No title in the text — opening words: རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 69 · folio 146a

གྱི་ཁམས་སུ་བསྒྲགས་པ་བཀྲ་ཤིས་པ་ཞེས་པ་ནི། འདིར་མིང་གིས་མ་སྨོས་པ་གཞན་དུ་འཇིག་རྟེན་དུ་གྲགས་པའི་བདུག་པ་སྣ་ཚོགས་ལྷ་རྣམས་ལ་མཆོད་པ་དང་མི་འགལ་བར་ཡང་རུང་བ་དབུལ་བར་བྱ་ཞེས་པའོ། །སེམས་དཔའ་ཆེན་པོ་དེ་ནས་ཡང་གཏོར་མའི་ལས་ཀྱི་ཆོ་ག་

ཉོན་ཅིག་ཅེས་པ་ནས། ཞོ་དང་འོ་མ་རྒྱས་པར་རོ། །ཞེས་པའི་བར་དུ་བཤོས་ཀྱི་མཆོད་པ་རྣམས་བཤད་པ་སྟེ། དེ་རྣམས་ཀྱང་ཟས་དང་། བཟའ་བ་དང་། བཅའ་བ་དང་བཏུང་བའི་དངོས་པོར་ཤེས་པར་བྱ་སྟེ། དེའི་ཟས་ནི་འོ་ཐུག་དང་འབྲས་ལ་སོགས་པའོ། །བཟའ་བ་ནི་ཁུར་བ་ལ་སོགས་

པའོ། །བཅའ་བ་ནི་ཤིང་ཐོག་ལ་སོགས་པའོ། །བཏུང་བ་ནི་ཞོ་དང་འོ་མ་ལ་སོགས་པའོ། །རྒྱས་པའོ་ཞེས་པ་ནི་དེ་རྣམས་བཟང་ཞིང་མང་དུ་འབུལ་བའོ། །མར་མེ་བཟང་པོ་རྣམས་ཀྱང་ནི། །ཞེས་པ་ནས། ཤིན་ཏུ་དྲི་ཞིམ་པས་ཀྱང་གསོལ། །ཞེས་པའི་བར་དུ་མར་མེའི་མཆོད་པ་བཤད་པ་

སྟེ། གཙང་མ་ཞེས་པ་ནི་ཉ་ཚིལ་ལ་སོགས་པ་བཙོག་པ་མེད་པ་དང་། རས་ཀྱི་སྙིང་པོ་དྲི་མ་མེད་པ་ཞེས་པའོ། །ཕྱོགས་སུ་གདུགས་དང་བ་དན་རྣམས། །ཁ་དོག་སྣ་ཚོགས་བཟང་ཡང་བྲེ། །ཞེས་པ་ནི་དཀྱིལ་འཁོར་གྱི་ཕྱིའི་སྒོ་ཁར་གདུགས་དཀར་པོ་གཅིག་བཞག །ངོས་བཞི་གྲྭ་བཞིར་

ཕྱོགས་སོ་སོར་ཁ་དོག་དང་མཐུན་པའི་བ་དན་རྣམས་བསྒྲེང་བར་བྱའོ་ཞེས་པའོ། །རྟ་བབས་བཟང་པོ་རྣམས་ཀྱང་ནི། །དྲིལ་དང་བཅས་ཏེ་རབ་ཏུ་དབུལ། །ཞེས་པ་ནི་ཕྱིའི་སྒོ་ཁར་ཤིང་ལ་སོགས་པ་ལས་བྱས་པའི་རྟ་བབས་བཟང་པོ་དྲིལ་བུ་དག་གིས་བརྒྱན་པ་ཞེས་པའོ། །དེ་ནས་བུམ་པ་

རྣམས་བླང་བ། །ཞེས་པ་ནས། གོས་རྣམས་ཀྱིས་ནི་མགྲིན་པ་བཅིངས། །མཁས་པ་ཡིས་ནི་རྣམ་པར་བཀོད། །ཅེས་པའི་བར་ཏེ་བུམ་པ་རྣམས་དབུལ་ཏེ་ནག་པོ་ལ་སོགས་པའི་སྐྱོན་མེད་པར་གཞུང་ལས་བྱུང་བའི་མཚན་ཉིད་དང་ལྡན་པ་དབུལ་ཏེ། དེ་རྣམས་གསང་བའི་རྒྱུད་ལས་

འབྱུང་བ་བཞིན་དུ། ལྷ་རྣམས་སོ་སོ་ལ་བསྔོ་བར་མི་བྱ་བར་སྤྱིར་དགོད་པ་ནི་བྱང་ཆུབ་སེམས་དཔའི་སྔགས་ཀྱིས་བཏབ་སྟེ། སློབ་མ་རྣམས་དབང་བསྐུར་བ་ལ་བླུགས་པར་བྱ་བའི་ཕྱིར། གཙོ་བོ་ལྷ་རྣམས་ཀུན་ལ་ནི། །གོས་ཟུང་རེ་ནི་དབུལ་བར་བྱ། །ཞེས་པ་ནི་དཀྱིལ་འཁོར་རིམ་པ་

Vol. 69 · folio 146b

གསུམ་ཆར་གྱི་སྒོ་ཁྱུད་རྣམས་ཀྱི་ནང་ན་བཞུགས་པའི་གཙོ་བོ་རྣམས་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དབུས་ན་བཞུགས་པ་ལ་རས་ཟུང་རེ་རེ་དབུལ་ལོ་ཞེས་པའོ། །ཐམས་ཅད་ལ་ཟུང་རེ་མི་འབྱོར་ན་སྤྱིར་ཟུང་གཅིག་དབུལ་བར་བྱའོ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །

ཡ་རེ་བར་ནི་བསྒྲགས་པ་ཡིན། །ཞེས་པ་ནི་དཀྱིལ་འཁོར་གྱི་ལྷ་ཕལ་རྣམས་ལ་ཡ་རེ་དབུལ་ཞེས་པ་སྟེ། ཐམས་ཅད་ལ་རེ་རེ་མ་འབྱོར་ན་ཡང་སྤྱིར་ཡ་གཅིག་དབུལ་བར་ཤེས་པར་བྱའོ། །དེ་རྣམས་ཀྱང་བུམ་པའི་མགྲིན་པ་དཀྲི་བ་མ་གཏོགས་པར་གཞན་དུ་རིག་པར་བྱའོ། །སློབ་མ་

དཀྱིལ་འཁོར་དྲུང་དགུག་སྟེ། །སྔགས་པ་ཡིས་ནི་ཆུས་ཐོབ་ཅིག །ཅེས་པ་ནས། དེ་བཞིན་སློབ་མ་ཀུན་ཚུད་ཅིག །ཅེས་པའི་བར་དུ་སློབ་མ་རྣམས་དཀྱིལ་འཁོར་དུ་གཟུད་པའི་ཆོ་ག་སྟེ། དེ་ཡང་སློབ་དཔོན་སྔར་མཆོད་པ་ན་ལས་ཀྱི་རྡོ་རྗེ་སེམས་དཔར་བསྒྱུར་བ་ལས་སློབ་མ་འཛུད་པའི་

ཚེ་འོག་ནས་འབྱུང་བའི་སློབ་དཔོན་གྱི་ཏིང་ངེ་འཛིན་དུ་བསྒྱུར་ཏེ། ཐོག་མ་ཉིད་དུ་དཀྱིལ་འཁོར་གྱི་ཕྱི་རའི་སྒོར་ཁམས་གསུམ་རྣམ་པར་རྒྱལ་བས་བསྔགས་པའི་བུམ་པའི་ཆུས་སློབ་མ་རྣམས་བགེགས་བསལ་བའི་ཕྱིར་གཏོར་ཏེ། སློབ་མ་རྣམས་གདོང་གཡོགས་པའི་རས་ལ་དམ་ཚིག་

གསུམ་གྱི་ཕྱག་རྒྱ་བཅིངས་ཏེ། དམ་ཚིག་གསུམ་གྱི་སྔགས་ལན་གསུམ་བཟླས་པས་སློབ་མའི་གདོང་གཡོགས། དེ་ནས་སློབ་མའི་ལག་པར་དྲི་དང་མེ་ཏོག་བྱིན་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་དབྱིངས་སུ་བྱིན་གྱིས་བརླབ། དེ་

ནས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་སྔགས་དང་། རྡོ་རྗེ་གོ་ཆའི་སྔགས་ཀྱིས་སློབ་མ་དེ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། སྤྱི་བོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རཾ་ཁ་དོག་དཀར་པོ་ཀླད་ཀོར་དང་བཅས་པ་འབར་བ་ཅན་བསམ། དེ་ནས་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་

ཏེ། དེའི་སྔགས་ཟློས་སུ་བཅུག་ལ་མེ་ཏོག་འདོར་དུ་བཅུག །དེ་ནས་མེ་ཏོག་གར་བབས་པའི་ལྷ་སློབ་མ་དེ་ལ་བྱིན་ཏེ། དེ་ནས་དཀྱིལ་འཁོར་ལན་གསུམ་བསྐོར་དུ་གཞུག་སྟེ། དེ་རྣམས་ནི་དཀྱིལ་འཁོར་དུ་གཟུད་པའི་ཆོ་ག་རིམ་པ་མདོར་སྨྲས་པའོ། །ཡན་ལག་སོ་སོར་བཤད་པ་ནི། །

Vol. 69 · folio 147a

བྱང་ཆུབ་སེམས་ཀྱང་འཛིན་དུ་གཞུག །ཅེས་པའི་སྨོན་ལམ་གྱིས་བྱང་ཆུབ་ཀྱི་སེམས་འཛིན་དུ་གཞུག་ཅེས་པའོ། །དེ་བཞིན་གཤེགས་པ་དྲན་པར་བྱ། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་ཞེས་སྨྲ་བར་བྱ་བ་སྟེ། སྨོན་ལམ་གྱིས་

བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་

རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་བདག་གིས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་པའོ། །དེ་ནས། ཐམས་ཅད་སྐྱེ་བར་འགྱུར་

བ་ནི། །སྐྱེ་བ་རྒྱལ་བའི་རིགས་དགེ་ལའོ། །ཞེས་པ་ནི་དེ་ལྟར་སྨོན་ལམ་གྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ས་བོན་བཏབ་པའི་སྒོ་ནས་རྒྱལ་བའི་རིགས་དགེ་བ་ལ་སྐྱེ་བར་འགྱུར་ཏེ། རྒྱལ་བའི་རིགས་ཞེས་པ་ནི་ཐབས་དང་ཤེས་རབ་ཏུ་ལྡན་པ་སྟེ། དེ་ལ་ཤེས་རབ་ནི་ཡུམ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་དེ་ལས་བྱུང་བས་ན་དེ་ནི་རྒྱལ་བའི་རིགས་ཞེས་བྱའོ། །དེ་དག་ཕྱག་རྒྱ་བཅིངས་པ་ནི་ཆོས་ཀྱི་དབྱིངས་ལས་བྱུང་བའོ་ཞེས་པ་ནི།

འཇུག་པའི་བྱང་ཆུབ་ཀྱི་སེམས་དང་གནས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དེས་སློབ་མ་དེ་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་བོ། །ཆོས་ཀྱི་འཁོར་ལོ་ལས་དེ་བཞིན་དུ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ། །ཅེས་པ་ནི། དེ་ལྟར་སྟོང་པ་ཉིད་

ཀྱི་རང་བཞིན་དུ་ཆུད་ནས་སླར་ཀུན་རྫོབ་ཀྱི་སྒོ་ནས་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། ཆོས་ཀྱི་འཁོར་ལོའི་སྔགས་དང་ཕྱག་རྒྱས་སློབ་མ་རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་རོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་གང་གི་སེམས་རྡོ་རྗེ་དང་འདྲ་བར་བརྟན་པ། ཅིས་ཀྱང་ཟིལ་གྱིས་མི་ནོན་པ་

Vol. 69 · folio 147b

སྟེ། དེ་ཡང་ཟླ་བའི་དཀྱིལ་འཁོར་གྱི་ནང་དུ་བཞུགས་པ། ཟླ་བའི་དཀྱིལ་འཁོར་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ། དབུ་རྒྱན་དང་ལྡན་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སྐུའོ། །དེའི་སྙིང་གར་ཡང་རྡོ་རྗེ་རྩེ་ལྔ་པ་ཡེ་ཤེས་ལྔའི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་པར་བྱའོ། །སངས་

རྒྱས་ཀུན་གྱི་དམ་ཚིག་ནི། །བཅིང་བ་དེ་ནས་སྔགས་པ་རང་གིས་ནན་ཏན་གྱིས། གོས་ལ་ལན་གསུམ་གདབ་པ་ཡང་། །སྔགས་ཀྱིས་དེ་ཚེ་ཆོ་ག་བཞིན། །ཞེས་པ་ནི་གདོང་དགབ་པའི་རས་ལ་སྔགས་པ་ཉིད་ཀྱིས་དམ་ཚིག་གསུམ་གྱི་ཕྱག་རྒྱ་དང་སྔགས་ཀྱིས་གདབ་སྟེ། དེ་ཡང་སྐབས་འདིར་སྨོས་

མོད་ཀྱི་ལས་འདི་རྣམས་ཀྱི་དང་པོར་ཤེས་པར་བྱའོ། །དེ་དག་རྣམས་ཀྱི་གདོང་ཁོབ་ཅིག་ཅེས་པ་ནི། དམ་ཚིག་གིས་བཏབ་པའི་རས་དེས་སློབ་མ་དེ་རྣམས་ཀྱི་གདོང་དགབ་པར་བྱ་སྟེ། གདོང་དགབ་པ་དེ་ཡང་དེ་དག་སྔར་རང་བཞིན་གྱིས་མིག་ཏུ་འདུག་པ་ལས། དམ་ཚིག་གི་སྔགས་དང་ཕྱག་རྒྱས་

བྱིན་གྱིས་བརླབས་པས་བཀབ་ནས་ཡེ་ཤེས་ཀྱི་མིག་ཏུ་བསྒྱུར་བར་འགྱུར་ཏེ། ཡེ་ཤེས་ཀྱི་མིག་དེ་ཕྱེ་ནས་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་གྱི་དཀྱིལ་འཁོར་དེ་བསྟན་པའི་ཕྱིར་རོ། །སྙིང་རྗེར་སོང་བའི་ཡིད་ཀྱིས་ཏེ། །ཞེས་པ་ནི་སྙིང་རྗེ་དང་ལྡན་པར་བྱ་བའི་ཕྱིར། དེ་ཁེ་དང་བཀུར་

སྟིའི་ཕྱིར་མ་ཡིན་ནོ་ཞེས་པའོ། །ལན་གསུམ་དམ་ཚིག་ཟློས་སུ་གཞུག །ཅེས་པ་ནི་མེ་ཏོག་འདོར་དུ་གཞུག་ཅེས་པ་དང་སྦྱར་ཏེ། དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ལ་སྔགས་ཀྱང་ལན་གསུམ་བཟླས་ཏེ་མེ་ཏོག་འདོར་དུ་གཞུག་གོ། །དམ་ཚིག་གསུམ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་

མི་ཟད་པ་དང་། གསུང་མི་ཟད་པ་དང་། ཐུགས་མི་ཟད་པའི་རྡོ་རྗེའི་རྒྱན་གྱི་དཀྱིལ་འཁོར་ཏེ། དེའི་བྱིན་གྱི་རླབས་སུ་གྱུར་པ་ནི་དམ་ཚིག་གི་སྔགས་དང་ཕྱག་རྒྱ་སྟེ། ཕྱག་རྒྱ་བཅིངས་ཤིང་དེའི་སྔགས་ལན་གསུམ་བཟླས་ན། སྐུ་ལ་སོགས་པ་མི་ཟད་པའི་རྡོ་རྗེ་རྒྱན་དེ་མཐོང་བར་འགྱུར་རོ། །དེ་

བས་ན་སྔགས་པ་རྟག་ཏུ་ཟློས་པ་ལ་སོགས་པ་བྱེད་པའི་ཚེ་ཡང་དམ་ཚིག་གསུམ་གྱི་ཕྱག་རྒྱ་བཅིངས་ཏེ། སྔགས་ལན་གསུམ་བཟླས་ན། དམ་ཚིག་ཉམས་པ་ལ་སོགས་པ་སླར་འཚོ་བར་འགྱུར་རོ། །སྤྱི་བོར་ཡི་གེ་གཞག་པ་ནི། །ཀླད་ཀྱི་འཁོར་དང་བཅས་པ་སྟེ། །འབར་

Vol. 69 · folio 148a

བའི་ཕྲེང་ཟེར་འབྱུང་བཞིན་དུའམ། །ཞེས་པ་སྟེ། ཁ་དོག་དཀར་བ་ཟླ་བ་ཤར་བ་བཞིན་དུའོ་ཞེས་པ་ནི། སློབ་མའི་སྤྱི་བོར་ཡི་གེ་ར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསམ་སྟེ། ར་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་རང་བཞིན་ནོ། །

ཀླད་ཀོར་བཞག་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །འབར་བའི་ཕྲེང་དང་བཅས་པ་ནི་རྒྱུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཟླ་བ་ཤར་བ་དང་འདྲ་བ་ནི་ཟླ་བ་འཆར་བའི་ཚེ། རང་བཞིན་དཀར་བ་ལ་ཅུང་ཟད་དམར་པོ་བསྟན་པ་སྟེ་དཀར་བ་ནི་རང་བཞིན་གྱིས་དག་པའོ། །རྩ་དམར་བ་ནི་སེམས་ཅན་

གྱི་དོན་ལ་ཆགས་པའོ། །དེ་ནས་མེ་ཏོག་འཐོར་ཆུག་ཅིག །མགོན་པོ་ཀུན་གྱི་སྤྱན་སྔར་ཏེ། །མེ་ཏོག་དེ་ནི་གང་ལྷུང་བ། །སྔགས་མཁན་གྱིས་ནི་དེ་བྱིན་ཅིག །ཅེས་པ་ནི་སྔོན་དཀྱིལ་འཁོར་དུ་མ་ཞུགས་ཤིང་ལྷ་མ་མནོས་པའམ། དཀྱིལ་འཁོར་དུ་ཞུགས་ཤིང་ལྷ་མ་མནོས་པའམ།

ལྷ་མནོས་ཏེ་བཏང་བ་རྣམས་གདོད་ལྷ་མནོས་པར་བྱ་ན་མེ་ཏོག་གདོད་དེ་ལྟར་དོར་བར་བྱ། དེ་ལྟར་ལྷ་མནོས་ཟིན་ཏེ། གདོད་མནོས་མི་དགོས་ན། གདོང་གཡོགས་བཀྲོལ་ལ་མེ་ཏོག་དེ་བདག་གི་ལྷའམ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་དབུལ་བར་བྱ་སྟེ། དེ་དག་ཀྱང་ཞིབ་ཏུ་

ནི་བསྡུས་པའི་དོན་དུ་བཤད་ཟིན་ཏོ། །མེ་ཏོག་བོར་ནས་ལྷ་གང་ལ་བབ་པ་དེའི་ཆ་བརྟག་པ་ཡང་ཞིབ་ཏུ་གསང་བའི་རྒྱུད་ཀྱི་ནང་དུ་བལྟའོ། །དཀྱིལ་འཁོར་དང་པོའི་སྒོ་རུ་སྟེ། །སྒོ་ཁྱུད་ཀྱི་ནི་དབུས་ཀྱི་ཆ། །སྒོ་གཉིས་ཀྱི་ནི་བར་དེར་ཡང་། །སློབ་མ་དེར་གཟུད་དཀྱིལ་འཁོར་གྱི། །དེར་འདུག་

པ་ནི་ཆོ་ག་ཀུན། །རིམ་བཞིན་དེ་རྣམས་ཆུད་པར་བྱའོ། །ཞེས་པ་ནི་དཀྱིལ་འཁོར་གསུམ་པའི་སྒོ་ཁྱུད་ཀྱི་དབུས་སུ་སློབ་མ་དེར་གཟུང་སྟེ། དེར་གནས་ནས་གོང་དུ་སྨོས་པའི་ལས་ཐམས་ཅད་བྱ་སྟེ། སྒོ་ཁར་སློབ་མ་ལ་ཆུ་གདབ་པ་འབའ་ཞིག་མ་གཏོགས་སོ། །དཀྱིལ་འཁོར་གྱི་ནང་དུ་མ་

ཞུགས་པར་སྒོ་ཁ་ནས་ལས་དེ་རྣམས་བྱ་བ་ཡང་། ལྷ་རྣམས་ལ་མེ་ཏོག་འདོར་ན་ཡང་སྒོ་ཁ་ན་བོར་ན་ནང་དུ་འབབ་པར་འགྱུར་གྱི། ནང་དུ་ཞུགས་ཏེ་བོར་ན་ལྷ་ཁ་ཅིག་རྒྱབ་ཏུ་ལུས་པར་འགྱུར་ལ། བདག་ནང་དུ་ཞུགས་ཏེ་བོར་ན་མེ་ཏོག་ཕྱི་རོལ་དུ་བབ་པར་འགྱུར་བའི་ཕྱིར་རོ། །གཉིས་སུ་

Vol. 69 · folio 148b

ན་གོང་དུ་སྐྱོབ་པ་རྣམས་ཀྱི་སྤྱན་སྔར་ཞེས་ཀྱང་འབྱུང་བས། བདག་ནང་དུ་ཞུགས་ན་ཁ་ཅིག་གི་སྤྱན་སྔར་ཀྱང་མི་འགྱུར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཁ་ཅིག་ལ་རྒྱབ་ཀྱིས་བལྟ་བར་མི་རིགས་པའི་ཕྱིར་རོ། །གསུམ་དུ་ན་འདི་ནི་ཆོས་ཀྱི་རྒྱལ་པོའི་འཁོར་བས་

ཐོག་མ་ནང་དུ་ཞུགས་ན་ཀོ་ལོང་དུ་འགྱུར་ཏེ། རྒྱལ་པོའི་ཆོས་དང་འགལ་བའི་ཕྱིར་རོ། །དེ་བཞིན་སློབ་མ་ཀུན་ཆུད་ནས་ཐམས་ཅད་རྟོག་པ་དང་བྲལ་བའོ། །དེ་དག་རྣམས་ལ་ཞིར་བྱས་ནས། །ཞེས་པ་ནས་སྔགས་པ་འོག་མའི་བར་དུ་དཀྱིལ་འཁོར་དུ་ཆུད་པའི་སློབ་མ་དེ་རྣམས་ཞི་བར་བྱ་བའི་ཕྱིར་

ཞི་བའི་སྦྱིན་སྲེག་བྱ་སྟེ། སློབ་མ་རྣམས་དཀྱིལ་འཁོར་དུ་ཞུགས་པས་སྡིག་པ་རྣམས་བྱང་ཞིང་རྒྱུད་དག་པ་དེས། བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་ལ་སོགས་པ་ལ་སྦྱིན་སྲེག་གི་སྒོ་ནས་ཡོན་ཕུལ་ན། བསོད་ནམས་འཕེལ་ཏེ་སྡིག་པ་བྱང་བས་ཞི་བར་འགྱུར་རོ། །དེའི་རིམ་པ་

ཡང་ཐོག་མའི་སྙིང་པོའི་དཀྱིལ་འཁོར་གྱི་སྔོན་རོལ། དཀྱིལ་འཁོར་བར་མའི་སྒོའི་ཕྱི་རིམ་གསུམ་པོའི་ནང་རོལ་དུ་ཞུགས་ཏེ་ཐབ་ཁྲུ་གང་བ་བྱ། དེ་སྟེ་དཀྱིལ་འཁོར་ཆུད་དེ་ནང་དུ་མི་ཤོང་ན་དཀྱིལ་འཁོར་གྱི་ཕྱི་རིམ་གྱི་སྒོ་ཁར་བྱ། ཁང་ཐོག་ལ་སོགས་པར་བརྐོར་མི་རུང་ན། ཚོན་དམར་པོས་

ཞུགས་ཐབ་དེ་བྲི་བར་བྱ་སྟེ། དེ་ནས་ཞུགས་ཐབ་དེའི་མཐའ་མར་ཀུ་ཤ་ལྷོ་ཕྱོགས་ནས་བརྩམས་ཏེ་བསྐོར་བའི་ཐབ་ཏུ་དགྲམ་པ་ནི། རྩྭ་གཅིག་གི་རྩ་བས་གཅིག་གི་མགོ་ནོན་པར་བྱས་ཏེ་བསྐོར་རོ། །དེ་བས་ན་ཁམས་གསུམ་རྣམ་པར་རྒྱལ་བས་བསྔགས་པའི་སྤོས་ཆུས་དེར་བཏབ་བོ། །དེ་ནས་

ཞུགས་ཐབ་དེར་འཇིག་རྟེན་པའི་མེ་ཏྲི་ཏ་ཞེས་བྱ་བ་ལས་ཐམས་ཅད་བྱེད་པ་མགྲིན་པ་རིང་ལ་སྤུ་ཅན། ཁ་དོག་ཁམ་པར་འདུག་པ། མེ་ཏོག་གཅིག་ཞུགས་ཐབ་དེར་བོར་ལ་མེ་དེ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མེ་དེ་ཁ་བཀྲུ་བ་དང་། གང་བའི་སྦྱིན་སྲེག་གཞུང་ལས་འབྱུང་བ་བཞིན་དུ་

བྱིན་ནས། དེ་ཉིད་དུ་འབར་བཞིན་དུ་བཞག་ལ། དེ་ནས་འཇིག་རྟེན་ལས་འདས་པའི་ཞི་བའི་མེ་ཞུགས་ཐབ་དེར་མེ་ཏོག་གཅིག་བོར་ནས་བྱིན་གྱིས་བརླབས་ཏེ་ཁ་བཀྲུ་བ་དང་། གང་བའི་སྦྱིན་སྲེག་ལ་སོགས་པ་སྔ་མ་བཞིན་དུ་བྱས་ནས་སློབ་མ་རེ་རེའི་ཕྱིར་ཡང་སྦྱིན་སྲེག་ལན་ཉི་ཤུ་རྩ་རེ་

Vol. 69 · folio 149a

རེ་བྱ་བ་ནི། སློབ་མའི་ལག་པ་གཡས་པའི་མཐེ་བོང་ནས་སློབ་དཔོན་གྱིས་ལག་པ་གཡོན་པས་བཟུང་སྟེ་བྱའོ། །འདི་ནི་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་བཤད་པ་ནི། རྟོག་པ་ཀུན་དང་བྲལ་བའོ། །ཞེས་པ་ནི་སློབ་མ་དེ་རྣམས་དཀྱིལ་འཁོར་དུ་གཞུག་པར་སྦྱོར་ན།

སྐྱབས་གསུམ་ལ་སོགས་པར་སོང་བ་དང་། དཀྱིལ་འཁོར་དུ་ཞུགས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཞུགས་ནས་ཀྱང་ཕྱིས་སྔགས་ཀྱི་སྤྱད་པ་སྤྱོད་པ་སྦྱོར་བ་དང་། རྩ་བ་དང་། ཕྱི་མ་གསུམ་དག་སྟེ་རྟོག་པ་དང་བྲལ་བའོ། །སྦྱིན་སྲེག་ཚུལ་ནས་སྦྱིན་སྲེག་བྱ། །ཞེས་པ་ནི་སྦྱིན་སྲེག་

གི་ཆོ་ག་གཞུང་ལས་ཇི་སྐད་གསུངས་པ་བཞིན་དུ་བྱ་བ་སྟེ་འོག་ནས་འབྱུང་བར་བལྟའོ། །སྙིང་པོའི་དཀྱིལ་འཁོར་ནི་སྔོན་རོལ་དུ་གཉིས་པོ་ཡང་རྒྱབ་ཏུ་སྟེ། དཀྱིལ་འཁོར་བར་མའི་དབུས་སུ་ནི། །མ་ཡེངས་པ་ཡི་སེམས་ཀྱིས་སུ། །ཁྲུ་གང་ཙམ་དུ་བྱ་བ་ནི། །མེ་ཡི་ཞུགས་ཐབ་བསྒྲགས་པ་

ཡིན། །ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །འདིར་ཚད་འགའ་ཞིག་ཁྲུ་གང་དུ་གསུངས་ཀྱི་ཟླུམ་པོའམ་གྲུ་བཞིར་བྱ་བ་མ་སྨོས་ཀྱང་ཞི་བ་དང་རྒྱས་པའི་ཞུགས་ཐབ་ཇི་ལྟར་གྲགས་པ་ལྟར་བྱ་སྟེ། འདིའི་སྐབས་སུ་ཞི་བའི་ལས་པས་ཟླུམ་པོར་འོས་སོ། །ཡང་ན་ཞི་བ་དང་རྒྱས་པ་གཉིས་སུ་

མཐུན་ན་གྲུ་བཞི་ཡང་ཉེས་པ་མེད་དོ། །ཁ་རན་སོར་བཞིའི་ཚད་དུ་ཞེས་པ་ནི་ཞུགས་ཐབ་གྲུ་བཞི་ན་ཁ་རན་ཡང་གྲུ་བཞིར་བྱ། ཞུགས་ཐབ་ཟླུམ་པོ་ན་ཁ་རན་ཡང་ཟླུམ་པོར་བྱའོ། །དབུས་སུ་ཡང་ནི་རྡོ་རྗེ་བྲི། །ཞེས་པ་ནི་ཡེ་ཤེས་ལྔའི་ཕྱག་རྒྱར་གྱུར་པ་རྡོ་རྗེ་རྩེ་ལྔ་པ་བྲིའོ། །སྔགས་པ་ཡི་

ནི་གཡས་ལོགས་སུ། །སྦྱིན་སྲེག་གི་ནི་ཡོ་བྱད་བཞག །གཡོན་ལོགས་སུ་ནི་སློབ་མ་དགོད། །ཅེས་པ་ནི་བསྲེག་པར་བྱ་བའི་རྫས་རྣམས་སྔགས་པའི་གཡས་སུ་གཞག་གོ། །གཡོན་དུ་སློབ་མ་དགོད་པ་ནི་སློབ་མའི་གཡས་སུ་སློབ་དཔོན་འབབ་སྟེ། སློབ་དཔོན་དེ་སློབ་མ་ལ་ཕན་འདོགས་

