རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་བྱ་བ

Sanskrit title (Tibetan script, as in the text) བཻ་རོ་ཙ་ནཱ་བྷི་སཾ་བོ་དྷི་ཏནྟྲ་སྱ་སད་བྲྀཏྟི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 70 · folio 57a

དབང་པོ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཆོས་ཐམས་ཅད་འཁྲུལ་པར་བྱེད་པའི་བདག་ཉིད་པས་ཁ་དོག་དཀར་པོར་ཤེས་པར་བྱའོ། །ཀུན་དུ་གྲུ་བཞི་ལྷམ་པ་ལ། །གོ་རིམས་བཞིན་དུ་ཟླུམ་པོ་དང་། །གྲུ་གསུམ་དང་ནི་ཟླ་གམ་འདྲ། །དབྱིབས་ནི་

ལེགས་པར་བཤད་པ་ཡིན། །ཞེས་པ་ནི་ལྷ་དེ་རྣམས་ཀྱི་འཁོར་དབང་ཆེན་ལ་སོགས་པའི་དབྱིབས་བཤད་པ་སྟེ། རིམ་པ་བཞིན་དུ་ཤེས་པར་བྱའོ། །གཟུགས་ནི་གཉིས་སུ་ཤེས་བྱ་བ། །བུད་མེད་དང་ནི་སྐྱེས་པ་ཉིད། །ཅེས་པ་ནི་ལྷ་རྣམས་ཀྱི་གཟུགས་བཤད་པ་སྟེ། དེ་ལ་ལྷ་རྣམས་

ཀྱང་རྣམ་པ་གསུམ་སྟེ་རྣམ་པར་སྨིན་པའི་གཟུགས་དང་། གནས་ཡོངས་སུ་གྱུར་པ་དང་། སྤྲུལ་པའོ། །དེ་ལ་རྣམ་པར་སྨིན་པའི་གཟུགས་ནི་རང་གི་ལས་དང་བསོད་ནམས་ལས་སྐྱེས་པའོ། །གནས་ཡོངས་སུ་གྱུར་པ་ནི་སྒྲུབ་པ་པོས་གྲུབ་པའི་གཟུགས་སོ། །སྤྲུལ་པ་ནི་ཏིང་ངེ་འཛིན་

ལ་སོགས་པའི་དབང་གིས་གང་ཡང་རུང་བ་ཅིག་ཡིད་ལ་བསམས་པར་གྱུར་པ་སྟེ། དེ་དག་ལས་ལ་ལ་ནི་སྐྱེས་པར་སྣང་། ལ་ལ་ནི་བུད་མེད་དུ་སྣང་བའོ། །ཡང་ན་ཀུན་དུ་ཐམས་ཅད་ཀྱི། །ཁ་དོག་དབྱིབས་དང་གཟུགས་རྣམས་ཏེ། །ཞེས་པ་ནི་ཡང་ན་གོང་དུ་ཁ་དོག་དཀར་པོ་ལ་

སོགས་སྨོས་པ་དང་། དབྱིབས་གྲུ་བཞི་ལ་སོགས་པ་སྨོས་པ་དང་། གཟུགས་བུད་མེད་དང་སྐྱེས་པར་སྨོས་པ་དེ་དག་ངེས་པ་ནི་མ་ཡིན་ཏེ་དེ་དག་ཀུན་ཀྱང་ཁ་དོག་ཐམས་ཅད་དང་དབྱིབས་ཐམས་ཅད་དང་། གཟུགས་ཐམས་ཅད་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསམ་ཡས་

ཡེ་ཤེས་ལས་བྱུང་བས། །དེ་བས་དེ་རྣམས་བསམ་ཡས་ཏེ། །ཞེས་གསུངས་ཏེ་དེ་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ཡེ་ཤེས་བསམ་དུ་མེད་པ་ལས་བྱུང་བ་ཤ་སྟག་ཡིན་པས་ཁ་དོག་དང་དབྱིབས་ལ་སོགས་པ་ཆད་པ་མེད་པས་བསམ་གྱིས་མི་ཁྱབ་པའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཡེ་

ཤེས་མཁྱེན་གྱིས་ཡེ་ཤེས་ནི། །སེམས་ཅན་དོན་ཕྱིར་ཐ་དད་འགྱུར། །ཞེས་པ་སྟེ། དེ་དག་གི་ཁ་དོག་དང་དབྱིབས་ལ་སོགས་པ་ཆད་པ་མེད་པ་ཡང་སེམས་ཅན་གྱི་དོན་སྣ་ཚོགས་ལ་མཁས་པའི་ཡེ་ཤེས་དེས་གདུལ་བའི་འགྲོ་བ་དང་རྗེས་སུ་མཐུན་པའི་གཟུགས་ལ་སོགས་པ་སྟོན་པའི་ཕྱིར་

Vol. 70 · folio 57b

རོ། །ཡིད་ཀྱི་རྒྱན་ནི་ཇི་ཙམ་པ། །སྟན་དང་ཕྱག་རྒྱ་དག་དང་ནི། །ལྷ་ཡི་ཚད་ཀྱང་གོ་རིམས་བཞིན། །དེ་ཙམ་དུ་ནི་ཤེས་པར་བྱ། །ཞེས་པ་ནི་ལྷ་ལ་སོགས་པའི་ཚད་བསམས་ཏེ། ནང་དུ་ཡིད་ལ་བསམ་པའམ། ཕྱི་རོལ་དུ་བྲི་བ་ལ་སོགས་པ་ཀུན་ཀྱང་ཡིད་ལ་ཇི་ཙམ་དུ་འདོད་པ་དེ་ཙམ་

དུ་བསམ་པའམ་བྲི་བར་བྱ་ཞེས་པའོ། །ལྷ་ཡི་ཚད་ཀྱང་གོ་རིམས་བཞིན། །ཞེས་པ་ནི་དཀྱིལ་འཁོར་དུ་བྲི་བའི་ལྷ་རྣམས་ཀྱང་སྙིང་པོའི་དཀྱིལ་འཁོར་དུ་བྲི་བ་རྣམས་ནི་དཀྱིལ་འཁོར་གྱི་སའི་ཞེང་ཆེ་བས་ལྷའི་གཟུགས་ཀྱང་ཆེ་བར་བྱ་དེའི་གོ་རིམས་ཀྱིས་དེ་བཞིན་དུ་ཞེང་ཆུང་བ་རྣམས་

སུ་རིམ་གྱིས་ཆུང་བར་བྱ་ཞེས་པའོ། །སངས་རྒྱས་གང་ནས་གང་བྱུང་བ། །ཕྱག་རྒྱ་རྣམས་ཀྱང་དེ་ནས་བྱུང་། །ཞེས་བྱ་བ་ནི་ཕྱག་རྒྱ་གང་ནས་བྱུང་བའི་ཁུངས་བཤད་པ་སྟེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱག་རྒྱ་དེས་བདག་དང་སློབ་མ་ལ་སོགས་པ་ལྷའི་

ལུས་སུ་བྱིན་གྱིས་བརླབས་པ་དང་ཕྱག་རྒྱ་དེས་སློབ་མ་ལ་སོགས་པ་སྲུང་བ་སྟེ། དེ་བསྲུངས་ན་ཆོས་ཀྱི་དབྱིངས་ཀྱི་མཚན་མས་བཏབ་པས་ཅིས་ཀྱང་མི་ཚུགས་པར་འགྱུར་བ་ནི་འཇིག་རྟེན་ན་རྒྱལ་པོའི་རྒྱ་དང་ལྡན་པའི་སྐྱེས་བུ་ལ་སུས་ཀྱང་གཙེ་བར་མི་འགྱུར་བ་དང་འདྲའོ་ཞེས་སྔར་

བཞིན་དུ་བཤད་དོ། །དེ་བས་མདོར་ན་ཆོས་ཀྱི་དབྱིངས། །མཚན་མ་ཕྱག་རྒྱ་ཡིན་པར་བཤད། །ཅེས་པ་ནི་མདོར་ན་ཕྱག་རྒྱ་རྣམས་ཆོས་ཀྱི་དབྱིངས་ཀྱི་མཚན་མ་ཡིན་པར་ཤེས་པར་བྱའོ་ཞེས་པའོ། །དབང་བསྐུར་གསུམ་དུ་ཤེས་བྱ་སྟེ། །ཞེས་པ་ནས། རྫོགས་པའི་སངས་རྒྱས་

རྣམས་ཀྱིས་བསྒྲགས། །ཞེས་པའི་བར་གྱིས་ནི་དབང་བསྐུར་བ་རྣམ་པ་གསུམ་བཤད་དེ། །ཕྱག་རྒྱ་གང་ཞིག་དབང་བསྐུར་བ། །ལས་དང་བྱ་བ་སྤངས་པ་སྟེ། །ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བ་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་ནམ་སློབ་དཔོན་དང་སློབ་མ་ཟབ་ཅིང་རྒྱ་

ཆེ་བ་ལ་མོས་པ་དག་ཕྱག་རྒྱས་དབང་བསྐུར་བྱ་བར་བཤད་པ་སྟེ། དཀྱིལ་འཁོར་གཉིས་གང་ཡང་རུང་བའི་མདུན་དུ་དབང་བསྐུར་བའི་དཀྱིལ་འཁོར་དང་བུམ་པ་ལ་སོགས་པ་ལ་མི་ལྟོས་པར་ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཕྱག་རྒྱ་དང་འོག་ནས་འབྱུང་བའི་ཕྱག་

Vol. 70 · folio 58a

རྒྱས་དབང་བསྐུར་བའོ། །ལས་དང་བྱ་བ་སྤངས་པ་སྟེ། །ཞེས་པ་ནི་དབང་བསྐུར་བའི་བུམ་པ་དང་། དཀྱིལ་འཁོར་དང་དུང་དང་འཁོར་ལོ་ལ་སོགས་པའི་ཆོ་ག་རྣམས་དང་བྲལ་བ་ཞེས་པའོ། །གཉིས་པ་ལས་དང་བྱ་བ་ཡིས། །ཀུན་ནས་བསླངས་པར་ཡང་དག་བཤད། །

ཅེས་པ་ནི་སྙིང་རྗེ་ཆེན་པོ་དང་འབྱུང་བ་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་མདུན་དུ་དབང་བསྐུར་བའི་དཀྱིལ་འཁོར་བྲིས་ནས་སྔར་ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་དབང་བསྐུར་བར་གསུངས་པའོ། །གསུམ་པ་ཡིད་ཀྱིས་ཤེས་བྱ་སྟེ། །ཡུལ་དང་དུས་ཚོད་སྤངས་པའོ། །ཞེས་

པ་ནི་གསང་བའི་དཀྱིལ་འཁོར་དུ་ཡིད་ཀྱིས་དབང་བསྐུར་བ་སྟེ་འོག་ནས་དངོས་སུ་འབྱུང་ངོ་། །བླ་མ་ལེགས་པར་མགུ་བྱས་ནས། །ཕན་བྱེད་པས་གང་སྨྲས་པ་ཡི། །དབང་བསྐུར་འདི་ནི་མཆོག་ཡིན་པར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྒྲགས། །ཞེས་པ་ནི་དཀྱིལ་

འཁོར་གོང་མ་གཉིས་སུ་ཕྱག་རྒྱས་དབང་བསྐུར་ནས་རྗེས་སུ་གནང་བའི་ཚིག་སྨྲས་པ་ལ་བྱ་སྟེ། ཕྱག་རྒྱས་དབང་བསྐུར་བའི་འོག་ཏུ་སློབ་དཔོན་སློབ་མའི་རིམ་གྲོ་དང་ནན་ཏན་ལ་སོགས་པས་མགུ་ནས་ཁྱོད་ཀྱིས་དེང་ཕྱིན་ཆད་ཆོས་ཀྱི་འཁོར་ལོ་བསྐོར་ཅིག་ཅེས་པ་ལ་སོགས་པའི་

ཚིག་ཏུ་ཤེས་པར་བྱའོ། །ཕྱག་རྒྱས་དབང་བསྐུར་བ་དང་པོ་དང་དབང་བསྐུར་བ་གཉིས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བ་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་བྱའོ། །གསང་བའི་དཀྱིལ་འཁོར་དུ་ནི་ཡིད་ཀྱིས་དབང་བསྐུར་བ་དངོས་སུ་གསུངས་པས་གོང་མ་གཉིས་མི་བྱ་བར་

ཤེས་པའོ། །འདི་རྣམས་ཀྱང་འདིར་ཚིག་ཙམ་བཤད་ཀྱིས་དོན་བསྡུས་པའི་དོན་ཉིད་དུ་གཏན་ལ་ཕབ་སྟེ་བཤད་ཟིན་ཏོ། །སངས་རྒྱས་རྣམས་ཀྱིས་མདོར་ན་ནི། །དམ་ཚིག་ཅན་རྣམས་སྔར་བཤད་དེ། །ཞེས་པ་ནས། དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་པའི་བར་གྱིས་ནི་དམ་

ཚིག་ཅན་གྱི་རིམ་པའི་བཤད་པ་ཡིན་ཏེ། དེ་ལ་སྤྱིར་སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པ་ཡང་ཁ་ཅིག་ནི་དམ་ཚིག་ཅན་དུ་འདོད་པའི་ཕྱིར་འཇུག་ལ་ཁ་ཅིག་ནི་སྒྲུབ་པར་བྱེད་པའི་ཕྱིར་འཇུག །ཁ་ཅིག་ནི་སློབ་དཔོན་དུ་འདོད་པའི་ཕྱིར་འཇུག་སྟེ། དེ་ལ་

Vol. 70 · folio 58b

དམ་ཚིག་ཅན་དུ་འདོད་པའི་ཕྱིར་འཇུག་པ་ནི། དཀྱིལ་འཁོར་འདི་གསུམ་ལས་གང་ཡང་རུང་བར་ཞུགས་ཏེ་དམ་ཚིག་ཅན་དུ་གྱུར་ན་དཀྱིལ་འཁོར་ལྷག་མ་གཉིས་ལ་མི་ལྟོས་ལ། སྒྲུབ་པ་དང་སློབ་དཔོན་དུ་འདོད་པ་ནི་དཀྱིལ་འཁོར་གསུམ་ཆར་ལ་ལྟོས་པར་ཤེས་པར་བྱའོ། །

དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །ཞེས་པ་ནི་དམ་ཚིག་གི་དོན་ནི་འདིར་ཚུལ་ལས་མི་འགལ་བའི་དོན་ཏེ་དཀྱིལ་འཁོར་གསུམ་ལས་གང་ཡང་རུང་བ་ཞིག་མཐོང་ན་དམ་ཚིག་ཅན་གཅིག་ཅེས་བྱ་སྟེ། དེས་སྔར་བྱང་ཆུབ་ཀྱི་སེམས་བསྒོམས་ན་ནི་དེ་

ལ་ཕྱག་རྒྱ་དང་སྔགས་སྦྱིན་པར་བྱ་ལ། སྔར་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན་དེ་ལ་ཕྱག་རྒྱ་དང་སྔགས་སྦྱིན་དུ་མི་རུང་སྟེ། དེ་བས་ན། དེ་ལ་ཕྱག་རྒྱ་མི་བསྟན་ཞིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་དེར་ཞུགས་ནས་ཕྱག་རྒྱ་དང་

སྔགས་མི་སྦྱིན་པར་བྱང་ཆུབ་ཀྱི་སེམས་བསྒོམ་དུ་བཅུག་སྟེ་གོམས་པར་གྱུར་ན། བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་གཟུང་། །ཞེས་བྱ་བས་གདོད་ཕྱག་རྒྱ་དང་སྔགས་སྦྱིན་པར་གསུངས་སོ། །དཀྱིལ་འཁོར་མཐོང་ཞེས་བྱ་བ་འདི། །དམ་ཚིག་ཅན་གཉིས་

ཤེས་པར་བྱ། །ཞེས་པ་ནི་དེ་ལྟར་བྱང་ཆུབ་ཀྱི་སེམས་གོམས་ནས་ཡང་དཀྱིལ་འཁོར་དུ་བཅུག་སྟེ་ཕྱག་རྒྱ་དང་སྔགས་བྱིན་པ་དེ་ནི་དམ་ཚིག་ཅན་གཉིས་པར་ཤེས་པར་བྱའོ། །དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང་། །ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པར། །དེ་ཡང་དམ་

ཚིག་ཤེས་པར་བཤད། །ཅེས་པ་ནི་དཀྱིལ་འཁོར་ཀྱང་མཐོང་ལ། རྒྱུད་དང་རྟོག་པ་ལ་སོགས་པ་ཉན་དུ་བཅུག་ཅིང་སློབ་དཔོན་དུ་ལུང་མ་བསྟན་པ་དེ་ནི་དམ་ཚིག་ཤེས་པ་གསུམ་པ་ཞེས་བྱའོ། །ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་དུ་བསྟན། །གསང་བའི་ཡེ་ཤེས་བྱུང་

བ་ཡིས། །དབང་བསྐུར་མེད་པའི་སྔགས་པའང་ཡིན། །ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་། ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གཉིས་ཀ་དབང་བསྐུར་བའམ། གང་ཡང་རུང་བ་ཅིག་ཏུ་དབང་བསྐུར་ཏེ་ཕྱག་རྒྱ་དང་དཀྱིལ་འཁོར་བྲི་བ་དང་ཕྱག་རྒྱ་བཤད་པ་དེ་དག་

Vol. 70 · folio 59a

ཆོ་ག་བཞིན་དུ་དེས་གཞན་ལ་ཡང་བསྟན་པར་གསུངས་པ་ལས་གསང་བའི་དཀྱིལ་འཁོར་འབའ་ཞིག་ཏུ་དབང་མ་བསྐུར་བ་དེ་ནི་དམ་ཚིག་ཤེས་པ་བཞིན་ཞེས་བྱའོ། །གསང་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པ་ཆོ་གས་དབང་བསྐུར་བ། །དམ་ཚིག་ཤེས་པ་ལྔར་

ཤེས་བྱ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །ཞེས་པ་ནི་དཀྱིལ་འཁོར་གོང་མ་གཉིས་སུ་ཡང་དབང་བསྐུར་ལ། །གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དེ་ནི་དམ་ཚིག་གཤེས་པ་ལྔ་ཞེས་བྱའོ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །དེ་ལྟར་གོང་དུ་སྨོས་པ་ལས་གཞན་དུ་ཆོ་ག་ལས་འགལ་

བར་བྱས་ན་དམ་ཚིག་ཅན་ཞེས་མི་བྱའོ་ཞེས་པའོ། །བརྟུལ་ཞུགས་བཟང་པོ་བྱང་ཆུབ་ཕྱིར། །ཞེས་པ་ནས། གནས་པ་དེ་ནི་བདེན་པ་མཐོང་། །ཞེས་པའི་བར་གྱིས་གོང་དུ་ནི། །སྔགས་སྤྱད་པ་ལ་བརྩོན་པ་ཡི། །སྔགས་པ་བྱང་ཆུབ་སེམས་དཔའ་དང་། །ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། །

ཇི་ལྟར་བདེན་པ་མཐོང་བར་འགྱུར། །ཞེས་པ་ནི་དྲིས་པ་དེ་དག་བཤད་པ་སྟེ། བརྟུལ་ཞུགས་བཟང་པོ་བྱང་ཆུབ་ཕྱིར། །གང་ཞིག་སེམས་ནི་བསྒོམ་པ་ན། །སྔགས་པའི་གནས་གསུམ་མི་དམིགས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་པ་ནི་གང་ཞིག་བྱང་ཆུབ་ཀྱི་སེམས་རྟག་

ཏུ་བསྒོམས་ཏེ། ལུས་དང་ངག་དང་ཡིད་ཀྱི་གནས་གསུམ་མམ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱི་གནས་གསུམ་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བཤིག་སྟེ། དམིགས་སུ་མེད་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །

ཐབས་ཀྱི་སྙིང་སྟོབས་སྐྱེས་ནས་སུ། །སེམས་ཅན་དོན་ལ་སྦྱོར་བ་ནི། །དམིགས་སུ་མེད་པའི་སྤྱོད་པ་ཐོབ། །རྒྱལ་བའི་མཆོག་ཏུ་ཤེས་པར་བྱ། །ཞེས་པ་ནི་དམིགས་སུ་མེད་པའི་སྤྱོད་པ་ཐོབ་ནས་དེ་ལས་ལངས་ཏེ་ཆོས་རྣམས་སྒྱུ་མ་ལྟ་བུར་ཤེས་པ་བཞིན་དུ་ཐབས་ཀྱིས་སེམས་ཅན་གྱི་དོན་དུ་

སྤྱོད་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། དམིགས་སུ་མེད་པའི་སྤྱོད་ཐོབ་པ། །ཞེས་པ་ནི་མོས་པས་སྤྱོད་པའི་ཚེ་ན་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་རྣམས་བཤིག་ནས་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་སྟོང་པ་ཉིད་ལ་གནས་པ་ན་དོན་དམ་པར་ཡང་ཆོས་རྣམས་དམིགས་

Vol. 70 · folio 59b

སུ་མེད་ལ། ཀུན་རྫོབ་ཏུ་ཡང་ཆོས་རྣམས་འཁྲུལ་པའམ་སྒྱུ་མ་ལྟ་བུར་རྟོགས་པས་ན། དམིགས་སུ་མེད་པའི་སྤྱོད་པ་ཐོབ་པ། །ཞེས་བྱའོ། །རྒྱལ་བའི་མཆོག་ཅེས་པ་ནི་དེ་ལྟར་ཀུན་རྫོབ་དང་དོན་དམ་པར་ཆོས་རྣམས་དམིགས་སུ་མེད་པར་རྟོགས་པ་དེ་ནི་བདུད་བཞི་དངོས་སུ་བཅོམ་ཡང་བདུད་བཞི་

ལས་རྒྱལ་བའི་ངང་ཚུལ་ཅན་ཡིན་པས་རྒྱལ་བའི་མཆོག་ཅེས་བྱའོ། །ཐོག་མ་ནས་ནི་ཞི་བའི་ཆོས་ངོ་བོ་ཉིད་མེད་པ་ལ། གང་གི་སེམས་ནི་རང་བཞིན་གྱིས། །གནས་པ་དེ་ནི་བདེན་པ་མཐོང་། །ཞེས་པ་ནི་བདེན་པ་མཐོང་བ་བཤད་པ་སྟེ། དེ་ནས་ཆོས་རྣམས་ཐོག་མ་ནས་ཞི་ཞིང་གང་གི་ངོ་

བོ་ཉིད་མེད་པར་རྟོགས་ཏེ་དེ་ཉིད་ལ་སེམས་རི་རབ་བཞིན་དུ་མི་གཡོ་བར་འགྱུར་ན་དེ་ནི་བདེན་པ་མཐོང་བ་ཞེས་བྱའོ། །དེ་དག་ཀྱང་མདོར་ན་ཐོག་མ་ནི་འཇུག་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའོ། །བདེན་པ་མཐོང་བ་ཞེས་པ་ནི་གནས་པའི་བྱང་ཆུབ་ཀྱི་སེམས་བཤད་པའོ། །རྒྱལ་བའི་

མཆོག་ཅེས་པ་ནི་ལྡང་བའི་བྱང་ཆུབ་ཀྱི་སེམས་བསྟན་པ་སྟེ་དེ་དག་ཀྱང་མོས་པས་སྤྱོད་པའི་ས་གཉིས་ལ་གནས་པའི་ཡོན་ཏན་དུ་ཤེས་པར་བྱའོ། །འདི་བདེན་འདི་ནི་ཡང་དག་པར། །ཞེས་པ་ནས། སངས་རྒྱས་ཉིད་དང་གང་གཞན་ནོ། །ཞེས་བའི་བར་གྱིས་གྲུབ་པའི་རིགས་རྣམས་བཤད་པ་

སྟེ། འདི་བདེན་འདི་ནི་ཡང་དག་པ། །དེ་བཞིན་དུ་ནི་མི་སླུ་བ། །ཇི་ལྟར་སངས་རྒྱས་བདེན་གཟིགས་པ། །དེ་བཞིན་སྔོན་ནི་ངས་མ་མཐོང་། །ཞེས་པ་ནི། འདི་ནི་བྱང་ཆུབ་སེམས་ཐོབ་པ། །ཞེས་པ་ནི་དེ་ཉིད་ཀྱི་རྗེས་སུ་བསྔགས་པའི་ཁྱད་པར་ཏེ། གང་ཡང་བྱང་ཆུབ་ཀྱི་སེམས་ཐོབ་པ་དེ་ནི་བདེན་

ཞིང་ཡང་དག་པ་མི་སླུ་བ་སྟེ་ཇི་ལྟར་སྔོན་གྱི་སངས་རྒྱས་དང་། ངས་ཀྱང་ཡང་དག་མི་སླུ་བ་ཡིན་པར་མཐོང་ངོ་ཞེས་པའོ། །གང་གིས་བྱང་ཆུབ་ཀྱི་སེམས་ཐོབ་པ་ཡང་བསྒྲུབས་ནས། དེ་སྲིད་དུ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའམ། འཕགས་པ་འཇམ་དཔལ་ལམ། རྡོ་རྗེ་འཛིན་

ཆེན་པོ་གང་ཡང་རུང་བ་ཅིག་འོངས་ཏེ་མགོ་ལ་ཉུག་གམ་ལེགས་སོ་ཞེས་ཟེར་གྱི་བར་དུ་བཟླས་བརྗོད་བྱའོ། །དེ་ནས་ཕྱག་བྱས་ཏེ་མཆོད་ཡོན་ཕུལ་ན་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་གོང་དུ་བཤད་པ་དེ་ལྟ་བུའི་གྲུབ་པ་ཐོབ་པ་ནི་བྱང་ཆུབ་ཀྱི་སེམས་

Vol. 70 · folio 60a

ཐོབ་པ་ཞེས་བྱ་སྟེ། དེ་ལྟ་བུ་གྲུབ་ན་དེ་ཉིད་དངོས་གྲུབ་ཡིན་གྱིས། གཞན་ཅི་ཞིག་དགོས་ཏེ་བྱང་ཆུབ་ཀྱི་སེམས་དེ་གྲུབ་པ་གཞན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུའང་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔར་འདོད་དེ། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གྲུབ་པ་དེ་

ལས་གཞན་པ་མིང་གིས་སྨོས་པ་ལྔ་པོ་ལ་བྱ་སྟེ། དེ་དག་ཀྱང་སྤྱོད་པའི་རྗེས་སུ་འཇུག་པ་ལ་སོགས་པ་རྣམས་སོ། །དེ་ལ་སྤྱོད་པའི་རྗེས་སུ་འཇུག་པ་ནི་མོས་པས་སྤྱོད་པའི་ས་ལས་འཕར་ཏེ་ཡེ་ཤེས་ཀྱི་ས་ལ་འཇུག་པའི་སྐབས་སུ་སྣང་བ་ཐོབ་པ་དང་སྣང་བ་མཆེད་པ་ཞེས་བྱ་བ་ལ་སོགས་པའི་ཏིང་

ངེ་འཛིན་གྱི་ཁྱད་པར་གྲུབ་པའོ། །དེ་བཞིན་ས་ནི་གནོན་པ་དང་། །ཞེས་པ་ནི་ས་རབ་ཏུ་དགའ་བ་ཐོབ་པ་ལས་གྲུབ་པའོ། །འཇིག་རྟེན་མངོན་ཤེས་ལྔར་འདོད་དང་། །ཞེས་པ་ནི་འཇིག་རྟེན་གྱི་མངོན་པར་ཤེས་པ་ལྔ་གྲུབ་པའོ། །སངས་རྒྱས་ཉིད་དང་ཞེས་པ་ནི་སངས་རྒྱས་ཀྱི་གཟུགས་སུ་གྱུར་

པའི་རིག་འཛིན་གྲུབ་པའོ། །གང་གཞན་ཞེས་པ་ནི་རིག་འཛིན་ཕལ་པ་རྣམས་གྲུབ་པ་སྟེ། དེ་ཉིད་ཀྱི་གཟུངས་ཀྱི་གྲུབ་པའོ། །གོང་མ་གསུམ་ནི་སེམས་ཀྱི་གྲུབ་པར་ཤེས་པར་བྱའོ། །རྒྱུད་ལས་རྒྱུད་དུ་གྱུར་པ་ཡི། །ཞེས་པ་ནས། ཡིད་ལས་ཡང་དག་འབྱུང་བ་ཐོབ། །ཅེས་པའི་བར་གྱིས་གྲུབ་

པའི་དུས་བཤད་དེ། དེ་ལས་གྲུབ་པའི་དུས་ཀྱང་ཚེ་འདི་ལ་གྲུབ་པ་དང་ཚེ་ཕྱི་མ་ལ་གྲུབ་པ་རྣམ་པ་གཉིས་སོ། །རྒྱུད་ལས་རྒྱུད་དུ་གྱུར་པ་ཡི། །ལས་ནི་མི་སྲིད་མ་ཉམས་ཤིང་། །རྣམ་སྨིན་རྣམ་པར་མ་སྨིན་ཏེ། །དངོས་གྲུབ་དག་གིས་དུས་སུ་འདོད། །ཅེས་པ་ནི་ཚེ་འདི་ལ་གྲུབ་པ་སྟེ། རྒྱུད་

ལས་རྒྱུད་དུ་གྱུར་པའི་ལས་རྣམས་མ་ཟད་དེ་ཚེ་སྔ་མའི་རྒྱུད་གོ་དྲུག་ལ་སོགས་པ་ནས་ལས་བསགས་པ་ཚེ་འདིའི་རྒྱུད་ལ་མ་ཉམས་ཤིང་བདག་གི་ཕུང་པོ་གསོན་ན་ཞེས་པའོ། །རྣམ་སྨིན་རྣམ་པར་སྨིན་པ་དེ། །ཞེས་སྟོན་ལ་དེ་ལྟར་ཡང་གསོན་ལ་ཚེ་དང་བསོད་ནམས་ལ་སོགས་པའི་རྒྱུད་བསགས་

