རྣམ་པར་སྣང་མཛད་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་བྱ་བ

Sanskrit title (Tibetan script, as in the text) བཻ་རོ་ཙ་ནཱ་བྷི་སཾ་བོ་དྷི་ཏནྟྲ་སྱ་སད་བྲྀཏྟི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 70 · folio 85a

ནས་ཏེ། འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཏེ། འཇིག་རྟེན་གྱི་ལྷ་རྣམས་དང་། འཇིག་རྟེན་ལས་འདས་པའི་མི་རྣམས་དང་། འཇིག་རྟེན་གྱི་མི་རྣམས་སོ། །འཇིག་རྟེན་ལས་འདས་པའི་ལྷ་རྣམས་ནི། དེ་བས་དེ་ཉིད་དེ་བཞིན་གཤེགས། །དེ་ཉིད་

རྫོགས་སངས་རྒྱས་ཞེས་བྱ། །ཞེས་པ་ལ་སོགས་པའོ། །འཇིག་རྟེན་གྱི་ལྷ་རྣམས་ནི། ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །ཞེས་པ་ལ་སོགས་པའོ། །འཇིག་རྟེན་གྱི་མི་ནི། །བྲམ་ཟེ་དང་ནི་ཁྲུས་བྱེད་ཉིད། །ཚངས་པར་སྤྱོད་པ་ཞེས་ཀྱང་བྱ། །ཞེས་པའོ། །འཇིག་རྟེན་

ལས་འདས་པའི་མི་ནི། །དགེ་སློང་དཔལ་ལྡན་ཟག་པ་ཟད། །ཅེས་པའོ། །གསང་བ་ཐམས་ཅད་འཛིན་པའོ། །ཞེས་པ་ནི་བདག་གི་ལུས་ལྷའི་གཟུགས་སུ་བསྒྱུར་བ་དང་ངག་གི་རང་བཞིན་གྱི་ཡི་གེ་རྣམས་བདག་གི་ལུས་ལ་ཚང་བ་དང་ཡི་གེ་དེ་རྣམས་ཀྱི་སྒྲ་དེ་ཁོ་ན་ཉིད་ལ་དམིགས་

པའི་ཡེ་ཤེས་དང་ལྡན་པས་ལུས་དང་ངག་དང་ཡིད་གསུམ་གྱི་གསང་བ་ཐམས་ཅད་འཛིན་པའོ། །ཆོས་ཀུན་དབང་ཕྱུག་གཙོ་བོ་སྟེ། །ཞེས་པའི་ལུང་དང་རྟོགས་པའི་ཆོས་ཉིད་ག་ལ་དབང་དུ་གྱུར་པ་ཞེས་པའོ། །གང་ཞིག་བྱང་ཆུབ་སེམས་བརྟན་ཞིང་། །སྒྲ་ཤེས་པ་ནི་ལྷུར་ལེན་

གང་། །ཞེས་པ་ནི་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པར་འགྱུར་བ་ནི་ལུས་ལ་ཡི་གེ་བཀོད་པ་ཙམ་གྱིས་འགྱུར་བ་མ་ཡིན་གྱི། བྱང་ཆུབ་ཀྱི་སེམས་བརྟན་ཞིང་ཡི་གེ་རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྒོམ་པ་ལ་བརྩོན་ན་ཇི་སྐད་སྨོས་པ་དེ་རྣམས་སུ་འགྱུར་

ཞེས་པའོ། །དེ་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་ཏེ་དང་པོའོ། །སྨིན་མཚམས་དབུས་སུ་ཡི་གེ་ཧཱུཾ། །ཞེས་པ་ནས། མཐའ་དག་ངས་ནི་རབ་ཏུ་ཁྱབ། །ཅེས་པའི་བར་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གཉིས་པ་སྟེ་རིགས་གསུམ་གྱི་སྟེང་དུ་དགོད་པའོ། །སྨིན་མཚམས་དབུས་སུ་ཡི་གེ་

ཧཱུཾ། །ཞེས་པ་ནི་སྔ་མ་བཞིན་དུ་སློབ་དཔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུར་བསྒྱུར་ཏེ། སྨིན་མཚམས་སུ་ཕྱག་ན་རྡོ་རྗེའི་སྙིང་པོ་ཡི་གེ་ཧཱུཾ་རང་གིས་དཀྱིལ་འཁོར་ལ་གཞག་པར་བསམ་མོ། །བྲང་དུ་ཡི་གེ་ས་ཞེས་བྱ། །ཕྱག་ན་པདྨའི་གཞི་ཞེས་བྱ། །ཞེས་པ་ནི་

Vol. 70 · folio 85b

སྤྱན་རས་གཟིགས་ཀྱི་དབང་པོའི་སྙིང་པོ་སྟེ། ཟླ་བའི་དཀྱིལ་འཁོར་དང་བཅས་ཏེ་བྲང་མཁར་བསམ་ཞེས་པའོ། །ད་ནི་སྙིང་གའི་གནས་གཞག་པ། །ཞེས་པ་ནི་བཅོམ་ལྡན་འདས་ཉིད་ཀྱི་སྙིང་པོ་ཨ་དེ་རང་གི་སྙིང་གའི་དཀྱིལ་འཁོར་ལ་བསམ་ཞེས་པའོ། །ཀུན་གྱི་རྗེ་སྟེ་དབང་

ཕྱུག་ཡིན། །རྒྱུ་དང་མི་རྒྱུ་སྣ་ཚོགས་པ། །མཐའ་དག་ངས་ནི་རབ་ཏུ་ཁྱབ། །ཅེས་པ་ནི་སྙིང་པོ་དེའི་ཡོན་ཏན་བསྔགས་པ་སྟེ། རྒྱུ་བ་ནི་མི་ལ་སོགས་པའི་སེམས་ཅན་ནོ། །མི་རྒྱུ་བ་ནི་ས་དང་ཤིང་ལ་སོགས་པ་སྟེ་དེ་དག་ཐམས་ཅད་ཁྱབ་ཅེས་པའོ། །ཨ་ཞེས་བྱ་བ་སྲོག་གི་

མཆོག །ཅེས་པ་ནས། འཆི་འཕོ་མེད་པའི་གོ་འཕང་འཐོབ། །ཅེས་པའི་བར་ནི་སློབ་དཔོན་གྱི་ཏིང་ངེ་འཛིན་གསུམ་པ་སྟེ། དཔའ་བོ་ཆེན་པོའི་སྙིང་པོ་རྣམས་ལས་ཨའི་ཡི་གེ་སྲོག་གི་མཆོག་ཡིན་པས་བདག་གི་ཁོང་དུ་དབུགས་ཡས་མན་དུ་རྒྱུ་བ་དང་ལྷན་ཅིག་ཏུ་སྔར་བཤད་

པ་བཞིན་དུ་བསམ་མོ། །བ་ཞེས་བྱ་བ་ཚིག་ཏུ་བཤད། །ཅེས་པ་ནི་ཡི་གེ་མ་ཚིག་གི་རང་བཞིན་ཡིན་པས་ཁར་བསམ་མོ་ཞེས་པའོ། །ར་ཞེས་བྱ་བ་མེ་ཞེས་བརྗོད། །ཅེས་པ་ནི་ཡི་གེ་ར་དེ་རང་གི་དཀྱིལ་འཁོར་དང་བཅས་པར་བསམ་མོ། །ཧཱུཾ་ཞེས་བྱ་བ་ཁྲོ་བོར་བཤད། །ཅེས་པ་ནི་

སྨིན་མཚམས་སུ་ཡི་གེ་ཧཱུཾ་དཀྱིལ་འཁོར་དང་བཅས་པར་བསམ་མོ། །ཁ་ནི་ནམ་མཁའ་ཤེས་པར་བྱ། །ཀླད་ཀོར་སྟོང་པའི་མཆོག་ཅེས་བྱ། །ཞེས་པ་ནི་ཡི་གེ་ཁ་ཀླད་ཀོར་དང་བཅས་པ་ཀླད་པའི་སྟེང་དུ་བསམས་ཏེ། ཁ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་མཚན་ཉིད་དུ་སྟོན་

པའོ། །ཀླད་ཀོར་ཡང་སྟོང་པའི་རང་བཞིན་ཞེས་པའོ། །གང་ཤེས་སློབ་དཔོན་ཞེས་བྱ་བ། །འདི་ནི་ཡང་དག་དམ་པ་ཡིན། །ཞེས་པ་ནི་གོང་དུ་སྨོས་པའི་ཡི་གེ་རྣམས་ཀྱི་སྒྲའི་དེ་ཁོ་ན་ཉིད་དང་དགོས་པ་རྣམས་གང་གིས་ཤེས་པ་དེ་ནི་སློབ་དཔོན་ཞེས་བྱའོ་ཞེས་པའོ། །དེ་བས་

རྣམ་པ་ཐམས་ཅད་དུ། །རྫོགས་སངས་རྒྱས་བསྔགས་ཤེས་འདི་ལ། །རྟག་ཏུ་བརྩོན་པར་བྱས་ན་ནི། །འཆི་འཕོ་མེད་པའི་གོ་འཕང་འཐོབ། །ཅེས་པ་ནི་དེ་དག་ནི་རྗེས་སུ་བསྔགས་པ་སྟེ། སྙིང་པོ་དེ་རྣམས་ང་འབའ་ཞིག་གིས་བཤད་པ་མ་ཡིན་གྱི། སྔོན་གྱི་སངས་

Vol. 70 · folio 86a

རྒྱས་རྣམས་ཀྱིས་ཀྱང་གསུངས་ཏེ། དེ་བས་ན་རྣམ་བ་ཐམས་ཅད་དུ་དེ་དག་གི་སྒྲའི་དེ་ཁོ་ན་ཉིད་སྟོང་པ་ལ་སོགས་པས་རྟག་ཏུ་ནན་ཏན་བྱས་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པོ་ཞེས་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་

སྤྲུལ་པ་བྱིན་གྱིས་རློབ་པ་ལས། སློབ་དཔོན་གྱི་དེ་ཁོ་ན་ཉིད་ཞེས་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།ཀ་ནི་ལྐོག་མར་ཤེས་པར་བྱ། །ཞེས་པ་ནས། ངེས་པ་ཐམས་ཅད་མཁྱེན་པ་བཞིན། །ཞེས་པའི་བར་དུ་ཡི་གེ་དགོད་པ་རིམ་པར་ཕྱེ་བ་གསུངས་པ་ནི་གོང་དུ།

ཡན་ལག་རྣམས་ལ་ཡན་ལག་དགོད། །ཅེས་སྤྱིར་སྨོས་པ་དེ་ལ་ཀ་ལ་སོགས་པའི་ཡན་ལག་གང་རྣམས་ལུས་ཀྱི་ཡན་ལག་གང་དང་གང་དུ་དགོད་པའི་གནས་འཆད་པར་གསུངས་པ་སྟེ། ཡི་གེ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་བཀོད་པ་ནི་སྐྱེས་བུ་ཆེན་པོའི་མཚན་

སུམ་ཅུ་རྩ་གཉིས་སུ་སྦྱར་རོ། །དེ་ལ་སློབ་དཔོན་གྱི་ཏིང་ངེ་འཛིན་དང་དེ་ནི་སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་གྱི་དུས་སུ་སྦྱར་ཞིང་། གཉིས་པ་ནི་ཡི་གེ་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་དུས་དང་སྦྱར་ལ། གསུམ་པ་ནི་གསང་བའི་དཀྱིལ་འཁོར་གྱི་ཚེ་ན་སྦྱར་

བར་ཤེས་པར་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་དགོད་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་གཞན་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་

འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐབས་དང་ལྡན་པའི་དགེ་བ་བཅུའི་ལས་ཀྱི་ལམ་བཤད་པའོ། །དེ་ལ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་བསླབ་པ་ཐུན་མོང་མ་ཡིན་པ་དམ་ཚིག་གི་

མཚན་ཉིད་ནི་སྔར་བཤད་ཟིན་ཏེ། འདིར་ནི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང་སྔགས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གཉིས་ཀའི་སྤྱིའི་བསླབ་པ་ཐབས་དང་ལྡན་པ་བཤད་པར་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཞེས་པ་དེ་བཞིན་

Vol. 70 · folio 86b

ཉིད་གྱི་བྱང་ཆུབ་དེ་ཁོང་དུ་ཆུད་པར་འདོད་པའི་བསམ་པ་དང་ལྡན་པ་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཏེ། གང་ཡང་དངོས་པོ་ཡོད་པ་མ་ཡིན་གྱི། འོན་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུ་ངེས་པའི་ཚུལ་གྱིས་

ཀུན་རྫོབ་ཉིད་དུ་དོན་བྱེད་པ་སྒྱུ་མ་ལྟ་བུར་རྟོགས་ནས་སེམས་ཅན་ཡོངས་སུ་བསྒྲལ་བའི་ཕྱིར་ཐབས་དང་བཅས་པའི་བསླབ་པ་ལ་སློབ་པ་ནི་སེམས་དཔའ་ཆེན་པོ་ཞེས་བྱའོ། །སྐབས་འདིར་ཡང་བསླབ་པ་དེ་ལྟ་བུ་ལ་སོགས་པ་བཤད་པ་ལ་དགོངས་ནས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཁྱད་པར་དུ་སྨོས། བསླབ་པ་བཞི་ཞེས་པ་ནི་འོག་ནས་འབྱུང་བའི་དགེ་བ་བཅུའི་ཚུལ་ལ་འཇུག་པ་དང་། མི་དགེ་བ་བཅུ་ལས་ལྡོག་པའི་མཚན་ཉིད་ལ་བྱའོ། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཞེས་པ་ནི་ཤེས་རབ་ནི་ཆོས་ཐམས་ཅད་གཟོད་

མ་ནས་མ་སྐྱེས་པར་རྟོག་པའི་མཚན་ཉིད་ཡིན་ལ། ཐབས་ནི་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཤིང་དངོས་པོ་མེད་པར་རྟོག་ཀྱང་སྒྱུ་མ་ལྟ་བུའི་ཚུལ་དུ་ཐབས་ཀྱི་སྒོ་ནས་ཀུན་རྫོབ་ཏུ་བསླབ་པ་འདི་ལྟ་བུ་དང་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ལ་སོགས་པ་ཀུན་ཏུ་སྤྱད་

པ་ལ་བྱའོ། །ཡང་ན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཞེས་པ་ནི་མི་དགེ་བ་བཅུའི་དངོས་པོ་མི་སྤྱོད་པར་བྱ་བ་ལ་འཕགས་པ་ཉན་ཐོས་རྣམས་ལྟར་ཐབས་མེད་པ་མ་ཡིན་གྱི། ཤེས་རབ་གྱིས་དོན་ཆེན་པོ་མཐོང་ན་སེམས་ཅན་ལ་རྒྱུ་མེད་པར་བདག་ཉིད་སེམས་ཅན་ལ་

སྦྱིན་པས་ངན་སོང་དུ་འགྱུར་བ་ལས་ཁས་བླངས་ཏེ་སྤྱོད་པར་མི་བྱ་བའི་དངོས་པོ་སྤྱོད་པ་ལ་ཡང་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བསླབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེ་ཚོམ་དང་ཡིད་གཉིས་མ་མཆིས་ཤིང་འཁོར་བ་ན་འཁོར་

བའི་ཚེ་ཉམས་པར་མི་འགྱུར་བ་བཤད་དུ་གསོལ་ཞེས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བཤད་ཟིན་ཏོ། །ཐེ་ཚོམ་དང་ཡིད་གཉིས་མ་མཆིས་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་བཤད་པའི་ལུང་མ་ཡིན་ནོ་སྙམ་པའི་ཡིད་གཉིས་མེད་པ་དང་ཡིན་ནམ་མ་

Vol. 70 · folio 87a

ཡིན་གཏོལ་མེད་པའི་ཐེ་ཚོམ་མི་སྐྱེ་བའི་བྱང་ཆུབ་སེམས་དཔའ་དེ་རྣམས་བསླབ་པ་དེ་དང་ལྡན་པས་འཁོར་ན་འཁོར་ཀྱང་ངན་སོང་ལ་སོགས་པར་ལྟུང་ཞིང་ཉོན་མོངས་པར་མི་འགྱུར་བ་དེ་བཤད་དུ་གསོལ་ཞེས་པའོ། །དེ་བཞིན་གཤེགས་པའི་སྤྱན་གྱིས་ཆོས་

དབྱིངས་ཐམས་ཅད་ལ་གཟིགས་ནས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྤྱན་ནི་སངས་རྒྱས་ཀྱི་ཡེ་ཤེས་ལ་བྱ་ལ། ཆོས་ཀྱི་དབྱིངས་ནི་སེམས་ཅན་གྱི་ཁམས་ལ་བྱ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་དེས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་འདི་རྣམས་ལས་གང་ནི་

སྡུག་བསྔལ་ལ་སུ་ཞིག་བདེ་བ་དང་ལྡན་ཞེས་གཟིགས་པའམ། སེམས་ཅན་འདི་རྣམས་ལས་དགེ་བ་དང་ཉེས་པར་སྤྱོད་པའི་རྒྱུ་གང་དང་གང་གིས་བདེ་བ་དང་སྡུག་བསྔལ་འདི་ལྟ་བུར་འགྱུར་སྙམ་དུ་གཟིགས་པའོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚུལ་ལ་མཁས་པ་

བསྟན་པ་གང་ལ་གནས་ན་ཞེས་པ་ལ་བྱང་ཆུབ་སེམས་དཔའི་སྤྱད་པ་ནི་སྐབས་འདིར་ཐབས་དང་བཅས་པའི་བསླབ་པ་ལ་བྱ་ལ། ཚུལ་ནི་ཐོབ་པ་ལ་བྱ་བ་སྟེ་བསླབ་པ་འདིས་ཇི་ལྟར་འདོད་པའི་དོན་ཐོབ་པར་བྱེད་པའི་ཕྱིར་རོ། །མཁས་པ་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ།

ཉན་ཐོས་ལྟར་མ་ཡིན་པ་གོང་དུ་བཤད་པའི་ཚུལ་ལྟ་བུར་བསླབ་པས་སོ། །གང་ལ་གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་རྟོག་པར་ཁོར་དུ་ཆུད་པར་འགྱུར་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཚུལ་ལ་མཁས་པའི་ཐབས་དང་ཤེས་

རབ་ཀྱིས་ཡོངས་སུ་ཟིན་པའི་བསླབ་པ་དེ་ལ་རབ་ཏུ་གནས་ན་དེ་བསླབ་པ་ལ་ཞུགས་པ་ཞེས་བྱ་སྟེ། དེ་ལ་བསླབ་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་ལ་རབ་ཏུ་ཞུགས་པར་འགྱུར་བ་དེ་ཉོན་ཅིག་ཅེས་པའོ། །གསང་བ་པའི་བདག་

པོ་དེ་ལ་བྱང་ཆུབ་སེམས་དཔས་སྲོག་གཅོད་པ་དང་ཞེས་པ་ནས་ལོག་པར་ལྟ་བ་ལས་སླར་བཟློག་པར་བྱའོ་ཞེས་པའི་བར་གྱིས་མི་དགེ་བ་བཅུ་ལས་ལྡོག་པར་བྱ་བའི་མིང་རྣམས་སྨོས་པ་ཡིན་ལ། དེ་དག་གི་བཤད་པ་ནི་འོག་ནས་འཆད་པར་འགྱུར་རོ། །གསང་བ་པའི་བདག་པོས་

Vol. 70 · folio 87b

གང་ལ་བསླབ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་སྤྱོད་པ་མཚུངས་པར་བསླབ་པར་འགྱུར་ལ་བྱང་ཆུབ་སེམས་དཔའི་བསླབ་པ་ནི་འདི་དག་ཡིན་ནོ་ཞེས་པ་ནི་གོང་དུ་སྨོས་པའི་བསླབ་པ་དེ་རྣམས་ལ་བསླབ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་

བསླབ་པ་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་སྟེ། དེ་བས་ན་བསླབ་པ་འདི་དག་ལ་བསླབ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྱད་པ་གཅིག་ལ་མཚུངས་པ་བསླབ་པར་ཤེས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་

བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས་ཐ་དད་དུ་བགྱི་བ་ནི་ཅི་ཞིག་མཆིས་ཞེས་པའི་བར་ནི་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་དང་འཇིག་རྟེན་པ་ཐམས་ཅད་ལ་ཡང་བསླབ་པ་འདི་བཤད་ན་དེ་ལ་ཁྱད་པར་ཅི་མཆིས་ཞེས་ཕྱག་ན་རྡོ་རྗེས་ཞུས་པ་སྟེ། འཇིག་

རྟེན་པ་མུ་སྟེགས་བྱེད་ཅེས་པ་ནི་འཇིག་རྟེན་པ་ཕལ་བས་མི་བྱ་བའི་བསླབ་པའི་དངོས་པོ་ལ་སོགས་པ་བསྟན་པ་འདི་ལ་འཇུག་པའི་སྒོ་བྱེད་པ་རྣམས་ལ་བྱའོ། །ཁྱད་པར་ནི་ཅི་ཞིག་མཆིས་ཞེས་པ་ནི་བསླབ་པ་དེའི་རང་བཞིན་གྱི་ཁྱད་པར་དྲིས་པས་སོ། །ཐ་དད་དུ་བགྱི་བ་ནི་ཅི་ཞིག་

མཆིས་ཞེས་པ་ནི་རྒྱུ་དྲིས་པ་སྟེ་འོག་ནས་འཆད་པ་དང་སྦྱར་རོ། །གསང་བ་པའི་བདག་པོ་དེའི་ཕྱིར་རབ་ཏུ་རྣམ་པར་དབྱེ་བའི་ཚུལ་དང་ཚུལ་གཅིག་ཏུ་བསྟན་པའི་ཆོས་ཀྱི་རྣམ་གྲངས་བསྟན་གྱིས་ཉོན་ཅིག་ཅེས་པ་ནི་རབ་ཏུ་རྣམ་པར་དབྱེ་བ་ནི་འཇིག་རྟེན་པ་དང་ཉན་ཐོས་དང་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་བསམ་པའི་ཚུལ་ནི་བྱེ་བྲག་འོག་ནས་བསྟན་པའི་ཚུལ་གྱིས་ཐ་དད་དོ། །ཚུལ་གཅིག་པ་ནི་དགེ་བ་བཅུའི་རང་བཞིན་དུ་མཚུངས་པར་བསྟན་པའི་ཕྱིར་རོ། །གསང་བ་པའི་བདག་པོ་དེ་ལ་ངས་གང་ཉན་ཐོས་རྣམས་ལ་བསླབ་པ་བསྟན་པ་གང་ཡིན་པ་དེ་ནི་

ཐབས་དང་ཤེས་རབ་ཏུ་མི་ལྡན་པ་བཀའ་སྒྲུབ་པར་བྱེད་པ་ཕྱོགས་གཅིག་ཤེས་པ་རྟོགས་པ་སྟེ། དེ་བས་ན་དེ་དག་དང་དགེ་བ་བཅུའི་ལས་ཀྱི་ལམ་དང་མཚུངས་པར་མི་འགྱུར་རོ་ཞེས་པ་ནི་འཕགས་པ་ཉན་ཐོས་རྣམས་སྟོན་པས་ཇི་སྐད་དུ་བསྟན་པའི་བཀའ་བཞིན་དུ་གྲུབ་པ་

Vol. 70 · folio 88a

ཡིན་གྱི། བྱང་ཆུབ་སེམས་དཔའ་ལྟར་རང་གི་ཤེས་རབ་ཀྱིས་ལུང་དང་རིགས་པར་སྦྱར་ཞིང་འཕྲལ་ལ་ཇི་ལྟར་རིག་པར་མི་བྱེད་ལ། ཐབས་དང་ཤེས་རབ་མེད་ཅིང་གང་ཟག་ལ་བདག་མེད་པར་རྟོགས་པའི་ཕྱོགས་གཅིག་པའི་ཤེས་པ་ལ་གནས་པས་མཚུངས་

པར་མི་འགྱུར་རོ་ཞེས་པའོ། །འཇིག་རྟེན་པ་རྣམས་ནི་བདག་གི་དངོས་པོ་ལ་མངོན་པར་ཞེན་པ་དང་གཞན་གྱི་རྐྱེན་གྱིས་འཇུག་གོ་ཞེས་པ་ནི་འཇིག་རྟེན་པ་རྣམས་ནི་སྐྱེ་བ་དང་འཇིག་པ་དང་བདེ་བ་དང་སྡུག་བསྔལ་བ་དང་བསླབ་པའི་དངོས་པོ་ལ་སོགས་པ་ཐམས་ཅད་བདག་ཅེས་པའི་

དངོས་པོ་དེས་བྱའོ་ཞེས་པ་དང་བདག་ཅེས་པ་དེ་གཞན་གྱི་རྐྱེན་གྱིས་བསླབ་པ་ལ་འཇུག་པ་སྟེ། བདག་གོ་སྙམ་པའི་དངོས་པོ་ལ་བརྟེན་པས་མཉམ་པར་མི་འགྱུར་རོ་ཞེས་པའོ། །ཐེག་པ་ཆེན་པོས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་

པར་བྱ་བའི་ཕྱིར་ཞེས་པ་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དུ་མཉམ་པ་ཉིད་ལ་ཞུགས་ཤིང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་རང་བཞིན་དུ་མཉམ་པ་ཉིད་ལ་ཞུགས་པའོ། །གཞན་གྱི་དྲིང་མི་འཇོག་ཅིང་ཞེས་པ་ནི་འཇིག་རྟེན་པ་བདག་ཏུ་རྟོག་པ་གཞན་གྱི་

རྐྱེན་གྱིས་འཇུག་པ་ལྟ་བུ་མ་ཡིན་ཞེས་པའོ། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཞེས་པ་ནི་གོང་དུ་བཤད་ཟིན་ཏོ། །བདག་དང་གཞན་གཉི་གའི་དོན་བྱེད་པ་ལ་འཇུག་གོ་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བསླབ་པ་དེ་ལྟ་བུ་ལ་བདག་ཀྱང་སྤྱོད་ལ་གཞན་

ཡང་བསྡུ་བ་རྣམ་པ་བཞིའི་སྒོ་ནས་བསྡུ་ཞིང་སྤྱོད་དུ་གཞུག་པ་ཞེས་པ་སྟེ། དེ་བས་ན་འཇིག་རྟེན་པ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དག་མཚུངས་པར་མི་འགྱུར་རོ་ཞེས་སྦྱར་རོ། །དེ་བས་ན་གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོས་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པར་ཆོས་ཐམས་ཅད་ལ་འཇུག་པའི་ཕྱིར་བརྩོན་པར་བྱའོ་ཞེས་པ་ནི་གོང་དུ་བཤད་པ་རྣམས་བསྡུས་པའི་ཚིག་སྟེ། འཇིག་རྟེན་པ་དང་ཉན་ཐོས་རྣམས་ཀྱི་བསླབ་པ་ཐབས་དང་ཤེས་རབ་མེད་པ་ལྟར་མ་ཡིན་པ་ཤེས་རབ་དང་ཐབས་སུ་ལྡན་པའི་

Vol. 70 · folio 88b

ཚུལ་ཇི་སྐད་བཤད་པ་དེ་ལྟ་བུས་ཆོས་ཐམས་ཅད་ལ་སྦྱར་བར་བྱའོ་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་སྤྱན་གྱིས་སེམས་ཅན་གྱི་ཁམས་རྣམས་ལ་གཟིགས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་ཞེས་པ་ནི་གོང་དུ་བྱང་

ཆུབ་སེམས་དཔའི་བསླབ་པ་མིང་ཙམ་དུ་སྨོས་པ་རྣམས་རེ་རེ་ནས་ཞིབ་ཏུ་བཤད་པའི་ཕྱིར་བཀའ་སྩལ་པ་སྟེ། བྱམས་པ་ནི་སེམས་ཅན་ཐམས་ཅད་བདེ་བ་ལ་དགོད་པའི་མཚན་ཉིད་ཡིན་ལ་ཐུགས་རྗེ་ནི་སྡུག་བསྔལ་ལས་བྲལ་བའི་མཚན་ཉིད་དོ། །བྱམས་པ་དང་ཐུགས་རྗེ་དེ་དག་ཉིད་

བཅོམ་ལྡན་འདས་ཀྱི་སྤྱན་དེ་བྱམས་པས་ནི་སེམས་ཅན་གྱི་ཁམས་རྣམས་ལས་སུ་ཞིག་བདེ་བ་ལ་གཞག་པར་འོས་པ་དང་ཐུགས་རྗེས་ནི་སུ་ཞིག་སྡུག་བསྔལ་དང་བྲལ་བར་འོས་པ་གཟིགས་པའི་ཕྱིར་རོ། །སྐབས་གཞན་དུ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ཞེས་སྨོས་

ལ། འདིར་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཞེས་སྨོས་པ་ནི་བསླབ་པ་འདི་དག་བྱང་ཆུབ་སེམས་དཔའ་སྤྱིའི་ཡིན་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔས་ཆེད་དུ་བསམས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བྱའོ་ཞེས་པ་ནི་འདུལ་བ་ལ་སོགས་པའི་གཞུང་ལས་ཇི་སྐད་དུ་

