རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ

Sanskrit title (Tibetan script, as in the text) བཛྲ་ཙཱ་ཪྻ་ཀྲྀ་ཡ་ས་མུཙྪ་ཡ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 76 · folio 127b

འཛིན་པ་སྟེ་ཕྱག་ལྷག་མ་རྣམས་ཀྱིས་ནི་གཙོ་བོའི་ཕྱག་མཚན་ནོ། །དེ་ནས་ཤར་ལ་སོགས་པའི་སྣམ་བུ་ལ་གླིང་བུ་མ་དང་པི་ཝང་མ་དང་མུ་ཀུན་ད་མ་དང་རྫ་རྔ་མ་རྣམས་ནི་དམར་མོ་དང་སེར་མོ་དང་དཀར་མོ་དང་དུ་བའི་མདོག་ཅན་ཞལ་གཅིག་མ་ཕྱག་གཉིས་པ་གླིང་བུ་ལ་སོགས་པའི་སྒྲ་སྒྲོགས་པར་

བརྩོན་པའོ། །སྒོ་རྣམས་ལ་ཤར་དུ་ཁྲོ་གཉེར་རིམ་པར་ལྡན་ནམ་མཁའ་ལྟར་སྔོ་བསངས་དང་དཀར་པོ་དང་དམར་པོའི་ཞལ་གསུམ་པའོ། །ལྷོར་འཇིགས་སྡིགས་དཀར་བ་དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་གསུམ་པའོ། །ནུབ་ཏུ་རྟའི་གཟུགས་དམར་པོ་དམར་པོ་དང་དཀར་པོ་དང་

ནག་པོའི་ཞལ་གསུམ་པའོ། །བྱང་དུ་ཚོགས་ཀྱི་གཙོ་བོ་ལྗང་གུ་ལྗང་གུ་དང་དཀར་པོ་དང་དམར་པོའི་ཞལ་གསུམ་པའོ། །འདི་རྣམས་ནི་འགྱིང་བའི་ཁྲོ་བོ་འགྱིང་བའི་རྐང་སྟབས་ཀྱིས་བཞུགས་པ་འཁོར་ལོའི་དབང་ཕྱུག་གི་ཕྱག་མཚན་འཛིན་པ་སྟེ། ཁྱད་པར་ནི་ཕྱག་གཡས་ཀྱི་དང་པོས་རིམ་པ་ཇི་ལྟ་

བར་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པ་མཆེ་བ་ཅུང་ཟད་གཙིགས་པའོ། །འདིར་ནི་འཁོར་ལོའི་དབང་པོའི་གཟུགས་བརྙན་དེ་བཞིན་གཤེགས་པ་ལྔ་དང་རྡོ་རྗེས་མཚན་པའི་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ནོ། །དེ་ལས་གཞན་པའི་ལྷ་ཉི་ཤུ་པོ་རྣམས་ནི་རྡོ་རྗེ་བདུད་

རྩི་དང་པོ་ཏིས་མཚན་པའི་རིན་པོ་ཆེའི་ཅོད་པན་ཟླ་བ་ལ་གནས་པ། གཙོ་བོ་ལྟ་བུར་རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེ་ལ་སོགས་པས་བརྒྱན་པའོ། །མེ་ཏོག་ལ་སོགས་པ་བཅུ་གཉིས་པོ་རྣམས་ཀྱི་ཟླ་བའི་འོག་ཏུ་སྣ་ཚོགས་པདྨའོ། །རྡོ་རྗེ་བདུད་རྩིའི་ཐུགས་ཀའི་ས་བོན་ནི་ཧཿའོ། །

