྱུར་ཏེ།

ཏིང་ངེ་འཛིན་འདི་རབ་ཏུ་ཐོབ་པ་གཞན་གྱིས་ཐོབ་པ་མ་ཡིན་གྱི། རང་གི་སེམས་ཡོངས་སུ་ཤེས་པ་ལས་ཐོབ་པ་དེ་བས་ན། གསུངས་པ་དེ་ནི་སེམས་ཀུན་ཞེས་པས་ནི། །རྙེད་ཀྱི་གཞན་ལས་མ་ཡིན་ནོ། །ཞེས་པའོ། །དེ་ལ་སེམས་ཡོངས་སུ་ཤེས་པ་ཡང་གསང་བའི་བདག་པོ་རང་གི་

སེམས་ནི་སྔོན་པོ་ཡང་མ་ཡིན་ཞེས་པ་ནས་རྣམ་པ་ཐམས་ཅད་དུ་བཙལ་ཀྱང་རྙེད་པར་མི་འགྱུར་རོ་ཞེས་པའི་བར་དུ་བྱང་ཆུབ་ཀྱི་སེམས་བཤད་པའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པོ་ཡོངས་སུ་སྤངས་པ་ནི། །སངས་རྒྱས་རྫོགས་རྣམས་དེ་ལ་དད། །སྟོང་པ་ཆེན་པོར་གསུངས་པ་ནི། །ཀུན་

མཁྱེན་ཡེ་ཤེས་རྫོགས་བྱེད་པའོ་ནི་ཀུན་དུ་སངས་རྒྱས་པའི་ཏིང་ངེ་འཛིན་དེ་གཉིས་ཡོངས་སུ་སྤངས་ཞེས་པ་ནི། གཟུང་བ་དང་འཛིན་པ་སྤངས་པ་དང་སྟོང་པའི་རང་བཞིན་དུ་འདུ་ཤེས་གཉིས་སྤངས་པ་སྟེ། ས་བཅུ་གཅིག་པ་ཀུན་དུ་བཟང་པོའི་ས་ལ་གནས་པའི་ཚེ་ཆོས་ཐམས་ཅད་སྟོང་པའི་

རང་བཞིན་ནོ་སྙམ་ནས་སྟོང་པར་འདུ་ཤེས་པ་དེ་སྤངས་ཏེ། སྟོང་པའི་རང་བཞིན་དུ་ཡང་ཡོད་པ་མ་ཡིན་ནོ་སྙམ་པའི་འདུ་ཤེས་ཙམ་ལ་གནས་པ་སྟེ། དེ་བས་ན་སྟོང་པར་འདུ་ཤེས་པ་ཡང་སྤངས་པས་སྟོང་པ་ཆེན་པོ་ཞེས་བྱའོ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པའི། །ཞེས་པ་ནི་ཀུན་དུ་

སངས་རྒྱས་པའི་དེ་མ་ཐག་ཏུ་འདུ་ཤེས་ཙམ་པོ་ཡང་སྤངས་པའི་མཚན་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འགྱུར་ཏེ། ཀུན་དུ་སངས་རྒྱས་པ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྦྱོར་བ་བྱེད་པས་ན། ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པ། །ཞེས་པའོ། །དེ་བས་ན་རྣམ་པ་

Vol. 69 · folio 133a

ཀུན་དུ་ལ་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྟག་ཏུ་དྲན་པར་བྱའོ་ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེས་ཐམས་ཅད་མཁྱེན་པ་རྫོགས་པར་བྱེད་པས་ན་ཡན་ལག་བཞིས་བྱིན་གྱིས་བརླབ་པ་དང་། བདག་གི་ལྷར་སྦྱོར་བ་དང་། དབང་ཆེན་དང་ཆུའི་དཀྱིལ་འཁོར་གྱི་ཏིང་ངེ་

འཛིན་ལ་སོགས་པ་ཐམས་ཅད་ལ་འདི་ལྟ་བུའི་སྟོང་པ་ཉིད་རྟག་ཏུ་གོམས་པར་བྱའོ་ཞེས་པའོ། །ད་ནི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་སོ་སོའི་ཏིང་ངེ་འཛིན་རྣམས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་ཏེ། ཏིང་ངེ་འཛིན་

དེ་ལས་བཞེངས་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་དེ་རྣམས་བསྟན་པའི་སྐབས་བཤད་དེ། དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་ཐམས་ཅད་དང་མོལ་ནས་ཞེས་པ་ནས། སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་བཤད་པ་ཡིན། །

ཞེས་པའི་བར་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀུན་དུ་སངས་རྒྱས་པའི་མཚན་ཉིད་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་ནས་བདུད་བཞི་བཅོམ་པའི་རང་བཞིན་འཆད་དེ། སངས་རྒྱས་ཐམས་ཅད་དང་མོལ་ནས་ཞེས་པ་ནི་སངས་རྒྱས་ཐམས་ཅད་དགོངས་པ་མཐུན་པས་བྱ་བ་གཅིག་ཏུ་

བསྟན་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཆོས་ཀྱི་སྐུ་དང་། སེམས་ཅན་གྱི་དོན་བྱེད་པར་མཉམ་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཐམས་ཅད་དང་རྒྱུད་གཅིག་པ་སྟོབས་མགྱོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་ཏིང་ངེ་འཛིན་དེའི་མིང་སྟེ། སངས་རྒྱས་ཐམས་

ཅད་དང་རྒྱུད་གཅིག་ཏུ་ཞེས་པ་ནི་སེམས་ཅན་གྱི་དོན་དུ་སྤྱོད་པ་སྣ་ཚོགས་འབྱུང་ཡང་། སངས་རྒྱས་ཐམས་ཅད་རྒྱུད་གཅིག་པ་ལས་བྱུང་བ་ནི་ཆོས་ཀྱི་རོ་གཅིག་པ་ལས་བྱུང་སྟེ། དཔེར་ན་མེ་མར་མང་པོ་ཡང་འོད་འདྲེས་པར་གྱུར་ན་གཅིག་སྟེ་དབྱེར་མེད་པ་དང་འདྲའོ། །སྟོབས་ཞེས་པ་ནི་ཐོགས་

པ་མེད་པའི་མཐུའོ། །མགྱོགས་ཞེས་པ་ནི་མཐུ་དེ་སེམས་ཅན་གྱི་དོན་ལ་མྱུར་བའོ། །སྙིང་པོར་བྱང་ཆུབ་འདུག་ནས་སུ། །བདུད་བཞི་ཡང་ནི་ཤིན་ཏུ་བཅོམ། །ཞེས་པ་ནས། སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་བཤད་པ་ཡིན། །ཞེས་པའི་བར་ཀུན་དུ་

Vol. 69 · folio 133b

སངས་རྒྱས་པའི་ཏིང་ངེ་འཛིན་གོང་དུ་བཤད་པ་དེ་ཉིད་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེས་བདུད་བཞི་བཅོམ་པ་བསྟན་པ་སྟེ། དེ་ལ། བདུད་བཞི་ཡང་ནི་ཤིན་ཏུ་བཅོམ། །ཞེས་པ་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་

བདག་གི་བདུད་དང་། ལྷའི་བུའི་བདུད་རྣམས་བཅོམ་པ་སྟེ། དེ་ཡང་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་རིག་པར་བྱའོ། །དེ་ལ་ཀུན་རྫོབ་ཏུ་བདུད་བཞི་བཅོམ་པ་ནི་བྱང་ཆུབ་ཆེན་པོར་ལྷའི་བུའི་བདུད་དང་ཉོན་མོངས་པའི་བདུད་གཉིས་བཅོམ། ཕུང་པོའི་བདུད་དང་འཆི་བའི་བདུད་གཉིས་

དེའི་ཞར་ལ་བཅོམ་པ་སྟེ། ཐེག་པ་ཆུང་ངུའི་ལུགས་ལ་གྲགས་པའོ། །སྐབས་འདིར་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པར་ཆུད་ནས། བདུད་རྣམ་པ་བཞི་ཆར་ཡང་དམིགས་སུ་མེད་པའི་ཚུལ་གྱིས་བཅོམ་སྟེ། མ་སྐྱེས་པ་ལས་སངས་རྒྱས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དང་

སྦྱར་རོ། །དེ་ནས་དཔའ་བོ་ཆེན་པོ་ཞེས་པ་ནས། དཔའ་བོ་ཆེན་པོ་ཞེས་ཀྱང་བྱ། །ཞེས་པའི་བར་དུ་དེ་ལྟར་བདུད་རྣམ་པ་བཞི་བཅོམ་ནས་ཚངས་པ་ལ་སོགས་པའི་འཇིག་རྟེན་པའི་ལྷ་རྣམས་བཅོམ་ལྡན་འདས་ལ་ཁྱོད་ནི་དཔའ་བོ་ཆེན་པོ་འཇིགས་པ་དང་བྲལ་བའོ་ཞེས་དགའ་བཞིན་དུ་ཚིག་

ཏུ་འདོད་པས་ན། ང་ནི་དཔའ་བོ་ཆེན་པོ་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །མ་སྐྱེས་པ་ལས་ངས་སངས་རྒྱས། །ཞེས་པ་ནི་དེ་ལྟར་བདུད་རྣམ་བཞི་བཅོམ་པ་དེ་དམིགས་པ་དང་བཅས་པས་བཅོམ་པ་མ་ཡིན། ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བར་ངས་ཆུད་ནས་

དམིགས་སུ་མེད་པའི་ཚུལ་གྱིས་ཞེས་པ་དང་འབྲེལ་ཏོ། །ཆོས་ཀྱི་དབྱིངས་ཀྱི་རོལ་ཕྱིར་ཡིད། །ཅེས་པ་ནི་ཚོན་འདི་རྣམས་ལ་ཆོས་ཀྱི་དབྱིངས་དང་ལྡན་པའི་སངས་རྒྱས་ཀྱི་སྐུའི་རང་བཞིན་ཡི་གེ་རྣམས་ཀྱིས་བྱིན་གྱིས་བརླབས་པས། ཚོན་འདིས་ཆོས་ཀྱི་དབྱིངས་མཚོན་པར་འགྱུར་ཏེ། རོ་

གཅིག་པ་ནི་ཆོས་ཀྱི་དབྱིངས་ཀྱི་རོ་ཞེས་བྱའོ། །དེ་ལྟར་ཡི་གེ་རྣམས་ཀྱིས་བྱིན་གྱིས་རློབ་པ་ཡང་། ཡི་གེ་འཁོར་ལོའི་དཀྱིལ་འཁོར་སྐབས་སུ་བལྟ་བར་བྱའོ། །ཚོན་ནི་ནང་ལོགས་འདུག་ནས་བྲི། །ཕྱི་རོལ་འདུག་ནས་ཚོན་མི་བྲི། །ཞེས་པ་ནི་ཇི་ལྟ་བུར་ན་ཚོན་ཞེས་ཞུས་པའི་ལན་ཏེ།

Vol. 69 · folio 134a

སྔགས་པ་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་ནང་དུ་བསྣུར་ཞིང་ཚོན་རྣམས་བྲི་ཞེས་པའོ། །དཀར་པོ་ནི་ཐོག་མར་གཏང་། དེ་ཡི་འོག་ཏུ་དམར་པོ་སྟེ། །དེ་ནས་སུ་ནི་སེར་པོ་གཏང་། །དེ་ཡི་འོག་ཏུ་སྔོན་པོ་གཏང་། །ཀུན་གྱི་ནང་རོལ་ནག་པོ་སྟེ། །ཚོན་འགྱེད་ཚུལ་

སྨྲས་དེ་བཞིན་ནོ། །ཞེས་པ་ནི། དེ་ལ་གང་གི་ཐོག་མར་གཏང་། །ཞེས་ཞུས་པ་དང་། ཅིའི་ཕྱིར་དེ་ལ་ཚོན་ཞེས་བྱ། །ཞེས་པ་དང་། དང་པོར་དྲིས་པའི་ལན་གཉིས་ཀ་ཅིག་ཅར་བཀའ་སྩལ་པ་སྟེ། ཚོན་རྣམས་དེ་ལྟར་དགྱེ་བའི་དགོངས་པ་ཡང་འདི་ལྟ་སྟེ། དཀར་པོ་ནི་ཆོས་ཀྱི་དབྱིངས་

ཀྱི་རང་བཞིན་ནོ། །དེ་ལྟར་ཆོས་ཀྱི་དབྱིངས་སུ་གྱུར་པའི་འོག་ཏུ་ཐབས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་སྙིང་རྗེས་སེམས་ཅན་ལ་ཞེན་པའི་རང་བཞིན་དམར་པོ་གཏང་ངོ་། །དེའི་འོག་ཏུ་སེམས་ཅན་གྱི་དོན་དེ་ཉིད་རྒྱས་པར་འགྱུར་ཏེ་རྒྱས་པའི་མཚན་ཉིད་ཚོན་སེར་པོ་གཏང་ངོ་། །དེ་ལྟར་རྒྱས་

པའི་འོག་ཏུ་ཐམས་ཅད་བྱེད་ནུས་པར་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་ཚོན་ལྗང་གུ་ཁ་དོག་ཐམས་ཅད་པ་གཏང་ངོ་། །དེ་ལྟར་ལས་ཐམས་ཅད་ནུས་ན་གདུག་པ་དང་མ་རུངས་པ་རྣམས་འདུལ་བ་མངོན་པར་སྤྱོད་པའི་མཚན་ཉིད་ཁ་དོག་ནག་པོ་གཏང་སྟེ། ཐམས་ཅད་ནི་ནང་རོལ་དུ་གཏང་བ་ནི་

གསང་བའི་ཕྱིར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་སྐུར་བྱིན་གྱིས་བརླབ་པ་ལ་སོགས་པའི་རིམ་པའི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་བལྟ་བར་བྱའོ། །རྟ་བབས་ཚད་ནི་ཞེས་པ་ནས། །དཔའ་བས་རིམ་གྱིས་ཆེ་བར་རོ། །ཞེས་པའི་བར་དུ་ནི། རྟ་བབས་རྣམས་ཀྱི་ཚད་དང་

ནི། །སྒོ་ཁྱུད་རྣམས་ཀྱང་དེ་བཞིན་ཏེ། །སྒོ་རྣམས་ཀྱང་ནི་རིག་པར་བྱ། །མགོན་པོས་དེ་དག་འདྲ་བ་ཡི། །ཚད་གསུངས་ཞེས་ཞུས་པའི་ལན་ཏེ། །རྟ་བབས་ཀྱི་ནི་ཚད་ཀྱང་ནི། །དཀྱིལ་འཁོར་དབུས་མའི་ཚད་དུ་བྱ། །ཞེས་པ་ནི་རྟ་བབས་ཀྱི་ཞེང་གི་ཚད་སྙིང་པོའི་དཀྱིལ་འཁོར་གྱི་ངོས་