གྲགས་པ་རྣམ་པ་ལྔ་དང་ལྡན་པའི་མཚན་ཉིད་སྤང་བར་བྱ་སྟེ། དབྱུག་པ་ནི་སྤང་ཞིང་འཁོན་དུ་འཛིན་པ་སྤང་བར་བྱའོ། །དེས་བདག་ལ་ཇི་ལྟ་བ་བཞིན་དུ་གཞན་གྱི་སྲོག་ཀྱང་བསྲུང་བར་བྱའོ་ཞེས་པ་ནི་མཚོན་ཆ་འཆང་བ་དང་འཁོན་དུ་བཟུང་ནས་དགྲར་བྱེད་པ་ནི་སྲོག་གཅོད་པའི་

ཡན་ལག་ཡིན་པས་དེ་དག་སྤང་བ་ནི་སྤོང་བའི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་ལ་སོགས་པ་ལྷག་མ་རྣམས་ཀྱང་གཞུང་ལས་ཇི་སྐད་དུ་འབྱུང་བར་ཟད་དེ་སྐབས་སྐབས་ནས་སྤྱོད་པར་བྱ་བ་མ་ཡིན་པ་རྣམས་ལ་གནང་བ་ཡང་ཁྱིམ་

པའི་ཕྱོགས་སུ་གཏོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའི་རབ་ཏུ་བྱུང་བ་ནི་འདུལ་བའི་གཞུང་དང་འགལ་བས་མ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་ལས་འབྱུང་ངོ་། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་

Vol. 70 · folio 89a

འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནས། ཇི་ལྟར་ལྟུང་བར་མི་འགྱུར་བ་དེ་བཤད་དུ་གསོལ་ཞེས་པའི་བར་ནི་གོང་དུ་བཤད་པའི་དགེ་བ་བཅུའི་དངོས་པོ་རྣམས་རྩ་བ་ཉམས་པ་དང་མི་ཉམས་པར་འགྱུར་བའི་བྱེ་བྲག་དྲིས་པ་སྟེ། དེ་ལ་རབ་ཏུ་བྱུང་བ་རྣམས་ཀྱི་སྡོམ་པ་

ནི་སོ་སོ་ཐར་པའི་སྐབས་སུ་བཤད་པས་འདིར་མི་གླེང་ལ། སྐབས་འདིར་ཁྱིམ་ན་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱ་བས་དེ་ཡང་རྣམ་པ་གཉིས་ཏེ། ཁྱིམ་ལྔའི་སྡོམ་པ་བླངས་པ་དང་སྡོམ་པ་མ་མནོས་པར་ཡི་དམ་དུ་བསྲུང་བའོ། །དེ་ལ་དགེ་བ་བཅུའི་ལས་ཀྱི་ལམ་འདི་

རྣམས་ཀྱི་སྡོམ་པ་ཉམས་པ་དང་ཞེས་པ་ནི་ཁྲིམས་ལྔའི་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་སྡོམ་པ་ཇི་ཙམ་གྱིས་མེད་པར་འགྱུར་བ་དེ་བཤད་དུ་གསོལ་ཞེས་པའོ། །ཤིན་ཏུ་རྩ་ནས་ཆད་པར་འགྱུར་བ་ཞེས་པ་ནི་ཁྲིམས་ལྔ་མ་མནོས་པར་

བདག་ཉིད་ཀྱིས་ཡི་དམ་དུ་བསྲུང་བ་ཇི་ཙམ་གྱིས་མེད་པར་འགྱུར་བ་དེ་བཤད་དུ་གསོལ་ཞེས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྒྱལ་སྲིད་དབང་ཕྱུག་དང་ཁྱིམ་དང་ཆུང་མ་དང་བུ་དང་བུ་མོ་དང་ཉེ་དུ་དང་སྣག་གི་གཉེན་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་ལྷ་དང་མིའི་བདེ་བ་མྱོང་

བར་བགྱིད་ཀྱང་ལྟུང་བར་མི་འགྱུར་བ་དེ་བཤད་དུ་གསོལ་ཞེས་པ་ནི་གོང་མའི་ཚིག་ཉིད་རྒྱུ་མཚན་གྱིས་བཀྲོལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་ལ་བྱེ་བྲག་ཏུ་ཞུས་པ་སྟེ། ཁྱིམ་ན་གནས་པའི་བྱང་ཆུབ་སེམས་དཔའ་བུ་སྨད་དང་འཁོར་གྱིས་བསྐོར་ཞིང་ལྷ་དང་མིའི་ལོངས་

སྤྱོད་ལ་སྤྱོད་ཅིང་དབང་བྱེད་ཀྱང་དེ་རྣམས་ཀྱི་དབང་དུ་མི་འགྱུར་བས་ཐབས་མཁས་པས་དགེ་བ་བཅུའི་སྡོམ་པ་ལས་མི་ཉམས་ཞིང་ལྟུང་བར་མི་འགྱུར་བ་བཤད་དུ་གསོལ་ཞེས་ཞུས་པ་སྟེ། འོག་ནས་བཅོམ་ལྡན་འདས་ཀྱིས་སླར་གསུངས་པ་དང་སྦྱར་རོ། །དེ་ཡང་ཁྱིམ་ན་

གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པ་སྟེ། ཐབས་དང་ཐབས་མཚུངས་སྣ་ཚོགས་ཀྱིས། །རྒྱལ་སྲིད་ལ་ནི་དབང་བྱེད་དོ། །ཞེས་པ་ནས། བཟོའི་གནས་རྣམ་པ་སྣ་ཚོགས་སྟོན་ཅིང་ཞེས་པའི་བར་ནི་རབ་ཏུ་བྱུང་བ་ནི་ཚེ་འདི་ཉིད་ཀྱི་འབད་ཅིང་

Vol. 70 · folio 89b

རྩོལ་གྱི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་ནི་དུས་དང་ཡུལ་ཆད་པ་མེད་དེ་ཚེ་འདི་འབའ་ཞིག་གི་མ་ཡིན་གྱི་ཚེ་རབས་དུ་མར་རྟོག་ཅིང་རྩོལ་བ་དང་ཐབས་སྣ་ཚོགས་པ་དུ་མའི་སྒོ་ནས་སངས་རྒྱས་ཀྱི་ཞིང་ལ་སོགས་པའི་ཡུལ་གང་དུ་སྐྱེས་ཀྱང་རུང་བར་རྩོལ་བའོ། །དེ་བས་ན། འདི་ལྟར་

ཐབས་ཀྱིས་ཡོངས་སུ་ཟིན་པར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རོལ་མོ་ལ་སོགས་པ་དང་བཟོ་རྣམ་པ་མང་པོ་སྟོན་པ་ཡང་སེམས་ཅན་སོ་སོ་དང་རྗེས་སུ་མཐུན་པར་སྦྱར་ནས་བསྡུ་བ་རྣམ་པ་བཞིའི་སྒོ་ནས་བསྡུས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

གདོན་པའི་ཕྱིར་རོ། །དེ་ལ་སྲོག་གཅོད་པ་དང་ཞེས་པ་ནས་ལོག་པར་ལྟ་བ་རབ་ཏུ་སྤངས་པ་ཡིན་ཏེ་ཞེས་པའི་བར་ནི་བྱང་ཆུབ་སེམས་དཔའི་ཁྲིམས་ལྔ་པོའི་དངོས་པོ་སྨོས་པའོ། །བསླབ་པའི་གཞི་དེ་ལྔ་བཟུང་ནས། །ཞེས་པ་ནས་ཐབས་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་

ཅིང་ཞེས་པའི་བར་ནི་བསླབ་པ་དེ་རྣམས་ཀྱི་རྗེས་སུ་བསྔགས་པ་སྟེ། དེ་ལྟ་བུར་སློབ་པས་ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཉམས་པར་མི་བྱའོ་ཞེས་པ་དང་སྦྱར་རོ། །ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཇི་སྐད་སྨོས་པའི་བསླབ་པ་འདི་ལྔ་ལ་དད་པས་བསླབས་ན་སྔོན་གྱི་

དེ་བཞིན་གཤེགས་པའི་བསླབ་པ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པའི་བསླབ་པ་དང་རྗེས་སུ་མཐུན་པར་བསླབས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པས་ཀྱང་འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ནས་འདུས་བྱས་ཀྱི་

ཚུལ་ཁྲིམས་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ལ་བསླབས་ནས་བླ་ན་མེད་པ་བརྙེས་ཏེ། དེ་བས་ན་འདི་ལྟར་བསླབ་པ་ནི་དེ་དག་གི་རྗེས་སུ་སློབ་པ་ཞེས་བྱའོ། །འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ནས་ཞེས་པ་ནི་ཆོས་ཐམས་ཅད་གདོད་མ་ནས་མ་བྱུང་

ཞིང་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པ་ལ་གནས་ནས་ཞེས་པའོ། །འདུས་བྱས་ཀྱི་ཚུལ་ཁྲིམས་ཞེས་པ་ནི་སྲོག་གཅོད་པ་ལས་སླར་ལྡོག་པར་ལ་སོགས་པ་མིང་གིས་སྨོས་པ་རྣམས་སོ། །ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ཞེས་པ་ནི་སྔ་མ་བཞིན་ནོ། །

Vol. 70 · folio 90a

དེ་ལྟར་སློབ་མ་དེ་འོག་ནས་མིང་གིས་སྨོས་པའི་རྩ་བ་བཞི་པོ་འདི་སྲོག་གི་ཕྱིར་ཉམས་པར་མི་བྱ་སྟེ། བཞི་པོ་འདི་ཡང་སྔར་དམ་ཚིག་གི་སྐབས་སུ་བཤད་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་སླར་གསོར་མི་རུང་བའོ་ཞེས་པ་ནི། བཞི་པོ་འདི་དང་ལྡན་ན་བྱང་

ཆུབ་སེམས་དཔའ་ཞེས་ཀྱང་མི་བྱ་སྟེ། སྔར་གསོར་མི་རུང་བའོ་ཞེས་པའོ། །བཞི་པོ་དེ་ཐབས་དང་ཤེས་རབ་ཏུ་མི་ལྡན་པ་རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ། སླར་གསོར་མི་རུང་ཞེས་པ་དང་སྦྱར་ཏེ། ཐབས་དང་ཤེས་རབ་ཏུ་མི་ལྡན་པ་ཞེས་པ་ནི་བཞི་པོ་དེ་འཇིག་པར་བྱེད་

པའོ། །དེ་བས་ན། དེ་ཅིའི་ཕྱིར་ཞེ་ན། གང་དག་འདས་པའི་སངས་རྒྱས་དང་། །དེ་བཞིན་གང་དག་མ་བྱོན་དང་། །གང་ཡང་ད་ལྟའི་མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེས་ཐོབ་པོ། །ཞེས་གསུངས་

པ་ཡིན་ཏེ། དེ་བས་ན་བཞི་པོ་འདི་དང་ལྡན་ཞིང་ཐབས་དང་ཤེས་རབ་མེད་ན་བླ་ན་མེད་པའི་བྱང་ཆུབ་འདུས་མ་བྱས་པ་ཐོབ་པར་མི་འགྱུར་བས་སླར་གསོར་མི་རུང་བའོ་ཞེས་པའོ། །དེ་ལྟར་ཐབས་དང་ཤེས་རབ་ཏུ་མི་ལྡན་པས་སླར་གསོར་མི་རུང་ན་ཉན་ཐོས་རྣམས་ལ་ཐབས་དང་

ཤེས་རབ་ཏུ་མི་ལྡན་པའི་བསླབ་པ་དེ་ལྟ་བུ་ཇི་ལྟར་བཤད་ཅེ་ན། ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོའི་ཉན་ཐོས་རྣམས། །དེ་ལ་གཟུང་བའི་ཕྱིར་བཤད་དོ། །ཞེས་པ་སྟེ། ཉན་ཐོས་རྣམས་ལ་ངས་ཐབས་དང་ཤེས་རབ་ཏུ་མི་

ལྡན་པའི་བསླབ་པ་བསྟན་པ་ཡང་ངེས་པའི་དོན་དུ་བསྟན་པ་མ་ཡིན་གྱི། དེ་དག་གི་སྣོད་དང་སྦྱར་ཞིང་དྲང་བའི་ཕྱིར་རོ་ཞེས་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། བྱང་ཆུབ་སེམས་དཔའི་བསླབ་པ་

ཐབས་དང་ལྡན་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་གྱི་འཁོར་ལོ་འདིར་བྱིན་གྱིས་བརླབ་པ་ལས་སྔགས་བཟླས་པའི་སྐབས་ལ་ཐོག་མར་སྤྱིར་ཕྱི་དང་ནང་གི་བཟླས་པའི་ཡན་

Vol. 70 · folio 90b

ལག་བཞི་བསྟན་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་བཞིའི་སྐབས་སུ་ནང་གི་བཟླས་པའི་ཡན་ལག་བཞི་བསྟན་ཏོ། །དེའི་འོག་ཏུ་དཔའ་བོ་ཆེན་པོའི་སྙིང་པོའི་སྐབས་སུ་ནང་གི་བཟླས་པའི་ཡན་ལག་གསུམ་བསྟན་ཏེ། དེ་རྣམས་ཀྱང་བཟླས་པའི་གྲངས་དང་

དུས་ངེས་པའི་བསྙེན་པ་བྱ་བ་གསུངས་པ་ཡིན་ནོ། །ད་ནི་ཡི་གེ་བརྒྱ་པའི་སྐབས་འདིར་བཟླས་པའི་ཡན་ལག་གཅིག་དང་གྲངས་དང་དུས་མེད་པའི་བསྙེན་པ་མ་ཡིན་པར་ཀུན་དུ་སངས་རྒྱས་པའི་སྐུར་བསྒྲུབ་པ་གནས་ཡོངས་སུ་གྱུར་པའི་བར་དུ་བཟླས་པའི་མཚན་མ་འཆད་དོ། །

དེ་བས་ན་བཟླས་པ་དེ་རྣམས་ཀྱང་རགས་པ་དང་ཕྲ་བའི་རིམ་པས་བཤད་པར་ཤེས་པར་བྱ་སྟེ། དང་པོ་ཉིད་དུ་ཕྱི་དང་ནང་གི་བཟླས་པའི་ཡན་ལག་བཞི་པའི་ཕྱི་དང་ནང་གཉི་ག་ལ་དམིགས་པས་རགས་སོ། །དེའི་འོག་ཏུ་ནང་གི་བཟླས་པའི་ཡན་ལག་བཞི་ནི་ཕྱི་རོལ་དུ་སངས་རྒྱས་

ཀྱི་སྐུ་ལ་མི་དམིགས་པར་ནང་དུ་རང་གི་སྙིང་གར་དེ་བཞིན་གཤེགས་པའི་སྐུ་བསམས་ནས་ཟློས་པས་དེ་བས་ཕྲའོ། །དེའི་འོག་ཏུ་དཔའ་བོ་ཆེན་པོ་སྐབས་སུ་སྙིང་གར་དེ་བཞིན་གཤེགས་པའི་སྐུར་བསམས་པ་ཡང་གསལ་བཏབ་སྟེ། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་གང་

ཡང་རུང་བ་བསམས་ནས་ཡན་ལག་གསུམ་དུ་བྱས་ཏེ་ཟློས་ཏེ་དེ་བས་ཀྱང་ཕྲའོ། །ཡི་གེ་བརྒྱ་པའི་སྐབས་འདིར་ནི་བདག་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ནས་སྙིང་པོའི་སྒྲ་ཙམ་ལ་དམིགས་ནས་ཡན་ལག་གཅིག་པུར་བྱས་ཏེ་ཟློས་པས་གོང་མ་ཀུན་པས་ཕྲ་བར་རིག་

པར་བྱའོ། །དེ་ལ་ཡི་གེ་བརྒྱ་པོ་ཀུན་ཀྱང་ཀུན་དུ་སངས་རྒྱས་པ་ཡིན་ཡང་ཡི་གེ་ཨཾ་དུ་བྱིན་གྱིས་བརླབ་པ་སྟེ། དེ་ཡང་ཡི་གེ་བརྒྱ་པ་འབྱུང་བའི་རིམ་པར་ཕྱེ་བ་དང་། སྒྲའི་འབྲས་བུའི་སྦྱོར་བ་བསྟན་པའི་རིམ་པར་ཕྱེ་བ་དང་། ཡི་གེ་བརྒྱ་པ་རྣམ་པར་དགོད་པ་སྒྲུབ་པའི་རིམ་པར་

ཕྱེ་བ་དང་། བདག་ཉིད་བསྒྲུབ་པ་རིམ་པར་ཕྱེ་བ་དང་། རྫོགས་པར་བྱང་ཆུབ་པའི་ངོ་བོ་ཉིད་བསྟན་པའི་རིམ་པར་ཕྱེ་བ་སྟེ། རིམ་པར་ཕྱེ་བ་ལྔས་ཡི་གེ་བརྒྱ་པ་བཤད་པའི་ཡན་ལག་རྫོགས་པར་ཤེས་པར་བྱའོ། །དེ་ལ་འདིར་དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་

Vol. 70 · folio 91a

ཀྱིས་ཐབས་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ཏེ་ཞེས་པ་ལ་སོགས་པས་དང་པོར་ཡི་གེ་བརྒྱ་པ་འབྱུང་བའི་རིམ་པར་ཕྱེ་བ་བཤད་དེ། དེ་ལ་ཡི་གེ་བརྒྱ་པོ་ནི་ཨཾ་ཞེས་པ་ཉིད་ཀྱི་ནང་དུ་འདུས་པར་ཤེས་པར་བྱ་སྟེ། འདིར་ཀླད་ཀོར་ནི་ང་དང་ཉ་དང་ཎ་དང་མ་

རྣམས་ཀྱི་རང་བཞིན་ཏེ། ཀ་སྡེ་ནི་ངའི་རང་བཞིན་དུ་འདུས་སོ། །རྩའི་སྡེ་ནི་ཉའི་ནང་དུ་འདུས་སོ། །ཊའི་སྡེ་ནི་ཎའི་ནང་དུ་འདུས་སོ། །ཏའི་སྡེ་ནི་ནའི་ནང་དུ་འདུས་སོ། །པའི་སྡེ་ནི་མའི་ནང་དུ་འདུས་སོ། །དེ་ལྟར་ཡི་གེ་ཉི་ཤུ་དང་རྣམ་པར་ཤེས་པའི་རིམ་པར་ཕྱེ་བ་ལས་བཤད་པ་དང་

སྦྱར་བས་ཨ་ཡང་ཨཾ་ལ་འདུས་ལ། རྀ་རཱྀ་དང་ལྀ་ལཱྀ་ནི་ར་དང་ལ་དངོས་སོ། །ཡ་ནི་ཨི་ཨཱིའི་ནང་དུ་འདུས་ལ་བ་ནི་ཨུ་ཨཱུའི་ནང་དུ་འདུས་ཏེ། དེ་ལྟར་ཡ་ར་ལ་ཝ་རྣམས་ནི་དེར་འདུས་སོ། །ཨཾ་ལ་སོགས་པ་གང་དང་ལྡན་པས་ཡི་གེ་ཉི་ཤུ་ལྔ་པོ་རྣམས་བྱང་ཆུབ་དང་སྤྱོད་པ་དང་ཀུན་དུ་

སངས་རྒྱས་པ་དང་མྱ་ངན་ལས་འདས་པ་བཞི་པོ་ལ་ཡི་གེ་ཉི་ཤུ་རྩ་ལྔ་ལྔ་ལ་སྦྱར་ན་བརྒྱ་པར་འགྱུར་ཏེ། ཡི་གེ་དེ་རྣམས་གཅིག་ཏུ་བསྡུས་པ་ནི་ཨ་ཞེས་པ་སྟེ་ཨ་ནི་ཤེས་བྱ་དང་ཤེས་པ་གཉིས་ཀ་སྟོང་པའི་མཚན་ཉིད་ཡིན་ལ་ཀླད་ཀོར་ཡང་སྟོང་པའི་མཚན་ཉིད་དེ། ཨ་ཡི་གེ་ཨ་བཞི་

ཆར་ཡང་དེའི་ནང་དུ་འདུས་པས་ཨཾ་དེ་ཉིད་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་རང་བཞིན་ཡི་གེ་བརྒྱ་པ་ཞེས་བྱའོ། །ང་དང་ཉ་དང་ཎ་དང་ན་དང་མ་རྣམས་དང་ཤ་དང་ཥ་དང་ས་དང་ཧ་དང་ཨ་དང་ཨཾ་དང་ཨཱཿརྣམས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་དབང་པོ་ཡིན་པས་འདིར་ཡི་གེར་

མི་བགྲང་ངོ་། །ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ཏེ་ཞེས་པ་ནི་སྔར་བཤད་པ་བཞིན་ནོ། །བསྟན་པ་དོན་ཡོད་པར་གྲུབ་པར་བཞེངས་ནས་ཞེས་པ་ལ་བསྟན་པ་ཞེས་པ་ནི་གདུལ་བྱའི་འགྲོ་བ་རྣམས་ལ་བསླབ་པའི་ཕྱིར་བསྟན་པ་ཞེས་བྱས་ནས་མདོ་སྡེ་ལ་སོགས་

པ་ཐམས་ཅད་ལ་ཡོད་མོད་ཀྱི་སྐབས་འདིར་ནི་སྔགས་ཀྱི་བསྟན་པ་ལ་བྱ་སྟེ། དེ་ཡང་བཟླས་པའི་གྲངས་དང་དུས་ངེས་པར་བསྟན་ནས་བསྒྲུབ་པར་བྱ་བར་གོང་དུ་བཤད་པ་རྣམས་ནི། གསང་སྔགས་གྲངས་ནི་སུམ་འབུམ་དུ། །ཕལ་ཆེར་ངས་ནི་བཤད་པ་དག །ལུས་ཅན་སྡིག་དང་བྲལ་

Vol. 70 · folio 91b

བ་ཡི། །སྔགས་པ་རྣམ་པར་དག་པ་ལ། །བཟླས་བརྗོད་གྲངས་འདི་བསྟན་པ་སྟེ། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་འབྱུང་བས་སྔོན་དུ་གྲངས་དང་དུས་ངེས་པའི་བསྙེན་པ་བྱས་ཀྱང་རྒྱུ་མ་དག་པའི་སེམས་ཅན་རྣམས་ཀྱིས་མི་འགྲུབ་པ་ཡང་སྲིད་དེ། དེ་དག་ནི་གདོན་མི་ཟ་བ་

ཡིན་ལ། འདིར་ནི་གནས་ཡོངས་སུ་འགྱུར་བའི་མཚན་མ་འབྱུང་གི་བར་དུ་བཟླས་པར་གསུངས་པས་མཚན་མ་འབྱུང་བ་དེ་ཉིད་གྲུབ་པ་སྟེ། མཚན་མ་དེ་བྱུང་ནས་མི་འགྲུབ་པ་མི་སྲིད་པས་གདོན་མི་ཟ་བར་ཞེས་བྱ་སྟེ། བཅོམ་ལྡན་འདས་བསྟན་པ་དེ་གྲུབ་པར་བཞེངས་ནས་གསང་

སྔགས་ཐམས་ཅད་ཀྱི་དབང་ཕྱུག་གསང་སྔགས་ཀྱི་མགོན་པོ་གཟི་བརྗིད་ཀྱི་རྒྱལ་པོ་གསུངས་སོ་ཞེས་སྦྱར་རོ། །གསང་སྔགས་ཐམས་ཅད་ཀྱི་དབང་ཕྱུག་གསང་སྔགས་ཀྱི་མགོན་པོ་གཟི་བརྗིད་ཀྱི་རྒྱལ་པོ་ཆེན་པོ་ཞེས་པ་ཡང་ཀུན་དུ་སངས་རྒྱས་པའི་རང་བཞིན་དུ་ཨཾ་

ཞེས་པ་དེ་ཉིད་ལ་བྱེ་བྲག་ཏུ་བྱ་ལ། དེའི་རང་བཞིན་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རྟོགས་པའི་མཚན་ཉིད་དང་ལུང་གི་མཚན་ཉིད་དོན་དམ་པ་དང་ཀུན་རྫོབ་ཀྱི་མཚན་ཉིད་གཉིས་ཏེ། དེ་ལྟར་རྣམ་པ་གསུམ་མོ། །དེ་ལ་རྟོགས་པ་དོན་དམ་པའི་རང་བཞིན་ནི་ཡི་

གེ་ཨ་ཞེས་པ་དང་དེ་ལ་སོགས་པའི་སྔགས་ཀྱི་ཡི་གེ་རྣམས་སོ། །དེ་ལ་གསང་སྔགས་ཐམས་ཅད་ཀྱི་དབང་ཕྱུག་ཅེས་པ་ལ་གསང་སྔགས་ཐམས་ཅད་ཅེས་པ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རང་བཞིན་རྣམ་པར་ཐར་པའི་ཡེ་ཤེས་ཕྱོགས་

གཅིག་པ་ཆོས་ཐམས་ཅད་ཞི་བ་དང་བྲལ་བའོ་ཞེས་པ་ལ་སོགས་པ་དང་། ཀུན་རྫོབ་དེ་དག་ཉིད་ཀྱི་སྐུར་སྣང་བ་དང་ལུང་གི་ཆོས་སུ་ཡི་གེ་ཨཾ་ལ་སོགས་པ་ནི་སྔགས་ཐམས་ཅད་དོ། །དེ་དག་གི་དབང་ཕྱུག་གི་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་ཡི་གེ་བརྒྱ་པ་སྟེ།

ཕྱོགས་གཅིག་པ་རྣམས་ཀྱང་དེར་ཀུན་དུ་འདུས་ལ། ཀུན་རྫོབ་ཏུ་ཡང་བཅོམ་ལྡན་འདས་ཀྱི་སྐུ་ལས་སྔགས་ཀྱི་གཟུགས་ཕལ་ཆེ་བ་འབྱུང་ཞིང་ལུང་གི་ཆོས་ཀྱང་ཨཾ་ལ་སོགས་པ་ནི་ཡི་གེ་ཐམས་ཅད་འབྱུང་བ་སྟེ། ཀུན་རྫོབ་དང་དོན་དམ་པ་ཀུན་དུ་ཡང་གསང་སྔགས་ཐམས་

Vol. 70 · folio 92a

ཅད་དེར་གཏོགས་ཤིང་དེའི་དབང་གིས་འགྱུར་བས་ན་ཨཾ་དེ་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་ཡང་སྔགས་ཕལ་མོ་ཆེ་ལས་ཡོན་ཏན་ཐམས་ཅད་ཀྱིས་འཕགས་པའི་ཕྱིར་རོ། །གཟི་

བརྗིད་ཅེས་པ་ནི་མཐུ་ཕུན་སུམ་ཚོགས་པ་བསྟན་པ་སྟེ། མཐུ་ཆེན་པོ་དང་ཞེས་པའོ། །གསང་སྔགས་ཀྱི་མགོན་པོ་ཞེས་པ་ནི་སྐྱབས་ཞེས་པའི་དོན་ཏེ་གོང་དུ་བཤད་པའི་ཚུལ་གྱིས་གསང་སྔགས་ཐམས་ཅད་དེ་ལས་བྱུང་ཞིང་དེར་འདུ་བའི་ཕྱིར་རོ། །དེ་ལྟ་བུའི་སྙིང་པོ་འཇམ་པའི་

གསུང་གིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་ཞེས་པ་དང་སྦྱར་ཏེ། ཕྱག་ན་རྡོ་རྗེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དམ་ཚིག་གསུམ་ལ་གནས་པ་ལ། །ལམ་གསུམ་ཡོངས་སུ་རྫོགས་པར་བྱེད། །ཅེས་གསུངས་ཏེ། དམ་ཚིག་གསུམ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་

དང་ཐུགས་མི་ཟད་པའི་རྡོ་རྗེའི་རྒྱན་ལ་བྱ་སྟེ། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ས་བཅུ་ཡོངས་སུ་རྫོགས་པ་རྣམས་ཡེ་ཤེས་ཆེན་པོ་དང་ལྡན་པའི་དབང་བསྐུར་བ་ན་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་བཏང་བའི་བྱིན་གྱི་རླབས་ཀྱིས་སྐུ་མི་ཟད་པ་ལ་སོགས་

པའི་རྡོ་རྗེའི་རྒྱན་གསུམ་པོ་དེ་དག་མཐོང་ཞིང་ཞུགས་པས་དམ་ཚིག་གསུམ་ལ་གནས་པ་ཞེས་པའོ། །ལམ་གསུམ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པ་ནི་དམ་ཚིག་གསུམ་ཐོབ་པར་བྱེད་པས་ལམ་སྟེ། དེ་ཕྱག་ན་རྡོ་རྗེས་རྫོགས་པར་བྱེད་པའོ། །གསང་སྔགས་མགོན་

ནི་སྔ་མ་བཞིན་ནོ། །དེའི་ཚེ་ཡེ་ཤེས་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་པ་ནི་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་ཞུགས་ནས་ཀུན་དུ་སངས་རྒྱས་པའི་ཡེ་ཤེས་དམ་པ་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་མ་སྐྱེས་པར་མཁྱེན་པའི་རང་བཞིན་གྱི་