པས་རྗེས་སུ་མཐུན་པ་བསྟན་ཏོ། །ཀུན་ཀྱང་ཙོག་པུར་འདུག་པར་བྱ། །ཞེས་པ་ནི་ཚུལ་གྱི་ལས་རྣམས་མ་ཟིན་ན་བག་ཕབ་སྟེ་འདུག་པའམ་གུས་པ་བསྟན་པའོ། །བདག་ནི་འཇག་མའི་རྩྭ་བཏིང་བའི་སྟེང་དུ་སྟེ། དེར་འདུག་ཤིག་པ་ནི་སློབ་དཔོན་ཉིད་རྩྭ་ཀུ་ཤ་བཏིང་བའི་སྟང་དུ་འདུག་པ་ལ་

Vol. 69 · folio 149b

བྱའོ། །ཡང་ནི་ཚོན་རྩིས་བྲི་ཞེས་པ་ནས། སོ་སོའི་སྦྱིན་སྲེག་བྱ་བ་ནི། །ཉི་ཤུ་རྩ་གཅིག་བླུགས་ཤིང་སྲེག །ཅེས་པའི་བར་དུ་ནི་གོ་རིམས་བཞིན་དུ་གོང་དུ་བཤད་ཟིན་ཏོ། །ཡིད་ཐུབ་བྱམས་པར་བསམས་ལ་ནི། །ཞེས་པ་ནི་ཞི་བའི་ལས་ལ་ཚུལ་གྱིས་བྱམས་པར་བྱའོ། །སྦྱིན་སྲེག་བྱས་ནས་

སྔགས་པ་ཡིས། །སློབ་མ་རྣམས་ལ་ཡོན་སློངས་ཤིག །ཅེས་པ་ནས་མཆོད་སྟོན་ཁྱེད་ཀྱིས་ཅི་ནུས་པར། དགེ་འདུན་གསོལ་བ་སངས་རྒྱས་ཀྱིས་བསྔགས་པ་ལའོ་ཞེས་པའི་བར་སློབ་མ་རྟོག་པ་སྦྱངས་པ་དེ་དག་བསོད་ནམས་ཀྱི་ཞིང་དམ་པ་ལ་སྦྱིན་པ་བྱེད་དུ་སློབ་དཔོན་གྱིས་གཞུག་སྟེ། ཕན་དམ་པ་

འདོགས་པའི་སློབ་དཔོན་དེ་ལ་སློབ་མ་རྣམས་ཀྱིས་གུས་པར་ཡོན་ཕུལ་ན་བསོད་ནམས་མཆོག་ཏུ་འགྱུར་བའི་ཕྱིར། གསེར་དང་དངུལ་དང་རིན་པོ་ཆེ་ལ་སོགས་པ་དབུལ་བར་བྱའོ་ཞེས་བསྐུལ་མ་བཏབ་བོ། །དེ་ལྟར་སློབ་དཔོན་ལ་ཡོན་ཕུལ་ནས་ཀྱང་འཕགས་པའི་དགེ་འདུན་ནི་སྦྱིན་པའི་གནས་དམ་

པ་སྟེ། འཕགས་པའི་དགེ་འདུན་ལ་ཡོན་ཕུལ་བ་དང་། མཆོད་སྟོན་གསོལ་བར་བྱ་བ་བསྟན་པ་ནི། འདི་ནི་བསོད་ནམས་ཞིང་ཡིན་ཏེ། །མགོན་པོ་རྣམས་ཀྱིས་གསུངས་པ་སྟེ། །ཞེས་པ་ལ་སོགས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་

ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་དབང་བསྐུར་བ། །དེ་ནི་རྒྱས་པར་བཤད་པར་བྱ། །ཡང་དག་ཡིད་གཅིག་གྱིས་ལ་ཉོན། །སངས་རྒྱས་ཀུན་གྱིས་བཤད་པའོ། །ཞེས་པ་ནས། རྡོ་རྗེ་འཛིན་པ་དེ་ཀུན་གྱིས། །ཁྱོད་ལ་རྟག་ཏུ་སྲུང་བར་བྱེད། །ཅེས་པའི་བར་དུ་སློབ་

མ་རྣམས་དབང་བསྐུར་བའི་སྐབས་འཆད་དེ། དེ་ལ་མངོན་པར་དབང་བསྐུར་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་མི་ཟད་པའི་རྒྱན་རང་བཞིན་གྱི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་སུ་འགྱུར་བའི་སྤྱན་སྔར་མངོན་སུམ་དུ་རིན་པོ་ཆེ་ལ་སོགས་པའི་བུམ་པར་ཆུ་བླུགས་

པ་སྟེ། མངོན་པར་བླུགས་ཞེས་པ་ནི་ཚིག་གི་དོན་ཏོ། །དེ་ཡང་རྣམ་པ་གསུམ་དུ་བརྟག་པར་བྱ་བ་ནི་དབང་བསྐུར་བའི་མིང་ཇི་ལྟ་བ་དང་། སུ་ལ་དབང་བསྐུར་བ་དང་། ཅིའི་ཕྱིར་དབང་བསྐུར་བའོ། །དེ་ལ་དབང་བསྐུར་བའི་མིང་ཇི་ལྟ་བ་ཞེས་པ་ནི་སྤྱིར་དབང་བསྐུར་བའི་རྣམ་པ་མང་སྟེ། སྤྱིར་

Vol. 69 · folio 150a

སྔགས་པར་བྱ་བའི་ཕྱིར་རིག་པ་སྦྱིན་པའོ། །ལས་ཀྱི་དབང་བསྐུར་བ་ནི་ཞི་བ་དང་རྒྱས་པ་དང་མངོན་པར་སྤྱོད་པའི་ལས་བྱ་བ་དང་གདོན་བསལ་བ་ལ་སོགས་པ་བྱ་བར་དབང་བསྐུར་བ་སྟེ། དེ་ལ་སྐབས་འདིར་ནི་སློབ་དཔོན་དུ་དབང་བསྐུར་བ་ཞེས་བྱ་བ་སྟེ་དེ་ནི་མིང་ངོ་། །སུ་ལ་དབང་

བསྐུར་བར་བྱ་ཞེས་པ་ནི། སློབ་མ་ཕལ་ཐམས་ཅད་ལ་དབང་བསྐུར་བར་བྱ་བ་མ་ཡིན་གྱི། ཁྱད་པར་ཅན་གྱི་སློབ་མ་དམ་ཚིག་ལྔའི་སྐབས་ནས་གསུངས་པ། སྔགས་དང་ཕྱག་རྒྱ་ཡང་བསྟན་ཞིང་། ལས་དང་བྱ་བ་ལ་ཡང་རབ་ཏུ་སྦྱར་བར་བྱ་ཞེས་པ་སྟེ་སྔགས་ཀྱི་རྒྱུད་རྣམས་ཐོས་ཤིང་། དཀྱིལ་

འཁོར་ལ་སོགས་པ་བྲི་ནུས་པ་ཡོངས་སུ་རྫོགས་པའི་སློབ་མ་རྣམས་ལ་དབང་བསྐུར་ཏེ། སུ་ལ་དབང་བསྐུར་ཞེས་པ་ནི་དེ་རྣམས་ལ་དབང་བསྐུར་བའོ། །ཅིའི་ཕྱིར་དབང་བསྐུར་ཞེས་པ་ནི། ཆོས་ཀྱི་མིག་མི་འཚུབ་པར་བྱ་བའི་ཕྱིར་ཏེ། འཇིག་རྟེན་ན་ཡང་འཇིག་རྟེན་གྱི་གཙུག་ལག་ལུང་

བསྟན་པ་དང་རྟོག་པ་དང་སྨན་ལ་སོགས་པ་རྣམས་ཀྱང་སློབ་མས་རྫོགས་པར་ལོབས་ནས། སློབ་དཔོན་གྱིས་དབང་བསྐུར་བའི་ཆོ་ག་འཇིག་རྟེན་པ་རྣམས་ལ་ཇི་ལྟར་སྲིད་པར་བྱས་ནས་བཤད་པ་ལ་སོགས་པ་བྱ་བར་སློབ་མ་ལ་ལུང་སྦྱིན་པ་སྲིད་དོ། །དེ་དག་ཀྱང་སོ་སོའི་གཙུག་ལག་རྫོགས་པར་མི་ཤེས་

ཤིང་དབང་མ་བསྐུར་བར་བཤད་པ་ལ་སོགས་པ་བྱས་ན། གཙུག་ལག་དེ་དག་ཇི་ལྟ་བ་བཞིན་དུ་བཤད་མི་ནུས་པས་དེ་དག་གིས་མིག་མི་འཚུབ་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་སློབ་མ་རྣམས་རྒྱུད་ལ་སོགས་པ་རྫོགས་པར་ཤེས་པར་བྱ་སྟེ། དེ་དག་ཉིད་སློབ་དཔོན་གྱིས་མངོན་

སུམ་དུ་བསྐོར་ནས་རྒྱུད་བཤད་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཤེས་པར་སློབ་དཔོན་ཉིད་ཀྱིས་ཡིད་ཆེས་ཏེ། སེམས་ཅན་གྱི་དོན་བྱེད་ནུས་པར་གྱུར་པ་རྣམས་ལ་དབང་བསྐུར་ན་ཆོས་ཀྱི་མིག་མི་འཚུབ་པར་འགྱུར་བའི་ཕྱིར་རོ། །གཉིས་སུ་ན་དེ་ལྟར་མངོན་པར་འདུས་

པའི་སློབ་མ་དེས་སློབ་དཔོན་དུ་གྱུར་ན། འཇིག་རྟེན་པ་རྣམས་ཀྱང་ཁུངས་དེ་ལྟ་བུ་ལས་བྱུང་བའི་སློབ་དཔོན་དེ་ལ་ཡིད་ཆེས་ཤིང་བཙུན་པར་བྱེད་དོ། །རིམ་པ་འདི་ལྟ་བུར་དབང་མ་བསྐུར་བ་རྒྱུད་ལ་སོགས་པ་མི་ཤེས་པར་ཐུག་ཐུབ་ཏུ་སྔགས་ཀྱི་རྒྱུད་ལ་སོགས་པ་འཆད་ཅིང་། དཀྱིལ་འཁོར་

Vol. 69 · folio 150b

འདྲི་ན་ཇི་ལྟ་བ་ཉིད་དུ་མི་ཤེས་པས་དོན་ལོག་པར་འགྱུར་ན། སྔགས་ཀྱི་ལྷ་ལ་སོགས་པས་ཀྱང་བྱིན་གྱིས་མི་རློབ་པས་ཅི་བསམས་པའི་དོན་མི་འགྲུབ་སྟེ། གདུལ་བའི་འགྲོ་བ་རྣམས་ཡིད་མི་ཆེས་ཤིང་མི་ཕྱོགས་པས་ཆོས་ཀྱི་མིག་འཚུབས་པར་འགྱུར་རོ། །ཅིའི་ཕྱིར་དབང་བསྐུར་

ཞེས་པ་ནི་དེའི་ཕྱིར་རོ། །དེ་ལ་དབང་བསྐུར་བ་ཡང་། ཇི་ལྟར་འཇིག་རྟེན་གྱི་རྒྱལ་པོ་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བཀའ་ཁྲིམས་སྟོན་པ། མངོན་པར་འབྱུང་བའི་འབྲས་བུ་སྦྱིན་པར་བྱེད་པ་དེ་ཇི་ལྟར་རྒྱལ་ཐབས་སུ་བསྒྱུར་བར་བྱ་བ་དེ་བཞིན་དུ་བྱ་སྟེ། འདི་ཡང་མངོན་པར་འབྱུང་བ་དང་།

མ་ལུས་པའི་བདེ་བའི་འབྲས་བུ་སྦྱིན་པར་བྱེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཕྱིར་ཏེ། དེ་ཡང་རིམ་པ་འདི་ལྟར་བྱའོ། །ཐོག་མར་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་བར་ཁྲུ་དོས་བཅད་དེ། དེ་དབང་བསྐུར་བའི་དཀྱིལ་འཁོར་རིམ་པ་གཅིག་པ་སྒོ་གཅིག་པ་བྲིས་ལ། དེའི་ནང་པདྨ་

འདབ་མ་བརྒྱད་པ་བྲིས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་རྡོ་རྗེ་འཛིན་པ་བཞི་བྲི། པདྨ་འདབ་མ་བརྒྱད་པ་ཡང་བྱང་ཆུབ་སེམས་དཔའ་བཞི་དང་། ཅི་བགྱི་ཞེས་པ་བཞི་སྟེ་བརྒྱད་བྲི། པདྨོའི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རཾ་བྲིས་ལ་དེར་སློབ་མ་བཞག་སྟེ། དྲི་དང་མེ་ཏོག་ལ་

སོགས་པའི་མཆོད་པ་དང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་དང་། གླེང་གཞི་རྒྱ་ཆེན་པོ་སྙན་པ་རྣམས་ཀྱིས་བསྒྲགས་ཤིང་། ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རིན་པོ་ཆེ་བཞིའི་བུམ་པ་དཀྱིལ་འཁོར་ཆེན་པོ་ལན་རེ་བསྐོར་

ནས་སློབ་མ་དེའི་སྤྱི་བོ་ནས་བླུགས་སོ། །དེའི་འོག་ཏུ་འདིར་དངོས་ཀྱིས་མ་སྨོས་ཀྱང་། དེ་བཞིན་གཤེགས་པའི་གཙུག་ཏོར་དང་། སྤྱན་དང་། ལྕེ་དང་། གོ་ཆ་རྣམས་ཀྱི་ཕྱག་རྒྱ་དང་། སྔགས་ཀྱིས་ཀྱང་སློབ་མ་དེ་ལ་པདྨོའི་སྟེང་ན་འདུག་པ་ཉིད་ན་རིམ་པ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །

དེ་ནས་གནས་དེ་ནས་བསླངས་ཏེ། དཀྱིལ་འཁོར་དེའི་ཉེ་འཁོར་དུ་ཁྲི་བཟང་པོ་ཅིག་གཞག་སྟེ། གོས་གཤེར་བ་བརྗེས་ནས་གོས་གསར་པ་ཕྲུགས་གཅིག་གོན་ནས་ཁྲི་སྟེང་དུ་གཞག་སྟེ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས། སློབ་དཔོན་ཉིད་མིག་ཕྱེ་བའི་ཐུར་མ་ཐོགས་ནས་མདུན་དུ་འདུག་སྟེ།

Vol. 69 · folio 151a

དེ་བཞིན་གཤེགས་པ་རྣམས་ཀྱིས་བུ་ཁྱོད་མི་ཤེས་པའི་རབ་རིབ་རྣམས་བསལ་ཏོ་ཞེས་པ་ལ་སོགས་པའི་ཚིག་བརྗོད་དོ། །དེ་ནས་མེ་ལོང་བླངས་ལ་ཆོས་རྣམས་གཟུགས་བརྙན་དང་འདྲ་སྟེ། རང་བཞིན་མེད་པའི་སྟོང་པ་ཉིད་ཀྱི་ཚུལ་དུ་སྒོམས་ཤིག་ཅེས་པའི་ཚིག་བརྗོད་དོ། །དེ་ནས་

དེ་ལྟར་བདག་གི་དོན་ཡོངས་སུ་རྫོགས་ནས་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་རྐང་པའི་འོག་ཏུ་གསེར་གྱི་འཁོར་ལོ་བཞག་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་བསྒྲགས་སོ། །དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་སངས་རྒྱས་གསུང་མཆོག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་

པར་གྲགས་པ་བསྐོར་བར་བྱ་སྟེ། གསུང་མཆོག་དེའི་ཕྱག་རྒྱར་གྱུར་པ་དུང་བཟང་པོ་ཅིག་ལག་པ་གཡོན་པར་བྱིན་ལ། ཆོས་ཀྱི་དུང་ཁྱོད་ཀྱིས་བྱིན་ཅིག་ཅེས་བརྗོད་དོ། །དེ་ལྟར་སེམས་ཅན་གྱི་དོན་བྱས་ནས་སངས་རྒྱས་རྣམས་ལ་བྱས་པ་ཤེས་པའོ་ཞེས་པ་ལ་སོགས་པའི་ཚིག་དེའི་འོག་ཏུ་བརྗོད་

པར་བྱ་སྟེ། དེ་རྣམས་ནི་ལས་སུ་བྱ་བའི་རིམ་པ་བསྡུས་ཏེ་བཤད་པའོ། །ཡན་ལག་གི་དོན་སོ་སོར་བཤད་པ་ནི། སེམས་དཔའ་ཆེན་པོ་མངོན་པར་དབང་། །བསྐུར་བ་རྒྱས་པ་རུ་ནི་བྱ། །ཡང་དག་ཡིད་གཅིག་གྱིས་ལ་ཉོན། །ཞེས་པ་ནི་མངོན་པར་དབང་བསྐུར་བ་ཞེས་པ་ནི་ཚིག་གི་དོན་གོང་དུ་

བཤད་ཟིན་ཏོ། །རྒྱས་པ་རུ་ནི་བཤད་པར་བྱ། །ཞེས་པ་ནི་དབང་བསྐུར་བའི་ཆོ་ག་འོག་ནས་འབྱུང་བ་རྣམས་དང་ལྡན་པར་བཤད་དོ་ཞེས་པའོ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཤད་པའི་ཞེས་པ་ནི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་པས་བྱ་བ་གཅིག་ཏུ་བསྟན་པའོ། །དེ་ནས་གསང་བའི་

བདག་པོ་ནང་གི་དཀྱིལ་འཁོར་གྱི་མདུན་དུ་ཕྱི་རོལ་གྱི་ཁྲུ་དོ་བོར་ལ་དཀྱིལ་འཁོར་བྲི་བ་ནི། གྲུ་བཞི་པ་ལ་སྒོ་གཅིག་སྟེ། །ཞེས་པའི་དོན་གཞན་ནི་སྔར་བཤད་ཟིན་ཏེ། འདིར་དངོས་སུ་མ་སྨོས་ཀྱང་སྤྱིའི་མཚན་ཉིད་ལྟར་བྱས་ན། ནང་གི་དཀྱིལ་འཁོར་གྱི་ས་ཤར་ཕྱོགས་སུ་གཞོལ་ན་དབང་

བསྐུར་བའི་དཀྱིལ་འཁོར་བྱང་ཕྱོགས་སུ་བྲི་བར་བྱ། ནང་གི་དཀྱིལ་འཁོར་བྱང་ཕྱོགས་སུ་གཞོལ་ན། དབང་བསྐུར་བའི་དཀྱིལ་འཁོར་ནུབ་ཕྱོགས་སུ་བྲི་བར་བྱ་སྟེ། འདིར་ནི་ནང་གི་དཀྱིལ་འཁོར་གྱི་མདུན་དུ་དབང་བསྐུར་བའི་དཀྱིལ་འཁོར་བྲི་བར་འཆད་པར་གསུངས་པས། དབང་བསྐུར་

Vol. 69 · folio 151b

བའི་ཆུས་ནང་གི་དཀྱིལ་འཁོར་ལ་ཆུ་མི་འབྱུང་བར་བྱ་བའི་ཕྱིར། ནང་གི་དཀྱིལ་འཁོར་གྱི་ས་བྱང་ཕྱོགས་སུ་གཞོལ་བར་བྱའོ། །འོན་ཏེ་ཤར་ཕྱོགས་སུ་གཞོལ་ན་ཡང་བར་ས་རྒལ་གྱིས་གཅད་པར་བྱའོ། །གྲྭ་བཞིར་རྡོ་རྗེ་འཛིན་པ་བཞི་གཞག་པར་བྱ་སྟེ་ཞེས་པ་ནི་རྡོ་རྗེ་འཛིན་པ་དེ་རྣམས་དང་།

འོག་ནས་བྱང་ཆུབ་སེམས་དཔའ་བཞི་དང་། ཅི་བགྱི་ཞེས་པ་བཞི་འབྱུང་བ་རྣམས་ཀྱང་དེ་བཞིན་གཤེགས་པའི་ཡོན་ཏན་ལས་གྱུར་པ་སྟེ། འཕྲོ་བ་མེད་པར་སྤྱོད་པ་ཞེས་པའོ། །ནམ་མཁའ་དྲི་མེད་ཅེས་པ་ནི་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ནམ་མཁའ་དང་འདྲ་བ་སྟེ་ཤེས་བྱ་དང་ཉོན་མོངས་པའི་དྲི་མ་

སྤངས་པའོ། །དྲི་མ་མེད་པའི་མིག་དང་ཞེས་པ་ནི་གཟུང་བ་དང་འཛིན་པའམ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཤེས་རབ་ཅན་ཞེས་པའོ། །སྣ་ཚོགས་གོས་འཆང་བ་ཞེས་པ་ནི་གོས་གཡོགས་པར་བྱེད་པ་བས་ངོ་ཚ་བ་སྟེ། གང་ངོ་ཚ་བ་ཡོད་པ་མི་བྱ་བ་རྣམས་མི་བྱེད་པ་དང་།

བྱ་བའི་རིགས་པ་རྣམས་བྱེད་པ་དང་། དམ་པ་རྣམས་ཀྱིས་བསྔགས་པ་སྟེ་དེ་ལྟ་བུ་ནི་ངོ་ཚ་བ་དང་ལྡན་པ་ཞེས་པའོ། །དབུས་པདྨ་ཆེན་པོ་འདབ་མ་བརྒྱད་ལ། གེ་སར་བཅས་པར་གྱིས་ལ་ཞེས་པ་ནི་ཡེ་ཤེས་བརྒྱད་ཀྱི་ཕྱག་རྒྱར་གྱུར་པའོ། །གེ་སར་ནི་ཡོན་ཏན་རྣམས་སོ། །འདབ་མ་བཞི་

ལ་བྱང་ཆུབ་སེམས་དཔའ་གྲོགས་སུ་གྱུར་པ་སྨོན་ལམ་གྱི་མཐུ་དང་ལྡན་པ་བཞི་བྲི་སྟེ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་དེ་བཞིན་ཉིད་ཀྱི་ཡོན་ཏན་ལས་གྱུར་པ་སྟེ། གཉིས་སུ་ནི་རང་གི་དོན་ཕུན་སུམ་ཚོགས་པ་གཉིས་ནི་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པའི་རང་བཞིན་ཏེ། སྨོན་ལམ་

གྱི་དབང་གིས་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་དེའི་པདྨོའི་གདན་གྱི་གནས་སུ་གྱུར་པ་སྟེ། དེ་ལ་གཟུངས་དབང་རྒྱལ་པོ་ཞེས་པ་གཟུངས་ནི་ཤེས་རབ་ཀྱི་རྒྱལ་པོར་གྱུར་པ་ཞེས་པའོ། །དྲན་པ་ཡང་དག་ཅེས་པ་ནི་ཤེས་རབ་དེ་ཉིད་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་སེམས་ཅན་རྣམས་ལ་

རྒྱུན་མི་འཆད་དོ། །ཕན་པ་ལྷག་པར་སེམས་པ་ཞེས་པ་ནི་སེམས་ཅན་རྣམས་ལ་ཕན་པར་སེམས་པའོ། །སྙིང་རྗེ་ཅན་ཞེས་པ་ནི་སྙིང་རྗེའི་དབང་གིས་སེམས་ཅན་རྣམས་ལ་ཕན་པར་སེམས་པ་སྟེ། དེ་གཉིས་ནི་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པའི་རང་བཞིན་ནོ། །གོང་མ་གཉིས་ནི་རང་གི་དོན་ཕུན་

Vol. 69 · folio 152a

སུམ་ཚོགས་པའི་རང་བཞིན་ནོ། །ལོ་མ་བཞི་པོ་གཞན་ལ་ནི། །ཅི་བགྱི་ཞེས་པ་བཞི་བྲི་སྟེ། །ཞེས་པ་ཡང་དེ་བཞིན་ཉིད་ཀྱི་ཡོན་ཏན་དུ་ཤེས་པར་བྱ་སྟེ། སྨོན་ལམ་གྱི་དབང་གིས་གྱུར་པ་ནི་གོང་མ་བཞིན་ནོ། །སེམས་གཞན་ལ་སྤྱོད་པ་ཞེས་པ་ནི་གཞན་གྱི་སེམས་ཤེས་པའི་རང་བཞིན་

ནོ། །འདོད་པ་ཡོངས་སུ་རྫོགས་པར་བྱ། །ཞེས་པ་ནི་སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པའོ། །མ་ཆགས་པ་དང་རྣམ་པར་གྲོལ་བ་ཞེས་པ་ནི་འབྲས་བུའི་ཡོན་ཏན་དེ་སྟོང་པ་ཉིད་ཀྱི་རང་བཞིན་ཆགས་པ་མེད་པས་ན་གྲོལ་བའོ། །གོང་མ་གཉིས་ནི་རྒྱུའི་རང་བཞིན་ནོ། །དབུས་

སུ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་ཀྱི་གཟུགས་སོ་ཞེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཁ་དོག་དཀར་པོ་པདྨོའི་སྙིང་པོ་ལ་གཞག་གོ། །རིན་པོ་ཆེའི་བུམ་པ་བཞི་ཞེས་པ་ནི། གསེར་དང་དངུལ་དང་། པདྨ་རཱ་ག་དང་། མརྒཏྟའི་བུམ་པ་གསེར་དང་དངུལ་དེ་དག་གིས་བརྒྱན་པའི་བུམ་

པ་བྱའོ། །དེ་ལྟར་ཡང་མ་འབྱོར་ན་དེ་རྣམས་ཀྱི་ཁ་དོག་དང་མཐུན་པའི་སའི་བུམ་པ་བྱ་སྟེ། དེ་དག་ལ་སོགས་པའི་ཡོ་བྱད་རྣམས་འབྱོར་པ་ལས་ཇི་སྐད་དུ་འབྱུང་བ་བཞིན་དུ་མ་སྦྱར་ན་འཇུངས་པའི་སེམས་དང་ལྡན་ཏེ། སེམས་མ་དག་པས་ལྷ་རྣམས་ཀྱང་བྱིན་གྱིས་མི་རློབ་ཅེས་གཞུང་ལས་འབྱུང་

ངོ་། །སྙིང་ནས་མེད་པ་མི་འབྱོར་དུ་མི་རུང་ན་སྙམ་ནས་མི་སྤོབས་ཏེ། མི་བྱེད་དམ་འཚོ་བའི་ཡོ་བྱད་དང་། ནད་གསོས་ཀྱི་སྨན་ཟོང་ཡང་མི་འཇོག་པར་བྱེད་ན། ཡང་དགོངས་པའམ་ཆོ་ག་མི་ཤེས་པ་སྟེ། འཚོ་བའི་ཡོ་བྱད་དང་ནད་རྐྱེན་གྱི་སྨན་ཟོང་དུ་སྙད་བཏགས་ནས་ལྷག་པར་ཡོད་ལ་གཏོང་

མི་ཕོད་ན་གོང་དུ་སྨོས་པ་དང་འདྲ་སྟེ། མདོར་ན་སེམས་ལ་སྒྱུ་མེད་པ་གཙང་སྦྲར་ཤེས་པར་བྱའོ། །ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཡང་། སློབ་མ་དེ་ངན་སོང་སྤོང་བར་བསྟན་པའི་ཕྱིར་རོ། །ཐོག་མ་ཉིད་དུ་ངན་སོང་ཐམས་ཅད་སྦྱང་བའི་བྱང་

ཆུབ་སེམས་དཔའི་སྔགས་ཀྱིས་བཏབ་པའི་བུམ་པས་བླུགས་སོ། །ངན་སོང་སྤངས་ནས་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བར་གྱུར་ཅིག་པའི་དོན་དུ། དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་སྔགས་ཀྱིས་བཏབ་པས་བླུགས་སོ། །དེ་ནས་ཀུན་དུ་བཟང་པོའི་ས་ཐོབ་པར་གྱུར་ཅིག་

Vol. 69 · folio 152b

པའི་དོན་དུ་ཀུན་དུ་བཟང་པོའི་སྔགས་ཀྱིས་བཏབ་པའི་བུམ་པས་བླུགས་སོ། །དེ་ནས་ཆོས་ཀྱི་རྒྱལ་ཚབ་ཏུ་གྱུར་ཅིག་པའི་དོན་དུ་བྱམས་པའི་སྔགས་ཀྱིས་བཏབ་པའི་བུམ་པས་བླུགས་པར་བྱའོ། །སྔགས་པས་པདྨ་དམ་པ་དེ་ལ་ནི་རང་གིས་བཞག་ནས་སུ་ཞེས་པ་ནས། དེ་ནས་ཡང་དེ་མཆོད་པ་

ནི། །མེ་ཏོག་སྤོས་ལ་སོགས་པས་སོ། །ཞེས་པའི་བར་དུ་དོན་གཞན་ནི་གོང་དུ་བཤད་ཟིན་ཏོ། །སློབ་མ་དེས་དབང་བསྐུར་བར་བྱ་བའི་ཚེ་འདིར་དངོས་སུ་མ་གསུངས་ཀྱང་། དཀྱིལ་འཁོར་དུ་འཇུག་པའི་ཚེ་ན། རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་ཏེ། དེ་ལས་གཞན་པའི་སྐུར་བསྒྱུར་བར་མ་

གསུངས་པས་རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་ཏེ་དབང་བསྐུར་བར་བྱའོ། །དབང་བསྐུར་བའི་ཚེ་པདྨའི་གདན་ལ་བཞུགས་པ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འདུག་ཐབས་སུ་བཞག་སྟེ། རྐང་པ་གཡོན་པ་ཁྲིའི་སྟེང་དུ་གཞག་ལ་གཡས་པ་ས་ལ་བཞག་སྟེ། ལག་པ་གཡོན་པ་ཁྲི་ལ་བསྟེན་

ལ། གཡས་པ་པུས་མོ་ལ་བཞག །གདོང་ཡང་མི་མཐོ་མི་དམའ་བར་དྲང་པོར་བལྟ་བར་བྱའོ། །ཐུར་མ་བླང་བ་གསེར་གྱི་སྟེ། །ཞེས་པ་ནས། ཐུར་མའི་སྨན་པ་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རྣམས་ལ་སྔོན་གྱིའོ། །ཞེས་པའི་བར་དུ་རིམ་པ་བཞིན་དུ་གོང་དུ་བཤད་པའོ། །མ་རིག་