དང་མཉམ་པར་བྱ་ཞེས་པའོ། །སྒོ་ཁྱུད་པདྨོར་མཉམ་པ་སོར་བཅུ་དྲུག་ཏུ་བཅས་པ་ཞེས་པ་ནི་སྒོ་ཁྱུད་ཀྱང་རྟ་བབས་ཀྱི་ཚད་བྱེད་དེ་དེ་དང་མཉམ་པར་བྱའོ། །ཐོག་མར་སྒོ་རྣམས་རིག་པར་བྱ་བ་དཀྱིལ་འཁོར་མཉམ་པར་ཏེ། དེ་ལས་སྐྱེད་པར་རིག་པར་བྱའོ། །དཔའ་བས་ཆེ་བར་རོ་ཞེས་པ་ནི་

Vol. 69 · folio 134b

ནང་གི་དཀྱིལ་འཁོར་གྱི་སྒོ་སྙིང་པོ་པདྨོ་སོར་བཅུ་དྲུག་པ་དང་མཉམ་པར་བྱ། དེའི་ཕྱི་མ་དེ་ལ་སོར་བཞིས་སྐྱེད། དེའི་ཕྱི་རིམ་ཡང་སོར་བཞིས་སྐྱེད་དེ། དེ་ལྟར་རིམ་གྱིས་རིམ་གྱིས་ཆེ་བར་བྱ་ཞེས་པའོ། །སྒོ་རྣམས་ཀྱི་ནི་བར་བར་དུ། །སྒོ་སྲུང་རྣམས་ནི་གཞག་པར་བྱ། །ཞེས་པས་

དཀྱིལ་འཁོར་གྱི་སྒོའི་ཕ་རོལ་ཚུ་རོལ་གྱི་ངོས་སུ་འོག་ནས་སྨོས་པའི་སྒོ་སྲུང་རྣམས་གཞག་སྟེ། ཤཱཀྱ་ཐུབ་པའི་སྒོ་སྲུང་ནི་སྔར་ཚང་བར་གསུངས་ཟིན་པས་འོག་ནས་འབྱུང་བ་མི་སྙག་གོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྒོ་སྲུང་ཡང་། ཐུབ་དཀའ་བ་དང་མངོན་དུ་བ། །ཞེས་པ་

གཉིས་ཚང་བར་གསུངས་པས་འོག་ནས་འབྱུང་བའི་རྣམ་པ་ལས་མིང་གིས་སྨོས་མེད་པ་འདི་ཉིད་གཞག་པར་བྱའོ། །སེམས་མགུ་བ་ནི་ཏིང་ངེ་འཛིན་ཏེ། མདོར་བཤད་པ་ནི་དེ་ཡིན་ནོ་ཞེས་པ་ནི་ཏིང་ངེ་འཛིན་ཇི་ལྟར་རྟོགས་པ་ཡང་ཞེས་ཞུས་པའི་ལན་ཏེ། དེ་ལ་ཏིང་ངེ་འཛིན་ཞེས་བྱ་བ་ནི་

སེམས་རྩེ་གཅིག་པའི་མཚན་ཉིད་དེ། དེ་ཡང་ཀུན་རྫོབ་དང་དོན་དམ་པ་ལ་རྩེ་གཅིག་པ་ནི། ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་ལ་སོགས་པ་ལ་སེམས་རྩེ་གཅིག་པར་དམིགས་པའོ། །དོན་དམ་པ་ནི་གཟུང་བ་དང་འཛིན་པ་སྤངས་པ་སྟོང་པའི་རང་བཞིན་ལ་སེམས་རྩེ་གཅིག་པ་སྟེ།

གཉིས་གང་ཡང་རུང་བ་ལ་ཏིང་ངེ་འཛིན་རྩེ་གཅིག་ཏུ་གྱུར་པ་སེམས་གུད་དུ་མི་འགྱུར་བར་ཞེན་ཅིང་ཚིམ་པར་བྱེད་པ་ནི། སེམས་མགུ་བ་ཞེས་བྱ་སྟེ། དེ་ནི་ཏིང་ངེ་འཛིན་སྤྱིའི་མཚན་ཉིད་དོ། །ཁྱད་པར་དུ་ནི་སེམས་དཔའ་ཆེ། །ཉོན་ཅིག་པ་ཡི་ཡིད་ཀྱིས་ཏེ། །ཞེས་པ་ནི། དེ་

བས་རྣམ་པ་ཀུན་ལ་ཡང་། །སྟོང་ཉིད་རྟག་པར་དྲན་པར་བྱའོ། །ཞེས་པའི་བར་དུ་ནི་དོན་དམ་པ་ཏིང་ངེ་འཛིན་གྱི་ཁྱད་པར་དུ་བཤད་པ་སྟེ། དེ་ཡང་སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་། ཀུན་དུ་སངས་རྒྱས་པའི་ཏིང་ངེ་འཛིན་ཏོ། །དེ་ལས་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི་སངས་རྒྱས་ཀུན་

གྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་རྒྱལ་བས་གསུངས་ཞེས་པ་སྟེ། དེ་ལ་སྟོང་པ་ཉིད་ཅེས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ཐོག་མ་ནས་མ་སྐྱེས་མ་བྱུང་བའི་ཚུལ་བཤིག་གམ་རྡུལ་ཕྲ་མོ་ལ་སོགས་པའི་ཚུལ་བཤིག་ན་ཡོད་པ་མ་ཡིན་ཏེ། དེ་རྣམས་

Vol. 69 · folio 135a

ཀྱི་ཇི་བཞིན་པར་སྣང་བ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་གཟུང་བ་དང་འཛིན་པའི་མཚན་ཉིད་མེད་པར་ཆུད་པ་ནི་སྟོང་པ་ཉིད་དེ། དེ་ལྟར་ཆོས་རྣམས་སོ་སོའི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཆུད་དེ། སྟོང་པའི་རང་བཞིན་དེ་ལས་སེམས་གཞན་དུ་མི་འགྱུར་ཞིང་དེ་

ཉིད་ལ་རྩེ་གཅིག་པར་གྱུར་པ་ནི་ས་བཅུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དེ་ཐོབ་སྟེ། དེའི་ཚེ་སངས་རྒྱས་ཞེས་བྱའོ། །དེ་ལྟར་གཟུང་བ་དང་འཛིན་པའི་ཆ་ཡོངས་སུ་སྤངས་པའི་སྟོང་པ་ཉིད་ས་རབ་ཏུ་དགའ་བ་དེ་དག་གི་ཚེ་ན་མ་ཐོབ་པ་མ་ཡིན་མོད་ཀྱི། ས་རབ་ཏུ་དགའ་

བ་ནས་ས་བརྒྱད་པའི་བར་དུ་ལོག་པའི་གཉེན་པོ་ཡོངས་སུ་མ་སྤངས་པས་ལྷུན་གྱིས་གྲུབ་པ་ཉིད་དུ་མི་འཇུག་པའི་ཕྱིར་དེ་དག་ལ་མི་བྱ། ས་བརྒྱད་པ་ཡན་ཆད་ལོག་པའི་གཉེན་པོ་རྣམས་སྤངས་ཏེ་ལྷུན་གྱིས་གྲུབ་པར་འཇུག་པས་ན། ས་བརྒྱད་ས་དགུ་ས་བཅུ་ལ་སྦྱོར་རོ། །ཆོམས་ཞེས་པ་སྟེ།

མ་སྐྱེས་པ་ལས་ངས་སངས་རྒྱས། །ཞེས་པ་ནི་དངོས་སུ་ན་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པར་ཆུད་པས་ཕུང་པོ་ཡང་དམིགས་སུ་མེད་པའི་ཕྱིར་ཕུང་པོའི་བདུད་བཅོམ་པའོ། །ངག་གི་སྤྱོད་ཡུལ་དང་བྲལ་ཞེས་པ་ནི་རྣམ་པར་རྟོག་པ་དང་བྲལ་ཞེས་པ་སྟེ། རྟོག་པའི་སྤྱོད་ཡུལ་ལས་འདས་པས་དངོས་

སུ་ལྷའི་བུའི་བདུད་བཅོམ་པའོ། །ཉེས་པ་ཀུན་ནས་རྣམ་པར་གྲོལ། །ཞེས་པ་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བས་དངོས་སུ་ན་ཉོན་མོངས་པའི་བདུད་བཅོམ་པའོ། །རྒྱུ་དང་རྐྱེན་དུ་བྲལ་བ་སྟེ། །ཞེས་པ་ནི་རྒྱུ་རྐྱེན་མེད་པས་ན་མ་སྐྱེས་པས་འཆི་བ་མེད་དེ། དངོས་སུ་ན་འཆི་བའི་བདུད་བཅོམ་

པའོ། །ཡེ་ཤེས་ནམ་མཁའ་སྟོང་པ་འདྲ། །ཞེས་པ་ནི་དེ་ལྟར་རྣམ་པ་བཞི་ཆར་ལས་གྲོལ་བས་ན་ཇི་བཞིན་པ་མེད་པའི་ཡེ་ཤེས་རང་བཞིན་གྱིས་འོད་དངས་པ་སྟོང་པའི་མཚན་ཉིད་ནམ་མཁའ་དང་འདྲ་བར་མ་སྐྱེས་ཞེས་པའོ། །ཇི་ལྟར་འབྱུང་བ་ང་ཡིས་བྱུང་། །ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ལྟ་

བུར་ཕྱིན་ཅི་མ་ལོག་པ་ཉིད་དུ་ངས་ཐོབ་ཅེས་པའོ། །ཤིན་ཏུ་དྲི་མ་མེད་པ་ཞེས་པ་ནི་ཡེ་ཤེས་དེ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་སྤངས་པ་ཞེས་པའོ། །དེ་ཁོ་ན་ཞེས་པ་ནི་ཕྱིན་ཅི་མ་ལོག་པ་ཡོངས་སུ་རྫོགས་པའི་མཚན་ཉིད་པས་རིགས་པ་དང་གཞུང་གིས་སུན་དབྱུང་དུ་མི་ནུས་པས་ན་སྟོང་

Vol. 69 · folio 135b

པ་ཉིད་ཀྱི་ཡེ་ཤེས་དེ་ཁོ་ན་ཞེས་བྱའོ། །མིང་ནི་སངས་རྒྱས་མཚན་ཉིད་ཅེས་པ་ནི་ཀུན་དུ་སངས་རྒྱས་པ་ཞེས་བྱ་བ་དེ་སྟོང་པའི་རང་བཞིན་དུ་འདུ་ཤེས་པ་ཡང་སྤངས་ནས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཡང་ཡོད་པ་ཡིན་པར་ཤེས་པའི་འདུ་ཤེས་དེ་ཙམ་ལ་གནས་པ་ཞེས་པའོ། །དེ་བས་ང་ནི་ཡང་དག་

ཉིད། །བྱིན་གྱི་རླབས་ཀྱི་མཐུ་ཡིས་ནི། །ཡི་གེ་འབྲུ་རུ་སྨྲས་པ་ནི། །འཇིག་རྟེན་དུ་ནི་སྣང་བྱེད་པ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་བཤད་པ་ཡིན། །ཞེས་པ་ནི་དེ་ལྟར་ངས་ཐམས་ཅད་ཐོག་མ་ནས་མ་སྐྱེས་མ་བྱུང་བར་ཆུད་ཀྱང་། སེམས་ཅན་རྣམས་ལ་སྙིང་

བརྩེ་བའི་ཕྱིར་ཡང་དག་པ་ཉིད་ཀྱིས་ཆོས་དེའི་ཚིག་ཏུ་བརྗོད་པའི་ཕྱིར་ཡི་གེའི་འབྲུ་རྣམས་སུ་བྱིན་གྱིས་བརླབས་ཏེ། ཡི་གེའི་འབྲུ་རྣམས་ཀྱང་དཔའ་བོ་ཆེན་པོའི་ཏིང་ངེ་འཛིན་གྱི་སྐབས་སུ་བལྟ་བར་བྱའོ། །འདི་རྣམས་ཀྱི་རིམ་པ་ཡང་བསྡུས་པའི་དོན་གྱི་ནང་དུ་བཤད་པས་ཤིན་ཏུ་མ་བཤད་པའོ། །དེ་

ནས་རྡོ་རྗེ་འཛིན་པ་ཆེན་པོ་ངོ་མཚར་དུ་གྱུར་ནས་མིག་གདངས་ཏེ་སྤྱི་བོས་ཕྱག་འཚལ་ནས་ཚིག་འདི་སྐད་གསོལ་ཏོ་ཞེས་པ་ནས། གོང་དུ་སངས་རྒྱས་དང་ཀུན་དུ་སངས་རྒྱས་པའི་ཏིང་ངེ་འཛིན་སྟོང་པ་ཉིད་འཕྲོ་བ་མེད་པའི་ཆོས་སངས་རྒྱས་རྣམས་ཀྱིས་ཆུད་ལ་འཕྲོ་བ་དང་བཅས་པའི་ཆོས་རྣམས་ཡིག་

འབྲུ་ལ་སོགས་པའི་སྒོ་ནས་བསྟོད་ཅིང་བཤད་པ་དེ་ངོ་མཚར་ཆེ་བར་གྱུར་པ་སྟེ། དེ་བས་ན་གསུངས་པ། སངས་རྒྱས་ཀུན་ཀྱང་ངོ་མཚར་ཆེ། །ཞེས་པ་ནས། སྔགས་ཀྱི་མཚན་ཉིད་འདི་ཡང་ནི། །བདེན་པ་གཉིས་ལ་གནས་པ་སྟེ། །ཞེས་པའི་བར་དུ་སྟེ། དེ་ལ། སངས་རྒྱས་ཀུན་ཀྱང་ངོ་

མཚར་ཆེ། །ཞེས་པ་ནི་སངས་རྒྱས་དང་ཀུན་སངས་རྒྱས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཀྱང་འཕྲོ་བ་མེད་པའི་ཆོས་ཆུད་ནས་འཕྲོ་བ་དང་བཅས་པ་ཆོས་འཆད་པས་ན་ངོ་མཚར་ཆེ་ཞེས་པའོ། །ཐབས་དང་ཤེས་རབ་བསམ་མི་ཁྱབ། །ཅེས་པ་ནི་ཤེས་རབ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་