ཡི་གེ་ཆད་པས་ཏིང་ངེ་འཛིན་གྱི་མིང་ཡང་ཡེ་ཤེས་དམ་པ་ཞེས་བྱའོ། །དེ་བས་ན་ཡེ་ཤེས་སྣ་ཚོགས་འབྱུང་བ་ཞེས་བྱ་བ་ལ་སོགས་པས་ཡི་གེ་ཨཾ་དེའི་ཁྱད་པར་གསུངས་པ་ཡིན་ཏེ། ཡེ་ཤེས་སྣ་ཚོགས་ནི་རྟོགས་པའི་ཆོས་དང་ལུང་གི་ཆོས་སྣ་ཚོགས་པ་ཀུན་རྫོབ་དང་དོན་

Vol. 70 · folio 92b

དམ་པའི་ཚུལ་གཉི་ག་མཁྱེན་པ་ལ་བྱ་སྟེ། ཡི་གེ་ཨཾ་ཞེས་པ་འདི་ལས་དེ་ལྟ་བུའི་ཡེ་ཤེས་དེ་འབྱུང་བ་ལ་བྱའོ། །འོད་ཟེར་བརྒྱ་འཕྲོ་བ་ཞེས་པ་ནི་དོན་དམ་པར་དེ་བཞིན་ཉིད་ཀྱི་ཡེ་ཤེས་རྒྱ་མཚོ་དང་འདྲ་བ་དེ་ལས་ཡེ་ཤེས་ཕྱོགས་གཅིག་པའི་སྔགས་གཞན་རྣམས་འབྱུང་བ་དང་། ཀུན་རྫོབ་

ཏུ་དེ་བཞིན་གཤེགས་པའི་སྐུ་ལས་སྔགས་ཀྱི་སྐུ་མང་པོ་འབྱུང་བས་ཁམས་གསུམ་དུ་ཁྱབ་པ་དང་། ལུང་གི་ཆོས་སུ་ཡང་ཡི་གེ་ཨཾ་ལས་གོང་དུ་བཤད་པའི་ཚུལ་གྱིས་ཡི་གེ་བརྒྱ་རྣམས་འབྱུང་ཞིང་སྔགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ལག་ན་རྡོ་རྗེ་འདི་གསང་སྔགས་

ཐམས་ཅད་ཀྱི་མགོན་པོ་གཟི་བརྗིད་ཆེན་པོ་སྟེ་ཞེས་པ་ནི་གོང་དུ་བཤད་པའི་ཚུལ་བཞིན་ནོ། །འདི་ནི་བདག་ཉིད་རྫོགས་སངས་རྒྱས། །ཞེས་པ་ནི་ཡི་གེ་ཨཾ་ཞེས་པ་འདི་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་རང་

བཞིན་ཉིད་ཡིན་ནོ་ཞེས་པའོ། །ཆོས་ཀུན་དབང་ཕྱུག་ཅེས་པ་ནི་ལུང་གི་ཆོས་དང་རྟོགས་པའི་ཆོས་ཀུན་མཁྱེན་པས་ཆོས་ཀུན་དབང་ཕྱུག་ཅེས་པའོ། །ཐུབ་པ་ཡིན་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་ཐུབ་པའི་མཚན་ཉིད་དེ་ཤཱཀྱ་ཐུབ་པ་ཉིད་ལ་བྱའོ། །མི་ཤེས་མུན་

ནག་ཀུན་འཇོམས་པ། །ཉི་མ་ཤར་བ་བཞིན་དུ་སྣང་། །ཞེས་པ་ནི་རྟོགས་པའི་ཆོས་དང་ལུང་གི་ཆོས་གཉིས་ཀ་ལ་སྒྲིབ་པ་སྤང་སྟེ་ཇི་ལྟར་མུན་པ་ན་འདུག་པའི་རྫས་རྣམས་དངོས་པོ་གང་ཡིན་མི་ཤེས་པ་ལས་ཉི་མ་ཤར་བ་ན་རྫས་དག་གསལ་བར་མཐོང་བ་བཞིན་དུ། ཐམས་

ཅད་མཁྱེན་པའི་ཡེ་ཤེས་དེས་ཀྱང་མ་རིག་པའི་མུན་པ་བསལ་ཀྱང་ཀུན་རྫོབ་དང་དོན་དམ་པའི་དངོས་པོ་རྣམས་གསལ་བར་མཁྱེན་པ་སྟེ། དེས་ནི་སྤོང་བ་ཕུན་སུམ་ཚོགས་པ་བསྟན་ལ། །ཚིག་གོང་མས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །ཐུབ་པ་ཆེན་པོ་བདག་

ཉིད་ཀྱིས། །འདི་ལྟ་བུར་བྱིན་གྱིས་བརླབས་ཏེ། །ཞེས་པ་ནི་ཀུན་དུ་སངས་རྒྱས་པ་སྟོང་པ་ཉིད་ཀྱི་རང་བཞིན་དེ་ཉིད་ཤཱཀྱ་ཐུབ་པའི་སྐུར་བྱིན་གྱིས་བརླབས་ཏེ་ཤེས་པའོ། །དེ་ལྟར་བྱིན་གྱིས་བརླབས་ནས་ཀྱང་ཅི་ཞིག་མཛད་ཅེ་ན། སེམས་ཅན་རྣམས་ལ་ཕན་བཞེད་

Vol. 70 · folio 93a

ཕྱིར། །སྤྲུལ་པ་རྣམས་ནི་སྤྲུལ་པར་མཛད། །ཅེས་བྱ་བ་གསུངས་ཏེ། ཤཱཀྱ་ཐུབ་པའི་སྐུར་བྱིན་གྱིས་བརླབས་ནས། སེམས་ཅན་རྣམས་ཀྱི་དོན་དུ་རྣམ་པར་སྤྲུལ་པ་སྣ་ཚོགས་པ་རྣམ་པར་སྤྲུལ་ཞེས་པའོ། །རྣམ་པར་སྤྲུལ་པ་དེ་ཡང་དེ་སྙེད་ཅིག་སྤྲུལ་ཞེ་ན། འདི་ནི་

སེམས་ཅན་རྣམ་དག་གིས། །སེམས་པ་འབྱུང་བ་ཇི་སྙེད་པ། །དེ་རྙེད་ཀྱི་ནི་སྤྲུལ་པ་ཡིས། །གོ་འཕང་དམ་པ་མཛད་པར་འགྱུར། །ཞེས་གསུངས་ཏེ། སེམས་ཀྱི་འཇུག་པ་ཇི་སྙེད་པ་དང་ཇི་ཙམ་འདོད་པ་དེ་སྙེད་ཀྱི་སྐུ་རྣམ་པར་སྤྲུལ་པར་བྱེད་ཅེས་པའོ། །དེ་ནི་སྟོང་པ་ཉིད་ལས་

ལྡང་བར་བསྟན་པ་སྟེ། དེ་བས་ན་སྔར་དོན་དམ་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ནས་ཕྱིས་ཀུན་རྫོབ་ཏུ་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་བ་ལ་སོགས་པའི་སྤྱོད་པ་རྣམས་བྱའོ་ཞེས་དགོངས་སོ། །དེ་བས་རྣམ་པ་ཐམས་ཅད་དུ། །རྫོགས་སངས་རྒྱས་ཀྱིས་ཐབས་འདོད་

པས། །ནང་གི་བདག་ཉིད་རྣམ་དག་པས། །རྟག་ཏུ་མངོན་པར་བརྩོན་པར་བྱ། །ཞེས་པ་ནི་མཇུག་བསྡུ་བའི་ཚིག་སྟེ། ཀུན་དུ་སངས་རྒྱས་པའི་རང་བཞིན་དེ་ལྟ་བུ་ཡིན་པས་ན་གང་ཀུན་དུ་སངས་རྒྱས་པའི་སྐུ་ཐོབ་པར་འདོད་པས་ཀུན་དུ་སངས་རྒྱས་པའི་སྐུའི་ཡི་གེ་བརྒྱ་པའི་རང་བཞིན་

དུ་བསྒོམ་པ་ལ་བརྩོན་པར་བྱའོ་ཞེས་པ་སྟེ། དེ་བས་རྣམ་པ་ཐམས་ཅད་དུ། །ཞེས་པ་ནི་ལུས་དང་ངག་དང་ཡིད་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་ཞེས་པའོ། །རྟག་ཏུ་ནི་དུས་ཐམས་ཅད་དུའོ། །ནང་གི་བདག་ཉིད་རྣམ་དག་པས། །ཞེས་པ་ནི་སེམས་གཙོ་བོར་བཤད་པ་སྟེ། བདག་

གི་ལུས་བཅོམ་ལྡན་འདས་ཀྱི་སྐུར་བསྒྱུར་བ་ཙམ་གྱིས་ཆོག་པ་མ་ཡིན་གྱི། ནང་སེམས་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པས་ནན་ཏན་ལ་མངོན་པར་བརྩོན་པར་བྱའོ་ཞེས་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས།

ཡི་གེ་བརྒྱ་འབྱུང་བ་བསྟན་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།ཡི་གེ་བརྒྱ་པའི་རང་བཞིན་གསུམ་ལས་དོན་དམ་པ་དེ་བཞིན་ཉིད་ཀྱི་ཡེ་ཤེས་རྟོགས་པའི་རང་བཞིན་དང་། ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་རང་བཞིན་དག་ནི་ཡི་གེ་ཨཾ་གི་དོན་དུ་བལྟ་བར་བྱའོ། །

Vol. 70 · folio 93b

ཡི་གེ་ཨཾ་ནི་ཚིག་གི་རང་བཞིན་དུ་བལྟ་སྟེ། དེ་ལ་ཀུན་དུ་སངས་རྒྱས་པའི་རང་བཞིན་གྱི་ཡི་གེ་ཨཾ་འདི་ནི་བཅོམ་ལྡན་འདས་གསུང་གི་རྒྱན་སྣ་ཚོགས་སུ་འབྱུང་བ་སྡུད་པའི་སྒོར་འགྱུར་ཏེ། དེ་ཡང་འདིར་དོན་དང་དམ་ཚིག་གི་བྱེ་བྲག་གིས་རང་བཞིན་གསུམ་དུ་དབྱེ་མོད་ཀྱི། སངས་རྒྱས་

ཀྱི་བྱ་བ་བྱེད་པའི་སྒོར་ནི་ཐ་མི་དད་དེ། དེ་དག་གི་བྱ་བའི་ལས་ཀྱང་གཟུགས་དང་སེམས་ཀྱིས་བྱེད་ལ། གཟུགས་ཀྱི་བྱ་བའི་ལས་ཀྱང་ངག་དང་སེམས་ཀྱིས་བྱེད་ཅིང་། སེམས་ཀྱི་བྱ་བའི་ལས་ཀྱང་ལུས་དང་ངག་གིས་བྱེད་དོ། །དེ་བས་ན་སྐབས་འདིར་ཡི་གེ་བརྒྱ་པའི་འབྲས་

བུའི་སྦྱོར་བས་ཀུན་དུ་སངས་རྒྱས་པའི་གསུང་མི་ཟད་པ་དེ་སྟོན་ཏེ། དེ་ལས་ཀུན་དུ་སངས་རྒྱས་པའི་ཡི་གེའི་འབྲས་བུ་ནི་སེམས་ཅན་ཡོངས་སུ་སྨིན་པ་དང་མ་སྨིན་པ་རྣམས་ཡོངས་སུ་གྲོལ་བ་དང་སྨིན་པར་བྱེད་དེ། དེ་ཡང་དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་

བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་ཞེས་པ་ལ་སོགས་པའོ། །དེ་ལ་གསང་བ་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་ཞེས་པ་ནས་དམ་ཚིག་གསུམ་གྱི་ལམ་ལ་གནས་པར་གཟིགས་སོ་ཞེས་པའི་བར་ནི་ཀུན་དུ་བཟང་པོ་ལ་སོགས་པའི་

བྱང་ཆུབ་སེམས་དཔའ་ས་བཅུ་ཡོངས་སུ་རྫོགས་པ་རྣམས་རང་རང་གི་མཐུ་དང་སྤྱོད་ཡུལ་གྱི་རྫུ་འཕྲུལ་སྣ་ཚོགས་དང་སངས་རྒྱས་ཀྱི་ཞིང་རྣམས་སྣ་ཚོགས་བརྒྱན་པའི་མཐུས་མགུ་ཞིང་འཁོད་པ་ལ་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་སྐུའི་མཛོད་སྤུ་ལས་བཀོད་

པའི་འོད་ཟེར་བྱུང་བས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་གཙུག་ཏུ་ཕོག་སྟེ། འོད་ཟེར་དེའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པར་དབང་བསྐུར་བ་དང་ལྡན་པའི་ས་ཐོབ་པར་གྱུར་ཏེ། དེའི་ཚེ་བྱང་ཆུབ་སེམས་

དཔའ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྡོ་རྗེའི་རྒྱན་དམ་ཚིག་གསུམ་གྱི་རང་བཞིན་རྟོགས་ཤིང་མངོན་དུ་འགྱུར་ཞེས་པའོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནི་ས་བཅུའི་གནས་ཡོངས་སུ་རྫོགས་ཤིང་དབང་བཅུའི་དབང་ཐོབ་པ་

Vol. 70 · folio 94a

ཆོས་རྣམས་སྒྱུ་མ་ལྟ་བུར་རྣམ་པ་ཐམས་ཅད་དུ་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཉིད་ལ་སངས་རྒྱས་ཞེས་བྱའོ། །ཡེ་ཤེས་ཆེན་པོ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བྱ་སྟེ་ཡེ་ཤེས་དེ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་མངོན་པར་ཤེས་པར་བྱ་བའི་

ཕྱིར་འོད་ཟེར་གྱི་དབང་བསྐུར་བ་ལས་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པར་དབང་བསྐུར་བ་ཞེས་བྱའོ། །ཡང་ན་ཡེ་ཤེས་ཆེན་པོ་ཡང་དེ་ཡིན་ལ། མངོན་པར་ཤེས་པ་ཡང་དེ་ཡིན་པས་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པ་སྟེ། ཡེ་ཤེས་ཆེན་པོ་སྔ་མ་བཞིན་དུ་ཆོས་ཐམས་ཅད་སྟོང་པར་

རྟོགས་པ་སྟེ་དོན་དམ་པའོ། །མངོན་པར་ཤེས་པ་དྲུག་ནི། མངོན་པར་ཤེས་པ་སྟེ་ཀུན་རྫོབ་ཀྱི་ཡེ་ཤེས་སོ། །དེ་ལྟར་དོན་དམ་པ་དང་ཀུན་རྫོབ་ཀྱི་ཡེ་ཤེས་དེ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་བ་ནི་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པར་དབང་བསྐུར་བ་

ཞེས་བྱ་སྟེ། དབང་བསྐུར་བ་དེ་དང་ལྡན་པ་ནི་དབང་བསྐུར་བ་དང་ལྡན་པའི་ས་ཐོབ་པར་གྱུར་པ་ཞེས་པ་ནི་སེམས་ཀྱི་ཁྱད་པར་ཉིད་ལ་བྱའོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅེས་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་ཉིད་ལ་བྱའོ། །དམ་ཚིག་གསུམ་ཞེས་པ་ནི་བཅོམ་ལྡན་

འདས་ཀྱི་སྐུ་དང་གསུང་དང་ཐུགས་མི་ཟད་པའི་རྡོ་རྗེའི་རྒྱན་གྱིས་ཁམས་གསུམ་ཐམས་ཅད་དུ་ཁྱབ་པ་ལ་བྱ་སྟེ། དམ་ཚིག་གི་དོན་ནི་སྐབས་འདིར་ཀུན་དུ་རྟོག་པའམ་ཐོབ་པ་ལ་བྱ་སྟེ། སྐུ་མི་ཟད་པའི་རྒྱན་ལ་སོགས་པ་ཁམས་གསུམ་དུ་ཁྱབ་པར་འབྱུང་བ་དེ་ནི་བྱང་ཆུབ་སེམས་

དཔའ་དེ་རྣམས་ཀྱིས་དེའི་ཚེ་མཐོང་ཞིང་ཡེ་ཤེས་ཀྱིས་རྟོགས་པའི་ཕྱིར་རོ། །ལམ་ཞེས་པ་ནི་དམ་ཚིག་དེ་དག་རྟོགས་པའི་ཕྱིར་ཞུགས་པ་ལ་བྱའོ། །བདག་ཉིད་གནས་པར་གཟིགས་སོ་ཞེས་སྦྱར་ཏེ་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་དམ་ཚིག་གསུམ་གྱི་རང་བཞིན་དེ་དག་བྱང་

ཆུབ་སེམས་དཔའ་དེ་རྣམས་ཀྱི་ཡང་སྤྱོད་ཡུལ་དུ་གྱུར་ཏེ། མཐོང་ཞིང་རྟོགས་པར་བདག་ཉིད་ཀྱིས་གཟིགས་སོ་ཞེས་པའོ། །གསང་བ་པའི་བདག་པོ་དེའི་ཚེ་ཡང་བཅོམ་ལྡན་འདས་ཞེས་པ་ནས། སངས་རྒྱས་ཀྱི་མཛད་པ་ཉེ་བར་བསྟན་ཏོ་ཞེས་པའི་བར་ནི་ས་བཅུ་ལ་གནས་

Vol. 70 · folio 94b

པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་མཛད་པ་དམ་ཚིག་གསུམ་པོ་དེ་རྣམས་ལ་ཞུགས་པར་གྱུར་པ་དེའི་ཚེ་ན་སངས་རྒྱས་ཀྱི་གསུང་སྣ་ཚོགས་སྡུད་པའི་སྒོར་གྱུར་པ་ཡི་གེ་བརྒྱ་པའི་རང་བཞིན་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པ་དེ་གཟུངས་ཀྱི་ཚུལ་དུ་གྱུར་ནས་སངས་རྒྱས་ཀྱི་

མིང་ཅན་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྟོན་པ་སྟེ། བཅོམ་ལྡན་འདས་ཞེས་པ་ནི་ཀུན་དུ་སངས་རྒྱས་པ་ཉིད་ལ་བྱའོ། །ཡེ་ཤེས་ཆེན་པོ་མངོན་པར་ཤེས་པར་དབང་བསྐུར་བ་དང་ལྡན་པ་ཞེས་པ་ནི་ཀུན་དུ་སངས་རྒྱས་པ་དེ་ཉིད་ཀྱི་བྱེ་བྲག་སྟེ། ཡེ་ཤེས་

ཆེན་པོ་ནི་སྔ་མ་བཞིན་ནོ། །མངོན་པར་ཤེས་པ་ཞེས་པ་ནི་ཡེ་ཤེས་ཆེན་པོ་དེ་མངོན་པར་རྟོགས་པ་ཞེས་པའོ། །དབང་བསྐུར་བ་དང་ལྡན་པ་ཞེས་པ་ནི་ཡེ་ཤེས་ཆེན་པོ་མངོན་པར་རྟོགས་པའི་ཆེད་དུ་དབང་བསྐུར་བ་དང་ལྡན་པ་ཞེས་པའོ། །གཟུངས་ཀྱི་ཚུལ་ཞེས་པ་ལ་དོན་གྱི་གཟུངས་

དང་ཚིག་གི་གཟུངས་ཏེ་རྣམ་པར་མི་རྟོག་པ་ལ་འཇུག་པའི་དབང་དང་གཟུངས་ལ་སོགས་པའོ། །བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པ་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པ་དབང་བསྐུར་བ་དང་ལྡན་པ་ཉིད་གཟུངས་གྱུར་ནས་སངས་རྒྱས་ཀྱི་མཛད་པ་སེམས་ཅན་ཡོངས་སུ་སྨིན་

པ་དང་གྲོལ་བར་གྱུར་པའི་ཐབས་སྣ་ཚོགས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་སྟོན་ཏེ། དེ་བས་ན་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྟོན་ཏོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཚེ། སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ནས། དམ་ཚིག་གསུམ་གྱི་ལམ་སྟོན་པར་ཉེ་བར་གནས་པར་

འགྱུར་རོ་ཞེས་པ་ནི་དེ་ལྟར་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་དེ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཞེས་བྱ་བ་དེ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་སྟོན་པ་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱང་རང་གི་དམ་ཚིག་གསུམ་གྱི་རང་བཞིན་ཇི་ལྟར་མཐོང་ཞིང་རྟོགས་པ་དེ་སངས་

རྒྱས་ཀྱི་མཛད་པའི་ཚུལ་དེས་དམ་ཚིག་གསུམ་པོ་དེ་རྣམས་ཀྱི་ལམ་སྟོན་པ་ལ་ཞུགས་སོ་ཞེས་པ་སྟེ། དེ་ལ་དེ་ཉིད་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅེས་པ་ནི་གོང་དུ་སྨོས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཉིད་ལ་བྱའོ། །སེམས་ཅན་ཐམས་ཅད་ལ་ཞེས་པ་

Vol. 70 · folio 95a

ནི་ཡོངས་སུ་དག་པ་དང་མ་དག་པའི་སེམས་ཅན་ཇི་ལྟར་སྣོད་དུ་གྱུར་པ་རྣམས་ལའོ། །སངས་རྒྱས་ཀྱི་མཛད་པ་ཞེས་པ་ནི་སྔ་མ་བཞིན་ནོ། །དམ་ཚིག་གསུམ་གྱི་ལམ་ཞེས་པ་ནི་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་ལ་སོགས་པ་ཐོབ་པར་གྱུར་པའི་ལམ་མོ། །སྟོན་པར་ཉེ་བར་

གནས་པར་འགྱུར་རོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་ཇི་ལྟར་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་དམ་ཚིག་གསུམ་ཐོབ་པར་བྱེད་པའི་ལམ་དེ་བསྟན་པས་སེམས་ཅན་དེ་རྣམས་ཀྱི་སྐུ་མི་ཟད་པ་ལ་སོགས་པའི་རྒྱན་དམ་ཚིག་གསུམ་གྱི་རང་བཞིན་དེ་ཐོབ་པར་འགྱུར་

བའི་ཕྱིར་རོ། །གསང་བ་པའི་བདག་པོ་ངའི་གསུང་གི་འཁོར་ལོ་ཞེས་པ་ནས། བྱུང་བ་ཡིན་ནོ་ཞེས་བྱ་བར་རབ་ཏུ་མི་ཤེས་པ་ལ་ལྟོས་ཞེས་པའི་བར་ནི་དེ་བཞིན་གཤེགས་པའི་གསུང་གི་འཁོར་ལོ་སངས་རྒྱས་ཀྱི་དབྱངས་སྣ་ཚོགས་ལས་ཤཱཀྱ་ཐུབ་པའི་སྐུར་སྤྲུལ་ཏེ་འཇིག་

རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་ཡོངས་སུ་སྨིན་པ་དང་མ་སྨིན་པའི་སེམས་ཅན་ཇི་ལྟར་སྣོད་དུ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཕྲིན་ལས་མཛད་པར་འགྱུར་བ་བཤད་པ་སྟེ། གསང་བ་པའི་བདག་པོ་ངའི་གསུང་གི་འཁོར་ལོ་ཞེས་པ་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་

གསུང་རྣམ་པ་སྣ་ཚོགས་སུ་འབྱུང་བ་སེམས་ཅན་རྣམས་ཀྱི་རྒྱུད་དུ་འགྲོ་བས་ན་འཁོར་ལོ་ཞེས་བྱ་སྟེ། དཀྱིལ་འཁོར་སྤྲུལ་པ་རྒྱ་ཆེན་པོ་ཞེས་པ་ནི་གསུང་གི་འཁོར་ལོ་དེ་ལས་ཤཱཀྱ་ཐུབ་པའི་སྤྲུལ་པ་དེ་དག་གིས་འཇིག་རྟེན་གྱི་ཁམས་ནམ་མཁའི་དབྱིངས་མ་ལུས་པ་དེ་སྙེད་དུ་ཁྱབ་

པར་སངས་རྒྱས་གྱི་མཛད་པ་སྟོན་པས་ན་རྒྱ་ཆེན་པོ་ཞེས་བྱའོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པར་ཞེས་པ་ནི་ཆོས་ཀྱི་དབྱིངས་སོ་སོར་རྣམ་པར་རིག་པར་བྱེད་པ་ཞེས་པ་དང་སྦྲེལ་ཏེ་སྤྲུལ་པའི་སྐུ་དེས་ཆོས་ཀྱི་དབྱིངས་ཀྱི་ཚིག་དང་དོན་རྣམས་འཇིག་རྟེན་གྱི་

ཁམས་སུ་ཁྱབ་པར་སེམས་ཅན་ཐམས་ཅད་ལ་སྟོན་ལ། དེ་ཡང་རྣམ་པར་དག་པའི་སྒོ་ཤ་སྟག་སྟེ། རྣམ་པར་དག་པའི་སྒོ་ཞེས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་འཇུག་པའི་ཐབས་ཞེས་བྱའོ། །སེམས་ཅན་ཐམས་ཅད་རེ་བ་ཇི་ལྟ་བ་བཞིན་དུ་མགུ་བར་བྱེད་པ་ཆོས་ཀྱི་

Vol. 70 · folio 95b

དབྱིངས་སོ་སོར་རྣམ་པར་རིག་པར་བྱེད་པའི་སྒོ་ཞེས་པ་ནི་དེ་ལྟར་ཆོས་ཐམས་ཅད་སྟོན་པ་དེ་ཡང་སེམས་ཅན་སོ་སོའི་དད་པ་དང་རྗེས་སུ་མཐུན་པ་སྟེ། སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་ཀྱི་ཆོས་སྟོན། །དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་བརྒྱ་བྱིན་དང་ཚངས་པ་ལ་

སོགས་པས་སོ་སོའི་དད་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་སྔོན་དུ་སྟོན་ཏེ། དེ་ཡང་ཆོས་ཀྱི་དབྱིངས་སུ་འཇུག་པའི་ཐབས་ཤ་སྟག་གོ། །ད་ལྟ་འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་གྱི་ཁམས་ནམ་མཁའི་ཁམས་གྱིས་ཀླས་པ་མ་ལུས་པར་ཞེས་པ་ནི་དེ་ལྟ་བུའི་

ཆོས་སྟོན་པ་ཡང་ཤཱཀྱ་ཐུབ་པའི་སྐུ་གཅིག་གམ་གཉིས་ཤིག་གིས་མ་ཡིན་གྱི། ནམ་མཁའི་ཁམས་ཀྱིས་ཀླས་པ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་མ་ལུས་པར་ཁྱབ་པའི་ཤཱཀྱ་ཐུབ་པའི་སྐུས་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བསམས་པ་བཞིན་དུ་མགུ་བར་བྱེད་པའི་

ཆོས་ཀྱི་དབྱིངས་རབ་ཏུ་སྟོན་ཞེས་པའོ། །དེ་བས་ན་སངས་རྒྱས་ཀྱི་བྱ་བ་བྱེད་པ་ལ་ཞུགས་ཞེས་གསུངས་པ་སྟེ། ཤཱཀྱ་ཐུབ་པའི་སྐུ་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་དེ་སྙེད་དུ་དེ་ལྟར་སྣོད་དུ་གྱུར་པའི་སེམས་ཅན་མ་སྨིན་པ་ནི་ཡོངས་སུ་སྨིན་པར་བྱེད་པ་སྨིན་པ་རྣམས་གྲོལ་བར་བྱེད་

པའི་སངས་རྒྱས་ཀྱི་བྱ་བ་ལ་རབ་ཏུ་ཞུགས་ཞེས་པའོ། །སངས་རྒྱས་ཀྱི་བྱ་བ་བྱེད་པ་ཤཱཀྱ་ཐུབ་པའི་སྐུ་དེ་རྣམས་སངས་རྒྱས་ཀྱི་གསུང་རྣམ་པར་བཀོད་པའི་རྒྱན་གྱི་སྙིང་པོ་ལས་བྱུང་བ་སྟེ། བཅོམ་ལྡན་འདས་ཀྱི་གསུང་གི་འཁོར་ལོས་སྤྲུལ་པའི་སངས་རྒྱས་ཀྱི་གཟུགས་ཡིན་

པར་ནི་སེམས་ཅན་རྣམས་ཀྱིས་མི་ཤེས་ཀྱི། ཤཱཀྱའི་རིགས་ཀྱི་རྒྱལ་པོ་ཟས་གཙང་མའི་ལུས་ལས་འདི་ལྟར་གྱུར་ཏོ་ཞེས་ཟིན་ཏོ། །དེའི་ཕྱིར་གསང་བ་པའི་བདག་པོ་དེ་ལ་སེམས་ཅན་རྣམས་ཀྱིས་འདི་ནི་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །འོན་ཀྱང་བྱང་ཆུབ་སེམས་