པས་བསྒྲིབས་པས། བུ་ཁྱོད་ཀྱི་རྒྱལ་བས་ཁྱོད་ཀྱི་དེ་བསལ་བ་ནི་ཞེས་པ་སྔོན་མཉན་པ་དང་། བསམ་པའི་ཤེས་རབ་ཀྱི་རྒྱུ་ལ་སོགས་པ་མི་ཤེས་པ། རྒྱལ་བའི་ལུང་སློབ་དཔོན་གྱིས་བཤད་པ་མི་ཤེས་པ་བསལ་ཏོ་ཞེས་པའོ། །ཐུར་མའི་སྨན་པ་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་

རྣམས་ལ་སྔོན་གྱིའོ། །ཞེས་པ་ནི་དཔེ་སྟེ། ཇི་ལྟར་མིག་གི་སྨན་པའི་རྒྱལ་པོས་འཇིག་རྟེན་པ་རྣམས་ཀྱི་མིག་གི་རབ་རིབ་བསལ་ཏེ། གཟུགས་ལ་སོགས་པའི་རང་གི་དངོས་པོ་ཇི་ལྟ་བ་བཞིན་དུ་འདུག་པ་མི་མཐོང་བ་ལས་མཐོང་བར་བྱས་པ་བཞིན་དུ། རྒྱལ་བ་རྣམས་ཀྱིས་ཀྱང་བུ་ཁྱོད་ཀྱི་མ་

རིག་པས་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་འདུག་པ་མི་ཤེས་པ་ལས་ཤེས་པར་བྱའོ་ཞེས་པའོ། །མེ་ལོང་ལ་འདི་ལྟར་ཡང་ཆོས་ཀྱི་མཚན་ཉིད་དེ་སྨྲོས་ཤིག །ཆོས་རྣམས་གཟུགས་བརྙན་དང་འདྲ་སྟེ་ཞེས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་གཟུགས་

Vol. 69 · folio 153a

བརྙན་དང་འདྲ་སྟེ་བལྟར་ཡང་སྣང་ལ། ཡང་དག་པར་ནི་བརྟགས་ན་དངོས་པོ་ཡོད་པ་མ་ཡིན་པའོ། །ཕྲ་ཞེས་པ་ནི་འདི་ལྟར་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཕུང་པོའི་རང་བཞིན་དུ་དམིགས་སུ་མེད་པས་ཕྲ་བ་ཞེས་པའོ། །དགེ་བ་ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དང་

བྲལ་བ་ཞེས་པའོ། །རྟོག་པ་མེད་པ་ཞེས་པ་ནི་སྒྲིབ་པ་དང་དེ་དག་གི་བག་ཆགས་ཀྱང་མེད་ཅེས་པའོ། །མི་གཟུང་བ་བརྗོད་དུ་མེད་པ་ཞེས་པ་དེ་ལྟ་བུའི་སྟོང་པའི་རང་བཞིན་ལ་རྣམ་པར་ཤེས་པ་དྲུག་གིས་གཟུང་དུ་མེད་ཅིང་། ཚིག་གིས་བརྗོད་དུ་མེད་པ་དེ་ལས་འདས་པའོ། །རྒྱུ་དང་ལས་ལས་བྱུང་བའོ་

ཞེས་པ་ནི་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཡེ་ནས་ཡོད་པའི་རང་བཞིན་མ་ཡིན་གྱི། རྒྱུ་དང་ལས་ལས་བྱུང་བས་ན་གཟུགས་བརྙན་དང་འདྲ་སྟེ། ཡོད་པ་མ་ཡིན་པས་བརྗོད་དུ་མེད་པ་ལ་སོགས་པའི་ཚིག་གོང་མ་དེ་རྣམས་དང་སྦྱར་རོ། །དེ་བཞིན་ཆོས་འདི་ཤེས་པར་གྱིས། །རང་བཞིན་མེད་ཅིང་གནས་

མེད་པ། །ཞེས་པ་ནི་གཟུགས་བརྙན་དང་འདྲ་བས་རང་བཞིན་མེད་པའོ། །རྒྱུ་དང་རྐྱེན་ལས་བྱུང་བས་སྐད་ཅིག་མའི་ཆ་མི་གནས་པར་ཤེས་པ་སྟེ། དེ་རྣམས་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟར་ཤེས་ནས་དེ་ལྟ་བུའི་ཚུལ་དུ་བསྒོམ་པའི་ཤེས་རབ་ཀྱིས་སྒོམས་ཤིག་ཅེས་པའོ། །ཚད་མེད་སེམས་

ཅན་དོན་བྱོས་ཤིག །ཅེས་པ་ནས་བླ་ན་མེད་པ་ཆོས་ཀྱི་དུང་སྒྲ་བསྒྲག་གོ་ཞེས་པའི་བར་དུ་སྟེ་དེ་ལྟར་བདག་གི་དོན་ཕུན་སུམ་ཚོགས་ནས། ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པར་བྱོས་ཤིག་ཅེས་པ་སྟེ་གོང་དུ་བཤད་ཟིན་ཏོ། །སངས་རྒྱས་རྣམས་ཀྱི་བུར་སྐྱེས་སོ། །ཞེས་པ་ནི་ཁྱོད་དེ་བཞིན་གཤེགས་པའི་

ཡེ་ཤེས་ལས་སྐྱེས་སོ་ཞེས་པའོ། །ཐེ་ཚོམ་བློ་ངན་དོགས་པ་མེད་པའི་སེམས་ཀྱིས་སོ། །ཞེས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སེམས་ཅན་གྱི་དོན་བྱ་བ་དེ་ལྟར་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་མེད་པ་དང་། མི་བྱའོ་སྙམ་པའི་བློ་ངན་པ་མི་སྐྱེ་བ་དང་འཁོར་རྣམས་ལ་བག་ཚ་བ་མེད་པར་འཇིག་རྟེན་

པ་རྣམས་ལ་སྔགས་སྤྱད་པའི་ཚུལ་གྱིས་ཆོས་རབ་ཏུ་སྒྲོགས་ཤིག་ཅེས་པའོ། །དེ་ལྟར་བྱས་པ་ཤེས་པ། སངས་རྒྱས་དེ་ནས་ཕན་འདོགས་པ། །ཞེས་བརྗོད་པ་ནི་དེ་ལྟར་སེམས་ཅན་གྱི་དོན་བྱས་ན། སངས་རྒྱས་རྣམས་ཀྱི་བྱ་བ་བྱས་པས་དྲན་ཞིང་སངས་རྒྱས་ལ་ལན་ལྡོན་པར་བཤད་པ་ཞེས་

Vol. 69 · folio 153b

པའོ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་། །ཁྱོད་ལ་རྟག་ཏུ་སྲུང་བར་བྱེད། །ཅེས་པ་ནི་དབང་བསྐུར་བའི་དཀྱིལ་འཁོར་གྱི་གྲྭ་བཞིར་རྡོ་རྗེ་འཛིན་པ་བཞི་གཞག་པ་དང་། པདྨའི་འདབ་མ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་ལས་བྱས་པའི་དོན་ཡོད་དོ་སྙམ་ནས་སྲུང་བར་བྱེད་

དོ་ཞེས་པའོ། །དེ་ནས་སློབ་མ་དེ་བསླངས་ལ། སྙིང་རྗེས་སོང་བའི་ཡིད་ཀྱིས་སུ། །ཞེས་པ་ནས། དེ་ནས་སུ་ནི་ཁས་བླང་བ། །ནང་གི་བདག་ཉིད་ངེས་པའོ། །ཞེས་པའི་བར་དུ་སློབ་མ་ལ་དམ་ཚིག་བསྟན་པ་སྟེ། དེ་ཡང་སྔོན་དམ་ཚིག་མནོས་པ་དང་མ་མནོས་པ་གཉིས་ཀ་ལ་བསྟན་ཏེ།

དེ་ལ་སློབ་མ་དམ་ཚིག་བཞི་དང་ལྔ་དག་ཏུ་ལྡན་ལ། ལས་དང་བྱ་བ་དག་ལ་སྦྱར་བ་རྒྱུད་ལ་སོགས་པ་དང་། དམ་ཚིག་ཤེས་ཤིང་མནོས་ཟིན་པ་ལ་བསྟན་ཅི་དགོས་ཤེ་ན། འཇིག་རྟེན་ན་རྒྱལ་པོ་རྣམས་ཀྱང་རྒྱལ་ཆོས་སུ་བྱ་བ་རྣམས་སྔ་ན་ཡང་ཤེས་ཤིང་སྲུང་མོད་ཀྱི། ནམ་རྒྱལ་པོར་

དབང་བསྐུར་བའི་ཚེ་ཡང་སློབ་དཔོན་ལ་སོགས་པས་བསྟན་ཅིང་གོས་པར་བྱེད་དོ། །དེ་བཞིན་དུ་འདིར་ཡང་སྔ་ནས་ཡང་དམ་ཚིག་འདི་རྣམས་སྲུང་མོད་ཀྱི། ཆོས་ཀྱི་རྒྱལ་པོར་དབང་བསྐུར་ན་ཆོས་ཀྱིས་བསྟན་པར་བྱའོ། །གསུམ་དུ་ན་ཡང་དང་ཡང་དུ་བསྟན་ན་བརྟན་པར་འགྱུར་བའི་ཕྱིར་རོ། །དེ་

ནས་སློབ་མ་དེ་བསླང་ལ། །སྙིང་རྗེར་སོང་བའི་ཡིད་ཀྱིས་ནི། །སྔགས་པས་ནང་དུ་བཅུག་ནས་སུ། །དེ་ལ་དམ་ཚིག་བསྟན་པར་བྱའོ། །ཞེས་པ་ནི་མེ་ལོང་དང་འཁོར་ལོ་ལ་སོགས་པ་བསྟན་པའི་གནས་དེ་ནས་སློབ་མ་དེ་བསླང་སྟེ། སློབ་དཔོན་གྱིས་སློབ་མའི་གདུགས་བཟུང་ནས། དཀྱིལ་

འཁོར་དང་པོའི་སྒོ་ཁྱུད་ཀྱི་ནང་དུ་ཁྲིད་ལ། སྒོ་ཁྱུད་ཀྱི་ནང་དེར་གཞག་སྟེ་འོག་ནས་འབྱུང་བའི་དམ་ཚིག་རྣམས་བསྟན་པར་བྱ་ཞེས་པའོ། །བུ་ཁྱོད་དེང་ཕན་ཆད། སྲོག་གི་ཡང་ནི་ཕྱི་རུ་ཡང་། །དམ་པའི་ཆོས་ནི་ཡོངས་བཏང་བ། །ཞེས་པ་ནི་དམ་པའི་ཆོས་དེ་བཏང་བ་ལ་ཡང་རྣམ་པ་གསུམ་

སྟེ། ཐེག་པ་ཆེན་པོར་བལྟས་པ་ལས་ལོག་པར་བལྟས་པ་དང་། ཆོས་སྨྲ་བ་ལ་བལྟས་པར་དབང་བཟའ་ཞིང་སྐུར་པ་འདེབས་པ་དེ་ཉིན་རེ་ཞིང་དམ་པའི་ཆོས་ཉན་པ་དང་། སེམས་པ་དང་། སྒོམ་པ་དང་། འདྲི་བ་དང་། ཀློག་པ་དང་མཆོད་པ་ལ་སོགས་པ་བྱས་པ་ལས་གང་ཡང་རུང་བ་ཅིག་མ་

Vol. 69 · folio 154a

བྱས་ན་དམ་པའི་ཆོས་བཏང་བ་ཞེས་བྱ་སྟེ། དེ་རྣམས་ཁྱོད་ཀྱིས་སྲོག་གི་ཕྱིར་ཡང་མི་གཏང་ངོ་ཞེས་པའོ། །དེ་ནས་གཞན་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ནི་མི་གཏང་ཞེས་པར་སྦྱར་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པ་བཞི་ལས་སྨོན་ལམ་གྱི་སེམས་དང་འཇུག་པའི་སེམས་

དག་མི་གཏང་བ་ལ་བྱ་སྟེ། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པ་རྟག་ཏུ་བྱའོ་ཞེས་པའོ། །སེར་སྣ་ཁྱོད་ཀྱིས་ཡོངས་མི་བྱ། །ཞེས་པ་ནི་ཆོས་དང་ནོར་བདག་ལ་ཡོད་པ་ལས་གཞན་ལ་སྦྱིན་པར་རིགས་པ་

ལས་མི་སྦྱིན་པར་མི་བྱའོ། །སེམས་ཅན་ལ་ཡང་གང་གནོད་པ། །ཞེས་པ་ནི་མི་བྱ་ཞེས་པ་དང་འབྲེལ་ཏེ་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སེམས་ཅན་རྣམས་ལ་འཕྲལ་གྱི་གནོད་པ་དང་ཡུན་གྱི་གནོད་པ་མི་བྱ་ཞེས་བྱའོ། །བླ་མ་སློབ་མས་ཕྱག་བྱ་བ། །གུས་པར་ནན་ཏན་རྐང་པ་ལའོ། །

དེ་ནས་ཐམས་ཅད་ཁས་བླང་བ། །ནང་གི་བདག་ཉིད་ངེས་པས་སོ། །ཞེས་པ་ནི་གོང་དུ་སློབ་དཔོན་གྱིས་དམ་ཚིག་སྒོམ་པ་དེ་རྣམས་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་འགྱུར་བ་མེད་པར་ཁས་བླང་ངོ་ཞེས་པ་སྟེ། ལུས་ཀྱིས་བླ་མ་ལ་སློབ་མས་ཕྱག་བྱ་བ་དད་ཅིང་གུས་པས་རྐང་པ་ལའོ་ཞེས་

པའོ། །ངག་གིས་ཞེས་པ་ནས་ཐམས་ཅད་ཁས་བླང་པ་ཞེས་པ་སྟེ། བཀའ་སྩལ་པ་བཞིན་དུ་བགྱིའོ་ཞེས་སྨྲ་བར་བྱའོ། །སེམས་ཀྱིས་ནི་ནང་གི་བདག་ཉིད་ངེས་པས་སོ་ཞེས་པ་སྟེ། སློབ་དཔོན་གྱི་ངོ་ཙམ་དུ་ཁས་བླང་བ་མ་ཡིན་གྱི། སེམས་ཐག་མ་ནས་ཞེས་པའོ། །དེ་ཡན་ཆད་དུ་སྙིང་རྗེ་ཆེན་

པོ་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་རྣམས་རྫོགས་སོ།། །།ད་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དེར་ཞུགས་པ་རྣམས་ཀྱིས་རྗེས་སུ་བསྔགས་པ་བཤད་དེ། དེ་ཡང་དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་བཅོམ་

ལྡན་འདས་རིགས་ཀྱི་བུ་ཕོ་དང་། རིགས་ཀྱི་བུ་མོ་དེ་དག་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་བཞིན་དུ་བལྟའོ་ཞེས་པའི་བར་དུ་སྟེ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་ལ་ཞུགས་ནས་དེའི་བསོད་ནམས་ཇི་སྙེད་

Vol. 69 · folio 154b

ཅིག་མངོན་པར་འདུས་པར་རིག་པར་བགྱི་ཞེས་པ་ནི་དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་མནོས་པ་ཙམ་འབའ་ཞིག་ལ་མི་བྱའོ། །དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་མཉམ་པ་ཉིད་མི་ཟད་པའི་རྡོ་རྗེའི་རྒྱན་དེ་དག་གི་བྱིན་གྱིས་བརླབས་སུ་གྱུར་པ། སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་

དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དང་། གསང་བའི་དཀྱིལ་འཁོར་རྣམས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཚན་མར་གྱུར་པ་སྟེ། དེ་དག་ཉིད་དམ་ཚིག་གསུམ་ཞེས་པའོ། །དམ་ཚིག་དེ་ཞུགས་པ་ཞེས་པ་ནི་དེའི་རྒྱུའི་རང་བཞིན་འབྲས་བུ་ལ་སྦྱོར་བར་ཤེས་པ་

ཞེས་པ་སྟེ། དེ་དག་ཤེས་པ་ཡང་རྒྱུ་ཤེས་པ་ནི་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་གྱི་རྒྱུ་བྱང་ཆུབ་ཀྱི་སྙིང་པོ་ཡིན་པར་ཤེས་པའོ། །རང་བཞིན་གྱི་སྐུ་མི་ཟད་པ་ལ་སོགས་པ་ཉིད་དུ་ཤེས་པའོ། །འབྲས་བུ་ལ་སྦྱོར་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་རམ། ཇི་ལྟར་བསམས་པ་འགྲུབ་པ་

ལ་སོགས་པ་འཐོབ་པའི་ཕྱིར། སྔགས་ཀྱི་སྤྱོད་པ་རྣམས་ཤེས་ནས། །དེ་ལ་སྦྱོར་བ་སྟེ་དེ་ལྟ་བུར་ཞུགས་ན་བསོད་ནམས་ཇི་ཙམ་མངོན་པར་འདུས་བྱས་པ་ཞེས་ཞུས་པའོ། །ཇི་སྙེད་སེམས་ཐོག་མ་བསྐྱེད་པ་ནས་དེ་བཞིན་གཤེགས་པ་འབྱུང་བའི་བསོད་ནམས་མངོན་པར་འདུས་བྱས་པ་དེ་སྙེད་དུ་རིགས་ཀྱི་

བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་མངོན་པར་འདུས་བྱས་པར་རིག་པར་བྱའོ་ཞེས་པ་ནི་ས་དང་པོའི་སེམས་བསྐྱེད་པ་ནས་ས་བཅུ་གཅིག་ཏུ་འགྱུར་བའི་བསོད་ནམས་མངོན་པར་འདུས་བྱས་པ་དང་མཉམ་མོ་ཞེས་པ་སྟེ། ཅིའི་ཕྱིར་ཞེ་ན། དམ་ཚིག་དེ་ལྟ་བུ་ལ་ཞུགས་པ་ནི་མོས་པ་སྤྱོད་པ་ནས་ཞུགས་ན་

མཐའ་དེ་བཞིན་གཤེགས་པའི་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཇི་ལྟར་ཞལ་དང་ལྷུམས་ནས་སྐྱེས་པའི་སྲས་པོ་ཞེས་པ་ཞལ་ནས་སྐྱེས་པ་ནི། འཇུག་པའི་སྒོ་ནས་སྐྱེས་པ་ཞེས་པ་སྟེ། དེ་བཞིན་གཤེགས་པར་འཇུག་པའོ། །སྒོ་ནི་མོས་པ་སྤྱོད་པའི་ས་ལ་སོགས་

པ་སྟེ་དེ་དག་མོས་པ་སྤྱོད་པའི་ས་ལ་ཞུགས་པའི་ཕྱིར་རོ། །ལྷུམས་སུ་སྐྱེས་པའི་སྲས་པོ་ཞེས་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པ་དང་མཐུན་པར་སྤྱོད་པའི་ཕྱིར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཕྱོགས་གང་ན་འཁོད་པ་དེ་དག་དེ་བཞིན་གཤེགས་པས་ཆེན་པོ་བྱ་མི་དགོས་སོ་ཞེས་པ་ནི་དེ་

Vol. 69 · folio 155a

དག་གང་ན་འཁོད་པ་ན་སེམས་ཅན་གྱི་དོན་སྤྱད་པ་སྟེ་ས་ཕྱོགས་དེར་དེ་བཞིན་གཤེགས་པས་སེམས་ཅན་གྱི་དོན་སྤྱད་པ་ཆེན་པོ་མི་དགོས་ཞེས་པའོ། །མགྲིན་གཅིག་ཏུ་ཞེས་པ་ནི་དུས་གཅིག་ཏུ་སྨྲས་པ་དང་། སྨྲ་བའི་ཚིག་གཅིག་པ་དང་། སྨྲ་བར་བྱ་བའི་དོན་གཅིག་པ་དང་། སྒྲ་གཅིག་ཏུ་

འབྱིན་པའོ། །ད་ནི་དཀྱིལ་འཁོར་ལ་སོགས་པ་སྲུང་བ་ལ་སོགས་པ་རྣམས་འཆད་དེ། སྔགས་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསུང་གི་འཁོར་ལོས་ཁམས་གསུམ་དུ་ཁྱབ་པའི་བྱིན་གྱིས་བརླབས་སུ་གྱུར་པ་སྟེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་དེ་དག་ཐམས་

ཅད་ལ་གཟིགས་ནས་ཞེས་པ་ནས། དུས་གསུམ་དུ་མ་ཆགས་པའི་སྟོབས་ཀྱི་སྔགས་ཀྱི་ཚིག་ཅེས་བྱ་བ་ཡོད་དོ་ཞེས་བྱ་བའི་བར་དུ་སྟེ། ཁྱད་པར་དེ་ལྟ་བུ་དང་ལྡན་པའི་སྔགས་ཡོད་ཀྱིས་བཤད་དོ་ཞེས་པའི་ཚིག་ཁོ་ནས་དབྱུང་བར་རིག་པར་བྱའོ། །མཐའ་ཡས་པར་འཕྲོ་ཞིང་ལུས་རྒྱ་ཆེན་པོ་ཞེས་

པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་འཇུག་པ་ཞེས་པའོ། །སྣ་ཚོགས་ཀྱི་གཟུགས་ཀྱི་ནོར་བུ་དང་འདྲ་ཞེས་པ་ནི་ཡིད་བཞིན་གྱི་ནོར་བུ་དེ་གཟུགས་རྣམ་པ་སྣ་ཚོགས་སུ་ཡང་སྣང་ལ་སེམས་ཅན་ཅི་འདོད་པ་ཐོབ་པར་བྱ་བ་སྣ་ཚོགས་བྱེད་དེ། དེ་བཞིན་དུ་རིག་པའི་རྒྱལ་མོ་འདི་ཡང་སེམས་

ཅན་རྣམས་ཀྱི་དོན་དུ་གཟུགས་སྣ་ཚོགས་སྟོན་ཅིང་བྱ་བ་སྣ་ཚོགས་བྱེད་པ་ཞེས་པའོ། །ཚད་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་གསུང་དེ་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་བསགས་པ་ལས་བྱུང་བའི་ཕྱིར་རོ། །ཐོགས་པ་མེད་པར་གནས་པ་ཞེས་པ་ནི་

སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཡེ་ཤེས་ཀྱིས་སྒྲིབ་པ་མེད་པར་མཁྱེན་པ་ཞེས་པ་སྟེ། དེ་བས་ན་དུས་གསུམ་དུ་མ་ཆགས་པའི་སྟོབས་ཀྱི་གནས་ཀྱི་ཚིག་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནས་ཏིང་ངེ་འཛིན་ལ་ཀུན་དུ་

མཐུན་པར་ཞུགས་སོ་ཞེས་པའི་བར་དུ་རིག་པའི་རྒྱལ་མོ་དེ་ཡོངས་སུ་བསྒྲགས་པའི་ཕྱིར་ཏིང་ངེ་འཛིན་ལ་ཞུགས་པ་སྟེ། དེ་ལྟར་ཏིང་ངེ་འཛིན་དུ་ཞུགས་པ་ཡང་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལྟ་བུ་ཞིག་ལ་ཞུགས་ཀྱིས་ངོ་མཚར་ཞིག་འབྱུང་ངོ་སྙམ་ནས། སེམས་ཅན་རྣམས་དེ་ལྟར་བལྟ་བ་

Vol. 69 · folio 155b

དང་ཉན་པར་གཟུང་པར་བྱ་བའི་ཕྱིར་རོ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ལྕེའི་དབང་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་བྱས་ནས་ཞེས་པ་ནི་ཏིང་ངེ་འཛིན་དེར་འཇུག་པའི་ཕྱིར། དེ་བཞིན་གཤེགས་པས་བསྐལ་པ་དུ་མར་བདེན་པའི་ཚིག་བསམས་པ་ལས་

གྱུར་པ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ལྕེ་རྒྱ་ཆེ་བ་སྲབ་པ་ཁ་དོག་ཟངས་འདྲ་བ་དེས་ཁྱབ་པར་བྱས་ཞེས་པའོ། །རྒྱ་ཆེན་པོ་ཞེས་པ་ནི་ཏིང་ངེ་འཛིན་དེའི་ཁྱད་པར་ཏེ་ཁམས་གསུམ་ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་རོ། །རྣམ་པར་དག་པ་ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་པའི་

སྒྲིབ་པ་མེད་པའོ། །ཆོས་ཀྱི་རྒྱལ་མཚན་ཞེས་པ་ནི་ཆོས་སྟོན་པ་རྒྱལ་མཚན་ལྟར་གཞན་ལས་འཕགས་པར་སྟོན་པའོ། །མཚན་ཞེས་པ་ནི་ཏིང་ངེ་འཛིན་དེ་ཉིད་སྔགས་ཀྱི་ཚིག་སྟོན་པའི་མཚན་ཉིད་དོ། །རྩེ་མོ་ཀུན་དུ་བལྟ་བ་ཞེས་པ་ནི་ཁམས་གསུམ་ཐམས་ཅད་དུ་གཟིགས་པས་ན་རྩེ་མོ་ལྟར་མཐོ་བ་

སྟེ་དེ་དག་ནི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཁྱབ་པར་ཞེས་པ་ནི་ཁམས་གསུམ་ཐམས་ཅད་ཁྱབ་པ་ཞེས་པ་སྟེ། དེ་བས་ན་སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོང་བ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་དེ་ལྟ་བུའི་སྒྲ་འབྱིན་ཅིང་རིག་པའི་རྒྱལ་མོ་གསུངས་

སོ་ཞེས་པ་དང་སྦྱར་རོ། །དེ་སྐད་གསུངས་མ་ཐག་ཏུ་ཞེས་པ་ནས། སྟོབས་ཆེན་གསང་སྔགས་འདི་དྲན་པས་སོ་ཞེས་པའི་བར་དུ་རིག་པའི་རྒྱལ་མོ་དེའི་མཐུ་རྗེས་སུ་བསྔགས་པ་སྟེ། བསྲུང་ཞིང་བསྒྲིབ་པ་དང་བསྐྱབ་པའི་ཕྱིར་རོ་ཞེས་པ་ནི། བསྲུང་བ་ནི་གནོད་པ་ཆུང་ངུ་ལས་བསྲུང་བའོ།

བསྒྲིབ་པ་ནི་གནོད་པ་འབྲིང་པོ་ལས་བསྒྲིབ་པའོ། །སྐྱོབ་པ་ནི་གནོད་པ་ཆེན་པོ་ལས་སེམས་ཅན་རྣམས་སྦེད་པར་བྱེད་པའོ། །དེ་དག་ལ་ནི་འཇིགས་པ་ཆེན་པོ་གང་དག་བསྲུང་བ་སྙིང་ལ་གནས་པ་ཞེས་པ་ནི་སེམས་ཅན་གང་རིག་པའི་རྒྱལ་མོ་འདི་སྙིང་ལ་དྲན་ན་འཇིགས་པ་མེད་དོ་ཞེས་པའོ། །དེ་ནས་

བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་བྱིན་གྱིས་བརླབ་པ་ཞེས་པ་ནས། དེ་བཞིན་གཤེགས་པའི་ལྕེའི་ཞེས་པའི་བར་དུ་དཀྱིལ་འཁོར་དགོད་པའི་སྔགས་རྣམས་བཤད་པ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་བྱིན་གྱིས་བརླབ་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་

Vol. 69 · folio 156a

ཡང་རྣམ་པ་གཉིས་ཏེ་ཟབ་པ་དང་རྒྱ་ཆེ་བའོ། །དེ་ལ་ཟབ་པ་ནི་བྱང་ཆུབ་ཀྱི་སྙིང་པོའི་རང་བཞིན་ནོ། །རྒྱ་ཆེ་བ་ནི་སྐུ་ལ་སོགས་པ་མི་ཟད་པའི་རྡོ་རྗེ་རྒྱན་གྱི་འཁོར་ལོ་སྟེ་སྐུ་ལ་སོགས་པ་མི་ཟད་པའི་འཁོར་ལོ་དེ་ཉིད་བྱིན་གྱིས་བརླབས་ནས་ཞེས་པའོ། །དེའི་ཚེ་ཆོས་ཀྱི་དབྱིངས་

མཛོད་ཀྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་ཏིང་ངེ་འཛིན་དེའི་བྱེ་བྲག་སྟེ། ཆོས་ཀྱི་དབྱིངས་མཛོད་ཅེས་པ་ནི་དམ་ཚིག་གི་སྔགས་ལ་སོགས་པ་དེ་ལས་འབྱུང་བའི་ཕྱིར་རོ། །སྙིང་པོ་ཞེས་པ་ནི་འབྱུང་བའི་གནས་ཏེ་སྔགས་དེ་རྣམས་འབྱུང་བའི་གནས་དེ་ཡིན་ནོ་ཞེས་

པའོ། །དམ་ཚིག་ལས་བྱུང་བའི་རིག་པ་གསུངས་སོ་ཞེས་པ་ནི། དམ་ཚིག་ཅེས་པ་ནི་ཀུན་འགྲོ་བའམ་ཆུད་པ་སྟེ། དེ་ཡང་སྐུ་ལ་སོགས་པ་མི་ཟད་པའི་རྡོ་རྗེའི་རྒྱན་ཏེ་དེ་ཆུད་པར་འཇུག་པ་ནི་རིག་པ་འདི་སྟེ་འཇུག་པ་ཡང་མ་ཐོབ་པར་འཇུག་པ་དང་ཐོབ་ནས་ཞིག་སྟེ་འཇུག་པའོ། །དེ་ལ་མ་ཐོབ་

པར་འཇུག་པ་ནི་དཀྱིལ་འཁོར་མ་མཐོང་བ་དང་པོར་རིག་པ་འདི་བླངས་ཏེ་འཇུག་པའོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་རྣམས་ཀྱང་རིག་པ་དེ་བརྗོད་པ་ཙམ་གྱིས་རང་བཞིན་གྱི་དཀྱིལ་འཁོར་དེ་མཐོང་བར་འགྱུར་རོ། །ཐོབ་ནས་ཞིག་སྟེ་འཇུག་པ་ནི་དཀྱིལ་འཁོར་མ་མཐོང་བ་དང་།