པའི་འབྲས་བུ་ཡང་འདིར་སྨིན་པར་གྱུར་ཅིང་སྔ་མའི་ལས་རྣམས་མ་ཟད་པས་བདག་ཚེ་རིང་བའི་རྣམ་སྨིན་རྣམ་པར་སྨིན་པས་བདག་གི་བསོད་ནམས་ཀྱི་རྒྱུད་མཐུ་བརྟས་པར་གྱུར་ཏེ། སྒྲུབ་པའི་ཚེ་དེ་ལྟར་ཚེ་དང་བསོད་ནམས་གཉིས་བསྲུངས་ན་དེ་ཚེ་འདི་ཉིད་ལ་གྲུབ་པར་བཤད་དོ། །མདོར་ན་

Vol. 70 · folio 60b

གང་ཚེ་དུས་གཅིག་ཏུ། །ལས་དང་སྐྱེ་བ་འཕང་གྱུར་པ། །དེ་ཚེའང་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་འབྱུང་བ་ཐོབ། །ཅེས་པ་ནི་དངོས་གྲུབ་སྒྲུབ་པ་ནི་ལས་དང་ཚེས་མ་བཏང་སྟེ། དུས་གཅིག་ཏུ་ལས་དང་ཚེ་ཟད་པར་གྱུར་ན་སྒྲུབ་པའི་འབྲས་བུ་སྔགས་པ་དེས་ཚེ་ཕྱི་མ་ལ་བསྒྲུབ་

མི་དགོས་པར་རྡོ་རྗེ་ལ་སོགས་པའི་རིགས་སུ་སྐྱེ་བ་དང་རིག་འཛིན་ལ་སོགས་པའི་སྐྱེ་བ་ཐོབ་པར་འགྱུར་རོ་ཞེས་པའོ། །ཡིད་ལས་ཡང་དག་འབྱུང་བ་ཡིས། །ཞེས་པ་ནི་རྫས་ལ་སོགས་པས་བསྒྲུབ་མི་དགོས་པར་ཚེ་འཕོས་མ་ཐག་ཏུ་ཡིད་ཉིད་ཀྱིས་གྲུབ་པ་དེ་དག་ཐོབ་པར་འགྱུར་རོ། །གྲུབ་

ནས་མཁའ་ལ་འགྲོ་བ་ནི། །ཞེས་པ་ནས། རྫོགས་སངས་རྒྱས་དང་ལྷན་ཅིག་དགའ། །ཞེས་པའི་བར་གྱིས་ནི་གྲུབ་པའི་འབྲས་བུ་རྣམས་དྲིས་པའི་ལན་བཤད་པ་སྟེ། གྲུབ་ནས་ནམ་མཁའ་ལ་འགྲོ་བ་ནི། ཇི་ལྟར་སྒྱུ་མ་འཇིགས་མེད་བཞིན། །སྔགས་ཀྱི་དྲ་བས་རྨོངས་བྱེད་པ། །ཇི་

ལྟར་མིག་འཕྲུལ་ཆེན་པོ་བཞིན། །ཞེས་པ་ནི་ནམ་མཁའ་ལ་འགྲོ་བའི་གྲུབ་པ་བཤད་པ་སྟེ། ཇི་ལྟར་མིག་འཕྲུལ་གཞན་ནམ་མཁའ་ལ་འགྲོ་བ་དང་རྫུ་འཕྲུལ་སྣ་ཚོགས་བྱེད་པ་བཞིན་དུ་སྔགས་པ་དེ་ཡང་རིག་འཛིན་ལ་སོགས་པ་གྲུབ་ནས་ནམ་མཁའ་ལ་འགྲོ་བ་དང་སྔགས་ཀྱི་མཐུས་རྣམ་

པ་སྣ་ཚོགས་པའི་སྤྲུལ་པ་ལ་སོགས་པར་སྟོན་པར་བྱེད་ཅེས་པའོ། །གང་ལ་ལུས་དང་ངག་མེད་པར། །དྲི་ཟའི་གྲོང་ཁྱེར་དེ་བཞིན་ཏེ། །དེ་བཞིན་མི་སྣང་འགྱུར་ཞེས་བྱ། །དེ་ནི་དེ་ན་གནས་པ་ཡིན། །ཞེས་པ་ནི་རིག་འཛིན་ལ་སོགས་པ་གྲུབ་ནས་མི་སྣང་བར་གྱུར་པའི་དཔེ་དྲི་ཟའི་གྲོང་ཁྱེར་

ལས་བླངས་ནས་བཤད་པ་སྟེ། ཇི་ལྟར་དྲི་ཟའི་གྲོང་ཁྱེར་ལུས་ལ་སོགས་པ་དངོས་སུ་མི་སྣང་ལ་གནས་པར་བྱེད་པ་དེ་བཞིན་དུ། སྔགས་པ་དེ་ཡང་གྲུབ་ནས་ལུས་ཀྱང་མི་སྣང་ལ་ཚིག་ཏུ་བརྗོད་པ་ཡང་མི་ཐོས་པར་ནམ་མཁའ་ལ་མི་སྣང་བར་གྱུར་ཅིང་བར་སྣང་ལ་གནས་པར་བྱེད་དོ་ཞེས་བཤད་

དོ། །ཇི་ལྟར་ཉལ་བའི་རྨི་ལམ་ན། །སུམ་ཅུ་རྩ་གསུམ་གནས་སུ་ནི། །ལུས་ཀྱང་སྤངས་པ་མ་ཡིན་ལ། །དེ་ཉིད་ཀྱིས་ཀྱང་དེ་མ་སོང་། །དེ་བཞིན་རྣལ་འབྱོར་གཉིད་ཀྱིས་ཀྱང་། །སྔགས་པ་སྔགས་ལ་གནས་པ་དང་། །བསོད་ནམས་བྱས་པའི་ལས་རྣམས་ཀྱིས། །འཇའ་དང་འདྲ་བའི་

Vol. 70 · folio 61a

ལུས་ཀྱང་ཐོབ། །ཅེས་པ་ནི་སྔགས་པ་རིག་འཛིན་ལ་སོགས་པ་གྲུབ་ནས་ལུས་འདི་ཡང་མི་འདོར་བར་ནམ་མཁའ་ལ་སོགས་པ་ལ་འགྲོ་བའི་དཔེ་རྨི་ལམ་ལས་བླངས་ནས་བཤད་པ་སྟེ། ཇི་ལྟར་སྐྱེས་བུ་ཉལ་བའི་རྨི་ལམ་ན་སུམ་ཅུ་རྩ་གསུམ་ལ་སོགས་པའི་གནས་མཐོང་

བར་ཡང་འགྱུར་བ་དེ་བཞིན་དུ། །སྔགས་པ་དེ་ཡང་རྣལ་འབྱོར་གྱི་དབང་གིས་ལུས་འདི་ནི་མ་བོར་བར་ནམ་མཁའ་ལ་སོགས་པར་འགྲོ་བ་ཡང་རང་གིས་མཐོང་ངོ་། །གཟུགས་རྣམ་པ་སྣ་ཚོགས་ཡང་སྟོན་ནུས་པར་འགྱུར་ཞེས་པའོ། །འཇའ་དང་འདྲ་བའི་ལུས་ཀྱང་ཐོབ། །ཅེས་པ་ནི་

གཟུགས་སྣ་ཚོགས་སྟོན་པའོ། །ལུས་དང་ངག་ཡིད་ལས་བྱུང་བའི། །གསང་སྔགས་ཡིད་བཞིན་ནོར་བུ་འདྲ། །དེ་ལས་རྣམ་པར་བསམས་པའི་དོན། །མ་བརྟགས་པར་ཡང་འབྱུང་བར་འགྱུར། །ཞེས་པ་ནི་སྔགས་ཀྱི་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་ལས་དཔེ་བླངས་ནས་བཤད་པ་

སྟེ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་གང་བསམས་པའི་དོན་རྣམས་བརྟགས་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱོར་པར་གྱུར་པ་དེ་བཞིན་དུ་སྔགས་གྲུབ་པའི་འབྲས་བུ་ཡང་གང་འདོད་པ་རྣམས་བརྟགས་མི་དགོས་པར་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱོར་པར་འགྱུར་ཞེས་པའོ། །ཇི་ལྟར་

ནམ་མཁའ་ཕྱོགས་རྣམས་སུ། །འདུས་བྱས་སྤྱོད་ཡུལ་ཐམས་ཅད་ཀྱིས། །མི་གོས་དེ་བཞིན་སྔགས་པ་ཡང་། །རྟོགས་པའི་སྤྱོད་ཡུལ་ཀུན་གྱིས་སོ། །ཞེས་པ་ནི་གྲུབ་པ་ཐོབ་པ་དེ་ཡང་ནི་གཟའ་དང་སྐར་མ་དང་ལྟས་ངན་ལ་སོགས་པས་མི་ཚུགས་པར་བཤད་པ་སྟེ། ཇི་ལྟར་ནམ་

མཁའ་ལ་འདུས་བྱས་ལ་སོགས་པའི་དྲི་མས་མི་གོས་པ་དེ་བཞིན་དུ་གྲུབ་པའི་སྔགས་པ་དེ་ཡང་གཟའ་དང་སྐར་མ་ལ་སོགས་པ་བཟང་ངན་ལ་མི་ལྟོས་ཏེ། དེ་དག་གིས་ལྟས་ངན་ལ་སོགས་པས་མི་ཚུགས་པར་ཤེས་པའོ། །འདི་ཀུན་འདུ་ཤེས་ཙམ་དུ་ནི། །ནམ་ཞིག་དེ་ལྟར་

བསྒོམས་གྱུར་ཅིང་། །རྣམ་པར་བསྒོམས་ན་སྔགས་པ་དེ། །རྫོགས་སངས་རྒྱས་དང་ལྷན་ཅིག་དགའ། །ཞེས་པ་ནི་སྔགས་པ་གྲུབ་པ་ཐོབ་ནས་སངས་རྒྱས་དང་ལྷན་ཅིག་ཏུ་འགྲོགས་པ་ཐོབ་པར་བཤད་པ་དེ། འདི་ཀུན་འདུ་ཤེས་ཙམ་དུ་ནི། །ཞེས་པ་འདུས་བྱས་ལ་སོགས་པའི་

Vol. 70 · folio 61b

ཆོས་འདི་དག་ཐམས་ཅད་དངོས་སུ་སྤོང་བ་མ་ཡིན་གྱི། །འདུ་ཤེས་ཙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཚེ་བསྒོམས་པས་ཀུན་དུ་སངས་རྒྱས་པ་དང་ལྷན་ཅིག་ཏུ་འགྲོགས་ཤིང་དེ་ལ་ཆོས་ཉན་པ་ལ་སོགས་པས་དགའ་བར་འགྱུར་ཞེས་པའོ། །སངས་རྒྱས་རྐང་གཉིས་གཙོ་བོ་ཡིས། །སྦྱིན་

སྲེག་གཉིས་སུ་བཤད་པ་ནི། །ཕྱི་རོལ་གྱི་དང་ནང་གི་སྟེ། །དེ་ཡང་ཚིམ་པར་བྱ་དང་བཅས། །ཞེས་པ་ནི་སྦྱིན་སྲེག་ལས་མེ་དག་དང་། ཞེས་སྔར་དྲིས་པ་ལ་རྣམ་པ་གཉིས་ནི་སྔར་བཤད་ཟིན་ལ། འདིར་ནི་སྦྱིན་སྲེག་རྣམ་པ་གཉིས་ཕྱི་མའི་མེ་དང་ནང་གི་མེ་རྣམ་པ་གཉིས་སུ་བཤད་དེ། དེ་

ཡང་ཚིམ་པར་བྱ་བ་བཅས། །ཞེས་གསུངས་པ་དེ་ལ་ནང་གི་སེམས་ཀྱི་ཚིམ་པར་བྱ་བ་ནི་རང་གི་ས་བོན་ལས་སླར་ལྷའི་གཟུགས་སུ་བསྒྱུར་བར་སྔར་བཤད་དོ། །ཕྱི་རོལ་གྱི་མེ་ནི་མཉེས་པར་བྱ་བའི་བསྲེག་པའི་རྫས་ཀྱིས་ཚིམ་པར་བྱའོ། །ལྷ་རྣམས་ཀྱིས་ནི་སོ་སོ་ཡིས། །ཞེས་པ་ནས།

ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །གསང་སྔགས་འབྲས་བུ་སྐལ་བ་ལྡན། །ཞེས་པའི་བར་གྱིས་ལྷ་རྣམས་ཀྱི་རང་བཞིན་དང་གྲུབ་ཚད་རྣམས་བཤད་པ་སྟེ། ལྷ་རྣམས་ཀྱང་ནི་སོ་སོ་ཡིས། །རང་བཞིན་ཡོངས་སུ་མཁྱེན་ནས་སུ། །ཞེས་པ་ནི་ལྷ་རྣམས་ཀྱི་རང་བཞིན་ཤེས་པར་བྱས་

ན་དེ་དག་གི་གྲུབ་པའི་འབྲས་བུ་ཡང་ཤེས་པར་འགྱུར་ཞེས་པ་སྟེ། དེ་ལ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་རང་བཞིན་ནི་སྔར་བཤད་ཟིན་ཏོ། །འདིར་ནི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་རང་བཞིན་བཤད་ནས་དེའི་མཐུས་འབྲས་བུའི་ཚད་ཤེས་པར་བྱ་སྟེ། དེ་བས་ན། འཇིག་རྟེན་པ་ཡི་སྔགས་

རྣམས་ཀྱི། །ཚད་དག་ལེགས་པར་གསུངས་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དབང་ཕྱུག་ལ་སོགས་པའི་ལྷ་མཐུ་ཆེན་པོ་དེ་དག་གིས་སྨྲས་པའི་སྔགས་དང་ཕྱག་རྒྱ་རྣམས་ནི་འབྲས་བུ་འཕྲལ་དུ་སྟེར་བ་ནི་དེ་དག་གི་ཚད་བསྟན་པ་ཡིན་ནོ། །ཚད་ཅེས་པ་ནི་དེ་དག་གི་མཐུ་ལ་

བྱའོ། །འོན་ཀྱང་སྐྱེ་དང་འཇིག་པ་ཡི། །ཆོས་ཅན་དེ་དག་བརྟན་པ་མེད། །ཅེས་པ་ནི་དེ་དག་གི་ཁྱད་པར་གསུངས་པ་སྟེ། འཇིག་རྟེན་པའི་ལྷ་རྣམས་འབྲས་བུ་ཚེ་འདི་ལ་འཕྲལ་དུ་སྟེར་མོད་ཀྱི། དེ་རྣམས་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པས་མི་རྟག་པའོ། །འཇིག་རྟེན་འདས་པའི་

Vol. 70 · folio 62a

སྔགས་རྣམས་ནི། །ཞེས་པ་ནས། གསང་སྔགས་ཚད་ནི་སྔོན་བཤད་པ། །ཞེས་པའི་བར་གྱིས་འཇིག་རྟེན་ལས་འདས་པའི་སྔགས་ཏེ། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་གསུངས་པས་སྔགས་རྣམས་ཐོག་མའི་བྱེད་པ་མེད་ཅིང་ལས་

དང་སྐྱེ་བ་བཅད་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉེས་པ་གསུམ་དང་བྲལ་བས་སྐྱེ་ཞིང་འཇིག་པ་ལ་སོགས་པ་མེད་དེ་ཚད་རྣམས་སྔར་བཤད་ཟིན་ཏོ་ཞེས་པའོ། །དུས་གསུམ་ལས་ནི་ཤིན་ཏུ་འདས། །རྟེན་ཅིང་འབྲེལ་པ་ལས་བྱུང་བ། །མཐོང་དང་མ་མཐོང་འབྲས་བུ་ཅན། །

དག་གི་ལུས་ལས་བྱུང་བའོ། །ཞེས་པ་ནི་དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་སྔགས་རྣམས་འཇིག་རྟེན་པ་ལྟར་མཐོང་བའི་ཆོས་འབའ་ཞིག་ལ་འབྲས་བུ་འཕྲལ་དུ་སྟེར་བ་ཁོ་ན་མ་ཡིན་གྱི། མཐོང་བའི་ཆོས་དང་མ་མཐོང་བ་གཉི་ག་ལ་འབྲས་བུ་སྟེར་རོ་ཞེས་པ་སྟེ། མཐོང་བ་ནི་ལྷ་དང་མི་ལ་སོགས་

པ་འགྲུབ་བའོ། །མ་མཐོང་བ་ནི་མྱ་ངན་ལས་འདས་པའོ། །འཇིག་རྟེན་ལས་འདས་པའི་འབྲས་བུའི་ཚད། །བསྐལ་པ་གཅིག་ཏུ་བཤད་པ་ཡིན། །ཞེས་གསུངས་པ་ནི་འཇིག་རྟེན་པའི་ལྷ་རྣམས་ཀྱི་གྲུབ་པའི་འབྲས་བུ་ཇི་སྲིད་ཐུབ་པ་གསུངས་པ་སྟེ། འཇིག་རྟེན་པའི་འབྲས་བུ་ནི་བསྐལ་པ་གཅིག་

གི་བར་དུ་ཐུབ་ཅེས་པའོ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །གསང་སྔགས་འབྲས་བུ་བསྐལ་པ་འདས། །ཞེས་པ་ནི་འཇིག་རྟེན་ལས་འདས་པའི་སྔགས་རྣམས་ཀྱི་འབྲས་བུ་བསྐལ་པ་ལས་འདས་པར་ཐུབ་ཅེས་པའོ། །སངས་རྒྱས་དྲང་སྲོང་ཆེན་པོ་དང་། །རྒྱལ་སྲས་

རྣམས་ཀྱི་ཏིང་འཛིན་ནི། །མཚན་མ་མེད་ཅིང་དག་པའོ། །འཇིག་རྟེན་པར་ནི་མཚན་མར་བཅས། །ཞེས་པ་ནི་སྔགས་པ་རྣམས་ཀྱི་ཏིང་ངེ་འཛིན་བཤད་པ་སྟེ། དེ་ལ་སྤྱིར་ཏིང་ངེ་འཛིན་ལ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་ཀྱིའོ། །དེ་ལ་དོན་དམ་པ་ནི་ཨ་ལ་སོགས་པ་ཡི་གེ་འབྲུ་

རེའི་སྒོ་ནས་བསྟན་པའོ། །ཀུན་རྫོབ་ཀྱི་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚིག་ཏུ་གྱུར་པ་དེ་དག་གི་སྔགས་ཀྱི་ཕྲེང་བའི་ཚིག་ལས་ཏིང་ངེ་འཛིན་གྱུར་པའི་ཡི་གེ་རྣམས་ཏེ་སྔར་བཤད་ཟིན་ཏོ། །འདིར་ནི་ཏིང་ངེ་འཛིན་གྱི་དོན་རྣམས་བཤད་པ་སྟེ། སངས་རྒྱས་དྲང་

Vol. 70 · folio 62b

སྲོང་ཆེན་པོ་ནི། །ལུས་དང་ངག་དང་ཡིད་གསུམ་ཐུབ་པའི་མཚན་ཉིད་ཅན་ཡིན་པས་དྲང་སྲོང་སྟེ། མི་གནས་པའི་མྱ་ངན་ལས་འདས་པ་ཀུན་དུ་སངས་རྒྱས་པ་ལ་སོགས་པ་ལ་བྱའོ། །རྒྱལ་སྲས་རྣམས་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །དེ་དག་གི་ཏིང་ངེ་འཛིན་གྱི་ཆོས་ཐམས་

ཅད་གཟོད་མ་ནས་མ་སྐྱེས་པ་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་ཡིན་པས་མཚན་མ་མེད་པས་དག་པའོ། །འཇིག་རྟེན་པར་ནི་མཚན་མར་བཅས། །ཞེས་པ་ནི་ནམ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་བཞེངས་ནས་སངས་རྒྱས་ཀྱི་ཞིང་རྣམ་པར་བརྒྱན་པ་ལ་སོགས་པ་རྣམ་པ་དང་

བཅས་པའི་སྤྱོད་པ་དང་། འཇུག་པ་དང་སངས་རྒྱས་ཤིང་མངོན་པར་བྱང་ཆུབ་ནས་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་མི་ཟད་པའི་འཁོར་ལོ་ལ་སོགས་པ་འབྱུང་བ་ཡ་མཚན་དང་བཅས་པའི་སྤྱོད་པ་སྟེ་དེ་དག་ལ་ཡང་འཇིག་རྟེན་པ་མཚན་མ་དང་བཅས་ཞེས་བྱའོ། །གཉིས་སུ་ན་མུ་སྟེགས་

བྱེད་ཀྱི་འཇིག་རྟེན་པའི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་ནི་དངོས་པོ་ཡོད་པར་ལྟ་བས་ན་མཚན་མ་དང་བཅས་ཞེས་བྱའོ། །རྣམ་པར་སྨིན་པ་འདི་ཉིད་ལ། །ལས་ཀྱི་འབྲས་བུ་སྨིན་གྱུར་པ། །ནམ་ཞིག་དངོས་གྲུབ་ཐོབ་པ་ན། །དེ་ཚེ་ལས་དང་ཟློག་པར་འགྱུར། །ཞེས་པ་ནི་སྔོན་གྱི་ལས་ཀྱི་

རྣམ་པར་སྨིན་པའི་ཕུང་པོ་ལྔ་པོ་འདི་ལ་ལྷའི་གཟུགས་སུ་སྨིན་པར་འགྱུར་བའི་ལས་ཀྱི་འབྲས་བུ་སྨིན་པར་འགྱུར་ཏེ། ནམ་བདག་གི་ཏིང་ངེ་འཛིན་ལ་སོགས་གྲུབ་པ་ཐོབ་པ་ནི་དེའི་ཚེ་གྲུབ་པ་དེ་ལས་ཀྱི་རྣམ་པར་སྨིན་པས་དེ་ཟིལ་གྱིས་མནན་ནས་འབྲས་བུ་མི་སྨིན་པར་ལྡོག་པར་འགྱུར་

རོ་ཞེས་པའོ། །སེམས་ནི་ངོ་བོ་ཉིད་མེད་པའི་ཕྱིར། །རྒྱུ་དང་འབྲས་བུ་རྣམས་སྤངས་ཤིང་། །ལས་དང་ཚེ་ལས་རྣམ་པར་གྲོལ། །ནམ་མཁའ་ལྟ་བུར་གྱུར་པ་ཡིན། །ཞེས་པ་ནི་གྲུབ་པའི་མཐར་སངས་རྒྱས་སུ་འགྱུར་བར་བསྟན་ཏེ། སྒྲུབ་པ་པོས་བྱང་ཆུབ་ཀྱི་སེམས་དག་པར་བསྒོམ་

པས་སེམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས་ཏེ། ཆོས་ཀྱི་རྒྱུ་དང་འབྲས་བུ་དམིགས་སུ་མེད་པས་རྒྱུ་ལས་དང་འབྲས་བུ་ཆེ་སྟེ། ལས་དང་ཚེ་དག་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་ཏེ། དེ་ལྟར་ལས་དང་ཚེ་ལས་རྣམ་པར་གྲོལ་ན་ནམ་མཁའ་ལྟ་བུར་གཟུང་བ་དང་འཛིན་པ་སྤངས་པ་དག་པའི་

Vol. 70 · folio 63a

མཚན་ཉིད་དུ་འགྱུར་རོ་ཞེས་པའོ། །གསང་བའི་བདག་པོ་ཞེས་པ་ནས། །སྙིང་རྗེ་ཆེན་པོའི་འབྱུང་བ་ཞེས་བྱ་བ་ཡོད་ཀྱི་དེ་བྲི་བའི་ཆོ་ག་ཉོན་ཅིག་ཅེས་པའི་བར་གྱིས་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་དང་ཡོན་ཏན་བརྗོད་ནས་ཉོན་ཅིག་ཅེས་པ་སྟེ། དེ་ལ་ཕྱག་རྒྱའི་གཟུགས་སུ་དགོད་

བའི་རིམ་པར་ཕྱེ་བ་ཞེས་པ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་ལུས་དང་ཚིག་གིས་གཟུགས་སུ་བཀོད་ཀྱི། འདིར་སེམས་ཀྱི་རང་བཞིན་དངོས་སུ་གཞག་ཏུ་མི་རུང་པས་ཕྱག་རྒྱའི་གཟུགས་སུ་བཀོད་པ་དེ། དེའི་རིམ་པར་ཕྱེ་བ་ནི་ཕྱག་

རྒྱའི་གཟུགས་སུ་བཀོད་པའི་དཀྱིལ་འཁོར་ལ་བྱའོ། །ལྷ་རྣམས་གནས་པར་བྱིན་གྱིས་རློབ་པ་ཞེས་པ་ནི་དཀྱིལ་འཁོར་དེར་ལྷ་རྣམས་ཕྱག་རྒྱའི་གཟུགས་སུ་བཀོད་པས་བྱིན་གྱིས་རློབ་པར་གྱུར་པའོ། །ཏིང་ངེ་འཛིན་ལྔ་རྟོགས་པ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལྔ་པོ་དེ་

དག་ཉིད་ཡེ་ཤེས་ཀྱི་བྱེ་བྲག་ཏུ་བྱིན་གྱིས་བརླབས་པ་སྟེ། དཀྱིལ་འཁོར་ལྔ་པོ་དེ་ལས་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་ལྔ་རྟོགས་པར་འགྱུར་པའོ། །སྔོན་གྱི་སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་པ་ནི་སངས་རྒྱས་ཐམས་ཅད་མཛད་པ་གཅིག་ཏུ་བསྟན་

པ་ནི། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་མཁྱེན་ནས་བཤད་ཀྱིས་དེ་ཉོན་ཅིག་ཅེས་སྦྱར་རོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་ཞེས་པ་ནས། ཕན་པ་དང་བདེ་བའི་ཕྱིར་ཞེས་པའི་བར་དུ་ནི་དཀྱིལ་འཁོར་དེ་བཤད་པ་ཡང་ཕྱག་ན་རྡོ་རྗེས་མི་མཁྱེན་པའི་ཕྱིར་བཤད་པ་ནི་

མ་ཡིན་གྱི། མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་བཤད་དོ་ཞེས་པ་སྟེ། ཆོས་ཀྱི་དབྱིངས་རྟོགས་པ་སྤྱོད་ཡུལ་དུ་གྱུར་པ་ཞེས་པ་ནི་མོས་པས་སྤྱོད་པའི་ས་ལ་

གནས་པ་རྣམས་ཀྱི་ཤེས་རབ་ཀྱི་ཡོན་ཏན་བཤད་པ་སྟེ། དེ་དག་གི་ཤེས་རབ་ནི་ནམ་མཁའ་དང་འདྲ་བའི་ཆོས་ཀྱི་དབྱིངས་དམིགས་པའི་སྤྱོད་ཡུལ་དུ་འགྱུར་ཞེས་པའོ། །ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་དེ་དག་གི་སྤྱོད་ཡུལ་དུ་གྱུར་ན་སྔགས་ཀྱི་ཚུལ་བཤད་ཅི་དགོས་ཤེ་ན། དེ་དག་དེ་ལྟར་

Vol. 70 · folio 63b

སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཅན་དུ་གྱུར་ཀྱང་ཐབས་ཀྱིས་སེམས་ཅན་བསྒྲལ་བར་བྱེད་དོ། །དེ་བས་ན་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བ་ཡི་དམ་བཅས་པ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་

ཕན་པ་དང་བདེ་བའི་ཕྱིར་དཀྱིལ་འཁོར་དེ་ཉོན་ཅིག་ཅེས་པའོ། །དེ་ལ་དོན་དང་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མྱ་ངན་ལས་འདས་པའམ། ངེས་པར་ལེགས་པའི་བདེ་བའི་ཕྱིར་རོ། །ཕན་པ་དང་བདེ་བའི་ཞེས་པ་ནི་ཚེ་འདི་དང་ཕྱི་མ་ལ་ཕན་པའི་ཕྱིར་རོ། །བདེ་བའི་ཕྱིར་

ཞེས་པ་ནི་ཚེ་འདི་ལ་བྱ་བའི་ཕྱིར་ཞེས་པའོ། །གསང་བ་པའི་བདག་པོ་དང་པོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དགོད་པ་ཞེས་པ་ནི་དཀྱིལ་འཁོར་སྔ་མ་དག་དང་འདྲ་བར་དང་པོ་སྙིང་པོའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དགོད་པ་

ཞེས་པ་སྟེ། བྲི་བའི་ཆོ་ག་ཉོན་ཅིག་ཅེས་འོག་ནས་འབྱུང་བ་དང་སྦྱར་རོ། །གསང་བ་ལས་ཀྱང་ཆེས་གསང་བ། །ཞེས་པ་ལ་གསང་བ་ནི་སེམས་ཀྱི་རང་བཞིན་ཕྲ་ཞིང་དམིགས་སུ་མེད་པས་ན་གསང་བའོ། །དེ་ལས་ཀྱང་ཆེས་གསང་བ་ནི་དམ་ཚིག་མེད་པའི་སེམས་ཅན་རྣམས་ལ་

མི་བསྟན་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་པ་ནི་སྔར་བཞིན་ནོ། །གང་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྲངས་མེད་པ་འབྱུང་བ་ཞེས་པ་ལ་འཇིག་རྟེན་པའི་དཀྱིལ་འཁོར་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ་ཚོན་གྱིས་བྲི་བ་རྣམས་

སོ། །འཇིག་རྟེན་ལས་འདས་པ་ནི་རང་བཞིན་གྱི་དཀྱིལ་འཁོར་ཏེ་གཟུགས་བརྙན་གྱི་དཀྱིལ་འཁོར་རྣམས་ཀྱང་འདི་ལས་འཕྲོ་བ་དང་རང་བཞིན་གྱི་དཀྱིལ་འཁོར་ཡང་འདི་མཐོང་བ་ལས་ཤེས་པར་གྱུར་པས་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འབྱུང་བ་ཞེས་བྱའོ། །ཡང་