དཔའ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱ་མཚོ་སྙེད་ཀྱི་སྒོར་ཞེས་པ་ལ་སོགས་པ་ནི་དེ་ལྟར་གསུང་གི་འཁོར་ལོ་ལས་སྤྲུལ་པའི་སྐུ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཤཱཀྱ་ཐུབ་པའི་སྐུ་རྣམས་བསྟན་ཀྱང་སེམས་ཅན་

Vol. 70 · folio 96a

རྣམས་ཀྱིས་སྤྲུལ་པ་དེ་དག་གི་འཁོར་ལོ་ལས་བྱུང་བར་མི་ཤེས་མོད་ཀྱི། །འོན་ཀྱང་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱ་མཚོ་སྙེད་ཀྱི་སྒོར་ཞེས་པ་ལ་སོགས་པ་ལ་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་བརྩོན་པ་བྱང་

ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་བྱུང་བ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ནས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཁམས་ཀྱི་རིགས་རྒྱ་མཚོ་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་ཅན་འདི་ངས་ཡོངས་སུ་བཟུང་བས་སངས་རྒྱས་ཀྱི་ཞིང་འདི་རྣམ་པ་

སྣ་ཚོགས་ཀྱིས་བརྒྱན་པར་བྱེད་ཅིང་བྱང་ཆུབ་ཀྱི་སྙིང་པོ་མངོན་པར་སྒྲུབ་པ་དང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་རང་བཞིན་མཐུ་འབའ་ཞིག་ཡིན་གྱི་དེའི་སངས་རྒྱས་ཀྱི་ཞིང་བརྒྱན་པར་བྱེད་པ་ལ་སོགས་པ་དེ་རྣམས་

བྱེད་དོ་ཞེས་པ་སྟེ། དེ་ལྟ་བུར་མཛད་པ་ཡང་ཤཱཀྱ་ཐུབ་པའི་སྐུ་ཉིད་ཀྱིས་ཡིན་མོད་ཀྱི། གདུལ་བའི་འགྲོ་བ་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་དེ་དག་གིས་ནི་ཤཱཀྱ་ཐུབ་པའི་སྐུ་ཡང་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་བར་འགྱུར་ཏེ། དེ་བས་ན་སྐབས་ཐ་མའི་འདི་ནི་ལོངས་

སྤྱོད་རྫོགས་པའི་སྐུས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་དོན་མཛད་པར་བསྟན་པར་ཤེས་པར་བྱ་སྟེ། དེ་དག་ནི་བསྡུས་པའི་དོན་ཏོ། །ཚིག་གི་དོན་ལ་འོན་ཀྱང་ཞེས་པ་ནི་དེ་བཞིན་གཤེགས་པའི་སྤྲུལ་པས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བ་སྟོན་པའི་ཤཱཀྱ་ཐུབ་

པའི་སྐུ་དེ་འཇིག་རྟེན་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྤྲུལ་པར་མི་ཤེས་མོད་ཀྱི། འོན་ཀྱང་ཤཱཀྱ་ཐུབ་པ་དེས་འོག་ནས་འབྱུང་བའི་དོན་དེ་རྣམས་ཀྱང་མཛད་དོ་ཞེས་པའི། །འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱ་མཚོ་སྙེད་ཀྱི་སྒོ་ནི་བྱང་ཆུབ་སེམས་དཔའ་བཤད་པ་

དེ་རྣམས་འབྱུང་བའི་གནས་ལ་བྱ་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དེ་དག་ཤེས་ཤིང་བརྟག་པར་དཀའ་བ་རྒྱ་མཚོ་དང་འདྲ་བའི་ཕྱིར་རྒྱ་མཚོ་ཞེས་བྱའོ། །སྒོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་གྱི་ཁམས་འདི་དག་ནས་འབྱུང་བའི་ཕྱིར་རོ། །

Vol. 70 · folio 96b

ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་བརྩོན་པ་ལ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་བྱུང་བ་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་བརྒྱན་པ་ལ་སོགས་པ་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་བྱེ་བྲག་སྟེ། ཆོས་ཀྱི་དབྱིངས་ནི་དེ་བཞིན་ཉིད་ཀྱི་

ཡེ་ཤེས་ལ་བྱ་ལ། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་བརྩོན་པ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་དེ་མངོན་པར་རྟོགས་པའི་ཕྱིར་བརྩོན་པ་ཞེས་པའོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་བྱུང་བ་ཞེས་པ་ནི་བྱང་ཆུབ་སེམས་

དཔའ་ཀུན་དུ་བཟང་པོའི་སྨོན་ལམ་ལས་སྐྱེས་པའོ། །འཇིག་རྟེན་གྱི་ཁམས་ཀྱི་རིགས་རྒྱ་མཚོའི་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་ཅན་འདི་ཞེས་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ལ་བྱ་སྟེ། མེ་ཏོག་གི་གཞི་ཞེས་པ་ནི་འཇིག་རྟེན་གྱི་ཁམས་དེ་མེ་ཏོག་གིས་བརྒྱན་པའོ། །

སྙིང་པོ་ཞེས་པ་ནི་འབྱུང་བའི་གནས་སོ། །རྒྱན་ཅན་ཞེས་པ་ནི་འཇིག་རྟེན་གྱི་ཁམས་མེ་ཏོག་གིས་བརྒྱན་པ་དེ་སེམས་ཅན་གང་དག་བསོད་ནམས་སྤྱད་པ་རྣམས་ཀྱི་རྒྱུད་ལ་བྱུང་བས་ན་བསོད་ནམས་ཀྱི་འབྲས་བུ་འཇིག་རྟེན་གྱི་ཁམས་དེ་ལྟ་བུར་སྐྱེ་བར་འགྱུར་ཏེ། སེམས་ཅན་དེ་དག་གིས་

བརྒྱན་ཞེས་པའོ། །རིགས་རྒྱ་མཚོ་ཞེས་པ་ནི་སངས་རྒྱས་ཀྱི་ཞིང་དེ་ཡང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྒྱ་མཚོའི་གྲངས་སྙེད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཞེས་པའོ། །ངས་ཡོངས་སུ་བཟུང་བས་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་མ་ཐུས་སོ་ཞེས་པ་སྟེ། སངས་

རྒྱས་ཀྱི་ཞིང་རྣམས་ནི་ཡོངས་སུ་སྦྱོང་ཞེས་པ་དང་སྦྱར་ཏེ། བསམ་པ་སྣ་ཚོགས་པ་རྣམ་པར་དག་པའི་སྒོ་རྣམས་ཀྱིས་ཞིང་རྣམས་ནི་ཡོངས་སུ་སྦྱོང་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་བསམ་པ་རྣམ་པར་དག་པ་སྣ་ཚོགས་པའི་སྒོ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་

ངོ་ཞེས་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱི་མཐུས་སྦྱོང་བས་ཡོངས་སུ་བཟུང་བས་ཞེས་པ་དང་སྦྱར་རོ། །བྱང་ཆུབ་ཀྱི་སྙིང་པོ་ནི་མངོན་པར་བསྒྲུབ་ཅེས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་འོག་མིན་གྱི་གནས་སུ་མངོན་པར་བྱང་ཆུབ་པའི་ས་དང་མིའི་གནས་སུ་བྱང་ཆུབ་ཆེན་པོར་མངོན་པར་

Vol. 70 · folio 97a

བྱང་ཆུབ་པའི་གནས་དག་ལ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་སྟེ། དེ་དག་བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱིས་ཡོངས་སུ་རྫོགས་པར་བྱེད་ཅེས་པའོ། །བྱང་ཆུབ་ཏུ་ནི་མངོན་པར་འཚང་རྒྱ་ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་བྱང་བའི་བྱང་ཆུབ་ནམ་མཁའི་

མཚན་ཉིད་ལྟ་བུ་མངོན་པར་རྟོགས་པར་བྱེད་ཅེས་པའོ། །ཆོས་ཀྱི་འཁོར་ལོ་ནི་བསྐོར་ཞེས་པ་ནི་གཞུང་ལས་ཇི་སྐད་དུ་གྲགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །སངས་རྒྱས་ཀྱི་མཛད་པ་ནི་བྱིན་གྱིས་རློབ་ཅིང་ཞེས་པ་ནི་སེམས་ཅན་ཡོངས་སུ་སྨིན་པ་དང་གྲོལ་བར་བྱེད་པའི་

མཚན་ཉིད་ཅན་གྱི་སངས་རྒྱས་ཀྱི་མཛད་པ་བྱིན་གྱིས་རློབ་ཅེས་པའོ། །དེའི་གོང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འདོད་པས་ཞེས་པ་ནི་དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་སོགས་པ་བྱས་ནས་ཀུན་དུ་སངས་རྒྱས་པའི་གོ་འཕང་དུ་འཕར་བར་བྱེད་པ་

སྟེ། དེའི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་མཚན་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་མངོན་པར་རྟོགས་ཏེ་དེ་ལྟར་མངོན་དུ་བྱེད་པ་ན་སེམས་ཚད་མེད་པ་ལ་སོགས་པ་འོག་ནས་འབྱུང་བའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བ་སྟེ། དེ་ཡང་། སེམས་ཅན་མེད་པའི་ཕྱིར་ཞེས་པ་ནས།

ཚད་མེད་པ་བཞི་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་པའི་བར་དུའོ། །དེ་ལ་སེམས་ཚད་མེད་པ་ནི་སེམས་ལ་རྣམ་པར་རྟོག་པ་ལ་སོགས་པ་རྣམ་པ་ཐམས་ཅད་དང་བྲལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་སེམས་ནམ་མཁའི་རང་བཞིན་ལྟ་བུར་འགྱུར་ཏེ། ནམ་མཁའ་ནི་སྟོང་པའི་མཚན་ཉིད་

ཅིས་ཀྱང་མ་གོས་ཤིང་ཐམས་ཅད་དུ་ཡང་མ་ཁྱབ་པ་མེད་པས་ཚད་གཟུང་དུ་མེད་པའོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱི་རང་བཞིན་གྱི་སེམས་དེས་ཐམས་ཅད་དུ་ཁྱབ་པར་འགྱུར་བས་སེམས་ཚད་མེད་པའོ། །ལུས་ཚད་མེད་པ་ཞེས་པ་ནི་དེ་ལྟར་སེམས་ཚད་མེད་པ་ཐོབ་པས་དེ་དག་གི་

ལུས་ཀྱང་སེམས་ཇི་སྙེད་པ་དེ་སྙེད་དུ་ལུས་ཀྱིས་ཁྱབ་པར་འགྱུར་ཏེ། དེ་བས་ན་ལུས་ཚད་མེད་པའོ། །ལུས་ཚད་མེད་པའི་ཕྱིར་ཡེ་ཤེས་ཚད་མེད་ཅེས་པ་ནི་དེ་ལྟར་ལུས་ཚད་མེད་པར་གྱུར་ན་ལུས་ཇི་སྙེད་པར་གྱུར་པ་དེ་དག་ཐམས་ཅད་ཡེ་ཤེས་བྱིན་གྱིས་བརླབས་པ་དང་བཅས་པར་

Vol. 70 · folio 97b

འགྱུར་ཏེ། ལུས་ཇི་སྙེད་པ་དེ་དག་གི་ཡེ་ཤེས་འབྱུང་བས་ན་ཡེ་ཤེས་ཚད་མེད་པ་ཞེས་བྱའོ། །ཡེ་ཤེས་ཚད་མེད་པའི་ཕྱིར་སེམས་ཅན་ཚད་མེད་ཅེས་པ་ནི་སྐུ་དང་ཡེ་ཤེས་དེ་དག་ཀྱང་སེམས་ཅན་ཇི་སྙེད་པ་དེ་སྙེད་དུ་འབྱུང་སྟེ། དེ་དག་ཚད་མེད་པས་སེམས་ཅན་ཚད་མེད་པའོ། །སེམས་

ཅན་ཚད་མེད་པའི་ཕྱིར་ནམ་མཁའི་ཁམས་ཚད་མེད་པ་རབ་ཏུ་འཐོབ་པོ་ཞེས་པ་ནི་ནམ་མཁའི་ཁམས་ཇི་སྙེད་པ་སེམས་ཅན་གྱི་ཁམས་ཀྱང་དེ་སྙེད་དེ་སེམས་ཅན་གྱི་ཁམས་ཚད་མེད་པར་རྟོགས་ན་ནམ་མཁའི་ཁམས་ཀྱང་ཚད་མེད་པར་རྟོགས་པར་འགྱུར་བ་རབ་ཏུ་ཐོབ་པར་རིག་པར་

བྱའོ། །གསང་བ་པའི་བདག་པོ་དེ་ལྟར་ན་སེམས་ཚད་མེད་པས་ཚད་མེད་པ་བཞི་ཐོབ་པར་འགྱུར་རོ་ཞེས་པ་ནི་ནམ་སེམས་ཅན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནམ་མཁའི་མཚན་ཉིད་ལྟ་བུར་གྱུར་པ་རབ་ཏུ་ཐོབ་ན་ལུས་དང་ཡེ་ཤེས་དང་སེམས་ཅན་དང་ནམ་མཁའི་ཁམས་ཀྱང་དེ་བཞིན་

ཉིད་དུ་འགྱུར་བ་ཐོབ་པོ་ཞེས་པའོ། །ཐོབ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་སྦྱར་ཏེ། དེ་ལྟར་དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་སེམས་ཅན་དང་ནམ་མཁའི་ཁམས་ཀྱང་དེ་བཞིན་ཉིད་དུ་འགྱུར་བ་ཐོབ་བོ་ཞེས་པའོ། །ཐོབ་ནས་ཀྱང་ཡང་དག་པར་རྫོགས་

པའི་སངས་རྒྱས་སུ་འགྱུར་རོ་ཞེས་སྦྱར་ཏེ། དེ་ལྟར་དེ་བཞིན་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་ན་དེ་མ་ཐག་ཏུ་ཀུན་དུ་སངས་རྒྱས་པ་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་པའོ། །སྟོབས་བཅུའི་སྟོབས་དང་ལྡན་པ་

བདུད་བཞི་ལས་རྒྱལ་བ་ཞེས་པ་ལ་སོགས་པ་ཞེས་པ་ནི་ཀུན་དུ་སངས་རྒྱས་པ་དེ་ཉིད་ཀྱི་བྱེ་བྲག་སྟེ་གཞུང་ལས་ཇི་སྐད་གྲགས་པའོ། །ཁྱུ་མཆོག་དང་སེང་གེའི་སྒྲ་སྒྲོགས་པ་ཞེས་པ་ནི་ཇི་ལྟར་སེང་གེའི་སྒྲས་བྱོལ་སོང་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར་པ་དེ་བཞིན་དུ་བཅོམ་ལྡན་

འདས་ཀུན་དུ་སངས་རྒྱས་པ་དེ་ཡང་འདུས་བྱས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་ཆོས་ཀྱི་སྒྲ་སྒྲོགས་པས་རྟག་པ་དང་བདེ་བ་ལ་སོགས་པར་ལྟ་བའི་མུ་སྟེགས་པ་རྣམས་ཟིལ་གྱིས་གནོན་པར་འགྱུར་བ་དང་། རྫོགས་སངས་རྒྱས་ཀྱིས་གསུངས་པ་

Vol. 70 · folio 98a

ཡི། །སྙིང་པོ་སྒོ་བརྒྱ་འདི་བསླབས་ནས། །གོ་འཕང་དམ་པ་འདི་དག་ཀུན། །དཔའ་བོ་དེ་དག་ཀུན་གྱིས་རྟོགས། །ཞེས་པ་ནི་གོང་དུ་སྨོས་པའི་ཡོན་ཏན་ཐམས་ཅད་བྱང་ཆུབ་སེམས་དཔའ་དཔའ་བོ་དེ་རྣམས་ཀྱིས་ཐོབ་ནས་ཀུན་དུ་སངས་རྒྱས་པའི་གོ་

འཕང་དམ་པ་དེར་འཚང་རྒྱའོ། །དེ་ལྟར་ཀུན་དུ་སངས་རྒྱས་པའི་གོ་འཕང་དམ་པ་དེར་འཚང་རྒྱ་བ་ཡང་ཀུན་དུ་སངས་རྒྱས་པའི་སྙིང་པོ་ཡི་གེ་བརྒྱ་པ་དེ་བཟླས་ཤིང་བསྒོམ་པ་ཐོབ་པར་འགྱུར་ཞེས་པའོ། །ཡི་གེ་བརྒྱ་པའི་འབྲས་བུའི་སྦྱོར་བ་རྣམ་པ་གསུམ་གྱི་བྱེ་བྲག་

བསྟན་པ་ཡང་རིམ་གྱིས་འཕར་བའི་ཚུལ་ཤེས་པར་བྱ་སྟེ། ས་བཅུ་གཅིག་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཞེས་བྱ་བ་དེ་དག་ས་བཅུ་གཅིག་པ་ལ་གནས་པ་ལས་བཅོམ་ལྡན་འདས་ཀྱི་འོད་ཀྱིས་བསྐུལ་ཏེ་དམ་ཚིག་གསུམ་གྱི་ལམ་ལ་ཞུགས་པ་ནས་ས་བཅུ་

གཅིག་པ་དེ་ལས་འཕར་ཏེ། ཡེ་ཤེས་ཆེན་པོ་མངོན་པར་ཤེས་པར་དབང་བསྐུར་བ་དང་ལྡན་པའི་ས་ལ་གནས་པར་ཤེས་པར་བྱའོ། །དེ་ནས་ཀུན་དུ་སངས་རྒྱས་ཀྱི་གཟུགས་སུ་གྱུར་ཅིང་སངས་རྒྱས་ཀྱི་མཛད་པ་བསྟན་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་

པས་སྤྱིར་སངས་རྒྱས་ཀྱི་མཛད་པ་སྟོན་པ་ན་བྱང་ཆུབ་སེམས་དཔའ་དེ་དག་ཀུན་དུ་བཟང་པོའི་ས་ལ་གནས་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་བྱུང་ཞིང་ལོངས་སྤྱོད་རྫོགས་པའི་སྐུས་བཏང་སྟེ་སངས་རྒྱས་ཀྱི་ཞིང་སྤྱོད་པ་ན་ཀུན་དུ་

སངས་རྒྱས་པའི་ས་མ་ཐོབ་ཀྱི་བར་དུ་ཀུན་དུ་བཟང་པོའི་ས་ལས་ནི་འཕར། ཀུན་དུ་སངས་རྒྱས་པའི་ས་ལ་ནི་འཇུག་པའི་སྟེགས་བུའི་ས་ལ་གནས་པར་ཤེས་པར་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་

པ་ལས། འབྲས་བུའི་སྦྱོར་བ་བསྟན་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།སྤྱིར་གདུལ་བའི་འགྲོ་བ་རྟོགས་པ་གཙོ་བོར་གྱུར་པ་ཡོངས་སུ་དག་པ་དང་ལུང་གི་ཆོས་ལ་གནས་པ་ཡོངས་སུ་མ་དག་པ་སྟེ་རྣམ་པ་གཉིས་སོ། །དེ་ལ་ཡི་གེ་བརྒྱ་པའི་འབྲས་བུ་སྦྱོར་བ་བསྟན་

Vol. 70 · folio 98b

པའི་རིམ་པར་ཕྱེ་བ་ནི་ཡོངས་སུ་དག་པའི་གདུལ་བའི་འགྲོ་བ་རྣམས་ཀྱི་དོན་མཛད་པ་བསྟན་པའོ། །རིམ་པར་ཕྱེ་བ་འདིར་ནི་ཡོངས་སུ་མ་དག་པའི་འགྲོ་བ་རྣམས་ཀྱི་དོན་མཛད་པ་བསྟན་པ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱི་རྒྱུ་དང་འབྲས་བུའི་ཡོན་ཏན་རྣམས་ཀུན་དུ་སངས་རྒྱས་

པའི་སྙིང་པོ་ཡི་གེ་བརྒྱ་པའི་མཚན་ཉིད་ཨཾ་ཞེས་པའི་གཟུགས་སུ་བྱིན་གྱིས་བརླབས་པའི་དེའི་འོག་ཏུ་འབྱུང་བའི་རིམ་པར་སྒྲུབ་པ་པོས་རང་གི་སྙིང་གར་བསམས་ཏེ་ཀུན་དུ་སངས་རྒྱས་པའི་སྐུར་བསྒྲུབ་པའི་ཕྱིར། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་

རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ། སྔགས་རྣམས་ཀྱི་ནི་སྔགས་འབྱུང་བའི། །སྔགས་ཀྱི་མགོན་པོ་འདི་བཤད་པ། །ངོ་མཚར་ཆེའོ་བཅོམ་ལྡན་འདས། །ཞེས་པ་ནི་ཡི་གེ་བརྒྱ་པའི་རང་བཞིན་གོང་དུ་བཤད་པ་དེ་ཡོན་ཏན་དང་མཐུ་ཆེ་

བས་ངོ་མཚར་ཆེའོ་ཞེས་པའོ། །སྔགས་ཀྱི་མགོན་པོ་ཞེས་པ་དང་སྔགས་འབྱུང་བ་ཞེས་པ་ཡང་སྙིང་པོ་དེ་ཉིད་ཀྱི་བྱེ་བྲག་སྟེ་སྔར་བཤད་པ་བཞིན་ནོ། །ཐུབ་པ་ཆེན་པོ་གནས་གང་དུ། །གང་གིས་ཇི་ལྟར་འཚལ་བར་བགྱི། །ཞེས་པ་ནི་ཡི་གེ་བརྒྱ་པ་རྣམ་པར་དགོད་པ་སྒྲུབ་པའི་རིམ་

པར་ཕྱེ་བ་ཞེས་པ་སྟེ། གང་གིས་ཞེས་པ་ནི་སྒྲུབ་པ་པོ་ཅི་འདྲ་བས་འཚལ་བར་བགྱི་ཞེས་པ། གང་དག་ཐེག་ཆེན་དཀྱིལ་འཁོར་ནི། །སྙིང་རྗེ་འབྱུང་བར་དབང་བསྐུར་ཞིང་། །ཞེས་པ་ལ་སོགས་པ་སྒྲུབ་པ་པོའི་མཚན་ཉིད་འོག་ནས་བཤད་པ་དང་སྦྱར་རོ། །ཇི་ལྟར་ཞེས་པ་ནི་

སྙིང་པོ་དེ་ཅི་འདྲ་བར་རིག་པར་བགྱི་ཞེས་པ་སྟེ། གསེར་གྱི་ཁ་དོག་འབར་དང་བཅས། །ཞེས་པ་ལ་སོགས་པ་དང་སྦྱར་རོ། །ཐུབ་པ་ཆེན་པོ་གནས་གང་དུ། །ཞེས་པ་ནི་སྙིང་པོ་དེ་གནས་གང་དུ་དགོད་པར་བགྱི་ཞེས་པ་སྟེ། དེ་ཡི་གནས་ནི་སྙིང་ག་སྟེ། །ཞེས་པ་དང་སྦྱར་

རོ། །དེ་ལས་སྔགས་རྣམས་འབྱུང་བ་ནི། །གང་གིས་ཇི་ལྟར་བདག་ལ་གསུངས། །ཞེས་པ་ནི་བདག་ཉིད་སྒྲུབ་པ་རིམ་པར་ཕྱེ་བ་བྲིས་པ་སྟེ། སྙིང་པོ་ཡི་གེ་བརྒྱ་པ་དེ་ལས་སྔགས་ཕལ་རྣམས་འབྱུང་ན་རྒྱུ་གང་དང་ཐབས་ཇི་ལྟ་བུས་འབྱུང་ཞེས་པ་སྟེ། འོད་ཟེར་སྐུ་ལས་

Vol. 70 · folio 99a

བྱུང་བ་རྣམས། །ཡན་ལག་གིས་ནི་ཡན་ལག་གནས། །ཞེས་པ་ལ་སོགས་པ་བདག་ཉིད་སྒྲུབ་པ་ལས་ཆད་པར་འགྱུར་བ་དང་སྦྱར་རོ། །མགོན་པོ་སྨྲ་བ་རྣམས་ཀྱི་མཆོག །འདི་ཀུན་བདག་ལ་བཤད་དུ་གསོལ། །ཞེས་པ་ནི་གོང་དུ་ཞུས་པ་དེ་རྣམས་བཀའ་སྩོལ་

ཅིག་ཅེས་པའོ། །སྨྲ་བ་རྣམས་ཀྱི་མཆོག་ཅེས་པ་ནི་སྟོང་པའི་ཚིག་སྟེ་སྨྲ་བ་རྣམས་ཀྱི་ནང་ན་དམ་པ་ཞེས་པའོ། །དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནི་གོང་དུ་ཞུས་པ་དེ་རྣམས་སླར་འཆད་པ་སྟེ། ཆོས་ཀྱི་དབང་ཕྱུག་ཐུབ་པ་ཆེ། །ཞེས་པ་ནི་བཅོམ་ལྡན་

འདས་ཀྱི་བྱེ་བྲག་སྟེ། ལུང་དང་རྟོགས་པའི་ཆོས་ལ་དབང་དུ་གྱུར་ཅིང་ལུས་དང་ངག་དང་ཡིད་གསུམ་ཐུབ་པའོ། །ཀུན་མཁྱེན་བཅོམ་ལྡན་སྣང་མཛད་ཀྱི། །དེ་ཚེ་འཇིག་རྟེན་ཁམས་ཀུན་དུ། །ཡོངས་སུ་ཁྱབ་པར་འགྱུར་བའི་ཚིག །འཇམ་དཔལ་གསུང་གིས་བཀའ་སྩལ་

པ། ཞེས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཐམས་ཅད་མཁྱེན་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཁྱབ་པའི་ཚིག་ཏུ་གསུངས་སོ་ཞེས་པ་ཚིག་དེ་ཡང་། སེམས་དཔའ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་པ་ལ་སོགས་པའོ། །རབ་ཏུ་གསང་ཞེས་པ་

ནི་སེམས་ལས་བྱུང་བའི་མཚན་ཉིད་ཤིན་ཏུ་ཕྲ་བ་ཞེས་པའོ། །ངོ་མཚར་ཆེན་པོ་ཞེས་པ་ནི་ཡིག་འབྲུ་སེམས་ཀྱིས་བསམས་པ་ལས་ཀུན་དུ་སངས་རྒྱས་པའི་སྐུ་ལ་སོགས་པར་འགྱུར་བས་ངོ་མཚར་ཆེ་ཞེས་པའོ། །སངས་རྒྱས་རྣམས་ཀྱི་གསང་བའི་མཆོག །ཅེས་པ་ནི་སྙིང་

པོ་དེའི་དོན་དམ་པ་དང་ཀུན་རྫོབ་ཀྱི་རང་བཞིན་སེམས་ཅན་རྟོག་གེ་བ་རྣམས་ཀྱི་རྗེས་སུ་དཔག་པའི་སོགས་པའི་སྒོ་ནས་བརྟགས་པས་མི་རྟོགས་པས། སངས་རྒྱས་རྣམས་ཀྱི་གསང་བའི་མཆོག །ཅེས་བྱ་སྟེ། དེ་བས་ན། རྟོག་གེ་ཀུན་གྱིས་མི་ཤེས་པ། །ཞེས་གསུངས་

སོ། །གང་དག་ཐེག་ཆེན་དཀྱིལ་འཁོར་ནི། །སྙིང་རྗེ་འབྱུང་བར་དབང་བསྐུར་ཞིང་། །ཞེས་པ་ནས། བདག་ཉིད་ཆེན་པོ་ཤེས་པར་འགྱུར། །ཞེས་པའི་བར་གྱིས་གང་གིས་འཚལ་བར་གྱུར་པ་ཞུས་པའི་ལན་བཤད་པ་སྟེ། ཐེག་པ་ཆེན་པོའི་དཀྱིལ་འཁོར་སྙིང་རྗེ་ཆེན་པོ་འབྱུང་

Vol. 70 · folio 99b

བ་ཞེས་བྱ་བ་དེར་དབང་བསྐུར་ཞིང་ཞི་གནས་དང་ལྷག་མཐོང་དང་ལྡན་པའི་སྒྲུབ་པ་པོས་སྙིང་པོ་འདི་ཤེས་པར་འགྱུར་ཞེས་པ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ནི། གང་དག་ཐེག་ཆེན་དཀྱིལ་འཁོར་ནི། །སྙིང་རྗེ་འབྱུང་བར་དབང་བསྐུར་ཞིང་། །ཞེས་པ་ནི་སྒྲུབ་པ་པོ་གང་ཇི་སྙེད་

ཆེན་པོ་འབྱུང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དེས་སྙིང་པོ་འདི་ཤེས་པར་འགྱུར་ཞེས་པ་སྟེ། ཐེག་པ་ཞེས་པ་ནི་འགྲོ་པའི་ཚིག་སྟེ། རང་བཞིན་གྱི་དཀྱིལ་འཁོར་སྐུ་ལ་སོགས་པ་མི་ཟད་པའི་མཚན་ཉིད་འདིར་འགྲོ་བའམ། གཟུགས་བརྙན་གྱི་དཀྱིལ་འཁོར་འདིའི་