བར་གཞན་གྱིས་ཆོད་ནས་དམ་ཚིག་གི་སྔགས་འདོན་པའོ། །སྔགས་དེ་འདོན་པ་ཡང་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་གསུམ་གྱི་འཁོར་ལོའི་ཡོན་ཏན་བརྗོད་པ་དེ་ཐོས་པའོ། །དེ་ནས་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་འཁོར་འདུས་པ་

ཐམས་ཅད་དུ་དམ་ཚིག་ལ་འཇུག་པའི་རིག་པའི་སྒྲ་འབྱུང་ངོ་ཞེས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཅེས་པ་ནི་འདུལ་བའི་འགྲོ་བ་ཕལ་རྣམས་ལའོ། །བྱང་ཆུབ་སེམས་དཔའ་འཁོར་འདུས་པ་ཐམས་ཅད་དུ་ཞེས་པ་ནི་ཀུན་དུ་བཟང་པོ་ལ་སོགས་པའི་འཁོར་རྣམས་ལའོ། །གང་ཐོས་ནས་ནི་ཆོས་ཀུན་

ལ་མི་འདའ་བ་ནི་མཁས་པའོ་ཞེས་པ་ནི་དམ་ཚིག་ནི་མཁས་པ་རྣམས་ཀྱིས་ཐོས་ནས་ལུང་གི་ཆོས་དང་ཐོབ་པའི་ཆོས་གཉིས་ལས་མི་འདའ་སྟེ། ལུང་གི་ཆོས་ལས་མི་འདའ་བ་ནི་དམ་པའི་ཆོས་ཡོངས་སུ་མི་གཏོང་བ་ལ་སོགས་པའི་དམ་ཚིག་རྣམས་མི་འདྲལ་བའོ། །ཐོབ་པའི་ཆོས་ལས་མི་འདའ་

Vol. 69 · folio 156b

བ་ནི་རང་བཞིན་གྱི་དཀྱིལ་འཁོར་དེ་ཡིད་ལ་བྱེད་པ་དེ་མི་གཏོང་བའོ། །ཆོས་ཀྱི་དབྱིངས་སུ་འབྱུང་བའི་སྔགས་ནི་འཇུག་པ་སྟེ་སློབ་མའམ་བདག་ཀྱང་རུང་སྟེ་སྟོང་པ་ཉིད་དུ་བསྒྱུར་བའོ། །རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པའི་སྔགས་ནི་གནས་པ་སྟེ་ཡེ་ཤེས་ལྔའི་རང་བཞིན་ནམ། རྡོ་རྗེ་སེམས་

དཔའ་ཉིད་ཀྱི་སྐུར་གནས་པའོ། །རྡོ་རྗེ་གོ་ཆའི་སྔགས་ནི་ལྡང་བ་སྟེ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་བྱམས་པ་ཆེན་པོའི་གོ་ཆ་བགོས་པའོ། །དེ་བཞིན་གཤེགས་པའི་སྤྱན་གྱི་སྔགས་ནི་སློབ་མ་མིག་གཡོགས་བཀྲོལ་ཏེ་དཀྱིལ་འཁོར་བལྟར་གཞུག་པའོ། །དྲིའི་སྔགས་ནི་དེ་

བཞིན་གཤེགས་པའི་ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་ལས་གྱུར་པའོ། །མེ་ཏོག་གི་སྔགས་ནི་བྱམས་པ་ཆེན་པོའི་ཡོན་ཏན་ལས་གྱུར་པའོ། །བདུག་པའི་སྔགས་ནི་ཆོས་ཀྱི་དབྱིངས་དང་རྗེས་སུ་མཐུན་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ལ་སོགས་པ་སྲེག་པའི་ཡོན་ཏན་ལས་

གྱུར་པའོ། །མེ་མར་གྱི་སྔགས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་འབར་བ་ནམ་མཁའ་བཞིན་དུ་རྒྱ་ཆེ་བར་སྣང་བ་ལས་གྱུར་པའོ། །ཨརྒྷའི་སྔགས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནམ་མཁའ་དང་མཉམ་པ་དང་མཉམ་པ་མེད་པ་ལས་བྱུང་བའོ། །གཙུག་ཏོར་གྱི་སྔགས་ནི་དེ་

བཞིན་གཤེགས་པའི་སྤྱི་གཙུག་བལྟར་མི་སྣང་བ་ནམ་མཁའ་ལྟར་མཐའ་མེད་པ་ལས་བྱུང་བའོ། །དེ་བཞིན་གཤེགས་པའི་གོ་ཆའི་སྔགས་ནི། དེ་བཞིན་ཉིད་ཐོབ་པར་བྱེད་པའི་ལམ་གྱི་ཡེ་ཤེས་འབར་བ་དེས་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་དག་སྲེག་པར་བྱེད་པ་ལས་བྱུང་བའོ། །ཀུན་དུ་

འབར་བའི་སྔགས་ནི་འོད་ཀྱི་དཀྱིལ་འཁོར་ཏེ་དེ་ཡང་ལམ་གྱི་ཤེས་རབ་འབར་བ་སྟེ། ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་སྲེག་པར་བྱེད་པ་ལས་བྱུང་བའོ། །ཡང་དག་པར་གཤགས་པའི་ལྕེའི་སྔགས་ནི། བདེན་པའི་ཚིག་གི་ཆོས་ལ་གནས་པ་ལས་བྱུང་བ་སྟེ་དེ་བཞིན་གཤེགས་པའི་སྤྱན་

དང་། གཙུག་ཏོར་ལ་སོགས་པའི་སྔགས་དེ་རྣམས་འོག་ནས་འབྱུང་བའི་ཕྱག་རྒྱ་དང་ལྡན་པར་བྱ་སྟེ། སློབ་དཔོན་ཉིད་དེ་བཞིན་གཤེགས་པའི་སྐུར་བསྒྱུར་ན་ཡང་སྔགས་དེ་རྣམས་ཀྱིས་བསྒྱུར་བའོ། །ནམ་སྙིང་པོ་འབྲུ་གཅིག་པ་ལས་བསྒྱུར་ན་ནི་འདི་རྣམས་ཀྱང་མི་དགོས་སོ། །སློབ་མ་

Vol. 69 · folio 157a

དབང་བསྐུར་བ་ན་ཡང་བུམ་པའི་ཆུས་བླུགས་པའི་འོག་ཏུ་སྔགས་དེ་རྣམས་ཕྱག་རྒྱ་དང་བཅས་པར་སྦྱར་རོ། །ཇི་ལྟར་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དེ་བྲི་བའི་ཚེ་ནི་བགེགས་ཞི་བར་འགྱུར་ཞེས་པ་ནི། དཀྱིལ་འཁོར་ཐོག་མར་འདྲི་བ་སྟེ། སྦྱོར་བའི་ཚེ་དང་བྲིས་ནས་སློབ་མ་ལ་

སོགས་པ་གཟུང་བའི་ལས་བྱེད་པའི་ཚེ་ན། སློབ་མ་ལ་སོགས་པ་བཅུད་ཟིན་པའི་ཚེ་བགེགས་བྱུང་ན་ཇི་ལྟར་བགྱི་ཞེས་ཞུས་པའོ། །སྔགས་རྣམས་ཀྱང་ནི་སྒྲུབ་པ་ཡི། །བགེགས་རྣམས་ཀྱིས་ནི་གནོད་མི་བྱེད། །ཅེས་པ་ནི་དཀྱིལ་འཁོར་བྲིས་ཀྱང་རུང་སྟེ། སྤྱིར་སྔགས་སྒྲུབ་པ་ལ་བགེགས་བྱུང་ན་

ཇི་ལྟར་ཞི་བར་བགྱི་ཞེས་པའོ། །སྔགས་རྣམས་ཀྱང་ནི་ཇི་ལྟར་སྒྲུབ། །ཅེས་པ་ནི་སྔགས་སྒྲུབ་པ་བཟླས་པའི་ཡན་ལག་བཞི་ལ་སོགས་པ་ཇི་ལྟར་བགྱི་ཞེས་པའོ། །འབྲས་བུའང་ཅི་རུ་འགྱུར་ཞེས་པ་ནི་སྔགས་བསྒྲུབས་ན་དེའི་འབྲས་བུ་ཅི་འདྲ་བར་འགྱུར་ཞེས་པའོ། །བགེགས་ནི་རང་གི་སེམས་ལས་

བྱུང་། །ཞེས་པ་ནས། ཚངས་པ་བརྒྱ་བྱིན་བཅས་པའོ། །ཞེས་པའི་བར་དུ་བགེགས་ཞི་བར་བྱ་བ་བཤད་པ་སྟེ། དེ་ཡང་མཚན་མ་མེད་པ་སྟེ། མཚན་མ་དང་བཅས་པའོ། །མཚན་མ་མེད་པ་ནི་བྱང་ཆུབ་བསྒོམ་པའོ། །མཚན་མ་ནི་འཕགས་པ་མི་གཡོ་བའི་གཟུགས་སུ་བསྒྱུར་ཞིང་སྔགས་དང་ཕྱག་རྒྱ་དང་དཀྱིལ་

འཁོར་དང་ལྡན་པར་སྦྱར་བའོ། །བགེགས་ནི་རང་གི་སེམས་ལས་བྱུང་། །སྔོན་ཆད་སེར་སྣ་བསྙེན་པས་ཏེ། །དེ་ཡི་རྒྱུ་ནི་གཞིག་པའི་ཕྱིར། །བྱང་ཆུབ་སེམས་ཞེས་དྲན་པ་སྟེ། །ཞེས་པ་ནི་བགེགས་ཆོས་དང་ཟང་ཟིང་གཞན་ལ་མི་གཏོང་བར་འཇུངས་པའི་བསྙེན་པའི་བག་ཆགས་རང་གི་སེམས་ལ་

སོགས་པ་ལས་གྱུར་ཏེ། བགེགས་དེའི་རྒྱུ་ནི་སེར་སྣ་ཡིན་ཏེ། དེ་གཞིག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ན་སྙིང་པོ་ཉིད་ཀྱི་རང་བཞིན་གོམས་པར་བྱ་བ་སྟེ། སྟོང་པ་ཉིད་གོམས་པར་བྱས་ན། སེར་སྣའི་དངོས་པོའམ་བགེགས་ཀྱི་དངོས་པོ་དག་དམིགས་སུ་མེད་པའི་སྒོ་ནས་ཞི་བར་འགྱུར་རོ། །

གང་གི་རྟོག་པ་སྤངས་པ་ཞེས་པ་ནས་རྣམ་པར་རྟོག་པ་ལས་བྱུང་དེ་ཀུན་དེ་བཞིན་ཞེས་པའི་བར་དུ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱི་ཁྱད་པར་ཏེ། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པར་རྟོག་པ་ལ་སོགས་པ་སྤོང་ཞིང་འགོག་པའི་རང་བཞིན་ནོ་ཞེས་པའོ། །སྔགས་པ་བྱང་སེམས་དྲན་པར་བྱ། །ཡིད་ལ་མི་གཡོ་བ་

Vol. 69 · folio 157b

ཡི་བཟླས། །བགེགས་རྣམས་ཀྱང་ནི་རབ་ཏུ་འབྲོས། །དེ་ཡི་ཕྱག་རྒྱ་བྱས་ནའོ། །ཞེས་པ་ནི་བགེགས་བསལ་བའི་ཐབས་གཉིས་པ་སྟེ། སྔགས་པ་བྱང་ཆུབ་ཀྱི་སེམས་དྲན་པར་བྱས་ནས་འཕགས་པ་མི་གཡོ་བའི་སྔགས་ཡིད་ཀྱིས་ཟློས་པ་ནི། དེའི་སྙིང་གར་རླུང་གི་དཀྱིལ་འཁོར་གྱི་ནང་ན་ཡི་གེ་

ཧཾ་འདུག་པར་བསམས་ཏེ། ཡི་གེ་ཧཾ་གི་སྒྲ་ཆོས་ཐམས་ཅད་རྒྱུ་དང་འབྲས་བུར་མི་དམིགས་པ་ནི་བྱང་ཆུབ་ཀྱི་སེམས་དྲན་པའོ། །སྔགས་ཟློས་ཡིད་ལ་མི་གཡོ་བ་ཟློས་པ་སྟེ། དེ་ལྟར་སྔགས་དེ་ཕྱག་རྒྱ་དང་ལྡན་པར་བཟླས་ཏེ། བསྡིགས་ན་བགེགས་དེ་འབྱེར་བར་འགྱུར་རོ། །རླུང་བཅིང་བ་ནི་

འདི་ཉོན་ཅིག་པ་ནས་སྔོན་གྱི་རྒྱལ་བས་གསུངས་ཞེས་པའི་བར་དུ་རླུང་མནན་པའི་ཆོ་ག་སྟེ། བདག་ཡི་གེ་ཨ་ལས་རྣམ་པར་སྣང་མཛད་དུ་བསྒྱུར་ནས། ཡིད་ལ་འཕགས་པ་མི་གཡོ་བའི་སྙིང་པོ་ཧཾ་བསམས་ཤིང་། རླུང་གི་ཕྱོགས་སུ་ཡི་གེ་དྲིའི་ཐིག་ལེ་བདུན་བྱ་བ་ནི། རླུང་གི་རྒྱལ་པོ་འཁོར་

དང་བཅས་པ་སྟེ། འཁོར་དྲུག་གི་མཐའ་བསྐོར་ནས་རྒྱལ་པོ་ཉིད་དབུས་སུ་བཞག་ལ། ཀུན་ཀྱང་རི་དགས་ལ་ཞོན་པ། ཁ་དོག་སྔོན་པོར་བསམས་ཏེ། དེའི་སྟེང་དུ་ཁམ་ཕོར་གྱིས་བཀབ་ལ། ཁམ་ཕོར་དེའི་བར་དུ་བསམས་ཏེ། དེའི་སྟེང་དུ་ཡི་གེ་ཨཾ་བསམས་ཏེ། ཨཾ་ལས་དབང་ཆེན་གྱི་

དཀྱིལ་འཁོར་གསེར་གྱི་ཁ་དོག་འདྲ་བ་ཤིན་ཏུ་ཁྲོ་བར་བསམ་མོ། །སེམས་དཔའ་ཆེན་པོ་ཆུ་ནི་ཞེས་པ་ནས། སྤྲིན་དེ་མ་ཐག་འགྱེས་པ་ཕྱོགས་ཀུན་ནས་ནི་ལངས་པའོ་ཞེས་པའི་བར་དུ་ཆུའི་བགེགས་བསལ་བ་སྟེ། བདག་ཉིད་ཡི་གེ་ར་ལས་འཕགས་པ་མི་གཡོ་བ་མདོག་དམར་པོ་འབར་བར་བསམས་

ལ། སྤྲིན་གྱི་གཟུགས་ས་ལ་བྲིས་ཏེ། རལ་གྲིའི་ཕྱག་རྒྱས་དེ་གཏུབས་ན་འཇིག་པར་འགྱུར་རོ། །ཡང་དེ་ལ་བཏབ་སྟེ། མཁས་པས་རྡོ་རྗེར་གྱུར་པ་སྟེ། །ཞེས་པར་འགྱུར་རོ། །ཡང་ན་བགེགས་སུ་འགྱུར་བ་ཀུན་ཞི་བར་འགྱུར་བར་བྱ་བ་ཡང་བཤད་དོ། །ཆུའི་བགེགས་དེ་ཉིད་བསལ་བའི་

ཕྱིར་གཞན་གསུངས་ཏེ། བདག་ཉིད་ཕྱག་ན་རྡོ་རྗེར་བསྒྱུར་ལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅིངས་ལ། ཕྱག་རྒྱའི་རྩེ་སྤྲིན་གྱི་གཟུགས་ལ་ཕུར་བུས་གདབ་པའི་ཐབས་སུ་བཙུགས་པ་ནི་ཞི་བར་འགྱུར་རོ། །ཡང་ན་བགེགས་སུ་འགྱུར་བ་ཀུན་ཞི་བར་འགྱུར་བ་བྱ་བ་ཡང་བཤད་དོ། །འཆི་བ་ཡང་ནི་

Vol. 69 · folio 158a

དོག་མེད་ཅེས་པའི་བར་དུ་བགེགས་ཞི་བར་བྱེད་པའི་ཐབས་གཞན་དུ་གསུངས་པ་སྟེ། སྔགས་པ་འཕགས་པ་མི་གཡོ་བའི་གཟུགས་སུ་བསྒྱུར་ནས་དེའི་སྔགས་བཟླས་པ་བྱ་སྟེ། འཕགས་པ་མི་གཡོ་བར་བསྒྱུར་བ་ཡང་། རླུང་གི་དཀྱིལ་འཁོར་སྙིང་གར་བསམས་ཏེ། དེ་ལ་

གནས་པར་བསམ་ཞིང་སྔགས་པ་དེ་ཉིད་དཀྱིལ་འཁོར་ཆེན་པོའི་སྒོ་ཁྱུད་ཀྱི་ནང་དུ་འདུག་ལ། དེར་བགེགས་ཀྱི་གཟུགས་བྲིས་ཏེ། དེའི་སྤྱི་བོར་རྐང་པ་གཡོན་པས་བཙིར་ན་བགེགས་ཞི་བར་འགྱུར་རོ། །སྐེ་ཚེ་དུག་དང་བསྲེས་པ་ཡིས། །ཞེས་པ་ནས། ཚངས་པ་བརྒྱ་བྱིན་བཅས་པ་ཡང་། །ཞེས་པའི་

བར་དུ་ཡང་བགེགས་གཞན་བསལ་བའི་ཐབས་གཞན་བཤད་པ་སྟེ། བགེགས་ཀྱི་གཟུགས་བྱས་ལ་དུག་དང་སྐེ་ཚེ་བསྲེས་པས་བསྐུས་ཏེ། མེ་ལ་བསྐམས་ན་བགེགས་ཞི་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། སྔགས་ཀྱི་སྒོ་ནས་

བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རང་གི་གནས་ལ་འདུག་ནས་དོན་ཐམས་ཅད་ལ་ནན་ཏན་བགྱིའོ་ཞེས་པའི་བར་དུ་སྔར་བགེགས་བསལ་བ་བཤད་པའི་སྐབས་སུ། འཕགས་པ་མི་གཡོ་བ་རླུང་གི་ཁ་དོག་ཏུ་གནས་ཏེ། བསྐྲད་པ་དང་མེའི་ཁ་དོག་ཏུ་བསྒྱུར་

ཏེ། བགེགས་བསྐྲད་པ་དང་ཁམ་ཕོར་ལ་དབང་ཆེན་གྱི་དཀྱིལ་འཁོར་བསམ་པ་ནས་ཕྱག་ན་རྡོ་རྗེ་མཇལ་བའི་དོན། ཞི་བ་དང་རྒྱས་པའི་ལས་བྱ་བ་རྣམས་ལ། ལྷ་རྣམས་རང་རང་གི་དཀྱིལ་འཁོར་ལ་གནས་ནས། ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པར་མཇལ་ཏེ། དེ་ཅིའི་ཕྱིར་ཞེ་ན། དམ་

ཚིག་གི་ཚུལ་གྱིས་དེ་ལྟ་སྟེ། ལྷ་རྣམས་རང་རང་གི་དཀྱིལ་འཁོར་ལ་གནས་པར་སྦྱར་ན། གང་དུ་བསམ་པ་དེ་བྱིན་གྱིས་བརླབས་ལ་ལས་གང་བྱ་བ་རྣམས་ཀྱང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་བཞིན་དུ་བྱེད་པར་འགྱུར་ཏེ། དེ་བས་ན་སྔགས་པ་རྣམས་ཀྱང་། ལྷའི་ཁ་དོག་ཅི་འདྲ་བ་དེར་

བསྒྱུར་ཏེ། ལས་བྱ་བ་རྣམས་མཇལ་ཏོ་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ་ཞེས་པ་ནི། ཕྱག་ན་རྡོ་རྗེ་མཇལ་བ་དེ་ཕྱིན་ཅི་མ་ལོག་པར་མཇལ་ཏོ་ཞེས་པའོ། །གང་དང་གང་གི་ཁ་དོག་ཏུ་གསུངས་པ་དེའི་དཀྱིལ་

Vol. 69 · folio 158b

འཁོར་ཡང་དེ་ཉིད་དོ་ཞེས་པ་ནི། ལྷ་རྣམས་ཀྱི་ཁ་དོག་སྟེ། ཅི་འདྲ་བ་དེའི་དཀྱིལ་འཁོར་ཡང་དེ་འདྲ་བར་བྱའོ་ཞེས་པ་སྟེ། ཁ་དོག་སེར་པོ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ་སྦྱར་བར་བྱ། ལྷའི་ཁ་དོག་དཀར་པོ་ནི་ཆུའི་དཀྱིལ་འཁོར་དུ་སྦྱར་བར་བྱ། ལྷའི་ཁ་དོག་དམར་པོ་ནི་མེའི་དཀྱིལ་འཁོར་

ལ་སྦྱར་བར་བྱ། ལྷའི་ཁ་དོག་སྔོན་པོ་དང་ནག་པོ་ནི་རླུང་གི་དཀྱིལ་འཁོར་ལ་སྦྱར་བར་བྱ་སྟེ། དེ་རྣམས་ནི་སོ་སོའི་དཀྱིལ་འཁོར་འཆད་པའོ། །དེ་ལས་མཆོད་པའི་ཡོ་བྱད་ལ་སོགས་པས་གཞན་དུ་བསྒྱུར་ན། རྒྱས་པའི་ལྷ་ཡང་ཞི་བར་འགྱུར། ཞི་བ་ཡང་ཁྲོ་བོ་ལ་སོགས་པར་དགོས་པའི་ཕྱིར་སྒྱུར་དུ་རུང་

བར་ཤེས་པར་བྱའོ། །ལྷ་ལ་ལ་ནི་ཁ་དོག་ཐམས་ཅད་དང་ལྡན་པ་སྟེ། དཔེར་ན་ཨཱརྱ་ཏཱ་ར་ལ་སོགས་པ་ཁ་དོག་ལྗང་གུ་བས་ཁ་དོག་ཐམས་ཅད་དང་ལྡན་པ་སྟེ། དཀྱིལ་འཁོར་ཀུན་དང་ལས་ཐམས་ཅད་བྱེད་པར་ཤེས་པར་བྱའོ། །དེ་བཞིན་དུ་དགོངས་པའི་དབང་གིས་མཆོད་པའི་ཡོ་བྱད་ལ་སོགས་

པས་སྒྱུར་ན། རང་བཞིན་སོ་སོའི་ངེས་པ་ལས་ཀྱང་ལས་ཐམས་ཅད་བྱེད་པར་ཤེས་པར་བྱའོ། །དེ་ལ་གསང་བའི་བདག་པོ་མ་འོངས་པའི་དུས་ན་སེམས་ཅན་བློ་ཞན་པ་ཞེས་པ་ནས། དེ་དག་གིས་སྔོན་སེམས་ཅན་རྣམས་ལ་ཕན་པར་དགོངས་པའི་ཕྱིར། འདི་ཐམས་ཅད་བསྟན་པར་རབ་ཏུ་མི་ཤེས་སོ་

ཞེས་པའི་བར་དུ་ལྷ་རྣམས་ཀྱི་ཁ་དོག་གང་ཡིན་པ་དཀྱིལ་འཁོར་ཡང་དེ་ཡིན་པར་གསུངས་པ། དབང་པོ་དང་མེའི་དཀྱིལ་འཁོར་ལ་སོགས་པ་ནི། འཇིག་རྟེན་པའི་རྒྱུད་ལ་ཡོད་ཀྱི། འཇིག་རྟེན་ལས་འདས་པའི་རྒྱུད། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་ཀུན་ལས་མི་འབྱུང་བས་ན། འདི་ནི་སངས་

རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་ཏེ། གང་འཇིག་རྟེན་གྱི་རྒྱུད་རྣམས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་སེམས་ཅན་རྣམས་སོ་སོའི་དད་པ་དང་རྗེས་སུ་མཐུན་པར་མི་ཤེས་སོ་ཞེས་པའི་ཕྱིར་རོ་ཞེས་པ་སྟེ། དེ་ཅིའི་ཕྱིར་དེ་ལྟར་མི་ཤེས་ཤེ་ན། བློ་ཞེན་ཅིང་དད་པ་

ཆུང་བ་ལ་སོགས་པའི་ཉེས་པས་བསྐལ་པའི་ཕྱིར་རོ། །ཆོས་རྣམས་ཀྱི་མཚན་ཉིད་ཀྱང་བླུན་པོ་རྣམས་ཀྱིས་མི་ཤེས་སོ་ཞེས་པ་ནི་ཆོས་རྣམས་ཀྱི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡང་དེ་དག་གིས་མི་ཤེས་སོ་ཞེས་པ་སྟེ། བདག་ཀྱང་མ་རུང་ལ། གཞན་ཡང་མ་རུང་བར་བྱེད་དོ་ཞེས་པ་དང་སྦྱར་རོ། །རྟག་

Vol. 69 · folio 159a

ཏུ་སྔགས་པ་དེར་གནས་ལ། །རབ་ཏུ་ངེས་པར་ལས་བྱེད་དོ། །ཞེས་པ་ནི་སྔགས་པས་སྟོང་པ་ཉིད་ལ་གནས་ནས་ཞི་བ་ལ་སོགས་པའི་ལས་བྱའོ་ཞེས་པ་སྟེ། སྟོང་པ་ཉིད་ལ་གནས་ནས་ལས་བྱ་བ་ཡང་། གཅིག་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་ནས། དེ་ཉིད་

ཀྱིས་གྲུབ་པ་ཐོབ་པར་འགྱུར་བའོ། །གཅིག་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྔོན་དུ་བྱས་ནས་དེ་ལས་ལངས་ཏེ། བཟླས་པ་ལ་སོགས་པ་བྱས་ནས་གྲུབ་པ་ཐོབ་པའོ། །དེ་དག་ནི་བགེགས་ཞི་བར་བྱ་བའི་སྐབས་སོ། །ད་ནི་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ཐོག་མ་མོས་པ་

སྤྱོད་པའི་ས་ལ་ཞུགས་པའི་ཚེ། རང་གི་རྣམ་པར་གྲོལ་བའི་སྒོ་སྔགས་ཀྱི་ཚིག་བསྟན་པ་དེ་ཉིད་ལ་གོམས་པར་བྱས་པས། ས་བཅུ་དང་ས་བཅུ་གཅིག་པ་ལ་སོགས་པ་ཡོངས་སུ་རྫོགས་པའི་རང་རང་གི་རྣམ་པར་ཐར་པའི་སྒོ་ཇི་ལྟར་ཆུད་པ། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དུ་སྔགས་

རྣམས་དགོད་པའི་ཕྱིར་སྨྲ་བར་འདོད་ནས། བཅོམ་ལྡན་འདས་ལ་གསོལ་པ་སྟེ། དེ་ནས་རྡོ་རྗེ་འཛིན་པ་དེ་དག་ཕྱག་ན་རྡོ་རྗེ་ལ་སོགས་པ་དང་ཞེས་པ་ལ་སོགས་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང་། རྡོ་རྗེ་འཛིན་པ་དེ་དག་ལ་མི་ཉམས་པའི་

ཆོས་ཉིད་ཀྱིས་བྱིན་གྱིས་བརླབས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་མི་འགོང་བའམ། སྤོབས་པ་སྐྱེ་བར་བྱིན་གྱིས་བརླབས་ཞེས་པའོ། །སངས་རྒྱས་ཀྱི་རྒྱན་ཞེས་པ་ནི། ཀུན་དུ་བཟང་པོ་བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་དུ་ཞུགས་ན། སྤུའི་ཁུང་བུ་རེ་རེ་ནས་སངས་རྒྱས་རེ་རེ་

འབྱུང་སྟེ། དེ་ལྟར་ལུས་ལས་སངས་རྒྱས་གྲངས་མེད་པར་འགྱུར་བ་དེ་ཉིད་རྒྱན་ཞེས་བྱའོ། །དེ་ལྟར་ཏིང་ངེ་འཛིན་རྣམས་ནི་བྱང་ཆུབ་སེམས་དཔའ་སོ་སོའི་ཡོན་ཏན་དང་རྗེས་སུ་མཐུན་པར་ཤེས་པར་བྱའོ། །དེ་བཞིན་དུ་སྔགས་རྣམས་དེ་བཞིན་གཤེགས་པའི་ཡོན་ཏན་ལས་བྱུང་བའོ། །བྱང་

ཆུབ་སེམས་དཔའ་དེ་རྣམས་ཀྱི་སོ་སོའི་རྣམ་པར་གྲོལ་བའི་སྒོ་སྟེ་དེ་དག་ཉིད་ཀྱི་ཚིག་ཏུ་བྱིན་གྱིས་བརླབ་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་འདུས་པ་ཐམས་ཅད་ལ་གཟིགས་ནས་ཞེས་པ་ནས་རྐྱེན་དབང་ལ་སྟེ། ཟབ་ལ་བལྟ་དཀའ་བ་ཞེས་པའི་

Vol. 69 · folio 159b

བར་དུ། སྔར་ཡི་གེ་ཨ་རྣམ་པ་བཞི་བྱང་ཆུབ་དང་སྤྱོད་པ་དང་། ཀུན་དུ་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་ཏིང་ངེ་འཛིན་གྱི་སྒོ་བཤད་པ་སྟེ། དེ་ཉིད་ཀྱི་དོན་བྱང་ཆུབ་དང་སྤྱོད་པ་དང་། ཀུན་དུ་སངས་རྒྱས་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་ཀུན་བསྟན་པ་སྟེ། དེ་