ཨོཾ་ཧཿབཛྲ་ཨ་མྲྀ་ཏ་སྭཱ་ཧཱ་ཞེས་པ་ནི་སྙིང་པོ་སྟེ་ལས་ཐམས་ཅད་པ་ཡང་འདི་ཉིད་དོ། །རྡོ་རྗེ་བདུད་རྩི་གཞན་གསུམ་འདི་ལྟར་རྣམ་པར་བསྒོམ་པའི་རིམ་པ་ནི་རྡོ་རྗེ་བདུད་རྩིའི་རྒྱུད་ལས་རིག་པར་བྱ་སྟེ་མངས་པས་འཇིགས་ནས་འདིར་མ་བཤད་དོ། །དགུའི་བདག་ཉིད་ཧེ་རུ་ཀ་བཞིའི་དཀྱིལ་

འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་ཆོས་ཀྱི་འབྱུང་གནས་ལ་གཞལ་ཡས་ཁང་ངོ་། །ཕྱག་བཅུ་དྲུག་པ་ལ་སླར་ཡང་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལྟ་བུའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡང་ཡོད་དོ་ཞེས་པ་ནི་ཕྱོགས་གཉིས་པའོ། །གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་ཆུ་

Vol. 76 · folio 128a

སྐྱེས་ཀྱི་ལྟེ་བའི་སྟེང་དུ་གན་རྐྱལ་དུ་གནས་པའི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་དང་དབང་པོ་སྟེ། བདུད་བཞིའི་རང་བཞིན་ཅན་གྱི་སྙིང་གར་ཉི་མ་ལ་གནས་པའི་ཞབས་བཞི་པ་གཅེར་བུ་གར་གྱི་ཉམས་དགུ་དང་ལྡན་པ་ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པ་དང་གཞན་གཉིས་གཡོན་

བསྐུམ་ཞིང་གཡས་བརྐྱང་བའི་གར་སྟབས་ཅན་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔྲལ་བའི་སྟེང་དུ་མི་མགོ་སྐམ་པོ་ལྔས་བརྒྱན་པ། སངས་རྒྱས་ལྔའི་ཅོད་པན་ཅན་སྐུ་མདོག་ནག་པོ་ཕྱག་བཅུ་དྲུག་པ་གད་རྒྱངས་དང་བཅས་པའི་ཞལ་བརྒྱད་པ་ཞལ་རེ་རེ་ལ་དམར་

ཞིང་ཟླུམ་པའི་སྤྱན་གསུམ་གསུམ་ཡོད་པ་རྩ་བའི་ཞལ་ནག་པོ་གཡས་པ་རྣམས་དཀར་པོ་དང་ནག་པོ་དང་ནག་པོ། གཡོན་པ་རྣམས་དམར་པོ་དང་ནག་པོ་དང་ནག་པོ་སྟེང་མ་དུ་བའི་མདོག་ཅན་རྣམ་པར་འགྱུར་བ། ཞལ་ཐམས་ཅད་སྨིན་མ་འཁྱོག་པོ་དང་བཅས་པ་ཁྲོ་གཉེར་ཅན་མཆེ་བའི་

མྱུ་གུ་གཙིགས་པ་ཕྱག་གཡས་པ་བརྒྱད་ཀྱིས་ཐོད་པ་རྣམས་ན་གླང་པོ་ཆེ་དང་རྟ་དང་བོང་བུ་དང་གླང་དང་རྔ་མོ་དང་མི་དང་ཤ་ར་བྷ་དང་བྱི་ལ་རྣམས་དང་། གཡོན་པ་བརྒྱད་ཀྱིས་ཐོད་པ་རྣམས་ན་ས་དང་ཆུ་དང་རླུང་དང་མེ་དང་ཟླ་བ་དང་ཉི་མ་དང་གཤིན་རྗེ་དང་ནོར་སྦྱིན་རྣམས་འཛིན་པ། འཁོར་ལོ་དང་རྣ་ཆ་དང་