སྒོ་ནས་འདིས་འགྲོ་བར་འགྱུར་བ་སྟེ། སྙིང་རྗེ་འབྱུང་བའི་དཀྱིལ་འཁོར་འདི་ལ་བྱའོ། །ཆེན་པོ་ཞེས་པའི་ཚིག་ནི་སྤྱིར་གསུངས་མོད་ཀྱི། འོན་ཀྱང་སྐབས་འདིར་ནི་ལུས་ཀྱི་དཀྱིལ་འཁོར་དང་ངག་གི་དཀྱིལ་འཁོར་གཉིས་ཀུན་རྫོབ་ཀྱི་མཚན་ཉིད་ཡིན་པས་ཆེན་པོ་ཞེས་

མི་བྱའི། སེམས་ཀྱི་དཀྱིལ་འཁོར་དོན་དམ་པའི་རང་བཞིན་ཡིན་པས་དེ་ལ་ཆེན་པོ་ཞེས་བྱ་སྟེ། མདོར་ན་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞེས་པའོ། །གསང་བའི་དཀྱིལ་འཁོར་དེར་དབང་བསྐུར་ན་སྔར་བཤད་པའི་ཚུལ་གྱིས་དམ་ཚིག་ལྔ་ཆར་དང་ལྡན་ཞིང་དབང་

གསུམ་ཆར་དང་ལྡན་པར་འགྱུར་ཏེ། དེ་ལྟར་དཀྱིལ་འཁོར་གསུམ་ཆར་ལ་རིམ་པ་བཞིན་དུ་བསླབས་པ་ཡོངས་སུ་རྫོགས་པའི་སྒྲུབ་པ་པོར་འགྱུར་བའི་ཕྱིར་རོ། །གང་དག་དྲང་ཞིང་མཉེན་པ་དང་། །ཞེས་པ་ནི་སྒྲུབ་པ་པོ་དེ་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་འབའ་ཞིག་

གིས་ཆོག་པ་མ་ཡིན་གྱི། སྐབས་འདིར་ནི་སྒྲུབ་པ་པོ་གོང་མ་དག་ལྟར་བཟླས་པ་ལས་བྱུང་བའི་སྒྲུབ་པའི་སྤྱོད་ཡུལ་ཅན་ཏེ། དྲང་ཞིང་ཞེས་པ་ནི་སེམས་ལ་གཡོ་དང་གྱ་གྱུར་མེད་པ་ཞེས་པའོ། །མཉེན་པ་ཞེས་པ་ནི་ཁེངས་པ་དང་ཞེ་སྡང་མེད་པ་སྟེ། གང་དག་དྲང་ཞིང་

མཉེན་པ་ནི་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པས་ཞི་གནས་དང་ལྡན་པར་བསྟན་པའོ། །རྟག་ཏུ་སྙིང་རྗེ་གང་ཆེ་དང་། །གང་དག་ནམ་ཡང་བྱང་ཆུབ་ལ། །དམིགས་པ་ཅན་དུ་མི་ལྟ་བ། །ཞེས་པ་ནི་ཤེས་རབ་མེད་པར་ཞི་གནས་འབའ་ཞིག་ཏུ་གྱུར་ན་དམིགས་པར་འགྱུར་ཏེ།

Vol. 70 · folio 100a

སྙིང་རྗེས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་བྱེད་ཅིང་དེ་བཞིན་ཉིད་ཀྱི་ཡེ་ཤེས་རང་བཞིན་བྱང་ཆུབ་ཀྱི་སེམས་དེས་དངོས་པོ་དམིགས་པར་བལྟ་ཞིང་སྟོང་བ་ཉིད་རྟོགས་པའི་ལྷག་མཐོང་དང་ལྡན་པར་གསུངས་པ་ཡིན་ཏེ། དེ་ལྟར་ལྷག་མཐོང་དང་ཞི་

གནས་དང་ལྡན་པ་དེ་དག་གི་སྙིང་པོ་བདག་ཉིད་ཆེན་པོ་འདི་ཤེས་པར་འགྱུར་རོ་ཞེས་པའོ། །འདྲེན་པ་གང་ན་བཞུགས་པ་ཡི། །ཞེས་པ་ནས། མཐུ་ཆེན་རྟག་ཏུ་གནས་པ་བཞུགས། །ཞེས་པའི་བར་ནི། མཐུ་ཆེན་པོ་གནས་གང་དུ། ཞེས་ཞུས་པའི་ལན་བཤད་པ་སྟེ། སྒྲུབ་པ་པོས་

དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་དུ་བསམས་ཏེ། ཕྱག་བྱས་ནས་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་དང་། དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ལ་སོགས་པ་བཞིན་དུ་བྱ་སྟེ། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་པ་

བསམས་ལ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་མེ་ལོང་ལྟ་བུར་གསལ་བར་བསམ་ཞིང་དེའི་དབུས་སུ་བཅོམ་ལྡན་འདས་ཡི་གེ་བརྒྱ་པ་ཨཾ་ཞེས་པ་བསམས་ཏེ། དེ་ཡང་མེ་ལོང་གི་ནང་ན་གཟུགས་བརྙན་སྣང་བ་བཞིན་དུ་དེ་ཉིད་དུ་ཞི་བར་བལྟ་སྟེ། དེ་ནི་གནས་པའི་བསྡུས་པའི་

དོན་ཏོ། །ཚིག་གི་དོན་ལ། འདྲེན་པ་གང་ན་བཞུགས་པ་ཡི། །དེ་ཡི་གནས་ནི་སྙིང་ག་སྟེ། །ཞེས་པ་ནི་འདྲེན་པ་དེའི་གནས་ནི་སྒྲུབ་པ་པོའི་སྙིང་གར་བྱའོ་ཞེས་པའོ། །པདྨ་ཡིད་ལས་བྱུང་བ་ནི། །འདབ་མ་བརྒྱད་པ་རབ་མཛེས་ལ། །ཞེས་པ་ནི་འདྲེན་པ་དེའི་གནས་སྙིང་ག་ཞེས་

བྱ་བ་དེ་ཡང་ཡིད་ཀྱིས་བསམ་པའི་པདྨ་འདབ་མ་བརྒྱད་པ་ཤིན་ཏུ་གསལ་ཞིང་དཀར་བ་སྙིང་གར་བསམས་ལ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེའི་དབུས་སུ་འདྲེན་པ་དེ་བསམ་ཞེས་པ་སྟེ་དེ་བས་ན། དཀྱིལ་འཁོར་ཟླ་བ་ལྟ་བུ་ནི། །ཞེས་གསུངས་པ་ཡིན་ནོ། །

དྲི་མེད་མེ་ལོང་འདྲ་བ་ལ། །ཞེས་པ་ནི་ཟླ་བ་ཡང་དཀར་མོད་ཀྱི་དྲི་མ་རབ་རིབ་ཀྱིས་མི་སྣང་བས་དེ་ལས་གསལ་བར་བསམ་པར་བྱ་བའི་ཕྱིར། མེ་ལོང་ལྟར་ཤིན་ཏུ་དྲི་མ་མེད་ཅིང་གཟུགས་བརྙན་འཆར་བ་ལ་སྙིང་པོ་དེ་བསམ་ཞེས་པའོ། །མཐུ་ཆེན་རྟག་ཏུ་གནས་པ་བཞུགས། །

Vol. 70 · folio 100b

ཞེས་པ་ནི་མེ་ལོང་ལ་སྙིང་པོ་དེ་རྟག་པར་གནས་ཤིང་བཞུགས་པར་བྱའོ་ཞེས་པ་སྟེ། རྟག་པར་གནས་ཞེས་པ་ནི་དོན་དམ་པའི་རང་བཞིན་དང་ཀུན་རྫོབ་ཀྱི་སྐུའི་རང་བཞིན་ལ་བསྟོད་པ་སྟེ། དོན་དམ་པའི་རང་བཞིན་དེ་བཞིན་ཉིད་ཀྱི་ཡེ་ཤེས་དེ་མི་འགྱུར་པར་ཡོངས་སུ་གྲུབ་པའི་ཚུལ་གྱིས་རྟག་

པར་གནས་པ་ཞེས་བྱ་ལ། ཀུན་རྫོབ་ཏུ་སྐུའི་རང་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པའི་རྒྱན་དེ་སྔོན་གྱི་ཤུགས་ཀྱིས་འཁོར་བའི་མཐའ་ཇི་སྲིད་པ་དེ་སྲིད་དུ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཚུལ་གྱིས་རྟག་པར་བཞུགས་

པའོ། །ཡང་ན་སྒྲུབ་པ་པོ་ཇི་སྲིད་ཏིང་ངེ་འཛིན་ལ་གནས་པ་དེ་སྲིད་དུ་སྙིང་པོ་དེ་ཡང་མི་གཡོ་བར་རྟག་པར་གནས་པར་བྱའོ། །དེ་ལ་གསང་སྔགས་མགོན་པོ་ནི། །ཞེས་དང་། གསེར་གྱི་ཁ་དོག་འབར་དང་བཅས། །སྡིག་དང་བྲལ་བའི་ཏིང་འཛིན་གནས། །ཉི་མ་བཞིན་དུ་

བརྟག་པར་དཀའ། །ཞེས་པ་ནི་ཇི་ལྟར་འཚལ་བར་བགྱི་ཞེས་ཞུས་པའི་ལན་བཤད་པ་སྟེ། གསེར་གྱི་ཁ་དོག་འབར་དང་བཅས། །ཞེས་པ་ནི་སྙིང་པོའི་ཁ་དོག་གསེར་འདྲ་བ་ལ་འོད་འཕྲོ་བ་དང་བཅས་པ་ཞེས་པའོ། །སྡིག་དང་བྲལ་བ་ཞེས་པ་ནི། འབྲས་བུའི་རང་བཞིན་ལ་བསྟོད་

པ་སྟེ། ཤེས་བྱ་དང་ཉོན་མོངས་པ་ལ་སོགས་པའི་སྡིག་པའི་རྟོག་པ་དང་བྲལ་ཞེས་པའོ། །ཏིང་འཛིན་གནས་ཞེས་པ་ནི་ཏིང་ངེ་འཛིན་གྱི་ཡི་གེའི་འབྲུ་དབྱི་བ་མི་སྲིད་དེ། དེ་བས་ན་སྒྲུབ་པའི་ཏིང་ངེ་འཛིན་དུ་འདུག་པ་ལ་སྙིང་པོ་དེ་གནས་ཞེས་བྱའོ། །ཉི་མ་བཞིན་དུ་བརྟག་པར་

དཀའ། །ཞེས་པ་གཟི་བརྗིད་དང་ལྡན་པར་བསམ་པར་གསུངས་པ་སྟེ། ཇི་ལྟར་ཉི་མ་འོད་ཟེར་གྱིས་བསྐོར་བ་ལ་མིག་མི་ཆགས་ཤིང་བལྟ་བར་མི་བཟོད་པ་བཞིན་སྙིང་པོ་འདི་ཡང་རང་ལས་འཕྲོས་པའི་འོད་ཀྱིས་བསྐོར་ཞིང་བལྟ་དཀའ་བར་བསམ་ཞེས་པ་སྟེ། དོན་ནི་མདོར་ན་

སྙིང་གར་མེ་ལོང་གི་དཀྱིལ་འཁོར་དེའི་དབུས་སུ་སྙིང་པོ་ཁ་དོག་གསེར་འདྲ་བ་དང་བཅས་ཏེ་འཕྲོས་པའི་འོད་ཀྱིས་སྒྲུབ་པ་པོའི་ལུས་ཁྱབ་པར་བསམ་ཞིང་འོད་འཕྲོ་བ་དེ་དག་ཉིད་འདུས་པ་ལས་རང་གི་ལུས་ཤིན་ཏུ་སངས་རྒྱས་བའི་སྐུར་གྱུར་པར་བསམས་ཏེ། དེ་ལྟར་གྱུར་པ་ན་

Vol. 70 · folio 101a

ཡང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྙིང་པོ་ཡང་སྔ་མ་བཞིན་དུ་སྙིང་ག་ན་གནས་པར་བསམ་ཞེས་པའོ། །དེ་བས་ན། དེ་ཡིས་འགྲོ་བ་འདི་དག་ཀུན། །ཕྱི་རོལ་དང་ནི་ནང་དུ་ཡང་། །ཀུན་དུ་ཁྱབ་པར་བྱིན་གྱིས་བརླབས། །ཞེས་གསུངས་པ་ཡིན་ཏེ། འགྲོ་

བ་འདི་དག་ཀུན་ཞེས་པ་ནི་སྒྲུབ་པ་པོའི་ཕུང་པོ་ལྔ་པོ་འདི་དག་ཀུན་སྙིང་པོ་འདིས་ཀུན་དུ་ཁྱབ་པར་བྱིན་གྱིས་བརླབས་ཞེས་པའོ། །དེ་ལ་ཕྱི་རོལ་གྱི་བྱིན་གྱིས་བརླབས་པ་ནི་ཕྱིའི་ལུས་ཀུན་དུ་སངས་རྒྱས་པའི་སྐུར་གྱུར་པའོ། །ནང་གི་བྱིན་གྱིས་བརླབས་པ་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་

ལ་གནས་པའོ། །ཡང་ན་འགྲོ་བ་འདི་དག་ཀུན། །ཞེས་པ་ནི་འཕགས་པ་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་པོ་ལ་སོགས་པ་སྔགས་ཀྱི་ལྷ་རྣམས་ལ་བྱ་སྟེ། དེ་དག་ཐབས་འདིས་ཀུན་དུ་ཁྱབ་པ་སྟེ། ཕྱིའི་གཟུགས་དེ་དག་གི་གཟུགས་སུ་བསྒྱུར་བ་དང་། ནང་གི་

ཡི་གེ་ཨ་ལ་སོགས་པ་ཟླ་བའི་དཀྱིལ་འཁོར་ལ་བསམ་པར་བྱ་བ་ཡང་སྙིང་པོ་འདིས་བྱིན་གྱིས་བརླབས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་རང་གི་ལུས་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་བ་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་སྙིང་པོ་དང་བཅས་པ་བསམས་ཤིང་བསྒོམས་ན་ཀུན་དུ་

སངས་རྒྱས་པའི་སྐུ་དང་ལྡན་པའི་རིག་པ་འཛིན་པར་འགྱུར་རོ། །དེ་ལྟར་ན་དེའི་ལུས་མཐོང་བ་དང་དེས་སྨྲས་པ་དང་བསམ་པའི་སེམས་ཅན་སྐལ་པ་དང་ལྡན་པ་རྣམས་ཇི་ལྟར་བསམ་པའི་དོན་རྣམས་འགྲུབ་པར་འགྱུར་རོ་ཞེས་འོག་ནས་འབྱུང་བ་དང་སྦྱར་རོ། །མེ་ལོང་ནང་དུ་ཤེས་པར་

བྱོས། །ཞེས་པ་ནས། བདག་གི་ལས་ཀྱིས་འབྱུང་བར་འགྱུར། །ཞེས་པའི་བར་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་ཡང་མེ་ལོང་ཉིད་དུ་ཤེས་པར་བྱའོ་ཞེས་པ་ནས་ཡི་གེ་བསམ་པ་དེ་ལས་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་བར་བྱ་བའི་ཐབས་བསྟན་པ་སྟེ། མེ་ལོང་ཡིད་དུ་

ཤེས་པར་བྱོས། །ཞེས་པ་ནི་སྙིང་གར་མེ་ལོང་བསམ་པ་དེ་ནི་མེ་ལོང་གི་དངོས་པོ་གཞན་མ་ཡིན་གྱི། རྣམ་པ་དང་བཅས་པའི་སེམས་ནི་ཡིད་ཅེས་བྱ་སྟེ། ཡིད་དེ་ཉིད་མེ་ལོང་གི་དཀྱིལ་འཁོར་གྱི་རྣམ་པར་འགྱུར་བར་ཤེས་པར་བྱོས་ཤིག་ཅེས་པའོ། །ཤེས་རབ་མིག་ཀྱང་དེ་

Vol. 70 · folio 101b

ཉིད་དེ། །ཞེས་པ་ནི་མེ་ལོང་གི་དཀྱིལ་འཁོར་དུ་གྱུར་པའི་སྐད་ཅིག་ཕྱི་མ་ལ་གསལ་བར་རྟོག་ཅིང་ཡོངས་སུ་དཔྱོད་པའི་ངང་ཚུལ་གྱིས་སེམས་འབྱུང་བ་ནི་ཤེས་རབ་ཅེས་བྱ་སྟེ། ཤེས་རབ་སྙིང་པོ་ལ་རྟོག་པས་ན་ཡིད་ཅེས་བྱའོ། །སྔགས་པ་ཤེས་རབ་མིག་གིས་སུ། །མེ་ལོང་

ལ་ནི་རྣམ་བལྟས་ན། །དེ་ནི་རང་གཟུགས་རྫོགས་སངས་རྒྱས། །མཚན་ཉིད་རབ་ཏུ་ཞི་བར་མཐོང་། །ཞེས་པ་ནི་སྐད་ཅིག་མ་ཕྱི་མའི་ཤེས་རབ་ཀྱི་སྙིང་པོ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་རྩེ་གཅིག་ཏུ་རྟོག་པའི་ཚེ་གོང་དུ་བཤད་པའི་ཚུལ་དུ་སྙིང་པོ་དེའི་འོད་འཕྲོས་ཏེ་འདུས་

པ་ལས་རང་གི་གཟུགས་ཀུན་དུ་སངས་རྒྱས་པའི་སྐུའི་མཚན་ཉིད་དུ་གྱུར་པར་མཐོང་བ་ཞེས་པའོ། །དེ་བས་ན། དེའི་ཚེ་ལུས་ལ་ལུས་ཀྱི་གཟུགས། །ཞེས་གསུངས་ཏེ། བདག་གི་ལུས་ལ་བཅོམ་ལྡན་འདས་ཀྱི་སྐུའི་གཟུགས་སུ་བྱའོ་ཞེས་པ་སྟེ། དེ་ནི་ཕྱི་རོལ་གྱི་ལུས་སངས་

རྒྱས་ཀྱི་སྐུར་སེམས་པའི་ཐབས་སོ། །ཡིད་ལས་ཡིད་ལས་བྱུང་བ་ནི། །ཞེས་པ་བདག་གི་ཡིད་ལས་བྱུང་བའི་མེ་ལོང་གི་དཀྱིལ་འཁོར་སྙིང་པོ་དང་བཅས་པ་བསམ་ཞེས་པ་སྟེ། དེ་ནི་ཕྱི་རོལ་གྱི་ལུས་སངས་རྒྱས་ཀྱི་སྐུར་བསྒྱུར་བའི་ཚེ་ནང་དུ་ཡང་སྙིང་པོ་དང་བཅས་པའི་ཟླ་བའི་

དཀྱིལ་འཁོར་བསམ་ཞེས་པའོ། །དག་ཅིང་རྣམ་པར་མཛེས་པ་དག །བདག་གི་ལས་ཀྱིས་བྱང་བར་གྱུར། །ཞེས་པ་ནི་ཕྱི་དང་ནང་གཉིས་ཀ་དེ་ལྟར་བསྒོམས་ན་ཕྱིའི་ལུས་ཀུན་སངས་རྒྱས་པའི་སྐུ་རྣམ་པར་མཛེས་ཤིང་དག་པར་གྱུར་པ་དང་ནང་གི་ཡིད་ལ་ཡང་སྙིང་པོ་དང་

བཅས་པའི་ཟླ་བའི་དཀྱིལ་འཁོར་གསལ་ཞིང་དག་པ་སྟེ། དག་པ་དེ་དག་ནི་བདག་གི་ལུས་སྐུར་བསམ་པ་དང་ནང་གི་སྙིང་པོ་བསམ་པའི་བདག་གི་ལས་བྱས་པ་ལས་བྱུང་ངོ་ཞེས་པའོ། །དག་པ་ཞེས་པ་ཡང་སྐབས་འདིར་ཡེ་ཤེས་ལ་སོགས་པ་དག་པའི་མཚན་ཉིད་ལ་མི་བྱའི།

ཕྱི་དང་ནང་གི་གཟུགས་དེ་དག་གསལ་བའི་སྒོ་ནས་དག་པའོ། །རང་གི་ལས་ཞེས་པ་ཡང་ཚེ་རབས་སྔ་མའི་དགེ་བ་ལ་སོགས་པ་ལ་མི་བྱའི་ཕྱི་དང་ནང་གི་གཟུགས་འདི་དག་སྐྱེད་པའི་སྦྱོར་བའི་ལས་བྱའོ། །དེ་ནས་དེ་ཡི་འོད་ཟེར་ནི། །གང་གིས་སྔགས་པ་སངས་རྒྱས་ཀྱི། །

Vol. 70 · folio 102a

སྤྱོད་པ་ཐམས་ཅད་རབ་བྱེད་པ། །ཀུན་ནས་རྣམ་པར་སྣང་བར་འགྱུར། །ཞེས་པ་ནི་སྒྲུབ་པ་པོ་ཀུན་དུ་སངས་རྒྱས་པའི་སྐུར་གྱུར་པ་དེའི་ཚེ་དེ་ལས་འོད་ཟེར་འཕྲོ་ཞིང་བྱུང་བ་རྣམས་ཀྱི་མཐུས་སྔགས་དེ་ཀུན་དུ་སངས་རྒྱས་པའི་སྤྱོད་པ་ཐམས་ཅད་བྱེད་ནུས་པར་

འགྱུར་རོ་ཞེས་པའོ། །ཡང་ན་སྙིང་པོ་དེ་ལས་འོད་ཟེར་འཕྲོ་ཞིང་འབྱུང་བ་ན་ཨ་ལས་ཡི་གེ་ཨའི་རིགས་རྣམས་འབྱུང་བ་དང་ཀླད་ཀོར་ལས་ཀ་ལ་སོགས་རྣམས་འབྱུང་ལ། དེ་རྣམས་ཀྱང་འཕགས་པ་འཇམ་དཔལ་ལ་སོགས་པ་སྔགས་ཀྱི་ལྷ་རྣམས་ཀྱི་སྙིང་པོ་སྟེ། དེ་དག་

ཐམས་ཅད་ཀྱང་འོག་ནས་བདག་ཉིད་སྒྲུབ་པའི་རིམ་པར་ཕྱེ་བ་ལས་བྱུང་བའི་རིམ་པས་ཡིད་ལས་བྱུང་ཞིང་ཞེས་པ་ལ་སོགས་པ་ཀུན་དུ་སངས་རྒྱས་པའི་སྐུར་གྱུར་པའི་རྗེས་སུ་བསྔགས་པ་གསུངས་སོ། །དེ་བཞིན་བདག་ཉིད་དག་པ་ཡིས། །བལྟས་པའམ་ནི་སྨྲས་པས་ཀྱང་། །

ཡིད་ལ་བསམ་པའི་ལས་རྣམས་ནི། །ཐམས་ཅད་བྱེད་པར་འགྱུར་བ་ཉིད། །ཅེས་པ་ནི་ཀུན་དུ་སངས་རྒྱས་པའི་སྐུར་གྱུར་པའི་རིག་པ་འཛིན་པ་དེ་གང་གིས་མཐོང་བའི་སེམས་ཅན་དེའི་ཇི་ལྟར་བསམས་པའི་དོན་རྣམས་འགྲུབ་པར་འགྱུར་ཞེས་པ་སྟེ། དགོས་པ་ནི། ཐམས་ཅད་

བྱེད་པར་འགྱུར་བ་ཉིད། །ཅེས་པ་དང་སྦྱར་རོ། །དེ་བཞིན་དུ་སུ་ཞིག་རིག་པ་འཛིན་པ་དེ་དང་ལྷན་ཅིག་ཏུ་སྨྲས་པ་ཡང་དོན་ཐམས་ཅད་འགྲུབ་པར་འགྱུར་ཞེས་པའོ། །དེ་བཞིན་དུ་རིག་པ་འཛིན་པ་དེས་སེམས་ཅན་དེ་འདི་ལྟར་གྱུར་ཅིག་ཅེས་བསམས་ན་ཡང་དེའི་དགོས་པ་ཀུན་

དུ་བྱེད་པར་འགྱུར་ཞེས་པའོ། །རིག་པ་འཛིན་པ་དེ་མཐོང་བ་ལ་སོགས་པའི་སྤྱོད་ཡུལ་དུ་གྱུར་པའི་སེམས་ཅན་དེ་དག་ཀྱང་བསོད་ནམས་བསགས་ཤིང་སྐབས་དང་ལྡན་པར་ཤེས་པར་བྱ་སྟེ། སེམས་ཅན་དེ་དག་གི་དོན་བྱེད་པར་འགྱུར་གྱི། ཕལ་རྣམས་ཀྱིས་དེ་མཐོང་བ་ལ་

སོགས་པའི་སྤྱོད་ཡུལ་དུ་མི་འགྱུར་རོ། །གསང་བ་པའི་བདག་པོ་གཞན་ཡང་ཞེས་པ་ནས། ཕན་ཚུན་བྱེད་པ་པོ་དང་ལས་སུ་རྣམ་པར་འཇོག་པ་ཡང་མི་བྱེད་དོ་ཞེས་པའི་བར་ནི་སངས་རྒྱས་ཀྱི་སྐུར་ང་རྒྱལ་བསྐྱེད་པའི་ཕྱིར་དེ་ཇི་ལྟར་འགྱུར་བའི་རྒྱུ་ཀུན་རྫོབ་ཏུ་རྐྱེན་དང་འདུ་ཞིང་

Vol. 70 · folio 102b

ཚོགས་ཏེ། འབྱུང་བའི་རྒྱུ་དང་འབྲས་བུ་ངེས་པའི་སྒོ་ནས་བསྟན་པ་སྟེ། འདི་ལྟར་ལུས་ལ་ལུས་ཀྱི་གཟུགས་བསྐྱེད་པར་བྱའོ་ཞེས་པ་ནི་གོང་དུ་གསུངས་པའི་ཚུལ་གྱིས་བདག་གི་ལས་ཀུན་དུ་སངས་རྒྱས་པའི་སྐུར་བསྐྱེད་པར་བྱའོ་ཞེས་པའོ། །ཡང་དག་པར་རྫོགས་པའི་སངས་

རྒྱས་ལས་ལྷག་པ་ནི་གང་ཡང་མེད་དེ་ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྐུ་ལ་ཤིན་ཏུ་བསྔགས་པའི་ཕྱིར་གསུང་པ་སྟེ། ཀུན་དུ་སངས་རྒྱས་པའི་སྐུ་ལས་ཁྱད་པར་དུ་འཕགས་པའི་གཞན་དག་གི་སྐུ་ཡང་མེད་པས་ན་ཀུན་དུ་སངས་རྒྱས་པའི་སྐུ་འདི་ཉིད་རང་གི་ལུས་ལ་བསྐྱེད་

པར་བྱའོ་ཞེས་པའོ། །ཇི་ལྟར་བདག་གི་མིག་དང་རྣ་བ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་དུ་སངས་རྒྱས་པའི་སྐུར་བསྐྱེད་པ་དེ་ཡང་དོན་དམ་པར་གཟུགས་ཀྱི་དངོས་པོ་མེད་མོད་ཀྱི། ཀུན་རྫོབ་རྒྱུ་དང་འབྲས་བུ་ངེས་པའི་ཆོས་ཉིད་མེད་པ་མ་ཡིན་ཏེ། དཔེར་ན་མིག་དང་རྣ་བ་ལ་སོགས་

པའི་དངོས་པོ་ཆེན་པོ་བཞིའི་རང་བཞིན་དུ་གཏོགས་པ་དེ་དག །དོན་དམ་པར་མ་ཡིན་པར་སྟོང་པ་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཁྱེན་མོད་ཀྱི། འོན་ཀྱང་རྒྱུ་དང་རྐྱེན་འདུས་པ་ལས་དེ་དག་འབྱུང་བར་སྣང་སྟེ། རྒྱུ་དང་རྐྱེན་མེད་ན་མ་ཡིན་ནོ་ཞེས་གསུངས་པ་ཡིན་

ནོ། །དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་པ་ནི་མིག་དང་རྣ་བ་ལ་སོགས་པ་འབྱུང་བ་ཆེན་པོ་བཞིར་གཏོགས་པའི་ཆོས་དེ་དག་གཟོད་མ་ནས་མ་བྱུང་ཞིང་མ་སྐྱེས་པའམ། རྡུལ་ཕྲན་ཕྱོགས་ཀྱི་ཆ་ལ་སོགས་པར་བཤིག་ན་དེ་དག་རང་བཞིན་ཡོད་པར་མི་འགྲུབ་ཅེས་པའོ། །མིང་

ཙམ་གྱིས་བསྡུས་པ་ཞེས་པ་ནི་དངོས་པོ་སྟོང་བས་ན་མིང་དུ་གདགས་པ་ཙམ་མོ་ཞེས་པའོ། །དངོས་པོ་མེད་ན་མིང་དུ་གདགས་པ་ཡང་ཇི་ལྟར་ཡོད་ཅེ་ན། ནམ་མཁའ་དང་མཚུངས་ཤིང་འདྲ་བ་ཞེས་གསུངས་ཏེ། ནམ་མཁའ་ཡང་དངོས་པོ་མེད་མོད་ཀྱི། ནམ་མཁའ་ཞེས་མིང་