བསྟན་པ་ཡང་གདུལ་བའི་འགྲོ་བ་རྣམས། ལ་ལ་ནི་ཡི་གེ་ཨ་ལ་སོགས་པའི་འབྲུའི་སྒོ་ནས་གོམས་པར་བྱེད་དེ། ལ་ལ་ནི་དེའི་དོན་གྱི་སྒོ་ནས་གོམས་པར་བྱེད་དེ། དེ་ནས་དོན་འདི་བསྟན་པས་བྱང་ཆུབ་ལ་སོགས་པའི་རང་བཞིན་ཆུད་པར་བྱ་བ་དོན་གྱི་སྒོ་ནས་བསྟན་ཏོ། །རེ་

བ་ཐམས་ཅད་རྫོགས་པར་བྱེད་པ་དུས་གསུམ་མཐའ་ཡས་པའི་སྒོ་གདོན་མི་ཟ་བའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་ཀྱི་ཚིག་གསུངས་སོ་ཞེས་པ་དེ་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་པ་དུས་གསུམ་མཐའ་ཡས་པའི་སྒོ་གདོན་མི་ཟ་བའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བྱ་སྟེ།

རེ་བ་ཐམས་ཅད་རྫོགས་པར་བྱེད་པ་ཞེས་པ་ནི། ཡེ་ཤེས་རྣམ་པར་མི་རྟོག་ཀྱང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་ལ་སོགས་པས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པར་སེམས་ཅན་ཐམས་ཅད་དང་རྗེས་སུ་མཐུན་པར་བྱེད་དོ་ཞེས་པའོ། །དུས་གསུམ་མཐའ་ཡས་པའི་སྒོ་

གདོན་མི་ཟ་བའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་རྣམ་པ་མང་པོའི་སྒོ་ནས་སྟོང་པ་ཉིད་དུ་འཇུག་ཅིང་ཡེ་ཤེས་ངེས་པར་བྱེད་པའོ་ཞེས་པའོ། །ཡོངས་སུ་རྫོགས་པར་བྱེད་པའི་ཆོས་ཀྱི་ཚིག་གསུངས་

སོ་ཞེས་པ་ནི་ཡེ་ཤེས་དེ་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་ཚིག་སྟེ། དེ་ཡང་ནམ་མཁའ་དྲི་མ་མེད་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལ་སོགས་ཏེ། དེ་རྣམས་ཀྱི་དོན་ཆུད་ན་ཡེ་ཤེས་དེ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེ་ལ། ནམ་མཁའ་དྲི་མེད་ངོ་བོ་ཉིད་མེད་པ། །ཞེས་པ་

ནི་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ནི་ཇི་ལྟར་ནམ་མཁའ་ལ་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་དྲི་མ་མེད་ཅིང་། སྔོན་པོ་ལ་སོགས་པའི་རང་བཞིན་གཟུང་དུ་མེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་རང་བཞིན་ལ་ཡང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་དྲི་མ་མེད་ཅིང་། དེ་ཇི་བཞིན་པ་ཡེ་ཤེས་ཀྱིས་

Vol. 69 · folio 160a

གཟུང་དུ་མེད་པའོ་ཞེས་པའོ། །རྣམ་མང་ཡེ་ཤེས་སྣ་ཚོགས་སྦྱིན་པ་སྟེ། །ཞེས་པ་ནི་སྤྱོད་པའི་རང་བཞིན་ཏེ། མངོན་པར་བྱང་ཆུབ་པ་འདི་ཉིད་ཀྱི་ཚེ་ན། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་རྣམས་སེམས་ཅན་རྣམ་པ་མང་པོ་ལ་ཇི་

ལྟར་རྗེས་སུ་མཐུན་པར་ལུང་གི་ཆོས་དང་ཐོབ་པའི་ཆོས་དག་སྟོན་ཏེ། ཆོས་དེ་དག་སྟོན་ན་སེམས་ཅན་རྣམ་པ་སྣ་ཚོགས་པ་དེ་རྣམས་ཡེ་ཤེས་ཐོབ་པར་འགྱུར་བའི་ཕྱིར་རོ། །གཉིས་སུ་ནི་རྒྱུའི་ཚེའི་སྤྱོད་པ་ལ་ཡང་བྱ་སྟེ། རྣམ་པར་དག་པའི་ཆོས་དེ་ཉིད་ལ་འཇུག་པའི་ཚེ། ཀུན་རྫོབ་དང་དོན་དམ་

པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །རྟག་པ་རུ་ནི་སྟོང་པའི་རང་བཞིན་ཏེ། །ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་རང་བཞིན་ལ་བྱ་སྟེ། ཕྱིའི་གཟུང་བར་བྱ་བའི་ཆོས་རྣམས་ཀྱང་རང་བཞིན་མེད་ན། འཛིན་པར་བྱེད་པའི་ཡེ་ཤེས་ཀྱང་མེད་དེ། དེ་ལྟར་གཟུང་བ་དང་འཛིན་པའི་ཆ་གཉིས་ཀ་

སྤངས་པའི་རང་བཞིན་ཕྱིན་ཅི་མ་ལོག་པ། ཡོངས་སུ་རྫོགས་པའི་མཚན་ཉིད་ལ་བྱའོ། །རྐྱེན་དབང་ལ་སྟེ། ཟབ་ལ་བལྟ་དཀའ་བའོ་ཞེས་པ་ནི་མྱ་ངན་ལས་འདས་པའི་རང་བཞིན་ལ་བྱ་སྟེ། རྐྱེན་དབང་ལ་སྟེ་ཞེས་པ་ནི་གཞན་གྱི་དབང་ལས་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་མར་མེའི་རྒྱུན་དང་འདྲ་བ་སྐད་

ཅིག་མའི་རྒྱུན་མི་འཆད་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ཞེས་པའོ། །ཟབ་ལ་བལྟ་དཀའ་བ་ཞེས་པ་ནི། ཟབ་པ་ནི་གཟུང་བ་དང་འཛིན་པའི་ཆ་གཉིས་སྤངས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་བས་སྟོང་པ་ཉིད་ཀྱི་རང་བཞིན་དེ་ལ་སྔོན་པོ་ལ་སོགས་པའི་ཇི་བཞིན་པ་མེད་པས་བལྟ་

དཀའ་ཞེས་པའོ། །རྟག་ཏུ་ཁྱད་པར་འགྲོ་བ་ཞེས་པ་ནས། དེ་ལས་རྙེད་དཀའ་གནས་གཞན་མེད་པ་ནི། འཇིག་རྟེན་དུ་སྣང་བར་མཛད་པ་སྟེ། རྒྱལ་བས་གསུངས་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་དོ་ཞེས་པའི་བར་དུ་བྱང་ཆུབ་ཀྱི་རང་བཞིན་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་དེ་ལ་

འཇུག་ཅིང་གོམས་པར་བྱེད་པ་ན། དེའི་འབྲས་བུ་ཐོབ་པའི་རིམ་པ་བཤད་པ་སྟེ། རྟག་ཏུ་ཁྱད་པར་རིམ་པར་འགྲོ་བ་སྟེ། །རྣམ་པར་བསམས་བཞིན་རྣམ་པའི་མཆོག་ཀྱང་སྦྱིན། །ཞེས་པ་ནི་རྣམ་པར་དག་པའི་ཆོས་ཉིད་དེ། དེ་ལ་མཉན་པ་དང་། བསམ་པ་དང་། འཇིག་རྟེན་གྱི་

Vol. 69 · folio 160b

རྒྱལ་པོ་དང་ལོངས་སྤྱོད་ལ་སོགས་པ་བདེ་བའི་མཆོག་ཐོབ་པར་འགྱུར་ཞེས་པའོ། །ཇི་ལྟར་འགྲོ་བ་ཀུན་གྱི་གནས་པ་ནི། །ནམ་མཁའ་ཡིན་ཏེ་མི་ཆགས་སྤྱོད་ཡུལ་བ་དེ། །དེ་ལྟར་རྣམ་པར་དག་པ་ཡིས། །ཆོས་ཉིད་འདི་ལ་སོགས་པ་གསུམ། །མ་ལུས་སྐྱིད་འབྱུང་བའོ་ཞེས་པ་ནི། རྣམ་

པར་དག་པའི་ཆོས་ཉིད་དེ་ལས། མོས་པ་སྤྱོད་པའི་ས་ལ་གནས་ནས་གོམས་པར་བྱས་ན། ཁམས་གསུམ་གྱི་དབང་པོ་མངོན་པར་འབྱུང་བའི་མཚན་ཉིད་ཐོབ་པར་འགྱུར་རོ་ཞེས་པ་སྟེ། རྣམ་པར་དག་པའི་ཆོས་དེ་རྣམས་རྣམ་པར་མི་རྟོག་ཀྱང་། དེ་ལྟ་བུའི་འབྲས་བུ་འབྱུང་སྟེ། དག་པ་ནི་

དཔེར་ན་ནམ་མཁའ་རྣམ་པར་མི་རྟོག་ཀྱང་། འགྲོ་བ་ཐམས་ཅད་ཀྱི་གནས་བྱེད་པ་བཞིན་དུ། ཆོས་དེ་ཉིད་རྣམ་པར་དག་པ་དེ་ཡང་རྣམ་པར་མི་རྟོག་བཞིན་དུ། ཁམས་གསུམ་གྱི་སྐྱིད་པ་འབྱུང་བར་བྱེད་དེ། དེ་བས་ན། ཇི་ལྟར་འགྲོ་བ་ཀུན་གྱི་གནས་ནི་ནམ་མཁའ་ཡིན་ཏེ་མི་ཆགས་

སྤྱོད་ཡུལ་བ། །དེ་ལྟར་རྣམ་པར་དག་པའི་ཆོས་ཉིད་འདི་ལ་སོགས་གསུམ་མ་ལུས་སྐྱིད་འབྱུང་བའོ་གསུངས་པའོ། །ཁམས་གསུམ་མཆོག་དེ་སྤྱད་ན་ནི། སངས་རྒྱས་ཀུན་དང་སྤྱོད་ཡུལ་གཅིག་པར་འགྱུར་ཞེས་པ་ནི་ས་རབ་ཏུ་དགའ་བ་ལ་གནས་པ་རྣམས་ཀྱིས་གོམས་པར་བྱས་ན་དེའི་

འབྲས་བུ་སངས་རྒྱས་རྣམས་དང་སྤྱོད་ཡུལ་གཅིག་པར་འགྱུར་རོ་ཞེས་པའོ། །དེ་ལས་རྙེད་དཀའ་གཞན་མེད་པ་ནི་འཇིག་རྟེན་ཀུན་དུ་སྣང་བར་བྱེད་པ་སྟེ། རྒྱལ་བས་གསུངས་པ་རྣམ་པར་དག་པའི་ཆོས་ཉིད་དོ་ཞེས་པ་ནི་སངས་རྒྱས་པའི་ཚེ་འཐོབ་པའི་འབྲས་བུ་སྟེ། སངས་རྒྱས་པ་ལས་རྙེད་

པར་དཀའ་བ་གཞན་མེད་ཅིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཁྱབ་པར་སྣང་བར་མཛད་པའི་ཕྱིར་རོ། །རྒྱལ་བས་གསུངས་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་དོ། །ཞེས་པ་ནི་དེ་ལྟ་བུའི་ཆོས་ཉིད་རྣམ་པར་དག་པ་བཅོམ་ལྡན་འདས་རྣམ་པར་

སྣང་མཛད་ཀྱིས་གསུངས་སོ་ཞེས་པ་ནི་སྡུད་པའི་ཚིག་གོ། །དེར་སྤྱོད་པ་རྣམ་པར་རྟོག་པ་སྤངས་ཏེ་དེའོ་ཞེས་པ་ནི་དེ་ལྟ་བུའི་རང་བཞིན་གྱིས་ཆོས་དེ་ལ་རྣམ་པར་རྟོག་པ་སྤོང་བ་སྟེ་སྤྱོད་ཅིག་ཅེས་པའོ། །སྤངས་པའི་ཆོས་དེ་ཟབ་ལ་འགོང་བ་མེད་པའོ་ཞེས་པ་ནི་ཆོས་ཉིད་རྣམ་པར་དག་པའོ། །དེ་

Vol. 69 · folio 161a

རྒྱ་ཆེ་ཞིང་མི་འགྱུར་བ་ཡོངས་སུ་རྫོགས་པའི་མཚན་ཉིད་པས་འགོང་བའམ་འགོག་པ་མེད་ཅེས་པ་སྟེ། ཆོས་ཉིད་དེའི་རང་བཞིན་སྤྱིར་བསྟན་པའོ། །འདི་ལྟ་སྟེ་གསང་བའི་བདག་པོ་འདོད་པའི་ཁམས་ཀྱི་དབང་པོ་ལ་མྱོས་པར་བྱེད་པ་ཞེས་བྱ་བའི་རིག་པ་ཡོད་དོ་ཞེས་པ་ནས།

འདི་ལྟ་སྟེ། སྔགས་ཀྱིས་ནི་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་འགྱུར་རོ། །རིགས་ཀྱི་བུ་དཔེའི་ཚུལ་དེ་ལྟ་བུ་ལས་ཀྱང་སྔགས་ཀྱི་མཐུ་ལས་མངོན་པར་དད་པར་བྱ་བའི་རིགས་སོ་ཞེས་པའི་བར་དུ་སྔགས་ཀྱི་རྒྱུ་དང་རང་བཞིན་དང་མཐུ་དང་འབྲས་བུ་བཤད་དེ། རྒྱུ་དང་རང་བཞིན་ནི་རྟག་ཏུ་ཡི་

གེ་ལ་སོགས་པའི་ནང་དུ་བཤད་དོ། །ཐབས་འདིར་ནི་སྔགས་ཀྱི་མཐུས་བསྟན་པ་བཤད་དེ། དེ་ཡང་སྒྲུབ་པ་ཡིད་གཉིས་དང་ཐེ་ཚོམ་ཅན་ལས་འོག་ནས་འབྱུང་བའི་སྔགས་ཀྱི་མཐུ་རྣམས་བསྟན་པས། གང་སྒྲུབ་པ་ལ་ཐེ་ཚོམ་དུ་གྱུར་པ་ལ། གྲུབ་པ་འཐོབ་མི་འཐོབ་སྙམ་པའི་ཐེ་ཚོམ་

བསལ་བ་དང་། དེ་ལ་རབ་ནི་འདོད་པའི་ཁམས་ཀྱི་དབང་པོ་ཆེན་པོ་རིག་པས་ལྷའི་བུ་རྣམས་རིག་པར་འགྱུར་ཞེས་པ་དང་། གཟུགས་ཡོད་པའི་ཁམས་ཀྱི་དབང་པོ་ཆེན་པོའི་བུ་ལ་ཡིད་མགྱོགས་ཞེས་བྱ་བའི་རིགས་ལས་བྱུང་བའི་མཐུ་དང་གཉིས་ནི་རབ་ཏུ་བཤད་དོ། །དབང་པོའི་མིག་འཕྲུལ་གྱི་

སྔགས་ནི་སྤྱོད་པ་དང་། ལྷ་མ་ཡིན་གྱི་སྔགས་ཀྱི་སྒྱུ་མ་ལ་སོགས་པའི་སྔགས་ནི་མཐུ་འབྲིང་དུ་བཤད་དོ། །དུག་དང་རིམས་ལ་སོགས་པ་དང་། མ་མོ་རྣམས་ཀྱི་སྔགས་ཀྱིས་འཆི་བར་བྱེད་པ་དང་། མེ་དང་ཚ་བ་ལ་སོགས་པས་དྲང་བར་འགྱུར་རོ་ཞེས་པ་ནི་མཐུ་ཐ་མར་བཤད་དོ། །འདི་ལྟ་སྟེ་གསང་

བའི་བདག་པོ་འདོད་པའི་ཁམས་ཀྱི་དབང་པོ་ལ་མྱོས་པར་བྱེད་པ་ཡོད་པ་ཞེས་པ་ནི། འདོད་པ་ཞེས་པ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་རྣམས་སྤྱོད་པའོ། །ཁམས་ཀྱི་དབང་པོ་ལ་ཞེས་པ་ནི། འདོད་པའི་ཁམས་ཀྱི་གནས་རིམ་པ་དྲུག་གི་དབང་པོ་ལ་མྱོས་པར་བྱེད་པ་ཞེས་བྱ་བའི་རིམ་

པ་ཡོད་དོ་ཞེས་པ་ནི་ཁམས་དེར་སྐྱེས་པ་རྣམས་རང་བཞིན་གྱི་རིག་པ་དང་ལྡན་པས་རིག་པ་དེ་བསམས་པའམ་བརྗོད་པ་ཙམ་གྱིས་འདོད་པ་ལྔའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །དེས་འདོད་པ་ན་འཁོད་པའི་ལྷའི་བུ་རྣམས་མྱོས་པས་བརྒྱལ་བར་འགྱུར་ཞེས་བྱ་བ་ནི། མྱོས་པ་ཞེས་པ་ནི་མི་དྲན་ཞིང་དབང་

Vol. 69 · folio 161b

པོ་མི་གསལ་བར་གྱུར་པ་ནི་མ་ཡིན་གྱི། རིག་པ་དེའི་མཐུས་ལྷའི་བུ་རྣམས་འདོད་པ་ལྔའི་ལོངས་སྤྱོད་ལ་ཆགས་ཤིང་ཞེན་པར་གྱུར་ཏེ། འདོད་པའི་དབང་དུ་གྱུར་པས་ན་འདོད་པས་མྱོས་པ་ཞེས་བྱའོ། །མེ་ཏོག་མང་པོ་སྣ་ཚོགས་དང་ལྡན་པའི་གནས་དགའ་བ་རྣམས་ཀྱང་སྟོན་ཞེས་པ་ནི། དེ་

ལ་མེ་ཏོག་སྣ་ཚོགས་ནི་ལྡུམ་ར་དང་། མེ་ཏོག་གི་ཚལ་དང་། ཡིད་དུ་འོང་བའི་སྐྱེད་མོས་ཚལ་དང་། མེ་ཏོག་དང་ཚལ་དེ་དག་ཀྱང་དྲི་ཞིམ་པོ་དང་། ཁ་དོག་ཤིན་ཏུ་མཛེས་པར་བརྒྱན་པའོ། །གནས་དགའ་བ་ནི་ཀུན་དགའ་ར་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ལྡིང་ཁང་ལ་སོགས་པ་

བསྟན་པའོ། །ལོངས་སྤྱོད་བཟང་པོ་རྣམ་པ་མང་པོ་ཡང་མངོན་པར་སྤྲུལ་ནས་ཞེས་པ་ནི། ལོངས་སྤྱོད་བཟང་པོ་ནི་འདོད་པ་རྣམ་པ་ལྔའི་ལོངས་སྤྱོད་བཟང་པོ་ལ་བྱ་སྟེ། ཁ་ཟས་ཀྱི་བཟའ་བ་དང་ལྷའི་གོས་རབ་ཏུ་བཟང་ཞིང་འཇམ་པ་ལ་སོགས་པ་རྣམས་སོ། །མངོན་པར་སྤྲུལ་པ་ནི་གནས་དེ་ན་

ལྷའི་བུ་རྣམས་རང་རང་གི་རིག་པའི་མཐུས། འདོད་པ་རྣམ་པ་ལྔའི་ལོངས་སྤྱོད་འབྱུང་བར་བྱའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་སྦྱིན་པ་དག་ཀྱང་ཡོངས་སུ་སྤྱོད་དོ་ཞེས་པ་ནི། དེ་ལ་གཞན་འཕྲུལ་དབང་བྱེད་ཅེས་པ་ནི། ཡང་རང་གི་མཐུ་ལས་འདོད་པ་རྣམ་པ་ལྔའི་ལོངས་སྤྱོད་

འབྱུང་བ་རྣམས། ལྷའི་བུ་མོ་རྣམས་ལའང་སྦྱིན་པ་དེ་དག་ཡོངས་སུ་སྤྱོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྦྱིན་པ་ལ་སོགས་པ་ཡིད་བཞིན་དུ་སྤྱོད་ཀྱང་བདག་ཉིད་དེ་ལ་ཆགས་པར་མི་སྤྱོད་དོ། །འདི་ལྟ་སྟེ་དབང་པོ་ཆེན་པོའི་ལྷའི་བུ་ལ་ཡིད་མགྱོགས་ཞེས་བྱ་བར་རིག་པ་ཞེས་བྱ་ནི་རིག་

པ་སྟེ། བསམས་པ་ཙམ་གྱིས་སེམས་ཅན་གྱི་དོན་དུ་བྱ་བ་དང་། ཇི་ལྟར་འདོད་པའི་གནས་དེ་དག་ཏུ་སྐད་ཅིག་ཡུད་ཙམ་གྱིས་ཕྱིན་པར་འགྱུར་བས་ན་ཡིད་མགྱོགས་ཞེས་བྱའོ། །དེས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་ཞེས་པ་ནི། དེ་ལ་

སྟོང་གསུམ་གྱི་སྟོང་ཆེན་པོ་ནི་བླ་དང་འོག་དང་ཀུན་ལ་བྱ་བའང་མ་ཡིན་གྱི། གཟུགས་ཡོད་པའི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་བྱའོ། །སྟོང་གསུམ་ནི་གཞུང་ལ་གྲགས་པའོ། །སེམས་ཅན་གྱི་དོན་ནི་གཟུགས་ཡོད་པའི་སེམས་ཅན་རྣམས་ལ། རིག་པ་དེའི་

Vol. 69 · folio 162a

མཐུས་འོག་ནས་འབྱུང་བའི་ལོངས་སྤྱོད་ལ་སོགས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ལོངས་སྤྱོད་དང་ཟས་ལ་སོགས་པ་རྣམས་མངོན་པར་སྤྲུལ་ནས་ཞེས་པ་ནི། དེ་ལ་ཁྱད་པར་དུ་ན། ཁ་ཟས་ཁམ་གྱི་བཟའ་བ་དང་དྲི་ལ་སོགས་པ་མི་སྤྱོད་དེ། ལོངས་སྤྱོད་

གཞན་ནི་ལྷག་མ་དང་འདྲའོ། །གཙང་མའི་གནས་ཀྱི་ལྷའི་བུ་རྣམས་ལ་སྦྱིན་པ་དག་ཀྱང་སྤྱོད་དོ་ཞེས་པ་ནི། དེ་ལས་གཙང་མ་ཞེས་པ་ནི་གཟུགས་ཀྱི་ཁམས་དེ་ན། གཙང་མའི་རིས་ཀྱི་ལྷ་རྣམས་ལ་ཡང་། སྦྱིན་བདག་རིག་པའི་མཐུ་ལས་བྱུང་བའི་ལོངས་སྤྱོད་ལ་སྤྱོད་པའོ། །འདི་ཡན་ཆད་

ནི་སྔགས་ཀྱི་མཐུ་རབ་ཏུ་བསྟན་པའོ། །འདི་ལྟ་སྟེ། དཔེར་ན་མིག་འཕྲུལ་ཅན་གྱི་སྔགས་ཀྱིས་ནི། ཀུན་དགའི་ར་བ་བཟང་པོ་རྣམ་པ་མང་པོ་དང་། ཆུ་དང་འབབ་ཆུ་དང་མི་ལ་སོགས་པ་མངོན་པར་སྟོན་ཏོ་ཞེས་པ་ནི་དབང་པོའི་སྔགས་ཀྱི་མཐུ་བཤད་དེ། དེ་ཡང་གང་ཞེ་ན། མིག་འཕྲུལ་ཅན་

གྱི་སྔགས་ཀྱིས་ཞེས་པ་ནི། དབང་པོ་ལ་སོགས་པའི་ལྷ་རྣམས་དང་ལྷ་མ་ཡིན་དུ་འཐབ་པའི་ཚེ། སྔགས་ཀྱི་གྲངས་མེད་པའི་དབང་པོའི་ལྷ་རྣམས་སུ་སྤྲུལ་ནས། ལྷ་མ་ཡིན་གྱི་མིག་བསླུ་བ་དང་། གང་ལ་རྒོལ་བའི་གཏོལ་མེད་པར། མིག་འཕྲུལ་གྱི་མཐུས་བྱེད་པའོ། །དབང་པོ་ནི་སྔགས་ཀྱི་

མཐུ་ལ་ཀུན་དགའི་ར་བ་བཟང་པོ་དང་། ཆུ་དང་འབབ་ཆུ་དང་མིག་ལ་སོགས་པ་སྔགས་ཀྱི་མཐུས་མངོན་པར་སྤྱོད་ཅིང་སྟོན་ཏོ། །འདི་ལྟ་སྟེ། དཔེར་ན་ལྷ་མ་ཡིན་གྱི་སྔགས་ཀྱིས་ནི་སྒྱུ་མ་མང་པོ་སྟོན་ཏོ་ཞེས་པ་ནི། ཨ་སུ་ར་སྔགས་ཀྱི་མཐུས་བཤད་དེ། དེ་ཡང་གང་ཞེ་ན། ལྷ་མ་ཡིན་དང་དབང་

པོ་ལ་སོགས་པའི་ཚེ་ལྷ་མ་ཡིན་གྱི་སྔགས་ཀྱི་མཐུས། ལྷ་མ་ཡིན་གྲངས་མེད་པར་སྤྲུལ་པ་དང་། རཱ་ཧུ་ལ་ལྟ་བུའི་གཟུགས་ལྷ་མ་ཡིན་གྱི་གནས་ནས། རི་རབ་རིའི་རྒྱལ་པོ་ལས་འཕགས་པའི་ལུས་བྱུང་བ་ནས། ལྷ་རྣམས་ལ་སྐྲག་པ་དང་མཐུས་བྱིན་གྱིས་བརླབས་པའི་སྒྱུ་མ་རྣམས་སྟོན་

པའོ། །རྟག་ཏུ་དབང་པོ་ལ་སོགས་པའི་སྔགས་ཀྱི་མཐུ་བཤད་པ་དང་། ལྷ་མ་ཡིན་གྱི་སྔགས་ཀྱི་མཐུ་བཤད་པ་དེས་འདི་གཉིས་ནི་མཐུ་འབྲིང་དུ་བཤད་པ་ལ་བྱའོ། །འདི་ལྟ་སྟེ། དཔེར་ན་སྔགས་ཀྱིས་ནི་དུག་དང་རིམས་ལ་སོགས་པ་མེད་པར་འགྱུར་རོ་ཞེས་པ་ནི་མི་རྣམས་ཀྱི་སྔགས་མཐུ་

Vol. 69 · folio 162b

བཤད་དེ། དེ་ཡང་གང་ཞེ་ན། དེ་སྔགས་དེ་གཉིས་ཀྱི་མཐུས་དུག་ཐམས་ཅད་དང་རིམས་ལ་སོགས་པའི་ནད་ཐམས་ཅད་ཞི་ཞིང་མེད་པར་བྱེད་པ་ལ་བྱའོ། །འདི་ལྟ་སྟེ། དཔེར་ན་མ་ཞེས་བྱ་བའི་ལྷ་རྣམས་ཀྱི་སྔགས་ཀྱིས་ནི། སེམས་ཅན་རྣམས་འཆི་བར་བྱེད་དོ་ཞེས་པ་ནི། མ་བདུན་

པོ་རྣམས་ཀྱི་སྔགས་ཀྱི་མཐུ་བཤད་དེ། དེ་ཡང་གང་ཞེ་ན། དབང་པོ་ལ་སོགས་པའི་ལྷ་རྣམས་དང་། ལྷ་མ་ཡིན་རྣམས་སུ་འཐོབ་པའི་ཚེ། ལྷ་རྣམས་ཀྱིས་ལྷ་མ་ཡིན་ཐུབ་པར་མ་གྱུར་ན། དབང་པོ་དང་ཚངས་པ་ལ་སོགས་པ་རང་རང་ལས་མ་ཞེས་བྱ་བའི་ལྷ་མོ་བདུན་སྤྲུལ་ཏེ། ལྷ་མོ་བདུན་

པོ་དེ་རྣམས་ཀྱིས་མཚོན་གྱིས་བཏབ་པའི་ཁྲག་ས་ལ་མ་ལྷུང་བར་འཐུངས་པ་དང་། གདོད་ལྷ་མ་ཡིན་རྣམས་ཞི་བར་འགྱུར་བར་ཡང་བྱའོ། །བདུན་གྱི་སྔགས་དེ་སྤྱོད་པའི་ལས་རྣམས་བྱེད་པའི་ཚེ། མ་རྣམས་ཀྱི་སྔགས་ཀྱི་ཚིག་བཞིན་བྱས་ནས། སེམས་ཅན་འཆི་བར་བྱེད་པ་དང་། ལྷ་དང་ལྷ་

མ་ཡིན་དུ་འཐབ་པའི་ཚེ། འཇིག་རྟེན་ན་སེམས་ཅན་རྣམས་དགེ་བར་སྤྱོད་པ་མང་ཞིང་། བསོད་ནམས་ཆེ་ན་ལྷ་རྣམས་རྒྱལ་བར་འགྱུར། དགེ་བ་སྤྱད་པ་ཉུང་ཞིང་མཐུ་ཆུང་ན་ལྷ་མ་ཡིན་རྒྱལ་བར་འགྱུར་ཏེ། དེ་ལ་ལྷ་རྣམས་རྒྱལ་བར་འགྱུར་ན། གང་ཟླ་བ་དང་སྤྱང་ཀིས་ཟིན་པའི་དངོས་

གྲུབ་ཀྱང་ཐོབ། ལྷ་མ་ཡིན་རྣམས་རྒྱལ་ན་སེམས་ཅན་གྱི་ཁམས་སུ་སེམས་ཅན་རྣམས་བཅིང་བར་བྱེད་པའི་རིམས་ནད་རྣམས་ཀྱི་སྔགས་ཀྱི་མཐུ་ལས་འབྱུང་བར་བྱེད་པའོ། །འདི་ལྟར་སྔགས་ཀྱིས་ནི་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་འགྱུར་རོ་ཞེས་པ་ནི། སྔགས་ཀྱི་མཐུས་མེ་འབར་