མགུལ་རྒྱན་དང་ལག་གདུབ་དང་སྐ་རགས་དང་ཐལ་ཆེན་རྣམས་དང་མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན་དཔུང་རྒྱན་དང་རྐང་གདུབ་རྣམས་ཀྱིས་བརྒྱན་པའོ། །འདིའི་ཡུམ་ནི་བདག་མེད་མ་ནག་མོ་གཅེར་བུ་གྲི་གུག་དང་ཐོད་པར་ལྡན་པའི་ཕྱག་གཡས་པ་དང་གཡོན་པ་དག་གིས་

བཅོམ་ལྡན་འདས་ལ་ཡང་དག་པར་འཁྱུད་པ། གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཅན་ཕྱག་རྒྱ་ལྔ་དང་ལྡན་པ། ཞལ་གཅིག་མ་མཆེ་བ་གཙིགས་མ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་བརྫེས་པ། དཔྲལ་བའི་མཚམས་

སུ་ཐོད་པ་ལྔས་བརྒྱན་པ། མགྲིན་པར་མི་མགོ་སྐམ་པོའི་ཕྲེང་བ་འཕྱང་བ་རྐང་གདུབ་ལ་སོགས་པས་བརྒྱན་པའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར་གནས་པའི་ཚངས་བ་དང་དབང་པོ་དང་ཉེ་དབང་དང་དྲག་བོ་རྣམས་ཀྱི་སྙིང་གའི་སྟེང་དུ་ཟླ་བ་ལ་གཽ་རཱི་ལ་སོགས་པ་སྟེ་དབང་ལྡན་ལ་

Vol. 76 · folio 128b

སོགས་པའི་འདབ་མར་གནས་པའི་གཤིན་རྗེ་དང་ལུས་ངན་དང་སྲིན་པོ་དང་ཐགས་བཟངས་རིས་རྣམས་ཀྱི་སྙིང་གའི་སྟེང་དུ་ཟླ་བ་ལ་པུཀྐ་སཱི་ལ་སོགས་པའོ། །དེ་ལ་གཽ་རཱི་ནག་མོ་གཡས་པ་ན་གྲི་གུག་དང་གཡོན་པ་ན་ཉ་རོ་ཧི་ཏ་འཛིན་པའོ། །ཆོམ་རྐུན་མ་དམར་མོ་ཕྱག་གཡས་པ་དང་གཡོན་པ་དག་གིས་ཊ་

མ་རུ་དང་ཕག་པ་འཛིན་པའོ། །རོ་ལངས་མ་གསེར་གྱི་མདོག་ཅན་ཕྱག་གཡས་པ་དང་གཡོན་པ་དག་གིས་རུས་སྦལ་དང་པདྨའི་སྣོད་འཛིན་པའོ། །གྷསྨ་རཱི་ལྗང་གུ་ཕྱག་གཡས་པ་དང་གཡོན་པ་དག་གིས་སྦྲུལ་དང་རྣལ་འབྱོར་གྱི་སྣོད་འཛིན་པའོ། །པུཀྐ་སཱི་སྔོན་མོ་ཕྱག་གཡས་པ་དང་

གཡོན་པ་དག་གིས་སེང་གེ་དང་དགྲ་སྟ་འཛིན་པའོ། །རི་ཁྲོད་མ་དཀར་མོ་ཕྱག་གཡས་པ་དང་གཡོན་པ་དག་གིས་དགེ་སློང་དང་གསིལ་བྱེད་འཛིན་པའོ། །གཏུམ་མོ་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཡས་པ་དང་གཡོན་པ་དག་གིས་འཁོར་ལོ་དང་ཐོང་གཤོལ་འཛིན་པའོ། །གཡུང་

མོ་སྣ་ཚོགས་པའི་མདོག་ཅན་ཕྱག་གཡས་པ་དང་གཡོན་པ་དག་གིས་རྡོ་རྗེ་དང་སྡིགས་མཛུབ་འཛིན་པའོ། །བརྒྱད་པོ་འདི་རྣམས་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་སྟེ། ཁྱད་པར་གཞན་རྣམས་ནི་སྔར་བརྗོད་པའི་བདག་མེད་མ་བཞིན་ནོ། །རིགས་ཀྱི་བདག་པོ་ནི་ཧེ་རུ་ཀ་དང་བདག་མེད་མ་