ན་འཇིག་རྟེན་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་གྲངས་མེད་པ་རྣམས་ཀྱང་འདི་ལས་འབྱུང་བ་ཞེས་པ་སྟེ། དེ་བྲི་བའི་ཆོ་ག་ཉོན་ཅིག་ཅེས་པའོ། །ཀུན་དུ་གྲུབ་བཞི་ལྷམ་པ་ལ། །ཞེས་པ་ནས། དགོད་པ་རྣམས་ཀྱང་ངེས་པ་ཡིན། །འདི་

Vol. 70 · folio 64a

ལས་བྱུང་བར་ཤེས་པར་བྱ། །ཞེས་པའི་བར་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པའི་སྙིང་པོའི་དཀྱིལ་འཁོར་བྲི་བ་སྟེ། དཀྱིལ་འཁོར་གྱི་ས་བཅད་པ་དང་། སྣམ་བུའི་རིམ་པ་དང་། ཚོན་དགྱེ་བ་ལ་སོགས་པའི་ཆོ་ག་རྣམས་དཀྱིལ་འཁོར་གོང་མ་རྣམས་

སུ་ཇི་སྐད་གསུངས་པ་བཞིན་ནོ། །ཀུན་དུ་གྲུ་བཞི་ལྷམ་པ་ནི་ཚད་མེད་པ་བཞི་དང་ལྡན་པར་སྟོན་པའོ། །སྒོ་གཅིག་པ་ནི་སྒོ་མང་པོ་ནས་ཆོས་ཀྱི་དབྱིངས་ཀྱི་སྒོ་གཅིག་ཏུ་འདུ་བར་བསྟན་པའོ། །སྟེགས་བུར་བཅས་པ་ནི་མཐའ་ཚོན་གྱིས་བྲིས་པའི་དབུས་ཚོན་སེར་པོས་བཀང་སྟེ་བཅོམ་ལྡན་

འདས་བཞུགས་པའི་གཞིར་བཅས་ཞེས་པའོ། །རྡོ་རྗེ་རྣམས་ཀྱི་མཚན་པ་ནི་དེའི་ནང་ནུབ་ཕྱོགས་ཀྱི་ལོགས་སུ་རྡོ་རྗེ་རྩེ་ལྔ་པ་བྲི་བའོ། །དབུས་སུ་རྡོ་རྗེ་རྩེ་བརྒྱད་པ། །ཞེས་པ་ནི་རྒྱུའི་ཚེ་རྣམ་པར་གྲོལ་བའི་གཟུངས་ཡེ་ཤེས་བརྒྱ་དང་བཅས་པར་སྟོན་ཏོ། །རྣམ་པར་གྲོལ་བའི་སྒོར་གྱུར་པ་ཡེ་

ཤེས་བརྒྱར་ཡང་ཡི་གེ་འཁོར་ལོ་བསྐོར་བའི་རིམ་པར་ཕྱེ་བ་ལས་ཡི་གེ་ཨས་མགོ་བཙུགས་ནས་ཀའི་རིམ་ནས་ཡ་དང་ར་དང་བ་དང་ལ་ཡན་ཆད་ཀྱི་བར་དུ་ཡི་གེ་ཉི་ཤུ་རྩ་བཞི་སྨོས་པ་དང་དང་པོའི་ཡི་གེ་ཨ་དང་བཅས་པ་ཉི་ཤུ་རྩ་ལྔ་པའོ། །དེ་བཞིན་དུ་ཨཱ་དང་བཅས་པ་དེ་ཡང་ཉི་ཤུ་རྩ་ལྔ་ཨོཾ་

དང་བཅས་པ་ཉི་ཤུ་རྩ་ལྔ། ཨཿདང་བཅས་པ་ཡང་ཉི་ཤུ་རྩ་ལྔ་སྟེ། དེ་ལྟར་རྣམ་པར་ཐར་པའི་སྒོ་བརྒྱ་ལས་ཡེ་ཤེས་བརྒྱར་སྦྱར་བའི་རང་བཞིན་རྡོ་རྗེ་རྩེ་བརྒྱད་པ་དེའི་དབུས་སུ་བྲིའོ་ཞེས་པའོ། །ཤ་དང་ཥ་དང་ས་དང་ཧ་རྣམས་ནི་ཆ་གཉིས་པའི་ནང་དུ་འདུས་པར་ཤེས་པར་བྱའོ། །དེའི་སྟེང་

པདྨ་བྲི་བ་ནི། །ས་བོན་དང་བཅས་རྒྱས་པར་བྱས། །ཞེས་པ་ནི་རྡོ་རྗེ་དེའི་སྟེང་དུ་པདྨ་འདབ་མ་བཞི་པ་རང་གི་ས་བོན་དང་བཅས་པར་བྲིའོ། །དེ་སྟེང་དུ་ཡང་པདྨ་ཆེ། །ཕྱག་རྒྱ་ཀླད་ཀོར་གྱིས་མཛེས་བྱས། །འདབ་མ་བརྒྱད་པ་ལེགས་པར་རྫོགས། །ཟེ་བར་བཅས་པ་ཤིན་ཏུ་བཟང་། །ཞེས་པ་ནི་པདྨོ་

དེའི་སྟེང་དུ་ཡང་པདྨ་ཆེན་པོ་འདབ་མ་བརྒྱད་པ་བྲིས་ཏེ། ཕྱག་རྒྱ་ཀླད་ཀོར་གྱིས་མཛེས་བྱས། །ཞེས་པ་ཀླད་ཀོར་ནི་སྟོང་པ་ཉིད་དུ་སྟོན་པའི་ཚིག་ཡིན་པས་ཡན་ལག་བཅུ་གཉིས་པའི་རིག་པའི་རྒྱལ་པོ་ལ་བྱ་སྟེ། ཡན་ལག་བཅུ་གཉིས་ཚིག་དགོད་པ། །ཞེས་པ་དང་སྦྱར་རོ། །ཕྱག་རྒྱ་ནི་

Vol. 70 · folio 64b

གསང་བའི་ཕྱག་རྒྱ་བརྒྱད་པ་སྟེ། དཀྱིལ་འཁོར་བརྒྱད་ཀྱི་འཁོར་རྣམས་ཀྱི། །ཞེས་པ་དང་སྦྱར་རོ། །པདྨ་སྟེང་མཆེ་བ་དང་འདབ་མ་བརྒྱད་ཀྱིས་བྱེ་བྲག་ཆེ་བས་འོག་དེ་བས་ཆུང་བར་བྱ་བར་མངོན་ཏེ་འདབ་མ་བཞི་བར་ཤེས་པར་བྱའོ། །གཉིས་སུ་རྒྱུའི་ཚེ་པདྨ་ཡིན་པས་ཆུང་བར་ཤེས་པར་བྱའོ། །

པདྨ་ཆེན་པོ་འདབ་མ་བརྒྱད་པ་ནི་ཡེ་ཤེས་བརྒྱད་ཀྱི་རང་བཞིན་དུ་སྔར་བཤད་པ་བཞིན་ནོ། །འདབ་མ་རྣམས་ནི་ཐམས་ཅད་ལ། །ཡན་ལག་བཅུ་གཉིས་ཚིག་དགོད་པ། །ཞེས་པ་ནི་ཡན་ལག་བཅུ་གཉིས་པའི་རིག་པའི་རྒྱལ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོར་བཅས་པའི་ཡི་གེ་ཟུང་བརྒྱད་

པོ་རྣམས་འདབ་མ་བརྒྱད་ལ་བྲི་བར་བྱའོ། །དེ་རྣམས་དབུས་ན་མགོན་བཞུགས་པ། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ། །དཀྱིལ་འཁོར་བརྒྱད་ཀྱི་འཁོར་རྣམས་ཀྱིས། །ཁོ་ར་ཁོར་ཡུག་ཡོངས་བསྐོར་བ། །ཞེས་པ་ནི་པདྨའི་དབུས་ཀྱི་སྙིང་པོ་ལ་བཅོམ་ལྡན་འདས་བཞུགས་ཏེ།

ཕྱག་རྒྱ་བརྒྱད་པོ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཁོ་ར་ཁོར་ཡུག་ཏུ་རང་གི་དཀྱིལ་འཁོར་དང་ས་བོན་དུ་བཅས་པར་པདྨའི་སྙིང་པོ་དེ་ཉིད་ལ་བྲི་བར་བྱའོ། །སྙིང་རྗེ་ལས་བྱུང་དཀྱིལ་འཁོར་འདི། །མཆོག་ཏུ་ཤེས་པར་བྱ་བ་སྟེ། །ཞེས་པ་ནི། མཆོག་ནི་སྟོན་པའི་མཆོག་གོ། །སྙིང་རྗེ་ལས་

བྱུང་ཞེས་པ་ནི་སྔ་མ་བཞིན་ནོ། །ལུང་བཞིན་དཀྱིལ་འཁོར་རྣམས་དང་ནི། །ལས་དང་ལུས་དང་དངོས་གྲུབ་དང་། །དགོད་པ་རྣམས་ཀྱང་ངེས་པ་ཡིས། །འདི་ལས་བྱུང་བར་ཤེས་པར་བྱ། །ཞེས་པ་ནི་ཞི་བ་དང་རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱི་དཀྱིལ་འཁོར་ལུགས་གཟུགས་

སུ་དགོངས་ལ། དཀྱིལ་འཁོར་གྱི་སྔགས་ཀྱི་ལུང་གཞན་དག་ལས་བཤད་པ་རྣམས་ཀྱང་དཀྱིལ་འཁོར་འདི་ལས་བྱུང་བར་ཤེས་པར་བྱ་སྟེ། དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་དབང་ཆེན་གྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །གསང་བ་བའི་བདག་པོ་གཞན་

ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ནི་ཞེས་པ་ནས། དེ་ནི་ཕྱོགས་བཅུ་རྣམས་སུ་སོང་། །ཞེས་པའི་བར་གྱིས་བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་སུ་སྔར་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྲི་སྟེ། ཟླ་བའི་དཀྱིལ་འཁོར་འདྲ་ཞིང་མདོག །

Vol. 70 · folio 65a

ཅེས་པ་ནི་བཅོམ་ལྡན་འདས་ཀྱི་གདན་པདྨའི་ཁ་དོག་ཟླ་བའི་དཀྱིལ་འཁོར་ལྟར་དཀར་པོ་ཞེས་པའོ། །དུང་ལྟ་བུ་ཡི་དབུས་ན་ནི། །ཞེས་པ་ཆུའི་དཀྱིལ་འཁོར་ཁ་དོག་དུང་དང་འདྲ་བར་ཤེས་པར་བྱའོ། །སངས་རྒྱས་ཀུན་གྱི་གྲུ་གསུམ་པ། །པདྨ་དཀར་པོའི་སྟེང་ན་གནས། །

ཞེས་པ་ནི་ཆུའི་དཀྱིལ་འཁོར་གྱི་སྟེང་ན་ཕྱག་རྒྱ་གྲུ་གསུམ་པདྨ་དཀར་པོའི་སྟེང་གནས་པ་བྲིའོ་ཞེས་པའོ། །ཀླད་ཀོར་བཅས་པའི་མཚན་གྱིས་བཏབ། །ཅེས་པ་ནི་དེར་ཡི་གེ་ཨ་ཀླད་ཀོར་དང་བཅས་པར་གཞག་ཅེས་པའོ། །རྡོ་རྗེའི་མཚན་མས་མཚན་པ་སྟེ། །ཞེས་པ་ནི་དེར་རྡོ་རྗེ་རྩེ་ལྔ་

པ་བྲིས་ཞེས་པའོ། །དཔྱད་མི་དགོས་པར་ཀུན་ནས་ནི། །འོད་ཟེར་དག་ནི་གཉིས་བྱ་བ། །གསང་སྔགས་མགོན་ལས་བྱུང་བས་སུ། །དེ་ནི་ཕྱོགས་བཅུ་རྣམས་སུ་སོང་། །ཞེས་པ་ནི་ཕྱག་རྒྱ་གསུམ་པ་དེའི་གྲ་གཉིས་ནས་འོད་གཉིས་བྱུང་བར་བྲི་སྟེ། དེ་ཡང་ཆོས་ཀྱི་སྐུ་ལས་ལོངས་

སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འབྱུང་བར་ཤེས་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་། སྤྱན་རས་གཟིགས་དབང་དཀྱིལ་འཁོར་ནི། །ཞེས་པ་ནས། རིག་སྔགས་རྒྱལ་དང་བཅས་པར་ནི། །མཁས་པས་རྣམ་པར་དགོད་པར་བྱ། །ཞེས་པའི་བར་གྱིས་སྤྱན་རས་གཟིགས་ཀྱི་

དབང་པོའི་དཀྱིལ་འཁོར་བཤད་པ་སྟེ། ཀུན་དུ་གྲུ་བཞི་ལྷམ་པ་ལ། །ཞེས་པ་དབང་ཆེན་གྱི་དཀྱིལ་འཁོར་དུ་བྲི་བའོ། །དབུས་སུ་དུང་འདྲ་གཞག་པར་བྱ། །ཞེས་པ་ནི་དེའི་དབུས་སུ་ཆུའི་དཀྱིལ་འཁོར་བྲི་བའོ། །དེ་ཡི་སྟེང་དུ་པདྨ་ནི། །ས་བོན་བཅས་བྱས་རྒྱས་པར་བྲི། །ཞེས་

པ་ནི་ཆུའི་དཀྱིལ་འཁོར་དེའི་སྟེང་དུ་པདྨ་དཀར་པོ་ས་བོན་ཨ་དང་བཅས་པ་བྲིའོ། །དེ་ཡི་སྟེང་དུའང་རྡོ་རྗེ་ཆེ། །ཞེས་པ་ནི་པདྨོའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་གཞག་ཅེས་པའོ། །རྡོ་རྗེ་ལས་ཀྱང་པདྨ་ཆེ། །ཐམས་ཅད་ས་བོན་རྣམས་ཀྱིས་མཚན། །རང་གི་ས་བོན་ལེགས་པར་སྦྱར། །ཞེས་པ་ནི་རྡོ་རྗེ་

དེའི་སྟེང་དུ་ཆེན་པོ་འདབ་མ་བརྒྱད་པ་བྲི་སྟེ། རང་གི་ས་བོན་དང་བཅས་པ་བྲི་ཞེས་པའོ། །སྒྲོལ་མ་དང་ནི་ཁྲོ་གཉེར་ཅན། །ཞེས་པ་ནས། ཁྱད་པར་དུ་ནི་བྲི་བར་བྱ། །ཞེས་པའི་བར་གྱིས་སྒྲོལ་མ་ལ་སོགས་པའི་འཁོར་རྣམས་དཀྱིལ་འཁོར་དེར་ཕྱག་རྒྱའི་གཟུགས་སུ་བྲིས་ཞེས་

Vol. 70 · folio 65b

པའོ། །རྟ་མགྲིན་ཅན་གྱི་བྱ་བ་ནི། །ཞེས་པ་ནས། མཁས་པས་རྣམ་པར་དགོད་པར་བྱ། །ཞེས་པའི་བར་ནི་དཀྱིལ་འཁོར་དེའི་ནུབ་ཕྱོགས་ཀྱི་མཐའ་མར་རྟ་མགྲིན་ཅན་གྱི་དཀྱིལ་འཁོར་གྲུ་གསུམ་པ་བྲི་སྟེ། དཀྱིལ་འཁོར་མཚན་མ་བཟང་པོས་བཏབ། །ཅེས་པ་ནི་གྲུ་གསུམ་པ་དཀྱིལ་

འཁོར་གྱི་མཚན་པ་ཞེས་པའོ། །ཉི་མ་འཆར་བའི་ཁ་དོག་འདྲ། །ཞེས་པ་དཀྱིལ་འཁོར་དེའི་ཁ་དོག་ཉི་མ་དང་འདྲ་བའོ། །རིག་སྔགས་རྒྱལ་དང་བཅས་པར་ནི། །མཁས་པས་རྣམ་པར་དགོད་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་གྲུ་གསུམ་པོ་དེ་རིག་པའི་རྒྱལ་པོ་རྟ་མགྲིན་དང་བཅས་

པར་བྲི་སྟེ། དེའི་ཕྱག་རྒྱའི་གཟུགས་སུ་བྲི་བར་ཤེས་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་ཁྱོད་ཀྱི་དཀྱིལ་འཁོར་མདོར་བཤད་པར་བྱའོ་ཞེས་པ་ནས། རྒྱལ་བའི་གཙོ་བོ་རྣམས་ཀྱིས་གསུངས། །ཞེས་པའི་བར་གྱིས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བཤད་པ་སྟེ། ཕྱག་ན་རྡོ་

རྗེ་ནི་བྱ་བ་སྒྲུབ་པའི་རང་བཞིན་ལས་ཐམས་ཅད་པ་ཡིན་པས་དཀྱིལ་འཁོར་བཞི་ཆར་དང་ལྡན་པར་ཤེས་པར་བྱའོ། །ཀུན་དུ་གྲུ་བཞི་ལྷམ་པ་ལ། །རྡོ་རྗེའི་མཚན་མ་རྣམས་ཀྱིས་མཚན། །ཐམས་ཅད་སེར་པོ་ཡིད་དུ་འོང་། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དང་པོར་བྲི་བ་སྟེ་སྔ་མ་

བཞིན་ནོ། །དབུས་ན་པདྨ་རབ་ཏུ་གནས། །དེ་ཡི་དབུས་སུ་བྱ་བ་ནི། །བུམ་པ་ཟླ་བའི་འོད་འདྲ་བ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་བྲིས་ཏེ། པདྨའི་སྟེང་དུ་ཆུའི་དཀྱིལ་འཁོར་བྲིའོ། །བུམ་པ་ནི་ཆུའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །འདི་ནི་མཚན་མ་རྣམས་

ཀྱིས་མཚན། །ཀླད་ཀོར་གྱིས་ཀྱང་རྣམ་པར་བརྒྱན། །ཞེས་པ་ནི་དཀྱིལ་འཁོར་དེ་རང་གི་ས་བོན་ཡི་གེ་བ་ཀླད་ཀོར་དང་བཅས་པའི་མཚན་མས་མཚན་པའོ། །དེའི་སྟེང་དུ་ཡང་རླུང་ཆེན་ནི། །དབྱར་གྱི་ཆར་སྤྲིན་འདྲ་བའི་མདོག །བ་དན་གཡོ་བ་སྔགས་པས་བྱ། །ཀླད་ཀོར་གྱིས་ཀྱང་རྣམ་

པར་བརྒྱན། །ཞེས་པ་ནི་ཆུའི་དཀྱིལ་འཁོར་དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཁ་དོག་སྨུག་ནག་དབྱར་གྱི་ཆར་སྤྲིན་དང་འདྲ་བ་གཡོ་བཞིན་པའི་བ་དན་དང་བཅས་པ་བྲི་སྟེ། ཀླད་ཀོར་གྱིས་ཀྱང་རྣམ་པར་བརྒྱན། །ཞེས་པ་ནི་རང་གི་ས་བོན་ཡི་གེ་ཀླད་ཀོར་དང་བཅས་པར་ཤེས་པར་

Vol. 70 · folio 66a

བྱའོ། །དེའི་སྟེང་དུ་ཡང་གྲུ་གསུམ་པ། །རབ་ཏུ་འཇིགས་པའི་གཟུགས་ཅན་ཏེ། །འཇིག་པར་བྱེད་པའི་མེ་འདྲ་བ། །སུམ་མདོའི་རིས་མཚན་མཚན་གྱིས་བཏབ། །ཅེས་པ་ནི་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་འཇིག་པའི་བསྐལ་པའི་

མེའི་ཁ་དོག་འདྲ་བ་འཇིགས་འཇིགས་ལྟར་འདུག་པ་ཞེས་པ་སྟེ། སུམ་མདོའི་རིས་མཚན་མཚན་གྱིས་བཏབ་པ་ནི་དཀྱིལ་འཁོར་དེའི་མཚན་མ་གྲུ་གསུམ་པས་ཀྱང་བཏབ་པའོ། །འབར་ཕྲེང་འཁྲིགས་པ་འཇིགས་འཇིགས་ལྟར། །ཉི་མ་འཆར་བའི་གཟུགས་འདྲ་བའོ། །ཞེས་པ་

ནི་འབར་བའི་ཕྲེང་བ་ཁ་དོག་ཉི་མ་འཆར་བ་དང་འདྲ་བ་འཇིགས་པས་འཁོར་བར་བྱ་ཞེས་པའོ། །དེ་ཡི་དབུས་སུ་པདྨ་ཆེ། །ཞེས་པ་ནི་མེའི་དཀྱིལ་འཁོར་དེའི་དབུས་པདྨ་ཁ་དོག་དུས་མཐའི་མེ་འོད་འདྲ་བ་དམར་པོ་གཉིས་འདྲི་ཞེས་པའོ། །པདྨའི་སྟེང་དུ་རྡོ་རྗེ་ནི། །འབར་བའི་ཕྲེང་བ་འཕྲོ་

བ་ཅན། །ཞེས་པ་ནི་པདྨའི་སྟེང་དུ་རྡོ་རྗེ་ཁ་དོག་དམར་སྨུག་ཏུ་བྲི་སྟེ་འབར་བ་ནི་མེའི་ཁ་དོག་ཡིན་ལ། འཕྲོ་བ་ནི་རླུང་གི་ཤས་ཏེ། མེ་དང་རླུང་གཉི་གའི་ཤས་ཡོད་པས་རྡོ་རྗེ་དམར་སྨུག་ཏུ་བྲི་སྟེ་འབར་བ་ནི་རྡོ་རྗེ་མེའི་ཁ་དོག་ཡིན་ལ། ཧཱུྃ་ཞེས་བྱ་བའི་སྒྲ་དང་ལྡན། །དམ་པ་ས་བོན་རྣམས་ཀྱིས་

མཚན། །ཞེས་པ་ནི་དེའི་སྟེང་དུ་ཕྱག་ན་རྡོ་རྗེའི་ས་བོན་གྱི་ཡི་གེ་ཧཱུཾ་གཞག་པར་བྱའོ། །དཔའ་བོ་ཁྱོད་ཀྱི་དཀྱིལ་འཁོར་འདི། །རྒྱལ་བའི་གཙོ་བོ་རྣམས་ཀྱིས་གསུངས། །ཞེས་པ་ནི་སྔོན་གྱི་རྒྱལ་བ་རྣམས་ཀྱིས་ཀྱང་གསུངས་ཞེས་པ་སྟེ། དཔའ་བོ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་བོད་པའོ། །

མཱ་མ་ཀཱི་དང་ལུ་གུ་རྒྱུད། །ཅེས་པ་ནས། དེ་དག་ཇི་ལྟར་རིག་པར་བྱ། །ཞེས་པའི་བར་གྱིས་མཱ་མ་ཀཱི་ལ་སོགས་པའི་འཁོར་རྣམས་ཀྱང་དབང་ཆེན་གྱི་དཀྱིལ་འཁོར་གྱི་ནང་དུ་བྲི་བར་བཤད་པ་སྟེ། ཕྱག་རྒྱའི་དཀྱིལ་འཁོར་ས་བོན་དང་། ཁ་དོག་ཁྱད་པར་གོ་རིམས་བཞིན། །དེ་

དག་ཇི་ལྟར་རིག་པར་བྱ། །ཞེས་པ་ནི་སོ་སོའི་ཕྱག་རྒྱའི་དང་ས་བོན་རྣམས་སོ་སོའི་ཁ་དོག་ཅི་འདྲ་བ་ལས། དཀྱིལ་འཁོར་ཀྱང་དེ་བཞིན་དུ་ཤེས་པར་བྱ་སྟེ། །སྔར་བཤད་པའི་རིམ་པ་བཞིན་དུ་བྲི་ཞེས་པའོ། །དེ་ནས་གཞན་ཡང་རྡོ་རྗེ་འཛིན། །ཞེས་པ་ནས། རྣམ་པར་རྒྱལ་

Vol. 70 · folio 66b

དང་ལྡན་པའོ། །ཞེས་པའི་བར་གྱིས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་འོག་ལོགས་སུ་ནམ་མཁའ་དྲི་མ་མེད་པ་ལ་སོགས་པའི་རྡོ་རྗེ་འཛིན་མིང་གིས་སྨོས་པ་བཅུ་གཉིས་པོ་རྣམས་བྲིས་ཏེ་དེ་རྣམས་ཀྱི་དཀྱིལ་འཁོར་ཡང་དབང་ཆེན་ལ་སོགས་བཞི་པོ་བྲི་སྟེ། དེ་རྣམས་དཀྱིལ་འཁོར་

བཤད་པ་ནི། །དཀར་པོ་སེར་པོ་དམར་པོ་དང་། །ནག་པོ་ཡིན་པར་ཡང་དག་བསྒྲགས། །ཞེས་པ་རྡོ་རྗེ་འཛིན་བཅུ་གཉིས་པོ་རྣམས་ལ་དཀྱིལ་འཁོར་བཞི་པོ་འདི་ལན་གསུམ་དུ་བསྒྲེས་ཏེ་རིམ་པ་བཞིན་དུ་སྦྱར་རོ། །དེ་ནས་གཞན་ཡང་ཕྱག་རྒྱའི་གཟུགས། །རྩེ་གསུམ་པ་དང་རྩེ་གཅིག་དང་། །

གཞན་ཡང་གཉིས་དང་གཉིས་མ་ཡིན། །ཕྲེང་བ་ལྟ་བུའི་དེ་བཞིན་གཞན། །ཁ་དོག་བྱེ་བྲག་ལས་ཤེས་བྱ། །ཞེས་པ་དེ་རྣམས་ཀྱི་ཕྱག་མཚན་རྡོ་རྗེ་རྩེ་གསུམ་པ་ལ་ཡང་རྣམ་པ་གཉིས་ཏེ། ཕྱོགས་གཅིག་རྩེ་གསུམ་པ་དང་། །ཕྱོགས་གཉིས་ཀ་རྩེ་གསུམ་པའོ། །དེ་བཞིན་དུ་རྩེ་

གཅིག་པ་ཡང་ཤེས་པར་བྱ་སྟེ། དེ་བས་ན་ཁ་གཉིས་པ་ཡང་གཟུང་བའོ། །གཉིས་ཀ་མ་ཡིན་པ་ནི་རྡོ་རྗེ་ཐོ་ལུམ་དུ་ཤེས་པར་བྱའོ། །ཕྲེང་བ་ལྟ་བུའི་དེ་བཞིན་གཞན། །ཞེས་པ་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་སྟེ། ཕྱག་རྒྱ་དྲུག་པོ་དེ་དག་ལན་གཉིས་སུ་བསྒྲེས་པས་བཅུ་གཉིས་པོ་ལ་ཁྱབ་

པའོ། །ཁ་དོག་བྱེ་བྲག་ལས་ཤེས་བྱ། །ཞེས་པ་ནི་ཕྱག་རྒྱ་དེ་རྣམས་ཀྱི་ཁ་དོག་དག་ཀྱང་རྡོ་རྗེ་འཛིན་པ་དེ་དག་ཉིད་ཀྱི་ཁ་དོག་ཇི་ལྟ་བ་བཞིན་དུའོ་ཞེས་པའོ། །འདི་རྣམས་ཀུན་ཀྱང་མཐུ་ཆེན་ཏེ། །རྣམ་པར་རྒྱལ་དང་ལྡན་པའོ། །ཞེས་པ་ནི་རྡོ་རྗེ་འཛིན་པ་དེ་དག་གི་རྗེས་སུ་བསྔགས་

པ་སྟེ། གདུལ་དཀའ་བ་རྣམས་ལས་རྣམ་པར་རྒྱལ་བ་དང་ལྡན་ནོ་ཞེས་པའོ། །མི་གཡོ་མགོན་གྱི་དཀྱིལ་འཁོར་ནི། །ཞེས་པ་ནས། བློ་ལྡན་དེ་ཡིས་བྲི་བར་བྱ། །ཞེས་པའི་བར་གྱིས་འཕགས་པ་མི་གཡོ་བའི་དཀྱིལ་འཁོར་བཤད་པ་སྟེ། རླུང་དང་མེ་ཡི་ཡིན་པར་འདོད། །ཅེས་པ་ནི་

རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་བྲིས་ནས་དེའི་སྟེང་དུ་འཕགས་པ་མི་གཡོ་བའི་ཕྱག་རྒྱ་རལ་གྲིའམ་ཞགས་པ་གང་ཡང་རུང་བ་ཅིག་རང་གི་ས་བོན་དང་བཅས་པར་བྲིའོ་ཞེས་པའོ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིའང་། །བྱེ་བྲག་ཏུ་ནི་རླུང་གི་དབུས། །ཞེས་

Vol. 70 · folio 67a

པའང་ཞེས་པའི་ཚིག་གིས་འཕགས་པ་མི་གཡོ་བའི་དཀྱིལ་འཁོར་ལྟར་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་བྲི་ཞེས་པའོ། །རླུང་གི་དབུས་ཞེས་པ་ནི་མེའི་དཀྱིལ་འཁོར་གྱི་སྟེང་དུ་རླུང་གི་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་རྡོ་རྗེའི་ཕྱག་རྒྱ་རང་གི་མཚན་

མ་དང་བཅས་པར་བྲི་ཞེས་པའོ། །གནས་གསུམ་དག་ལ་འདུག་པའོ། །ཞེས་པ་ནི་རླུང་གི་དཀྱིལ་འཁོར་གཉིས་དང་མེའི་དཀྱིལ་འཁོར་གཅིག་སྟེ་གསུམ་ལ་འདུག་ཅེས་པའོ། །གསང་བ་པའི་བདག་པོ་གཞན་ཡང་ཞེས་པ་ནས། མདོར་ན་ས་བོན་དང་ལྡན་པར་བྱ། ཞེས་པའི་བར་