བའི་ནང་དུ་ཞུགས་ཀྱང་། ཚིག་པ་དང་གདུང་བ་ལ་སོགས་པ་མེད་ཅིང་ཆུའི་ནང་དུ་འགྲོ་བ་དང་འདྲ་སྟེ་གྲང་བར་འགྱུར་རོ། །རིགས་ཀྱི་བུ་དཔེ་ཚུལ་དེ་ལྟ་བུ་ལས་ཀྱང་སྔགས་ཀྱི་མཐུ་ལས་མངོན་པར་དད་པར་འགྱུར་བ་དང་། རིགས་སོ་ཞེས་པ་ནི་རྟག་ཏུ་མཐུ་རབ་འབྲིང་རྣམ་པ་གསུམ་བསྟན་པ་ལ།

གང་མ་དད་པ་རྣམས་དད་པར་འགྱུར་བ་དང་ཐེ་ཚོམ་དང་ཡིད་གཉིས་པའི་འགྲོ་བ་རྣམས་ཐེ་ཚོམ་བསལ་ནས་སྔགས་ཀྱི་མཐུ་ལ་མངོན་པར་དད་པར་བྱ་བའི་རིགས་སོ་ཞེས་བསྐུལ་བའོ། །སྔགས་དེའི་མཐུ་ཡང་སྔགས་ལས་བྱུང་བ་ཡང་མ་ཡིན་ཞེས་པ་ནས། རྟག་ཏུ་རྒྱུན་མི་འཆད་པར་སྔགས་ཀྱི་ཚུལ་གྱི་རྗེས་

Vol. 69 · folio 163a

སུ་འཇུག་པར་རིག་པར་བྱའོ་ཞེས་པའི་བར་དུ་སྔགས་ཀྱི་རང་བཞིན་བཤད་པ་ལ་བྱ་སྟེ་དེ་ཡང་གང་ཞེ་ན། དེ་ལ་སྔགས་ཀྱི་མཐུ་ཡང་སྔགས་ལས་བྱུང་བ་མ་ཡིན་ཞེས་པ་ནི། སྔགས་ཀྱི་མཐུ་དེ་སྔགས་ཀྱི་ཡིག་འབྲུ་ལས་བྱུང་བ་ཡང་མ་ཡིན། དེ་སྟེ་སྔགས་ཀྱི་ཡིག་འབྲུ་ལས་སངས་རྒྱས་ཀྱི་

མཐུ་དེ་ཡོད་ན་ནི། སྔགས་ཀྱི་གླེགས་བམ་ལ་སོགས་པ་རྐུན་པོས་ཀྱང་མི་ཐོབ། མེས་ཀྱང་ཚིག་པར་མི་འགྱུར་ཏེ། དེ་བས་ན་སྔགས་ཀྱི་མཐུ་ལས་མཐུ་འབྱུང་བ་ཡང་མ་ཡིན་ནོ་ཞེས་སོ། །དོན་ལ་ཡང་ཞུགས་པ་མ་ཡིན་ཞེས་པ་ནི། རལ་གྲི་དང་འཁོར་ལོ་དང་རི་ལུ་ལ་སོགས་པའི་རྫས་རྣམས་

ལ་སྟེ། རྫས་དེ་རྣམས་ལ་སྔགས་ཀྱི་མཐུ་ཞུགས་ནས་གྲུབ་པར་འབྱུང་བ་ཡང་མ་ཡིན་ཞེས་སོ། །སྦྱོར་བ་ལས་རྙེད་པ་ཡང་མ་ཡིན་ཞེས་པ་ནི། སྒྲུབ་པ་ལ་འབྱུང་བའི་སྦྱོར་བ་དེ་གཉིས་ལས་སྔགས་ཀྱི་མཐུ་འབྱུང་བ་ཡང་མ་ཡིན་ཏེ། དེ་སྟེ་སྒྲུབ་པ་ལ་འཇུག་པ་ལས་བྱུང་བ་ཡིན་ན་གྲུབ་ཟིན་པ་ཡིན་

པས་བསྒྲུབ་མི་དགོས་ཞེས་པའོ། །འོན་ཀྱང་རིགས་ཀྱི་བུ་དུས་གསུམ་ལས་འདས་པ་ཟབ་མོ་བསམ་གྱིས་མི་ཁྱབ་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མངོན་པར་གྲུབ་པའི་ཕྱིར་རོ་ཞེས་པ་ནི། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སྔགས་ཀྱི་ཆོས་ཉིད་ནི་ཡོང་ནས་

འདུག་པའོ་ཞེས་བཤད་དེ། འོན་ཀྱང་རིགས་ཀྱི་བུ་དུས་གསུམ་ལས་འདས་པ་ཞེས་པ་ནི། དུས་གསུམ་དུ་སྔ་མ་འདས་པའི་དུས་ན་གྲུབ་པའི་རང་བཞིན་མ་ཡིན་ན་ནི། མ་འོངས་པ་དང་ད་ལྟར་གྱི་དུས་ན་གྲུབ་པར་མི་འགྱུར་ཏེ། དེ་སྟེ་མ་འོངས་པའི་དུས་དང་ད་ལྟར་གྱི་དུས་ན་གྲུབ་པའི་རང་བཞིན་

ཡོད་ན་ནི་སྔ་མ་འདས་པའི་དུས་ན་འགྲུབ་པར་ཡང་མི་འགྱུར་ཏེ། དེ་བས་སྔགས་གྲུབ་པའི་རང་བཞིན་ནི། དུས་གསུམ་གང་ལ་ཡང་གནས་པ་ཡིན་པས་ན་དུས་གསུམ་ལས་འདས་པའོ། །ཟབ་མོ་བསམ་གྱིས་མི་ཁྱབ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་མངོན་པར་གྱུར་པའི་ཕྱིར་རོ་ཞེས་པ་

ནི། དཔེར་ན་མེ་ཏོག་སྣ་ཚོགས་དང་འདྲ་སྟེ། ས་བོན་དང་། མྱུ་གུ་དང་ལོ་མའི་ཚེ་ཁ་དོག་སྔོན་པོ་ལ་སོགས་པ་གཞན་ལ་མེ་ཏོག་ཏུ་གྱུར་པའི་ཚེ། ཁ་དོག་གཞན་དུ་གྱུར་པ་ལྟ་བུ་དང་། བ་ལྟ་བུས་རྩྭ་རྩུབ་པོ་དང་སྔོན་པོ་ལ་སོགས་པ་ཟོས་ཀྱང་། འོ་མ་འཇམ་ཞིང་དཀར་བའི་རང་བཞིན་ལྟ་བུར་

Vol. 69 · folio 163b

གྱུར་པ་སྟེ། དེ་ལྟ་བས་ན་སྔགས་ཀྱི་དངོས་གྲུབ་ནི་གང་ལ་ཡང་མི་གནས་མོད་ཀྱི་ཟབ་མོ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་རྒྱུ་རྐྱེན་གཅིག་ཚོགས་པ་ལ་སྔགས་ཀྱི་ཆོས་ཉིད་ཀྱིས་བྱིན་གྱིས་བརླབས་པ་ལས། གྲུབ་པ་རབ་འབྲིང་རྣམ་པ་གསུམ་ལ་སོགས་པར་ཐོབ་པར་འགྱུར་རོ། །སྔགས་ཀྱིས་བྱིན་

གྱིས་བརླབས་པའི་ཆོས་ཉིད་ལས་བྱུང་བས་ན་མི་འགྱུར་བའོ་ཞེས་པ་ནི་བྱིན་གྱིས་རློབ་པ་དང་མི་འགྱུར་བ་བཤད་དེ། དེ་ལས་བྱིན་གྱིས་བརླབས་ཞེས་པ་གང་གྲུབ་པ་ཉིད་ལ་ཆོས་ཉིད་ལ་བྱིན་གྱིས་རློབ་ཅིང་། གྲུབ་པ་ཐོབ་པ་དེ་ཡང་བརྟན་ཞིང་མི་འགྱུར་བའོ། །དེ་བས་ན་རིགས་ཀྱི་བུ་བསམ་གྱིས་མི་ཁྱབ་

པའི་ཆོས་ཀྱི་རང་བཞིན་གྱི་རྒྱུན་དུ་ཞུགས་པས་རྟག་ཏུ་རྒྱུན་མི་འཆད་པར་སྔགས་ཀྱི་ཚུལ་གྱི་རྗེས་སུ་འཇུག་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་དུས་གསུམ་ལ་མ་ཆགས་པའི་སྟོབས་ཀྱིས་གནས་ཀྱི་བྱིན་གྱིས་བརླབས་པ་ཞེས་པ་ནས། ཡང་དག་པར་ཀུན་རྫོགས་པའི་སངས་རྒྱས་ཀྱིས་ཚིག་

གིས་བཏབ་པ་གཅིག་ནས་གཅིག་ཏུ་མངོན་པར་གྲགས་པའོ་ཞེས་པའི་བར་དུ་བྱང་ཆུབ་ཀྱི་རང་བཞིན་ཡན་ལག་བཞི་དང་ལྡན་པའི་དམིགས་སྟོན་པའི་ཡི་གེ་ཨ་རྣམ་པ་བཞི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། ཨ་རྣམ་པ་བཞི་སྔར་ཡང་བཤད་དེ། འདིར་ཡང་བཟླས་ཏེ་གསུངས་པ་ཅིའི་ཕྱིར་ཞེ་ན།

སྔར་བཤད་པ་ནི་དོན་དམ་པའི་ཏིང་ངེ་འཛིན་གྱི་སྒོར་གྱུར་པའི་ཡི་གེ་འབྲུ་རེ་པོ་སྤྱིར་བཤད་པ་སྟེ། འདིར་ཡང་བཟླས་ཏེ་གསུངས་པ་ནི། སྔགས་བསྒྲུབ་པས་དེའི་དོན་སྒོམ་ཞིང་བརླབ་པར་བྱ་བའི་ཕྱིར། ཁྱད་པར་དུ་གསུངས་པའོ། །དེ་ལ་དུས་གསུམ་དུ་མ་ཆགས་པའི་སྟོབས་ཀྱི་གནས་བྱིན་གྱིས་བརླབས་

པ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་རྒྱན་རྣམ་པར་དག་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་སོ། །ཨ་ཞེས་པ་ནི་ཨ་རྣམ་པ་བཞི་པོ་དེ་གསུངས་པའི་ཕྱིར། བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་ཞུགས་ཏེ། དེ་རྣམས་ཀྱིས་ཀྱང་དོན་དམ་པ་དང་ཀུན་རྫོབ་གཉིས་ཀྱིས་སྟོན་ཏེ།

དེ་ལ་དོན་དམ་པར་སྟོན་པ་ནི་ཡི་གེ་ཨ་དེའི་སྒོ་ནས་དེ་བཞིན་ཉིད་སྟོན་པའོ། །ཀུན་རྫོབ་ཏུ་སྟོན་པ་ནི་ཡི་གེ་ཨ་དེ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འབྱུང་བར་བསྟན་པ་སྟེ། གང་གི་ཕྱིར་ཡི་གེ་བརྒྱ་པའི་ལེའུ་ལས་ཨ་འདི་རྣམས་ལས་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་གཉིས་འཕྲོ་བར་བཤད་པ་

Vol. 69 · folio 164a

དེ་ཡི་གེ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་བལྟའོ་ཞེས་འབྱུང་བའི་ཕྱིར་རོ། །ཏིང་ངེ་འཛིན་འདི་ལས་དོན་རྣམ་པ་གཉིས་སུ་སྟོན་པའོ། །ཡི་གེ་ཨ་དེ་རྣམས་འབྱུང་བ་སྟེ། དེ་ལ་དུས་གསུམ་དུ་མ་ཆགས་པའི་སྟོབས་ཀྱི་གནས་ཞེས་པ་ནི་

དོན་དམ་པ་དེ་བཞིན་ཉིད་དེ། ཡི་གེ་ཨ་རྣམས་ཀྱི་དམིགས་བསྟན་པར་བྱ་སྟེ། དུས་གསུམ་དུ་མ་ཆགས་པའི་སྟོབས་ཞེས་པ་ནི། དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། མི་འགྱུར་བ་ཡོངས་སུ་རྫོགས་པའི་མཚན་ཉིད་པས་ནམ་མཁའ་དང་འདྲ་བ་སྟེ། དུས་གསུམ་དུ་ཐོགས་པ་མེད་པའི་མཐུ་དང་ལྡན་པ་ཞེས་

པའོ། །གནས་ཞེས་པ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཏེ། ཡི་གེ་ཨའི་འབྲུ་བྱིན་གྱིས་བརླབས་པ་སྟེ། འཁོར་བ་དེའི་མཐའ་ཇི་ཙམ་པའི་བར་དུ་ཡི་གེ་ཨ་རྣམས་སུ་ལྷག་པར་གནས་ཞེས་པའི་དོན་ཏེ། དེ་ནི་དོན་དམ་པར་བསྟན་པའོ། །དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་སྟེ། གནས་རྒྱན་

རྣམ་པར་དག་པ་ཞེས་པ་ནི་ཀུན་རྫོབ་ཏུ་ཡི་གེ་ཨ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་འབྱུང་བར་བསྟན་པ་སྟེ། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་གནས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་སྟེ། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་

ནི་དེ་བཞིན་གཤེགས་པའི་སྐུ་ལས་རྫུ་འཕྲུལ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་འབྱུང་བའི་ཕྱིར་རོ། །རྒྱ་ཆེན་པོ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམས་ཏེ། མཚན་དེ་རྣམས་ཀྱང་ཡི་གེ་ཨ་འདི་བཞི་ལས་བྱུང་བས་ན། རྒྱན་ཞེས་པ་ནི་ཨ་འདི་རྣམས་ཡིད་ལ་བྱའོ། །རྣམ་པར་དག་པ་ཞེས་པ་

ནི་མཚན་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཕྱོགས་ན་གནས་པ་དང་། རྩ་ལའང་ཀུན་རྫོབ་པ་ན་རྣམ་པར་དག་པ་ཞེས་པའོ། །སྙིང་པོ་ཞེས་པ་ནི་འབྱུང་བའི་གནས་ཞེས་པའི་དོན་ཏེ། དེ་ལྟ་བུའི་དོན་དམ་པ་དང་ཀུན་རྫོབ་ཀྱི་སྟོན་ཅིང་འབྱུང་བའི་ཡི་གེ་ཨ་རྣམ་པ་བཞི་ཏིང་ངེ་འཛིན་ལས་བྱུང་བས་ན། ཏིང་ངེ་འཛིན་

དེ་དུས་གསུམ་དུ་ན་མ་ཆགས་པའི་སྟོབས་ཀྱི་གནས་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པའི་བསམ་པའི་གནས་ཀྱིས་རྒྱན་རྣམ་པའི་སྙིང་པོ་ཞེས་བྱའོ། །ཆོས་ཀྱི་དབྱིངས་མ་ལུས་པ་སོ་སོར་བརྗོད་པའི་སྒྲ་ལས་ཆོས་ཀྱི་དབྱིངས་ལ་གནས་པའི་སྟོབས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་

Vol. 69 · folio 164b

མོས་པ་ལས་འབྱུང་བའི་ཚིག་འདི་བཞི་དབྱངས་གཅིག་ཏུ་འབྱུང་བར་གསུངས་ཏེ་ཞེས་པ་ནི། ཆོས་ཀྱི་དབྱིངས་མ་ལུས་པ་སོ་སོར་དམིགས་པའི་སྒྲ་ཞེས་པ་ནི། སྒྲ་འབྱུང་བ་ཨ་འདི་བཞི་གསུངས་སོ་ཞེས་པ་དང་འབྲེལ་ཏེ། ཨ་འདི་བཞི་སྒྲ་མ་སྐྱེས་པར་འབྱུང་བ་ལ་དམིགས་པས། བུམ་པ་ལ་

སོགས་པའི་ཆོས་རྣམས་ཀྱི་ཚིག་ཐམས་ཅད་ཀྱང་མ་སྐྱེས་པའི་ཚིག་ཏུ་སྡུད་པར་འགྱུར་ཏེ། དེ་སྟོན་པའི་ཨ་བཞི་བྱེ་བྲག་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་སྟོབས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཨ་དེ་རྣམས་ཆོས་ཀྱི་དབྱིངས་ཀྱི་ཚིག་ཏུ་གྱུར་པས་ན། ཆོས་ཀྱི་དབྱིངས་ལ་

གནས་པ་ཞེས་བྱའོ། །སྟོབས་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་ལས་གཞན་དུ་མི་འགྱུར་བར་མཐུ་དང་ལྡན་པའི་ཕྱིར་རོ། །མི་མཉམ་པའི་སྟོབས་ཞེས་པ་ནི་དེ་དག་མཐུ་ཕུན་སུམ་ཚོགས་པ་སྟོན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མོས་པ་ལས་བྱུང་བ་ཞེས་པ་ནི། དེ་བཞིན་

གཤེགས་པའི་རྒྱུའི་ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་པའི་ཡོན་ཏན་རྣམས་ལ་ཇི་ལྟར་མོས་པ་མངོན་པར་བྱང་ཆུབ་པའི་ཚེ་ཡོངས་སུ་རྫོགས་པར་གྱུར་པ་དེ་ལས་ཡི་གེ་ཨ་འདི་བཞི་འབྱུང་བའི་ཕྱིར་རོ། །དབྱངས་གཅིག་ཏུ་འབྱུང་ཞེས་པ་ནི་བུམ་པ་ལ་སོགས་པའི་སོ་སོའི་ཚིག་རྣམས་མ་སྐྱེས་

པའི་སྒྲ་གཅིག་པུར་འབྱུང་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱས་ནས་ནམ་མཁའ་དང་མཉམ་པར་གྱུར་ནས་ཞེས་པ་ནི་མ་སྐྱེས་པའི་སྒྲས་ཆོས་ཀྱི་དབྱིངས་ཐམས་ཅད་ནམ་མཁས་ཁྱབ་པ་དང་འདྲ་བར་བྱས་ནས་ཞེས་པའམ། ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་དང་མཉམ་པར་

ཁྱབ་པར་བྱས་ནས་ཞེས་པ་སྟེ། འདི་ཡང་ཆོས་ཀྱི་དབྱིངས་ཞེས་པ་ནི་འཇིག་རྟེན་གྱི་ཁམས་རྣམས་སུ་རིག་པར་བྱའོ། །ཡི་གེ་ཨ་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ། རྣམ་པ་བཞི་ལ་ནི་བྱང་ཆུབ་ཀྱི་ཡན་ལག་བཞི་དང་ལྡན་པ་སྟེ། བྱང་ཆུབ་དང་སྤྱོད་པ་དང་ཀུན་དུ་སངས་རྒྱས་པ་དང་མྱ་ངན་ལས་འདས་པ་

རྣམས་རིམ་བཞིན་དུ་བལྟའོ། །དེ་བྱུང་མ་ཐག་ཏུ་ཆོས་ཀྱི་དབྱིངས་གྲགས་པའི་སྒོ་ལས། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་གིས་བཏབ་པ་བརྗོད་པའི་སྐད་གཅིག་ནས་གཅིག་ཏུ་གྲགས་པའོ་ཞེས་བྱ་བ་ནི། སྙིང་པོ་དེ་རྣམས་གསུངས་པ་དང་། འཇིག་རྟེན་གྱི་ཆོས་རྣམས་ཀྱི་སྒྲ་

Vol. 69 · folio 165a

ལས་དེ་བཞིན་གཤེགས་པའི་ཚིག་གི་མཚན་མ་མ་བྱུང་མ་སྐྱེས་པའི་སྒྲ་སྒྲོག་པར་བྱུང་ངོ་ཞེས་པའོ། །བྱང་ཆུབ་སེམས་དཔའ་གང་གིས་ཐོས་པ་རྣམས་ཤེས་པ་ནས་རྟག་ཏུ་ནན་ཏན་ཆེར་བྱ་བ་དང་། སེམས་ཅན་ཡོངས་སུ་དག་པའོ་ཞེས་པའི་བར་དུ་དེ་ལྟ་བུ་མ་སྐྱེས་པའི་སྒྲ་འཇིག་རྟེན་

གྱི་ཁམས་ཐམས་ཅད་དུ་ཁྱབ་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་ནས་ངོ་མཚར་དུ་གྱུར་ཏེ། དེའི་རྗེས་སུ་སྔགས་པ་དང་བཅོམ་ལྡན་འདས་ལ་སླར་གསོལ་བ། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་འདི་སྒྲུབ་པ་ཞིག་ཡོད་ན་ཞེས་པ་ནས། མངོན་རྟགས་བྱུང་བའི་

བར་དུ་འདུག་གོ་ཞེས་པའི་བར་དུ་སྒྲུབ་པའི་སྔོན་རོལ་དུ་བྱང་ཆུབ་སེམས་བསྐྱེད་པར་བྱ་བ་སྟེ། དེ་ཡང་གཙུག་ལག་ཁང་ངམ་སྐྱེད་མོས་ཚལ་ལ་སོགས་པའི་གནས་མིང་གིས་སྨོས་པའམ། དེ་ལས་གཞན་པའི་གནས་བདག་ཉིད་སེམས་གང་དུ་དགའ་བར་འདུག་སྟེ་སྒོམ་མོ། །དེ་སྐྱེད་མོས་ཚལ་དང་ཕུག་ནི་

ལུས་དབེན་པར་བྱ་བའི་གནས་སོ། །གཙུག་ལག་ཁང་ནི་སེམས་དབེན་ན་ལུས་མི་དབེན་ཀྱང་བླ་སྟེ། སེམས་དབེན་པའི་གནས་སོ། །གང་ན་ཡིད་དབེན་པ་དེར་ཞེས་པ་ནི་གནས་དེ་དག་ལས་གཞན་གང་ཡང་རུང་སྟེ། སེམས་གང་དུ་དབེན་པ་དེ་གཙོ་བས་དེར་འདུག་སྟེ། མཚན་མ་བྱུང་བའི་བར་

དུ་བསྒོམ་མོ་ཞེས་པ་དང་འབྲེལ་ཏེ། །མཚན་མ་ཡང་སྐབས་འདིར་ནི་ནད་མེད་པ་དང་། བྲུ་བ་མི་ཚ་བ་ལ་སོགས་པ་སྔགས་བཟླས་པ་ལས་བྱུང་བ་ལ་ནི་མི་བྱའི། བསམ་གཏན་སེམས་བརྟན་ཞིང་མི་འགྱུར་བར་གྱུར་པ་ལ་བྱའོ། །དེ་ལས་གང་ཡང་རུང་སྟེ། སྙིང་པོ་ཚིག་གཅིག་ཟུང་ལ་ཞེས་པ་ནས།

ནམ་མཁའ་བཞིན་ཐོག་མ་ནས་ཞི་བ་དེ་ལ་ཞུགས་པར་སོམས་ལ་ཞེས་པའི་བར་དུ། གོང་དུ་སྨོས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་གོམས་པར་བྱས་ཏེ། མཚན་མ་བྱུང་ནས་རང་གི་ལྷའི་གཟུགས་སུ་སྦྱར་བ་གོམས་པར་བྱ་བ་དང་། དེའི་སྙིང་གར་མེ་ལོང་གི་དཀྱིལ་འཁོར་ལ་སངས་རྒྱས་ཀྱི་སྐུ་བསམ་པ་

དང་། སངས་རྒྱས་ཀྱི་སྐུའི་སྙིང་གར་ཡང་ཟླ་བའི་དཀྱིལ་འཁོར་དང་བཟླས་པའི་སྔགས་བསམ་སྟེ། དེའི་རིམ་པ་ཡང་འདིའོ། །ཨ་རྣམ་པ་བཞི་པོ་ལས་གང་ཡང་རུང་བ་ཅིག་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་པ་ལ། ཨ་དེའི་སྒྲ་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པའོ་ཞེས་པ་ལ་

Vol. 69 · folio 165b

དམིགས་ཤིང་། རང་གི་ཕུང་པོ་ལྔ་ཐོག་མ་ནས་མ་བྱུང་མ་སྐྱེས་པའི་སྦྱོར་བའམ། རྡུལ་ཕྲན་དུ་གཞིག་པ་ལ་སོགས་པའི་སྦྱོར་བས་སྟོང་པ་ཉིད་དུ་གཞིག་སྟེ། ཟླ་བའི་དཀྱིལ་འཁོར་ལ་ཨ་གནས་པ་ཙམ་འབའ་ཞིག་ཡོད་པར་བསམས་ཏེ། དེ་ནས་ཟླ་བའི་དཀྱིལ་འཁོར་དང་ཨ་ཉིད་ཀྱང་གོང་མའི་

ཚུལ་གྱིས་དམིགས་སུ་མེད་པར་བཤིག་སྟེ། ཇི་ཙམ་འདོད་ཀྱི་བར་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱའོ། །དེ་ནས་སྙིང་རྗེའི་དབང་གིས་ཏིང་ངེ་འཛིན་དེ་ལས་ལངས་ཏེ། སྒྱུ་མ་ལྟ་བུར་མོས་པའི་ཚུལ་གྱིས། ཨ་དེ་སྙིང་གའི་ཕྱོགས་སུ་བསམས་ནས། ཨ་དེ་ལས་འོད་འཕྲོ་བ་འབྱུང་བ་དང་།

འདུས་པའི་སྦྱོར་བས་རང་གི་ལྷའི་གཟུགས་སུ་བསྒྱུར་བར་བྱ་སྟེ། དེ་ཡང་ཐེ་ཚོམ་མེད་པར་རང་གི་ལྷའི་གཟུགས་སུ་སྣང་བར་གྱུར་གྱི་བར་དུའོ། །དེ་ལ་སྤྱིར་ལྷའི་གཟུགས་སུ་བསྒྱུར་བ་ཡང་རྣམ་པ་གསུམ་སྟེ། གཅིག་ནི་ཕྱག་རྒྱ་དང་སྔགས་སྦྱར་བས་ལྷའི་གཟུགས་དེ་དག་གོ་སྙམ་པར་མོས་པ་ཙམ་

མོ། གཉིས་ནི་རྟག་ཏུ་གོམས་པའི་དབང་གིས་རང་གི་ལྷའི་གཟུགས་སུ་ཐེ་ཚོམ་མེད་པར་གསལ་བར་སྣང་བའོ། །གསུམ་ནི་སྦྱོར་བའི་མཐུས་རང་གི་ལུས་བརྗེས་ཏེ། ལྷའི་ལུས་སུ་གྱུར་པ་སྟེ། དེ་ལ་སྐབས་འདིར་རྟག་ཏུ་གོམས་པའི་དབང་གིས་རང་གི་ལུས་ལྷའི་གཟུགས་སུ་གསལ་བར་སྣང་བ་ལ་

བྱའོ། །དེ་ལྟར་རང་གི་ལུས་ལྷའི་གཟུགས་སུ་བསྒྱུར་ནས། དེའི་སྙིང་པོ་ཨ་གཅིག་བསམས་ཏེ། ཨ་དེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱ་བསྒྱུར་བ་ཟླ་བའི་དཀྱིལ་འཁོར་མེ་ལོང་འདྲ་བར་བསམས་ཏེ། དེ་ཡང་ཤིན་ཏུ་གསལ་བ་དྲི་མ་མེད་པར་བསམ། དེའི་དབུས་སུ་ཡི་གེ་ཨ་ལས་བཅོམ་ལྡན་

འདས་རྣམ་པར་སྣང་མཛད་ཀྱི་སྐུར་གྱུར་པར་བསམས་ཏེ། དེ་བས་ན་དེ་གསུངས་པ་གཉིས་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། མེ་ལོང་གི་དཀྱིལ་འཁོར་གྱི་དབུས་སུ་པདྨའི་རྒྱལ་པོ་ཆེན་པོའི་སྟེང་ན། ཕུག་གི་ནང་ན་ཏིང་ངེ་འཛིན་དུ་ཞུགས་ཤིང་། བཞུགས་པ་བཞིན་ཞེས་པ་ལ་སོགས་པ་སྟེ།

ཕུག་གི་ནང་ན་བཞུགས་བཞིན་ཞེས་པ་ནི། མེ་ལོང་གི་དཀྱིལ་འཁོར་ནང་ན་བཞིན་གྱི་གཟུགས་བརྙན་སྣང་བ་ལྟར། དེ་ཉིད་ཀྱི་ནང་ན་ཉེ་བར་འདུག་པར་བསམས་ཏེ་ཞེས་པའོ། །དེ་ནས་དེ་བཞིན་གཤེགས་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་དབུས་སུ་བཟླས་པར་བྱ་བའི་

Vol. 69 · folio 166a

སྔགས་བསམས་ནས། དེ་བཟླས་ཤིང་སྔོན་དུ་བསྙེན་པ་འབུམ་བྱས་ཏེ། དེ་བས་ན་གསུངས་པ་ཐོག་མར་བསྙེན་ཏོ། །དེ་ལ་ཆིག་འབུམ་ཚང་བར་བྱའོ་ཞེས་པའོ། །དེ་བས་ན་ཟླ་བ་གཉིས་པོ་ལ་མེ་ཏོག་སྤོས་ལ་སོགས་པ་གསོལ་ཞེས་པ་ནི། སྔར་འབུམ་གཅིག་གྲངས་སུ་བཟླས་

ལ། དེ་ནས་ཟླ་བ་གཉིས་དང་། སྔ་དྲོ་དང་ཕྱི་དྲོ་ལ་མེལ་ཚེ་ཐུན་རེ་རེ། ཉི་མ་གུང་ལ་མེལ་ཚེ་ཐུན་ཕྱེད་བཟླས་པའི་སྦྱོར་བས་དུས་ཆད་པ་སྟེ། སྔར་ཆིག་འབུམ་གྲངས་ཟློས་པ་དང་ཟླ་བ་གཉིས་དུས་སུ་ཟློས་པ་ལས། ཟླ་བ་ཕྱི་མ་གཅིག་ལ་ནི་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་མི་བྱ་བར་བཟླས་

ཏེ། དང་པོ་སེམས་མ་གོམས་པ་ལ་ཕྱིའི་མཆོད་པ་ལ་སོགས་པས་སེམས་གཡེངས་སུ་དོགས་པའི་ཕྱིར་རོ། །ཟླ་བ་ཕྱི་མ་གཉིས་པོ་ལ་ནི་གོམས་ཤིང་བརྟན་པར་གྱུར་པས་ཕྱིའི་མཆོད་པ་ལ་སོགས་པས་མི་གཡེངས་པར་འགྱུར་བའི་ཕྱིར་རོ། །ཕན་པར་བསྒྲུབ་པར་བྱ་བ་ནི། སེམས་ཅན་ལ་ནི་རྣམ་པ་མང་