ཆུད་པའོ། །ཐབས་ནི་སྟོང་པ་ཉིད་ཀྱི་ཆོས་ཏེ་ཡི་གེའི་འབྲུ་ལ་སོགས་པ་བསྟན་ནས། རབ་དང་འབྲིང་དང་ཐ་མ་ལ་སོགས་པ་འགྲུབ་པ་དང་། ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པའི་སྒོ་ནས་སེམས་ཅན་རྣམས་འཛུད་པར་བྱེད་པ་དེ་ནི་ཐབས་དང་ཤེས་རབ་བསམ་གྱིས་མི་ཁྱབ་པའོ། །འོད་འཕྲོ་ཀུན་དང་

Vol. 69 · folio 136a

བྲལ་བ་ནི། ཆོས་དང་སངས་རྒྱས་རང་བྱུང་བའོ། །དེ་ལྟར་སངས་རྒྱས་རྣམས་ཀྱིས་འཕྲོ་བ་མེད་པའི་ཆོས་ཆུད་ནས་ཞེས་པ་སྟེ་སངས་རྒྱས་ཞེས་པ་ནི་ཆུད་པའི་དོན་ཏེ། དེ་ལྟར་འཕྲོ་བ་མེད་པའི་དོན་ཆུད་ནས་འཇིག་རྟེན་པ་ཀུན་རེ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་དེ་འཆད་པ་

ནི་ངོ་མཚར་ཆེའོ་ཞེས་པ་དང་སྦྱར་རོ། །རང་བྱུང་བ་ཞེས་པ་ནི་ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱིས་མི་བཀྲི་བའི་ཕྱིར་རང་བྱུང་བ་ཞེས་བྱའོ། །སྔགས་ཀྱི་མཚན་ཉིད་འདི་ཡང་སྔགས་ཀྱི་ཚུལ་ལ་གནས་ཞེས་པ་ནི་དེ་ལྟར་འཕྲོ་བ་མེད་པའི་ཆོས་ཆུད་ནས་འཕྲོ་བ་དང་བཅས་པའི་

ཆོས་འཆད་པས་ན། སྔགས་ཀྱི་མཚན་ཉིད་འདི་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀ་ལ་གནས་པ་སྟེ། དོན་དམ་པའི་བདེན་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཀུན་རྫོབ་ཀྱི་བདེན་པ་ནི་གྲུབ་པ་མཆོག་ལ་སོགས་པ་དང་། ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པའོ། །སེམས་ཅན་

ཀུན་གྱིས་ཤེས་ན་ཡང་། །འཇིག་རྟེན་གྱི་ཡང་མཆོད་རྟེན་འགྱུར། །ཞེས་པ་ནི་སྔགས་ཀྱི་ཚུལ་དེ་ལྟ་བུས་གྲུབ་པ་ལ་སོགས་པར་མ་གྱུར་ཀྱང་། སེམས་ཅན་རྣམས་ཀྱིས་མཉན་པ་དང་བསམས་པ་ཙམ་གྱི་སྒོ་ནས་ཤེས་པ་ཙམ་གྱིས་ཀྱང་འཇིག་རྟེན་པ་རྣམས་ཀྱི་མཆོད་རྟེན་དུ་འགྱུར་རོ་ཞེས་པའོ། །གཞན་

ཡང་གསང་བའི་བདག་པོ་སྐྱེ་བ་གཅིག་གིས་ཐོགས་པ་མེད་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། དགོས་པའི་ས་ལ་གནས་པ་ནི། །དེ་དག་སངས་རྒྱས་ས་ལ་གནས། །ཞེས་པའི་བར་དུ་ས་བཅུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ས་ལ་གནས་པ་དེ་ཆོས་རྣམས་མ་བྱུང་མ་

སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཆུད་ནས། སེམས་ཅན་གྱི་དོན་དུ་ཐབས་ཀྱི་འཁོར་ལོས་བྱ་བ་ཡོད་པའི་ས་ལ་གནས་པའི་ཏིང་ངེ་འཛིན་བཤད་པ་སྟེ། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་པ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་ས་ལ་ཆོས་ཀྱི་རྒྱལ་ཚབ་ཀྱི་སར་སྐྱེ་བ་

གཅིག་པུས་ཐོགས་པ་ཞེས་པའོ། །གཉིས་སུ་ན་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་ཉིད་དུ་རིས་མཐུན་པར་གྱུར་པས་བཅུ་པ་རྣམས་རིགས་གཅིག་པ་ཞེས་པའོ། །དེ་དག་དོན་དང་བྲལ་བ་ནི། །འཇིག་རྟེན་གྱི་ནི་མཚན་ཤེས་ནས། །དོན་གྱི་ས་ལ་གནས་པ་ནི། །དེ་དག་སངས་རྒྱས་

Vol. 69 · folio 136b

ལ་གནས་སོ། །ཞེས་པ་ནི་འཇིག་རྟེན་རྣམས་གང་གི་འབྲས་བུ་ཡང་མ་ཡིན་ཏེ། རྒྱུ་གང་ལས་ཀྱང་མ་བྱུང་བས་ཐོག་མ་ནས་མ་སྐྱེས་པར་ཆུད་ཀྱང་བྱ་བའི་ས་ལ་གནས་ཏེ། སེམས་ཅན་རྣམས་ཀྱི་དོན་དུ་སྦྱར་བ་དང་། སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་

པ་ལ་སོགས་པ་མཛད་པས་ན། སངས་རྒྱས་ཀྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་བྱ་བའི་ས་ལ་གནས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་སངས་རྒྱས་ཀྱི་ས་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །གཞན་ཡང་གསང་བའི་བདག་པོ་ས་བརྒྱད་པ་ལ་གནས་

པའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས། འཇིག་རྟེན་སྒྱུ་མ་ལྟར་ཤེས་ཏེ། །འཇིག་རྟེན་རྣམས་ཀྱི་དབང་པོའོ། །ཞེས་པའི་བར་དུ་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་བཤད་པ་སྟེ། དེ་ལ། ཆོས་རྣམས་ཀུན་ནི་མ་རྙེད་དེ། །ཞེས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་ཤིན་

ཏུ་དངོས་པོ་མེད་དོ། །དམིགས་སུ་མེད་པར་ཆུད་ཅེས་པ་ནི་ཆོས་རྣམས་དངོས་པོ་མེད་པར་དེ་སྔོན་ཡོད་པ་ལས་ཞིག་སྟེ་མེད་པར་འགྱུར་ཏེ། དངོས་པོ་མེད་པའམ་འོན་ཏེ་ཐོག་མ་ནས་མ་བྱུང་མ་སྐྱེས་པས་དངོས་པོ་མེད་ཅེ་ན། དེ་བས་ན་གསུངས་པ། བྱུང་དང་སྐྱེ་བ་ཡོངས་སུ་བྲལ། །ཞེས་པ་སྟེ་

ཐོག་མ་ནས་མ་སྐྱེས་པས་སླར་འབྱུང་བ་ཡང་མི་འགྱུར་ཏེ། ཐོག་མ་ནས་མ་བྱུང་མ་སྐྱེས་པས་དངོས་པོ་མེད་པར་ཤེས་སོ། །འཇིག་རྟེན་སྒྱུ་མ་ལྟར་ཤེས་ཏེ། །ཞེས་པ་ནི་དེ་ལྟ་བུའི་ཆོས་རྣམས་དངོས་པོ་མེད་པར་ཆུད་པས། འཇིག་རྟེན་གྱི་ཆོས་རྣམས་ཀུན་རྫོབ་ཏུ་སྣང་བར་འགྱུར་བ་ཡང་དངོས་པོ་མེད་

པ་ལས་སྣང་བ་སྟེ་ཇི་ལྟར་སྒྱུ་མ་དངོས་པོ་མེད་པ་ལས་སྣང་བ་ལྟར་ཤེས་སོ་ཞེས་པའོ། །འཇིག་རྟེན་རྣམས་ཀྱི་དབང་པོ་ཞེས་པ་ནི། དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས་བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་པའི་ནང་ན་གཙོ་བོ་དམ་པར་འགྱུར་བའོ་ཞེས་པའོ། །གཞན་ཡང་གསང་བའི་

བདག་པོ་ཉན་ཐོས་པ་རྣམས་ཞེས་པས་དངོས་པོ་ཤིན་ཏུ་མེད་པའི་ཡེ་ཤེས་མི་སྤྱོད་དེ། ཉན་ཐོས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ་ཞེས་པའི་བར་དུ་འཕགས་པ་ཉན་ཐོས་པ་རྣམས་ཀྱི་ཏིང་ངེ་འཛིན་བཤད་པ་སྟེ། འཕགས་པ་ཉན་ཐོས་པ་རྣམས་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་རྒྱུ་དང་འབྲས་བུའི་ངོ་བོ་

Vol. 69 · folio 137a

ཉིད་སྐྱེ་བ་དང་འཇིག་པར་ལྟ་སྟེ་དམིགས་པ་དང་བཅས་པ་རྣམས་སོ། །དེ་ལྟར་སྐྱེ་བ་དང་འཇིག་པ་ཡོད་པས་རྟག་པ་དང་ཆད་པའི་མཐའ་གཉིས་བཤིག་པ་དང་། སྐྱེ་བ་ཡོད་པར་མཐོང་བས་ཆད་པའི་མཐའ་བཤིག་སྟེ། འཇིག་པ་ཡོད་པར་མཐོང་བས་རྟག་པའི་མཐའ་

བཤིག་གོ། །དེ་ལྟར་སྐྱེ་བ་དང་འཇིག་པ་ཡོད་པར་མཐོང་བས་ཆོས་རྣམས་ཤིན་ཏུ་དངོས་པོ་མེད་པར་མཐོང་བའི་ཡེ་ཤེས་མི་སྐྱེ་སྟེ། ཤིན་ཏུ་དངོས་པོ་མེད་ཅིང་ཡེ་ཤེས་སྐྱེ་བའི་རྒྱུ་མ་རྙེད་པའི་ཕྱིར་རོ། །གསང་བའི་བདག་པོ་རང་སངས་རྒྱས་རྣམས་ནི་ཞེས་པ་ནས། དེ་ནི་རང་སངས་

རྒྱས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ་ཞེས་ཁྱད་པར་འཕགས་པ་རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་བཤད་པ་སྟེ། རྒྱུ་དང་འབྲས་བུ་རྣམ་བསྒོམས་ནས། །ཞེས་པ་ནི་རྒྱུ་དང་འབྲས་བུ་སུན་འབྱིན་པའི་ཚུལ་དུ་རྣམ་པར་བཤིག་ཅེས་པ་སྟེ། ཆོས་རྣམས་ཀྱི་རྒྱུ་དང་རྐྱེན་

རྣམས་ཀྱི་ངོ་བོ་སྐད་ཅིག་མའི་ཆ་མི་རྟག་པ་གནས་པ་ནི་ཁབ་ཀྱི་རྩེ་ལ་ཡུངས་ཀར་གྱི་འབྲས་བུ་མི་ཆགས་པ་དང་འདྲ་སྟེ། བརྟག་མི་བཟོད་པས་རྒྱུ་དང་འབྲས་བུ་དངོས་པོ་མེད་པར་ཆུད་དོ། །བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པའི་ཡེ་ཤེས་འབྱུང་ངོ་ཞེས་པ་ནི་དེ་ལྟར་ཆོས་

རྣམས་ཡོད་པ་མ་ཡིན་པའི་ཚིག་གིས་བརྗོད་དུ་མེད་པར་མཐོང་བའི་ཡེ་ཤེས་སྐྱེས་ནས། ཚིག་ཏུ་བརྗོད་པ་ཡང་འགོག་པར་བྱེད་དེ། དེ་བས་ན་གསུངས་པ་ཆོས་ཐམས་ཅད་བརྗོད་དུ་མེད་པའོ་ཞེས་ཤིན་ཏུ་ངག་དགག་པའི་ཏིང་ངེ་འཛིན་ལ་འདུག་ཅེས་པའོ། །མདོར་ན་འཕགས་པ་

རང་སངས་རྒྱས་རྣམས་རྒྱུ་དང་འབྲས་བུའི་དངོས་པོ་བཤིག་ནས། རང་བཞིན་མེད་པར་མཐོང་བས་ཆོས་ལ་བདག་མེད་པར་ཆུད་ཀྱང་ངག་དགག་པ་ཙམ་ལ་གནས་པས་བྱང་ཆུབ་སེམས་དཔའ་ལྟར་ཇི་བཞིན་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ལ་མི་དམིགས་སོ། །ཉན་ཐོས་ལྟར་ཆུད་

པ་གང་ཟག་ལ་བདག་མེད་པ་ལྟར་ཆུད་པ་ཙམ་ཡང་མ་ཡིན་ནོ། །གཞན་ཡང་གསང་བའི་བདག་པོ་འཇིག་རྟེན་པ་རྣམས་ནི་རྒྱུ་ལས་འབྲས་བུ་དང་ལས་བྱུང་བ་ཡང་རུང་། འཇིག་རྟེན་ཀྱང་རུང་དབང་གཞན་ལ་ལས་པའི་ཕྱིར། སྟོང་པའི་ཏིང་ངེ་འཛིན་སྐྱེས་ཏེ་དེ་ནི་འཇིག་རྟེན་གྱི་ཏིང་

Vol. 69 · folio 137b

ངེ་འཛིན་གྱི་ཚུལ་ལོ་ཞེས་པ་ནི་འཇིག་རྟེན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ཏེ། འཇིག་རྟེན་པ་རྣམས་ནི་ལས་དང་འབྲས་བུ་ལ་སོགས་པ་རྒྱུ་ལས་སྐྱེས་ཀྱང་། ངེད་ཀྱི་བདག་ཅེས་བྱ་བ་དབང་པོ་དང་ཚངས་པ་ལ་སོགས་པས་བསྐྱེད་པར་ཆུད། ཆོས་ཐམས་ཅད་དངོས་པོ་མེད་དེ་སྟོང་པ་ཉིད་

དུ་མཐོང་བ་དེ་ཡང་རང་བཞིན་གྱིས་སྟོང་པ་མ་ཡིན་གྱི། དབང་པོ་ལ་སོགས་པས་སྟོང་པར་བྱས་སོ་སྙམ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱེད་དོ། །གསང་བའི་བདག་པོ་ཏིང་ངེ་འཛིན་གྱི་ཚུལ་ནི་དེ་ལྟ་བུའོ་ཞེས་པ་ནས། འཇིག་རྟེན་གྱི་ལྷ་ཡང་རུང་སྟེ་སུ་སྔགས་སྤྱོད་པ་དང་།