དག་གི་མི་བསྐྱོད་པའོ། །གཽ་རཱི་ལ་སོགས་པ་རྣམས་ཀྱི་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་ཏེ་པུཀྐ་སཱི་ལ་སོགས་པ་རྣམས་ཀྱི་ཡང་ངོ་། །ཡང་ཕྱག་གཉིས་པ་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་ན་གཡས་པས་རྡོ་རྗེ་གྱེན་དུ་འཕྱར་ཞིང་

གཡོན་པས་རྡོ་རྗེ་ཐོད་པ་འཛིན་པས་བདག་མེད་མ་ལ་འཁྱུད་པ། ཁ་ཊྭཱཾ་ག་ཡང་དཔུང་པ་གཡོན་པ་ལ་བརྟེན་པའོ། །ཡང་ཕྱག་བཞི་པ་འཁོར་ལོའི་དབང་ཕྱུག་ཏུ་གྱུར་པ་ན། ཕྱག་གཡས་པས་རྡོ་རྗེ་སྔོན་པོ་དང་གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་པ། ཕྱག་ལྷག་མ་དག་གིས་

རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །ཡང་ཕྱག་དྲུག་པ་འཁོར་ལོའི་དབང་པོར་གྱུར་པ་ན་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་སྔོན་པོ་དང་དཀར་པོ་དང་དམར་པོ་ཕྱག་གཡས་པ་དག་གིས་རྡོ་རྗེ་དང་གྲི་གུག་དང་གཡོན་པ་དག་གིས་རྩེ་གསུམ་དང་དྲིལ་བུ་འཛིན་པ། ལྷག་མ་དག་གིས་རྡོ་རྗེ་

Vol. 76 · folio 129a

ལུ་གུ་རྒྱུད་མ་ལ་འཁྱུད་པ་སྟེ། རྡོ་རྗེ་ལུ་གུ་རྒྱུད་མ་ནི་སྐུ་མདོག་དང་ཞལ་དང་ཕྱག་ལ་སོགས་པ་བདག་མེད་མ་དང་མཚུངས་པར་ཡན་ལག་མེད་པའི་རྡོ་རྗེའི་ཞབས་ཀྱིས་གསུངས་པའོ། །ཕྱག་གཉིས་པ་ལ་སོགས་པ་འདི་རྣམས་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་རོའི་སྙིང་གར་ཉི་མ་ལ་

སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་མཛད་པ། མི་བསྐྱོད་པས་རྒྱས་བཏབ་པ་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་ལྔས་བརྒྱན་པ། སྨིན་མ་འཁྱོག་པ་དང་བཅས་པའི་ཁྲོ་གཉེར་ཅན། མཆེ་བ་གཙིགས་པ། ཕྱག་བཅུ་དྲུག་པ་རིམ་པ་བཞིན་དུ་འཁོར་ལོ་ལ་

སོགས་པས་བརྒྱན་པའོ། །གཽ་རཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བསྐོར་བའོ། །ལྷ་མོ་ཐམས་ཅད་ནི་ཐབས་དང་བྲལ་བ་སྟེ་རྡོ་རྗེ་ཕག་མོ་དང་རྡོ་རྗེ་ལུ་གུ་རྒྱུད་ལ་ནི་མི་བསྐྱོད་པས་རྒྱས་བཏབ་པའོ། །ཀྱེའི་རྡོ་རྗེ་རྣམ་པ་བཞིའི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་

སྭཱ་ཧཱ། ཞེས་པ་ནི་ཕྱག་བཅུ་དྲུག་པའི་སྙིང་པོའོ། །ཨོཾ་ཏྲཻ་ལོཀྱ་ཨཱཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་ཕྱག་གཉིས་པའོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ཕྱག་བཞི་པའི་འོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཕྱག་དྲུག་པའི་འོ། །ཨོཾ་ཨཱཿབཛྲ་གྷསྨ་རཱི་ཨོཾ་ཧཱུཾ་