གྱིས་ནམ་མཁའི་སྤྱན་གྱི་དཀྱིལ་འཁོར་བཤད་པ་སྟེ། དབང་ཆེན་གྱི་དཀྱིལ་འཁོར་ནི་སྔ་མ་བཞིན་ནོ། །ལྷ་མོ་དེའི་ཁ་དོག་ཀྱང་སེར་པོར་བྱ་སྟེ། པདྨའི་སྟེང་དུ་བཞུགས་པའོ། །དེར་ཡང་གཙུག་ཏོར་གཞག་པ་ནི། །ཆ་གསུམ་ལ་ནི་གནས་པར་བྱ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་

སྟེང་དུ་པདྨ་བྲི་སྟེ། པདྨའི་སྟེང་དུ་གཙུག་ཏོར་ཆ་གསུམ་དང་ལྡན་པ་བྲིའོ་ཞེས་པའོ། །དབུ་མའི་ཆ་ནི་བོར་ནས་ནི། །དེ་ཡང་སྤྱན་ནི་བྲི་བར་བྱ། །ཞེས་པ་ནི་གཙུག་ཏོར་གྱི་ཕྱག་རྒྱ་དེའི་སྨད་སུམ་གཉིས་བོར་ལ་སྟོད་ཀྱི་སུམ་ཆའི་ནང་དུ་སྤྱན་གྱི་ཕྱག་རྒྱ་བྲིའོ། །རང་གི་འོད་འབར་དབུས་ན་

གནས། །ཞེས་པ་ནི་གཙུག་ཏོར་གྱི་ཕྱག་རྒྱ་དེ་འོད་འབར་བའི་དབུས་ན་གནས་པར་བྱའོ་ཞེས་པའོ། །མདོར་ན་ས་བོན་དང་ལྡན་པར་བྱ། །ཞེས་པ་ནི་ཡུམ་དེའི་ས་བོན་གྱི་ཡི་གེ་དང་བཅས་པར་བྱ་ཞེས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །ཞེས་པ་ནས། རེ་བ་ཐམས་ཅད་

རྫོགས་བྱེད་པའོ། །ཞེས་པའི་བར་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་ནི་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་བྲིས་ཞེས་པའོ། །དེ་ནས་ཤཱཀྱ་སེང་གེས་ཡང་། །ཞེས་པ་ནས། གོ་རིམས་བཞིན་དུ་གཞག་པར་བྱ། །ཞེས་པའི་བར་ནི་དཀྱིལ་འཁོར་གྱི་སྣམ་བུ་

གཉིས་པ་ལ་ཤཱཀྱ་ཐུབ་པ་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞུགས་པ་བྲི་སྟེ་གཞན་ནི་སྔ་མ་བཞིན་ནོ། །དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་སེར་པོ་བཞག་སྟེ་པདྨའི་སྟེང་དུ་ལྷུང་བཟེད་དམ། ཆོས་གོས་སམ། འཁར་གསིལ་གསུམ་ལས་གང་ཡང་རུང་བ་གཞག་སྟེ། དེ་ཡང་

Vol. 70 · folio 67b

འབར་བ་དང་བཅས་པའི་རྡོ་རྗེས་མཚན་པར་བྱའོ་ཞེས་པའོ། །གཙུག་ཏོར་ལྔ་པོ་གང་བསྒྲགས་པ། །ཞེས་པ་ནས། ཁ་དོག་བྱེ་བྲག་ལས་ཤེས་བྱ། །ཞེས་བྱ་བའི་གཙུག་ཏོར་ལྔ་པོ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བཤད་པ་སྟེ། དེ་དག་གི་དཀྱིལ་འཁོར་ནི་སོ་སོའི་ཁ་དོག་ཅི་འདྲ་བ་དང་

སྦྱར་བར་བྱ་སྟེ། ཁ་དོག་ཀྱང་དཀྱིལ་འཁོར་སྔ་མར་བཤད་ཟིན་ཏོ། །མཛོད་སྤུའི་ཡིད་བཞིན་ནོར་བུ་བཞིན། །ཞེས་པ་ནི་མཛོད་སྤུའི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུ་བྲི་ཞེས་པ་སྟེ། དཀྱིལ་འཁོར་ཡང་དེ་ཉིད་ཀྱི་ཁ་དོག་ཅི་འདྲ་བ་དང་སྦྱར་རོ། །སྤྱན་གྱི་ཡང་ནི་འདི་ཉོན་ཅིག །གཙུག་ཏོར་ཐམས་

ཅད་སེར་པོ་སྟེ། །རྡོ་རྗེའི་མཚན་མས་མཚན་པར་བྱ། །ཞེས་པ་ནི་སངས་རྒྱས་སྤྱན་གྱི་ཕྱག་རྒྱ་གཙུག་ཏོར་སེར་པོ་བྲིས་ཏེ། རྡོ་རྗེའི་མཚན་མ་དང་བཅས་པ་བྲིའོ་ཞེས་པའོ། །དེའི་ཁ་དོག་སེར་པོ་ཡིན་པས་དབང་ཆེན་གྱི་དཀྱིལ་འཁོར་དུ་བྲི་བར་ཤེས་པར་བྱའོ། །གཞན་གྱིས་མི་ཐུབ་མ་

ཡི་ནི། །ལག་པ་ངོ་མཚར་པདྨ་ཅན། །ཞེས་པ་ནི་ལྷ་མོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་ལག་པ་ཁུ་ཚུར་བཅངས་པ་འདྲ་བ་པདྨོ་ཐོགས་པར་བྲིའོ། །གཞན་གྱིས་མི་ཐུབ་ཅེས་བྱ་བའི། །ཁ་ཆེན་པདྨ་གནག་ལ་གནས། །ཞེས་པ་ནི་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་རིག་པའི་རྒྱལ་

མོའི་ཕྱག་རྒྱ་པདྨ་ནག་པོའི་སྟེང་ན་གནས་པ་བྲི་བར་བྱའོ། །གཙང་མར་གནས་པ་གང་གྲགས་པ། །ཞེས་པ་ནས། ཆོ་ག་རྒྱས་པར་བྲི་བར་བྱ། །ཞེས་པའི་བར་གྱིས་གནས་གཙང་མ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བཤད་པ་སྟེ། སེམས་པའི་ལག་པ་ནི་ཐལ་མོ་འགྲམ་པ་ལ་བརྟེན་པ་སྟེ།

དཀྱིལ་འཁོར་དུ་བྲི་བ་ན་འགྲམ་པ་མི་བྲི་བར་ཐལ་མོ་འབའ་ཞིག་གྱེན་དུ་ཤོར་དུ་འདུག་པ་བྲིའོ། །དགེ་བའི་ལག་ནི་མི་འཇིགས་པ་སྦྱིན་པའི་ལག་པ་བྲིའོ། །འཛུམ་པའི་ལག་པ་ནི་ཁ་འགྲམ་ནས་འདྲེན་པ་ལྟ་བུ་བྲིའོ། །ལག་ན་མེ་ཏོག་ནི་སྲིན་ལག་དང་མཐེ་བོང་གཉིས་སྤྲད་པ་བྲིའོ། །ནམ་མཁའི་

ལག་པ་ནི་ལག་པ་བསྒྲེང་བར་བྲིའོ། །ས་ཡི་ལྷ་མོའི་བུམ་པ་སྟེ། །ཆུ་ཡི་དཀྱིལ་འཁོར་རྡོ་རྗེས་མཚན། །ཞེས་པ་ནི་ས་བདག་གི་ཕྱག་རྒྱ་བུམ་པ་ཆུས་གང་བ་རྡོ་རྗེས་བརྒྱན་པར་བྲི་ཞེས་པའོ། །གཉེར་བའི་ལག་པ་མེ་ཡི་སྟེ། །དྲང་སྲོང་རྣམས་དང་བཅས་པར་བྲི། །ཞེས་པ་ནི་ས་

Vol. 70 · folio 68a

འོད་སྲུངས་ཞེས་པ་ལ་སོགས་པའི་དྲང་སྲོང་མིང་གིས་སྨོས་པ་རྣམས་དང་ལྷན་ཅིག་ཏུ་བྲིས་པ་སྟེ། རིག་བྱེད་ལག་པ་ཞེས་པ་ནི་སྨྲང་འདོན་པའི་ལག་པ་ལྟར་མཐེ་བོ་སོར་མོའི་ཚིགས་སུ་འབོག་པ་ནི་དྲང་སྲོང་རྣམས་ཀྱི་ཕྱག་རྒྱའོ། །གཤིན་རྗེའི་བེ་ཅོན་བྲི་བ་ནི། །རླུང་གི་

དཀྱིལ་འཁོར་ནང་ན་འདུག །ཅེས་པ་ནི་གཤིན་རྗེའི་བེ་ཅོན་རླུང་གི་དཀྱིལ་འཁོར་དུ་འདུག་པ་བྲི་ཞེས་པའོ། །འཆི་བདག་གི་ནི་དྲིལ་བུ་ཡིན། །ཞེས་པ་ནས། ཇི་ལྟར་རིགས་པར་བྲི་བར་བྱ། །ཞེས་པའི་བར་གྱིས་གཤིན་རྗེའི་འཁོར་འཆི་བདག་དང་དུས་མཚན་མོ་ལ་སོགས་པ་མིང་གི་

སྨོས་པ་རྣམས་ཀྱི་ཕྱག་རྒྱ་རླུང་གི་དཀྱིལ་འཁོར་གྱི་ནང་དུ་ཐ་མ་བྱ་རོག་དང་བྱ་རྒོད་ལ་སོགས་པས་བསྐོར་བར་བྲིའོ། །བདེན་བྲལ་གྱི་ནི་རལ་གྲི་བྲི། །ཞེས་པ་ནས། ཆུ་ལྷ་ཡིན་པར་ཤེས་པར་བྱ། །ཞེས་པའི་བར་དུ་ཁྱབ་འཇུག་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཀྱི་ཕྱག་རྒྱ་

ཡང་ཇི་སྐད་སྨོས་པ་བཞིན་དུ་བྲི་བར་བཤད་དོ། །དེ་དག་ལ་སོགས་པའི་དཀྱིལ་འཁོར་དངོས་སུ་མ་སྨོས་པ་རྣམས་ཀྱང་སོ་སོའི་ཁ་དོག་དང་གཟུགས་ཀྱི་དཀྱིལ་འཁོར་ཡང་སྔར་བཤད་པ་དང་སྦྱར་བར་བྱའོ། །གཞན་ཡང་མཆོག་སྦྱིན་རྡོ་རྗེ་ཡི། །ཞེས་པ་ནས། ཨུཏྤལ་རྣམས་ཀྱིས་

ཁེབས་པར་བྱ། །ཞེས་པའི་བར་གྱིས་དཀྱིལ་འཁོར་གྱི་སྣམ་བུ་གསུམ་པ་ལ་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་བྲི་བར་བཤད་པ་སྟེ། ཀུན་དུ་གྲུ་བཞི་ལྷམ་པ་ལ། །རྡོ་རྗེའི་མཚན་མས་མཚན་པ་སྟེ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དེ་སྔ་མ་བཞིན་ནོ། །དེ་ཡི་དབུས་

སུ་བྱ་བ་ནི། །དཀྱིལ་འཁོར་མེ་ལས་བྱུང་བའོ། །ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དེའི་དབུས་སུ་མེའི་དཀྱིལ་འཁོར་བྲིའོ། །དེའི་དབུས་ཕྱག་རྒྱ་བཞག་པ་ནི། །ཨུཏྤལ་ཞེས་བྱ་གཟུགས་བཟང་བ། །ཞེས་པ་ནི་མེའི་དཀྱིལ་འཁོར་གྱི་དབུས་སུ་ཕྱག་རྒྱ་ཨུཏྤལ་འཛིན་པ་

ཨུཏྤལའི་ཁ་དོག་ཉིད་དུ་བྲིའོ། །འཇམ་དབྱངས་བློ་དང་ལྡན་པ་ཡིས། །རང་གི་སྔགས་ཀྱིས་གཟི་བསྐྱེད་པའོ། །ཞེས་པ་ནི་ཨུཏྤལ་དེའི་སྟེང་དུ་འཇམ་དབྱངས་ཉིད་ཀྱི་སྔགས་ཀྱི་ས་བོན་བཞག་སྟེ། གཟེངས་བསྟོད་པར་བྱ་ཞེས་པའོ། །དེ་ཡི་གནས་ནི་ཆོ་ག་བཞིན། །རང་གི་

Vol. 70 · folio 68b

ས་བོན་ཉིད་ཀྱིས་བཏབ། །ཅེས་པ་ནི་དབང་ཆེན་དང་མེའི་དཀྱིལ་འཁོར་ལ་སོ་སོའི་ས་བོན་ཨ་དང་ར་ཆོ་ག་བཞིན་དུ་གཞག་ཅེས་པའོ། །མཐའ་མ་ཁོ་ར་ཁོར་ཡུག་ཏུ། །ཨུཏྤལ་རྣམས་ཀྱིས་ཁེབས་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་དེའི་མཐའ་ཨུཏྤ་ལས་བསྐོར་བར་བྱའོ། །དེ་ཡི་དབུས་

སུ་བྲི་བ་ནི། །ཞེས་པ་ནས། ཨུཏྤ་ལ་ཁ་མ་བྱེ་བར་ཞེས་པའི་བར་དུ་དྲ་བ་ཅན་གྱི་འོད་ལ་སོགས་པའི་ཕྱག་རྒྱ་ཇི་སྐད་སྨོས་པ་བཞིན་དུ་བྲི་ཞེས་པའོ། །འཇམ་དབྱངས་བློ་དང་ལྡན་པ་ཡི། །མངག་གཞུག་མར་ནི་གང་གྲགས་པ། །ཞེས་པ་ནས། དེ་དག་ཐམས་ཅད་ཨུཏྤ་ལའི། །

མཚན་མ་དག་གིས་མཚན་པར་བྱ། །ཞེས་པའི་བར་ནི་སྐྲ་ཅན་མ་ལ་སོགས་པའི་མངག་གཞུག་མ་རྣམས་ཀྱི་ཕྱག་རྒྱ་ཇི་སྐད་དུ་སྨོས་པ་རྣམས་ལ་ཨུཏྤ་ལའི་མཚན་མས་བཏབ་སྟེ་བྲིའོ། །ཇི་སྐད་གསུངས་པའི་ཕྱག་བརྙན་མ། །དེ་དག་ཕྱག་རྒྱ་ཁཌྒ་རི། །ཞེས་པ་ནི་འཕགས་པ་འཇམ་

དཔལ་གྱི་ཕྱག་བརྙན་མ་སྔར་ཇི་སྐད་དུ་བཤད་པ་རྣམས་ཀྱི་ཕྱག་རྒྱ་ཁཌྒ་རི་ཞེས་བྱ་བ་གྲི་གུག་འདྲ་བ་རྣམས་བྲིའོ། །ལྷོ་ཡི་ཕྱོགས་སུ་ནན་ཏན་དུ། །སྒྲིབ་པ་རྣམས་སེལ་བརྩོན་འགྲུས་ཆེའི། །ཞེས་པ་ནས་དེ་དག་ཐམས་ཅད་ཀྱང་པདྨ་ལ་གནས་ཤིང་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ་

ཞེས་པའི་བར་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འཁོར་དང་བཅས་པའི་ཕྱག་རྒྱ་ཇི་སྐད་དུ་སྨོས་པ་རྣམས་བྲི་བར་གསུངས་པ་སྟེ་ལག་པ་སྙིང་གར་གཞག་པ་ནི་ལག་པ་འབའ་ཞིག་གཞག་པ་འདྲ་བར་བྲི་བར་བྱའོ། །དེ་དག་ཐམས་ཅད་ཀྱང་པདྨ་ལ་གནས་ཤིང་དཀྱིལ་འཁོར་གྱི་ནང་དུ་

ཆུད་པར་བྱའོ་ཞེས་པ་ནི་འཕགས་པ་འཇམ་དཔལ་དྲ་བ་ཅན་གྱི་འོད་མན་ཆད་དཀྱིལ་འཁོར་དངོས་སུ་མ་སྨོས་པ་ཐམས་ཅད་དཀྱིལ་འཁོར་གོང་མའི་ནང་དུ་པདྨོའི་སྟེང་དུ་བྲིའོ་ཞེས་པའོ། །བྱང་ཕྱོགས་སུ་སའི་སྙིང་པོའི་ཕྱག་རྒྱ་ནི། །ཞེས་པ་ནས། ཕྱག་རྒྱའི་གཟུགས་སུ་འདིར་བཤད་དོ། །

ཞེས་པའི་བར་ནི་སའི་སྙིང་པོའི་དཀྱིལ་འཁོར་བཤད་པ་སྟེ། དབང་ཆེན་དཀྱིལ་འཁོར་ནང་གནས་པ། །ཞེས་པ་ནི་དབང་ཆེན་ནི་སྔ་མ་བཞིན་ལ། སྟན་ནི་སྔ་མ་བཞིན་དུ་གཞག །ཅེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དེའི་དབུས་སུ་སྟན་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་དུ་

Vol. 70 · folio 69a

བཤད་པ་བཞིན་དུ་བྲི་ཞེས་པའོ། །དེའི་སྟེང་པདྨ་ཆེན་པོ་སྟེ། ཁ་དོག་ཀུན་ལྡན་འབར་བར་བཅས། །ཞེས་པ་ནི་གདན་དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲི་སྟེ། ཁ་དོག་ཀུན་ལྡན་ནི་དཀར་པོ་སེར་པོ་དམར་པོ་སྔོན་པོ་དང་། ཁ་དོག་དེ་རྣམས་ལས་གཞན་དུ་སྦྱར་བ་

ལྗང་གུ་ལ་སོགས་པ་གསུམ་དང་། བརྒྱད་དེ་པདྨ་འདབ་མ་བརྒྱད་པ་ཁ་དོག་སྣ་ཚོགས་རྣམས་སུ་བྱའོ། །དེའི་སྟེང་བ་དན་ཆེན་པོ་སྟེ། །རྩེ་ལ་རིན་ཆེན་ཆེན་པོ་གཞག །ཅེས་པ་ནི་པདྨའི་སྟེང་དུ་བ་དན་གྱི་རྩེ་ལ་རིན་པོ་ཆེ་གཞག་པ་བྲི་ཞེས་པའོ། །དེ་ཡི་གཟུགས་ཀྱི་མཆོག་ཡིན་ཏེ། །

ཕྱག་རྒྱའི་གཟུགས་སུ་འདིར་བཤད་དོ། །ཞེས་པ་ནི་སའི་སྙིང་པོ་དེའི་གཟུགས་ཕྱག་རྒྱའི་གཟུགས་སུ་བཤད་པ་ཡིན་ཞེས་པའོ། །དེ་ཡི་འཁོར་ནི་གྲངས་མེད་པ། །གཙོ་བོ་ཡོན་ཏན་མཐའ་ཡས་ཏེ། །ཞེས་པ་ནས་ཕྱག་རྒྱ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ་ཞེས་

པའི་བར་ནི་སའི་སྙིང་པོའི་འཁོར་མཐའ་ཡས་ཤིང་། གྲངས་མེད་པ་རྣམས་ཀྱི་ཕྱག་རྒྱ་བྲི་བར་བཤད་པ་སྟེ། ས་འཛིན་གྱིས་ནི་རྡོ་རྗེ་ཁ་གཉིས་པ་རིན་པོ་ཆེའི་སྟེང་ནི་འདུག་པའོ་ཞེས་པ་ནི་རྡོ་རྗེའི་ཡ་ཐོག་མ་ཐོག་གཉིས་ཀ་རྩེ་མོ་ཅན་ཞེས་པ་སྟེ། དེ་ལྟར་རྡོ་རྗེ་དེ་བྱེ་བྲག་ཏུ་ཆེ་བས་ན་རྡོ་

རྗེ་གོང་མ་གཉིས་པོ་ཕྱོགས་རེ་རེ་ན་རྩེ་གསུམ་པ་དང་། རྩེ་གཅིག་པར་ཤེས་པར་བྱའོ། །ཕྱག་རྒྱ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ་ཞེས་པ་ནི་ཕྱག་རྒྱ་དེ་དག་ཐམས་ཅད་ཀྱང་དབང་ཆེན་གྱི་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ་ཞེས་པའོ། །ནུབ་ཕྱོགས་སུ་

ནམ་མཁའི་སྙིང་པོའི་ཕྱག་རྒྱ་ནི་ཞེས་པ་ནས་རིམ་པར་ཕྱེ་བ་རྒྱས་པའི་བར་ནི་ནུབ་ཕྱོགས་སུ་ནམ་མཁའི་སྙིང་པོ་འཁོར་དང་བཅས་པའི་ཕྱག་རྒྱ་ཇི་སྐད་སྨོས་པའི་རྣམ་པར་བྲི་བར་ཤེས་པའོ། །དེ་ལ་དཀྱིལ་འཁོར་འདིར་ལྷ་རྣམས་ཀྱི་ཁ་དོག་དང་དབྱིབས་གསལ་བར་མ་གསུངས་པ་

རྣམས་ནི་དཀྱིལ་འཁོར་གོང་མ་གཉིས་སུ་བཤད་པའི་ཁ་དོག་དང་དབྱིབས་སུ་བལྟ་བར་བཤད་པར་བྱའོ། །དཀྱིལ་འཁོར་གོང་མ་དག་ཏུ་ཁ་དོག་ལ་སོགས་པ་ཞིབ་ཏུ་མ་བཤད་པ་ཡང་དཀྱིལ་འཁོར་འོག་མ་འདིར་ལྷ་སོ་སོའི་དཀྱིལ་འཁོར་ཇི་སྐད་བཤད་པ་ལས་དེ་རྣམས་ཀྱི་ཁ་

Vol. 70 · folio 69b

དོག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། གསང་བའི་དཀྱིལ་འཁོར་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བའི་དཀྱིལ་འཁོར་

དུ་འཇུག་པའི་ཆོ་ག་གསུངས་པ་ཞེས་པ་ནས། དམ་ཚིག་ཅེས་ནི་གཞན་མི་བྱ། །ཞེས་པའི་བར་གྱིས་གསང་བའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བའི་ཆོ་ག་བཤད་དེ། དཀྱིལ་འཁོར་དུ་འཇུག་པའི་རིམ་པ་ལྔ་དེ་ནུབ་མོ་ལྷག་པར་གནས་ཤིང་སྡོམ་པ་བཟུང་བ་ལ་སོགས་

པ་དང་། དཀྱིལ་འཁོར་དུ་འཇུག་པའི་ཚེ་བསྲུང་ཞིང་ཆུས་བསང་གཏོར་བྱ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་དཀྱིལ་འཁོར་སྔ་མར་བཤད་པ་སྦྱིན་ནོ། །ཁྱད་པར་དུ་ནི་དཀྱིལ་འཁོར་གྱི་སྒོ་ཁྱུད་ཀྱི་ནང་དུ་སློབ་མ་སྔ་མ་བཞིན་དུ་གཞག་སྟེ་སློབ་དཔོན་ཡང་སྔ་མ་བཞིན་

དུ་རང་གི་ཏིང་ངེ་འཛིན་ལ་གནས་ནས་སློབ་མའི་སྙིང་གར་ཡི་གེ་ར་བསམས་ཏེ་ཡི་གེ་དེའི་སྒྲའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་རྡུལ་དང་བྲལ་བ་ལ་དམིགས་ནས་སློབ་མ་དེའི་ལུས་རྡུལ་ཕྲན་ལ་སོགས་པར་བཤིག་སྟེ་རྡུལ་ཕྲན་དེ་དག་ཀྱང་མི་དམིགས་པར་བྱས་པས་ཡི་གེ་རའི་སྒྲ་ལས་

སློབ་མའི་ལུས་དོན་དམ་པར་སྟོང་པར་བྱའོ། །དེ་ལྟར་བསམས་ནས་ཡི་གེ་རའི་མེ་དེས་སློབ་མའི་ལུས་བསྲེགས་ཏེ་ཐལ་བར་གྱུར་པར་བསམ་མོ། །དེ་ལྟར་སྟོང་པར་གྱུར་པ་དང་། དེའི་གནས་སུ་སླར་ཡང་ཡི་གེ་ཨ་བསམས་ཏེ། ཨ་ལས་བཅོམ་ལྡན་འདས་ཀྱི་སྐུར་གྱུར་

པར་བསམ་མོ་ཞེས་པ་ནི་འདུས་པའི་དོན་ཏོ། །ཡན་ལག་གི་དོན་ཡང་བཤད་པར་བྱ་སྟེ། ཀུན་དུ་བསླབས་པའི་སྔགས་པ་ནི། །ཞེས་པ་སློབ་དཔོན་སྙིང་རྗེ་ཆེན་པོ་འབྱུང་བ་དང་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གཉིས་པོ་བྲི་བ་དང་དབང་བསྐུར་བ་དང་བཟླས་པ་དང་བསྒྲུབ་

པ་ལ་སོགས་པའི་ཆོ་ག་བསླབས་ཏེ་ལོབས་པར་གྱུར་པས་མཁས་པ་ཞེས་བྱའོ། །གསང་བའི་དཀྱིལ་འཁོར་ལ་མཁས་པས། །ཞེས་པ་ནི་དཀྱིལ་འཁོར་གོང་མ་གཉིས་ལས་མཁས་པ་འབའ་ཞིག་མ་ཡིན་གྱི། གསང་བའི་དཀྱིལ་འཁོར་ལ་ཡང་བྲི་བ་དང་དབང་བསྐུར་

Vol. 70 · folio 70a

བ་ལ་སོགས་པའི་ཆོ་ག་རྣམས་ལ་མཁས་པས་ཤེས་པ་སྟེ། མདོར་ན་དཀྱིལ་འཁོར་གོང་མ་གཉིས་སུ་དབང་བསྐུར་བའི་སློབ་དཔོན་གྱི་ལས་འདི་རྣམས་བྱའོ་ཞེས་པའོ། །དེ་ཚེ་སློབ་མའི་སྡིག་པ་ཀུན། །ཆོ་ག་བཞིན་དུ་བསྲེག་པར་བྱ། །ཞེས་པ་ནི་དང་པོ་གླེང་བའི་

ཚིག་སྟེ་སྡིག་པ་ཀུན་ཞེས་པ་ནི་སེམས་ཀྱི་རྒྱུད་ལ་མི་དགེ་བའི་བག་ཆགས་བསགས་པའི་མི་འདོད་པའི་རྣམ་པར་སྨིན་པ་བརྟ་བར་བྱེད་པ་ལ་བྱ་སྟེ། སློབ་མའི་སྡིག་པ་དེ་འོག་ནས་འབྱུང་བའི་ཆོ་གས་བསྲེག་ཅེས་པའོ། །ཅི་ནས་སླར་ཡང་མི་སྐྱེ་བར། །དེ་ཡི་འཚོ་བའང་བསྲེག་པར་

བྱ། །བསྲེགས་ཏེ་ཐལ་བར་གྱུར་ནས་ཀྱང་། །ཞེས་པ་ནི་གོང་དུ་སྡིག་པ་བསྲེག་པར་བྱ་ཞེས་སྨོས་པ་དེ་ཇི་ལྟར་བསྲེག་པ་གསལ་བར་གསུངས་པ་སྟེ། དེའི་འཚོ་བ་ཞེས་པ་སློབ་མ་དེའི་ཕུང་པོ་ལྔ་ལ་བྱའོ། །ཅི་ནས་སླར་ཡང་མི་སྐྱེ་བར། །ཞེས་པ་ནི་ཕུང་པོ་ལྔ་པོ་དེ་ལྟར་

བསྲེགས་ཏེ་སྟོང་པར་བྱས་པ་དེ་ཉིད་ཀྱི་ཚེ་ན་སློབ་མ་དེའི་ཕུང་པོ་ལྔ་ཡོད་པའི་འདུ་ཤེས་མི་སྐྱེ་བར་བྱ་ཞེས་པའོ། །བསྲེགས་ཏེ་ཐལ་བར་གྱུར་ནས་ཀྱང་། །ཞེས་པ་ནི་སྲེག་པ་ཡང་ལྷག་མ་དང་བཅས་པ་མ་ཡིན་གྱི་ཤིན་ཏུ་ཚིག་ནས་སྟོང་པ་ཉིད་དུ་གྱུར་པར་བྱའོ་ཞེས་པའོ། །དེ་ནི་སླར་

ཡང་གསོ་བར་བྱ། །ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་དུ་བརྟན་པར་གྱུར་ནས་འོག་ནས་འབྱུང་བའི་ཚིག་གིས་སློབ་མ་དེ་ལྟར་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་སྦྱར་རོ་ཞེས་པའོ། །དེ་ལྟར་སློབ་མ་དེའི་འཚོ་བ་སྲེག་གོ་ཞེས་སྤྱིར་སྨོས་པ་ཙམ་དུ་ཟད་ཀྱི། གང་གིས་སྲེག་ཇི་ལྟར་སྲེག་

སྙམ་པ་ལ། །ཡི་གེ་ཡིས་ནི་མི་འགྱུར་བསྲེག །ཅེས་བྱ་བ་གསུངས་ཏེ། ཡི་གེ་ཡིས་ནི་ཞེས་པ་ནི་ཡི་གེ་ར་དེས་སྔར་སྨོས་པ་བཞིན་དུ་སློབ་མའི་ཕུང་པོ་ལྔ་པོ་དེ་བསྲེག་གོ་ཞེས་པའོ། །ཨཀྵ་ར་ནི་མི་འགྱུར་བ་དེ། །ཕུང་པོ་ལྔ་པོ་སླར་མི་སྐྱེ་བར་སྟོང་པར་གྱུར་པ་ལས་གཞན་དུ་མི་