གང་ལ་གནས་ཏེ་ཚུལ་གྱི་ཆོ་ག་འཆང་ན་སེམས་ཅན་རྣམས་ལ་ཕན་པར་བྱེད་པ་ཞེས་པའི་བར་དུ་གོང་དུ་བཤད་པ་རྣམས་ཀྱི་སྡུད་པའི་ཚིག་སྟེ། དེ་དག་སོ་སོའི་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ཚུལ་དུ་ཆུད་ནས་སྟོང་པ་དེ་ལ་གནས་ཏེ། སྟོང་པའི་ཆོས་དེ་ཉིད་ཚིག་དང་ཡིག་འབྲུ་ལ་སོགས་པས་སྟོན་ཅིང་

འཆད་པ་ནི། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔགས་རྣམས་ཀྱི་སྔགས་ཀྱི་མཚན་ཉིད་ཉོན་ཅིག་ཅེས་པ་ནས། རང་སངས་རྒྱས་ཀྱང་དེ་བཞིན་ཏེ། །དེ་ཡི་ཁྱད་པར་བཤད་

པ་ནི། །ཏིང་འཛིན་བྱེ་བྲག་རིག་བྱ་བ། །རྣམ་པར་ལས་དང་ཚེ་སྦྱོང་བའོ། །ཞེས་པའི་བར་དུ་དེ་བཞིན་གཤེགས་པ་དང་ཀུན་དུ་སངས་རྒྱས་པ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སོ་སོའི་སྔགས་ཀྱི་མཚན་ཉིད་བཤད་པ་སྟེ། སྔགས་ཀྱི་

མཚན་ཉིད་དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། སྔགས་ཀྱི་ལྷ་དང་། སྔགས་ཀྱི་དོན་དང་། སྔགས་ཀྱི་རང་བཞིན་ནོ། །དེ་ལ་སྔགས་ཀྱི་ལྷ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དུ་བཤད་ཟིན་ཏེ། དེ་ཡང་དེ་བཞིན་གཤེགས་པ་དང་། ཀུན་དུ་སངས་རྒྱས་པ་དང་སངས་རྒྱས་

དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ཉིད་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དུ་རིགས་གསུམ་བཀོད་པ་རྣམས་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་བར་མ་ན་ཤཱཀྱ་ཐུབ་པ་འཁོར་དང་བཅས་ཏེ་བཞུགས་པ་ནི་ཀུན་དུ་སངས་རྒྱས་སོ། །དཀྱིལ་

Vol. 69 · folio 138a

འཁོར་ཐ་མ་ན་འཕགས་པ་འཇམ་དཔལ་ལ་སོགས་པ་ས་བཅུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་གཙོ་བོ་བཞུགས་པ་རྣམས་ནི་སངས་རྒྱས་རྣམས་སོ། །དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རིན་ཆེན་ལ་སོགས་པ་ནི། བྱང་ཆུབ་སེམས་དཔའ་

ཉན་ཐོས་དང་རང་སངས་རྒྱས་ནི་དངོས་སུ་མ་སྨོས་ཀྱང་། སྤྲུལ་པའི་སྐུས་འདུལ་བའི་ནང་དུ་བདོག་པས་ན་དཀྱིལ་འཁོར་བར་མའི་ནང་དུ་འདུས་པར་རིག་པར་བྱའོ། །འཇིག་རྟེན་པ་རྣམས་ཀྱང་དཀྱིལ་འཁོར་བར་མ་དེ་ཉིད་ཀྱི་ནང་ན་དངོས་པོས་འཁོར་བའོ། །སྔགས་ཀྱི་དོན་ནི་ཀུན་དུ་སངས་རྒྱས་བ་ནས་

འཇིག་རྟེན་པའི་ལྷ་རྣམས་ཀྱི་བར་གྱི་ཏིང་ངེ་འཛིན་གྱི་གོང་དུ་བཤད་པ་སྟེ། དེ་ཡང་ཀུན་རྫོབ་དང་དོན་དམ་གཉིས་སུ་ཤེས་པར་བྱ་སྟེ། དོན་དམ་ནི་རྣམ་པར་གྲོལ་བའི་སྟོང་པའི་རང་བཞིན་ནོ། །ཀུན་རྫོབ་ནི་དོན་གྱི་ས་ལ་གནས་ཞེས་པ་ལ་སོགས་པ་སེམས་ཅན་གྱི་དོན་དུ་ཆོས་འཆད་པ་དང་། བཅོམ་

ལྡན་འདས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་རྣམས་སོ། །སྔགས་ཀྱི་རང་བཞིན་ཡང་རྣམ་པ་མེད་པ་བཞིན་ཤེས་པར་བྱ་སྟེ། ཚིག་དང་འབྲུ་དང་དབྱངས་དང་ཡུལ་གྱི་སྐད་རྣམས་སོ། །དེ་ལ་ཚིག་ནི་ཡི་གེའི་འབྲུ་མང་པོ་འབྱུང་། འདུས་པ་ལས་ཚིག་ཏུ་ལངས་

པར་སྨྲའོ། །འབྲུ་ནི་ཡི་གེ་ཀ་ལ་སོགས་པ་སྔགས་ཀྱི་ཡི་གེ་འབྲུ་རེ་བའོ། །དབྱངས་ནི་ཡི་གེ་ཨ་དང་ཨི་ལ་སོགས་པ་གུག་སྐྱེད་ཀྱི་རིས་སུ་གཏོགས་པའོ། །ཡུལ་སྐད་ནི་སོ་སོའི་ཡུལ་ན་སྐད་གང་གིས་སྤྱོད་སྤྱད་པ་དེ་ཉིད་དང་མཐུན་པར་གསུངས་པའོ། །སྔགས་རྣམས་ཀྱི་སྔགས་ཀྱི་མཚན་ཉིད་ཉོན་

ཅིག་པ་ནི། སྔར་སྔགས་རྣམས་ཀྱི་མཚན་ཉིད་བཤད་དུ་གསོལ་ཞེས་བཅོམ་ལྡན་འདས་ལ་གསོལ་པ་དེ་དང་། ངས་བཤད་ཀྱིས་ཉོན་ཅིག་པ་སྟེ། སྔགས་རྣམས་ཀྱི་མཚན་ཉིད་ཅེས་མི་སྨོས་པར་སྔགས་རྣམས་ཀྱི་སྔགས་ཀྱི་མཚན་ཉིད་ཅེས་སྨོས་པ་ནི་སྔགས་རྣམས་ཀྱི་མཚན་ཉིད་སྔགས་ཀྱི་ལྷ་

དང་སྔགས་ཀྱི་དོན་གོང་དུ་བཤད་པས་ན། ད་འདིར་སྔགས་རྣམས་ཀྱི་སྔགས་ཀྱི་མཚན་ཉིད་གསང་བར་སྨྲ་བའི་རང་བཞིན་གྱི་ཚིག་རྣམས་ཉོན་ཅིག་ཅེས་པའོ། །ཀུན་དུ་སངས་རྒྱས་པའི་སྔགས་རྣམས་ནི་ཚིག་ལས་ཀྱང་མིང་དང་མཚན་མར་རྟོགས་ཤེས་པ་ནི་ཛི་ན་ཛིཀ་ཅེས་པ་ལ་སོགས་པའི་ཚིག་སྨོས་པས་

Vol. 69 · folio 138b

འདི་ནི་སངས་རྒྱས་ཀྱི་མིང་གི་མཚན་མ་སྟེ། སངས་རྒྱས་ཀྱི་སྔགས་ཤེས་པར་བྱེད་པའོ། །ཚིག་དེ་རྣམས་ནི་དབང་གི་ཡིན་པས། སྔགས་ཀྱི་དོན་ཀུན་སྒྲུབ་པའོ། །ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྔགས་ཀྱི་ཚིག་སྨོས་པ་ཡང་དབང་ཆེན་གྱི་ཏིང་ངེ་འཛིན་གྱི་མཚན་མ་སྟེ། རྒྱས་བའི་དོན་ཐམས་ཅད་འགྲུབ་

པར་འགྱུར་བའོ་ཞེས་པའོ། །ཁ་ཅིག་སྐུལ་བའི་ཚིག་དང་ནི། །རང་མིང་ཐོག་མར་བཅས་པའོ། །ཞེས་པ་ནི་སྔགས་ཀྱི་ཚིག་ལས་སྔགས་ཀྱི་ལྷའི་མཐུ་དང་ཡོན་ཏན་རྣམས་སྨོས་པ་དང་། ཞི་བར་གྱུར་ཅིག་ཅེས་པ་ལ་སོགས་པའི་ལས་རྣམས་སྐུལ་བ་སྨོས་པ་དང་། ཛི་ན་ཛིཀ་ཅེས་པ་ལ་སོགས་པ་

ལྷའི་མཚན་སྨོས་པས་ལྷ་གང་གི་སྔགས་ཡིན་པ་རིག་པར་འགྱུར་བའོ། །ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་དང་ལྡན་པའི་ཚིག་རྣམས་ནི་གོང་དུ་གཙུག་ཏོར་བརྒྱད་སྨོས་པ་ལ་སོགས་པའི་སྔགས་སུ་ཤེས་པར་བྱ་སྟེ། གཙུག་ཏོར་གྱི་སྔགས་རྣམས་གཞུང་གཞན་ལས་ཧཱུཾ་དང་ཕཊ་མེད་པ་ཡང་འབྱུང་།

གཙུག་ཏོར་གྱི་མ་ཡིན་པའི་ལྷ་རྣམས་ཀྱི་སྔགས་ཧཱུཾ་དང་ཕཊ་དུ་བཅས་པ་ཡང་འབྱུང་བས་ན། ཧཱུཾ་དང་ཕཊ་དུ་བཅས་པའི་གཙུག་ཏོར་གྱི་སྔགས་འདི་རྣམས་ནི་རྒྱུད་འདི་ཉིད་དུ་སྨོས་པར་ཤེས་པར་བྱའོ། །ཟུང་ཆོམས་ཞེས་པ་རྣམས་དང་། སྣུན་ཅིག་སོད་ཅིག་ཁོས་ཤིག་པ་དང་ཁྲོ་བོ་དང་ནི་ཅི་བགྱི་

ཞེས་པ་ནི་ཚིག་དེ་ལྟ་བུ་དྲག་ཤུལ་ཅན་དང་ལྡན་པ་ནི། སྔགས་ནི་ཁྲོ་བོ་རྣམས་དང་ཅི་བགྱི་ཞེས་པ་རྣམས་ཀྱི་སྔགས་སུ་ཤེས་པར་བྱའོ། །ན་མཿསྭཱ་ཧཱ་ལ་སོགས་པ་དང་ལྡན་ཞེས་པ་ནས། མགོན་པོ་བྱང་ཆུབ་སེམས་དཔའོ། །ཞེས་པའི་བར་དུ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་

ཞེས་བྱ་བ་དང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔགས་ཏེ། མགོ་ན་ཕྱག་འཚལ་བ་དང་ལྡན་ཞིང་ཚིག་མཇུག་སྭཱ་ཧཱ་དང་བཅས་པ་དང་། བྱང་ཆུབ་སེམས་དཔའ་སོ་སོའི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་ཚིག་རྣམས་སྨོས་པ་དང་། ཟུང་ཞིག་ཆོམས་ཤིག་པ་ལ་སོགས་པའི་

ཚིག་དྲག་ཤུལ་ཅན་རྣམས་མེད་པ་ཞི་བའི་ཚིག་རྣམ་པར་དག་པའི་མཚན་ཉིད་ཀྱི་ཚིག་དང་ལྡན་པའི་སྔགས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིན་པར་ཤེས་པར་བྱའོ། །ཉན་ཐོས་རྣམས་ཀྱི་སྔགས་ནི་ཚིག་རེ་རེ་ལ་འཇུག་པ་སྟེ་ཞེས་པ་ནི། འཕགས་པ་ཉན་ཐོས་རྣམས་ཀྱི་

Vol. 69 · folio 139a

སྔགས་རྣམས་ནི་སྤྱི་བོ་དང་གཙུག་ཕུད་ལ་སོགས་པ་ཡན་ལག་གི་སྔགས་རྣམས་མེད་པས་ན་གཅིག་པུའོ། །བྱང་ཆུབ་སེམས་དཔའ་ལྟར་གཟུགས་སྣ་ཚོགས་སུ་མི་འགྱུར་གྱི། དགེ་སློང་གི་ཚུལ་གཅིག་པུ་འཛིན་པའམ། གང་ཟག་ལ་བདག་མེད་པ་གཅིག་པུ་ཆུད་པ་ནི་གཅིག་

པུ་འདུག་པ་ཞེས་པའོ། །རང་སངས་རྒྱས་དང་དེ་བཞིན་ཏེ། དེའི་ཁྱད་པར་བཤད་པ་ནི་ཏིང་ངེ་འཛིན་བྱེ་བྲག་རིག་པར་བྱ་བ་རྣམ་པར་སྦྱོར་བར་བྱའོ་ཞེས་པ་ནི་རང་སངས་རྒྱས་ཀྱི་སྔགས་རྣམས་ཀྱང་མཚན་ཉིད་གཞན་ནི་ཉན་ཐོས་ཀྱི་དང་མཐུན་ཏེ། ཁྱད་པར་དུ་ནི་རྒྱུ་དང་འབྲས་བུ་བཤིག་ནས་ཆོས་རྣམས་

སྟོང་པར་ཆུད་པའི་ཏིང་ངེ་འཛིན་དང་ལྡན་པར་ཤེས་པར་བྱའོ། །དེ་ལ་འདིར་ཀུན་དུ་སངས་རྒྱས་པ་ལ་སོགས་པའི་མཚན་ཉིད་བཤད་པ་ལ་དེ་བཞིན་གཤེགས་པའི་སྔགས་ཀྱི་མཚན་ཉིད་ཅིའི་ཕྱིར་དངོས་སུ་མ་སྨོས་ཤེ་ན། ཀུན་དུ་སངས་རྒྱས་པའི་སྔགས་དེ་ཉིད་དེ་བཞིན་གཤེགས་པའི་སྟེ། ཅིའི་