དུ་བརྗོད་པ་དེ་བཞིན་དུ་འདི་དག་ཀྱང་དངོས་པོ་མེད་མོད་ཀྱི། མིག་དང་རྣ་བ་ཞེས་མིང་ཙམ་དུ་བརྗོད་དོ་ཞེས་པའོ། །གཟུང་དུ་མེད་པ་ཞེས་པ་ནི་དེ་ལྟར་དེ་དག་རང་བཞིན་གྱིས་སྟོང་པས་ན་གང་གི་ཡང་གཟུང་བའི་ཆ་མ་ཡིན་ནོ་ཞེས་པ་སྟེ། ཚིག་དེ་དག་གིས་ནི་མིག་ལ་སོགས་

Vol. 70 · folio 103a

པའི་དངོས་པོ་དེ་རྣམས་སྟོང་པའི་རང་བཞིན་ནམ་མཁའ་ལྟ་བུར་བསྟན་པའོ། །རྒྱུ་དང་ལས་ལས་བྱུང་བ་ཞེས་པའི་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་བསྟན་པ་སྟེ། །རྒྱུ་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པའོ། །ལས་ནི་འཕྲལ་གྱི་དགེ་བ་ལ་སོགས་པ་

ལུས་ངག་ཡིད་གསུམ་གྱི་སྤྱོད་པ་སྟེ། དེ་དག་དོན་དམ་པར་དངོས་པོ་མེད་ཀྱང་ཀུན་རྫོབ་དུ་རྒྱུ་དང་ལས་ལས་སྐྱེས་པར་སྣང་ངོ་ཞེས་པའོ། །གཟུགས་བརྙན་དང་འདྲ་བ་ཞེས་པ་ནི་ཀུན་རྫོབ་ཏུ་སྣང་བ་ཡང་གཟུགས་བརྙན་དེ་མ་བརྟགས་པའི་སྒོ་ནས་སྣང་བར་ཟད་ཀྱི།

གཟུགས་བརྙན་དེ་རིགས་པ་དང་ལུང་གིས་བརྟགས་ན་བསྟན་མི་བཟོད་དེ་ཡོད་པར་མི་འགྲུབ་པ་བཞིན་ནོ་ཞེས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པ་ནི་ཆོས་དེ་རྣམས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་

ལྟ་བུའི་ཚུལ་དུ་མངོན་པར་མཁྱེན་ཏོ་ཞེས་པའོ། །དེ་དག་ཀྱང་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུན་མ་ཆད་པར་འབྲེལ་ཏེ། གང་རྟེན་ནས་སྐྱེས་པ་དེ་ནི་གཟུགས་བརྙན་དང་འདྲ་བར་འབྱུང་ངོ་ཞེས་པ་ལ་གལ་ཏེ་དེ་ལྟར་གཟུགས་བརྙན་དང་འདྲ་བ་ན་གཟུགས་

བརྙན་ནི་གཟུགས་མེད་ན་མི་འབྱུང་བ་བཞིན་དུ་རྒྱུན་འཆད་དམ་ཞེ་ན། གཟུགས་བརྙན་བཞིན་འཆད་པ་མ་ཡིན་གྱི་ཉོན་མོངས་པ་སྔ་མའི་སྐད་ཅིག་གི་ཆ་ཤས་མེད་ཀྱང་ཉོན་མོངས་བསྐྱེད་པའི་ལས་དང་སྐྱེ་བ་དག་ཀྱང་འབྲས་བུ་སྐྱེད་པར་བྱེད་དེ། གཟུགས་མེད་ན་གཟུགས་

བརྙན་མི་འབྱུང་བ་ལྟར་མ་ཡིན་གྱི། ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུན་མི་འཆད་པར་འབྱུང་ངོ་ཞེས་པའོ། །གང་རྟེན་ནས་སྐྱེས་པ་དེ་ནི་གཟུགས་བརྙན་དང་འདྲ་བར་འབྱུང་ངོ་ཞེས་པ་ནི་དེ་ལྟ་བུའི་རྐྱེན་ལས་བྱུང་བའི་ཆོས་དེ་རྣམས་བརྟག་མི་བཟོད་ཅིང་དོན་དམ་པར་ཡོད་

པ་མ་ཡིན་པའི་དཔེར་གཟུགས་བརྙན་དང་འདྲ་ཞེས་པའོ། །དེ་ལྟ་བས་ན་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ལྷ་གང་ཡིན་པ་དེ་བདག་ཡིན། བདག་གང་ཡིན་པ་དེ་ནི་ལྷ་ཡིན་ནོ་ཞེས་པ་ནི་དེ་ལྟར་དོན་དམ་པར་ཆོས་ཡོད་པ་མ་ཡིན་ཀྱང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་

Vol. 70 · folio 103b

འབྱུང་བ་ལས་ཆོས་རྣམས་སྣང་བས་ན་བདག་གི་རྐྱེན་གྱིས་ལྷ་བསྐྱེད། ལྷའི་རྐྱེན་གྱིས་བདག་བསྐྱེད་པ་ན་བདག་བསྐྱེད་དོ་ཞེས་བྱ་སྟེ། ལྷ་གང་ཡིན་པ་དེ་བདག་ཡིན་ཞེས་པ་ནི་ཡི་གེ་བརྒྱ་པའི་རང་བཞིན་ཨཾ་ཞེས་པ་སྙིང་ག་ན་གནས་པ་དེ་བདག་གིས་བསམས་པ་ལས་འབྱུང་བའི་

ཕྱིར་རོ་ཞེས་པའོ། །བདག་གི་ཡིན་པ་དེ་ནི་ལྷ་མ་ཡིན་ནོ་ཞེས་པ་ནི་སྙིང་པོ་དེས་བདག་ཀུན་དུ་སངས་རྒྱས་པ་བསྐྱེད་པའི་ཕྱིར་རོ་ཞེས་པའོ། །དེ་བཞིན་དུ་ལུས་ཀྱི་ལུས་གཟུགས་ནི་ལྷའི་སྐུར་བསྐྱེད་པར་བྱའོ་ཞེས་པ་ནི་དེ་ལྟར་ཕན་ཚུན་རྒྱུ་དང་རྐྱེན་འདུས་ཤིང་ཚོགས་ཏེ་བྱུང་བས་

བདག་གི་གཟུགས་ཀུན་དུ་སངས་རྒྱས་སྐུར་བསྐྱེད་པར་བྱའོ་ཞེས་པའོ། །གསང་བ་པའི་བདག་པོ་ཆོས་ལ་བརྟེན་ནས་རྟོགས་པ་འབྱུང་། རྟོགས་པ་ལ་བརྟེན་ནས་ཀྱང་ཆོས་འབྱུང་བ་ལ་ལྟོས་ཞེས་པ་ནི་ལྷ་གང་ཡིན་པ་དེ་བདག་ཡིན་བདག་ཡིན་པ་དེ་ལྷ་ཡིན་ཞེས་པའི་ཚིག་དེ་

ཉིད་གཞུང་གཞན་གྱིས་བསྟན་པ་སྟེ། ཆོས་ཞེས་པ་ནི་ཨཾ་ཞེས་པའི་ཡིག་འབྲུའོ། །རྟོགས་པ་འབྱུང་བ་ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྐུ་དེ་ཡི་གེ་དེའི་རྐྱེན་གྱིས་ཀུན་དུ་སངས་རྒྱས་པར་འགྱུར། ཀུན་དུ་སངས་རྒྱས་པར་འགྱུར་ནས་སླར་ཡང་སྙིང་གའི་ཡི་གེ་བསམ་པར་བྱ་

བ་ནི་གཅིག་གི་རྐྱེན་གྱིས་གཅིག་འབྱུང་བ་སྟེ། དེ་ལྟར་ལྟོས་ཤིག་པའོ། །དེ་གཉིས་ཀྱང་རང་བཞིན་གྱིས་སྟོང་པའི་ཕྱིར། ཕན་ཚུན་བྱེད་པ་དང་ལས་སུ་རྣམ་པར་འཇོག་པར་ཡང་མི་བྱེད་དོ་ཞེས་པ་ནི་ཡི་གེ་དང་གཟུགས་དེ་གཉིས་རང་བཞིན་གྱིས་སྟོང་པའི་ཕྱིར་ཡི་གེས་

གཟུགས་བསྐྱེད་པའི་བྱ་བ་མི་བྱེད་ལ། གཟུགས་ཀྱིས་ཀྱང་ཡི་གེ་བསྐྱེད་པའི་བྱ་བ་མི་བྱེད་ཅེས་པའོ། །གསང་བའི་བདག་པོ་ཇི་ལྟར་ན་ཡིད་ལ་ཡིད་ལས་བྱུང་བའི་གཟུགས་བསྐྱེད་པར་བྱ་ཞེ་ན་ཞེས་པ་ལ་སོགས་པས་ནི་ཡིད་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྔགས་ཀྱི་

འབྲུ་བསྐྱེད་པ་དེ་བརྟན་པོར་བྱ་བའི་ཕྱིར་ཡིད་ལས་ཇི་ལྟར་འབྱུང་བའི་རྒྱུ་མཚན་བཤད་པ་སྟེ། གསང་བའི་བདག་པོ། །དཀར་པོའམ། སེར་པོའམ། དམར་པོ་ཡིད་ལ་བྱས་ན་ཡིད་དེའི་རྣམ་པ་ལ་ཞེན་པར་འགྱུར་ཏེ་ཞེས་པ་ནི་ཆུའི་དཀྱིལ་འཁོར་དང་དབང་ཆེན་གྱི་དཀྱིལ་འཁོར་དང་

Vol. 70 · folio 104a

མེའི་དཀྱིལ་འཁོར་བསམས་ན་ཡིད་ཀྱང་རྣམ་པ་རུ་འགྱུར་རོ་ཞེས་པའོ། །དེས་ན་དེ་ལྟ་བུས་དགོས་པ་ཡང་དེ་ལྟ་བུ་ཁོ་ན་མངོན་པར་སྒྲུབ་པར་བྱེད་དོ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་ཡིད་དེས་དབང་ཆེན་ལ་སོགས་པའི་བྱ་

བ་བྱེད་པར་འགྱུར་རོ་ཞེས་པ་སྟེ། དེ་བས་ན། གསང་བ་པའི་བདག་པོ་འདི་ལྟ་སྟེ། ཡིད་ལ་དཀྱིལ་འཁོར་བསམས་ནས་སུ། །རིམས་ནད་ཅན་ཞིག་བྱབ་ན་ནི། །དེ་ཡི་མོད་ལ་སྐྱེ་བོ་ནི། །རིམས་ལས་ཐར་འགྱུར་དོགས་པ་མེད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། ཚ་བའི་རིམས་ཀྱིས་

བཏབ་པ་ལ་ནད་པའི་ཀླད་པའི་སྟེང་དུ་བུམ་པ་ཁ་སྦུབ་པར་ཆུའི་དཀྱིལ་འཁོར་ཇི་སྐད་དུ་བཤད་པ་བསམས་ལ། དེ་ལས་བདུད་རྩིའི་ཆུ་དཀར་པོ་བྱུང་བས་ནད་པའི་སྤྱི་བོ་ནས་མཐར་གྱིས་ཕྱི་དང་ནང་དང་བཅས་པར་རྟིང་པའི་བར་དུ་ཁྱབ་པར་བསམས་ཏེ། དེའི་ཚེ་ཆུས་བྱབ་ཅིང་དེའི་མོད་

ལ་རིམས་ནད་ཐམས་ཅད་ཕྱིར་འབྱུང་བར་བསམ་པ་དེ་ལྟ་བུ་ལན་གཉིས་སམ། ལན་གསུམ་དུ་བྱས་ན་རིམས་ལས་ཐར་བར་འགྱུར་བ་ལ་དོགས་པ་མེད་དོ། །དེ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོར་ལ་ཡང་སྦྱར་རོ། །གྲང་ཞིང་འདར་བའི་རིམས་ཀྱིས་བཏབ་པ་ལ་མེའི་དཀྱིལ་

འཁོར་ཇི་སྐད་དུ་བཤད་པ་བསམས་ནས་དེའི་སྟེང་དུ་ནད་པ་བཞག་ལ་མེ་དེས་མས་ཡར་གྱེན་དུ་ལུས་ཀྱི་ཕྱི་ནང་ཁྱབ་པར་བསམས་ན་གྲང་བའི་རིམས་ལས་ཐར་བར་འགྱུར་རོ། །ཡིད་མེད་པར་ཡང་དཀྱིལ་འཁོར་ཡོད་པ་མ་ཡིན་ལ། དཀྱིལ་འཁོར་མེད་པར་ཡང་ཡིད་ཡོད་པ་མ་

ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་དང་མཚན་ཉིད་གཅིག་པའི་ཕྱིར་རོ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་དེ་དག་དངོས་པོ་གཞན་དུ་ཡོད་པ་ལ་ཡིད་ཀྱིས་དེའི་རྣམ་པར་བསམ་པ་མ་ཡིན་གྱི། ཡིད་ཉིད་དཀྱིལ་འཁོར་དེ་དག་གི་རྣམ་པར་གྱུར་པས་

མཚན་ཉིད་གཅིག་ཅིང་ཡིད་དང་དཀྱིལ་འཁོར་གཉིས་དབྱེར་མེད་པ་སྟེ། དེ་དག་གཉིས་ཀ་དོན་དམ་པར་ཡོད་པ་མ་ཡིན་པ་ལས་ཀུན་རྫོབ་ཏུ་རྣམ་པ་དང་བཅས་པའི་སེམས་ཀྱིས་བརྟགས་པ་ཙམ་ཡིན་པའི་ཕྱིར་ཏེ། དེ་བས་ན་དེ་ཉིད་དཔེས་བསྒྲུབ་པར་བྱ་བའི་ཕྱིར་གསང་

Vol. 70 · folio 104b

བ་པའི་བདག་པོ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་སྒྱུ་མར་སྤྲུལ་པ་གསུངས་ཏེ། མདོར་ན་གང་ཡིད་ལ་ཟླ་བའི་དཀྱིལ་འཁོར་དང་སྙིང་པོ་བསྐྱེད་པ་དེ་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་རྐྱེན་ངེས་པའི་དབང་གིས་དོན་

གྱི་བྱ་བ་བྱེད་པས་ན་ཡིད་ལ་ཟླ་བའི་དཀྱིལ་འཁོར་སྙིང་པོ་དང་བཅས་པ་བསམ་པ་ལ་ནན་ཏན་དུ་བྱའོ་ཞེས་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་བརྒྱ་པ་རྣམ་པར་དགོས་པ་གྲུབ་པ་རིམ་པར་

ཕྱེ་བ་རྒྱས་པའོ།། །།ད་ནི་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་རང་བཞིན་གྱི་ཡི་གེ་བརྒྱ་པ་ལས་འཕགས་པ་འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་དབང་པོ་ལ་སོགས་པའི་སྔགས་ཀྱི་སྐུ་དང་ཡིག་འབྲུ་རྣམས་འབྱུང་བར་བསྟན་པའི་ཕྱིར། དེ་ནས་ཡང་བཅོམ་

ལྡན་འདས་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་གསང་བ་པའི་བདག་པོ་སྔགས་ཀྱི་མགོན་པོའི་སྐུ་དང་ལུས་སུ་དབྱེར་མེད་པ་ཉོན་ཅིག་ཅེས་པ་ནི་ཀུན་དུ་སངས་རྒྱས་པའི་སྐུ་ལས་སྔགས་ཀྱི་ལྷ་གཞན་རྣམས་འབྱུང་

བའི་ལུས་དེ་དག་དབྱེར་མེད་པ་ཉོན་ཅིག་ཅེས་པའོ། །ཡིད་ལས་གྱུར་པ་ལས་བྱུང་ཞིང་། །ཞེས་པ་ནི་སྐུ་དེ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་མི་ཟད་པ་སྡུད་པའི་སྒོར་གྱུར་པ་ཨཾ་ཞེས་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་སྙིང་གར་བསམས་པ་དེ་ནི་ཡིད་ལས་གྱུར་པ་

ཞེས་བྱ་ལ། དེ་ལས་ཀུན་དུ་སངས་རྒྱས་པའི་སྐུའམ། སྔགས་ཀྱི་ལྷ་གཞན་རྣམས་ཀྱི་སྐུར་འབྱུང་བས་ན། ཡིད་ལས་གྱུར་པ་ལས་བྱུང་ཞིང་། །ཞེས་པའོ། །ཡིད་ཀྱང་ཤིན་ཏུ་རྣམ་སྦྱངས་ན། །ཞེས་པ་ནི་སྐུ་དེ་དག་ཡིད་ལས་འབྱུང་བ་ཡང་བསམས་པ་ཙམ་གྱིས་ཆོག་པ་མ་ཡིན་

གྱི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་སྦྱངས་པ་ལས་བྱུང་བའི་སྐུའོ་ཞེས་པའོ། །མགོན་པོ་དེ་ན་བཞུགས་པ་ལས། །འོད་ཟེར་སྐུ་ལས་བྱུང་བ་རྣམས། །ཞེས་པ་ནི་ཡིད་ཤིན་ཏུ་སྦྱངས་པ་དེ་ལ་ཞུགས་ཤིང་གནས་པའི་སྙིང་པོ་དེ་ལས་སྔགས་ཀྱི་ལྷ་རྣམས་ཀྱི་

Vol. 70 · folio 105a

སྙིང་པོ་འབྱུང་ལ། འོད་ཟེར་སྐུ་ལས་བྱུང་བ་རྣམས། །ཞེས་པ་ནི་སྙིང་པོ་དེ་ལས་ཀ་ལ་སོགས་པའི་ཡི་གེ་རྣམས་འབྱུང་ཞེས་པའོ། །ཡན་ལག་གི་ནི་ཡན་ལག་ནས། །རྟག་པར་ཀུན་དུ་རྣམ་པར་འཕྲོ། །ཞེས་པ་ལ་ཡན་ལག་ནི་ཨ་ཉིད་ལ་བྱ་ལ། ཡན་ལག་

དེའི་ཡན་ལག་ནི་ཀླད་ཀོར་དང་ཨི་དང་ཨུ་ལ་སོགས་པ་སྟེ། དེ་རྣམས་ལས་སྔགས་རྣམས་འབྱུང་བས་ན། ཡན་ལག་གི་ནི་ཡན་ལག་ནས། །རྟག་པར་ཞེས་གསུངས་པ་ཡིན་ཏེ། མདོར་ན་འཕགས་པ་འཇམ་དཔལ་ལམ་སྤྱན་རས་གཟིགས་ཀྱི་དབང་པོའི་སྐུར་བསྒྱུར་བ་ན་གཞན་

ནི་རིམ་པ་སྔ་མ་བཞིན་ཏེ། ཡི་གེ་ཨའི་ཀླད་ཀོར་དེ་ལས་ཡི་གེ་མཾ་ལ་སོགས་པ་གང་ཡང་རུང་བ་འབྱུང་བར་བསམས་ཏེ་དེའི་འོད་འཕྲོས་ཤིང་འདུས་པ་ལས་འཇམ་དཔལ་ལ་སོགས་པའི་སྐུར་བསྒྱུར་རོ། །ཡང་ན་ཨའི་གནས་ཉིད་དུ་བསམས་ཏེ། སྔ་མ་བཞིན་དུ་སྐུར་བསྒྱུར་

བར་བྱའོ། །ཚུལ་འདི་དག་ནི་མ་ཤེས་པས། །རྨོངས་པ་རྣམས་ཀྱིས་ཡོངས་མི་ཤེས། །ཞེས་པ་ནི་ཀུན་དུ་སངས་རྒྱས་པའི་སྐུ་གཅིག་པུ་དེ་ལས་སྔགས་ཀྱི་སྐུ་རྣམ་པ་མང་པོ་དེ་དག་ཇི་ལྟར་འབྱུང་བར་འགྱུར་སྙམ་དུ་ཡིད་མི་ཆེས་ཤིང་མི་ཤེས་པ་ནི་འོག་ནས་འབྱུང་བའི་ཚུལ་འདི་མ་

ཤེས་པ་ལས་ཡིན་ནོ་ཞེས་པ་སྟེ། ལུས་ཀྱི་བྱེ་བྲག་ཇི་སྙེད་པ། །བརྗོད་པ་ལས་ནི་མང་དུ་འགྱུར། །དེ་བཞིན་སྔགས་ཀྱི་མགོན་པོ་ཡི། །བྱེ་བྲག་དག་ཀྱང་གྲངས་མེད་གསུངས། །ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལུས་ཀྱི་བྱེ་བྲག་མང་པོ་དག་བརྗོད་

པའི་རང་བཞིན་ཡི་གེའི་འབྲུ་ལས་རྣམ་པ་མང་དུ་འབྱུང་བ་བཞིན་དུ། སྔགས་ཀྱི་མགོན་པོ་ཀུན་དུ་སངས་རྒྱས་པ་ལས་སྔགས་ཀྱི་ལྷའི་བྱེ་བྲག་གྲངས་མེད་པ་འབྱུང་ངོ་ཞེས་པའོ། །ཀུན་དུ་སངས་རྒྱས་པའི་རང་བཞིན་དེ་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་ན་དེས་སྐུ་རྣམ་པ་

མང་པོ་འདི་རྣམས་ཇི་ལྟར་སྐྱེད་པར་བྱེད་ཅེ་ན། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །དཔལ་ལྡན་འདོད་པའི་དོན་སྒྲུབ་པ། །དེ་བཞིན་འཇིག་རྟེན་སྒྲོན་མ་ཡི། །སྐུ་ཡང་དོན་རྣམས་ཐམས་ཅད་སྒྲུབ། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་དེ་རྣམ་པར་མི་རྟོག་ཀྱང་

Vol. 70 · folio 105b

ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་ལ། དོན་ཐམས་ཅད་སྒྲུབ་པ་དེ་བཞིན་དུ། སྔགས་ཀྱི་མགོན་པོ་འཇིག་རྟེན་གྱི་སྒྲོན་མ་དེ་ཡང་རྣམ་པར་མི་རྟོག་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་ལ་སོགས་པ་རྣམ་པ་སྣ་ཚོགས་འབྱུང་ཞིང་དོན་ཐམས་ཅད་རབ་ཏུ་

བྱེད་དོ་ཞེས་པའོ། །དེ་ཉིད་ཀྱང་ནམ་མཁའི་དཔེས་བསྟན་པའི་ཕྱིར། གསང་བ་པའི་བདག་པོ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ཇི་ལྟར་དགོས་པ་ཐམས་ཅད་མངོན་པར་སྒྲུབ་ཅེ་ན་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་དག་གི་ནི་ཨཾ་ཞེས་པ་ནི་ཡི་གེ་བརྒྱ་པ་དེ་ལས་བཅོམ་

ལྡན་འདས་ཀུན་དུ་སངས་རྒྱས་དང་། སྔགས་ཀྱི་ལྷ་རྣམས་ཀྱི་སྐུར་བསྒྱུར་ནས་ཀྱང་ཡིད་ཟླ་བའི་དཀྱིལ་འཁོར་ལ་གནས་པར་བསམ་པའི་སྦྱོར་བ་བཤད་དོ། །འདིར་ནི་དེ་ལྟར་བདག་གི་ལུས་ཀུན་དུ་སངས་རྒྱས་པའི་སྐུ་ལ་སོགས་པར་ཡོངས་སུ་བསྒྱུར་ནས་ཀུན་དུ་

སངས་རྒྱས་པ་དང་རྗེས་སུ་མཐུན་པའི་སེམས་ཀྱི་ཡོན་ཏན་བསྐྱེད་པའི་ཕྱིར་སེམས་ཡོངས་སུ་སྦྱང་བར་བྱ་བ་འཆད་དེ། དེ་ཡང་། དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་པ་རྣམ་པར་སྦྱོང་བའི་ཚིག་རྣམས་ཀྱིས་ཞེས་པ་ལ་སོགས་པ་གསུངས་པ་ལ་

སེམས་ཅན་གྱི་ཁམས་མ་ལུས་པ་རྣམ་པར་སྦྱོང་བའི་ཚིག་ཅེས་པ་ནི་ཏིང་ངེ་འཛིན་སྒྲུབ་པའི་ཚིག་ཅེས་པ་ལ་སོགས་པ་འོག་ནས་འབྱུང་བའི་ཚིག་རྣམས་ལ་བྱ་སྟེ། ཚིག་དེ་དག་གིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ནི་སེལ། ཡེ་ཤེས་ཁྱད་པར་

ཅན་སྐྱེ་བར་བྱེད་པའི་སྒོ་ནས་རྣམ་པར་སྤྱོད་པའི་ཕྱིར་རོ། །སྒྲུབ་པའི་སེམས་ཡོངས་སུ་སྦྱང་བར་བྱ་བ་ཡང་འཇུག་པའི་སེམས་དང་གནས་པའི་སེམས་དང་ལྡན་པའི་སེམས་དང་ལྡན་པ་སྟེ། དེ་ལ་འཇུག་པའི་སེམས་ནི་ཏིང་ངེ་འཛིན་སྒྲུབ་པའི་ཚིག་ཅེས་པ་སྟེ། གང་གི་ཚེ་ན་

ཐོག་མ་ནས། །ཅུང་ཟད་སྐྱེ་བའམ་འཇིག་མེད་པ། །དེ་ཚེ་རྣལ་འབྱོར་ཅན་དག་གི། །སྟོང་པའི་ཡེ་ཤེས་ཇི་ལྟར་སྐྱེ། །ཞེས་པ་དང་སྦྱར་རོ། །བསམ་གྱིས་མི་ཁྱབ་པའི་ཚིག་ཅེས་པ་ནི་གནས་པའི་སེམས་འཆད་པ་སྟེ། གང་ཚེ་ཆོས་ཞེས་བྱ་བ་སྟེ། །ངོ་བོ་ཉིད་ཀྱིས་མི་

Vol. 70 · folio 106a

རྙེད་པ། །དེ་ཚེ་ནམ་མཁའ་འདྲ་བའི་སེམས། །བྱང་ཆུབ་འབྱུང་བ་སྐྱེ་བར་འགྱུར། །ཞེས་པ་དང་སྦྱར་རོ། །ཡོངས་སུ་གྱུར་པའི་སྒོ་ཡི་ཚིག །ཅེས་པ་ནི་ལྡང་བའི་སེམས་འཆད་པ་སྟེ། དེ་ཚེ་འཇིག་རྟེན་ཀུན་མཐུན་པའི། །སྙིང་རྗེ་དག་ཀྱང་སྐྱེ་བར་འགྱུར། །

ཞེས་པ་དང་སྦྱར་རོ། །དེ་ལ་ཏིང་ངེ་འཛིན་གྲུབ་པའི་ཚིག་ཅེས་པ་ནི་ཚིག་དེས་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་ཤིང་མི་འགག་པར་རྟོག་པའི་ཏིང་ངེ་འཛིན་འབྱུང་བར་སྟོན་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་ཚིག་ཅེས་པ་ནི་ཚིག་དེས་ཆོས་ཐམས་ཅད་དམིགས་སུ་མེད་

པ་ནམ་མཁའ་དང་འདྲ་བའི་སེམས་སྟོན་པའི་ཕྱིར་རོ། །ཡོངས་སུ་གྱུར་པའི་སྒོའི་ཚིག་ཅེས་པ་ནི་ཚིག་དེས་ཏིང་ངེ་འཛིན་ལས་ཡོངས་སུ་གྱུར་ཏེ། ལངས་ནས་སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་བྱ་བ་ལ་སོགས་པ་སྟོན་པའི་ཕྱིར་རོ། །གང་གི་ཚེ་ན་ཐོག་མ་ནས། །ཅུང་

ཟད་སྐྱེ་བའམ་འཇིག་མེད་པ། །དེ་ཚེ་རྣལ་འབྱོར་ཅན་དག་གི། །སྟོང་པའི་ཡེ་ཤེས་ཇི་ལྟར་སྐྱེ། །ཞེས་པ་ནི་གང་གི་ཚེ་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ཐོག་མ་ནས་མ་སྐྱེས་ཤིང་མ་བྱུང་བའི་ཕྱིར་འཆི་འཕོ་བ་ཡང་མེད་དེ། དེ་ལྟར་ཕྱི་གཟུང་བའི་ཆོས་མེད་ན་དེ་ལ་

འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ཡང་སྐྱེ་བའི་གནས་མེད་པས་མི་སྐྱེའོ། །དེ་ལྟར་གཟུང་བ་དང་འཛིན་པའི་ཆ་གཉིས་ཀ་མེད་དེ། སྟོང་པ་དེའི་ཚེ་ན་རྣལ་འབྱོར་ཅན་གྱི་སྟོང་པའི་ཡེ་ཤེས་ཀྱང་སྐྱེ་བར་མི་འགྱུར་རོ་ཞེས་པའོ། །གང་ཚེ་ཆོས་ཞེས་བྱ་བ་དེ། །ངོ་བོ་ཉིད་ཀྱིས་མ་