འགྱུར་བར་ཏིང་ངེ་འཛིན་གྱིས་བརྟན་པར་བྱའོ་ཞེས་པའོ། །འཚོ་བས་སླར་ཡང་གསོ་བར་བྱ། །འཚོ་བས་ཐམས་ཅད་གསོས་ནས་ནི། །ཞེས་པ་ནི་ཚིག་སྔ་མ་ཉིད་འགྲེལ་པ་ཡིན་ཏེ། སློབ་མའི་འཚོ་བ་ཕུང་པོ་ལྔ་པོ་སྟོང་པར་གྱུར་པ་ལས་ཡི་གེ་ཨ་འཚོ་བར་གྱུར་པ་དེས་སླར་ཡང་སངས་རྒྱས་

Vol. 70 · folio 70b

ཀྱི་སྐུར་གོང་དུ་སྨོས་པའི་ཚུལ་དུ་འགྱུར་ཞེས་པའོ། །ཀུན་དུ་དག་པ་ནི་དཀར་པོ་ཡིན་ལ། དྲི་མ་མེད་པ་ནི་གསལ་བ་སྟེ། །སངས་རྒྱས་ཀྱི་སྐུ་དཀར་ཞིང་གསལ་བར་འགྱུར་ཞེས་པའོ། །ཡན་ལག་བཅུ་གཉིས་ཚིག་རྣམས་ཀྱི། །དེ་ཡི་སྣོད་ལ་དགོད་པར་བྱ། །ཞེས་པ་ནི་ཡན་ལག་བཅུ་

གཉིས་ཀྱི་ཚིག་རྣམས་དེའི་གདན་པདྨ་ལ་དགོད་པར་བྱ་ཞེས་པའོ། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །ཞེས་པ་ནས། འཇིག་རྟེན་རྣམས་ཀྱིས་བཀུར་བ་ཡིན། །ཞེས་པའི་བར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་པ་རྣམས་

ཀྱང་དམ་ཚིག་འདི་ལ་མོས་པ་དང་ལྡན་པར་རིགས་སོ་ཞེས་པའོ། །གསང་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་འདི་ནི་སུས་རིག་པ། །རྒྱུད་རྣམས་ཀུན་དུ་ཞུགས་པ་དང་། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །ཞེས་པ་ནི་གསང་བའི་དཀྱིལ་འཁོར་གྱི་དབུས་སུ་འདི་ལྟ་

བུའི་ཏིང་ངེ་འཛིན་གྱི་ཚུལ་བསྟན་པའི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པ་དང་འདྲ་སྟེ། ཐམས་ཅད་ཀྱི་དམ་ཚིག་ཅན་དུ་འགྱུར་བ་དང་། དཀྱིལ་འཁོར་ཐམས་ཅད་ཀྱང་བྲི་བ་ལ་དབང་ངོ་ཞེས་པའོ། །སྔགས་འཆང་དེ་ནི་ང་དང་འདྲ། །ཞེས་པ་ནི་གོང་དུ་སླར་གསོས་ནས་དཀར་

ཞིང་གསལ་བར་བྱ་ཞེས་སྤྱིར་སྨོས་པ་ཙམ་དུ་ཟད་ལ། །ཚིག་འདིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཟུགས་ཉིད་དུ་བྱ་ཞེས་པའོ། །དམ་ཚིག་ཅེས་ནི་གཞན་མི་བྱ། །ཞེས་པ་ནི་ཏིང་ངེ་འཛིན་དེ་ལྟ་བུར་མ་བྱས་ཏེ་ལོག་པར་གཞན་དུ་བྱས་ན་དམ་ཚིག་ཅན་དུ་མི་བྱ་ཞེས་

པའོ། །དམ་ཚིག་ཅེས་པ་ནི་སྐབས་འདིར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྟོག་པ་ལ་བྱ་ལ། ཏིང་ངེ་འཛིན་དེ་ཡང་དང་པོ་བསྲེག་པ་ནི་འཇུག་པའི་སེམས་སོ། །བསྲེགས་ནས་སྟོང་པའི་རང་བཞིན་དུ་གནས་ཏེ་མི་འགྱུར་བ་ནི་གནས་པའི་སེམས་སོ། །དེ་ནས་གསོས་ཏེ་བཅོམ་ལྡན་

འདས་ཀྱི་སྐུར་བསྒྱུར་བ་ནི་སྡང་བའི་སེམས་སུ་ཤེས་པར་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། གསང་བའི་དཀྱིལ་འཁོར་དུ་འཇུག་པའི་རིམ་པར་ཕྱེ་བ་རྒྱས་པའོ།། །།ད་ནི་གསང་བའི་ཕྱག་

Vol. 70 · folio 71a

རྒྱ་བརྒྱད་པོ་བཤད་པར་བྱ་སྟེ། ཕྱག་རྒྱ་འདི་རྣམས་ཀྱང་སྔགས་པ་ལྷའི་གཟུགས་སུ་བསྒྱུར་བ་དེ་བརྟན་པོར་བྱ་བའི་ཕྱིར་སྦྱར་ཏེ། ལྷའི་གཟུགས་སུ་བསྒྱུར་བ་ཡང་རྣམ་པ་གཉིས་ཏེ། དེ་བཞིན་གཤེགས་པའི་སྐུར་བསྒྱུར་བ་དང་བྱང་ཆུབ་སེམས་དཔའི་སྐུར་

བསྒྱུར་བའོ། །བཅོམ་ལྡན་འདས་ཀྱི་སྐུར་བསྒྱུར་བའི་ཚེ་ན་ཡང་གསང་བའི་ཕྱག་རྒྱ་འོག་ནས་འབྱུང་བ་རྣམས་ཀྱི་གདན་དང་འོད་ལ་སོགས་པ་འོག་ནས་ཇི་ལྟར་འབྱུང་བའི་རིམ་པ་བཞིན་དུ་བྱའོ། །བྱང་ཆུབ་སེམས་དཔའ་ལ་སོགས་གཞན་གྱི་གཟུགས་སུ་བསྒྱུར་ན་ཡང་ཕྱག་རྒྱ་

དེ་རྣམས་ཀྱིས་བྱིན་གྱིས་བརླབས་ན་བརྟན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུར་བསྒྱུར་བ་ལ་ཕྱག་རྒྱ་འདི་རྣམས་ཀྱིས་བྱིན་གྱིས་བརླབས་ན་ཕྱག་རྒྱ་འདི་རྣམས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཉིད་ཀྱི་རང་བཞིན་དུ་འགྱུར་རོ། །

དེ་ལ་ལྷའི་སྐུ་ཡོངས་སུ་རྫོགས་པར་བྱ་བ་ཡང་རྣམ་པ་གཉིས་ཏེ། གནས་རྫོགས་པར་བྱ་བ་དང་ལུས་རྫོགས་པར་བྱ་བའོ། །གནས་རྫོགས་པར་བྱ་བ་ནི་རྡོ་རྗེ་མི་ཤིགས་པའི་ཕྱག་རྒྱ་དང་པདྨའི་སྦུབས་ཀྱི་ཕྱག་རྒྱ་གཉིས་སོ། །ལྷག་མ་དྲུག་གིས་ནི་ལུས་རྫོགས་པར་བྱ་

བའོ། །དེ་རྣམས་ནི་རྣམ་པ་གསུམ་དུ་དབྱེ་སྟེ། ལུས་དང་ངག་དང་ཡིད་རྫོགས་པར་བྱེད་པའོ། །དེ་ལ་ལུས་རྫོགས་པར་བྱེད་པ་ནི་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་དང་། གཟི་བརྗིད་འབྱུང་བའི་ཕྱག་རྒྱའོ། །གཟུངས་ཀྱི་ཕྱག་རྒྱ་དང་བཅོམ་ལྡན་འདས་ཀྱི་ཆོས་

གནས་པའི་ཕྱག་རྒྱ་གཉིས་ནི་སེམས་རྫོགས་པར་བྱེད་པའོ། །སངས་རྒྱས་ཀྱི་གསུང་དབྱངས་བཀོད་པའི་རྒྱན་གྱི་ཕྱག་རྒྱ་ནི་ངག་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །བཅོམ་ལྡན་འདས་ཀྱི་རྣལ་འབྱོར་འཛིན་པའི་ཕྱག་རྒྱ་ནི་ཏིང་ངེ་འཛིན་གྱི་རྣལ་འབྱོར་རྫོགས་པར་བྱེད་པའོ། །

དེ་རྣམས་སྦྱར་བར་བྱ་བའི་རིམ་པ་ཡང་ཐོག་མར་རྡོ་རྗེ་མི་ཤིགས་པའི་ཕྱག་རྒྱས་བདག་གནས་པའི་གཞི་དང་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེའི་གདན་དུ་བྱིན་གྱིས་བརླབས་ཏེ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་བདག་དང་གནས་སྲུང་བ་དང་། མཆོད་པ་བྱ་བ་དང་རྡོ་རྗེ་

Vol. 70 · folio 71b

སེམས་དཔར་བྱིན་གྱིས་བརླབ་པ་ལ་སོགས་པ་ཇི་སྐད་གསུངས་པ་རྣམས་རིམ་པ་བཞིན་དུ་བྱས་ལ། དེ་ནས་དེའི་འོག་ཏུ་ཇི་སྐད་བཤད་པའི་རིམ་གྱིས་བདག་ཉིད་ལྷའི་སྐུར་བསྒྱུར་ཏེ། དང་པོར་པདྨའི་སྦུབས་ཀྱི་ཕྱག་རྒྱས་པདྨའི་གདན་བྱིན་གྱིས་བརླབས་ལ། ཡན་ལག་ཐམས་

ཅད་འབྱུང་བའི་ཕྱག་རྒྱས་ལྷའི་སྐུར་བརྟན་པར་བྱིན་གྱིས་བརླབས་ནས། དེ་ནས་གཟི་བརྗིད་འབྱུང་བའི་ཕྱག་རྒྱས་འོད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབས་ཏེ། དེ་ནས་གཟུངས་ཀྱི་ཕྱག་རྒྱས་ཆོས་མི་བརྗེད་པའི་དྲན་པ་བརྟན་པར་བྱིན་གྱིས་བརླབ་པོ། །དེ་ནས་སངས་རྒྱས་ཀྱི་གསུང་

དབྱངས་བཀོད་པའི་རྒྱན་གྱིས་ཕྱག་རྒྱས་ངག་བྱིན་གྱིས་རླབས་ནས། དེ་ནས་ཆོས་གནས་པའི་ཕྱག་རྒྱས་དེ་བཞིན་ཉིད་ཀྱི་ཆོས་ཉིད་བརྟན་པར་བྱིན་གྱིས་བརླབས་ནས། དེའི་འོག་ཏུ་རྣལ་འབྱོར་འཛིན་པའི་ཕྱག་རྒྱས་ཏིང་ངེ་འཛིན་བརྟན་པར་བྱིན་གྱིས་བརླབ་པོ། །དེ་དག་ནི་བསྡུས་

པའི་དོན་ཏོ། །ཡན་ལག་གི་དོན་ནི། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ཞེས་པ་ནི་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་ཞེས་ཕྱག་ན་རྡོ་རྗེས་མ་གསོལ་བར་

བཅོམ་ལྡན་འདས་ཉིད་འཆད་པ་ནི་ཕྱག་རྒྱ་དེའི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་ཏེ། དེ་རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ཡིན་གྱི། བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་ཕྱག་ན་རྡོ་རྗེས་ཀྱང་དེ་བཤད་དུ་གསོལ་ཞེས་མ་

གསོལ་ཏོ། །གསང་བའི་ཕྱག་རྒྱ་ཞེས་པ་ནི་དམ་ཚིག་མེད་པ་དང་དབང་མ་བསྐུར་བ་ལ་སོགས་པ་ཀུན་ལ་མི་བསྟན་པའི་ཕྱིར་རོ། །གསང་བ་དང་བཅས་པ་ཞེས་པ་ནི་རྡོ་རྗེ་གདན་དང་པདྨ་དང་འོད་ཀྱི་དཀྱིལ་འཁོར་ལ་སོགས་པ་ལྷ་རང་གི་གཟུགས་སུ་མི་བསྟན་པར་ལག་པའི་ཕྱག་

རྒྱར་བསྟན་པའི་ཕྱིར་རོ། །ལྷའི་གནས་བྱིན་གྱིས་རློབ་པར་གྱུར་པ་ཞེས་པ་ལྷའི་གནས་ནི་རྡོ་རྗེའི་གདན་དང་པདྨ་སྟེ། དེར་ལྷ་རྣམས་གནས་པར་འགྱུར་བས་ན་རྡོ་རྗེ་མི་ཤིགས་པའི་ཕྱག་རྒྱ་དང་པདྨའི་ཕྱག་རྒྱ་གཉིས་ལ་བྱའོ། །གཉིས་སུ་ན་ཕྱག་རྒྱ་བརྒྱད་ཆར་ལ་བྱ་སྟེ། ཕྱག་རྒྱ་དེ་

Vol. 70 · folio 72a

རྣམས་ཀྱིས་བྱིན་གྱིས་བརླབས་ན་རང་གི་ལུས་ལ་ལྷ་གནས་པར་འགྱུར་བའི་ཕྱིར་རོ། །རང་གི་གསང་སྔགས་ཀྱིས་མཚན་པ། །ཞེས་པ་ནི་ཕྱག་རྒྱ་དེ་དག་སོ་སོའི་སྔགས་སོགས་འོག་ནས་འབྱུང་བའི་མཚན་མ་རྣམས་གྱིས་བཏབ་སྟེ། ཕྱག་རྒྱ་དེ་བཅིང་བ་ན་སྔགས་ཀྱང་

དེར་བསམ་མོ་ཞེས་པའི་དོན་ཏོ། །དཀྱིལ་འཁོར་དང་ལྡན་པར་ཞེས་པ་ནི་ཕྱག་རྒྱ་དེ་དག་སོ་སོའི་དབང་ཆེན་ལ་སོགས་པ་ཇི་ལྟར་འོག་ནས་འབྱུང་བ་དང་ལྡན་པ་ཞེས་པ་སྟེ། རང་རང་གི་དཀྱིལ་འཁོར་རྣམས་ཕྱག་རྒྱ་ཉིད་ཀྱི་ནང་དུ་བསམས་ལ། རྡོ་རྗེ་དང་པདྨའི་གདན་དང་། འོད་ཀྱི་

དཀྱིལ་འཁོར་ལ་སོགས་པ་ནི་སོ་སོའི་གནས་སུ་ཡང་ལྡན་པར་བསམ་མོ་ཞེས་པའི་དོན་ཏོ། །རང་གི་ལྷའི་ཚུལ་དུ་རྣལ་འབྱོར་དུ་བྱ་བ་ཞེས་པ་ནི་ཞི་བ་དང་རྒྱས་པ་དང་རབ་དང་འབྲིང་ལ་སོགས་པའི་བསྒྲུབ་པའི་བྱ་བ་རྣམས་ལ་རང་གི་ལྷ་ཉིད་ཀྱི་རྣལ་འབྱོར་དུ་བྱས་པ་ལ་ཕྱག་རྒྱ་འདི་རྣམས་

དང་ལྡན་ཞེས་པའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཆོ་ག་བདག་ཉིད་ལྷའི་གཟུགས་སུ་བསྒྱུར་བ་ལ་ཕྱག་རྒྱ་འདི་རྣམས་ཀྱི་ཇི་སྐད་བཤད་པའི་རིམ་པ་བཞིན་དུ་སོ་སོའི་བྱིན་གྱིས་བརླབས་ན་ལྷའི་གཟུགས་སུ་བསྟན་པར་འགྱུར་རོ་ཞེས་པའོ། །ཤེས་ནས་ཀྱང་རང་གི་ལྷའི་

ཚུལ་དུ་གནས་ནས་དངོས་གྲུབ་ཐོབ་པར་འགྱུར་བ་ཞེས་པ་ནི་དེའི་སྐུར་བསྒྱུར་ཏེ་ཕྱག་རྒྱ་དེ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་བརྟན་པར་བྱས་པ་ཙམ་གྱིས་ཆོ་ག་མ་ཡིན་གྱི། རང་གི་ལྷའི་བྱ་བ་ཞི་བ་དང་རྒྱས་པ་རབ་དང་འབྲིང་ལ་སོགས་པའི་གྲུབ་པ་དང་ལས་རྣམས་བསྒྲུབས་ན་འགྲུབ་

པར་འགྱུར་རོ་ཞེས་པ་སྟེ། དེ་ལྟ་བུ་ཡོད་དེ་ཞེས་འབྲེལ་ཏོ། །རྡོ་རྗེ་མི་ཤིགས་པའི་ཕྱག་རྒྱ་དང་། པདྨའི་སྦུབས་ཀྱི་ཕྱག་རྒྱ་དང་། སངས་རྒྱས་ཀྱི་གསུང་དབྱངས་བཀོད་པའི་ཕྱག་རྒྱ་བཅིངས་པ་ན་ཕྱག་རྒྱ་སྔ་མ་ལས་ཤེས་པ་ནི་དེ་དག་གསུམ་ཆར་ཡང་གཟི་བརྗིད་འབྱུང་བའི་ཕྱག་

རྒྱ་ལ་སྙེག་པར་ཤེས་པར་བྱའོ། །དེ་བཞིན་དུ་གཟུངས་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་གསུམ་པོ་ལ་ཕྱག་རྒྱ་སྔ་མ་ལས་ཤེས་པ་ནི་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་ལས་ཤེས་པར་བྱའོ། །གཟུངས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འཇའ་འདྲ་བ་མཚན་མ་ཐམས་ཅད་

Vol. 70 · folio 72b

དང་ལྡན་པ་རྡོ་རྗེ་བ་དན་ཕྱར་བ་ཞེས་པ་ལ་གཟུངས་ནི་རྡོ་རྗེའི་གདན་དང་པདྨ་དང་འོད་ཀྱི་དཀྱིལ་འཁོར་ལ་སོགས་པའི་དངོས་པོ་ཇི་ལྟར་བསམ་པ་རྣམས་མི་བརྗེད་པར་བྱས་ན་མཐུ་ཐམས་ཅད་དང་ལྡན་པར་དགོངས་པས་འཇའ་དང་འདྲ་བར་དཀྱིལ་འཁོར་བཞི་ཆར་གྱི་ཁ་དོག་དང་ལྡན་པའོ། །

མཚན་མ་ཐམས་ཅད་དང་ལྡན་པ་ནི་དཀྱིལ་འཁོར་སོ་སོའི་མཚན་མ་རྡོ་རྗེ་དང་པདྨ་རྡོ་རྗེ་པདྨ་ལ་སོགས་པ་དང་ལྡན་པའོ། །རྡོ་རྗེ་བ་དན་ཕྱར་བ་ནི་དཀྱིལ་འཁོར་དེའི་དབྱིབས་འཇའ་འདྲ་བས་རླུང་གི་དཀྱིལ་འཁོར་མཚན་མ་བ་དན་རབ་ཏུ་མི་གཡོ་བ་བྱ་བའི་ཕྱིར་རྡོ་རྗེ་དང་ལྡན་པའི་བ་དན་ནོ། །

ཆོས་གནས་པའི་ཕྱག་རྒྱའི་ཀླད་ཀོར་གཉིས་ཞེས་པ་ནི་སྟོང་པ་དང་སྟོང་པའི་མཚན་མའོ། །དཀྱིལ་འཁོར་ནི་རྣལ་འབྱོར་འཛིན་པའི་ཕྱག་རྒྱའི་དཀྱིལ་འཁོར་རོ། །ནམ་མཁའ་སྟེ་ནམ་མཁའི་ཁ་དོག་ལས་ཁྱད་པར་དུ་སྔོ་བར་བྱ་བ་ནི་ཏིང་ངེ་འཛིན་གྱི་མཐུ་ཐམས་ཅད་དང་ལྡན་པའི་ཕྱིར་

རླུང་གི་དཀྱིལ་འཁོར་གྱི་ཤས་ཆེ་བར་བྱ་བར་དགོངས་པའོ། །གསང་བ་པའི་བདག་པོ་འདི་དག་ནི་གསང་བའི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་གསང་བ་ཡིན་པས་གཞན་སུ་ལ་ཡང་མ་སྦྱིན་ཅིག་ཅེས་སྦྱར་ཏེ། དབང་བསྐུར་བ་ལ་སོགས་པ་འོག་ནས་འབྱུང་

བའི་ཡོན་ཏན་མིང་གིས་སྨོས་པ་རྣམས་མི་ལྡན་ཞིང་དམ་ཚིག་མེད་པ་སུ་ལ་ཡང་མི་སྦྱིན་གྱི་ཡོན་ཏན་དེ་རྣམས་ཀྱང་ལྡན་པ་ལ་ནི་སྦྱིན་ནོ་ཞེས་པའོ། །དབང་བསྐུར་བ་ཞེས་པ་ནི་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །ཆོ་རིགས་བཙུན་པ་ཞེས་པ་ནི་བྲམ་ཟེ་དང་རྒྱལ་རིགས་

རྣམས་ལ་སྦྱིན་གྱི་ཉེ་བ་ལ་སོགས་པ་རིགས་ངན་པ་རྣམས་ལ་མི་སྦྱིན་ནོ་ཞེས་པའོ། །གཉིས་སུ་ན་རིགས་དང་ལྡན་ཞེས་པ་སྟེ། དེ་བཞིན་གཤེགས་པའི་རིགས་དང་པདྨའི་རིགས་ཀྱི་ལྷ་རྣམས་ལ་བརྟེན་ཅིང་དེ་ལ་གནས་པའོ། །གསུམ་དུ་ན་དེ་བཞིན་གཤེགས་པའི་རིགས་ལ་

སོགས་པའི་སྔགས་པའི་སྤྱོད་པ་ལ་བརྩོན་ཞིང་འབད་པ་རྣམས་ལ་ཞེས་པའོ། །སྤྲོ་བ་ཅན་ཞེས་པ་ནི་སྔགས་ཀྱི་སྤྱོད་པ་ལ་བརྩོན་པ་ཞེས་པའོ། །ཡི་དམ་ལ་བརྟན་པ་ཞེས་པ་ནི་ཇི་ལྟར་བསམས་པའི་དོན་མ་གྲུབ་ཀྱི་བར་དུ་མི་གཏོང་བའོ། །བླ་མ་ལ་གུས་པ་ཞེས་པ་ནི་བླ་མ་ལ་དད་པའོ། །

Vol. 70 · folio 73a

བྱས་པ་གཟོ་བ་ཞེས་པ་ནི་བླ་མ་ལ་དད་ཅིང་གུས་པས་ཇི་ལྟར་བསྟན་པ་བཞིན་དུ་ཡང་དག་པར་སྦྱོར་ཞིང་ནན་ཏན་བྱེད་པའི་ཕྱིར་རོ། །གཙང་སྦྲ་ཆེ་བ་ཞེས་པ་ནི་ལུས་གཙང་ན་སེམས་འདུལ་བར་འགྱུར་བའི་ཕྱིར་རོ། །བདག་གི་ལུས་དང་སྲོག་ལ་ཡང་མི་ལྟ་བ་ཞེས་པ་ནི་

ལས་དང་བསྒྲུབ་པ་ལ་སོགས་པའི་སྔགས་ཀྱི་སྤྱོད་པ་ལ་ལུས་དང་སྲོག་ཀྱང་མི་ཕོངས་ཏེ་དེ་ལྟ་བུ་ལ་ཕྱག་རྒྱ་དེ་རྣམས་སྦྱིན་ནོ་ཞེས་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། གསང་བའི་ཕྱག་རྒྱ་བརྒྱད་རིམ་པར་ཕྱེ་བ་

རྒྱས་པའོ།། །།ད་ནི་ནང་ཡིད་ཀྱི་དཀྱིལ་འཁོར་བྲི་བའི་སྐབས་འཆད་དེ། ཡིད་ཀྱི་དཀྱིལ་འཁོར་བྲི་བ་ཡང་སྤྱིར་དཀྱིལ་འཁོར་གཉིས་ཏེ། རང་བཞིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་ནི་རྒྱ་ཆེ་ཞིང་བསམ་གྱིས་མི་

ཁྱབ་སྟེ། མདོར་བསྡུས་ཏེ་བསྟན་པ་ནི་ཡིད་ཀྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ཡང་ཇི་སྐད་གསུངས་པ་བཞིན་དུ་རྫོགས་པར་དཀའ་སྟེ། དེ་མདོར་བསྡུས་པ་བསྟན་པ་ནི་རྒྱུད་ཕྱི་མ་ལས་དཀྱིལ་འཁོར་བཤད་པའོ། །དེ་བས་ན་ཡིད་ཀྱི་དཀྱིལ་འཁོར་འདིའི་

སྒོ་ནས་སེམས་ཀྱི་རང་བཞིན་གྱི་གསང་བའི་དཀྱིལ་འཁོར་ཇི་འདྲ་བའི་ཚུལ་ཤེས་པར་འགྱུར་ཏེ། འདི་ནི་འཇུག་པའི་སྒོ་ལྟ་བུར་བསྟན་ཏོ། །ཡིད་ཀྱི་དཀྱིལ་འཁོར་དེ་བྲི་བའི་ཐབས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་བཞུགས་ནས་སངས་རྒྱས་ཀྱི་ཞིང་འདི་ལག་མཐིལ་བཞིན་དུ་

མཉམ་པར་གནས་ཤིང་། སྒོ་ཁྱུད་དང་རྟ་བབས་རིན་པོ་ཆེ་སྣ་ལྔས་རབ་ཏུ་རྣམ་པར་སྤྲས་པས་བརྒྱན་པར་བསྟན་པ་སྟེ། དེ་དག་ཐམས་ཅད་ཀྱང་དངོས་པོ་མེད་པ་ལས་སེམས་ཀྱི་དབང་ཙམ་གྱིས་ཇི་ལྟར་བསམས་པ་བཞིན་དུ་འབྱུང་བར་བསྟན་པའོ། །དེ་བས་ན་ཡིད་ཀྱི་དཀྱིལ་འཁོར་ལ་

སོགས་པ་ཡིད་ཀྱིས་བསྐྱེད་པ་ཐམས་ཅད་རྣལ་འབྱོར་པས་སེམས་མཉམ་པར་གཞག་པ་ལས་བཀོད་པའི་མགོན་པོ་ཇི་ལྟ་བུར་གྱུར་ཅིག་ཅེས་བསམས་ནས་སྨོན་ལམ་བཏབ་ལ། ཏིང་ངེ་འཛིན་དུ་ཞུགས་ན་ཇི་ལྟར་སྨོན་པ་དེ་ལྟར་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ཡིད་ཀྱི་དཀྱིལ་འཁོར་

Vol. 70 · folio 73b

བྲི་བའི་ཐབས་བསྟན་པ་ཡང་། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་དེའི་ཚེ་མ་འོངས་པའི་འགྲོ་བ་རྣམས་ལ་གཟིགས་ནས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བཅོམ་ལྡན་འདས་སྔོན་གྱི་

སྨོན་ལམ་གྱི་ཤུགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ལ་སོགས་པ་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བས་ཏིང་ངེ་འཛིན་དུ་འཇུག་མི་དགོས་མོད་ཀྱི། འོན་ཀྱང་དངོས་པོ་བསྟན་པར་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་ན། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་འདུལ་བའི་

འགྲོ་བ་རྣམས་ཀྱིས་བཅོམ་ལྡན་འདས་ཅིའི་ཕྱིར་ཏིང་ངེ་འཛིན་དུ་ཞུགས་པ་དང་། ཞུགས་ནས་ཇི་ལྟར་སྟོན་པར་འགྱུར་བ་ལ་སོགས་པ་ཤེས་པར་འགྱུར་ཏེ། དེའི་ཕྱིར་བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་འཇུག་གོ། །ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཞེས་པ་ནི་བཅོམ་ལྡན་འདས་ཏིང་

ངེ་འཛིན་དེ་ལ་ཞུགས་ན་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱིས་ཀུན་དུ་ཁྱབ་པར་རྟོག་པ་དང་ཀུན་རྫོབ་ཏུ་ཡང་སངས་རྒྱས་ཀྱི་ཞིང་འདི་ལག་མཐིལ་བཞིན་དུ་མཉམ་པར་གནས་པ་ལ་སོགས་པ་གནས་ཀྱི་ཁྱབ་པར་བསྟན་པ་རྣམས་ཁོང་དུ་ཆུད་པ་སྟེ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་ཞུགས་ན་དོན་

དམ་པ་དང་ཀུན་རྫོབ་རྟོགས་པ་དེ་དག་འབྱུང་བའི་ཕྱིར་ཏིང་ངེ་འཛིན་དེའི་མིང་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །མ་འོངས་པའི་འགྲོ་བ་རྣམས་ལ་གཟིགས་ནས་ཞེས་པ་ནི་ཀུན་དུ་བཟང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་

དེ་དག་ཇི་ལྟ་བ་བཞིན་དུ་མཁྱེན་མོད། མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་དངོས་པོ་ཡོད་པ་མ་ཡིན་པ་ལས་སེམས་ཀྱི་དབང་ཙམ་གྱིས་རྣམ་པ་སྣ་ཚོགས་འབྱུང་བར་བསྟན་པ་ཡིན་ནོ་ཞེས་པའོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་འདི་ལྟར་སངས་རྒྱས་ཀྱི་

ཞིང་འདི་ལག་མཐིལ་བཞིན་དུ་མཉམ་པར་གནས་ཤིང་ཞེས་པ་ནི་དཀྱིལ་འཁོར་བྲི་བ་ན་སྔར་ས་མཐོ་དམན་ལ་སོགས་པ་སྙོམས་ཤིང་སྦྱང་དགོས་ཏེ་དེའི་ཚུལ་བསྟན་པའོ། །སངས་རྒྱས་ཀྱི་ཞིང་འདི་ཞེས་པ་ནི་མི་མཇེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་སོ། །ལག་མཐིལ་