ཕྱིར་ཞེ་ན། ཀུན་དུ་སངས་རྒྱས་པ་ལ་སོགས་པ་དེ་རྣམས་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལས་བྱུང་བ་ཡིན་ན་ཡང་། དེ་བཞིན་གཤེགས་པའི་རྒྱུ་ཡིན་པས་དེ་བཞིན་གཤེགས་པ་དང་ཐ་མི་དད། འོན་ཏེ་ཡེ་ཤེས་ཀྱི་སེམས་ཅན་ཡིན་ཡང་། དེ་ཉིད་དེ་བཞིན་གཤེགས་པའི་འབྲས་བུ་ཡིན་པས་ཐ་མི་དད་པས་དེ་

བཞིན་གཤེགས་པའི་སྔགས་སོ། །དོན་དམ་པར་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་གཤེགས་པའི་སྔགས་ཀྱི་ཡི་གེ་འབྲུ་རེ་རེ་བ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྟོན་པར་གཅིག་པས་ན་ཐ་མི་དད་དོ། །ཡང་ན་དེ་བཞིན་གཤེགས་པའི་སྔགས་རྣམས་ནི་སྙིང་པོ་ཡི་གེ་ཨ་རྣམ་པ་

བཞི་རྣམས་འོག་ནས་བཤད་པའོ། །འོན་ཀྱང་གསང་བའི་བདག་པོ་སྔགས་རྣམས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག །རྗེས་སུ་སྨོས་པ་མ་ཡིན་ནོ་ཞེས་པ་ནས། སྔགས་ཀྱི་ཆོ་ག་ཀུན་རབ་ཏུ་འཆད་དོ་ཞེས་པའི་བར་དུ་སྔགས་རྣམས་ཀྱི་རང་བཞིན་བཤད་པ་

སྟེ། ཚིག་ལས་མིང་དང་མཚན་མར་རྟོག་པའི་མཚན་ཉིད་ཀྱི་སྔགས་བསྐུལ་བ་ལ་སོགས་པ་དང་ལྡན་པའི་ཚིག་གིས་དོན་གང་བསྐུལ་བ་དེ་གྲུབ་པར་བྱེད་པའི་མཐུའི་རང་བཞིན་རྣམས་མཐུ་འདིས་དོན་འདི་འགྲུབ་པར་བྱའོ་ཞེས་དེ་བཞིན་གཤེགས་པས་སྔགས་ཀྱི་རང་བཞིན་ཏེ་བྱས་པ་ཡིན་ནམ།

Vol. 69 · folio 139b

དེ་བཞིན་དུ་གཞན་ལ་བྱེད་དུ་བཅུག་གམ། གཞན་བྱེད་པ་ལ་རྗེས་སུ་ཡི་རང་ན་ཡང་དེ་བཞིན་གཤེགས་པ་ཉིད་ཀྱི་མཚན་མ་དང་བྲལ་བས། བྱེད་དུ་བཅུག་པའམ་རྗེས་སུ་ཡི་རང་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྔགས་ཀྱི་རང་བཞིན་དེ་བཞིན་གཤེགས་པས་མཛད་པར་གྱུར་པ་ན་དེ་བཞིན་

གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་ན། བསྒྲུབ་པར་བརྩམ་པ་ཐམས་ཅད་ཀྱི་ངེས་པར་འགྱུར་ཏེ། དེ་ལྟར་སྒྲུབ་པ་ཐམས་ཅད་ཀྱིས་འགྲུབ་པ་མ་ཡིན་པས་དེ་བཞིན་གཤེགས་པས་མཛད་པ་མ་ཡིན་ནོ། །དེ་སྟེ། སྔགས་ཀྱི་མཐུའི་དོན་དང་མཐུ་གཉིས་རྟག་ཏུ་གཅིག་ལ་

གཅིག་འབྲེལ་པ་ཡིན་ན། ཚིག་བརྗོད་པ་ཙམ་གྱིས་དོན་དེ་ཉིད་འགྱུར་ཏེ། དཔེར་ན་མེ་ཞེས་ཚིག་ཏུ་བརྗོད་ན་མེའི་རང་བཞིན་སྲེག་པར་བྱེད་པ་ཡིན་ཡང་ཚིག་ཏུ་བརྗོད་པས་ཁ་འཚིག་པར་མི་འགྱུར་བ་དང་འདྲའོ། །དེ་བས་ན་སྔགས་ཀྱི་མཐུ་དེ་ནི་དེ་བཞིན་གཤེགས་པས་མཛད་པ་ཡང་མ་

ཡིན། གཞན་བྱེད་དུ་བཅུག་པའམ། གཞན་བྱེད་པ་ལ་རྗེས་སུ་ཡི་རང་བ་མ་ཡིན་ཞེས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་ལྟ་བུའོ། །དེ་འདི་ལྟ་སྟེ་ཡང་དག་པར་གཤེགས་པ་བྱུང་བ་ཡང་རུང་། མ་བྱུང་བ་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དེ་ལྟ་བུ་ཡོངས་སུ་

འཇུག་པ་ཡིན་ཏེ། འདི་ལྟ་སྟེ་སྔགས་རྣམས་ཀྱི་སྔགས་ཀྱི་མཚན་ཉིད་དུ་ཞེས་པ་ནི་ཚིག་ལས་དོན་མིང་དང་མཚན་མར་རྟོག་པའི་སྔགས་དེ་བསྐུལ་བ་ལ་སོགས་པའི་ཚིག་དང་དོན་དུ་ལྡན་ན་ཡང་བསྐུལ་པའི་དོན་དེ་ཉིད་སུས་ཀྱང་བྱས་པ་མ་ཡིན་ཏེ། རྒྱུ་གཞན་ལ་མི་ལྟོས་པར་ཆོས་དེ་ལྟར་

ཡེ་ནས་འདུག་པ་ནི། དཔེར་ན་བུ་རམ་གྱི་རོ་མངར་བ་དང་ལན་ཚྭའི་རོ་བྲོ་བའི་རང་བཞིན་ཏེ། རྒྱུ་གང་གིས་ཀྱང་འདུས་མ་བྱས་པར་མངར་བའི་རང་བཞིན་ཡེ་ནས་འདུག་པ་བཞིན་ནོ། །དེ་སྟེ་དེ་བཞིན་གཤེགས་པས་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་བྱུང་བ་ན་སྔགས་ཀྱི་རང་བཞིན་

དེ་ཡང་ཡོད། མ་བྱུང་ན་ནི་མེད་པར་འགྱུར་ཏེ་དེ་ལྟ་མ་ཡིན་པས་ན་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དེ་ལྟ་བུ་ནི་ཡོངས་ཀྱིས་འདུག་པ་མ་ཡིན་ཏེ། དེ་འདི་ལྟ་སྟེ། སྔགས་རྣམས་ཀྱི་སྔགས་ཀྱི་ཆོས་ཉིད་ཀྱི་དོན་ཞེས་པའོ། །དེ་ལྟར་དེ་གསང་བའི་

Vol. 69 · folio 140a

བདག་པོ་ནམ་ང་ཡང་དག་པར་གཤེགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་འཇིག་རྟེན་དུ་འབྱུང་བ་ནི་ཞེས་པ་ནས། དབྱངས་རྣམས་དུ་མར་བྱིན་གྱིས་བརླབས་ནས་སྔགས་ཀྱི་ཚུལ་འཆད་དོ་ཞེས་པའི་བར་དུ་སྔགས་ཀྱི་ཆོས་ཉིད་ཡེ་ནས་དེ་ལྟར་འདུག་པ་

ལ་ཚིག་དང་ཡིག་འབྲུ་དང་དབྱངས་རྣམས་སུ་ཇི་ལྟར་རིག་པར་རྣམ་པར་དགོད་པ་ཙམ། དེ་བཞིན་གཤེགས་པར་མཛད་པར་བསྟན་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱིན་ཅི་ལོག་པ་ཉིད་དུ་མངོན་པར་བྱང་ཆུབ་པའོ། །ཐམས་ཅད་མཁྱེན་པ་

ཞེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་ཐམས་ཅད་མཁྱེན་པའོ་ཐམས་ཅད་གཟིགས་པའོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཡུན་དུ་གཟིགས་པའོ། །དེ་ལྟ་བུའི་ཐམས་ཅད་མཁྱེན་པ་འཇིག་རྟེན་དུ་བྱུང་བ་ན་ཚུལ་རྣམ་

པ་དུ་མ་དང་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་ལ་སོགས་པའི་ཚུལ་རྣམ་པ་མང་པོའོ། །རྗེས་སུ་མཐུན་པར་སྔགས་ཀྱི་ཆོས་ཉིད་ཡེ་ནས་འདུག་པ་དེ་ཡི་གེ་འབྲུ་རྣམས་སུ་སྟོན་པ་ནི་ཚིག་དང་འབྲུ་དང་དབྱངས་རྣམ་པ་སྣ་ཚོགས་སུ་བསྟན་

པའོ། །གཉིས་སུ་དེ་བཞིན་གཤེགས་པའི་རིགས་དང་། པདྨོའི་རིགས་དང་། རྡོ་རྗེའི་རིགས་ལ་སོགས་པའི་ཚུལ་སྣ་ཚོགས་དང་ཞེས་པའི་སྔགས་ཀྱི་ཚིག་དེ་རྣམས་ཀྱང་ལ་ལ་ནི་སྒྲ་ཇི་བཞིན་པར་འཆད། ལ་ལ་ནི་ལྡེམ་པོ་ངག་ཏུ་སྟོན་ཞེས་པའོ། །བསམ་པ་རྣམ་པ་དུ་མའི་སེམས་ཅན་

ལ་ལ་ཞེས་པ་ནི། སེམས་ཅན་ལ་ལ་ཞི་བ་འདོད། ལ་ལ་སངས་རྒྱས་པར་འདོད། ལ་ལ་གྲུབ་པར་འདོད། ལ་ལ་འབྲིང་འདོད་པ་ལ་སོགས་པའི་སེམས་ཅན་རྣམས་ཇི་ལྟར་འདོད་པ་དང་རྗེས་སུ་མཐུན་པར་སྔགས་ཀྱི་ཆོས་ཉིད་དེ། ཛི་ན་ཛིཀ་ཅེས་པ་ལ་སོགས་ཚིག་རྣམ་པ་དུ་མ་དང་།

ཀ་ལ་སོགས་པའི་འབྲུ་རྣམ་པ་དུ་མ་དང་། དྲི་མ་མེད་པ་ལ་སོགས་པའི་སྐད་དུ་སྨྲ་བ་རྣམ་པ་དུ་མའི་མཚན་མར་བཀོད་དེ་སྟོན་ཞེས་པའོ། །དབྱངས་རྣམ་པ་དུ་མར་བྱིན་གྱིས་བརླབས་ནས་ཞེས་པ་ནི་ཨ་ཨི་ལ་སོགས་པའི་གུག་སྐྱེད་ཀྱི་ཚུལ་རྣམ་པ་དུ་མའམ། གནྡྷ་ར་བ་ལ་སོགས་པའི་

Vol. 69 · folio 140b

དབྱངས་སྣ་ཚོགས་སུ་སྟོན་ཞེས་པའོ། །ཇི་ལྟར་ན་དེ་བཞིན་གཤེགས་པའི་སྔགས་རྣམས་ཀྱི་ཚིག་འབྲུ་དང་ཡི་གེར་བྱིན་གྱིས་རློབ་ཅེ་ན་ཞེས་པ་ནས། ཇི་ལྟར་རིགས་པར་སྔགས་ཀྱི་ཆོ་ག་ཀུན་རབ་ཏུ་འཆང་ངོ་ཞེས་པའི་བར་དུ་སྔགས་ཀྱི་ཆོས་ཉིད་ཡི་གེ་འབྲུ་ལ་སོགས་པར་བྱིན་གྱིས་བརླབས་

ཏེ་སྟོན་པ་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་དེ་དག་སྔགས་ཀྱི་འབྲུར་བྱིན་གྱིས་བརླབས་པ་སྟེ་སྟོན་པར་ཡང་བཤད་དེ། ཚིག་དང་འབྲུ་རྣམས་སུ་བྱིན་གྱིས་རློབ་པ་ཡང་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་རིག་པར་བྱ་སྟེ། དེ་ལ་ཀུན་རྫོབ་ཀྱི་སྟོན་པ་ནི་

སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཚིག་དང་འབྲུ་ལ་སོགས་པར་བྱིན་གྱིས་བརླབས་ཏེ་སྟོན་པའོ། །དོན་དམ་པར་སྟོན་པ་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་མ་བྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན་ཡི་གེ་ལ་སོགས་པའི་འབྲུར་སྟོན་པ་སྟེ། དེ་བས་ན་གསུངས་པ། བསྐལ་པ་བྱེ་

བ་བརྒྱ་ཕྲག་དུ་མར་སྔགས་པའི་བདེན་པའི་ཚིག་དང་། འཕགས་པའི་བདེན་པ་བཞི་པོ་རྣམས་དང་ཞེས་པ་ལ་སོགས་པ་བསྐལ་པ་བྱེ་བ་བརྒྱ་ཕྲག་དུ་མ་ཞེས་པ་ནི་མང་པོའི་མཚན་མ་སྟེ། འཕགས་པའི་བདེན་པ་ལ་སོགས་པ་ཀུན་ལ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པས་བསྐལ་པ་

དུ་མར་བདེན་པའི་ཚིག་བསགས་པ་སྟེ། སྔགས་ཀྱི་ཡི་གེ་འབྲུར་བྱིན་གྱིས་བརླབས་པས་ན། སུ་བསྒྲུབ་པར་འདོད་པ་དེས་ཀྱང་བདེན་པའི་ཚིག་རྗེས་སུ་བསྲུང་བར་ཤེས་པར་བྱའོ། །བརྫུན་དུ་སྨྲ་བས་སྔགས་རྣམས་མི་འགྲུབ་བོ་ཞེས་རྒྱུད་གཞན་ལས་ཀྱང་འབྱུང་ངོ་། །འཕགས་པའི་བདེན་པ་

བཞི་དང་། དྲན་པ་ཉེ་བར་གཞག་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། སྟོབས་བཅུ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཚད་མེད་པ་བཞི་དང་། ཆོས་མ་འདྲེས་པ་ལ་སོགས་པ་དང་གཞུང་གཞན་ལས་གྲགས་པ་ཉིད་དོ། །གསང་བའི་བདག་པོ་མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ཡེ་ཤེས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་རང་བཞིན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་། རང་གི་སྨོན་ལམ་གྱི་ཡེ་ཤེས་ཀྱི་སྟོབས་དང་ཆོས་ཀྱི་དབྱིངས་ལྷུན་གྱིས་གྲུབ་པའི་སྟོབས་ཀྱིས་ལྷུན་གྱིས་གྲུབ་ནས་སེམས་ཅན་ཇི་ལྟ་བུའི་རིགས་པར་སྔགས་ཀྱི་ཆོ་ག་ཀུན་རབ་ཏུ་འཆད་དོ་