སྭཱ་ཧཱ། ཞེས་པ་ནི་གྷསྨ་རཱིའི་སྟེ་ལས་ཐམས་ཅད་པའོ། །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་གནས་པ་ནི་ཆོས་འབྱུང་གི་དབུས་སུ་གཞལ་ཡས་ཁང་སྟེ། ཁ་ཅིག་ནི་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་མེད་པར་གཞལ་ཡས་ཁང་ངོ་ཞེས་སོ། །གཞལ་ཡས་ཁང་གི་དབུས་

སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་སྒྱུ་མ་ཆེན་པོ་ལས་བྱུང་བའི་ཧེ་རུ་ཀ་ནག་པོ་ཉི་མའི་འོད་ཟེར་ཅན་འབར་བའི་ཕྲེང་བ་འཁྲིགས་པ་འགྱིང་བའི་ཁྲོ་བོ་དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་བརྫེས་པ། ཐོད་པའི་ཅོད་པན་ཅན་རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་པའི་ཞལ་བཞི་

སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལྗང་གུ་ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་པ་ཕྱག་བཞི་པ་གཡས་པ་དག་གིས་ཐོད་པ་དང་མདའ། གཡོན་པ་དག་གིས་ཁ་ཊྭཱཾ་ག་དང་གཞུ་འཛིན་པ། ཕྱག་བཞི་དང་ལྡན་པ། མིའི་པགས་པའི་ན་བཟའ་འཛིན་པ། སྐྱིལ་ཀྲུང་ཕྱེད་པའི་

Vol. 76 · folio 129b

གར་གྱིས་བཞུགས་པའོ། །དཔལ་ལྡན་སངས་རྒྱས་མཁའ་འགྲོ་མ་ནི་སྐུ་མདོག་དམར་མོ་དམར་པོ་དང་སེར་པོ་དང་དཀར་པོ་དང་ལྗང་གུའི་ཞལ་ཅན་གཙོ་བོ་ལྟ་བུའི་མཚོན་ཆ་འཛིན་པ། ཕྱག་གཉིས་ཀྱིས་དེའི་མགུལ་ནས་འཁྱུད་པའོ། །འདབ་མ་རྣམས་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་

མོ་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལྗང་གུའི་ཞལ་ཅན་རྡོ་རྗེ་དང་ཐོད་པ་དང་དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པའོ། །ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་སེར་པོ་དང་སྔོན་པོ་དང་དཀར་པོ་དང་ལྗང་གུའི་ཞལ་ཅན། རིན་པོ་ཆེའི་པ་ཏྲ་དང་རྩེ་གསུམ་དང་མགྲིན་པ་བཙིར་བའི་ཅེ་སྤྱང་དང་བ་དན་འཛིན་པའོ། །ནུབ་ཏུ་

པདྨ་མཁའ་འགྲོ་མ་དཀར་མོ་དཀར་པོ་དང་སེར་པོ་དང་སྔོན་པོ་དང་ལྗང་གུའི་ཞལ་ཅན་སྣ་ཚོགས་པདྨ་དང་མདའ་དང་ཐོད་པ་དང་གཞུ་འཛིན་པའོ། །བྱང་དུ་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ་ལྗང་གུ་དང་སེར་པོ་དང་དཀར་པོ་དང་སྔོན་པོའི་ཞལ་ཅན་རལ་གྲི་དང་ཌ་མ་རུ་དང་ཞགས་པ་དང་ཐོད་པ་འཛིན་པའོ། །