Vol. 70 · folio 74a

བཞིན་དུ་མཉམ་པར་གནས་ཤིང་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་དེ་རི་དང་གཅོང་རོང་ལ་སོགས་པ་མེད་པར་མཉམ་པར་གྱུར་ཞེས་པ་ནི། ཚིག་དེས་མ་འོངས་པའི་དུས་ཀྱི་འགྲོ་བ་རྣམས་ནམ་དཀྱིལ་འཁོར་འདྲི་བ་ན་དཀྱིལ་འཁོར་གྱི་ས་དེ་ལག་མཐིལ་བཞིན་དུ་

མཉམ་པར་སྦྱང་བར་བྱ་བ་བསྟན་པའོ། །སྒོ་ཁྱུད་དང་རྟ་བབས་རིན་པོ་ཆེ་སྣ་ལྔས་རབ་ཏུ་རྣམ་པར་སྤྲས་པས་བརྒྱན་པ་ཞེས་པ་ནས། སིལ་སྙན་གྱི་སྒྲ་ཡིད་དུ་འོང་ཞིང་སྙན་པ་རྣམ་པ་དུ་མ་གྲག་པ་ཞེས་པའི་བར་གྱིས་ནི་སངས་རྒྱས་ཀྱི་ཞིང་དེ་མཉམ་པར་གྱུར་ནས་ཀྱང་རྒྱན་དེ་དག་གིས་

བརྒྱན་པར་བསྟན་པ་སྟེ། དེས་ནི་དཀྱིལ་འཁོར་གྱི་ས་དེ་དག་བསྙམས་ནས་རྟ་བབས་དང་སྒོ་ཁྱུད་དང་གདུགས་དང་བ་དན་ལ་སོགས་པས་བརྒྱན་པ་དང་རི་མོ་རྣམས་ཀྱིས་བརྒྱན་པར་བྱ་བའི་ཐབས་བསྟན་པའོ། །པདྨའི་ཚེའུ་ཆུ་དྲི་ཞིམ་པོ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ་

སྨོས་པ་ནི་དཀྱིལ་འཁོར་གྱི་ཉེ་འཁོར་དུ་རྫིང་བུ་ལ་སོགས་པ་བྲི་བར་བྱའོ། །ཡན་ལག་བརྒྱད་ནི་བསིལ་བ་དང་དང་བ་དང་མངར་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་མང་པོའི་བསོད་ནམས་ཀྱིས་བསགས་པའི་སྟན་དང་ཁང་པ་དང་གཞལ་མེད་ཁང་ཡིད་ལས་བྱུང་བ་དང་ལྡན་

པར་གྱུར་ཏོ་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་དེར་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོའི་བསོད་ནམས་ཇི་ཙམ་ལས་སོ་སོའི་སྟན་དང་ཁང་པ་དང་ལྡིང་ཁང་ལ་སོགས་པ་དང་ལྡན་པ་ཞེས་པ་སྟེ། དེས་ཀྱང་དཀྱིལ་འཁོར་གྱི་ས་དེར་བྱང་ཆུབ་སེམས་

དཔའ་ལ་སོགས་པ་ལྷ་སོ་སོའི་གནས་དང་བཅས་པར་བྱ་བ་བསྟན་ཏོ། །པདྨའི་རྒྱལ་པོ་ཆེན་པོ་ཞེས་པ་ནས་བསོད་ནམས་ཀྱི་རྣམ་པར་སྐྱེད་པ་དག་བྱུང་བར་གྱུར་ཏོ་ཞེས་པའི་བར་ནི་སངས་རྒྱས་ཀྱི་ཞིང་དེའི་དབུས་ན་པདྨའི་རྒྱལ་པོ་ཆེན་པོ་ལ་དེ་བཞིན་གཤེགས་པ་བཞུགས་ཏེ། དེ་

བཞིན་གཤེགས་པའི་སྐུ་ལས་ཡེ་ཤེས་ཀྱི་སེམས་ཅན་ཆོས་ཀྱི་ཚིག་སྟོན་པ་ཤ་སྟག་བྱུང་ངོ་ཞེས་པ་སྟེ། དེ་ཡང་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་ལ་དེ་བཞིན་གཤེགས་པའི་སྐུ་ལས་གྱུར་པའི་ལྷ་རྣམས་ཀྱིས་བསྐོར་ཏེ་བཞུགས་

Vol. 70 · folio 74b

པར་བྱ་བ་བསྟན་པའོ། །དེ་བཞིན་གཤེགས་པའི་མོས་པ་ལས་བྱུང་བའི་ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མས་མཚན་པ་ཞེས་པ་ནི་པདྨའི་རྒྱལ་པོ་དེའི་བྱེ་བྲག་སྟེ། དེ་བཞིན་གཤེགས་པའི་མོས་པ་ལས་བྱུང་བ་ནི་སྔར་བཤད་པ་བཞིན་ནོ། །ཆོས་ཀྱི་དབྱིངས་རྟོགས་པ་ཞེས་

པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་དག་པ་ལ་བྱ་སྟེ། དེའི་མཚན་མས་མཚན་པ་ནི་ཡེ་ཤེས་དག་པ་དེའི་མཚན་མ་ཡིན་པས་དཀར་པོར་ཤེས་པར་བྱ་སྟེ། མདོར་ན་དེ་བཞིན་གཤེགས་པ་ཉིད་ཀྱི་ཡེ་ཤེས་དག་པ་པདྨའི་རྒྱལ་པོ་ཆེན་པོར་སྣང་བ་བྱིན་གྱིས་བརླབ་པོ་ཞེས་པའོ། །དེའི་དབུས་ན་དེ་བཞིན་

གཤེགས་པའི་སྐུ་བཞུགས་པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དེ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དབྱུང་བར་བསྟན་པའོ། །ཆོས་ཀྱི་དབྱིངས་ལ་གཞོལ་བ་ལ་ཞེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཞེས་པའོ། །དེ་ལྟར་བཅོམ་ལྡན་འདས་

སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་ཀྱང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ལྟ་བུ་ནི་མ་ཡིན་གྱི། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་རྣམ་པར་མི་རྟོག་བཞིན་དུ་ཀུན་རྫོབ་ཀྱི་བྱ་བ་ཐམས་ཅད་འབྱུང་བར་བསྟན་པའི་ཕྱིར་སེམས་ཅན་གྱི་བསམ་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་མགུ་

བར་མཛད་པ་ཞེས་གསུངས་པ་ཡིན་ནོ། །ཅིས་ཀྱང་མི་ཚུགས་པའི་སྟོབས་དང་ལྡན་པ་སྟོབས་བཅུ་ལ་མོས་པ་ལས་བྱུང་བ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ལས་བྱུང་བའི་སྐུ་དེ་རྣམས་ཀྱི་མཐུ་ནི་ཅི་ལས་མི་ཚུགས་པ་ཤ་སྟག་སྟེ། དེ་ཡང་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ཚེ་ཀུན་དུ་སངས་རྒྱས་

པའི་མཚན་ཉིད་ཀྱིས་སྟོབས་བཅུ་ལ་མོས་པ་བསྐྱེད་པས་འབྲས་བུ་སྟོབས་བཅུ་རྫོགས་པར་གྱུར་པ་ལས་བྱུང་བ་ཞེས་པའོ། །ཁ་དོག་དང་དབྱིབས་རྣམ་པ་དུ་མས་བདག་གི་སྐུ་བརྒྱན་པ་ཞེས་པ་ནི་སྐུ་མང་པོ་བྱུང་བ་དག་གི་ཁྱད་པར་ཏེ། དེ་དག་ཁ་དོག་དང་གཟུགས་སྣ་ཚོགས་དང་

བཅས་པ་ཞེས་པའོ། །སྐུ་མང་པོ་དེ་རྣམས་ཀྱང་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་བསྐལ་པ་གྲངས་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་བསགས་པའི་རྒྱུ་ལས་བྱུང་བར་བསྟན་པའི་ཕྱིར། བསྐལ་པ་བྱེ་བ་ཁྲག་

Vol. 70 · folio 75a

ཁྲིག་བརྒྱ་སྟོང་དུ་མར་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་དག་བྱུང་ནས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྒྲ་མངོན་པར་གོ་བར་མཛད་ཅིང་ཆེད་དུ་གླེང་བ་འདི་གླེང་ངོ་ཞེས་པ་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་ལག་

མཐིལ་བཞིན་དུ་མཉམ་པ་ལ་སོགས་པར་དངོས་སུ་སྣང་བ་དེར་རྟོགས་པའི་ཆོས་རྣམས་བསྟན་པ་དེ་ཉིད་རྣམ་གྲངས་ཀྱིས་འོག་ནས་བྱུང་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟན་པ་སྟེ། དེ་ཡང་། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ནས། གང་བརྙེས་རྙེད་པ་ཐོབ་པར་འགྱུར། །

ཞེས་པའི་བར་གྱིས་སོ། །དེ་ལ་ཨེ་མ་ཧོ་ཞེས་པ་ནི་ངོ་མཚར་དུ་གྱུར་པའོ། །སངས་རྒྱས་ཐམས་ཅད་ཀྱི། ཤེས་རབ་ཐབས་ནི་བསམ་མི་ཁྱབ། །ཅེས་སྦྱར་ཏེ། ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པར་རྟོག་པའི་རང་བཞིན་ཡིན་ལ། ཐབས་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པར་རྟོགས་

ཀྱང་སེམས་ཅན་གྱི་དོན་དུ་དངོས་པོ་རྣམ་པ་སྣ་ཚོགས་ཡོད་པར་སྟོན་པ་སྟེ། དེ་དག་ངོ་མཚར་ཆེ་སྟེ་བསམ་གྱིས་མི་ཁྱབ་པའོ། །ཚིག་དེ་དག་ཉིད་དགྲོལ་བའི་ཕྱིར། །གནས་མེད་པ་ནི་རྟོགས་གྱུར་ནས། །གནས་དང་བཅས་པའི་ཆོས་ཀྱང་འཆད། །ཅེས་པ་ལ་སོགས་པ་གསུངས་

ཏེ། ཤེས་རབ་ཀྱིས་ཆོས་ཐམས་ཅད་གཟུང་བ་དང་འཛིན་པའི་གནས་མེད་པ་སྟོང་པ་ཉིད་དུ་ཤེས་ནས་ཤེས་པའོ། །གནས་དང་བཅས་པའི་ཆོས་ཀྱང་འཆད། །ཅེས་པ་ནི་དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་ཀྱང་ཐབས་ཀྱིས་སེམས་ཅན་རྣམས་ལ་ཕན་གདགས་པའི་

ཕྱིར། གཟུང་བ་དང་འཛིན་པའི་གནས་ལ་སོགས་པའི་ཆོས་རྣམས་དངོས་པོ་ཡོད་པར་སྣང་བ་དངོས་སུ་སྟོན་ཞེས་པའོ། །གང་དག་གིས་ནི་ཆོས་རྣམས་ཀྱི། །ཆོས་ཀྱི་མཚན་ཉིད་རྙེད་པ་དང་། །ཤེས་པ་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ཀྱི་

མཚན་ཉིད་གང་དག་གིས་མི་དམིགས་པར་ཤེས་པ་ཞེས་པའོ། །དེས་ནི་འདྲེན་ཀུན་གྱིས། །གང་བརྙེས་རྙེད་པ་ཐོབ་པར་འགྱུར། །ཞེས་པ་ནི་དེ་ལྟར་ཆོས་རྣམས་དམིགས་སུ་མེད་པར་གང་གིས་ཤེས་པ་དེས་འདྲེན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འབྲས་བུ་ཐོབ་པར་

Vol. 70 · folio 75b

འགྱུར་རོ་ཞེས་པ་སྟེ། མདོར་ན་ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་པ་དེ་སངས་རྒྱས་སུ་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་དག་གི་ཆེད་དུ་གླེང་བ་དེ་ཁྱེད་དུ་གླེངས་ནས་དེ་དག་སླར་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་སོ་ཞེས་པ་ནི་དེ་ལྟར་ཆོས་ཀྱི་དབྱིངས་

སྟོང་པ་ཉིད་ཀྱི་རང་བཞིན་དུ་མི་སྣང་བར་གྱུར་པའོ། །དེ་ལྟར་གསང་བའི་དཀྱིལ་འཁོར་བྲི་བའི་ཐབས་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་སྔར་བསྟན་ནས། ད་ནི་གསང་བའི་དཀྱིལ་འཁོར་ཉིད་བྲི་བའི་ཐབས་བཤད་དེ་དེ་ཡང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་

སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ནང་གི་དཀྱིལ་འཁོར་ཉོན་ཅིག་ཅེས་པ་ལ་སོགས་པས་སོ། །འདི་ཡང་སློབ་མ་ལྷག་པར་གནས་པ་དེ་ཉིད་ཀྱི་ནུབ་མོ་བྱ་བར་ཤེས་པར་བྱ་སྟེ། དེའི་རིམ་པ་ཡང་དེ་ལ་ཐོག་མར་སློབ་དཔོན་གྱིས་མཆོད་པའི་ཡོ་བྱད་འདི་དག་

ལ་སོགས་པའི་དངོས་པོ་གཞུང་ལས་འབྱུང་བ་བཞིན་དུ་སྟ་གོན་བྱས་ནས་སློབ་མ་རྣམས་ཀྱང་བསགས་ཏེ་ཕྱི་རོལ་དུ་བཀོད་ལ། དེ་ནས་སློབ་དཔོན་དེ་དཀྱིལ་འཁོར་གྱི་ཁང་བའི་ནང་དུ་ཞུགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་དམ་ཚིག་

གི་ཕྱག་རྒྱ་བཅིངས་ཏེ་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བསྟན་པ་བཞིན་དུ་མདུན་དུ་རང་བཞིན་གྱི་དཀྱིལ་འཁོར་སོ་སོའི་སྔགས་འབྲུ་རེའམ། སྤྱིའི་སྙིང་པོས་དེར་བསམས་ཏེ། དེ་ནས་བདག་ཉིད་ཆོས་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབས་པ་དང་

ཆོས་ཀྱི་འཁོར་ལོ་བསྐོར་བའི་སྔགས་དང་ཕྱག་རྒྱས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་པ་དང་། རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང་བསྲུང་བར་བྱ་སྟེ། དེ་ནས་ལས་ཀྱི་རྡོ་རྗེར་བསྒྱུར་ནས་ལྷ་རྣམས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ་མཆོད་ཡོན་ཕུལ་ནས་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་

པ་རྣམས་ཀྱང་སོ་སོར་སྔགས་ཀྱིས་བཏབ་སྟེ་དབུལ་བ་དང་ཡིད་ཀྱི་མཆོད་པ་ཡང་བྱའོ། །དེ་ལྟར་ཕྱི་ནང་གི་མཆོད་པ་ལ་སོགས་པ་བྱས་ནས་སློབ་དཔོན་དེ་ཕྱིར་བྱུང་ལ་སློབ་མ་རྣམས་ལ་དྲི་དང་མེ་ཏོག་བྱིན་ཏེ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བ་དང་། ལས་ཐམས་ཅད་

Vol. 70 · folio 76a

པའི་སྔགས་ཀྱིས་བཏབ་པའི་སྐུད་པ་དཔུང་པར་བཅིང་བ་དང་སོ་ཤིང་སྦྱིན་པ་རྣམས་བྱས་ནས། དེ་ནས་སྡིག་པ་བཤགས་པ་དང་ལུས་དབུལ་བ་དང་སྡོམ་པ་འཛིན་དུ་གཞུག་སྟེ། དེ་དག་ནི་ལྷག་པར་གནས་པའི་ཆོ་གའོ། །དཀྱིལ་

འཁོར་དུ་གཞུག་པའི་ཆོ་ག་ཡང་སྒྲུབ་པའི་གྲོགས་པོ་གཞན་ཡོད་ན་དེས་རིམ་པ་བཞིན་དུ་བྱ་ལ། མེད་ན་སློབ་དཔོན་ཉིད་ཀྱིས་དེ་ཉིད་དུ་སློབ་མ་དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུག་པ་དང་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་

བརླབ་པ་དང་། ཆོས་ཀྱི་འཁོར་ལོ་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རིམ་པ་བཞིན་དུ་བྱ་སྟེ། དེ་ནས་སློབ་དཔོན་དེ་ལྟར་མཆོད་པའི་གནས་སུ་ཞུགས་ཏེ། སེམས་མཉམ་པར་བཞག་ལ་སྙིང་གར་ཟླ་བའི་དཀྱིལ་འཁོར་

གྱི་སྟེང་དུ་ཡི་གེ་ར་ཁ་དོག་དཀར་པོ་ཡིད་ཙམ་རྩ་དམར་བ་བསམས་ཏེ། ཡི་གེ་དེའི་སྒྲའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་རྡུལ་དང་བྲལ་བ་བསྒོམ་པ་ནི་བདག་གི་ལུས་ཉིད་རྡུལ་ཕྲ་རབ་ལ་སོགས་པའི་རིམ་པས་བཤིག་སྟེ་རྡུལ་ཕྲན་དེ་ཡང་ཕྱོགས་ཆ་དང་བྲལ་བས་དམིགས་སུ་མེད་ལ། དེ་བཞིན་

དུ་རྣམ་པར་ཤེས་པ་ལ་སོགས་པ་ཡང་དངོས་པོ་མེད་པར་བསྒོམས་ཏེ། ཟླ་བའི་དཀྱིལ་འཁོར་དང་ཡི་གེ་ར་དང་སྟོང་པར་བསམ་ཞིང་ཐ་མ་སྒྲའི་དེ་ཁོ་ན་ཉིད་དེ་ཡང་དམིགས་སུ་མེད་པར་བསྒོམས་ཏེ་སྟོང་པ་ཉིད་ལ་ཇི་སྲིད་འདོད་པར་གནས་སོ། །དེའི་འོག་ཏུ་ཐོག་མར་རླུང་གི་དཀྱིལ་འཁོར་

དང་། དེ་ནས་ཆུའི་དཀྱིལ་འཁོར་དང་། དེ་ནས་གསེར་གྱི་དཀྱིལ་འཁོར་བསམ་ཞིང་གསེར་གྱི་དཀྱིལ་འཁོར་དེའི་སྟེང་དུ་བདག་གི་ལུས་ལྟེ་བའི་འོག་མན་ཆད་ཀྱང་གསེར་གྱི་དཀྱིལ་འཁོར་གྲུ་བཞི་པར་བསམས་ཏེ་དེའི་སྟེང་དུ་པདྨོ་རྩ་བ་དང་བཅས་པ་སྙིང་གའི་བར་དུ་ཕྱིན་པར་

བསམས་ལ། དེའི་དབུས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་ཏེ། དེའི་ཤར་ཕྱོགས་ཀྱི་པདྨོའི་འདབ་མ་ལ་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གོ། །ལྷོ་ཕྱོགས་ཀྱི་འདབ་མ་ལ་དེ་བཞིན་གཤེགས་པ་མེ་ཏོག་ཀུན་དུ་རྒྱས་པའི་རྒྱལ་པོའི་དབང་པོའོ། །བྱང་ཕྱོགས་

Vol. 70 · folio 76b

ཀྱི་འདབ་མ་ལ་དེ་བཞིན་གཤེགས་པ་རྔ་དབྱངས་ཅན་ནོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །ཤར་ལྷོའི་འདབ་མ་ལ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའོ། །བྱང་ཤར་གྱི་འདབ་མ་ལ་སྤྱན་རས་གཟིགས་ཀྱི་དབང་པོའོ། །ལྷོ་ནུབ་ཀྱི་

འདབ་མ་ལ་འཇམ་དཔལ་གཞོན་ནུར་གྱུར་པའོ། །ནུབ་བྱང་གི་འདབ་མ་བྱང་ཆུབ་སེམས་དཔའ་བྱམས་པ་བསམས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་མེ་ཏོག་དོར་བ་ལ་བདེ་བའི་ཕྱིར་དེ་རྣམས་ཀུན་གྱི་སྐུ་བདག་གི་ཀླད་པའི་

བར་དུ་ཕྱིན་པར་བསམ་ཞིང་པདྨོའི་གེ་སར་ཀུན་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་རྣམས་དང་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཏིང་ངེ་འཛིན་རྣམས་ལྷ་མོའི་གཟུགས་སུ་བསམ་མོ། །པདྨོའི་རྩ་བ་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་བསམ་ཞིང་དེའི་དྲུང་དང་གཡས་དང་གཡོན་

དག་ཏུ་སྤྱན་རས་གཟིགས་ཀྱི་དབང་པོའི་འཁོར་རྣམས་དང་ཕྱག་ན་རྡོ་རྗེའི་རིག་པ་དང་ཁྲོ་བོ་རྣམས་དང་སྒོ་སྐྱོང་དང་ཁྲོ་གཉེར་ལ་སོགས་པ་རིམ་པ་བཞིན་དུ་བསམ་མོ། །དེའི་ཕྱི་རིམ་དུ་ལྷ་དང་ཀླུ་ལ་སོགས་པ་མང་པོ་རྣམས་བསམས་ཏེ་དེ་ལྟར་བརྟན་པར་བྱས་ནས་ཡིད་ཀྱི་མཆོད་པ་ཚུལ་

བཞིན་དུ་བྱའོ། །དེ་ནས་དེ་དག་ཐམས་ཅད་ཟིན་པ་དང་སེ་གོལ་བརྡབ་པས་བརྡ་བྱས་ཏེ་སློབ་མ་རྣམས་མགོ་བོ་ལ་མེ་ཏོག་འདོར་དུ་གཞུག་གོ། །མེ་ཏོག་དེ་དག་ཀྱང་ཡིད་ལ་བསམ་པའི་ལྷ་གང་གི་སྟེང་དུ་བབས་པ་སྟེ། སློབ་མ་དེ་ལ་སྦྱིན་པར་བྱ་སྟེ། དེ་དག་ནི་བསྡུས་པའི་དོན་ཏོ། །

ཚིག་གི་དོན་ནི་གསང་བ་པའི་བདག་པོ་ལུས་ཀྱི་ས་གཞི་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྔགས་དང་ཕྱག་རྒྱའི་རང་བཞིན་གྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབ་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ནི་མཆོད་པ་ལ་སོགས་པ་སྔར་སྨོས་

པ་རྣམས་རིམ་པ་བཞིན་དུ་བྱས་ནས་བདག་གི་ལུས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་དང་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། སྟོང་པ་ཉིད་དུ་བྱོས་ཤིག་ཅེས་པའོ། །དེ་ནས་བདག་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ་ཞེས་པ་ནི་སྔ་མའི་རིམ་པ་བཞིན་དུ་ཆོས་ཀྱི་

Vol. 70 · folio 77a

འཁོར་ལོའི་ཕྱག་རྒྱས་བྱིན་གྱིས་བརླབས་ནས་ལས་ཀྱི་རྡོ་རྗེ་སེམས་དཔར་བསྒྱུར་ཏེ་མཆོད་པ་དང་སློབ་མའི་ཆོ་ག་བྱ་བ་ལ་སོགས་པ་ཐམས་ཅད་གོང་དུ་སྨོས་པའི་རིམ་པ་བཞིན་དུ་བྱའོ། །རྡུལ་ཐམས་ཅད་དང་བྲལ་བ་ཞེས་པ་ནི་དེ་ནས་སླར་བདག་ཉིད་ནང་དུ་

ཞུགས་ནས་སྙིང་གར་ཡི་གེ་ར་བསམས་ཏེ་ཆོས་ཐམས་ཅད་རྡུལ་དང་བྲལ་བར་བསྒོམ་པའི་རིམ་པ་ཡང་སྔ་མ་བཞིན་དུ་བྱའོ། །བདག་དང་སེམས་ཅན་དང་སྲོག་དང་འགྲོ་བ་དང་ཤེད་ཅན་དང་ཤེད་ལས་སྐྱེས་པ་དང་། བྱེད་པ་པོ་ལ་སོགས་པའི་ཟུག་རྔུའི་སྐྱོན་དང་བྲལ་ལ་ཞེས་པ་

ནི་མུ་སྟེགས་ཅན་གཞན་རྣམས་ཀྱིས་བདག་ལ་སོགས་པའི་དངོས་པོ་དེ་རྣམས་ཀྱང་དམིགས་སུ་མེད་པར་བསྒོམ་ཞེས་པ་སྟེ། དེ་དག་ནི་ཇི་ལྟར་རྡོ་ཤིང་ལ་སོགས་པའི་ཟུག་རྔུ་དང་ཉེས་པ་བསལ་བས་ཕྱི་རོལ་གྱི་སྦྱང་བ་བཞིན་དུ་ནང་གི་ས་སྦྱང་བ་ཡང་ཐབས་འདི་ལྟ་བུས་སྦྱོང་

ངོ་ཞེས་བཤད་པའོ། །གྲུ་བཞི་ལ་སྒོ་བཞི་དང་ལྡན་པ་ནུབ་ཕྱོགས་ཀྱི་སྒོ་རྟག་ཏུ་ཕྱེ་བ་སྒོ་ཁྱུད་དང་སྟེགས་བུས་བརྒྱན་པ་ཞེས་པ་ནི་དེ་ལྟར་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་བྱས་ལ་དེ་ནས་རླུང་དང་ཆུའི་དཀྱིལ་འཁོར་ལ་སོགས་པ་སྔ་མ་བཞིན་དུ་བསམས་ཏེ། དེའི་སྟེང་དུ་

དབང་ཆེན་གྱི་དཀྱིལ་འཁོར་དེའི་སྟེང་དུ་བདག་གི་རྐེད་པ་མན་ཆད་གསེར་གྱི་དཀྱིལ་འཁོར་གྲུ་བཞི་པར་གྱུར་པར་བསམས་ཏེ། སྟེགས་བུ་ཞེས་པ་ནི་དབུས་ཀྱི་གཞིའི་གདན་དེ་ཉིད་ལ་བྱ་ལ་དེ་ཡང་གསེར་གྱི་ཁ་དོག་ཏུ་བསམ་མོ། །དབུས་ན་པདྨའི་རྒྱལ་པོ་ཆེན་པོ་ཡིད་

ལས་བྱུང་བ་འདབ་མ་བརྒྱད་པ་སྡོང་བུ་དང་བཅས་པ་ཟེ་བ་རྒྱས་ཤིང་ཤིན་ཏུ་མཛེས་པར་བྱུང་བ་ཞེས་པ་ལ་ཡིད་ལས་བྱུང་བ་ཞེས་པ་ནི་པདྨོ་སྟེ་སྔར་བཤད་ཟིན་ཏོ། །ཤིན་ཏུ་མཛེས་པར་བྱུང་བ་ཞེས་པ་ནི་འདབ་མ་བརྒྱད་ལ་སངས་རྒྱས་བཞི་དང་བྱང་ཆུབ་སེམས་དཔའ་བཞི་རྣམས་

ཀྱི་སྐུ་མདོག་ཅི་འདྲ་བ་དང་མཐུན་པར་ཁ་དོག་སྣ་ཚོགས་སུ་བྱ་སྟེ། རིན་པོ་ཆེའི་ཏོག་གི་ཁ་དོག་དཀར་པོ། །མེ་ཏོག་ཀུན་དུ་རྒྱས་པའི་རྒྱལ་པོའི་དབང་པོའི་ཁ་དོག་སེར་པོ། །རྔ་དབྱངས་ཅན་གྱི་ཁ་དོག་སྨུག་ནག །འོད་དཔག་ཏུ་མེད་པའི་ཁ་དོག་དམར་པོ། །དེ་

Vol. 70 · folio 77b

བཞིན་དུ་ཀུན་དུ་བཟང་པོ་ནི་སེར་པོ། །སྤྱན་རས་གཟིགས་ཀྱི་དབང་པོ་ནི་དཀར་པོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་སེར་པོ། །བྱམས་པ་ནི་དམར་པོར་བྱའོ། །ཡང་ན་ཐམས་ཅད་ཀྱང་ཁོ་དག་ཐམས་ཅད་དོ་ཞེས་པ་དང་སྦྱར་ཏེ་ཆད་པ་མེད་པར་ཤེས་པར་བྱའོ། །དེའི་དབུས་ན་

ཡང་དེ་བཞིན་གཤེགས་པ་སྐུ་དང་གསུང་དང་ཐུགས་འཇིག་རྟེན་ཐམས་ཅད་ལས་འདས་པ་ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་པདྨའི་དབུས་སུ་བསམས་པ་དེ་མཆོག་ཏུ་བཟང་བ་འཇིག་རྟེན་ཐམས་ཅད་ལས་འདས་པ་ཞེས་བྱའོ། །སེམས་ཀྱི་ས་ལས་ཡང་

དག་པར་འདས་པ་ཞེས་པ་ནི་སེམས་ཀྱི་ཡུལ་དུ་གྱུར་པའི་གཟུང་བ་དང་འཛིན་པའི་ཆ་སྤངས་ཞེས་པའོ། །སེམས་ཀྱི་རྗེས་སུ་ཐོབ་པ་ཞེས་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་སོ་སོར་རང་གིས་རིག་པ་ཐོབ་པ་ཞེས་པའོ། །དེ་དག་གིས་ནི་རང་གི་དོན་དུ་ཕུན་སུམ་ཚོགས་པ་བསྟན་

ཏོ། །འདོད་པའི་འབྲས་བུ་ཁྱད་པར་ཅན་སྩོལ་བ་ཞེས་པས་ནི་གཞན་གྱི་ཕུན་སུམ་ཚོགས་པ་བསྟན་ཏེ་སེམས་ཅན་རྣམས་ལ་མཐོ་རིས་དང་མྱ་ངན་ལས་འདས་པའི་འབྲས་བུ་རྣམས་སྦྱིན་ནོ་ཞེས་པའོ། །དེའི་ཤར་ཕྱོགས་སུ་ཞེས་པ་ནས་སྡོང་བུ་ནི་ཕྱག་ན་རྡོ་རྗེའོ་ཞེས་པའི་བར་ནི་