Vol. 69 · folio 141a

ཞེས་པ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཀྱི་མཐུ་རྣམས་བྱིན་གྱི་རླབས་ཀྱིས། ཡི་གེའི་འབྲུ་རྣམས་སུ་སྟོན་པ་སྟེ། རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཞེས་པ་ནི། བསོད་ནམས་ཀྱི་སྟོབས་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །

ཡེ་ཤེས་ཀྱི་སྟོབས་ནི་ཤེས་རབ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། སྟོབས་ཞེས་པ་ནི་དེ་དག་གི་མཐུ་ཐོགས་པ་མེད་པའོ། །རང་གི་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་དང་ཞེས་པ་ནི། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྔགས་རྣམས་ཀྱི་རང་བཞིན་ཇི་ལྟ་བ་ཉིད་དུ་རྟོགས་པའོ་ཞེས་པའོ། །

ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་གནས་ནས་ཞེས་པ་སྟེ། ཆོས་ཀྱི་དབྱིངས་ལ་གནས་པའི་མཐུ་དེས་སེམས་ཅན་རྣམས་ཀྱི་བསམ་པ་ཇི་བཞིན་དུ་སྔགས་ཀྱི་ཆོས་ཉིད་ཡི་གེའི་འབྲུ་ལ་སོགས་པར་སྟོན་ཏོ་ཞེས་པའོ། །ཇི་ལྟར་རིགས་པར་ཞེས་པ་ནི་ཇི་ལྟར་སྣོད་དུ་འགྱུར་

བའི་སེམས་ཅན་རྣམས་ལའོ། །སྔགས་ཀྱི་ཡི་གེ་དག་གང་ཞེ་ན། ཐོག་མ་བར་ནས་མ་སྐྱེས་པའི་ཕྱིར། ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ནི། གསང་བའི་བདག་པོ་ང་དང་ཉ་དང་ཎ་དང་ན་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་དབང་པོ་སྟེ། ནུས་པ་ཐམས་ཅད་དང་ལྡན་པ་མྱུར་དུ་བྱ་བའི་དོན་རབ་ཏུ་

བསྒྲུབ་པའོ་ཞེས་པའི་བར་དུ་སྔགས་རྣམས་ཀྱི་མཚན་ཉིད་ཚིག་དང་། མིང་དང་མཚན་མར་རྟོགས་པའོ་ཞེས་བཤད་པ་དེ་དག་ཉིད་ཡི་གེའི་འབྲུ་དང་ཚིག་རྣམས་སུ་བཅོམ་ལྡན་འདས་ཀྱིས་བཤད་པ་དེ་རྣམས་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་སྟེ། ཚིག་དང་ཡི་གེ་འབྲུ་རེ་ལས་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་

དེ་ཡང་དོན་གཉིས་སྟོན་ཏེ། ཀུན་རྫོབ་དང་དོན་དམ་པའོ། །དེ་ལ་ཀུན་རྫོབ་ཀྱི་སྟོན་པ་ལ་ནི། ཡི་གེ་འབྲུ་དང་ཚིག་རྣམས་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟོན་པའོ། །དོན་དམ་པར་སྟོན་པ་ནི་ཡི་གེ་དེ་ཉིད་ཀྱི་སྒོ་ནས་ཆོས་ཐམས་ཅད་ཀྱི་

ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་སྟོན་པ་སྟེ། དེ་བས་ན་ཡི་གེ་འབྲུ་དང་ཚིག་གི་སྒོ་ནས་ཀུན་རྫོབ་དང་དོན་དམ་པའི་དོན་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་མཚན་ཉིད་ཕྱག་རྒྱ་ལ་སོགས་པའི་སྒོ་ནས་མིང་དང་མཚན་ཉིད་མ་གཏོགས་པར་བསྟན། ཡི་གེ་འབྲུ་དང་ཚིག་དང་འབྲུ་རྣམས་

Vol. 69 · folio 141b

བྱིན་གྱིས་བརླབས་ཏེ་བསྟན་ཏོ། །དེ་བས་ན་ད་འདིར་ཡི་གེ་ཨ་ལ་སོགས་པའི་ཡི་གེའི་འབྲུ་རྣམས་ཀྱི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྟན་ཏེ། འཆད་དེ་དེ་ཡང་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་པོ་རྣམས་དང་ལྡན་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་སྟེ། དེ་

རྣམས་ཀྱང་ཁ་ཅིག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན། ཁ་ཅིག་ནི་ཕྱོགས་གཅིག་སྟོང་པ་ཉིད་དུ་སྟོན། ཁ་ཅིག་ནི་སྟོང་པར་འཇུག་པའི་སྒོ་ནས་སྟོང་པ་ཉིད་དུ་སྟོན་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་སྟེ་ཇི་ལྟར་རིགས་པར་བལྟའོ། །དེ་ལ་ཡི་གེ་ཨ་ལ་སོགས་པ་གང་ཡང་རུང་བ་ཅིག་གིས་

ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་ལས་ལྷག་པར་ཡི་གེ་གཞན་རྣམས་སྟོང་པ་ཉིད་དུ་སྟོན་པ་མེད་དེ། གང་ཡི་གེ་ཨ་ལ་སོགས་པ་བསྟན་པ་དེ་ཉིད་ཀྱི་ཡི་གེ་གཞན་རྣམས་ཀྱིས་སྟོན་པས་སྟོང་པ་ཉིད་དུ་སྟོན་པར་དོ་ན་གཅིག་སྟེ། ཡི་གེ་ཨའི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཆུད་ན། ཡི་

གེ་གཞན་ཅི་དགོས་ཤེ་ན། སྟོང་པར་སྟོན་པ་ནི་ཡི་གེ་གཅིག་གིས་ཀྱང་ཆོག་མོད་ཀྱི། ཡི་གེ་འབྲུ་དང་ཚིག་རྣམས་ལས་སྔགས་སུ་བསྟན་ཏེ་སྔགས་དེའི་སྒོ་ནས་མ་སྐྱེས་པས་སྟོང་པ་ཉིད་དགོངས་པའི་ཕྱིར་ཡི་གེ་ཐམས་ཅད་སྨོས་སོ། །དེ་བས་ན་སྔགས་ཐམས་ཅད་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་

སེམས་སོ་ཞེས་རྒྱུད་གཞན་ལས་གསུངས་སོ། །ཐོག་མ་ནས་མ་སྐྱེས་པའི་ཕྱིར། ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པས་སྟོང་པ་ཉིད་དུ་ཆུད་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་སྟོང་པ་ཉིད་དུ་ཆུད་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པར་ཡི་

གེ་ཨ་དེ་བྱིན་གྱིས་བརླབས་ཏེ་གཞག་པ་སྟེ། དེ་བས་ན་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པ་མ་བྱུང་བར་ཡི་གེ་ཨའི་སྒོ་ནས་བསྟན་ཏེ། དགོས་པ་དང་བྲལ་བའི་ཕྱིར་ཀ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོའོ་ཞེས་པ་ནི་རྒྱ་གར་སྐད་དུ། དགོས་པ་ལ་ཀཱརྱ་ཞེས་བྱ་སྟེ། ཡི་གེ་ཀ་དེ་ཆོས་ཐམས་ཅད་

སྟོང་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་བས་ཡི་གེ་ཀའི་སྒོ་ནས་ཆོས་ཐམས་ཅད་དགོས་པ་མེད་པར་ཤེས་པར་བྱ་སྟེ། དགོས་པ་ཞེས་པ་ནི་འབྲས་བུ་སྟེ། འབྲས་བུ་དེ་ཡང་རྒྱུས་མ་བསྐྱེད་ན་འབྲས་བུ་མེད་པར་འགྱུར་ཏེ། རྒྱུ་མེད་པའི་འབྲས་བུ་ཡང་མེད་པའོ། །དེ་སྟེ་དགོས་པ་བྲལ་བ་ཞེས་བྱུང་

Vol. 69 · folio 142a

བས། འབྲས་བུ་རྒྱུས་མ་བསྐྱེད་པ་མེད་ཀྱི། རྒྱུ་དེ་འབྲས་བུ་སྐྱེད་པའི་རང་བཞིན་དུ་ཡོད་དམ་ཞེ་ན། རྒྱུ་ཉིད་འབྲས་བུ་ལས་གྱུར་པ་སྟེ། དེ་བས་ན་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པའི་དོན་དུ་རིག་པར་བྱའོ། །ནམ་མཁའ་དང་འདྲ་བ་དམིགས་སུ་མེད་པའི་ཕྱིར། ཁ་

ནི་ཆོས་ཐམས་ཅད་ཀྱི་སྒོ་ཞེས་པ་ནི། ནམ་མཁའ་དང་འདྲ་བ་ལ། རྒྱ་གར་སྐད་དུ། ཁཾ་ཁ་ས་མ་ཞེས་བྱ་སྟེ། ཡི་གེ་ཁ་དེ་ནི་ཆོས་ཐམས་ཅད་སྟོང་པར་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ་ཐམས་ཅད་ནམ་མཁའ་ལྟ་བུའི་རང་བཞིན་ཡོད་པ་མ་ཡིན་པའོ། །རྒྱུད་ཐམས་ཅད་དམིགས་སུ་མེད་པའི་

ཕྱིར། ག་ནི་ཆོས་ཐམས་ཅད་ཀྱི་སྒོ་ཞེས་པ་ནི། ག་ཏི་ཞེས་པ་རྒྱུད་ལའང་བྱ། འགྲོ་བ་ལ་ཡང་བྱ། བྱང་ཆུབ་པ་ལ་ཡང་བྱ་སྟེ། ཡི་གེ་ག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་ཡིན་པས་རྒྱུད་དུ་དྲང་ན་ནི་མི་དང་ལྷ་ལ་སོགས་པའི་རྒྱུད་དྲུག་དམིགས་སུ་མེད་པའོ། །

འགྲོ་བར་དྲང་ན་ནི་ཤར་དང་ནུབ་ལ་སོགས་པར་འགྲོ་བར་བྱ་བ་དང་། འགྲོ་བའི་བྱ་བ་དམིགས་སུ་མེད་པའོ། །ཆུད་པར་དྲང་ན་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པར་ཆུད་པར་བྱ་བའི་དངོས་པོ་དང་། ཆུད་པར་བྱེད་པ་དམིགས་སུ་མེད་པའོ། །གཅིག་ཏུ་འཕངས་པ་དམིགས་སུ་མེད་པའི་ཕྱིར།

གྷ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི་གཅིག་ཏུ་འཕུངས་པ་ལ། རྒྱ་གར་སྐད་དུ། གྷ་ནི་ཞེས་བྱ་སྟེ། ཡི་གེ་གྷ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་དེ་རྡུལ་ཕྲ་མོ་རྣམས་གཅིག་ཏུ་འཕུངས་པའི་དངོས་པོའོ། །དམིགས་སུ་མེད་ཅེས་པའོ། །འཆི་འཕོ་ཐམས་ཅད་དང་བྲལ་

བའི་ཕྱིར། ཙ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། རྒྱ་གར་སྐད་དུ། འཆི་འཕོ་ལ་ཙྱུ་ཏི་ཞེས་བྱ་སྟེ། ཡི་གེ་ཙ་ནི་ཆོས་ཐམས་ཅད་སྟོང་པར་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་བས། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་འཆི་འཕོ་ཡང་འཆི་འཕོ་དམིགས་སུ་མེད་པའོ་ཞེས་པའོ། །གྲིབ་མ་དང་

མཚུངས་པའི་ཕྱིར། ཚ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི་གྲིབ་མ་ལ་ཚ་ཡ་ཞེས་བྱ་སྟེ། ཚ་དེ་ཆོས་ཐམས་ཅད་སྟོང་པ་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ། དེ་ལ་གྲིབ་མ་དེ་ལུས་ལས་གཞན་པ་མ་ཡིན་ན་ནི་ལུས་མེད་ཀྱང་གྲིབ་མ་འབྱུང་བའི་རིགས་ཏེ། ལུས་ལས་མི་གཞན་ན་གྲིབ་མ་ལོགས་

Vol. 69 · folio 142b

ཤིག་ཏུ་འབྱུང་བ་ཡང་མི་རིགས་པ་ལས་དེ་ལྟ་བུ་འབྱུང་བ་ནི་ཡང་དག་པ་མ་ཡིན་ཏེ་འཁྲུལ་པ་ལ་སྒྱུ་མ་ལྟ་བུའོ། །འཁྲུལ་པའམ་སྒྱུ་མ་ནི་དངོས་པོ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་གྲིབ་མ་དེ་དང་འདྲ་བས་སྟོང་པ་ཉིད་དོ་ཞེས་པའོ། །སྐྱེ་བ་དམིགས་སུ་མེད་པའི་ཕྱིར། ཛ་ནི་ཆོས་

ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི་སྐྱེ་བ་ལ་ཛཱ་ཏི་ཞེས་བྱ་སྟེ། སྐྱེ་བར་བྱ་བའམ་སྐྱེ་བཞིན་པའི་དངོས་པོ་མེད་པས་སྐྱེ་བ་དམིགས་སུ་མེད་པའོ་ཞེས་བྱའོ། །དྲི་མ་ནི་དམིགས་སུ་མེད་པའི་ཕྱིར། ཛྷ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཞེས་པ་ནི་དྲི་མ་ལ་ཛྷ་མ་ར་ཞེས་བྱ་བ་སྟེ། དྲི་མར་གྱུར་པའི་ཆོས་རྣམས་

དམིགས་སུ་མེད་པའོ། །ང་རྒྱལ་དམིགས་སུ་མེད་པའི་ཕྱིར་ཊ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། ང་རྒྱལ་ལ་ཊ་ཀ་ར་ཞེས་བྱ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་པས་ང་རྒྱལ་གྱི་དངོས་པོ་དམིགས་སུ་མེད་པའོ། །སྐྱེ་བ་མེད་པའི་ཕྱིར། ཋ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི་སྐྱེ་བ་ལ་བི་