རྙེད་པ། །དེ་ཚེ་ནམ་མཁའ་འདྲ་བའི་སེམས། །བྱང་ཆུབ་འབྱུང་བ་སྐྱེ་བར་འགྱུར། །ཞེས་པ་ནི་གོང་དུ་བཤད་པའི་རིམ་གྱིས་ཕྱིའི་ཆོས་རྣམས་དང་ནང་གི་རྣམ་པར་ཤེས་པ་གཉི་ག་མེད་པར་བཤིག་ན་ཕུང་པོ་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་དམིགས་སུ་མེད་པར་རྟོག་པ་ལ་

གནས་པའི་སེམས་ནི་ནམ་མཁའ་དང་འདྲ་བར་རྟོག་པ་ཐམས་ཅད་བྲལ་བར་འགྱུར་ཞེས་པའོ། །རྣམ་པར་མི་རྟོག་པའི་སེམས་དེ་ལས་དེ་བཞིན་ཉིད་ཀྱི་ཡེ་ཤེས་བྱང་ཆུབ་ཀྱི་མཚན་ཉིད་ཅན་འབྱུང་བས་ན་དེ་ལ་བྱང་ཆུབ་འབྱུང་བ་ཞེས་བྱའོ། །དེ་ཚེ་འཇིག་རྟེན་ཀུན་མཐུན་པའི། །

Vol. 70 · folio 106b

སྙིང་རྗེ་དག་ཀྱང་སྐྱེ་བར་འགྱུར། །ཞེས་པ་ནི་ཏིང་ངེ་འཛིན་དེ་ལས་ལངས་ནས་སྙིང་རྗེའི་དབང་གིས་སྦྱིན་པ་ལ་སོགས་པ་དང་། སྤྱོད་པ་དང་ལྷའི་སྐུར་བསྒྱུར་བ་ལ་སོགས་པ་སེམས་ཅན་གྱི་དོན་བྱ་བ་དང་ལྡན་པའི་སེམས་བསྐྱེད་དོ་ཞེས་པའོ། །དེ་དག་གི་དོན་མདོར་བསྡུ་ན་དང་པོར་

འཇུག་པའི་སེམས་རྟོག་པ་དང་བཅས་པའི་ཆོས་རྣམས་སྟོང་པའི་རང་བཞིན་དུ་བཤིག་སྟེ། དེ་ནས་སྟོང་པ་ཉིད་རྟོགས་པ་རྣམ་པར་མི་རྟོག་པའི་སེམས་ལ་ཇི་སྲིད་འདོད་པར་གནས་ནས་དེའི་འོག་ཏུ་སྙིང་རྗེའི་དབང་གིས་ལྷའི་གཟུགས་སུ་སྣང་བར་བྱས་ཏེ། སྦྱིན་པ་ལ་སོགས་

པ་སེམས་ཅན་གྱི་དོན་རྣམས་ལ་བྱའོ་ཞེས་དགོངས་པའོ། །མིང་ཙམ་གྱི་ནི་ཚུལ་དུ་གནས། །ཞེས་པ་ནི་སྤྱོད་པ་དེ་དག་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ཏེ། མིང་ཙམ་དུ་རྟོག་པའི་གནས་སོ་ཞེས་པའོ། །དེ་ལྟར་ཐམས་ཅད་མིང་ཙམ་ཡིན། །སྔར་ཀུན་དུ་སངས་རྒྱས་པའི་སྐུར་བསྒྱུར་

བ་ལ་ནན་ཏན་ཆེར་བྱ་བ་ཡང་ཇི་ལྟར་དགོས་ཤེ་ན། སངས་རྒྱས་མིང་དུ་འདིར་བརྗོད་དོ། །ཞེས་གསུངས་ཏེ། ཀུན་དུ་སངས་རྒྱས་པ་ཡང་འདིར་དོན་དམ་པར་ཡོད་པ་མ་ཡིན་གྱི། མིང་ཙམ་དུ་ཟད་དོ་ཞེས་པའོ། །དེ་ཚེ་སྟོང་དང་མི་སྟོང་ཞེས། །ཡང་དག་ཏུ་ན་མིང་དུ་འདོགས། །

ཞེས་པ་ནི་དེའི་ཚེ་ནམ་མཁའ་ལ་སོགས་པ་སྟོང་པའོ་ཞེས་བྱ་བ་དང་བུམ་པ་ལ་སོགས་པ་ཆོས་རྣམས་ཀུན་རྫོབ་ཏུ་སྟོང་པ་མ་ཡིན་ནོ་ཞེས་པ་ཡང་མིང་ཙམ་དུ་བྱའོ་ཞེས་པའོ། །དེ་ལ་གཅིག་གཉིས་གསུམ་ལ་སོགས། །གྲངས་གྱི་དབྱེ་བའང་འབྱུང་བར་འགྱུར། །ཞེས་པ་ནི་ཡི་

གེ་ཨ་ཞེས་པ་གཅིག་པུ་དེ་ལས་ཀྱང་མིང་ཅན་དུ་བྱ་བའི་སྒོ་ནས་ཨི་ལ་སོགས་པའི་ཡི་གེའི་དབྱེ་བ་མང་པོ་རྣམས་སུ་འགྱུར་རོ་ཞེས་པའོ། །དེ་ལྟར་དཔའ་བོ་སྟོང་པ་དེ། །རང་འབྱུང་རྣམས་ཀྱི་བྱིན་རླབས་ལས། །ཨ་ལ་སོགས་པ་རིམ་བཞིན་འཕེལ། །དེ་ལྟར་སྟོང་པ་ཉིད་ཀྱི་ངོ་བོ་

ལས་ཨ་དང་ཨི་ལ་སོགས་པའི་ཡི་གེ་རྣམས་ཀྱི་བྱེ་བྲག་མང་པོར་འཕེལ་བར་འགྱུར་ཏེ། ཡིད་ལ་གནས་པའི་སྙིང་པོ་ལས་སོ་ཞེས་པའོ། །རང་འབྱུང་ཞེས་པ་ནི་བཅོམ་ལྡན་འདས་ཀུན་དུ་སངས་རྒྱས་པའི་རང་བཞིན་ལ་བྱ་སྟེ། སུས་ཀྱང་མ་སྐྱེས་པའི་ཕྱིར་རོ། །རྣམ་པར་སྣང་མཛད་

Vol. 70 · folio 107a

ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། བདག་ཉིད་སྒྲུབ་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་བརྒྱ་

པའི་སྔགས་ཀྱི་ཆོ་ག་རིམ་པར་ཕྱེ་བའི་འགྲེལ་པ་མི་སྣང་ངོ་། །དེ་ནི་དེ་བཞིན་གཤེགས་པའི་ཀུན་དུ་བྱང་ཆུབ་པའི་རང་བཞིན་བསྟན་པའི་ཕྱིར། ཇི་ལྟར་ནམ་མཁའ་ཕྱོགས་རྣམས་ན། །ཀུན་ལ་རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །གསང་སྔགས་མགོན་

པོ་མི་གནས་སོ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནམ་མཁའ་ལྷོ་བྱང་དང་ཤར་ནུབ་ལ་སོགས་པའི་ཕྱོགས་ལ་མི་གནས་པ་བཞིན་དུ་དོན་དམ་པའི་མཚན་ཉིད་ཀྱི་སྔགས་ཀྱི་མགོན་པོ་དེ་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ལ་དམིགས་པར་བྱེད་པ་དང་།

དམིགས་པར་བྱ་བའི་སྒོ་ནས་མི་གནས་སོ་ཞེས་པའོ། །ཇི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང་རྟག་ཏུ་རྣམ་སྣང་ཡང་། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོའང་དེ་བཞིན་ནོ། །ཞེས་པ་ནི་ཇི་ལྟར་ནམ་མཁའ་ལ་གཟུགས་ཀྱི་དངོས་པོ་རྣམས་གནས་

པར་སྣང་ཡང་དངོས་པོ་དེ་རྣམས་ལ་ནམ་མཁའ་གནས་པར་མི་འགྱུར་བ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མངོན་པར་བྱང་ཆུབ་པའི་ཚེ་སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་ལ་སོགས་པ་རྣམ་པ་སྣ་ཚོགས་པ་རྣམས་དེའི་དབང་གིས་བྱུང་བ་ཡང་བྱང་ཆུབ་ཀྱི་རང་བཞིན་དེ་ནི་སྐུ་མི་ཟད་པ་ལ་

སོགས་པའི་རྡོ་རྗེའི་རྒྱན་དེ་རྣམས་ལ་དམིགས་པའི་སྒོ་ནས་མི་གནས་སོ་ཞེས་པའོ། །ནམ་མཁའ་དུས་གསུམ་ལ་སོགས་དང་། །ཇི་ལྟར་བྲལ་བར་འདོད་པ་བཞིན། །དེ་ལྟར་གསང་སྔགས་མགོན་པོ་ཡང་། །དུས་གསུམ་མེད་ཀྱང་རྣམ་པར་སྣང་། །ཞེས་པ་ནི་ཇི་ལྟར་ནམ་

མཁའ་དེ་རང་བཞིན་གཅིག་ལས་མི་འགྱུར་བས་ན་དུས་གསུམ་ལས་འདས་པ་བཞིན་དུ་དེ་བཞིན་ཉིད་ཀྱི་རང་བཞིན་སྔགས་ཀྱི་མགོན་པོ་དེ་ཡང་མི་འགྱུར་བར་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར། དུས་གསུམ་ལ་མི་གནས་པར་སྟོབས་དང་མི་འཇིགས་པ་ལ་སོགས་པའི་

Vol. 70 · folio 107b

ཡོན་ཏན་རྣམས་སྣང་ངོ་ཞེས་པའོ། །མིང་ཙམ་དུ་ནི་གདགས་པའི་གནས། །བྱེད་པ་པོ་ལ་སོགས་དང་བྲལ། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ནི་འདོགས་པར་བྱེད། །མིང་ཙམ་གཏོགས་པར་ཆུ་ཟད་ཀྱང་། །ཡོད་པ་མ་ཡིན་ནམ་མཁའ་བཞིན། །དེ་བཞིན་གསང་

སྔགས་དབང་ཕྱུག་ཀྱང་། །ཐ་སྙད་ཙམ་དུ་སྣང་བར་ཟད། །ཅེས་པ་ནི་དེ་བཞིན་གཤེགས་པའི་གསུང་མི་ཟད་པའི་རྒྱན་ཡིག་འབྲུར་བྱིན་གྱིས་བརླབས་པའི་རང་བཞིན་དེ་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པར་བསྟན་པ་སྟེ། ཇི་ལྟར་ནམ་མཁའ་མིང་དུ་གདགས་པ་ཙམ་དུ་

གནས་ཀྱི། ནམ་མཁའ་དེ་ཉིད་མེད་པའི་རང་བཞིན་ནམ། གཞན་གྱིས་བྱས་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། ནམ་མཁའ་ཞེས་བརྗོད་པ་ཙམ་དུ་ཟད་ཀྱི། །མིང་ལས་ལྷག་པར་ནམ་མཁའ་ཞེས་བྱ་བའི་དངོས་པོ་ཡོད་པ་མ་ཡིན་པ་དེ་བཞིན་དུ་སྔགས་ཀྱི་དབང་ཕྱུག་སྙིང་

པོ་དེ་ཡང་ཀུན་རྫོབ་པ་ཙམ་ཡོངས་སུ་སྣང་བར་ཟད་ཀྱི་དངོས་པོར་མོད་པ་མ་ཡིན་ནོ་ཞེས་པའོ། །མེ་དང་ཆུ་དང་རླུང་མ་ཡིན། །ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་རང་བཞིན་དེ་ནི་མེ་དང་ཆུ་ལ་སོགས་པ་ཆེན་པོ་བཞི་དང་། ཉི་མ་དང་ཟླ་བ་ལ་སོགས་པ་ཆེན་

པོ་བཞི་ལ་གནས་པ་དང་། ཉིན་མོ་དང་མཚན་མོ་ལ་སོགས་པའི་དུས་ལ་སོགས་པ་མིང་གིས་སྨོས་པ་རྣམས་ཀྱི་རང་བཞིན་མ་ཡིན་ཏེ། གང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དེས་ནི་ཇི་སྐད་དུ་སྨོས་པའི་དངོས་པོ་འདི་རྣམས་དང་བྲལ་བའི་བྱང་ཆུབ་ཀྱི་རང་བཞིན་

དེ་ལ་ནན་ཏན་བྱའོ་ཞེས་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། རྫོགས་པར་བྱང་ཆུབ་པའི་ངོ་བོ་ཉིད་བསྟན་པ་རིམ་པར་ཕྱེ་བ་རྒྱས་པའོ།། །།ད་ནི་དམ་ཚིག་གསུམ་བཤད་དེ། དེ་ཡང་

རྣམ་པ་གཉིས་ཏེ། རྒྱུའི་དམ་ཚིག་གསུམ་དང་འབྲས་བུའི་དམ་ཚིག་གསུམ་མོ། །དེ་ལ་རྒྱུའི་དམ་ཚིག་གསུམ་ནི་འཇུག་པའི་སེམས་དང་ལྡན་པའི་སེམས་སོ། །འབྲས་བུའི་དམ་ཚིག་གསུམ་ནི་བཅོམ་ལྡན་འདས་ཀྱི་སྐུ་མི་ཟད་པ་ལ་སོགས་པ་རྣམ་པ་གསུམ་མོ། །དེ་

Vol. 70 · folio 108a

ལ་དམ་ཚིག་ཅེས་པའི་ཚིག་གི་དོན་ནི་ཀུན་དུ་འགྲོ་བ་ཞེས་བྱ་སྟེ། འཇུག་པ་དང་གནས་པ་དང་ལྡང་བའི་སེམས་འདིས་ཀུན་དུ་འགྲོ་ཞེས་པའི་དོན་ཏོ། །ཀུན་དུ་ཐོབ་པའམ་རྟོག་པར་བྱ་བ་ཞེས་ཀྱང་བྱ་སྟེ། སྐུ་མི་ཟད་པའི་རྡོ་རྗེའི་རྒྱན་ལ་སོགས་པ་དེ་དག་ནི་

ཐོབ་པར་བྱ་བའམ། རྟོགས་པར་བྱ་བ་ཡིན་པས་དེ་དག་གཉིས་ལ་དམ་ཚིག་ཅེས་བྱའོ། །སྐབས་འདིར་ནི་རྒྱུའི་དམ་ཚིག་བཤད་དེ། དེ་ཡང་། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པས་གསུངས་པ་

ཡིན་ཏེ། དེ་ལ་ཆོས་ཀྱི་ཁྱད་པར་རྣམ་པ་གསུམ་ཞེས་པ་ནི་འཇུག་པ་དང་ལྡང་བ་དང་གནས་པའི་སེམས་གསུམ་ཐ་དད་པས་ཆོས་ཀྱི་ཁྱད་པར་རྣམ་པ་གསུམ་ཞེས་བྱའོ། །ཆོས་ཀྱི་ཁྱད་པར་གང་ལས་སྒྲིབ་པ་མེད་པའི་ཚུལ་གྱིས་འབྱུང་བར་འགྱུར་བ་དེ་ནི་དམ་ཚིག་གསུམ་སྟེ་ཞེས་

སྦྱར་ཏེ། འཇུག་པ་ལ་སོགས་པའི་སེམས་གསུམ་པོ་དེ་སྤྱད་པ་ལས་ཐོགས་པ་མེད་པར་སྐུ་མི་ཟད་པ་ལ་སོགས་པའི་རྡོ་རྗེའི་རྒྱན་དམ་ཚིག་གསུམ་གྱི་མཚན་ཉིད་དེ་འབྱུང་ངོ་ཞེས་པ་སྟེ། གོང་དུ་ཉོན་ལ་ཞེས་བྱ་བ་དང་། ངས་བཤད་དོ་ཞེས་བྱ་བ་དང་འབྲེལ་ཏོ། །ཆོས་ཀྱི་

ཁྱད་པར་དེ་ཡང་གང་ཞེ་ན་ཞེས་པ་ནི་འཇུག་པ་ལ་སོགས་པའི་སེམས་གསུམ་པོ་དེ་དག་སོ་སོར་བྱེ་བྲག་ཕྱེ་སྟེ་བཤད་པའི་ཕྱིར་གསུངས་པའོ། །དེ་ལ་འཇུག་པའི་སེམས་ནི་དང་པོའི་སེམས་ཏེ་ཞེས་པ་ནས། བྱང་ཆུབ་ཀྱི་མཚན་ཉིད་དོ་ཞེས་པའི་བར་གྱིས་ཏེ། རྣམ་པར་བསྒོམ་

པའི་རང་བཞིན་ཞེས་པ་ནི་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་ཤེས་རབ་ཀྱིས་མ་ཤེས་པའོ་ཞེས་པའོ། །དེ་ལ་མ་བསྒོམས་པའི་རང་བཞིན་ཞེས་འདོན་ཏོ། །དེའི་རྗེས་ལས་བྱུང་བའི་ཤེས་རབ་ཅེས་པ་ནི་མ་བསྒོམས་པའི་རྗེས་ལ་ཆོས་ལ་བདག་མེད་པར་ཤེས་

རབ་པོ། །དེས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས་སེམས་བསྐྱེད་པ་ཞེས་སྦྱར་ཏེ། ཤེས་རབ་དེས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་བསྐྱེད་དོ་ཞེས་པ་སྟེ། དེ་བས་ན། རྟོག་པའི་དྲ་བ་མ་ལུས་པ་དང་བྲལ་བའི་བྱང་ཆུབ་ཀྱི་མཚན་

Vol. 70 · folio 108b

ཉིད་ཅེས་སྦྱར་བར་བྱ་བ་སྟེ། ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་ལ་ཡོད་ཅིང་ཆགས་པར་རྟོག་པ་ནི་གྲོལ་བའི་གེགས་སུ་འགྱུར་བའི་ཕྱིར། རྟོག་པ་དེ་ཉིད་དྲ་བ་ཞེས་བྱ་ལ། གང་རྟོག་པའི་དྲ་བ་མེད་པའི་སེམས་ནི་སྟོང་པ་ཉིད་དུ་རྟོགས་པའི་སེམས་ཏེ། བྱང་ཆུབ་

ཀྱི་མཚན་ཉིད་དོ། །དེ་ནི་དང་པོའི་སེམས་ཤེས་པའི་ཚིག་གོང་མ་དང་འབྲེལ་ཏེ། འཇུག་པའི་སེམས་སོ། །གཉིས་པ་ནི་རྣམ་པར་མི་རྟོག་པ་སྟེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ངོ་ཞེས་པ་ནི་གནས་པའི་སེམས་ཏེ། རྟོག་པའི་དྲ་བ་ཐམས་ཅད་མེད་པའི་བྱང་ཆུབ་ཀྱི་མཚན་

ཉིད་ཀྱི་ཤེས་རབ་དེ་ཉིད་ཆོས་ཐམས་ཅད་སྟོང་པའི་རང་བཞིན་དུ་རྟོགས་ནས་རྣམ་པར་མི་རྟོག་པ་ཉིད་ལ་གནས་ཏེ། དེ་ཉིད་ལ་ཀུན་དུ་སངས་རྒྱས་པའི་གོ་འཕང་ཞེས་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ནས་ཀྱང་ཞེས་པ་ནས་དེ་ནི་དམ་ཚིག་གསུམ་མོ་ཞེས་པའི་བར་གྱིས་ལྡང་

བའི་སེམས་བཤད་པ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ནས་ཀྱང་ཞེས་པ་ནི་འཇུག་པ་དང་གནས་པའི་སེམས་ཀྱིས་དེ་བཞིན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཀྱང་ཞེས་པ་སྟེ། དེ་ལྟར་དེ་བཞིན་ཉིད་དུ་རྟོགས་ནས་ཀྱང་རྣམ་པར་མི་རྟོག་པ་དེ་ཉིད་ལ་མི་གནས་པར་

སེམས་ཅན་གྱི་དོན་དུ་སྤྱོད་པ་སྟེ། དེ་བས་ན་སེམས་ཅན་གྱི་ཁམས་མ་ལུས་པ་ལ་བལྟས་ནས་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །སེམས་ཅན་གྱི་ཁམས་ལ་ལྟ་བ་དེ་ཡང་དམིགས་པ་དང་བཅས་པས་ཁེ་དང་བཀུར་སྟིའི་ཕྱིར་ལྟ་བ་ནི་མ་ཡིན་ཏེ། དེ་བས་ན་སྙིང་

རྗེའི་དབང་དུ་གྱུར་པས་དམིགས་སུ་མེད་པ་ཉིད་དུ་བལྟ་སྟེ་ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་དེ་ཡང་གང་ཞེ་ན། སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་ཉིད་མེད་པའི་བྱང་ཆུབ་ལ་སེམས་ཅན་རྣམས་རབ་ཏུ་དགོད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ།

མངོན་པར་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་ལ་གནས་ནས་ཀྱང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་སྙིང་རྗེའི་དབང་དུ་གྱུར་ཅིང་དམིགས་པ་མེད་པ་ཉིད་དུ་སེམས་ཅན་ཐམས་ཅད་ཇི་ལྟར་བདག་གིས་རྟོགས་པའི་བྱང་ཆུབ་རྟོག་པ་དང་བྲལ་ཞིང་སྤྲོས་པ་ཐམས་ཅད་

Vol. 70 · folio 109a

དང་བྲལ་བ་མཚན་ཉིད་མེད་པ་དེ་ལ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་བྱའོ། །དེ་ནི་དམ་ཚིག་གསུམ་མོ་ཞེས་པ་ཇི་སྐད་དུ་སྨོས་པའི་འཇུག་པ་དང་གནས་པ་དང་ལྡན་པའི་སེམས་ཏེ། གསུམ་པོ་དེ་ནི་དམ་ཚིག་གསུམ་

མོ་ཞེས་པའོ། །གསང་བ་པའི་བདག་པོ་གཞན་ཡང་དམ་ཚིག་གསུམ་གང་ཞེ་ན་ཞེས་པ་ལ་སོགས་པ་ལ་ནི་འཇུག་པ་ལ་སོགས་པའི་སེམས་དེ་དག་ཉིད་ཀྱི་རྣམ་གྲངས་བཤད་པ་སྟེ། དང་པོའི་སེམས་ནི་སངས་རྒྱས་ཏེ། །ཞེས་པ་ནི་དང་པོ་འཇུག་པའི་

སེམས་ཀྱི་ཕུང་པོ་ལ་སོགས་པ་རྣམས་བདག་མེད་པར་རྟོགས་པས་ན་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཚིག་ནི་རྟོགས་པ་ཞེས་པ་དང་རྣམ་གྲངས་ཡིན་པའི་ཕྱིར་རོ། །གཉིས་པ་ཡང་ནི་ཆོས་ཞེས་བྱ། །ཞེས་པ་ནི་གནས་པའི་སེམས་ཏེ། དེ་བཞིན་

ཉིད་ཀྱི་རང་བཞིན་གྱི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཞེས་བྱའོ། །དེ་དང་ལྷན་ཅིག་བྱུང་བའི་སེམས། །དགེ་འདུན་ཞེས་ནི་བཤད་པ་ཡིན། །ཞེས་པ་ནི་ཆོས་ཐམས་ཅད་སྟོང་པར་རྟོགས་པའི་ཚེ་ཉིད་ན་སྙིང་རྗེའི་དབང་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་

སེམས་དཔའི་དགེ་འདུན་གྱི་མཚན་ཉིད་ལྷ་རྣམས་ཀྱི་སྐུར་བསྒྱུར་བ་ལ་བྱའོ། །དཔའ་བོ་དམ་ཚིག་དེ་གསུམ་ནི། །འདྲེན་པ་རྣམས་ཀྱིས་ཁྱོད་ལ་བཤད། །ཅེས་པ་ནི་ཇི་སྐད་བཤད་པའི་དམ་ཚིག་གསུམ་པོ་འདི་དང་ང་འབའ་ཞིག་གིས་དཔའ་བོ་ཁྱོད་ལ་

བཤད་པ་མ་ཡིན་གྱི། སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་འདྲེན་པ་རྣམས་ཀྱིས་ཀྱང་བཤད་དོ་ཞེས་པ་སྟེ། སངས་རྒྱས་རྣམས་སྤྱོད་པ་གཅིག་ཏུ་བསྟན་པའོ། །དེ་ཚེ་སྣ་ཚོགས་ཚུལ་གྱི་སྒོས། །དཔའ་བོ་སེམས་ཅན་ཕན་འདོད་པས། །

དམ་ཚིག་གསུམ་པོ་འདི་དག་ལ། །གནས་ནས་བྱང་ཆུབ་སྤྱད་པ་སྤྱོད། །ཅེས་པ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་རྣམས་དམ་ཚིག་གསུམ་པོ་འདི་ལ་གནས་ནས། འཇིག་རྟེན་པ་རྣམས་ཀྱི་ཚུལ་མང་པོ་དང་འཇིག་རྟེན་ལས་འདས་པ་ཉན་

Vol. 70 · folio 109b

ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཚུལ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་ཕྱིར་སྤྱོད་དོ་ཞེས་པའོ། །གསང་བ་པའི་བདག་པོ་གང་གི་ཚེ་སྐུ་གསུམ་ལ་མངའ་མཛད་པ་དེ་དག་རྫོགས་པར་སངས་རྒྱས་པར་གྱུར་པ་དེའི་ཚེ་ཞེས་པ་ལ་སོགས་པ་ནི་འབྲས་བུའི་

དམ་ཚིག་གསུམ་བསྟན་པ་སྟེ། ནམ་ཀུན་དུ་སངས་རྒྱས་པར་གྱུར་པ་དེའི་ཚེ་སྤྲུལ་པའི་སྐུས་སངས་རྒྱས་ཡབ་ཟས་གཙང་མའི་སྲས་སུ་སྟོན་པ་ནས་མྱ་ངན་ལས་འདས་པའི་བར་དུ་སྟོན་ཏེ། དེ་ལ་སྐུ་གསུམ་ལ་མཛད་པ་ཞེས་པ་ནམ་འོག་མིན་གྱི་གནས་སུ་ཀུན་

དུ་སངས་རྒྱས་པར་གྱུར་པ་དེ་ཉིད་ཀྱི་ཚེ་ན་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་ལ་མངའ་མཛད་པའོ། །དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བས་ན་ལོངས་སྤྱོད་རྫོགས་པའི་སྐུ་ལ་མངའ་མཛད་པའོ། །

དེ་ནས་སྤྲུལ་པའི་སྐུ་འཇིག་རྟེན་དུ་སྣང་བས་ན་སྤྲུལ་པའི་སྐུ་ལ་མངའ་མཛད་པའོ། །འདི་ལྟར་དང་པོར་སྤྲུལ་པའི་སྐུ་གཅིག་པུར་བྱིན་གྱིས་བརླབས་ནས་ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་བསྟན་པ་གཞག་པ་མཛད་དོ་ཞེས་སྦྲེལ་ཏེ། ཐོག་མར་

འོག་མིན་གྱི་གནས་སུ་ཀུན་དུ་སངས་རྒྱས་ནས་སྤྲུལ་པའི་སྐུར་བྱིན་གྱིས་བརླབས་ཏེ་རྒྱལ་པོ་ཟས་གཙང་མའི་སྲས་སུ་སྟོན་པ་དང་གཞོན་ནུ་རོལ་པ་དང་རབ་ཏུ་འབྱུང་བ་དང་དཀའ་བ་སྤྱོད་པ་དང་བྱང་ཆུབ་ཀྱི་སྙིང་པོ་ཉེ་བར་འགྲོ་བ་ལ་སོགས་པས་བསྟན་པ་རྣམས་

སྟོན་པར་བྱེད་དོ་ཞེས་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་སྐུ་གཅིག་པོ་དེ་ཉིད་རྣམ་པ་གསུམ་དུ་འཇོག་པ་ནི་འདི་ལྟར་སངས་རྒྱས་དང་ཆོས་དང་དགེ་འདུན་ནོ་ཞེས་པ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་བསྟན་པ་གཞག་པ་མཛད་དོ་ཞེས་སྦྱར་ཏེ།

སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཉིད་ལ་བྱའོ། །ཆོས་ནི་གསུང་མི་ཟད་པའི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་འཆད་པའོ། །དགེ་འདུན་ནི་འཕགས་པའི་གང་ཟག་བརྒྱད་ཀྱི་དགེ་འདུན་ཏེ། སྤྲུལ་པའི་སྐུ་གཅིག་པུ་དེ་འདི་རྣམས་སུ་བྱིན་གྱིས་བརླབས་

Vol. 70 · folio 110a

ནས་ཀུན་དུ་སངས་རྒྱས་པའི་བསྟན་པ་སྟོན་པར་བྱེད་དོ་ཞེས་པའོ། །གསང་བ་པའི་བདག་པོ་གཞན་ཡང་དེ་ཉིད་ཐེག་པ་གསུམ་དུ་འཇོག་པས་སྟོན་ཏོ་ཞེས་པ་ནི་སྤྲུལ་པའི་སྐུ་དེ་ཉིད་གང་ཟག་ལ་བདག་མེད་པར་རྟོགས་པ་ལ་མོས་པའི་འགྲོ་བ་ཉན་