དུ་ཞེས་པ་ནི། ད་ནི་དཔའ་བོ་ཆེན་པོའི་སྙིང་པོ་འབྲུ་རྣམ་པ་ལྔ་པ་རྣམས་ནི་བསྒྲུབ་པ་དང་ས་རྣམས་བཤད་དེ། དེ་ལ་སྤྱིར་དེ་བཞིན་གཤེགས་པའི་རྒྱུ་དང་འབྲས་བུའི་ཡོན་ཏན་མོས་པ་སྤྱོད་པའི་ས་ནས་བརྩམས་ཏེ་ཀུན་དུ་སངས་རྒྱས་པར་གྱུར་གྱི་བར་དུ་ཅི་བསགས་པ་རྣམས་སྡུད་པའི་སྒོར་གྱུར་པ་ནི། ཕུང་པོ་

ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། དེ་ལས་ཕུང་པོ་ལྷག་མ་མེད་པ་མ་ལུས་པའི་མྱ་ངན་ལས་འདས་པ་ན། དེ་བཞིན་གཤེགས་པའི་མཚན་ཉིད་དུ་འདུ་ཤེས་པ་ཡང་སྤངས་པ་འོག་མའི་ཕྲ་མོའི་གནས་སུ་མངོན་པར་བྱང་ཆུབ་པའོ། །ཕུང་

པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ནི། ཀུན་དུ་སངས་རྒྱས་པའི་མཚན་ཉིད་ཆོས་རྣམས་སྒྱུ་མའི་རང་བཞིན་དུ་ངའི་ཆོས་རྣམས་ནི་སྟོང་པའོ་སྙམ་པའི་འདུ་ཤེས་ཙམ་པའི་བག་ཆགས་ཕྲ་མོ་ལྷག་མར་ལུས་པ་འདོད་པའི་ཁམས་སུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་བྱང་ཆུབ་ནས་བདུད་

རྣམ་བཞི་བཏུལ་བའོ། །དེ་ལ་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་སྙིང་པོ་ནི། ཨ་རྣམ་པ་བཞི་སྟེ། དེ་རྣམས་ཀྱི་སྒྲུབ་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །འདིར་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སྙིང་པོ་བདུད་བཞི་འཇོམས་པའི་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱི་

Vol. 69 · folio 166b

སྒྲུབ་པ་དང་ལས་རྣམས་འཆད་དེ། དེ་ཡང་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་འདུས་པ་ཐམས་ཅད་ལ་གཟིགས་ནས། ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིད་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཡི་

གེ་ཨ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བདུད་བཞི་བཅོམ་པ་དང་། ཏིང་ངེ་འཛིན་དེ་རྣམས་ཉིད་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་བཞིན་བྱིན་གྱིས་བརླབ་པའི་རིམ་པ་ཡང་འདི་ལྟ་སྟེ། ཡི་གེ་ཨ་ནི་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པར་ཆུད་པའི་ཏིང་ངེ་འཛིན་གྱི་སྒོ་མོ་སྟོན་པ་སྟེ། དེའི་སྒོ་ནས་

ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་མ་སྐྱེས་པར་ཆུད་དེ། དམིགས་སུ་མེད་ན་ཕུང་པོའི་བདུད་བཅོམ་པའོ། །ཡི་གེ་བ་ནི་ཆོས་ཐམས་ཅད་ངག་གི་ལམ་དང་བྲལ་བ་སྟོན་པའི་ཏིང་ངེ་འཛིན་གྱི་སྒོ་སྟེ། ངག་གི་ལམ་ནི་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་མེད་པར་ཆུད་དེ། རྣམ་

པར་མི་རྟོག་པས་ལྷའི་བུའི་བདུད་བཅོམ་མོ། །དེ་ལྟར་ཕུང་པོ་ལ་སོགས་པའི་ཆོས་རྣམས་དང་། དེ་ལ་དམིགས་པའི་རྣམ་པར་རྟོག་པ་མེད་ན། དེ་དག་ལ་ཆགས་པར་འགྱུར་བ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་མེད་པར་ཡི་གེ་རའི་སྒོ་ནས་མཚོན་ཏེ། ཆོས་ཐམས་ཅད་རྡུལ་དང་འདྲ་

བར་ཆུད་དེ། རྡུལ་ཆེ་བ་ནི་ཉོན་མོངས་པ་ལ་བྱ་སྟེ། དེས་ཉོན་མོངས་པའི་བདུད་བཅོམ་མོ། །ཡི་གེ་ཧ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུར་ཆུད་པའི་ཏིང་ངེ་འཛིན་གྱི་སྒོ་དེ་ཉོན་མོངས་པ་ལ་ལས་དང་ཚེ་འབྱུང་སྟེ། ཉོན་མོངས་པ་ལ་ལས་དང་ཚེ་ཡང་མི་འབྱུང་། ཚེ་མ་བྱུང་ན་འཆི་བར་མི་འབྱུང་སྟེ།

དེ་ལྟར་ཆུད་པས་འཆི་བའི་བདུད་བཅོམ་པའོ། །དེ་ལྟར་ཆོས་རྣམས་ཐོག་མ་ནས་མ་སྐྱེས་པ་ལ་སོགས་པའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཆུད་པའི་སྒོ་ནི་ཡི་གེ་ལ་སྟེ། ཆོས་ཐམས་ཅད་ནམ་མཁའ་དང་འདྲའོ་ཞེས་བསྟན་པའོ། །དེ་ལྟར་ཏིང་ངེ་འཛིན་དེ་རྣམས་ལ་ཀུན་རྫོབ་ཏུ་ཡང་ཡི་གེ་ཨ་ལ་

སོགས་པ་རེ་རེ་ལས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་ཡང་སྦྱར་ཏེ། ཡི་གེ་ཨའི་སྒོ་ནས་ཞུགས་པའི་ཏིང་ངེ་འཛིན་གྱི་ཕུང་པོའི་བདུད་བཅོམ་སྟེ། ཕུང་པོ་ནི་སྲ་ཞིང་ཁུར་ཁྱེར་ནུས་པའོ། །དེ་བཞིན་དུ་དེའི་རྗེས་མཐུན་པར་ཡི་གེ་ཨ་དེ་ལས། སའི་དཀྱིལ་འཁོར་དུ་གྱུར་ཏེ། ས་ཡང་སྲ་ཞིང་

Vol. 69 · folio 167a

ཁུར་ཁྱེར་བཟོད་པའོ། །ཡི་གེ་པ་ལས་རྣམ་པར་རྟོག་པ་དང་བྲལ་བའི་ཏིང་ངེ་འཛིན་གྱི་སྒོར་གྱུར་ཏེ། དེ་ནི་རྟོག་པ་ལ་སོགས་པའི་དྲི་མ་དག་པར་བྱེད་པའོ། །དེ་བཞིན་དུ་ཡི་གེ་བ་ལས་ཆུའི་དཀྱིལ་འཁོར་དུ་གྱུར་པའམ་དེའི་རྗེས་སུ་མཐུན་པ་སྟེ། མེ་ནི་ཐམས་ཅད་སྲེག་ཅིང་མེད་པར་

བྱེད་པའོ། །ཡི་གེ་ར་ལས་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་དུ་གྱུར་ཏེ། དེ་བཞིན་དུ་ཡི་གེ་ཧ་ལས་རླུང་གི་དཀྱིལ་འཁོར་དུ་གྱུར་པ་ཡང་། དེའི་རྗེས་སུ་མཐུན་པ་སྟེ། རླུང་ནི་ཐམས་ཅད་དུ་འཐོར་བའམ་འཇིག་པར་བྱེད་པའི་རང་བཞིན་ནོ། །ཡི་གེ་ཁ་ལས་ཆོས་ཐམས་ཅད་སྟོང་པ་ནམ་མཁའི་

རང་བཞིན་དུ་ཆུད་པའི་ཏིང་ངེ་འཛིན་དུ་གྱུར་ཏེ། དེ་བཞིན་དུ་ཡི་གེ་ཁ་ལས་ནམ་མཁའི་དཀྱིལ་འཁོར་དུ་གྱུར་པ་དང་ནམ་མཁའི་རང་བཞིན་དུ་མཐུན་ཏེ། དེ་དག་ནི་སྤྱིའི་དོན་ཏོ། །དེ་བཞིན་གཤེགས་པའི་ཡིད་ལས་བྱུང་། །ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལས་འབྱུང་ཞེས་པ་སྟེ། ཨ་ལ་སོགས་

པའི་སྟོང་པ་ཉིད་དེ་དག་ཉིད་ལ་བྱའོ། །ལས་དང་བྱ་བ་རྣམ་པར་རོལ་པ་ཞེས་བྱ་བ་ནི་གྲུབ་པ་རབ་ལ་སོགས་པ་དང་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་པའོ། །སྤྱོད་པ་ནི་རོལ་མོ་ཞེས་པ་ནི་རོལ་མོ་མཁན་དང་འདྲ་སྟེ། རོལ་མོ་མཁན་གྱི་གར་ལ་སོགས་པའི་རོལ་མོ་སྣ་ཚོགས་སྟོན་ཏེ། དེ་བཞིན་དུ་སྙིང་པོ་

འདི་རྣམས་ཀྱང་གྲུབ་པ་དང་ལས་སྣ་ཚོགས་སྟོན་པའི་ཕྱིར་རོ། །ཁམས་བཞི་འདུས་པ་ཞེས་པ་ནི། ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཀྱི་དཀྱིལ་འཁོར་རྣམས་སྙིང་པོ་འདི་རྣམས་ལས་བྱུང་བའི་ཕྱིར་རོ། །ནམ་མཁའ་དང་འདྲ་བར་ཁྱབ་པར་ཤེས་པ་ནི། འདི་ལྟར་ནམ་མཁའ་ཐམས་ཅད་དུ་ཁྱབ་པ་དེ་

བཞིན་དུ་སྙིང་པོ་དེ་རྣམས་ཀྱིས་ཀྱང་ཐམས་ཅད་དུ་ཁྱབ་པ་སྟེ། དེ་དག་ནི་སྙིང་པོ་དེ་རྣམས་ཀྱི་རང་བཞིན་བསྟན་པའོ། །སྣང་བ་དང་ནི་མི་སྣང་བའི་འབྲས་བུའི་གཙོ་ཞེས་པ་ནི་མཐུ་བསྟན་པ་སྟེ། སྣང་བ་ནི་རིག་འཛིན་ལ་སོགས་པའི་མངོན་སུམ་དུ་འགྱུར་བའོ། །མི་སྣང་བ་ནི་སངས་རྒྱས་ལ་སོགས་པའི་

འབྲས་བུ་རེ་ཞིག་ནས་ཐོབ་པ་སྟེ། དེ་ལྟ་བུ་མཆོག་གི་སྦྱིན་པ་བྱེད་པ་ཞེས་པའོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་ཞེས་པ་ནི། དེ་དག་གི་སྤྱོད་ཡུལ་དུ་གྱུར་པ་ཞེས་པ་སྟེ། ཉན་ཐོས་རྣམས་ཀྱང་ས་མ་ལུས་པ་དང་ཆུ་མ་ལུས་པ་ལ་སོགས་པའི་ཏིང་

Vol. 69 · folio 167b

ངེ་འཛིན་མངོན་དུ་བྱེད་དེ། དེ་ཡང་དཀྱིལ་འཁོར་དེ་དག་གི་རང་བཞིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཡང་ས་གཞི་ཐམས་ཅད་རིན་པོ་ཆེ་ལ་སོགས་པས་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ལ་སོགས་པ་ཡང་དཀྱིལ་འཁོར་འདི་དག་གི་རང་བཞིན་པའི་ཕྱིར་རོ། །སྔགས་

ཀྱི་སྒོར་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་རྣམས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནི་བསྟན་པ་འདི་ལ་ཞུགས་པ་རྣམས་གྲུབ་པ་ལ་སོགས་པ་འཐོབ་པའི་སྒོ་ནས་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཞེས་པ་ནི་བསྟན་པ་འདིར་

ཞུགས་པ་དང་མ་ཞུགས་པ་གཉིས་ཀ་སེམས་ཅན་ལ་ཕན་འདོགས་པ་སྟེ། ལས་དུ་མ་དང་ལྡན་པ་ནི་གདོན་དང་དུག་ལ་སོགས་པ་སེལ་བའི་ལས་སྣ་ཚོགས་དང་ལྡན་པའོ། །ཕྱག་ན་རྡོ་རྗེ་སྤྱོད་པའི་རོལ་མོ་ལས་བྱ་བ་མངོན་པར་འབྱུང་བ་འབྲས་བུའི་གཙོ་བོ་སེམས་ཅན་ཀུན་གྱི་མངོན་སུམ་པ་དེ་གང་

ཞེ་ན། གོང་དུ་སྨོས་པ་དེ་དག་ཉིད་དང་དངོས་སུ་བསྟན་པའི་ཕྱིར་རོ། །གང་ཞེ་ན་ཞེས་གསུངས་པའོ། །ཆོག་ཤེས་པས་ཐོག་མར་བྱས་པ་ནི། བདག་གི་དེ་ཉིད་རིམ་བཞིན་དུའོ། །ཞེས་པ་ནས་ཅི་སྨོས། དེ་ནི་བདག་ཉིད་ཀྱིས། རྒྱལ་བ་མཆོག་ཏུ་བསྒྱུར་ནའོ། །ཞེས་པའི་བར་དུ་སྔགས་པས་བདག་གི་དེ་ཁོ་ན་ཉིད་

སྦྱར་བ་དང་། དེའི་རྗེས་སུ་སྔགས་པ་འཆད་དེ། སྔགས་པས་བདག་གི་དེ་ཁོ་ན་ཉིད་སྦྱོར་བ་སྔོན་དུ་བྱས་ཏེ། དེ་ནས་སྔགས་ཀྱི་ཡི་གེ་རྣམས་ལུས་ལ་སོ་སོའི་གནས་སུ་བཀོད་དེ། དབང་ཆེན་གྱི་དཀྱིལ་འཁོར་ལ་སོགས་པར་བསྒྱུར་ནས། དེ་དག་གི་བསྒྲུབ་པ་དང་ལས་ལ་སོགས་པ་ལ་འཇུག་གོ། །

རིམ་པ་དེ་ལྟ་བུར་འཇུག་པ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཆོས་རྣམས་ཐོག་མ་ནས་མ་སྐྱེས་པ་སྟོང་པའི་རང་བཞིན་དུ་མངོན་པར་བྱང་ཆུབ་པ་ནས། དེའི་འོག་ཏུ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་ཟད་པ་ལ་སོགས་པའི་རྒྱན་རྣམས་ཀུན་རྫོབ་ཀྱི་ཚུལ་དུ་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་སྟོན་ཏེ།

དེ་བས་ན་སྔགས་པས་ཀྱང་བདག་གི་དེ་ཁོ་ན་ཉིད་སྟོང་པར་དམིགས་པ་སྔོན་དུ་བྱས་ཏེ། ཡི་གེ་དགོད་པ་དང་བཟླས་པ་ལ་སོགས་པ་ཕྱིས་བྱའོ། །དེ་ལ་ཆོག་ཤེས་པར་ཐོག་མར་བྱས་པ་ནི་བདག་གི་དེ་ཉིད་རིམ་བཞིན་ནོ་ཞེས་པ་ནས་དེའི་སངས་རྒྱས་ཀུན་གྱི་བདག་གི་དེ་ཉིད་བར་གསུངས་ཞེས་པའི་བར་དུ་

Vol. 69 · folio 168a

བདག་གི་དེ་ཉིད་སྦྱོར་བ་སྟེ། བདག་གི་དེ་བཞིན་ཉིད་ཅེས་པ་ནི། སྔགས་མཁན་རང་གི་སྙིང་པོ་ཡང་། ཡི་གེ་ཨའི་སྒོ་ནས་ཐོག་མ་ནས་མ་བྱུང་མ་སྐྱེས་པར་སྟོང་པར་བཤིགས་ཏེ། དེ་བས་ན་ཨ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཁ་དོག་ཤིན་ཏུ་སེར་ཞིང་ལྕི་བ་བསམས་ཏེ། དེའི་

སྟེང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། དེ་ལྟ་བུར་བདག་ཉིད་ཀྱི་ལུས་ལ་བསམས་ཏེ། དེ་བས་ན་གསུངས་པ་ཆོག་ཤེས་པས་ཐོག་མར་བྱའོ་ཞེས་པ་ལ་སོགས་པ་སྟེ། བདག་གི་དེ་ཉིད་རིམ་བཞིན་དུའོ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་བཞིན་བྱས་ཤིང་། ལྷའི་གཟུགས་སུ་

བསྒྲུབ་པ་ལ་སོགས་པའི་ལས་རིམ་པ་བཞིན་དུ་བྱའོ་ཞེས་པའོ། །སྔགས་མཁན་འདུག་ནས་སྔ་མ་བཞིན་དུ་ཞེས་པ་ནི། གོང་དུ་དེ་བཞིན་གཤེགས་པའི་སྙིང་པོ་བཤད་པའི་རིམ་པ་བཞིན་དུ་འདུག་ནས་ཞེས་པའོ། །དེ་བཞིན་གཤེགས་པ་དྲན་པར་བྱ། །ཞེས་པ་ནི་སློབ་པ་ལ་སོགས་པའི་ལས་

རྣམས་བྱ་ན། དེ་བཞིན་གཤེགས་པ་མདུན་དུ་བསམ་པར་བྱ་སྟེ། སྔགས་དག་རིག་པ་ལ་སོགས་པ་དམིགས་པའི་ཡུལ་ཡིན་པའི་ཕྱིར་རོ། །གཉིས་སུ་ན་དེ་བཞིན་གཤེགས་པ་མདུན་དུ་བསམས་ནས་བགེགས་མེད་པའི་ཕྱིར་རོ། །བདག་ཉིད་ཨ་རུ་བྱ་བ་ནི་འཁོར་བ་དང་བཅས་པ་རྒྱས་

པར་ཏེ་ཞེས་པའི་བདག་ཉིད་ཡི་གེ་ཨ་ལས་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསམས་ཏེ། ཀླད་ཀོར་གྱིས་ནི་འཛིན་པར་བྱེད་པའི་ཡེ་ཤེས་ཀྱང་སྟོང་པ་ཉིད་དུ་སྟོན་པ་སྟེ། གཟུང་བ་དང་འཛིན་པ་མེད་པར་སྟོང་པའི་རང་བཞིན་དུ་བསྒྱུར་བར་བྱའོ་ཞེས་པའོ། །ཐམས་ཅད་ཁ་དོག་སེར་ཞིང་བཟང་། །གྲྭ་བཞི་

ལ་ནི་རྡོ་རྗེས་མཚན། །ཞེས་པ་ནི་སྟོང་པའི་རང་བཞིན་དུ་གྱུར་པ་དེ་ལས། དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་ཁ་དོག་ཤིན་ཏུ་སེར་བ་རྡོ་རྗེའི་མཚན་མ་བཏབ་པ་བསམ་མོ་ཞེས་པའོ། །སྔགས་པ་དེར་འདུག་བསམ་པ་ནི། །རྫོགས་པའི་སངས་རྒྱས་ཀུན་གྱི་གཙོ། །ཞེས་པ་ནི་དཀྱིལ་འཁོར་དེའི་སྟེང་ན་

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསམས་ཏེ། །དེ་ཡང་བདག་གི་ལུས་ཉིད་དེ་ལྟར་བསམ་པར་ཤེས་པར་བྱའོ། །ནམ་ཞིག་སྔགས་པ་དེ་ཐེ་ཚོམ། །མེད་བདག་ཉིད་ཡང་དག་འགྱུར་ན། །ཞེས་པ་ནི་བདག་གི་དེ་ཁོ་ན་ཉིད་སྟོང་པར་དམིགས་པ་དང་། ལྷའི་གཟུགས་སུ་གསལ་བར་སྣང་

Vol. 69 · folio 168b

བ་ཐེ་ཚོམ་མེད་པར་གྱུར་ནས་ཞེས་པ་སྟེ། སྟོང་པ་ཉིད་དུ་ཐེ་ཚོམ་མེད་པར་གྱུར་པ་ཡང་ཏིང་ངེ་འཛིན་དག་པ་དང་། ཇི་བཞིན་པ་དང་བྲལ་བ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤང་བ་ན། ཇི་ལྟ་བ་ཉིད་དུ་ཐེ་ཚོམ་མེད་པའོ། །ལྷའི་གཟུགས་སུ་གསལ་བ་ཐེ་ཚོམ་མེད་པ་ཡང་། ཏིང་ངེ་འཛིན་ལྷའི་

གཟུགས་སུ་ཀུན་དུ་གསལ་བ་དང་། རྣམ་པར་སྤང་བ་ནི་ཇི་བཞིན་པ་ཉིད་དུ་ཐེ་ཚོམ་མེད་པ་ཞེས་པ་སྟེ། ནམ་ཞིག་སྔགས་པ་རབ་ཏུ་མོས་པའི་སེམས་ཀྱིས་བྱེད་པར་གྱུར་ན། འོག་ནས་འབྱུང་བའི་རྗེས་སུ་སྔགས་པ་རྣམས་ཐོབ་སྟེ། འོན་ཀྱང་འགྱུར་བའི་འཇིག་རྟེན་པ་ཀུན་ལ་ཕན་པར་བྱེད་པ་སྟེ།

ཞེས་པ་ནི་གྲུབ་པ་ལ་སོགས་པ་ཐོབ་པའི་སྒོ་ནས། སེམས་ཅན་རྣམས་ལ་ཕན་གདགས་ནུས་ཏེ། དེ་ནི་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པའོ། །ངོ་མཚར་མང་པོ་དང་ཡང་ལྡན། །མིག་འཕྲུལ་རྣམས་ཀྱི་གནས་ན་འདུག །ཅེས་པ་ནི་རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་ནས། མིག་འཕྲུལ་

མཁན་དང་འདྲ་བར་རྫུ་འཕྲུལ་ངོ་མཚར་སྣ་ཚོགས་རྣམས་བྱེད་ནུས་པར་འགྱུར་ཞེས་པ་སྟེ་མཐུ་ཕུན་སུམ་ཚོགས་པའོ། །ཐོག་མ་མེད་ནས་བསགས་པ་ནི། །མ་རིག་སོགས་པས་དོག་པ་རྣམས། །དེ་དག་ཐམས་ཅད་འབྱུང་བ་ནི། །སྔགས་པ་ནམ་ཞིག་སྙོམས་ཐུབ་ནའོ། །ཞེས་པ་ནི་ཐོག་མ་མེད་

པའི་དུས་ནས་མ་རིག་པའི་དབང་གིས་འཁོར་བ་དོག་པ་ན། མི་དགེ་བ་དང་ཉོན་མོངས་པའི་ལས་བསགས་པ་སྦྱོར་བ་དེ་ལྟ་བུ་ལ་སྙོམས་པར་ཐུབ་ན། དེ་དག་ཐམས་ཅད་བྱང་བར་འགྱུར་རོ་ཞེས་པ་སྟེ། དེ་ནི་སྤོང་བ་ཕུན་སུམ་ཚོགས་པའོ། །ནམ་ཞིག་སེམས་ནི་བསྒོམ་བྱ་བ། །བླ་ན་མེད་པའི་བྱང་

ཆུབ་སེམས། །དེ་ནས་སྔགས་པ་ལས་རྣམས་ནི། །དགེ་དང་མི་དགེ་ལས་བྱུང་བའི། །སྦྱོར་བ་རྟག་ཏུ་མི་གོས་པ། །པདྨོ་ཆུས་མི་ཆགས་དང་འདྲའོ། །ཞེས་པ་སྟེ་བྱང་ཆུབ་ཀྱི་སེམས་ཏེ་སྟོང་པའི་མཚན་ཉིད་པས་དགེ་བ་དང་མི་དགེ་བའི་ལས་ལ་སོགས་པའི་འབྲས་བུ་དངོས་པོ་རྣམས་ཀྱི་གཉེན་པོ་

ཡིན་པའི་ཕྱིར་རོ། །དེ་ལ་མི་དགེ་བའི་འབྲས་བུ་མི་གོས་པ་ནི་རིགས་ན་དགེ་བའི་འབྲས་བུ་མི་གོས་ན། ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་འབྲས་བུ་ཡང་མེད་དམ་ཞེ་ན། བྱང་ཆུབ་ཀྱི་སེམས་ནི་སྟོང་པའི་རང་བཞིན་པས། དགེ་བ་དག་དམིགས་སུ་མེད་པར་འགྱུར་མོད་ཀྱི། དེ་ལས་

Vol. 69 · folio 169a

ལངས་ནས་ཕྱིས་སྦྱོར་བ་བདག་འཚང་རྒྱ་བའི་རྒྱུར་གྱུར་པའི་ལུས་དང་། ལོངས་སྤྱོད་ལ་སོགས་པ་དང་ལྡན་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་པས་དགེ་བའི་ལས་ཀྱི་འབྲས་བུའི་བག་ཆགས་སླར་ལྟ་བར་འགྱུར་རོ། །ཅི་སྨོས་དེ་ནི་བདག་ཉིད་ཀྱིས། །རྒྱལ་བ་མཆོག་

ཏུ་བསྒྱུར་ནའོ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་འབའ་ཞིག་བསྒོམས་པས་ཀྱང་། དེ་ལྟར་གྱུར་ན་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སྦྱོར་བ་པ་དེ་བདག་ཉིད་སངས་རྒྱས་ཀྱི་སྐུར་བསྒྱུར་བ་ནི། མི་དགེ་བ་ལ་སོགས་པའི་ལས་ཀྱིས་མི་གོས་པར་གྱུར་པ་ལྟ་ཅི་སྨོས་ཞེས་པའོ། །དེ་ནས་བཅོམ་ལྡན་

འདས་རྣམ་པར་སྣང་མཛད་བདུད་བཞི་རབ་ཏུ་འདུལ་བ་རྡོ་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་པ་ནི། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་ཞུགས་ནས་བདུད་བཞི་ལས་རྒྱལ་བར་བྱེད་པ་དང་། རྡོ་རྗེ་རྣམ་པར་རོལ་པའི་སྔགས་རྣམས་འབྱུང་བས་ན། ཏིང་

ངེ་འཛིན་དེ་བདུད་བཞི་ལས་རྒྱལ་བ་རྡོ་རྗེ་རྣམ་པར་རོལ་པ་ཞེས་བྱའོ། །དེ་ལ་བདུད་བཞི་ལས་རྒྱལ་བ་ཞེས་བྱ་བ་ནི། སྤོང་བ་ཕུན་སུམ་ཚོགས་པའོ། །རྡོ་རྗེ་རྣམ་པར་རོལ་པ་ཞེས་པ་ནི་རྡོ་རྗེ་དང་འདྲ་བར་ཅིས་ཀྱང་མི་ཚུགས་པར་རྣམ་པར་རོལ་པ་སྤྲུལ་པ་སྟེ། མཐུ་ཕུན་སུམ་ཚོགས་པའོ། །དེ་

བས་ན་གསུངས་པ། བདུད་བཞི་ལས་རྒྱལ་བར་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་ཡི་གེའི་ཚིག་འདི་རྣམས་གསུངས་སོ་ཞེས་པ་དང་འབྲེལ་ཏོ། །བདུད་བཞི་ལས་རྒྱལ་བ་ཞེས་པ་ནི་སྔ་མ་བཞིན་ནོ། །རྒྱུད་དྲུག་རྣམ་པར་རོལ་པ་ཞེས་པ་ནི་ཡི་གེ་རྣམས་ཀྱི་སྒོ་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་

ལ་ཞུགས་ན། རྒྱུད་དྲུག་ལ་སོགས་པ་ཐམས་ཅད་དམིགས་སུ་མེད་པར་ཆུད་པ་རྒྱུད་དྲུག་ལས་རྣམ་པར་གྲོལ་ལོ། །གཉིས་སུ་ཡི་གེ་དེ་རྣམས་ཀྱི་སྒོ་ནས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱར་ཞིང་། རིག་འཛིན་ལ་སོགས་པའི་གྲུབ་པ་ཐོབ་ནས་རིམ་གྱིས་ས་ལ་བླ་མ་ལ་འཕར་བས་ན།

རྒྱུད་དྲུག་ལས་རྣམ་པར་གྲོལ་ལོ་ཞེས་པ་སྟེ། སྔགས་དེ་རྣམས་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའོ། །ཐམས་ཅད་མཁྱེན་གྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནི། ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། གོང་མའི་རིམ་གྱིས་ཞུགས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་

Vol. 69 · folio 169b

འགྱུར་བའི་ཕྱིར་རོ། །སྔགས་ཀྱི་ཡི་གེ་འབྲུ་རྣམས་ལས་བདུད་བཞི་འཇོམས་པའི་ཏིང་ངེ་འཛིན་དང་། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་འགྱུར་བའི་རིམ་པ་ནི་གོང་དུ་བཤད་ཟིན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་དང་། རྡོ་རྗེ་འཛིན་པ་དེ་དག་དང་ཞེས་པ་ནས། གང་གི་

སེམས་ཅན་ཐེག་ཆེན་གྱི། །སྔགས་ཀྱི་སྤྱོད་པ་བླ་མེད་ལ། །མཐོང་བའི་ཆོས་ལ་བདེར་སྤྱོད་པ། །རྣམ་པར་སྤྱོད་པ་དགའ་བར་རོ། །ཞེས་པའི་བར་དུ་བཅོམ་ལྡན་འདས་ཀྱི་སྔགས་གསུངས་པ་སྟེ། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། སྔགས་དེ་རྣམས་ཀྱི་

མཐུ་དང་ཡོན་ཏན་རྣམས་ཆུད་ན་ངོ་མཚར་དུ་འགྱུར་ཏེ། སྔགས་དེ་རྣམས་ཀྱི་རྗེས་སུ་བསྔགས་པ་རྙེད་ནས། སོ་སོའི་གནས་སུ་དགོངས་པ་ཆོ་ག་རྣམས་བཤད་དུ་གསོལ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་ཀུན་ཏེ་ཞེས་པ་ནི་སྙིང་པོ་འདི་རྣམས་སངས་རྒྱས་དང་

བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཐམས་ཅད་བྱེད་པ་དོན་གྱི་མཆོག་གོ་ཞེས་པའོ། །དེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐྱོང་བ་རྣམས་དང་། རང་སངས་རྒྱས་དང་འཇིག་རྟེན་འདི་ཡིན་ན་ཉན་ཐོས་པ་གང་དཔའ་བོ་རྣམས་སའི་སྟེང་ན་མ་ལུས་པར་རྫུ་འཕྲུལ་རྣམ་པ་དུ་མར་སྤྱོད་དོ་ཞེས་

པ་ནི་སྙིང་པོ་འདི་རྣམས་ཀྱི་མཐུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྫུ་འཕྲུལ་སྣ་ཚོགས་སྤྱོད། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཏིང་ངེ་འཛིན་གྱིས་ནམ་མཁའ་སྟོང་པ་ལ་སར་བསམས་ཏེ། དེ་ལ་སྤྱོད་ལམ་བཞིར་གནས་པ་དང་། རོ་སྨད་ལ་ཆུ་འབྱུང་། རོ་སྟོད་

ལ་མེ་འབྱུང་བ་དང་། རླུང་གི་དཀྱིལ་འཁོར་བསམས་ནས། རི་ལ་སོགས་པ་ཡང་འཇིག་པར་བྱེད་པ་ལ་སོགས་པ་རྫུ་འཕྲུལ་སྣ་ཚོགས་སྤྱོད་དོ་ཞེས་པའོ། །དེ་དག་ཐོབ་པ་དཔེ་མེད་ཡེ་ཤེས་ཏེ། །སངས་རྒྱས་ཡེ་ཤེས་བླ་ན་མེད་པའོ། །ཞེས་པ་ནི་དེ་ལྟར་རྫུ་འཕྲུལ་སྣ་ཚོགས་སྤྱད་ནས་ཀྱང་། སྙིང་

པོ་འདི་རྣམས་ཀྱི་མཐུས། རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་པའོ། །དེ་བས་ན་སོ་སོའི་ཆོ་ག་རྒྱས་པར་བཞག་པའི་ལས་རྣམས་སོ་སོར་བསྟན་པ་འདི་ལ་བཤད་པར་གསོལ་ཞེས་པ་ནི། སྔགས་དེ་རྣམས་ལས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དུ་

Vol. 69 · folio 170a

བསྒྱུར་བའི་ཆོ་ག་དང་། སོ་སོར་དགོད་པ་དང་ལས་རྣམས་སྤྱོད་པ་བསྟན་པ་འདི་བཤད་དུ་གསོལ་ཞེས་པའོ། །གང་གི་སེམས་ཅན་ཐེག་པ་ཆེན་པོའི་སྔགས་ཀྱི་སྤྱོད་པ་བླ་ན་མེད་པ་མཐོང་བའི་ཆོས་ལ་ཡང་སྤྱོད་པ་ནི། རྣམ་པར་སྤྱོད་པ་དགའ་བར་རོ། །ཞེས་པ་ནི་དེ་དག་བཤད་

པ་ཡང་སེམས་ཅན་རྣམས་མཐོང་བའི་ཆོས་ལ་མངོན་པར་འབྱུང་བའི་བདེན་པ་ཐོབ་པའི་ཕྱིར། དེ་རྣམས་བཤད་དུ་གསོལ་པ་སྟེ་བཤད་པའི་དགོས་པ་བསྟན་པའོ། །ད་ནི་གོང་དུ་བཤད་པ་དེ་རྣམས་སོ་སོའི་ལས་རྣམས་བཤད་དེ། ལས་དེ་རྣམས་ཀྱང་སྔགས་པ་བདག་རང་ཡི་གེ་ཨ་ལས་སྔ་མ་

བཞིན་དུ་སྟོང་པ་ཉིད་དུ་བསམས་ཏེ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དབང་ཆེན་ལ་བཞུགས་པར་བདག་ཉིད་བསམས་ཏེ། ལུས་ཀྱི་ནང་དུ་དབང་ཆེན་གྱི་དཀྱིལ་འཁོར་བསམ་ལ། དེ་ཡི་གེ་རྣམས་རིམ་བཞིན་དུ་བསམས་ཏེ། དེ་བས་ན་གསུངས་པ་དེའི་ཡང་ས་གཞི་རྡོ་རྗེ་

ཆེན་པོར་བྱིན་གྱིས་བརླབས་ནས། ཉིད་ཀྱི་སྐུ་ལས་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་བསྟན་པར་དགོངས་ཏེ་གསུངས་པ་ཞེས་པ་ལ་སོགས་པ་སྟེ། ས་གཞི་རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་ནས་ཞེས་པ་ནི། སྐུ་དབང་ཆེན་གྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་ཞེས་པའོ། །ཉིད་ཀྱི་སྐུ་ལས་

བྱང་ཆུབ་ཀྱི་སྙིང་པོ་ཉེ་བར་བསྟན་པ་ནས་ཞེས་པ་ནི། དེ་ལྟར་དབང་ཆེན་གྱི་དཀྱིལ་འཁོར་དུ་བསྒྱུར་བ་ལས་ཨ་ལ་སོགས་པའི་ཡི་གེ་རྣམས་དགོད་པར་བསྟན་པ་སྟེ། ཡི་གེ་རྣམས་ཉིད་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་གྱི་སྒོ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་སྟེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་

དབང་ཆེན་གྱི་དཀྱིལ་འཁོར་དུ་སྔར་བྱིན་གྱིས་བརླབས་ནས། ཕྱིས་ཡི་གེ་རྣམས་དགོད་པར་བསྟན་པ་ཡང་མ་འོངས་པའི་འགྲོ་བ་རྣམས་ཀྱིས་ཀྱང་ཚུལ་འདི་ལྟར་བྱའོ་ཞེས་བསྟན་པའོ། །ཨ་དེ་རབ་ཏུ་ཤེས་བྱ་བ། །དབང་ཆེན་གྱི་དཀྱིལ་འཁོར་བཅས་པ། །ཕྱི་རོལ་དང་ནི་ནང་དུ་ཡང་། །རྡོ་རྗེ་

དཀྱིལ་འཁོར་ཤེས་པར་བྱ། །ཞེས་པ་ནི་གོང་དུ་བཤད་པའི་རིམ་གྱིས་ཡི་གེ་ཨ་ལས་བདག་གི་ལུས་ལས་སངས་རྒྱས་ཀྱི་སྐུ་དབང་ཆེན་གྱི་དཀྱིལ་འཁོར་དང་བཅས་པར་བསམ་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དེ་རྡོ་རྗེའི་མཚན་ཉིད་བཏབ་ཅེས་པའོ། །དེ་འདུག་

Vol. 69 · folio 170b

ནས་ཀུན་བསམས་ཞེས་པ་ནི། ཡི་གེ་ཨ་ལ་སོགས་པ་རྣམས་རིམ་བཞིན་དུ་དེ་ལས་བསམས་ཞེས་པའོ། །སྦྱོར་བ་བསྟན་ཞེས་གསུངས་པ་ནི། དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་སྐུ་དེ་ལ། སྦྱོར་བ་གནས་པས་སྦྱོར་བ་བསྟན། །ཞེས་པའོ། །ཨ་ནི་སྲོག་གི་གཙོ་བོ་སྟེ། །འདྲེན་

པའི་མཆོག་ཅེས་བྱ་བ་ཡིན། །ཞེས་པ་ནི་སྔགས་པ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་ནས། ཡི་གེ་ཨ་དེ་ཁ་དོག་གསེར་བཙོ་མ་འདྲ་བ། ནང་གི་དཀྱིལ་འཁོར་གྱེན་དུ་དབུགས་ཀྱི་རླུང་གིས་ཕུལ་བ་དང་འདྲ་བར་བསམས་ལ། བདག་གི་སྣའི་བུ་ག་ནས་བྱུང་སྟེ། ཕ་རོལ་པོ་ནད་པའི་

སྣའི་བུ་གར་ཞུགས་ནས་ཁོང་ཐམས་ཅད་དུ་ཁྱབ་པ་ནི། ཆུའི་ནང་དུ་རས་བཏིང་བའམ། གཡག་རྔ་བཀྲམ་པ་དང་འདྲ་བར་བསམས་ཏེ། སླར་ཡིད་ཀྱི་ཨ་དེ་དབུགས་དང་བཅས་པར་དྲང་བར་བསམ་པ་ནི། རས་སམ་གཡག་རྔ་ཆུ་ནང་དུ་བཀྲམ་པའི་དཔུང་ནས་བཟུང་ནས་དྲངས་ནས་ཞུམ་པར་

འགྱུར་བ་དེ་ལྟར་བསམས་ཏེ། དེས་ནད་ཐམས་ཅད་ཨའི་རང་བཞིན་དུ་འདུས་ཏེ། སླར་ནད་པའི་སྣ་ནས་བྱུང་སྟེ། བདག་གི་ཁོང་དུ་ཞུགས་པར་བསམ་མོ། །དེ་བཞིན་དུ་ལན་མང་དུ་གོམས་པར་བྱས་ནས་ཐམས་ཅད་འདྲེན་པར་འགྱུར་རོ། །དེ་བཞིན་དུ་སེམས་དྲང་ན་ཡང་ཨ་དེ་སྔ་མ་བཞིན་དུ་

རླུང་དང་བཅས་པར་བདག་གི་ལུས་ལས་ཕ་རོལ་གྱི་ལུས་ལ་འཇུག་པར་བསམས་ཏེ། ཁྱད་པར་དུ་བདག་གི་དབུགས་དང་། ཕ་རོལ་གྱི་དབུགས་གཉིས་འདྲེས་ཏེ་གཅིག་ཏུ་གྱུར་པར་བསམས་ཏེ། ཨ་སྔ་མ་བཞིན་དུ་སླར་དྲངས་ན་དབང་དུ་འགྱུར་རོ། །དེ་བཞིན་དུ་ཨ་དེས་བསྒྲུབ་པར་བྱ་

བའི་མིག་ལ་སོགས་པའི་དབང་པོའི་རྒྱུད་དུ་ཁྱབ་པར་བསམས་ཏེ། སླར་དྲངས་ན་རྐང་པས་འོང་བར་འགྱུར། ཡང་སྔ་མ་བཞིན་དུ་བསམས་ཏེ། ཨ་དེས་བསྒྲུབ་པར་བྱ་བའི་ལུས་ཀྱི་ནང་ཐམས་ཅད་དུ་ཁྱབ་པར་བསམས་ཏེ། སླར་དྲངས་ན་རིལ་པོར་དྲངས་པར་འགྱུར་རོ། །ཀླད་ཀོར་བཞག་

ན་ནི་སེམས་ཅན་ཀུན་གྱི་སྡུད་པར་འགྱུར་ཞེས་པ་ནི། སྔགས་པ་འདིར་ཟླ་བ་གཅིག་ཏུ་ཞེས་པ་ནས། མི་གཡོ་བ་ཤིན་ཏུ་མི་ཕྱེད་པ་དང་། ལྷ་དང་ལྷ་མ་ཡིན་གྱིས་སོ་ཞེས་པའི་བར་དུ་བསླབ་པ་ལས་བྱུང་བའི་གྲུབ་པ་བཤད་དེ། བདག་གི་སྔ་མ་བཞིན་དུ་བསྒྱུར་ནས། སྔ་དྲོ་མེལ་ཚེ་ཐུན་གཅིག་

Vol. 69 · folio 171a

གུང་ལ་མེལ་ཚེ་ཐུན་གཅིག་ཏུ་བཟླས་པ། ཟླ་བ་གཅིག་གི་བར་དུ་བྱས་ན་མ་རིག་པ་བསལ་བར་འགྱུར་ཞིང་། ལྷ་དང་ལྷ་མ་ཡིན་ལ་སོགས་པས་མི་ཚུགས་པར་འགྱུར་ཞེས་པའོ། །ལས་གང་རྒྱས་པར་འགྱུར་བ་དང་། །བདག་གི་རྙེད་པ་སྒྲུབ་པ་ཡང་། །དེ་དག་རྟག་ཏུ་སྔགས་

མཁན་གྱིས། །ཕྱེ་བའི་དཀྱིལ་འཁོར་དབུས་སུ་སྟེ། །ཞེས་པ་ནི་རྒྱས་པའི་ལས་དང་། བདག་གི་ལོངས་སྤྱོད་དུ་འགྱུར་བ་ལ་སོགས་པ་ཡང་། དཀྱིལ་འཁོར་ལ་གནས་ཏེ་སྒྲུབ་བོ་ཞེས་པའོ། །གསེར་གྱི་ཁ་དོག་འབར་བར་བཅས། །ཐོར་ཚུགས་ཅོད་པན་འཆང་བ་ནི། །རྫོགས་པའི་སངས་

རྒྱས་ཏིང་འཛིན་བཞུགས། །དེ་ནི་དབང་ཆེན་གནས་ཞེས་བྱའོ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་ཀྱི་སྐུ་འདི་ལྟ་བུར་ཞུགས་པར་བསམ་ཞེས་པའོ། །རྡོ་རྗེ་པདྨོ་རལ་གྲིའམ། །ཞེས་པ་ནས། དབང་ཆེན་དུ་ནི་བསྒོམ་བྱས་ཏེ། །སྒྲུབ་བོ་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་

པའི་རྫས་དེ་རྣམས་སྔགས་པ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་ནས། རྒྱུད་གཞན་དག་ལས་འབྱུང་བའི་རིམ་གྱིས་སྒྲུབ་བོ་ཞེས་པའོ། །ད་ནི་གནས་པ་རབ་བཤད་ཀྱིས། །དེ་ནི་རྩེ་གཅིག་ཏུ་ཡང་ཉོན། །ཞེས་པ་ནས་མི་གཡོ་འདུག་པར་འགྱུར་ཞེས་པའི་བར་དུ་ཕ་རོལ་གྱི་རྒོལ་བ་ལ་

སོགས་པ་གནན་པར་བྱ་བ་སྟེ། སྔགས་པས་སྔ་མ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པར་བསམས་ནས་གནན་པར་བྱ་བའི་སྤྱི་བོར་རི་རབ་ཤིན་ཏུ་སེར་ལ་ལྕི་བ་རྩེ་མོ་བརྒྱད་པ་བསམས་ཏེ། དེའི་སྟེང་དུ་པདྨོ་བསམ། པདྨོའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་བསམ། དེའི་སྟེང་དུ་ཨ་དེ་ལས་

བཅོམ་ལྡན་འདས་ཀྱི་སྐུ་བསམས་ཏེ། མནན་པར་གནས་པ་རྣམས་ཀྱི་སྤྱི་བོར་ནོན་པར་བསམས་ན། ཐམས་ཅད་མི་གཡོ་བར་འགྱུར་རོ་ཞེས་པའོ། །སྨན་ལ་ཡང་ན་ལན་བརྒྱ་རུ། །ཞེས་པ་ནས་དེའི་ནད་མེད་པར་འགྱུར་བ་ནི། སྔོན་གྱི་ལས་ལས་བྱུང་བ་རྣམས་སོ་ཞེས་པའི་བར་དུ་ནི་བདག་སྔ་

མ་བཞིན་དུ་བསམས་ཏེ། སྨན་ལ་ལན་བརྒྱ་སྔགས། ནད་པ་ལ་བླུད་ན་ནད་འཚོ་བར་འགྱུར་རོ་ཞེས་པའོ། །དེ་ལས་གཞན་ཡང་གཙོ་བོ་ཞེས་པ་ནས་རབ་ཏུ་སྡུད་པའི་མཆོག་ནི་ཀླད་ཀྱི་འཁོར་དང་བཅས་པའོ་ཞེས་པའི་བར་དུ་བའི་སྒྲུབ་པ་རྣམས་བཤད་པ་སྟེ། ཡི་གེ་བསམ་པ་ཡང་དབང་ཆེན་

Vol. 69 · folio 171b

གྱི་དཀྱིལ་འཁོར་དུ་བསམ་པ་ནི་སྔ་མ་བཞིན་ཏེ། དེ་ལ་ཁྱད་པར་དུ་ནང་གི་དབང་ཆེན་གྱི་དཀྱིལ་འཁོར་ལྟེ་བའི་ཐད་ཀར་བསམ་མོ། །ཁ་བ་འོ་མའམ་དུང་འདྲ་བར། །ལྟེ་བའི་དབུས་ནས་བྱུང་བར་དེ། །ཞེས་པ་ནས། ཁ་བའི་ཕུང་པོའི་དབུས་ན་ཞུགས། །གདུག་པ་ཀུན་ཀྱང་རབ་ཏུ་ཞི། །

ཞེས་པའི་བར་དུ་བའི་ལས་གཅིག་བཤད་པ་སྟེ། བདག་ཉིད་དབང་ཆེན་གྱི་དཀྱིལ་འཁོར་དུ་བསྒྱུར་ན། ནང་གི་རྡོ་རྗེའི་དཀྱིལ་འཁོར་ལྟེ་བའི་ཐད་ཀར་བསམ་སྟེ། དེའི་སྟེང་དུ་པདྨོ་དཀར་པོ་ཁ་བ་འོ་མ་དུང་འདྲ་བ་ལྟེ་བའི་ནང་ནས་འབྱུང་བ་འདུག་པར་བསམས་ཏེ། པདྨོའི་སྟེང་དུ་ཡི་གེ་བ་སྟོན་

གྱི་ཟླ་བའི་ཁ་དོག་འདྲ་བ་བསམས་ལ། བ་ལ་ཆུ་རྒྱུན་དགུ་འབྱུང་བས་བསྐོར་ཏེ། ཆུའི་དཀྱིལ་འཁོར་ཟླ་བའི་འོད་འདྲ་བ་དེའི་གཞིར་གྱུར་པ་བསམས་ལ། ཡི་གེ་བ་དེ་ཡང་བུམ་པ་འདྲ་བ་སྨུག་པའི་ཟིལ་པ་དཀར་པོ་འདུས་པ་འདྲ་བའི་ནང་ན་འདུག་པར་བསམས་ཏེ། བདག་གི་ལུས་ཀྱི་

ནང་ཐམས་ཅད་ཁྱབ་པར་བསམས་ན། གདུག་པ་དང་ཚ་བའི་རིམས་ལ་སོགས་པ་ཐམས་ཅད་འབྱང་བར་འགྱུར་རོ། །དེ་བཞིན་དུ་བདག་གི་ལུས་དབང་ཆེན་གྱི་དཀྱིལ་འཁོར་ལ་འདུག་པར་བསམས་ལ་གཞན་གྱི་ལུས་ལ་དེ་བཞིན་དུ་བསམས་ན། གདུག་པ་དང་ཚ་བའི་རིམས་ལ་སོགས་

པ་འབྱང་བར་འགྱུར་རོ། །འོ་མ་མུ་ཏིག་ཕྲེང་དཀར་དང་། །ཞེས་པ་ནས། སྔགས་པ་ཡིད་ལ་བསམས་ན་ནི། །གདུག་པ་ཀུན་ལས་ཐར་བར་འགྱུར། །ཞེས་པའི་བར་དུ་བའི་ལས་གཞན་ཏེ། ཡི་གེ་བདེ་སྔ་མ་བཞིན་དུ་བསམས་ནས་སྨུག་ཟིལ་མེད་པར་དེ་ལ་ཆུ་རྒྱུན་དཀར་པོ་འབྱུང་སྟེ། ཆུ་

རྒྱུན་དེས་བ་དེ་ལ་འཁོར་ནས་འཁྱིལ་བར་འདུག་པར་བསམས་ལ། དེ་བདག་གི་དབུགས་ཀྱིས་བསྐྱོད་ནས་རང་གི་ལུས་ཐམས་ཅད་དུ་ཁྱབ་པར་བསམས་ན། དེས་གདུག་པ་ལ་སོགས་པའི་ནད་རྣམས་ཞི་བར་འགྱུར་རོ། །དེ་བཞིན་དུ་ཕ་རོལ་བསམས་ན་ཡང་། གདུག་པ་ལ་སོགས་

པའི་ནད་རྣམས་དེ་བཞིན་དུ་ཞི་བར་འགྱུར་རོ། །དཀྱིལ་འཁོར་དེ་ལ་སྒྲུབ་པ་ནི། །དངོས་པོ་འདི་རྣམས་ཐུབ་སེམས་ཀྱིས། །ཞེས་པ་ནས་དེ་ནི་ཞི་བྱེད་དཔལ་ལྡན་པའི་དཀྱིལ་འཁོར་རོ་ཞེས་གསུངས་པ་ཡིན་ཞེས་པའི་བར་དུ་བའི་དཀྱིལ་འཁོར་གྱི་སྦྱོར་བ་ལ་གནས་ནས། རྡོ་རྗེ་ལ་སོགས་

Vol. 69 · folio 172a

པའི་རྫས་མིང་གིས་སྨོས་པ་དེ་རྣམས་བསྒྲུབས་ན། ཚེ་རིང་བ་ལ་སོགས་པའི་གྲུབ་པ་རྣམས་ཐོབ་པར་འགྱུར་ཏེ་རིམ་བཞིན་དུ་སྦྱོར་བར་བྱའོ། །རབ་ཏུ་སྡུད་པའི་ཆོག་པ་ནི། །ཀླད་ཀྱི་འཁོར་དང་བཅས་ནའོ། །ཞེས་པ་ནི་ནད་པའི་ལུས་ལ་བ་དེ་ཀླད་ཀོར་དང་བཅས་པར་

བསམས་ན། བ་ནི་གཟུང་བའི་ཆོས་ཐམས་ཅད་སྟོང་པར་བྱེད་པ། ཀླད་ཀོར་ནི་འཛིན་པ་ཐམས་ཅད་སྟོང་པར་སྟོན་ཏེ། དེ་ལྟར་ལུས་དེ་གཟུང་བ་དང་འཛིན་པ་གཉིས་ཀ་དང་བྲལ་ཏེ། སྟོང་པས་ནད་ཀྱང་སྟོང་པའི་རང་བཞིན་དུ་འདུས་ཏེ་མེད་པར་འགྱུར་བའོ། །ར་དེ་ནི་ཉིད་མཆོག་ཡིན་ཞེས་

པ་ནས། མེ་དང་བཅས་པར་སྦྱར་ནའོ་ཞེས་པའི་བར་དུ་རའི་སྒྲུབ་པ་དང་ལས་རྣམས་བཤད་དེ། ར་ནི་ཡང་དག་མཆོག་ཡིན་ཏེ། །ཞེས་པ་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་སྟོང་པའི་རང་བཞིན་མཆོག་གི་དེ་བཞིན་ཉིད་དེ་ཡི་གེར་དེ་སྟོན་པས་ན། མཆོག་གི་དེ་བཞིན་ཉིད་

ཅེས་བྱ་བ་སྟེ། དོན་དམ་པའི་མཚན་ཉིད་དོ། །འོད་ཅན་གྱིས་འོད་ཅེས་བྱ་བ་ནི། ཉི་མ་དང་ཟླ་བ་དང་སྐར་མ་ལ་སོགས་པའི་འོད་ཅན་རྣམས་ཏེ། འོད་ཅན་དེ་རྣམས་ཀྱི་ནང་ན་མེ་ནི་འོད་ཅན་གྱི་མཆོག་སྟེ། ཡི་གེ་ར་ནི་མེའི་ས་བོན་ཡིན་པས་ན་འོད་ཅན་རྣམས་ཀྱི་མཆོག་ཅེས་བྱ་སྟེ། ཀུན་རྫོབ་

ཀྱི་རང་བཞིན་བསྟན་པའོ། །དེས་ན་ལས་རྣམས་གང་ཡང་རུང་། །མཚམས་མེད་པར་ནི་འགྱུར་བ་རྣམས། །དེ་ཀུན་འབྱུང་གྱུར་སྦྱོར་བས་ནི། །ཤིན་ཏུ་འཐོབ་པར་བསམས་ནའོ། །ཞེས་པའི་བར་དུ་དེ་ལ་བསྒོམས་པའི་འབྲས་བུ་བསྟན་པ་སྟེ། ཆོས་ཐམས་ཅད་རྡུལ་དང་བྲལ་བ་སྟོང་པ་

ཉིད་ཀྱི་རང་བཞིན་དུ་བསྒོམས་ན། མི་དགེ་བཅུ་ལ་སོགས་པའི་ལས་རྣམས་དང་། དེའི་འབྲས་བུ་མཚམས་མེད་པ་ལ་སོགས་པ་དམིགས་སུ་མེད་པས་འབྱུང་བར་མི་འགྱུར་རོ་ཞེས་པའོ། །རབ་ཏུ་ཀུན་དམར་ཡིད་འོང་གྲུ་གསུམ་ལྟ་བུ་རུ་ནི་འདུག །འབར་བའི་ཕྲེང་བས་འཁོར་ལོ་ནི། །

གྲུ་གསུམ་རྭ་ཅན་སྙིང་གར་གཞག །ཅེས་པ་ནི་མེའི་དཀྱིལ་འཁོར་གྱི་མཚན་ཉིད་དེ་སྙིང་གར་ནང་གི་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེང་དུ་གྲུ་གསུམ་ཤིན་ཏུ་དམར་བ། འགྲེང་བུར་འདུག་པ་གྲུ་གསུམ་གྱི་མཚན་ཉིད་བཏབ་པར་བསམ་མོ་ཞེས་པའོ། །དེ་རུ་འདུག་པས་སྦྱོར་བས་བསམ། །ར་

Vol. 69 · folio 172b

ཀླད་ཀོར་དང་བཅས་པར་ཏེ། །ཞེས་པ་ནི་དཀྱིལ་འཁོར་གྱི་མཚན་ཉིད་དབུས་ན་ཡི་གེ་ར་ཁ་དོག་དམར་པོ་ཀླད་ཀོར་དང་བཅས་པ་འགྲེང་བུར་འདུག་པར་བསམ་ཞེས་པ་སྟེ། ཀླད་ཀོར་དང་བཅས་པ་ནི། ཀུན་དུ་སངས་རྒྱས་པའི་སྙིང་པོ་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བ་སྟོན་པའོ། །དེ་

བཞིན་དུ་ཡི་གེ་བ་ཡང་ཀླད་ཀོར་མེད་ཀྱང་ཀུན་དུ་སངས་རྒྱས་པའི་སྙིང་པོ་བས་པའི་བུ་ག་ཉིད་ཀླད་ཀོར་ལྟ་བུར་འཛིན་པ་མེད་པར་སྟོན་པར་བལྟའོ། །དངོས་པོ་དེ་རྣམས་དེར་སྒྲུབས་སུ། །ཞེས་པ་ནི་མེ་དང་བཅས་པར་སྦྱར་རོ། །ཞེས་པའི་བར་དུ་ཡི་གེ་ར་བསྒྲུབ་པ་བ་དང་ལས་རྣམས་བཤད་

པ་སྟེ། སྔགས་པ་རའི་དཀྱིལ་འཁོར་ལ་གནས་ནས། བསྒྲུབ་པ་མིང་གིས་སྨོས་པ་རྣམས་རྒྱུད་དང་རྟོག་པ་གཞན་ལས་བྱུང་བའི་ཚོགས་རྫས་ཀྱི་མཚན་མ་དང་བཅས་པའམ་མཚན་མ་མེད་པར་བསྒྲུབས་ན། ཉི་མ་ལ་སོགས་པ་གྲུབ་སྟེ་ཅི་བསྒོ་བ་ཉན་ཏོ། །ཧ་དེ་ཡང་དག་མཆོག་ཡིན་ཏེ། །

ཞེས་པ་ནས། བདུད་རྣམས་རྣམ་པར་འགྱུར་བྱེད་པ། །རྒྱུ་ཀུན་མི་དམིགས་པ་རུ་སྟེ། །ཞེས་པའི་བར་དུ་ཧ་ཞེས་པའི་བསྒྲུབ་པ་དང་། ཡོན་ཏན་དང་དཀྱིལ་འཁོར་ལ་སོགས་པ་བཤད་པ་སྟེ། ཧ་དེ་དེ་ཉིད་མཆོག་ཡིན་ཏེ། །ཞེས་པ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུར་

སྟོན་པའི་རང་བཞིན་པས་དེ་ཁོ་ན་ཉིད་ཀྱི་མཆོག་ཅེས་པའོ། །དེ་ཡང་རླུང་ལས་མངོན་བྱུང་བ། །ཞེས་པ་ནི་རླུང་གི་དཀྱིལ་འཁོར་ལས་བྱུང་བའམ། དེ་ལས་རླུང་གི་དཀྱིལ་འཁོར་འབྱུང་བས་སོ། །རྒྱུ་དང་ལས་དང་འབྲས་བུ་ཡིན། །གང་གི་ས་བོན་སྐྱེས་པར་ཏེ། །དེ་ཡིས་ཀུན་

ཀྱང་འཇོམས་པ་ནི། །གང་གི་འཁོར་དང་བཅས་པའོ། །ཞེས་པ་ནི་དེའི་རང་བཞིན་བསྒོམས་པའི་འབྲས་བུ་བསྟན་པ་སྟེ། ཧ་ཞེས་པ་ནི་ཀླད་ཀོར་དང་བཅས་པར་བསམ་པས། ཆོས་ཐམས་ཅད་རྒྱུ་དང་འབྲས་བུའི་ཚུལ་གྱིས་གཟུང་བ་དང་འཛིན་པ་གཉིས་ཀ་དམིགས་སུ་མེད་དེ། རྒྱུ་

ཞེས་པ་ནི་མ་རིག་པ་ལ་སོགས་པ་ཉོན་མོངས་པ་རྣམས་སོ། །ལས་ནི་ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་དང་མི་དགེ་བ་ལ་སོགས་པ་རྣམས་སོ། །འབྲས་བུ་ནི་དེ་དག་གི་རྣམ་པར་སྨིན་པ་ངན་སོང་དང་ངན་འགྲོ་ལ་སོགས་པའོ། །གང་གི་ས་བོན་རྣམས་སྐྱེ་བ། །ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words