ཋ་བ་ན་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་པས་སྐྱེ་བའི་དངོས་པོ་དམིགས་སུ་མེད་ཅེས་པའོ། །འཚེ་བ་དམིགས་སུ་མེད་པའི་ཕྱིར། ཌ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། འཚེ་བ་ལ་ཌ་མ་ར་ཞེས་བྱ་བ་སྟེ་འཚེ་བར་བྱ་བའི་དངོས་པོ་རྣམས་མེད་པས་འཚེ་བར་བྱ་བའི་དངོས་པོ་ཡང་

དམིགས་སུ་མེད་པའོ་ཞེས་པའོ། །མུ་གེ་དང་ཡོངས་སུ་བྲལ་བར་བྱ་བའི་ཕྱིར། ཌྷ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། མུ་གེ་ལ་ཌྷངྒ་ཞེས་བྱ་སྟེ། ཆོས་རྣམས་སྟོང་པ་ཉིད་པས་མུ་གེའི་དངོས་པོ་དམིགས་སུ་མེད་ཅེས་པའོ། །དེ་བཞིན་ཉིད་དམིགས་སུ་མེད་པའི་ཕྱིར། ཏ་ནི་ཆོས་ཐམས་

ཅད་ཀྱི་སྒོ་མོ་ཞེས་པ་ནི། དེ་བཞིན་ཉིད་ལ་ཏ་ཐཱ་ཏ་ཞེས་བྱ་སྟེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་སྟོང་པ་ཉིད་ཅེས་པ་ནི་གཞུང་གཅིག་སྟེ། དེ་བཞིན་ཉིད་དུ་དམིགས་སུ་མེད་ཅེས་བྱའོ། །གནས་དམིགས་སུ་མེད་པའི་ཕྱིར། ཐ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། གནས་ལ་སྠ་

ན་ཞེས་བྱ་སྟེ། སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་གྱི་གནས་སམ། ཆོས་རྣམས་སྐད་ཅིག་པའི་མཚན་ཉིད་པས་མི་གནས་པའི་ཕྱིར་གནས་དམིགས་སུ་མེད་ཅེས་པའོ། །འདུལ་བ་དམིགས་སུ་མེད་པའི་ཕྱིར་ད་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། འདུལ་བ་ལ་ད་ན་མ་ཞེས་བྱ་སྟེ། འདུལ་

Vol. 69 · folio 143a

བའི་དངོས་པོའམ། དུལ་བར་བྱ་བ་དམིགས་སུ་མེད་ཅེས་པའོ། །ཁམས་དམིགས་སུ་མེད་པའི་ཕྱིར། དྷ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། ཁམས་ལ་དྷཱ་ཏུ་ཞེས་བྱ་སྟེ། འདོད་པའི་ཁམས་དང་། གཟུགས་ཡོད་པ་དང་། གཟུགས་

མེད་པའི་ཁམས་ལ་སོགས་པ་དམིགས་སུ་མེད་ཅེས་པའོ། །དོན་དམ་པའི་བདེན་པ་དམིགས་སུ་མེད་པའི་ཕྱིར། པ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། དོན་དམ་པ་ལ་པ་ར་མཱརྠ་ཞེས་བྱ་སྟེ། ཡི་གེ་པ་ནི་དེ་ནི་དོན་དམ་པའི་རང་བཞིན་དུའང་དམིགས་སུ་མེད་པར་བསྟན་པའོ། །དབུ་

བ་དང་འདྲ་སྟེ་སྙིང་པོ་དམིགས་སུ་མེད་པའི་ཕྱིར། ཕ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི་དབུ་བ་ལ་ཕེ་ན་ཞེས་བྱ་སྟེ། ཕུང་པོ་ལ་སོགས་པའི་ཆོས་རྣམས་དབུ་བ་དང་འདྲ་བར་སྙིང་པོ་མེད་པར་བཤིག་པ་དེ་ཡང་སྙིང་པོ་མེད་པར་ཡི་གེ་ཕའི་སྒོ་ནས་བསྟན་ཏོ། །འབྱུང་བ་ཐམས་ཅད་དམིགས་སུ་

མེད་པའི་ཕྱིར། བྷ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི་འབྱུང་བ་ལ་བྷ་བ་ཞེས་བྱ་སྟེ། དེ་ཡང་འདོད་པའི་ཁམས་དང་། གཟུགས་ཡོད་པའི་དང་གཟུགས་མེད་པའི་ཁམས་སུ་འབྱུང་བས་ན་འབྱུང་བ་ཞེས་བྱ་སྟེ་ཕུང་པོ་ལྔ་ཉིད་ལ་བྱའོ། །ཕུང་པོ་ལྔ་པོ་དེ་དག་དམིགས་སུ་མེད་པར་ཡི་གེ་བྷའི་སྒོ་ནས་སྟོན་ཏོ། །

འཆི་བ་རྣམས་དམིགས་སུ་མེད་པའི་ཕྱིར། མ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི་འཆི་བ་ལ་མ་ར་ཎ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མ་སྐྱེས་པས་འཆི་བ་ཡང་དམིགས་སུ་མེད་པར་ཡི་གེ་མའི་སྒོ་ནས་བསྟན་ཏོ། །ཐེག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཡ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་

ནི་ཐེག་པ་ལ་ཡཱ་ན་ཞེས་བྱ་སྟེ། ཆོས་རྣམས་གང་ཞེ་ན། ཆོས་ཀྱང་གཟིངས་འདྲ་བར་བོར་བས་ན། ཆོས་རྣམས་སྟོང་པར་ཆུད་ནས་ཐེག་པ་གང་ལ་ཞུགས་ཏེ་ཆུད་པའི་ཐེག་པ་དེ་ཉིད་ཀྱང་དམིགས་སུ་མེད་པར་ཡི་གེ་ཡའི་སྒོ་ནས་བསྟན་པའོ། །རྡུལ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར། ར་ནི་ཆོས་

ཐམས་ཅད་ཀྱི་སྒོ་མོ་སྟེ་ཞེས་པ་ནི་རྡུལ་ལ་ར་ཛ་ཞེས་བྱ་སྟེ། རྡུལ་ཞེས་རྡུལ་ཕྲ་མོ་རྣམས་ལ་ཡང་བྱ་བ་སྟེ་ཉོན་མོངས་པ་རྣམས་ལ་ཡང་བྱ་སྟེ། དེ་གཉིས་གང་ཡང་རུང་བ་དམིགས་སུ་མེད་པར་ཡི་གེ་རའི་སྒོ་ནས་བསྟན་པའོ། །མཚན་ཉིད་དམིགས་སུ་མེད་པའི་ཕྱིར་ལ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་

Vol. 69 · folio 143b

ཞེས་པ་ནི། མཚན་ཉིད་ལ་ལཀྵ་ཎ་ཞེས་བྱ་སྟེ། འདུས་བྱས་དང་འདུས་མ་བྱས་པའི་མཚན་ཉིད་ལ་སོགས་པ་དམིགས་སུ་མེད་པར་ཡི་གེ་ལའི་སྒོ་ནས་བསྟན་པའོ། །ངག་གི་ལམ་དང་ཡོངས་སུ་བྲལ་བའི་ཕྱིར་ཝ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི། ངག་གི་ལམ་ལ་ཝཱ་ཀ་ཞེས་བྱ་སྟེ། རྣམ་པར་

མ་བརྟགས་མ་དཔྱད་པར་ཚིག་ཏུ་མི་སྨྲའི་རྣམ་པར་དཔྱད་ནས་ཚིག་ཏུ་སྨྲ་བ་སྟེ། བརྟག་པར་བྱ་བ་དང་རྟོགས་པར་བྱེད་པའི་ཚིག་ཏུ་སྨྲ་བ་ཡང་དམིགས་སུ་མེད་པར་ཡི་གེ་ཝའི་སྒོ་ནས་བསྟན་པའོ། །རང་བཞིན་གྱིས་ཞི་བའི་ཕྱིར་ཤ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོའོ་ཞེས་པ་ནི་རང་བཞིན་གྱིས་ཞིབ་ལ་པྲ་ཀྲཏ་ཤཱནྟི་

ཞེས་བྱ་བ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དང་རང་བཞིན་གྱིས་ཞི་བར་ཡི་གེ་ཤའི་སྒོ་ནས་བསྟན་པའོ། །རང་བཞིན་གྱིས་བླུན་པའི་ཕྱིར། ཥ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོའོ་ཞེས་པ་ནི། བླུ་ན་པོ་ལ་ཛྷ་ཥ་ཞེས་བྱ་སྟེ། མིག་དང་རྣ་བ་ལ་སོགས་པའི་བདག་པོ་རྣམས་ཀྱིས་ཆོས་རྣམས་ཟིན་པ་ནི་ཡང་

དག་པ་མ་ཡིན་པར་ཟིན་པར་བྱ་སྟེ། མིག་ལ་སོགས་པའི་དབང་པོ་རྣམས་བླུན་པས་མི་བརྩན་པའི་ཕྱིར་དེ་དག་གིས་ཟིན་པའི་ཆོས་ཡོད་པ་མ་ཡིན་པ་ཥའི་སྒོ་ནས་སྟོན་པའོ། །ཡི་གེ་པའི་གོར་བཏང་བ་ནི། ཊ་དང་ཥ་གཉིས་གནས་གཅིག་ནས་བྱུང་བ་དང་། པའི་ལས་ཊ་བྱེད་པའི་ཕྱིར་རོ། །བདེན་པ་

ཀུན་དམིགས་སུ་མེད་པའི་ཕྱིར་ས་ནི་ཆོས་ཐམས་ཅད་ཀྱི་སྒོ་མོའོ་ཞེས་པ་ནི་བདེན་པ་ལ་སཏྱ་ཞེས་བྱ་སྟེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་དམིགས་སུ་མེད་པར་ཡི་གེ་སའི་སྒོ་ནས་བསྟན་པའོ། །རྒྱུ་དམིགས་སུ་མེད་པའི་ཕྱིར་ཧ་ནི་ཆོས་ཐམས་ཅད་ཀྱི་སྒོ་མོ་ཞེས་པ་ནི་རྒྱུ་ལ་ཧེ་ཏུ་ཞེས་བྱ་སྟེ། ཆོས་

ཐམས་ཅད་ཀྱི་རྒྱུ་དམིགས་སུ་མེད་པར་ཡི་གེ་ཧའི་སྒོ་ནས་བསྟན་པ་སྟེ། མདོར་ན་ཡི་གེ་དེ་རྣམས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམས་ཀྱི་སྒོ་སྟོན་པར་རིག་པར་བྱའོ། །གསང་བའི་བདག་པོ་ང་དང་ཉ་དང་ན་དང་ཎ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་དབང་པོ་སྟེ་ཞེས་པ་ནི། ཡི་གེ་དེ་རྣམས་གླད་ཀོར་

གྱི་འཁོར་བཏགས་པས་སྟོང་པ་ཉིད་ཀྱི་མཚན་མ་བས་ནི་ཀ་ལ་སོགས་པའི་འཁོར་ཀུན་དབང་ངོ་། །ཉ་ནི་ཙ་ལ་སོགས་པའི་འཁོར་ཀུན་དུ་གཏོགས་སོ། །ན་ནི་ཏ་ལ་སོགས་པའི་འཁོར་ཀུན་དུ་གཏོགས་སོ། །དེ་བཞིན་དུ་ཡི་གེ་དེ་རྣམས་ཡ་ར་ལ་སོགས་པའི་སྟོང་པར་གཏོགས་ཏེ། སྟོང་པ་

Vol. 69 · folio 144a

ཐམས་ཅད་ཀྱི་མཚན་ཉིད་པས་མཐུ་དང་ལྡན་པ་སྟེ། ཀུན་རྫོབ་ཏུ་བསྒྲུབ་པའི་དགོས་པ་རྣམས་ཀྱང་མྱུར་དུ་འགྲུབ་པར་འགྱུར་ཏེ། དེ་བས་ན་གསུངས་པ། མཐུ་ཐམས་ཅད་དང་ལྡན་པ་མྱུར་དུ་བྱ་བའི་དོན་རབ་ཏུ་བསྒྲུབ་པ་ཞེས་བྱའོ། །གསང་བའི་བདག་པོ་སྔགས་ཀྱི་ཚུལ་

གྱི་ཏིང་ངེ་འཛིན་གྱི་སྒོ་འདི་ནི་ཞེས་པ་ནས། ཡིད་ལ་སྔགས་མཁན་གྱིས་བསམས་ན། །འཆི་འཕོ་མེད་པའི་གནས་ཐོབ་འགྱུར། །ཞེས་པའི་བར་དུ་སྔགས་ཀྱི་ཚུལ་ཡི་གེ་འབྲུ་ཀ་ལ་སོགས་པ། དེ་བཞིན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་རྣམས་བཤད་པ་རྣམས་ཀྱི་རྗེས་སུ་

བསྔགས་པ་དང་རང་བཞིན་བསྟན་པ་སྟེ། དེ་ཡང་འཇུག་པའི་ཡོན་ཏན་དང་གནས་པའི་ཡོན་ཏན་དང་ལྡང་བའི་རང་བཞིན་དུ་ཤེས་པར་བྱ་སྟེ། དེ་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱབ་པའི་རྣམ་པར་སྨིན་པའི་འབྲས་བུའོ་ཞེས་པ་ནི། དེ་བཞིན་

གཤེགས་པའི་རྒྱུའི་ཡོན་ཏན་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་ལས་གྱུར་པ་ཞེས་པའོ། །རྣམ་པ་མཆོག་ཐམས་ཅད་དང་ལྡན་པ། སྔགས་ཀྱི་དེ་ཁོ་ནའི་དོན་གདོན་མི་ཟ་བའོ་ཞེས་པ་ནི་འཇུག་པའི་རང་བཞིན་ཏེ། རྣམ་པ་མཆོག་ཐམས་ཅད་དང་ལྡན་པས་ཞེས་པ་ནི། ཡི་གེ་ཨ་དང་ཀ་ལ་

སོགས་པ་དེ་བཞིན་ཉིད་ལ་དམིགས་པར་འཇུག་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པ་དམ་པ་རྣམས་དང་ལྡན་པ་ཞེས་པའོ། །སྔགས་ཀྱི་དེ་ཁོ་ནའི་དོན་གདོན་མི་ཟ་བ་ཞེས་པ་ནི་ཕྱིན་ཅི་མ་ལོག་པས་རིགས་པ་དང་གཞུང་གིས་སུན་མི་ཕྱིན་པའོ། །དུས་གསུམ་ལས་ཤིན་ཏུ་འདས་པ་ནམ་མཁའ་དང་འདྲ་སྟེ་དྲི་མ་