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་པདྨའི་འདབ་མ་དང་གེ་སར་དག་ལ་སྔར་སྨོས་པའི་རིམ་པ་བཞིན་དུ་བསམ་པར་བྱའོ། །ལྷག་མ་ནི་རྒྱ་མཚོ་ཆེན་པོའོ་ཞེས་པ་ནི་དཀྱིལ་འཁོར་དེའི་འོག་ཏུ་ཆུའི་དཀྱིལ་འཁོར་རྒྱ་མཚོ་བསམ་ཞེས་པའོ། །མར་མེ་མེ་ཏོག་བདུག་སྤོས་

དང་། །བཤོས་དང་བདུག་པ་ཡིད་ལས་བྱུང་། །ལུས་ཅན་རྣམས་ཀྱི་དམ་ཚིག་ཕྱིར། །ཐམས་ཅད་སྔགས་པས་བསམ་པར་བྱ། །ཞེས་པ་ནི་དྲི་དང་མེ་ཏོག་ལ་སོགས་པ་དེ་དག་ཐམས་ཅད་སྔགས་པས་ཡིད་ཀྱིས་བསམ་ཞེས་པའོ། །ལུས་ཅན་རྣམས་ཀྱི་དམ་ཚིག་ཕྱིར། །

ཞེས་པ་ནི་དཀྱིལ་འཁོར་ཏེ། སེམས་ཅན་རྣམས་དམ་ཚིག་ལ་གཞུག་པའི་ཕྱིར་གཟུགས་བརྙན་གྱི་དཀྱིལ་འཁོར་རྣམས་རྒྱས་པར་བྲི་མི་ནུས་ཤིང་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དཀྱིལ་འཁོར་འདི་བྱའོ་ཞེས་པའོ། །འོག་གི་ས་གཞི་ཐམས་ཅད་ལ། །ལྷ་ལ་སོགས་པ་གྲངས་མེད་པའང་། །

Vol. 70 · folio 78a

བདག་ཉིད་ཆེན་པོའི་དཀྱིལ་འཁོར་འདིར། །སྔགས་པས་ནན་ཏན་བསྐྱེད་དེ་བྲི། །ཞེས་པ་ནི་བཅོམ་ལྡན་འདས་བདག་ཉིད་ཆེན་པོའི་དཀྱིལ་འཁོར་འདིར་དབུས་ཀྱི་སྟེགས་བུའི་འོག་གི་ཕྱི་རིམ་གྱིས་གཞི་ཐམས་ཅད་དུ་ལྷ་དང་ཀླུ་ལ་སོགས་པ་གྲངས་མེད་པ་ཞེས་

པའོ། །རང་གི་ལས་ནི་བདག་ཉིད་ཀྱིས། །ར་ཞེས་བྱ་བས་རྣམ་སྦྱངས་ནས། །སྔགས་པ་རྣལ་འབྱོར་སྟན་ལ་འདུག །དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །ཞེས་པ་ནི་རྣལ་འབྱོར་པ་དེ་རྣམས་ཀྱི་བྱ་བ་ཡང་བདག་ཉིད་ཡི་གེ་ར་སྟོང་པ་ཉིད་དུ་སྦྱང་བ་ལ་སོགས་པ་གོང་དུ་སྨོས་པའི་ཚུལ་

བཞིན་དུ་བྱས་ནས་གདོད་ལས་འདི་རྣམས་བྱ་ཞེས་པའོ། །སློབ་མ་རྣམས་ཀྱི་སྤྱི་བོར་ནི། །ཀླད་ཀོར་བཅས་པའི་ཨ་གཞག་སྟེ། །ཞེས་པ་ནི་སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཚེ་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་དེ་དག་བརྟན་པར་བྱ་བའི་ཕྱིར། ཀུན་

དུ་སངས་རྒྱས་པའི་སྙིང་པོ་ཨཾ་སྤྱི་བོར་བསམ་ཞེས་པའོ། །འཇིགས་པ་མེད་པའི་བདག་ལུས་ལ། །ཞེས་པ་ནས། ཡང་ན་དེ་ལ་རིག་སྔགས་སྦྱིན། །ཞེས་པའི་བར་ནི་བདག་གིས་ལུས་ལ་མེ་ཏོག་དོར་ནས་གང་ལ་བབ་པའི་རིག་པ་དེ་སློབ་མ་རྣམས་ལ་སྦྱིན་པའོ། །བརྟགས་ནས་དེ་ལ་

བསྟན་པར་བྱ། །ཞེས་པ་ནི་དཀྱིལ་འཁོར་གྱི་ཚུལ་རྣམས་སློབ་མ་ལ་བསྟན་པའོ། །ལུས་ཅན་རྣམས་ཀྱི་དམ་ཚིག་ནི། །ཞེས་པ་ནི་དཀྱིལ་འཁོར་འདིའི་དམ་ཚིག་ཅན་དུ་བྱ་བའི་ཕྱིར་རོ་ཞེས་སྔར་བཤད་པ་བཞིན་ནོ། །འདི་ནི་དཀྱིལ་འཁོར་གཙོ་བོར་འདོད། །ཅེས་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་

འཛིན་བསྒོམས་པ་ལས་བྱུང་ཞིང་ཕྱི་རོལ་གྱི་མཚན་མ་རྣམས་སུ་མི་གཏོགས་པས་གཙོ་བོ་ཞེས་བྱའོ། །གསང་བའི་དཀྱིལ་འཁོར་དུ་གཟུང་བ་ལ་འཇུག་པ་ལ་ཞེས་པ་ནི་ཐོག་མར་གོང་མའི་ནང་དུ་བཤད་ཟིན་ཏོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་

པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། གསང་བའི་དཀྱིལ་འཁོར་དུ་གཟུང་བ་ལ་འཇུག་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།ད་ནི་རིག་སྔགས་ཀྱི་བརྟུལ་ཞུགས་རིམ་པར་ཕྱེ་བ་འཆད་དེ། རིག་པ་ཞེས་བྱ་བ་ནི་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་རིག་པས་ན་དེ་བཞིན་

Vol. 70 · folio 78b

ཉིད་ཀྱི་ཡེ་ཤེས་དང་དེ་ལས་བྱུང་བའི་སྔགས་དང་ཕྱག་རྒྱ་ལ་ཡང་བྱ་ལ། དེའི་དཀའ་ཐུབ་ནི་དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་སྟེ་ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་སྤྱོད་པ་སྐྲ་དང་ཁ་སྤུ་བྲེགས་པ་དང་ཆོས་གོས་བགོ་བ་ལ་སོགས་པ་དགེ་སློང་གི་གཟུགས་སུ་སྤྱོད་པ་དང་། འཇིག་

རྟེན་པ་རྣམས་ཀྱི་ཡང་ལྷ་ཆེན་པོ་ལ་སོགས་པ་ལ་དད་པའི་སྤྱོད་པ་དང་ཚུལ་འཇིག་རྟེན་ན་ཡོད་པ་ཇི་ལྟ་བ་བཞིན་དུ་རིག་པའི་བརྟུལ་ཞུགས་འདི་ཡང་བདག་ཉིད་ཀྱི་ལྷའི་གཟུགས་ཅི་འདྲ་བ་དང་རྗེས་སུ་མཐུན་པར་སྤྱོད་པ་དང་། སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཏིང་ངེ་འཛིན་དང་རྗེས་སུ་མཐུན་

པར་སྤྱོད་པ་དང་། ཏིང་ངེ་འཛིན་ལས་ལངས་ནས་ཀྱང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་རང་བཞིན་དུ་རྟོགས་པ་དང་རྗེས་སུ་མཐུན་པར་སྤྱོད་པ་དང་། དེའི་སྔགས་ཟློས་པར་བྱེད་པ་རྣམས་ཏེ་ཡན་ལག་དེ་བཞིན་དང་ལྡན་པ་ནི་རིག་སྔགས་ཀྱི་བརྟུལ་ཞུགས་ཞེས་བྱའོ། །དེ་ལ་ཁ་ཅིག་ནི་

བརྟུལ་ཞུགས་འདི་སྤྱོད་ཅིང་སྔོན་དུ་བསྙེན་པའི་གྲངས་སུམ་འབུམ་ལ་སོགས་པ་གཞུང་ལས་ཇི་སྐད་འབྱུང་བ་བཞིན་དུ་བྱས་ནས་སྒྲུབ་པ་ལ་འཇུག་པར་བྱའོ། །དེ་སྟེ་དེ་བས་ཀྱང་ལྷག་པར་བརྟན་པར་འདོད་པས་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ཤིང་ཟླ་བ་དྲུག་ཏུ་རིག་

པའི་བརྟུལ་ཞུགས་སྤྱོད་པར་ཤེས་པར་བྱ་སྟེ། དེ་བས་བརྟུལ་ཞུགས་འདི་ནི་དབང་ཆེན་ལ་སོགས་པ་ལ་གནས་པའི་བརྟུལ་ཞུགས་ཀྱི་རྒྱུ་ལྟ་བུར་བལྟ་བར་བྱ་ལ། རིག་པའི་བརྟུལ་ཞུགས་འདི་ལས་བྱུང་བའི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་པའི་བརྟུལ་ཞུགས་ནི་

བརྟུལ་ཞུགས་གོང་མ་འདི་ལས་བྱུང་བར་བལྟ་སྟེ། དེ་བས་ན་བརྟུལ་ཞུགས་འདིས་སྔར་སེམས་ཅན་ཡོངས་སུ་སྦྱངས་ནས་ཕྱིས་བརྟུལ་ཞུགས་འོག་མ་ལ་འཇུག་སྟེ། བརྟུལ་ཞུགས་འོག་མ་སྤྱོད་པ་ན་ཡང་ལྷའི་གཟུགས་སུ་གནས་པ་དང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་

གནས་པ་དང་། ཏིང་ངེ་འཛིན་ལས་ལངས་པའི་ཚེའང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་མ་ཆགས་པར་སྤྱོད་པ་དང་སྔགས་ཟློས་པར་བྱེད་པ་རྣམས་རིམ་པ་བཞིན་དུ་སྤྱད་པར་བྱ་བ་ལ། ལྷག་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ཤིང་དེའི་རང་

Vol. 70 · folio 79a

བཞིན་དུ་བྱ་བ་དང་དབང་ཆེན་ལ་སོགས་པ་སོ་སོའི་ཕྱག་རྒྱ་འཆིང་བའོ། །རིག་སྔགས་ཀྱི་བརྟུལ་ཞུགས་དེ་བྲིས་པ་ཡང་། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་

ཀྱི་དོན་དུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྟུལ་ཞུགས་ཞུས་པ་ཞེས་པ་ལ་སོགས་པ་ཡིན་ཏེ། ཕྱག་ན་རྡོ་རྗེ་རིག་སྔགས་ཀྱི་བརྟུལ་ཞུགས་དྲིས་པ་ཡང་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ཤིང་རིག་སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་དེ་གཙོ་བོར་དྲིས་པར་

ཤེས་པར་བྱའོ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲིས་པ་ནི་དོན་གོ་དཀའ་ཞིང་ཞེས་པས་དོན་དང་ཚིག་འབྲུ་རྣམས་མི་མཉམ་པར་བྱ་བའི་ཕྱིར་རོ། །གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་དོན་དུ་ཞེས་པ་ནི་ཕྱག་ན་རྡོ་རྗེ་རང་ཉིད་དམིགས་མི་མཁྱེན་

ནས་དྲི་བ་མ་ཡིན་གྱི། མ་འོངས་པའི་འགྲོ་བས་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཡིན་ནོ་ཞེས་པའོ། །ཇི་ལྟར་བརྟུལ་ཞུགས་སྤྱད་པ་ལགས། །ཞེས་པ་ནས། རྒྱལ་བའི་གཙོ་བོ་དབང་དུ་བཞུགས། །ཞེས་པའི་

བར་ནི་ཕྱག་ན་རྡོ་རྗེས་དྲིས་པའི་ཚིག་སྟེ། དེ་ལ། སངས་རྒྱས་རྣམས་ཀྱིས་སྔོན་བསྟན་པ། །ཞེས་པ་ལས་ཇི་ལྟར་སྔོན་གྱིས་བསྟན་ཟིན་ན་ད་དྲི་ཅི་དགོས་ཤེ་ན། བདག་ཉིད་སྔོན་གྱི་སངས་རྒྱས་ཀྱིས་བཤད་པས་དེའི་དོན་འཚལ་མོད་ཀྱི་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་བཅོམ་ལྡན་

འདས་ཀྱིས་མངོན་སུམ་དུ་བསྟན་ཅིང་བཤད་ན་དེ་རྣམས་ཡིད་ཆེས་པར་འགྱུར་བ་དང་བཅོམ་ལྡན་འདས་ཉིད་དབང་དུ་བགྱིས་པའི་ཕྱིར་ཞེས་པ་སྟེ། དེ་བས་ན། མ་འོངས་འགྲོ་བའི་དོན་གྱི་ཕྱིར། །ཞེས་དང་། རྒྱལ་བའི་གཙོ་བོ་དབང་དུ་བཞུགས། །ཞེས་གསུངས་པ་ཡིན་ནོ། །

དྲིས་པའི་ཚིག་གཞན་རྣམས་ནི། །འོག་ནས་ལན་ལྡོན་པ་དང་སྦྱར་རོ། །རིག་པའི་བརྟུལ་ཞུགས་ལས་བྱུང་བའི། །བརྟུལ་ཞུགས་སངས་རྒྱས་བཞིན་དུ་གནས། །ཞེས་པ་ལ། རིག་པའི་བརྟུལ་ཞུགས་ལས་བྱུང་བའི། །ཞེས་པ་ནི་སེམས་ཡོངས་སུ་སྤྱོད་པའི་མཚན་ཉིད་

Vol. 70 · folio 79b

ཡན་ལག་བཞི་དང་ལྡན་པའི་རིག་པའི་བརྟུལ་ཞུགས་དེ་ལས་བྱུང་བ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ཏེ་སྤྱོད་པ་དེ་བསྟེན་པར་བྱའོ་ཞེས་པ་དང་སྦྱར་རོ། །བརྟུལ་ཞུགས་སངས་རྒྱས་བཞིན་དུ་གནས། །ཞེས་པ་ནི་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀུན་དུ་

སངས་རྒྱས་པ་དོན་དམ་པའི་ཏིང་ངེ་འཛིན་ལ་ཞུགས་པའི་ཕྱིར་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་གཅིག་པར་ཐུགས་སུ་ཆུད་ལ་ཀུན་རྫོབ་ལ་སྤྱོད་པའི་ཚེ་ན་ཡང་ཆོས་རྣམས་སྒྱུ་མ་ལྟ་བུར་མཁྱེན་པས་ཇི་ལྟར་ཡང་མི་ཆགས་པར་སྤྱོད་པ་དེ་བཞིན་དུ་རིག་སྔགས་ཀྱི་

བརྟུལ་ཞུགས་ལ་གནས་པ་དེ་ཡང་ཏིང་ངེ་འཛིན་ལ་གནས་པའི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ལ་གནས་པ་དང་། ཏིང་ངེ་འཛིན་ལས་ལངས་ནས་སྤྱོད་པའི་ཚེ་ན་ཡང་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་ཤིང་གང་ལ་ཡང་མི་ཆགས་པར་སྤྱོད་པས་ན་ཀུན་དུ་སངས་རྒྱས་

པ་དང་འདྲ་ཞེས་པའོ། །བདག་ཉིད་དེ་ཉིད་བསྐྱེད་ནས་ནི། །ཞེས་པ་ནས། དེའི་ཚེ་བརྟུལ་ཞུགས་སྤྱད་པ་ཡིན། །ཇི་ལྟར་བརྟུལ་ཞུགས་སྤྱོད་པ་ལགས། །བདག་གིས་དེ་ཉིད་བསྐྱེད་ནས་ནི། །ཞེས་པ་བདག་གི་དེ་ཁོ་ན་ཉིད་ཇི་སྐད་བཤད་པ་བཞིན་དུ་བྱས་ནས་ཤེས་པའོ། །རྟག་

ཏུ་ཐེ་ཚོམ་མེད་པའི་ཡིད། །ཅེས་པ་ནི་དེ་ལྟར་བདག་གི་དེ་ཁོ་ན་ཉིད་བདག་གི་ལྷ་གང་ཡིན་པའི་གཟུགས་སུ་བསྒྱུར་བའི་ཏིང་ངེ་འཛིན་གྲུབ་པས་ལྷའི་རྣམ་པར་སྣང་བ་རྟོག་པ་བཞིན་མེད་པར་ལྷའི་གཟུགས་ཉིད་ཡིད་ལ་ཐེ་ཚོམ་མེད་པར་སྣང་ན། དེ་ཚེ་བརྟུལ་ཞུགས་སྤྱད་པ་ཡིས། །

ཞེས་པ་དང་སྦྱར་རོ། །དེ་བས་ན། གང་ཚེ་རྟག་ཏུ་མཉམ་གཞག་པ། །ཞེས་གསུངས་པ་ཡིན་ཏེ་མདོར་ན་རྟག་ཏུ་སེམས་མཉམ་པར་གཞག་པར་བྱ་སྟེ། ལྷའི་གཟུགས་དེ་ཉིད་ལ་ཡིད་ལ་བརྟན་པོར་སྣང་བར་མ་བྱས་ན་སྔགས་དང་ཕྱག་རྒྱ་སྦྱར་བ་ཙམ་དང་ལྷ་གང་ཡིན་པ་དེ་

བདག་གོ་སྙམ་དུ་བསམས་པ་ཙམ་གྱིས་རིག་པའི་བརྟུལ་ཞུགས་སུ་མི་ཆུད་ཅེས་པ་སྟེ། དེ་ནི་རིག་སྔགས་དང་མི་མཐུན་པའི་གཟུགས་སུ་སྤྱོད་པའོ། །བྱང་ཆུབ་སེམས་དང་ཆོས་རྣམས་དང་། །ཞེས་པ་ནས། ཚུལ་ཁྲིམས་ལྡན་ཞེས་གཞན་མི་བྱ། །ཞེས་པའི་བར་ནི།

Vol. 70 · folio 80a

ཚུལ་ཁྲིམས་ལ་གནས་ཇི་ལྟ་བུ། །ཞེས་པའི་ལན་ཏེ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཆོས་སུན་འབྱིན་པའི་མཚན་ཉིད་རྣམ་པར་རྟོག་པ་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པ་དང་དགེ་བ་བཅུའི་རང་བཞིན་གྱིས་བསླབ་པ་དང་།

འདུས་བྱས་ཀྱི་ལས་དང་འབྲས་བུ་རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་གཅིག་ཏུ་ལྡན་པར་རྟོགས་ན་ཚུལ་ཁྲིམས་དེ་ལས་དང་བྱ་བ་རྣམ་པར་སྤངས་པའི་ཟག་པ་མེད་པའི་ཚུལ་ཁྲིམས་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དེ་བས་ན། ཚུལ་ཁྲིམས་སངས་རྒྱས་བཞིན་ཞེས་བྱ། །ཞེས་

གསུངས་པ་ཡིན་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་མཚན་ཉིད་གཅིག་པར་ཐུགས་སུ་ཆུད་པ་བཞིན་དུ་ཞེས་པ་སྟེ། དེ་ནི་རིག་སྔགས་དང་རྗེས་སུ་མཐུན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་པའོ། །དེ་ཡང་སྔར་བཞིན་བདག་

གི་ལྷའི་གཟུགས་སུ་བསྒྱུར་ནས་དེའི་འོག་ཏུ་རང་གི་སེམས་ཡོངས་སུ་སྦྱང་བའི་ཕྱིར་ལྷའི་གཟུགས་སུ་བསྒྱུར་བ་དེ་ལ་སོ་སོར་མི་གཞིག་པར་ཡིད་ལ་མི་བྱ་བའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །ཆོས་རྣམས་ཀུན་ལ་དབང་ཐོབ་ཅིང་། །ཞེས་པ་

ནས། དེ་ནི་མྱུར་དུ་མ་ཆགས་སྤྱོད། །ཅེས་པའི་བར་ནི། གང་ན་ཇི་ལྟར་གནས་ཀྱང་རུང་། །མ་ཆགས་པར་ནི་ཇི་ལྟར་སྤྱོད། །ཅེས་ཞུས་པའི་ལན་ཏེ། ཆོས་རྣམས་ཀུན་ལ་དབང་ཐོབ་ཅིང་། །ཞེས་པ་ནི་ཆོས་ཐམས་ཅད་སྟོང་པའི་རང་བཞིན་དུ་རྟོགས་ཏེ་འདོད་ཆགས་ལ་སོགས་

པ་ཉོན་མོངས་པ་རྣམས་ཀྱི་དབང་དུ་མི་འགྲོའོ་ཞེས་པའོ། །སེམས་ཅན་དོན་རྟོགས་ཁོང་དུ་ཆུད། །གསེར་དང་བོང་རྡོ་མཉམ་གྱུར་ན། །དེ་ནི་མྱུར་དུ་མ་ཆགས་སྤྱོད། །ཅེས་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་ནས་སེམས་ཅན་གྱི་དོན་དུ་སྦྱིན་པ་ལ་སོགས་པ་ཀུན་རྫོབ་ལ་

སྤྱོད་པའི་ཕྱིར་འདུས་བྱས་ཀྱི་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོག་ཅིང་དེ་རྣམས་ལ་ཆགས་པ་མི་འབྱུང་བ་ནི་ཇི་ལྟར་རྡོ་བ་དང་བོང་བ་ལ་སོགས་པའི་སེམས་མི་སྐྱེ་བ་བཞིན་དུ་གསེར་ལ་ཡང་ཆགས་པའི་སེམས་མི་སྐྱེ་ན་གང་ན་གནས་ཀྱང་མ་ཆགས་པར་སྤྱོད་པ་ཞེས་བྱ་སྟེ། དེ་ནི་ཀུན་རྫོབ་

Vol. 70 · folio 80b

ཏུ་ཡང་སྤྱོད་པ་ན་རིག་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པའོ། །གསང་སྔགས་ཀྱི་གྲངས་དག་ལས་ཀྱང་། །འབུམ་གྲངས་ཇི་སྙེད་བསྟན་གྱུར་པ། །བརྟུལ་ཞུགས་ཡོངས་སུ་རྫོགས་པར་འགྱུར། །ཞེས་པ་ནི། དུས་ནི་ཇི་སྲིད་ལོན་གྱུར་ན། །བརྟུལ་ཞུགས་ཡོངས་སུ་རྫོགས་

པར་འགྱུར། །ཞེས་དྲིས་པའི་ལན་ཏེ། སྔགས་བཟླས་པའི་གྲངས་འབུམ་ལ་སོགས་པ་ཇི་སྙེད་གཞུང་ལས་བསྟན་པ་དེ་སྲིད་ཀྱི་བར་དུ་གོང་དུ་བཤད་པའི་ཚུལ་བཞིན་དུ་བརྟུལ་ཞུགས་དེ་སྤྱད་ན་ཡོངས་སུ་རྫོགས་པར་འགྱུར་ཞེས་པ་སྟེ། དེ་ཡང་དབང་ཆེན་ལ་སོགས་པའི་

དཀྱིལ་འཁོར་ལ་གནས་པའི་བརྟུལ་ཞུགས་ཀྱི་སྔོན་རོལ་དུ་སེམས་ཡོངས་སུ་སྦྱོང་བའི་མཚན་ཉིད་ཅན་ཡན་ལག་བཞི་དང་ལྡན་པའི་བརྟུལ་ཞུགས་དེ་ལ་བྱའོ། །དབང་ཆེན་གྱིས་ནི་དངོས་པོ་ཡིས། །ཞེས་པ་ནས། ཟླ་བ་གཞན་ལ་བཟླས་བརྗོད་བྱ། །ཞེས་པའི་

གནས་ནི་གང་དུ་བགྱི་བ་ལགས། །ཞེས་དྲིས་པའི་ལན་ཏེ། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ལ་གནས་ནས་རིག་སྔགས་ཀྱི་བརྟུལ་ཞུགས་སྤྱད་པར་བཤད་པའི་ཕྱིར། དབང་ཆེན་གྱི་ནི་དངོས་པོ་ཡིས། །ཞེས་པ་ནས། སྔགས་པས་ཟླ་བ་གཅིག་ཏུ་བཟླས། །ཞེས་

པའི་བར་དུ་གསུངས་ཏེ། དེ་ལ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་ནས་བདག་ཉིད་རང་གི་ལྷའི་གཟུགས་སུ་བསྒྱུར་ཏེ། ཇི་ལྟར་སའི་རང་བཞིན་སྲ་ཞིང་མཁྲང་བ་ལྟར་བདག་གི་ལུས་ཀྱང་དེ་ལྟ་བུ་སེམས་ཀྱི་ཞར་ལ་བསྒོམ་ཞིང་བཟླས་པ་ཟླ་བ་གཅིག་ཏུ་གནས་པར་བྱ་བ་

བཤད་དེ། །དབང་ཆེན་གྱི་ནི་དངོས་པོ་ཡིས། །དབང་ཆེན་དཀྱིལ་འཁོར་ལ་གནས་ཏེ། །ཞེས་པ་ནི་དབང་ཆེན་གྱི་སྙིང་པོ་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་སྟོན་པའི་ཨ་ཡིག་གི་སྒྲ་དེ་ཁོ་ན་ཉིད་བསྒོམས་ནས་ཡི་གེ་དེ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་དུ་གྱུར་པར་སྔ་མ་

བཞིན་དུ་བསམས་ཏེ། དེའི་སྟེང་དུ་བདག་རང་གིས་ལྷའི་ལུས་སུ་བསྒྱུར་ནས་རྡོ་རྗེའི་ཕྱག་རྒྱས་བཅིངས་ཏེ་དབང་ཆེན་གྱི་རང་བཞིན་ལྟ་བུར་སྲ་ཞིང་བརྟན་པར་བསྒོམ་པར་བྱ་ཞེས་པའོ། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ལ། །ཞེས་པ་ནི་སྲ་ཞིང་བརྟན་པར་རྗེས་སུ་མཐུན་པའི་ཕྱིར་རྡོ་རྗེའི་ཕྱག་

Vol. 70 · folio 81a

རྒྱ་བཅིངས་པའོ། །རྗེས་སུ་རྟག་པར་འོ་མ་བཏུང་། །ཞེས་པ་ནི་ཟས་ཀྱང་རྗེས་སུ་མཐུན་པ་སྟེ་འོ་མ་འཐུངས་ན་ལུས་བརྟས་ཤིང་མཁྲང་བར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་ན་ཡང་སེམས་དང་ཁ་ཟས་གཉིས་ཀྱིས་ལུས་འཛིན་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་

སྟེ། སེམས་ཀྱི་མཁྲང་བ་བསྒོམ་ཞིང་མཁྲང་བར་འགྱུར་བའི་ཁ་ཟས་ཟོས་ན་དབང་ཆེན་གྱི་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་རོ། །སྲོག་དང་རྩོལ་བ་རབ་བསྡམས་ནས། །སྔགས་པས་ཟླ་བ་གཅིག་ཏུ་བཟླས། །ཞེས་པ་ནི་སྔར་བཤད་པའི་ཚུལ་བཞིན་དུ་སྲོག་དང་རྩོལ་བ་བསྡམས་ནས་

རང་གི་སྙིང་པོ་ཟླ་བ་གཅིག་ཏུ་བཟླས་སོ་ཞེས་པའོ། །དེ་ནས་ཟླ་བ་གཉིས་པ་ན། །ཞེས་པ་ནས། དེ་ཚེ་ཟས་སུ་ཆུ་བཏུང་ངོ་། །ཞེས་པའི་བར་ནི་ཆུའི་དཀྱིལ་འཁོར་ལ་གནས་པར་བཤད་པ་སྟེ། ཆུའི་དཀྱིལ་འཁོར་གྱི་ས་བོན་གྱི་སྒྲའི་དེ་ཁོ་ན་ཉིད་བསྒོམས་པ་དང་ས་བོན་དེ་ལས་ཆུའི་

དཀྱིལ་འཁོར་དུ་བསྒོམས་པས་གོ་རིམས་དམན་མ་བཞིན་དུ་བྱ་སྟེ། བདག་གི་ལུས་ཀྱང་ཆུའི་རང་བཞིན་ལྟར་སྔོ་བར་བསྒོམ་ཞིང་པདྨའི་ཕྱག་རྒྱ་བཅིངས་ལ་ཟླ་བ་གཅིག་ཏུ་བཟླས་ཏེ་པདྨའི་ཕྱག་རྒྱ་བཅིངས་པ་དང་ཟས་སུ་ཆུ་བཏུང་བ་ཡང་དེ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །

དེ་ནས་ཟླ་བ་གསུམ་པ་ལ། །ཞེས་པ་ནས། སྡིག་པ་ཐམས་ཅད་བསྲེག་པར་བྱ། །ཞེས་པའི་བར་ནི་མེའི་དཀྱིལ་འཁོར་ལ་གནས་པར་བཤད་པ་སྟེ། མ་བསླངས་པ་ཡི་ཟས་ཟ་ཞིང་། །ཞེས་པ་ནི་མེ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཏེ། ཇི་ལྟར་མེ་ནི་སྐམ་གཤེར་དང་བཟང་ངན་

ལ་སོགས་པ་ལ་མི་རྟོག་པར་སྲེག་པ་བཞིན་དུ་ཞིམ་པོ་ལ་སོགས་པའམ། འདོད་པའི་དངོས་པོ་རྣམས་ལ་མི་རྟོག་ཅིང་མ་བསླངས་པར་བཟའ་ཞེས་པའོ། །རལ་གྲིའི་ཕྱག་རྒྱ་དང་ལྡན་པས། །ཞེས་པ་ཡང་མེ་དང་རྗེས་སུ་མཐུན་པ་སྟེ། ཇི་ལྟར་མེ་ནི་ཐམས་ཅད་སྲེག་ཅིང་གཅོད་པ་