ཐོས་རྣམས་ལ་ནི་ཉན་ཐོས་ཀྱི་ཐེག་པར་བརྟགས་ཤིང་འཆད་དོ། །ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་བཤིག་སྟེ་མི་རྟག་པར་མཐོང་ནས་གྲོལ་བར་བྱེད་པ་ལ་མོས་པའི་འགྲོ་བ་རྣམས་ལ་ནི་རང་སངས་རྒྱས་ཀྱི་ཐེག་པར་བརྟགས་ཤིང་འཆད་དོ། །

ཆོས་དང་གང་ཟག་གཉིས་ཀ་བདག་མེད་པར་རྟོགས་པ་ལ་མོས་པའི་འགྲོ་བ་རྣམས་ལ་ཐེག་པ་ཆེན་པོར་བརྟགས་ཤིང་འཆད་དོ། །དེའི་ཚེ་སངས་རྒྱས་ཀྱི་བྱ་བ་མཐའ་དག་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་

མཛད་དོ་ཞེས་པ་ནི་མི་རྟག་པར་མཐོང་ནས་འཁོར་བ་ལས་ཐར་བའི་ཆེད་དུ་ནན་ཏན་བྱེད་པའི་སེམས་ཅན་སྨིན་པར་བྱ་བའི་ཕྱིར་མྱ་ངན་ལས་འདས་པ་སྟོན་ཏེ། མྱ་ངན་ལས་འདས་པ་དེ་སེམས་ཅན་རྣམས་ཀྱིས་མཐོང་ནས་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མིའི་བདག་པོ་བསོད་

ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཡང་མི་རྟག་ན་གཞན་ལྟ་ཅི་སྨོས་སྙམ་ནས་འཕགས་པའི་ལམ་ནན་ཏན་བྱེད་ཅིང་སྨིན་པར་འགྱུར་རོ་ཞེས་པའོ། །འདི་དག་ནི་རྒྱུ་དང་འབྲས་བུའི་དམ་ཚིག་གསུམ་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྔགས་ལ་སྤྱོད་པའི་བྱང་ཆུབ་

སེམས་དཔའ་གཉི་གའི་ཕྱིར་བསྟན་པ་སྟེ། རྒྱུའི་དམ་ཚིག་གསུམ་ནི་མོས་པས་སྤྱོད་པའི་ས་ནས་ཀུན་དུ་བཟང་པོའི་སའི་བར་དུ་སྟེ། དེའི་བར་དུ་འཇུག་པ་ལ་སོགས་པའི་སེམས་གསུམ་དང་ལྡན་པའི་ཕྱིར་རོ། །འབྲས་བུའི་དམ་ཚིག་གསུམ་ནི་སྔ་མ་བཞིན་ནོ། །དེ་

ལྟར་སྔགས་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་ལས་གང་དམ་ཚིག་གསུམ་པོ་འདི་ཤེས་ཤིང་དེ་ལ་གནས་པ་དེའི་རྗེས་སུ་བསྔགས་པ་བཤད་པའི་ཕྱིར། །གསང་བ་པའི་བདག་པོ་ཞེས་པ་ནས། རྟོག་པ་ལས་བྱུང་

Vol. 70 · folio 110b

བའི་བགེགས་མེད་པ་ལ་ལྟོས་ཞེས་པའི་བར་དུ་གསུངས་པ་ཡིན་ཏེ། སྤྱིར་བགེགས་ལ་རྣམ་པ་གསུམ་སྟེ། རྣམ་པར་རྟོག་པ་ལས་བྱུང་བ་དང་། ལས་ལས་བྱུང་བ་དང་། གང་ཟག་མེད་པ་མ་སྤངས་པ་ལས་བྱུང་བ་སྟེ། ལས་ལས་བྱུང་བའི་བགེགས་ནི་ནད་

མང་བ་ལ་སོགས་པ་དང་། བག་མེད་པ་མ་སྤངས་པ་ལས་བྱུང་བའི་བགེགས་ནི་དུག་དང་མེས་ཚིག་དང་གཡང་ས་ལ་སོགས་པར་འགྲོ་བ་དང་། དེ་དག་རྣམ་པར་རྟོག་པ་སྔོན་དུ་སོང་བ་ལས་གྱུར་པས་རྟོག་པ་ལས་བྱུང་བའི་བགེགས་ཞེས་བྱ་སྟེ། བགེགས་དེ་

དག་མེད་པར་འགྱུར་རོ་ཞེས་པའོ། །མི་དད་པ་དང་ལེ་ལོ་ཅན་དང་འདུ་འཛི་ཅན་དང་སྔགས་ལ་ཡིད་མི་ཆེས་པ་དང་ཡོ་བྱད་མང་པོ་སོགས་པ་མ་གཏོགས་པར་ཞེས་པ་ནི་དམ་ཚིག་གསུམ་པོ་དེ་དག་དང་ལྡན་དུ་ཟིན་ཀྱང་བསྒྲུབ་པར་མི་འདོད་པ་དང་། ལེ་ལོ་ལ་སོགས་པ་

མིང་གིས་སྨོས་པ་འདི་རྣམས་དང་ལྡན་པ་ནི་བགེགས་མེད་པའི་ནང་དུ་མ་གཏོགས་ཏེ། སྒྲུབ་པར་མི་འདོད་པ་དང་ལེ་ལོ་ལ་སོགས་པ་དེ་དག་ཉིད་བགེགས་ཡིན་པའི་ཕྱིར་རོ། །ཆང་བཏུང་བ་དང་ཁྲིལ་ཉལ་བ་གཉིས་ནི་མི་བྱའོ་ཞེས་པ་ནི་མྱོས་པའི་བཏུང་བ་ནི་མ་རུངས་པར་གྱུར་

པ་ཐམས་ཅད་པ་ཡིན་པའི་ཕྱིར་སྤང་ངོ་། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དམ་ཚིག་གསུམ་སྤྱད་པར་རིམ་པར་ཕྱེ་བ་རྒྱས་པའོ།། །།ཇི་ལྟར་དེ་བཞིན་གཤེགས་པ་ལགས། །ཞེས་བྱ་

བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཞུས་པ་ནི་སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསང་སྔགས་གསུངས་པ་ལ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་

སྔགས་སོ་ཞེས་པ་ལ་སོགས་པ་གསུངས་པ་དེ་ལ། དེ་བཞིན་གཤེགས་པ་དང་ཀུན་དུ་སངས་རྒྱས་པ་དང་བྱང་ཆུབ་སེམས་དཔའ་མཚན་ཉིད་བྱེ་བྲག་ཅི་མཆིས་གང་ལགས་པ་མ་འཚལ་ན་ཐེ་ཚོམ་དེ་དག་བསལ་བར་གསོལ་ཞེས་པའོ། །དེ་ཡང་ཕྱག་ན་རྡོ་རྗེ་ཉིད་ཀྱིས་མི་མཁྱེན་པ་ནི་མ་ཡིན་གྱི།

Vol. 70 · folio 111a

མ་འོངས་པའི་འགྲོ་བ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་རོ། །ཞུས་པའི་ཚིག་བཞི་པོ་དེ་ཡང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་རིམ་པ་གཞན་དུ་བསྟན་ཏེ། བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཐེ་

ཚོམ་ཡིད་གཉིས་བསལ་ནས་སུ། །སྤྱད་པའི་རྒྱལ་པོ་བླ་མེད་པ། །ཐེག་པ་ལ་ནི་སྤྱོད་པར་འགྱུར། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་གྲགས་པ་ཆེན་པོ་རྣམས་ཐེག་ཆེན་གྱི་སྔགས་ཀྱི་སྤྱད་པ་ལ་སྤྱོད་པ་ནི་ཐེ་ཚོམ་དང་ཡིད་གཉིས་སྤངས་ནས་ཐེག་པ་ཆེན་པོ་སྔགས་ཀྱི་སྤྱོད་པ་ལ་སྤྱོད་པའི་

ཕྱིར་བདག་གི་ཐེ་ཚོམ་བསལ་དུ་གསོལ་ཞེས་པ་དང་སྦྱར་རོ། །སྤྱོད་པའི་རྒྱལ་པོ་བླ་མེད་པ། །ཞེས་པ་ནི་སྔགས་ཀྱི་སྤྱོད་པ་ཉིད་ལ་བྱའོ། །བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་

བྱའོ། །ཞེས་པ་ནི། ཇི་ལྟར་བྱང་ཆུབ་སེམས་དཔའ་ལགས། །ཞེས་ཞུས་པའི་ལན་ཏེ། དེས་ནི་འདི་སྐད་དུ་གསུངས་པ་ཡིན་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་གཟུང་བ་དང་འཛིན་པ་ལ་སོགས་པའི་རྟོག་པ་ཐམས་ཅད་སྤངས་པ་ནམ་མཁའ་ལྟ་བུ་

ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པ་དེ་ནི་བྱང་ཆུབ་སྟེ། དེ་ལྟ་བུའི་བྱང་ཆུབ་རྟོགས་པར་འདོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་ཡང་ས་དང་པོ་ལ་གནས་པ་ནས། །ས་དགུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱའོ། །གང་གིས་ས་བཅུ་བསྒྲུབས་ནས་

ནི། །ཞེས་པ་ནས། སངས་རྒྱས་ཞེས་ནི་བྱ་བ་ཡིན། །ཞེས་པའི་བར་ནི། ཇི་ལྟར་སངས་རྒྱས་ཞེས་ནི་བགྱི། །ཞེས་ཞུས་པའི་ལན་ཏེ་ས་དེ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་ཇི་སྐད་དུ་གྲགས་པའི་དབང་བཅུ་ལ་ཡང་དབང་དུ་གྱུར་པའི་ཏིང་ངེ་འཛིན་གནས་པ་དང་ལངས་པ་གཉིས་ཀའི་

ཚེ་ན་ཡང་སྙིང་པོ་ལ་སོགས་པའི་ཆོས་རྣམས་སྒྱུ་མ་ལྟ་བུར་རྟོགས་ཤིང་རྟེན་པ་རྣམས་ཀྱི་རྒྱུད་ཀུན་རྟོག་དང་དོན་དམ་པའི་མཚན་ཉིད་སྟོང་པ་ཉིད་དང་སྒྱུ་མ་ལྟ་བུར་ཤེས་པ་དེ་ནི་སངས་རྒྱས་ཤེས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཇི་སྐད་ཕལ་མོ་ཆེ་རྣམས་ཀྱིས་ཀྱང་ཆོས་རྣམས་སྟོང་པ་

Vol. 70 · folio 111b

ཉིད་དང་སྒྱུ་མ་ལྟ་བུར་རྟོགས་ཤིང་འཇིག་རྟེན་ཀུན་གྱི་རྒྱུད་ཀྱང་ཤེས་མོད་ཀྱི། མི་མཐུན་ཕྱོགས་ཐམས་ཅད་དུ་མ་སྤངས་པས་ཆོས་རྣམས་སྟོང་པ་ཉིད་དང་སྒྱུ་མར་རྟོགས་པའི་མཉམ་པར་གཞག་པ་ལངས་པའི་ཆོས་མི་མཐུན་པའི་ཕྱོགས་ཀྱིས་སྒྲིབ་པར་འགྱུར་ཏེ། དེ་བས་ན་ས་

བཅུ་དང་དབང་བཅུས་རྫོགས་པར་སངས་རྒྱས་པ་ཞེས་ཁྱད་པར་དུ་གསུངས་པས་སངས་རྒྱས་པ་ཞེས་བྱ་བ་ནི་ལོག་པའི་གཉེན་པོ་ལ་སོགས་པ་སྤངས་ནས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལ་བྱའོ། །ཆོས་ནི་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་ཅིང་མཚན་ཉིད་

གཅིག །སྟོབས་བཅུས་རྫོགས་པར་སངས་རྒྱས་པ། །དེ་ནི་རྫོགས་སངས་རྒྱས་ཤེས་བྱ། །ཞེས་བྱ་བ་ནི། ཇི་ལྟར་རྒྱལ་བ་མཆོག་ཏུ་འགྱུར། །ཞེས་ཞུས་པའི་ལན་ཏེ། ས་བཅུའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཞེས་བྱ་བ་རྣམས་སྟོང་པར་རྟོགས་པ་ཡང་

མཚན་ཉིད་སོ་སོ་བར་རྟོགས་པ་ཡིན་ལ། དེ་ལས་ལྷག་པར་མཚན་ཉིད་སོ་སོ་བར་སྟོང་པར་རྟོགས་པ་གང་ཡིན་པ་དེ་རྣམས་ལ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཚོར་བའི་སྟོང་པ་ཉིད་དེ། གཟུགས་ཀྱི་སྟོང་པ་ཉིད་དང་ཚོར་བའི་སྟོང་པ་ཉིད་ནི་གཉིས་སུ་མེད་ཅིང་གཉིས་

སུ་བྱར་མེད་ཅེས་བྱ་བ་ལ་སོགས་པའི་ཚུལ་དུ་ཆོས་ཐམས་ཅད་ནམ་མཁའི་མཚན་ཉིད་ལྟར་གཉིས་སུ་མེད་ཅིང་མཚན་ཉིད་གཅིག་ཏུ་སྟོབས་བཅུས་ཡོངས་སུ་རྫོགས་ནས་ཀུན་རྟོག་པ་དེ་ནི་ཀུན་དུ་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཡང་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་

ཀུན་དུ་བཟང་པོའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །རྒྱལ་བ་མཆོག་ཅེས་པ་ནི་བདུད་བཞི་ལས་རྒྱལ་བའི་ཕྱིར་རོ། །འདུ་ཤེས་ཙམ་ཡང་སངས་རྒྱས་པའི་ཕྱིར། །རང་གི་ངོ་བོར་བསྟན་དུ་མེད། །ཡེ་ཤེས་རང་རིག་བྱ་བ་ནི། །དེ་ནི་དེ་བཞིན་གཤེགས་པར་བཤད། །ཅེས་

པ་ནི། །ཇི་ལྟར་དེ་བཞིན་གཤེགས་པ་ལགས། །ཞེས་ཞུས་པའི་ལན་ཏེ། ཀུན་དུ་སངས་རྒྱས་པའི་ཆོས་ཐམས་ཅད་སྟོང་པའི་མཚན་ཉིད་གཅིག་ཏུ་རྟོགས་པའི་འདུ་ཤེས་ཙམ་པོ་དེ་ཡང་སྤངས་ཏེ། རང་གིས་རིག་པའི་རང་བཞིན་དུ་བསྟན་དུ་མེད་པ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་

Vol. 70 · folio 112a

པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དེ་བཞིན་གཤེགས་པ་བསྟན་པ་རིམ་པ་ཕྱེ་བ་རྒྱས་པའོ།། །།ད་ནི་མེ་རྣམས་ཀྱི་རབས་བཤད་དེ། དེ་ཡང་བཅོམ་ལྡན་འདས་

སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བྲམ་ཟེ་ལ་སོགས་པའི་མུ་སྟེགས་པ་རྣམས་ལོག་པ་ལ་ཕྱོགས་ཤིང་སེམས་ཅན་རྒྱུན་ཆགས་སུ་གསོད་པ་ལ་སོགས་པའི་སྡིག་པའི་ལས་སྤྱོད་པ་རྣམས་སེམས་ཅན་རྒྱུན་དུ་གསོད་པ་ལས་གྲངས་བསྙུང་བའི་ཕྱིར། ལྷ་ལ་གཏོར་མ་དབུལ་བའི་ཚེ་

སེམས་ཅན་གསོད་པ་མ་གཏོགས་པར་དུས་གཞན་དུ་སེམས་ཅན་མི་གསོད་དོ་ཞེས་པ་ལ་སོགས་པ་མུ་སྟེགས་ཀྱི་གཞུང་ལས་དགེ་བའི་ཕྱོགས་སུ་འཆད་པ་དང་བྲམ་ཟེའི་རིག་བྱེད་ལས་མེ་བཤད་པ་རྣམས་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་པར་ཤེས་པར་བྱ་སྟེ། དེ་ལྟར་ཅིས་མངོན་

ཞེ་ན། འཕགས་པ་འཇམ་དཔལ་གྱི་རྒྱུད་ལས་ཇི་སྐད་དུ་ལེགས་པར་སྨྲས་པ་ཅུང་ཟད་དུ་ཞིག་ཡོད་པ་རྣམས་ཀྱང་ངས་བསྟན་ཏོ་ཞེས་འབྱུང་བའི་ཕྱིར་རོ། །ལག་ན་རྡོ་རྗེ་གཞན་ཡང་དུས་གཅིག་གི་ཚེ་ནང་བྱང་ཆུབ་སེམས་དཔར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་

ཚངས་པའི་འཇིག་རྟེན་ན་འདུག་པ་ན་ཚངས་པས་ང་ལ་ཀྱེའི་ཚངས་པ་ཆེན་པོ་མེ་ལ་རྣམ་པ་དུ་ཡོད་པར་ཤེས་པར་བྱ་ཞེས་དྲིས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནི་ཚངས་པའི་འཇིག་རྟེན་ན་ཚངས་པའི་

གཅུགས་སུ་གྱུར་ཅིང་བཞུགས་ཏེ། དེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དབང་བའི་ཚངས་པའི་རྒྱལ་པོ་ལ་འདི་སྐད་ཅེས་དྲིས་སོ་ཞེས་པའོ། །ངས་དེ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་ཚངས་པ་དེ་ལ་ངས་འོག་ནས་འབྱུང་པའི་ཚིག་རྣམས་སྨོས་སོ་

ཞེས་པའོ། །དེ་ལ་མི་ང་རྒྱལ་ཅན་གང་ཡིན་པ་དེ་ནི་རང་བྱུང་བའོ་ཞེས་པ་ནི་བསྐལ་པ་དང་པོའི་ཚེ་འཇིག་རྟེན་ཐམས་ཅད་སུས་ཀྱང་མ་བྱས་པར་རང་བྱུང་ནས་ནམ་མཁའ་ལ་འགྲོ་ཞིང་དགའ་བའི་ཟས་ཟ་སྟེ་དེའི་ཚེ་ཡང་མེ་ཚངས་པའི་འཇིག་རྟེན་དུ་རང་བྱུང་སྟེ། ང་ནི་རང་བྱུང་སྟེ་

Vol. 70 · folio 112b

སུས་ཀྱང་མ་བྱས་སྙམ་པའི་ང་རྒྱལ་ཡོད་པས་ང་རྒྱལ་ཅན་རང་བྱུང་བ་ཞེས་བྱ་སྟེ། མེ་དེ་ལྟ་བུ་དང་པོར་བྱུང་ངོ་ཞེས་པའོ། །དེའི་འོག་ན་ཚངས་པའི་བུ་སྟེ། དེ་ལས་སྐྱེས་པ་ཡིན་ནོ། །འཇིག་རྟེན་པའི་མེ་པ་བ་ཀ །ཚངས་པའི་བུ་ནི་དང་པོ་ཡིན། །ཞེས་པ་ནི་རང་བྱུང་བའི་མེ་དེའི་

འོག་ཏུ་པ་བ་ཀ་ཞེས་བྱ་བ་འཇིག་རྟེན་པའི་བཙོ་ཞིང་སྲེག་པར་བྱེད་པའི་མེ་ཚངས་པ་ལས་བྱུང་སྟེ། དེ་ཡང་ཚངས་པའི་བུ་དེ་རྣམས་ཀྱི་ནང་ན་དང་པོའོ་ཞེས་པའོ། །དེའི་བུ་ཚངས་པའི་ཟས་ཞེས་པ་ནི་འཇིག་རྟེན་པའི་མེ་པ་བ་ཀ་ཞེས་བྱ་བ་དེའི་བུའོ། །དེའི་ཡང་། བྷཱ་ར་ཏ་ཞེས་བྱ་བར་

བཤད། །ཅེས་བྱ་བ་ནི་ཚངས་པའི་ཟས་དེའི་བུ་བྷཱ་ར་ཏ་ཞེས་བྱའོ། །དེའི་བུ་བཻ་ཤྭ་ན་ར་དང་། །ཧ་བ་ན་དང་བསྲེག་བྱ་ལེན། །ཞེས་པ་ནི་བཻ་ཤྭ་ན་ར་དང་། ཧ་བ་ན་དང་བསྲེག་བྱ་ལེན་ཞེས་བྱ་བའི་མེ་དེ་རྣམས་ནི་བྷཱ་ར་ཏ་ཞེས་བྱ་བ་དེའི་བུའོ། །ངོས་བསྲུངས་ཨ་ཐར་པ་ན་ཡི། །བུ་ཡིན་པར་ནི་རྒྱ་མཚོ་

གྲགས། །ཞེས་པ་ནི་ངོས་བསྲུངས་ཞེས་བྱ་བའི་མེ་ནི་ཨ་ཐར་པ་ན་ཞེས་བྱའི་མེའི་བུ་སྟེ། དེ་ཡང་བུ་སྐ་ར་ཞེས་བྱ་བའི་རྒྱ་མཚོ་ན་གནས་པར་གྲགས་པའོ། །རླུང་ཞེས་བྱ་བའི་མེ་དེ་ནི། །མངལ་དུ་འཇུག་པའི་ཆོ་གར་བཤད། །ཅེས་པ་ནི་བྲམ་ཟེའི་ཆོ་ག་ལས་མངལ་དུ་འཇུག་པར་བྱ་བའི་ཚེ་སྦྱིན་

སྲེག་བྱ་བའི་མེ་ནི་རླུང་ཞེས་བྱའོ། །དེ་ནས་མི་ཁྲུས་བྱ་བ་ལ། །དེ་བཞིན་པཱ་བ་མཱ་ན་ར་ཤེས། །ཞེས་པ་ནི་མངལ་དུ་ཞུགས་ནས་སྦྲུམ་པར་གྱུར་པ་ན་བུ་དེའི་ཆེད་དུ་ཁྲུས་བྱ་བའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་པཱ་བ་མཱ་ན་ཞེས་བྱའོ། །བཀྲ་ཤིས་ཞེས་བྱ་མཚམས་ཀྱི་མཐར། །ཞེས་པ་ནི་བུ་བྱུང་བའི་ཚེ་

སྦྱིན་སྲེག་བྱ་བའི་མེ་ནི་བཀྲ་ཤིས་ཞེས་བྱའོ། །བཙས་པའི་ལས་ལ་པྲ་གལ་ལ་བྷའོ། །ཞེས་པ་ནི་བུ་བཙས་ཟིན་པའི་འོག་ཏུ་སྦྱིན་སྲེག་བྱ་བའི་མེ་ནི་པྲ་གལ་ལ་བྷ་ཞེས་བྱའོ། །མིང་འདོགས་མེ་ནི་པཱརྠི་པ། །ཞེས་པ་ནི་བུའི་མིང་འདོགས་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་པཱརྠི་བ་ཞེས་བྱའོ། །དེ་བཞིན་

རྐན་དབབ་པ་ལ་གཙང་། །ཞེས་པ་ནི་བུ་རྐན་དབབ་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་གཙང་མ་ཞེས་བྱའོ། །ཤད་བྷི་ཞེས་ཀྱང་གཙུག་ཕུད་ལ། །ཞེས་པ་ནི་གཙུག་ཕུད་འཇོག་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་ཤང་བྷི་ཞེས་བྱའོ། །བརྟུལ་ཞུགས་སྦྱིན་ལ་ཀུན་འབྱུང་ངོ་། །ཞེས་པ་ནི་བུ་ལོ་བརྒྱད་ལོན་ནས་

Vol. 70 · folio 113a

བག་མ་བླངས་ཀྱི་བར་དུ་བརྟུལ་ཞུགས་འཛིན་དུ་གཞུག་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་ཀུན་དུ་འབྱུང་བ་ཞེས་བྱའོ། །ཉི་མ་ཞེས་བྱ་ཕྱུགས་སྦྱིན་ལའོ། །ཞེས་པ་ནི་བག་མ་ལེན་པའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་ཉི་མ་ཞེས་བྱའོ། །བག་མ་ལེན་ལ་སྦྱོར་བྱེད་བཤད། །ཅེས་པ་ནི་བག་མ་

ལེན་པའི་ཚེ་བསྐོར་བར་བྱེད་པའི་མེ་ནི་སྦྱོར་བྱེད་ཅེས་བྱའོ། །ཨགྣེ་ཡས་ནི་ཁྱིམ་ཁ་བསྲོ། །ཞེས་པ་ནི་ཁྱིམ་ཁ་བསྲོ་བའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་ཨགྣེ་ཡ་ཞེས་བྱའོ། །ཉེ་བར་འབུལ་ལ་མེ་ཉིད་དོ། །ཞེས་པ་ནི་ཨ་བ་ནི་ཀ་ཞེས་བྱ་བའི་ཆོ་ག་ལ་སྦྱིན་སྲེག་བྱ་བའི་མེ་ནི་མེ་ཉིད་ཅེས་བྱའོ། །པ་བ་ཀ་

ཞེས་བྱ་བའི་མེ། །སྣ་ཚོགས་ལྷ་ལ་སྦྱར་བར་བཤད། །ཅེས་པ་ནི་གཟའ་སྐར་ལ་སོགས་པའི་ལྷ་སྣ་ཚོགས་པ་ལ་སྦྱིན་སྲེག་བྱ་བའི་མེ་ནི་པ་བ་ཀ་ཞེས་བྱའོ། །ཁྱིམ་བདག་ལ་ནི་ཚངས་པའི་མེ། །ཞེས་པ་ནི་ཁྱིམ་བདག་གི་ཚོགས་ལ་སྦྱིན་སྲེག་བྱ་བའི་མེ་ནི་ཚངས་པའི་མེ་ཞེས་བྱའོ། །དེ་བཞིན་ཡོན་དབུལ་

བ་ལ་ཞི། །ཞེས་པ་ནི་ཡོན་དབུལ་བའི་སྦྱིན་སྲེག་ཞེས་བྱའོ། །གཉིས་སུ་ན་དཀྲི་ཎ་ཞེས་བྱ་བ་ནི་ལྷོ་ཕྱོགས་ལ་ཡང་བྱ་སྟེ། ཚངས་པའི་མེ་དང་ཞི་བའི་མེ་གཉིས་ནི་ལྷོ་ཕྱོགས་ལོགས་སུ་བཞག་ནས་རྟག་ཏུ་གསོ་བའི་མེ་ཞེས་པའོ། །དེ་བཞིན་ཕྱུགས་ནི་བཅིང་བ་ལ། །ཨ་བ་ནི་ཀ་ཞེས་བྱའི་མེ། །ཞེས་པ་ནི་

ཕྱུགས་གསད་དེ་ལྷ་ལ་ཡོན་དབུལ་བའི་སྦྱིན་སྲེག་བྱ་བའི་མེ་ནི་ཨ་བ་ནི་ཀ་ཞེས་བྱའོ། །ལྟུང་བ་ལ་ནི་པི་བེ་ཙེ། །ཞེས་པ་ནི་མྱོས་པས་ལྟུང་བ་བྱུང་སྟེ། འགྱོད་ནས་མྱོས་པ་དེ་དག་པར་བྱ་བའི་སྦྱིན་སྲེག་བྱ་བའི་མེ་ནི་པི་བེ་ཙེ་ཞེས་བྱའོ། །བཙོས་སྦྱིན་ལ་ནི་ས་ཧ་ས། །ཞེས་པ་ནི་ཟས་བཙོས་པ་སྦྱིན་པའི་ཆོ་ག་ལ་སྦྱིན་སྲེག་བྱ་བའི་མེ་

ནི་ས་ཧ་ས་ཞེས་བྱའོ། །དུས་ཀྱི་མཚམས་ལ་ཧ་བིར་ཤེས། །དུས་ཀྱི་མཚམས་ཞེས་བྱ་བའི་ཆོ་ག་ལ་སྦྱིན་སྲེག་བྱ་བའི་མེ་ནི་ཧ་བི་ཞེས་བྱའོ། །དེ་བཞིན་ཟླ་བ་གནས་ལ་གཏེར། །ཞེས་པ་ནི་ཟླ་བ་གནས་པ་ཞེས་བྱ་བའི་ཆོ་ག་ལ་སྦྱིན་སྲེག་བྱ་བའི་མེ་ནི་གཏེར་ཞེས་བྱའོ། །མྲི་ཊ་ཞེས་བྱ་བ་སྲེག་བླུགས་ལ། །

ཞེས་པ་ནི་སྦྱིན་སྲེག་གི་སྔོན་རོལ་དུ་རྫས་རྣམས་ལས་གང་བའི་སྦྱིན་སྲེག་གསུམ་བྱ་བའི་མེ་ནི་མྲྀ་ཊ་ཅེས་བྱའོ། །ཞི་ལ་ད་རུ་ཎར་འདོད་དོ། །ཞེས་པ་ནི་ཞི་བའི་སྦྱིན་སྲེག་ལ་ནི་མེ་ད་རུ་ཎ་ཞེས་བྱ་བར་འདོད་དོ། །བྱས་མཐའི་མེ་ནི་གཤིན་རྗེའི། །ཞེས་པ་ནི་མི་ཤི་བའི་ཚེ་སྦྱིན་སྲེག་བྱ་བའི་མེ་ནི་གཤིན་རྗེ་ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words