མེད་པ། བསམ་ཡས་སེམས་ཀྱི་ས་ལ་གནས། །ཞེས་པ་ནི་གནས་པའི་རང་བཞིན་ཏེ། དུས་གསུམ་ལས་ཤིན་ཏུ་ཤེས་པ་ནི། འདས་པ་དང་ད་ལྟར་དང་མ་འོངས་པའི་དུས་ཏེ། དེ་ཡང་ཕུང་པོ་ལྔ་ལ་བྱ་སྟེ། ཕུང་པོ་ལྔ་ལས་ཤིན་ཏུ་འདས། །ཞེས་པའོ། །ནམ་མཁའ་དང་འདྲ་སྟེ་དྲི་མ་མེད་ཅེས་

པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དྲི་མ་རྣམས་དང་བྲལ་བ་ཞེས་པའོ། །བསམ་ཡས་སེམས་ཀྱི་ས་ལ་གནས། །ཞེས་པ་ནི་སེམས་པ་མེད་པ་ལས་སེམས་ཀྱི་ས་ལ་གནས་པ་སྟེ་སོ་སོ་རང་གི་རིག་པའི་རང་བཞིན་ཞེས་པའོ། །ལས་དང་བྱ་བ་ལས་བྱུང་བ། །སྤྱོད་པ་རྣམས་ཀྱང་རྗེས་སུ་ཐོབ། །

Vol. 69 · folio 144b

བསམ་ཡས་འབྲས་བུ་སྨིན་པའོ། །ཞེས་པ་ནི་ལངས་པའི་རང་བཞིན་ཏེ། ལས་དང་བྱ་བ་ལས་བྱུང་བ། །ཞེས་པ་ནི་སྟོང་པ་ཉིད་ལས་ལངས་ནས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ཀུན་རྫོབ་ཏུ་བཟླས་པའི་ཡན་ལག་བཞི་ལ་སོགས་པ་ལུས་དང་ངག་གི་ལས་རྣམས་ཀྱང་སྟོན་ཞེས་པའོ། །སྤྱོད་པ་

རྣམས་ཀྱང་རྗེས་སུ་ཐོབ། །བསམ་ཡས་འབྲས་བུ་སྨིན་པའོ། །ཞེས་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྔགས་ཀྱི་སྤྱོད་པ་རྣམས་སྤྱད་ན་མངོན་པར་འབྱུང་བ་དང་། མ་ལུས་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་འབྱིན་པའོ་ཞེས་པའོ། །འདི་ནི་དོན་དམ་དེ་ཁོ་ན། །སངས་

རྒྱས་ཀུན་གྱིས་རབ་ཏུ་བསྒྲགས། །ཞེས་པ་ནི་གོང་དུ་བཤད་པ་རྣམས་སྡུད་པའི་ཚིག་སྟེ། སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྒྲགས། །ཞེས་པ་ནི་སྔགས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཤེས་པ་དང་། སྔགས་ཀྱི་ཡི་གེ་ལས་ལྷའི་གཟུགས་སུ་སྦྱར་ཞིང་། ཡན་

ལག་བཞི་པའི་བཟླས་པ་ལ་སོགས་པའི་ཆོ་གར་ཤེས་ན་གྲུབ་པ་ཐོབ་པར་འགྱུར་ཞེས་པའོ། །སྒྲར་སྨྲས་ཡང་དག་དེ་ཁོ་ན། །སྔགས་རྣམས་ཀྱི་ནི་སྔགས་མཚན་ཉིད། །ཡིད་ལ་བསམ་པའི་ས་བསམས་ན། །འཆི་འཕོ་མེད་པའི་གནས་ཐོབ་འགྱུར། །ཞེས་པ་ནི་སྔགས་ཀྱི་ཡི་གེའི་སྒྲའི་སྒོ་ནས་

བསྟན་པའི་དོན་དེ་བཟླས་པ་ལ་སོགས་པ་ལ་མི་རྟོག་པར་བསྒོམས་པས་མྱ་ངན་ལས་འདས་པ་འཆི་འཕོ་མེད་པའི་གནས་ཐོབ་ཅེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་

པའི་བར་དུ་བཤད་པའི་དོན་རྣམས་ཕྱག་ན་རྡོ་རྗེས་མཇལ་བར་བསྟན་པ་དང་། མ་འོངས་པའི་འགྲོ་བ་རྣམས་སྤྲོ་བ་བསྐྱེད་པ་དང་། དཀྱིལ་འཁོར་གྱི་ཡོ་བྱད་བཤད་པའི་ལྷག་མ་རྣམས་བཤད་པར་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བསམ་གྱིས་མི་ཁྱབ་པའི་སྔགས་ཀྱི་མཚན་ཉིད་ཀྱི་ཚུལ་གྱིས་

ཆོས་ཀྱི་གཞུང་བཤད་པ། བཅོམ་ལྡན་འདས་ངོ་མཚར་ཆེའོ་ཞེས་པ་ནི། ཡི་གེ་ཀ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་དག་གི་དོན་བསམ་དུ་མེད་པ་དེ་དག་གིས་འཇལ་ཏེ་ངོ་མཚར་ཆེའོ་ཞེས་པའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་ཏེ་ཞེས་པ་ནི། ཉན་ཐོས་ནི་

Vol. 69 · folio 145a

གང་ཟག་ལ་བདག་མེད་པར་ཆུད་པ་ཙམ་དང་། རང་སངས་རྒྱས་ནི་རྒྱུ་དང་འབྲས་བུ་བཤིག་ནས་ངག་འགགས་པ་ཙམ་པས་དེ་བཞིན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་མ་ཡིན་ཞེས་པའོ། །སེམས་ཅན་དེ་དག་ཐུན་མོང་མ་ལགས་པའི་ཡོན་ཏན་དང་ལྡན་པར་འགྱུར་བ་ནི།

གང་སྔགས་ཀྱི་ཚུལ་འདི་ལ་དད་པར་འགྱུར་བའོ་ཞེས་པ་རྣམས་ནི་མ་འོངས་པའི་འགྲོ་བ་རྣམས་ནི་སྤྲོ་བ་བསྐྱེད་པའོ། །བཅོམ་ལྡན་འདས་གཞན་ཡང་དཀྱིལ་འཁོར་གྱི་ཡོ་བྱད་ཀྱི་ཆོ་ག་རྣམས་བཤད་པར་གསོལ་ཞེས་པ་ནི། དཀྱིལ་འཁོར་བྲིས་ཟིན་ན་མཆོད་པ་ལ་སོགས་པ་བྱ་བར་རིགས་ཏེ། དེ་

བས་ན་མཆོད་པའི་ཏིང་ངེ་འཛིན་དང་། ཡིད་ཀྱིས་མཆོད་པ་དང་། ཐལ་མོ་སྦྱར་བའི་མཆོད་པ་དང་། བྱམས་པ་དང་སྙིང་རྗེས་མཆོད་པ་དང་། འཇིག་རྟེན་གྱི་མཆོད་པ་དྲི་དང་མེ་ཏོག་ལ་སོགས་པ་སྟེ། མཆོད་པ་རྣམ་པ་དེ་བཞི་དང་། དཀྱིལ་འཁོར་བསྲུང་བ་དང་། དཀྱིལ་འཁོར་གྱི་ལྷ་རྣམས་

བཞུགས་སུ་གསོལ་བ་རྣམས་བཤད་དུ་གསོལ་ཞེས་པའོ། །དེ་རྣམས་ལས་ཀྱང་ལ་ལ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་། ལ་ལ་ནི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་སྐབས་ནས་འབྱུང་། ལ་ལ་ནི་གསང་བའི་དཀྱིལ་འཁོར་ལས་འབྱུང་སྟེ། དེ་འདི་

ནས་མི་འབྱུང་བ་འོག་མ་གཉིས་ཀྱི་སྐབས་ནས་འབྱུང་བ་ཡང་སྐབས་འདིར་སྦྱར་བར་བྱ། འདི་ནས་འབྱུང་བ་ལ་འོག་མ་གཉིས་ཀྱི་ནང་ནས་མི་འབྱུང་བ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་དག་གི་རིམ་པ་ཡང་ལྷ་རྣམས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པ་ལ་སྤྱན་དྲང་མི་དགོས་པའི་རིམ་པ་ལ་

སོགས་པ་བསྡུས་པའི་དོན་གྱི་ནང་དུ་ཞིབ་ཏུ་བཤད་པས་འདིར་མ་སྨོས་སོ། །དེ་ནས་སྔགས་པས་བྱ་བ། ལྷ་རྣམས་ལ་ནི་མཆོད་པའི་ཕྱིར། །ཞེས་པ་ནས། སེམས་དཔའ་ཆེན་པོ་ཕལ་རྣམས་ལའང་། །རེ་རེ་བར་ནི་བསྒྲགས་པ་ཡིན། །ཞེས་པའི་བར་དྲི་ལ་སོགས་པ་ཕྱིའི་མཆོད་པ་རྣམས་

བཤད་པ་སྟེ། ཕྱིའི་མཆོད་པ་དེ་རྣམས་ཀྱང་། སྔགས་པ་དམིགས་པ་བས་ཚུལ་བཞིན་མ་བྱས་ན། འཕགས་པའི་ལྷ་རྣམས་འཁྲུག་པར་མི་འགྱུར་ཡང་དེའི་འཁོར་ཕལ་རྣམས་འཁྲུག་པར་འགྱུར་ཏེ། འཕྲལ་དུ་གནོད་པ་མི་བྱེད་ཀྱང་ཇི་ལྟར་བསམས་པའི་དོན་གྲུབ་པར་མི་བྱེད་དེ།

Vol. 69 · folio 145b

ཕན་འདོགས་པར་མི་འགྱུར་རོ་ཞེས་རྒྱུད་གཞན་ལས་འབྱུང་བས་མཆོད་པ་དེ་རྣམས་ནན་ཏན་དུ་བྱའོ། །སློབ་དཔོན་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པས་ཀྱང་གཙོར་ནི་ཡིད་ཀྱིས་མཆོད་པ་བྱ་སྟེ། སློབ་མ་དམིགས་པ་ཅན་རྣམས་ཀྱི་ཡིད་དང་སྦྱར་བའི་ཕྱིར་ཕྱི་མའི་མཆོད་པ་འདི་རྣམས་ཀྱང་མ་

ཆགས་བཞིན་དུ་བྱའོ། །མཆོད་པའི་ཏིང་ངེ་འཛིན་དང་ཡིད་ཀྱིས་མཆོད་པ་དེ་དག་ནི་ཡི་གེ་འཁོར་ལོ་བསྐོར་བར་དཀྱིལ་འཁོར་དང་གསང་བའི་དཀྱིལ་འཁོར་དག་ཏུ་བལྟའོ། །མེ་ཏོག་དཀར་དང་དམར་སེར་དག །ཅེས་པ་ནས། ཡིད་དུ་འོང་བ་བལྟར་སྡུག་པ། །བཀྲ་ཤིས་ཀུན་ཏེ་ནན་ཏན་

དུ། །མཁས་པས་སུ་ནི་མཆོད་པར་བྱ། །ཞེས་པའི་བར་དུ་མེ་ཏོག་གི་མཆོད་པ་རྣམ་པ་བཤད་དེ། དཀར་དང་དམར་དང་སེར་ཞེས་པ་ནི་མེ་ཏོག་གི་རིགས་སྤྱིར་སྨོས་པའོ། །པདྨོ་དང་ཨུཏྤལ་ཞེས་པ་ལ་སོགས་པ་ནི་སྤྱིར་སྨོས་པ་དེ་དག་ཉིད་ལས་སོ་སོའི་མིང་སྨོས་པའོ། །ཡིད་དུ་འོང་བ་ཞེས་

པ་ནི་དྲི་ཞིམ་པའོ། །བལྟར་སྡུག་པ་ཞེས་པ་ནི་ཁ་དོག་དང་དབྱིབས་མཛེས་པའོ། །བཀྲ་ཤིས་པ་ནི་ལྷ་རྣམས་མཆོད་པ་དང་མི་འགལ་བ་ཞེས་པ་སྟེ། འདིར་ནི་མདོ་ཙམ་དུ་སྨོས་ཀྱི། འདིར་མིང་གིས་མ་སྨོས་པ་ལས་གཞན་དུ་ཡང་ཡིད་དུ་འོང་བ་དང་བཀྲ་ཤིས་པ་ལས་མཆོད་པར་བྱའོ་ཞེས་

པའོ། །ཙནྡན་དང་ཨ་ཀ་རུ་ཞེས་པ་ནས། སྤོས་བཟང་རྣམས་ཀྱང་དབུལ་བར་བྱ། །ཞེས་པའི་བར་དུ་དྲིའི་མཆོད་པ་རྣམས་ཏེ། ཤིན་ཏུ་དྲི་ཞིམ་ཡིད་དུ་འོང་། །ཞེས་པ་ནི་འདིར་མིང་གིས་སྨོས་པ་ལས་གཞན་ཡང་དྲི་ཞིམ་ཞིང་ཡིད་དུ་འོང་བ་ལ་སོགས་པ་དྲིའི་རིགས་རྣམས་གང་ཡང་རུང་

བ་དབུལ་ལོ་ཞེས་པ་སྟེ། དེ་ལས་ཀྱང་ལ་ལ་ནི་གཅིག་ཏུ་སྦྱར། ལ་ལ་བསྡུས་ཏེ་སྦྱར་བར་ཤེས་པར་བྱའོ། །དྲིའི་མཆོད་པ་དབུལ་བར་ཡང་མེ་ཏོག་གི་མཆོད་པ་རྣམས་སྔོན་རོལ་དུ་དབུལ་བར་བྱའོ། །ཨ་ཀ་རུ་དང་ཐང་ཤིང་ཞེས་པ་ནས་གཞན་ཡང་བདུག་པ་སྣ་ཚོགས་པ་འཇིག་རྟེན་

གྱིས་བསྒྲགས་པ་བཀྲ་ཤིས་ལ་ཚུལ་བཞིན་དུ་སྔགས་པས་གསོལ་ཅིག །ལྷའི་ཡིད་དུ་འོང་ཞེས་པའི་བར་དུ་བདུག་པའི་མཆོད་པ་རྣམས་བཤད་དེ། དེ་རྣམས་ཀྱང་ལ་ལ་ནི་གཅིག་ཏུ་སྦྱར། ལ་ལ་ནི་བསྡུས་ཏེ་སྦྱར་ཏེ་ཤེས་པར་བྱའོ། །གཞན་ཡང་བདུག་པ་སྣ་ཚོགས་པ་འཇིག་རྟེན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words