དེ་བཞིན་དུ་རལ་གྲི་ཡང་དངོས་པོ་ཐམས་ཅད་གཅོད་ཅིང་མེད་པར་བྱེད་པའོ། །ལུས་དང་ངག་ཡིད་ལས་བྱུང་བའི། །སྡིག་པ་ཐམས་ཅད་བསྲེག་པར་བྱ། །ཞེས་པ་ནི་སྔགས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཤིང་བཟླས་ན་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་སྡིག་པ་བྱས་

Vol. 70 · folio 81b

པའི་ལས་ཀྱི་བག་ཆགས་སེམས་ལ་བསགས་པ་དེ་ལས་འབྱུང་བར་འགྱུར་ཞེས་པའོ། །བཞི་ལ་རླུང་དང་ལྡན་བྱས་ཏེ། །ཞེས་པ་ནས། མཉམ་པར་གཞག་སྟེ་གསང་སྔགས་བཟླས། །ཞེས་པའི་བར་ནི་ཟླ་བ་བཞི་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པར་བཤད་པ་སྟེ། སྔར་བཤད་

པ་བཞིན་རླུང་གི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་དུ་སྦྱར་ལ་ཁྱད་པར་དུ་བདག་གི་ལུས་རླུང་གི་རེག་པ་དང་ལྡན་པར་ཡིད་ལ་བསྒོམ་མོ། །ཟས་སུ་རྟག་ཏུ་རླུང་བཟའོ། །ཞེས་པ་ཁ་ཟས་ཀྱང་དེ་དང་རྗེས་སུ་མཐུན་པར་སྦྱར་བ་སྟེ། ནང་དུ་རྒྱུ་བའི་རླུང་ལྐོག་མར་འགོག་ཅིང་འགག་

པར་བསམས་ན་བྲུ་བ་ཚ་བ་དང་སྐོམ་པ་མེད་པར་འགྱུར་ཏེ། དེ་ལ་རླུང་ཟ་བ་ཞེས་བྱའོ། །དེ་ནས་འཁོར་ལོའི་རྒྱ་བཅིངས་ལ། །ཞེས་པ་ནི་འཁོར་ལོ་ནི་འཁོར་ཞིང་གཡོ་བའི་མཚན་ཉིད་ཅན་ཡིན་པས་རླུང་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །མཉམ་པར་གཞག་སྟེ་གསང་

སྔགས་བཟླས། །ཞེས་པ་ནི་སྲོག་དང་རྩོལ་བ་བསྡམས་པ་ལ་སོགས་པ་སྔར་བཤད་པའི་རིམ་པ་བཞིན་དུ་བཟླས་པའོ། །དབང་ཆེན་དང་ནི་ཆུ་དངོས་ལ། །ཞེས་པ་ནས། རྫོགས་པའི་སངས་རྒྱས་བཞིན་དུ་འགྱུར། །ཞེས་པའི་བར་ནི། དབང་ཆེན་གྱི་དཀྱིལ་འཁོར་དང་ཆུའི་

དཀྱིལ་འཁོར་གཉིས་ལ་གནས་ནས་རིག་སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་སྟེ། དབང་ཆེན་དང་ནི་ཆུའི་དཀྱིལ་འཁོར་སོ་སོའི་སྙིང་པོ་ལས་སྔ་མ་བཞིན་དུ་བསམ་པ་སྟེ། རོ་སྨད་ནི་དབང་ཆེན་གྱི་རང་བཞིན་དུ་བསམ་ཞིང་རོ་སྟོད་ནི་ཆུའི་རང་བཞིན་དུ་བསམས་ནས་ཟས་སུ་

ཡང་འོ་མ་དང་ཆུ་གཉིས་བཏུང་ཞིང་ཟླ་བ་གཅིག་ཏུ་བཟླས་པར་བྱའོ། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །ཞེས་པ་ནི་རྙེད་ན་ཡང་དགའ་བ་མེད། མ་རྙེད་ན་ཡང་མི་དགའ་བ་མེད་པའོ། །རླུང་དང་མེར་ནི་ལྡན་བྱས་ནས། །ཞེས་པ་ནས། ཟླ་བ་གཞན་ལ་བཟླས་བརྗོད་བྱ། །

ཞེས་པའི་བར་དུ་རླུང་དང་མེ་གཉིས་གའི་དཀྱིལ་འཁོར་ལ་གནས་ནས་རིག་སྔགས་ཀྱི་བརྟུལ་ཞུགས་སྤྱོད་པ་སྟེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་གྱི་ས་བོན་ལས་མེའི་དཀྱིལ་འཁོར་བསམས་ཏེ་བདག་གི་ལུས་རོ་སྟོད་མེ་འབར་བའི་རང་བཞིན་དུ་བསམ་ཞིང་རོ་སྨད་ཀྱང་སྔ་

Vol. 70 · folio 82a

མ་བཞིན་དུ་རླུང་གི་རང་བཞིན་དུ་བསམས་ཏེ་ཟས་སུ་ཡང་རླུང་གི་སྦྱོར་བ་ཡང་སྔར་སྨོས་པ་བཞིན་དུ་ཅུང་ཟད་བྱ་ལ་མེའི་ཟས་མ་བསླངས་པ་ཡང་ཅུང་ཟད་བྱ་སྟེ། ཟླ་བ་གཅིག་ཏུ་བཟླས་པ་བྱ། །ཞེས་པའོ། །དེ་དག་ཐམས་ཅད་ཀྱང་རང་གི་ལྷའི་གཟུགས་སུ་

སྦྱོར་བ་ན་དཀྱིལ་འཁོར་སོ་སོའི་ཁ་དོག་ཅི་འདྲ་བ་བཞིན་དུ་ལྷའི་གཟུགས་ཀྱི་ཁ་དོག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དབང་ཆེན་གྱི་དཀྱིལ་འཁོར་གྱི་སྐབས་སུ་བཤད་པའི་རིམ་པ་བཞིན་དུ་ཟླ་གཅིག་ཏུ་སྲོག་དང་རྩོལ་བསྡམས་ཏེ་བཟླས་པར་ཡང་བཤད་པར་བྱའོ། །བརྒྱ་བྱིན་

ཚངས་པ་ལ་སོགས་ལྷ། །ཞེས་པ་ནས། སྙིང་རྗེ་འཇིག་རྟེན་དབང་པོ་བཞིན། །ཞེས་པའི་བར་ནི། དེའི་མཐུ་ཅི་ལགས་འཚལ་བར་བགྱི། །ཞེས་ཞུས་པའི་ལན་ཏེ། མཐུ་བཤད་པ་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་རྣམས་དང་། ཤ་ཟ་དང་ལྟོ་འཕྱེ་ལ་

སོགས་པ་རྣམས་ཀྱིས་རིག་སྔགས་ཀྱི་བརྟུལ་ཞུགས་དེ་ལྟ་བུ་དང་ལྡན་པའི་སྔགས་པ་མཐོང་ན་རྒྱང་རིང་པོ་ནས་ཕྱག་འཚལ་ཞིང་སྔགས་པ་དེ་ལ་སྲུང་བར་བྱེད་ལ་སྔགས་པ་དེས་ནི་ཅི་བསྒོམས་པ་རྣམས་ཀྱང་བྱེད་པར་འགྱུར་ཞིང་ལྷའི་སྨན་རྣམས་ཀྱང་སྔགས་པ་དེའི་དྲུང་ན་

འཁོད་ཅིང་བཀའ་ཉན་ཏེ། སྨན་བཙལ་གྱིས་མི་རྙེད་པ་དག་ཀྱང་དེའི་དྲུང་ན་འདུག་པར་མཐོང་ངོ་། །བགེགས་དང་མ་མོ་བདུན་ལ་སོགས་པ་འཇིགས་པར་བྱེད་པ་རྣམས་ཀྱང་རྒྱང་རིང་པོ་ནས་ཕྱག་འཚལ་བར་བྱེད་པ་དང་སྔགས་པའི་གནས་ཀྱང་མེ་འབར་བ་ལྟར་སྣང་

ལ། སངས་རྒྱས་བཅོམ་ལྡན་འདས་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་དབང་ཐོབ་པར་འགྱུར་བ་དང་མི་མཐུན་པར་བདུན་པ་ནི་ཕྱག་ན་རྡོ་རྗེ་ལྟ་བུ་དང་སྙིང་རྗེ་ཆེ་བ་ནི་སྤྱན་རས་གཟིགས་ཀྱི་དབང་པོ་ལྟ་བུར་འགྱུར་ཞེས་པའོ། །ཟླ་བ་དྲུག་རྣམས་བཟླས་གྱུར་

ན། །འདོད་པའི་དངོས་གྲུབ་འབྲས་བུ་ཐོབ། །བདག་ཉིད་དང་ནི་གཞན་ལ་ཡང་། །རྟག་པར་རྗེས་སུ་ཕན་པར་བྱེད། །ཅེས་པ་ནི། དུས་དང་ཡུལ་དང་བྱ་བ་ལས། །ཆོས་དང་ཆོས་མིན་རྣམ་སྤངས་པར། །དེ་ནི་ཇི་ལྟར་མྱུར་དུ་འགྱུར། །ཚད་ཀྱང་འདྲེན་པས་བཀའ་སྩོལ་

Vol. 70 · folio 82b

ཅིག །ཅེས་ཞུས་པའི་ལན་ཏེ། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་བསྒོམ་པའི་རིམ་པས་ཟླ་བ་དྲུག་ན་དུས་ལ་སོགས་པ་ལ་མི་ལྟོས་ཤིང་བདག་དང་གཞན་ལ་ཕན་པའི་གྲུབ་པ་ཐོབ་པར་འགྱུར་ཏེ་དེ་ལྟ་བུ་ཐོབ་པའི་ཚད་ཟླ་བ་དྲུག་གོ་ཞེས་པའོ། །རྣམ་པར་སྣང་མཛད་ཆེན་

པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། རིག་སྔགས་ཀྱི་བརྟུལ་ཞུགས་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཡང་གསང་སྔགས་རྣམས་དང་དཀྱིལ་འཁོར་རྣམས་ཀྱི་སྙིང་པོ་ཞུས་པ་

ཞེས་པ་ལ་སོགས་པ་ནི་སློབ་དཔོན་གྱི་དེ་ཁོ་ན་ཉིད་བཤད་པ་སྟེ། སློབ་དཔོན་གྱི་དེ་ཁོ་ན་ཉིད་ཀྱང་རིག་སྔགས་རྣམས་དང་དཀྱིལ་འཁོར་གྱི་སྙིང་པོ་གང་ཡིན་པ་ལ་སོགས་པ་ཡང་དག་པ་ཉིད་ཤེས་ན་སློབ་དཔོན་དུ་འགྱུར་ཏེ། དེ་བས་ན། སྔགས་རྣམས་འབྱུང་བའི་གནས་སྙིང་པོ་དེ་

སྔོན་དུ་བཤད་ནས་སློབ་དཔོན་གྱི་དེ་ཁོ་ན་ཉིད་བསྟན་ཏེ། དེ་བས་ན། གསང་སྔགས་ཀུན་གྱི་སྙིང་པོ་གང་། །ཅི་ཞིག་འཚལ་ནས་སློབ་དཔོན་འགྱུར། །ཞེས་ཕྱག་ན་རྡོ་རྗེས་ཞུས་པ་ཡིན་ནོ། །དེ་ལ་གསང་སྔགས་ཀུན་གྱི་སྙིང་པོ་གང་། །ཞེས་པ་ནི། ཨ་ནི་གསང་སྔགས་ཐམས་

ཅད་ཀྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །ཅེས་པ་དང་སྦྱར་རོ། །སློབ་དཔོན་ཞེས་པ་ནི། སྙིང་གར་སྙིང་པོ་གཞག་ནས་ནི། །ཡན་ལག་རྣམས་ལ་ཡན་ལག་འགོད། །ཅེས་པ་དང་སྦྱར་ཏེ། དེ་རྣམས་ཀྱང་བཀོད་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི། དེ་དག་གི་སྐྲ་དེ་ཁོ་ན་ཉིད་

ལ་སོགས་པ་ཤེས་ན་སློབ་དཔོན་ཞེས་བྱའོ། །ཡེ་ཤེས་གསང་བས་ཆེས་གསང་ཞིང་། །ཞེས་པ་ནི་གསང་སྔགས་སྤྱད་པའི་ཚུལ་རང་བཞིན་གྱི་གསང་བའི་སྟེང་དུ་སྔགས་ཀྱི་སྙིང་པོ་ཡི་གེ་ཨ་ཞེས་པ་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་རྟོག་པའི་ཡེ་ཤེས་འབྱུང་བའི་སྒོ་སྟེ།

ཤིན་ཏུ་ཟབ་པས་སྣོད་མ་ཡིན་ཞིང་དམ་ཚིག་མེད་པ་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་ན་གསང་བ་བས་ཆེས་གསང་བ་ཞེས་བྱའོ། །གསང་སྔགས་ཡེ་ཤེས་ཆེར་འབྱུང་བ། །ཞེས་པ་ནི་སྙིང་པོའི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པར་འགྱུར་བས་དེ་ཉིད་ལ་ཡེ་ཤེས་

Vol. 70 · folio 83a

ཞེས་བྱ་ལ་ཡེ་ཤེས་དེ་ལས་བླ་ན་མེད་པའི་འབྲས་བུ་རྟོག་པ་ཆེན་པོ་འབྱུང་བས་ན་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྒོ་ནས་ཡེ་ཤེས་འབྱུང་བ་ཡང་འབྲས་བུ་ཆེན་པོ་འབྱུང་བ་ཡིན་མོད་ཀྱི། དེ་ལས་ཁྱད་པར་དུ། གསང་སྔགས་ཡེ་ཤེས་ཆེར་

འབྱུང་བ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུ་བྲིས་པ་ནི་ལེགས་སོ་ཚིག་དང་སྦྱར་རོ། །ཨ་ནི་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །འདི་ལས་བྱུང་བའི་གསང་སྔགས་ནི། །གྲངས་མེད་རྣམས་ཀྱང་འབྱུང་བར་འགྱུར། །ཞེས་པ་ནི།

གསང་སྔགས་ཀུན་གྱི་སྙིང་པོ་གང་། །ཞེས་ཞུས་པའི་ལན་ཏེ། དེ་ལ་ཡི་གེ་ཨ་ཞེས་པ་ནི། གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་སྟེ། སྙིང་པོ་ཞེས་པ་ནི་འབྱུང་བའི་གནས་སོ། །དེ་བས་ན་ཀུན་རྫོབ་དང་དོན་དམ་པ་གཉིས་ཀ་འབྱུང་བའི་གནས་ཏེ། དེ་ལ་ཀ་ལ་སོགས་

པའི་ཡིག་འབྲུ་ཐམས་ཅད་ཀྱང་ཨ་དང་མི་ལྡན་ན་མི་སྨྲ་སྟེ། དེ་བས་ན། ཡི་གེ་ཀ་ལ་སོགས་པ་ཐམས་ཅད་ཀྱང་ཨ་ལས་བྱུང་བར་ཤེས་པར་བྱ་བས་དེ་ནི་ཀུན་རྫོབ་ཏུ་འབྱུང་བའི་གནས་སོ། །དོན་དམ་པ་ནི་ཡི་གེ་ཨ་དེ་ལས་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་ཞིང་མ་

སྐྱེས་པར་རྟོག་པའི་ཡེ་ཤེས་འབྱུང་སྟེ། འདི་ནི་དོན་དམ་པའི་གནས་སོ། །འདི་ལས་འབྱུང་བའི་གསང་སྔགས་ནི། །གྲངས་མེད་རྣམས་ཀྱང་འབྱུང་བར་འགྱུར། །ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་ཇི་ཙམ་གསུངས་པ་དེ་དག་

ཐམས་ཅད་ནི་ཡིག་འབྲུའི་ངོ་བོ་སྟེ། ཡིག་འབྲུ་དེ་རྣམས་ཀྱང་ཨ་ལས་གྱུར་པས་གསང་སྔགས་གྲངས་མེད་པ་དེ་དག་ཐམས་ཅད་ཨ་དེ་ལས་བྱུང་ཞེས་པའོ། །དེ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་འབྱུང་བའི་གནས་སུ་བསྟན་ཏོ། །སྤྲོས་པ་ཐམས་ཅད་ཞི་བ་ཡི། །ཡེ་

ཤེས་མཐའ་དག་སྐྱེ་བར་འགྱུར། །ཞེས་པ་ནི་ཨའི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པས་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱང་ཨ་དེ་ལས་

Vol. 70 · folio 83b

བྱུང་ངོ་ཞེས་བསྟན་ཏེ། དེ་ནི་དོན་དམ་པར་འབྱུང་བའི་གནས་སུ་བསྟན་པའོ། །གསང་བ་པའི་བདག་པོ་ཞེས་པ་ནས། ལུས་ནི་སྣ་ཚོགས་ལས་བྱུང་བའོ། །ཞེས་པའི་བར་ནི་གོང་མའི་ཚིགས་སུ་བཅད་པས་མདོར་བསྟན་པ་དེ་ཉིད་འབྲལ་པ་སྟེ། དེ་ལ་སྤྱིར་རྣམ་པ་ལྔ་སྟེ། ཨ་

དང་ཨཾ་དང་ཨཿདང་ཨི་དང་ཨུ་རྣམས་སོ། །དེ་དག་ནི་ཡི་གེ་ཐམས་ཅད་ཀྱི་སྤྱིའི་རང་བཞིན་ནོ། །ཨཾ་ཀླད་ཀོར་ནི་ང་དང་ཉ་དང་ན་དང་ཎ་དང་མ་རྣམས་ཀྱི་རང་བཞིན་ཏེ། ངའི་ནང་དུ་ཀའི་འཁོར་རྣམས་འདུས། ཉའི་ནང་དུ་ཚའི་འཁོར་རྣམས་འདུས། ཎའི་ནང་དུ་ཌའི་

འཁོར་རྣམས་འདུས། ནའི་ནང་དུ་ཏའི་འཁོར་རྣམས་འདུས། མའི་ནང་དུ་པའི་འཁོར་རྣམས་འདུས་པར་བལྟའོ། །ཨ་དང་ཨིའི་ནང་དུ་ཡ་འདུས་པར་བལྟའོ། །ར་དང་ལ་ནི་རྀ་རཱྀ་དང་ལྀ་ལཱྀ་ནང་དུ་འདུས་ལ་ཤ་ཥ་ས་ཧ་རྣམས་ནི་ཡི་གེ་ཨཿཞེས་པའི་ཚིག་གཉིས་པོའི་

ནང་དུ་འདུས་ཏེ། ཨ་དེ་རྣམས་ལས་ཀ་ལ་སོགས་པའི་ཡན་ལག་ཐམས་ཅད་འབྱུང་བར་ཤེས་པར་བྱའོ། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོས། །ཨ་ནི་འཚོ་བ་ཡིན་པར་གསུངས། །ཞེས་པ་ནི་ཡི་གེ་ཨ་དེ་ཀུན་རྫོབ་དང་དོན་དམ་པ་གཉི་གར་ཐམས་ཅད་ཀྱི་

སྲོག་སྟེ། ཀུན་རྫོབ་ཏུ་ཡང་གོང་དུ་བཤད་པའི་ཚུལ་གྱིས་ཨ་དེ་མེད་ན་ཀ་ལ་སོགས་པ་སྨྲར་མེད་པས་ཐམས་ཅད་ཀྱི་སྲོག་ཅེས་བྱ་ལ། དོན་དམ་པར་ནི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་རྟོག་པའི་ཡེ་ཤེས་འབྱུང་བས་སྲོག་ཅེས་བྱའོ། །དེ་ལྟར་སྲོག་ཡིན་པར་ང་འབའ་

ཞིག་གིས་བཤད་པ་མ་ཡིན་གྱི། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་པའོ། །དེ་བས་འདི་ཀུན་ཐམས་ཅད་དེ། །ཞེས་པ་ནི་དེ་ལྟར་ཨ་དེ་སྲོག་ཡིན་པས་ཀ་ལ་སོགས་པའི་དངོས་པོ་ཐམས་ཅད་འདི་ཡིན་ནོ་ཞེས་པའོ། །ཇི་ལྟར་ཡིན་ཞེ་ན། ཡན་ལག་ཀུན་ལ་རྣམ་པར་

གནས། །ཞེས་གསུངས་ཏེ་ཨ་དེ་ཀ་ལ་སོགས་པའི་འབྲུ་རྣམས་ལ་གནས་ཞེས་པའོ། །ཡན་ལག་རྣམས་ཀྱང་ཅི་རིགས་པར། །རྟག་པར་ཀུན་དུ་རིག་པར་གྱིས། །ཞེས་པ་ནི་ཀ་ལ་སོགས་པའི་ཡན་ལག་རྣམས་ཀྱང་ཇི་ལྟར་རིགས་པར་སྔགས་ཀུན་ལ་རྟག་ཏུ་གནས་པར་ཤེས་

Vol. 70 · folio 84a

པར་བྱའོ། །ཡི་གེ་རྣམས་ཀྱིས་ཐམས་ཅད་ཁྱབ། །ཅེས་པ་ཡང་དེ་ཉིད་ཀྱི་སྣོད་དུ་གསུངས་པ་སྟེ། ཀ་ལ་སོགས་པའི་ཡི་གེ་རྣམས་ཀྱིས་སྔགས་ཀྱི་ཚིག་ཐམས་ཅད་དུ་ཁྱབ་ཅེས་པའོ། །ཡི་གེ་རྣམས་ཀྱང་དེ་ཡིས་ཁྱབ། །ཅེས་པ་ནི་ཨ་དེས་ཀ་ལ་སོགས་པའི་

ཡི་གེ་རྣམས་ལ་ཁྱབ་ཅེས་པའོ། །ཡི་གེ་རྣམས་ལས་སྒྲ་འབྱུང་བ། །ཆ་དང་ཆ་ལས་བྱུང་བའོ། །ཞེས་པ་ནི་ཀ་ལ་སོགས་པའི་ཡི་གེའི་སྒྲ་རྣམས་ལས་ཆོས་ཐམས་ཅད་དགོས་པ་དང་བྲལ་བའོ་ཞེས་པ་ལ་སོགས་སྒྲའི་ཕྱོགས་གཅིག་པ་རྣམས་འབྱུང་ཞེས་པའོ། །དེ་བས་

འདི་ཀུན་ཐམས་ཅད་དེ། །ལུས་ནི་སྣ་ཚོགས་ལས་བྱུང་བའོ། །ཞེས་པས་ནི་དེ་བས་ཨ་དེ་ནི་ཀ་ལ་སོགས་པའི་དངོས་པོ་ཐམས་ཅད་དེ། ཀ་ལ་སོགས་པའི་དངོས་པོ་དེ་རྣམས་ཀྱང་ལྷ་ཐམས་ཅད་ཀྱི་ས་བོན་ཡིན་པས་ལྷའི་གཟུགས་རྣམས་སྣ་ཚོགས་པའི་ཡི་གེ་དེ་རྣམས་ཇི་ལྟར་

རིགས་པར་སྦྱར་བ་ལས་འབྱུང་ཞེས་པའོ། །དེ་ཡི་འགོད་པ་ཡང་དག་བསྟན། །ཞེས་པ་ནས། དེ་ནི་སློབ་དཔོན་ཡིན་པར་བཤད། །ཅེས་པའི་བར་གྱིས་ཡི་གེ་སུམ་ཅུ་རྩ་གཉིས་པོ་དེ་དག་ཐམས་ཅད་སློབ་དཔོན་གྱི་ལུས་ལ་འགོད་པ་བཤད་དེ། དེ་ཡི་འགོད་པ་ཡང་དག་

བསྟན། །ཞེས་པ་ནི་ཡི་གེ་ཨ་དེ་སྙིང་གར་འགོད་པར་སྔར་བཤད་ཟིན་ཏོ་ཞེས་པའོ། །སྙིང་པོ་དག་ནི་དེ་བས་ཉོན། །ཞེས་པ་ནི་སྙིང་པོ་ཞེས་པའི་ཚིག་ཨ་འབའ་ཞིག་ལ་བྱ་བ་མ་ཡིན་གྱི། །སེམས་ནི་མགུ་ནས་ངེས་གྱུར་པ། །དེ་ནི་སྙིང་ཞེས་བཤད་པ་ཡིན། །དེར་གནས་

པ་ཡི་གསང་སྔགས་རྣམས། །འབྲས་བུ་རྒྱ་ཆེར་སྟེར་བར་འགྱུར། །ཞེས་བཤད་པའི་ཚུལ་དུ་རིག་པར་བྱ་སྟེ། ཡི་གེ་འདི་རྣམས་ལུས་ལ་བཀོད་པ་ཙམ་གྱིས་ཆོག་པ་མ་ཡིན་གྱི་སོ་སོའི་སྒྲ་དེ་ཁོ་ན་ཉིད་སེམས་ཚིམ་ཞིང་མགུ་བའི་བར་དུ་བསྒོམ་པར་བྱ་བ་ཉོན་ཅིག་

ཅེས་པའོ། །སྙིང་གར་སྙིང་པོ་བཞག་ནས་ནི། །ཡན་ལག་རྣམས་ལ་ཡན་ལག་དགོད། །ཅེས་པ་ནི། སྙིང་གར་ཡི་གེ་ཨ་བཀོད་ལ། །ཡན་ལག་རྣམས་སུ་ཀ་ལ་སོགས་པའི་ཡིག་འབྲུ་རྣམས། ཀ་ནི་ལྐོག་མར་ཤེས་པར་བྱ། །ཞེས་པ་ལ་སོགས་པ་འོག་ནས་འབྱུང་

Vol. 70 · folio 84b

བའི་རིམ་པ་བཞིན་དུ་དགོད་ཅེས་པའོ། །བློ་ལྡན་རྣལ་འབྱོར་སྟན་འདུག་སྟེ། །བདག་ལུས་རྫོགས་སངས་རྒྱས་ཀྱི་སྐུ། །བྱས་ནས་དེ་བཞིན་གཤེགས་པ་རྣམས། །དྲན་པར་བྱས་ཏེ་འདི་ཀུན་བྱ། །ཞེས་པ་ནི་སློབ་དཔོན་བདག་གི་ལུས་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་ཏེ།

ཡི་གེ་འདི་ཐམས་ཅད་དགོད་པར་བྱའོ་ཞེས་པའོ། །བློ་ལྡན་རྣལ་འབྱོར་སྟན་འདུག་སྟེ། དེ་བཞིན་གཤེགས་པ་རྣམས་དྲན་པར་བྱས་ཏེ་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ལ་རྣལ་འབྱོར་གྱིས་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དང་སེམས་མཉམ་པར་གཞག་ནས་ད་

ལྟ་སྨོས་པ་རྣམས་བྱ་ཞེས་པའོ། །གང་གི་ཡེ་ཤེས་རྒྱ་ཆེན་དེ། །ཆོ་ག་བཞིན་དུ་ཤེས་གྱུར་ན། །དེའི་ཚེ་སངས་རྒྱས་མཐུ་ཆེན་གྱིས། །དེ་ནི་སློབ་དཔོན་ཡིན་པར་བཤད། །ཅེས་པ་ནི་དེ་ལྟར་ཡི་གེ་རྣམས་བཀོད་ཅིང་དེ་རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་སྟོང་པ་ཉིད་རྟོགས་པའི་

ཡེ་ཤེས་རྒྱ་ཆེན་པོ་དེ་དག་ཆོ་ག་བཞིན་དུ་བྱས་ནས་ཤེས་པར་གྱུར་ན་ཀུན་དུ་སངས་རྒྱས་པ་རྣམས་ཀྱིས་སློབ་དཔོན་ནོ་ཞེས་གསུངས་སོ། །དེ་བས་དེ་ཉིད་དེ་བཞིན་གཤེགས། །ཞེས་པ་ནས། དཔལ་ལྡན་སྔགས་རྒྱལ་རྡོ་རྗེ་འཛིན། །ཞེས་པའི་བར་གྱིས་དེའི་རྗེས་སུ་

བསྔགས་པ་བཤད་པ་སྟེ། དེ་ལ་སངས་རྒྱས་ལ་སོགས་པ་གྲུབ་པའི་རྒྱུ་ཡང་རྣམ་པ་གཉིས་ཏེ། བསོད་ནམས་དང་ཡེ་ཤེས་སོ། །དེ་ལ་སྦྱིན་པ་ལ་སོགས་པའི་བསོད་ནམས་ནི་བརྒྱུད་པའི་རྒྱུའོ། །ཡེ་ཤེས་ནི་དངོས་ཀྱི་རྒྱུ་སྟེ། དེ་ལ་འདིར་སྔགས་ཀྱི་ཡི་གེ་དེ་རྣམས་ཀྱི་སྒྲའི་

དེ་ཁོ་ན་ཉིད་སྟོང་པ་ཉིད་རྟོགས་པར་བྱེད་པའི་ཡེ་ཤེས་མངོན་དུ་བྱས་པ་འདི་ནི་དངོས་ཀྱི་རྒྱུའོ། །དེ་བཞིན་གཤེགས་ཞེས་བྱ་བ་ལ་སོགས་པ་སྟོང་པ་ནི་སློབ་དཔོན་དེ་མོས་པའི་ས་ལ་གནས་པ་ཡིན་པས་དེ་བཞིན་གཤེགས་པ་མ་ཡིན་ཀྱང་དེ་བཞིན་གཤེགས་པ་ལ་སོགས་

པར་འགྱུར་བའི་རྒྱུ་བྱེད་པས་ན་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པར་ཤེས་པར་བྱའོ། །དེ་བཞིན་དུ་ཆར་ཆུ་མོད་ཅིང་མྱུ་གུ་བཟང་ན་འབྲས་བུ་མ་གྲུབ་ཀྱང་ལོ་ལེགས་སོ་ཞེས་པ་ལ་སོགས་པ་འཇིག་རྟེན་ན་སྣང་ངོ་། །རྗེས་སུ་བསྔགས་པ་ཡང་རྣམ་པ་བཞིའི་སྒོ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words