ཐམས་ཅད་ཕྱག་རྒྱ་ལྔ་དང་ལྡན་པ་ཟླ་བའི་གདན་དང་འོད་ཅན་ཏེ། འདི་རྣམས་ཀྱི་ཁྱད་པར་རྣམས་ནི་གཙོ་མོ་ལྟ་བུའོ། །རིགས་ཀྱི་བདག་པོ་ནི་བཅོམ་ལྡན་འདས་ཀྱི་མི་བསྐྱོད་པ་སྟེ། སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྟག་པ་དང་མི་བསྐྱོད་པ་དང་རིན་ཆེན་

དབང་པོ་དང་གསུང་གི་དབང་ཕྱུག་དང་དོན་ཡོད་གྲུབ་པ་རྣམས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་ཧཱུཾ་ཧཱུཾ་སྙིང་པོའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་ཡང་ཨོཾ་ཨོཾ་ཧཱུཾ། ཨོཾ་ཧཱུཾ་ཧཱུཾ། ཨོཾ་སྭཱ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་ཧཱ་ཧཱུཾ་ཞེས་པ་སྟེ་སྣ་ཚོགས་མཁའ་འགྲོ་མའི་

སྔགས་ནི་ལས་ཐམས་ཅད་པའི་འོ། །བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་ལྷ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི། རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བ་ལ་རོའི་སྙིང་གར་ཉི་མ་ལ་ཤེས་རབ་མ་དང་བྲལ་བའི་བཅོམ་

ལྡན་འདས་ཏེ་སྐུ་མདོག་ལ་སོགས་པ་ནི་འཆད་པར་འགྱུར་བའི་འཁོར་ལོ་གསུམ་ལ་གནས་པའི་དཔལ་སངས་རྒྱས་ཐོད་པ་བཞིན་ནོ། །ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་སྣ་ཚོགས་སྡེ་མ་དང་འདོད་མ་དང་ས་འོག་ན་གནས་པ་མ་དང་ལེགས་བཟངས་མ་

Vol. 76 · folio 130a

རྣམས་ནི་སྐུ་མདོག་སྔོན་མོ་གཡས་བསྐུམ་ཞིང་གཡོན་བརྐྱང་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་གཡས་པ་དག་གིས་གྲི་གུག་དང་ཐོད་པ། གཡོན་པ་དག་གིས་ཁ་ཊྭཱཾ་ག་དང་ཊ་མ་རུ་འཛིན་པའོ། །དབང་ལྡན་དང་མེ་ལྷ་དང་བདེན་བྲལ་དང་རླུང་གི་འདབ་མ་རྣམས་ལ་ཆང་འཚོང་

མ་དང་འབྱུང་མོ་དང་ཕྱག་བཞི་མ་དང་ནམ་མཁའ་ལ་གནས་མ་རྣམས་ནི་སེར་མོ་ན་བཟའ་སེར་པོ་གྱོན་པ་འོད་ཟེར་སེར་པོ་འཕྲོ་བ། ཞབས་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ་ཀླུ་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་པ་དག་གིས་གྲི་གུག་དང་ཌ་མ་རུ། གཡོན་པ་དག་གིས་ཁ་ཊྭཱཾ་ག་དང་པདྨའི་

སྣོད་འཛིན་པའོ། །བརྒྱད་པོ་འདི་རྣམས་ཀྱང་ཉི་མའི་དཀྱིལ་འཁོར་ལ་གར་གྱི་ཚུལ་གྱིས་གནས་པ། དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་བརྫེས་པ། དབུ་ལ་ཐོད་པ་ལྔའི་ཕྲེང་བ་དང་ལྡན་པ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ། མི་མགོ་རློན་པ་ལྔ་བཅུ་མགུལ་དུ་འཆང་བ། མཆེ་བ་ཅུང་ཟད་

གཙིགས་པའི་ཞལ་གཅིག་པ་སྤྱན་གསུམ་པ་ཕྱག་བཞི་པའོ། །བཅོམ་ལྡན་འདས་ལ་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔས་རྒྱས་བཏབ་པ་སྟེ། སྣ་ཚོགས་སྡེ་མ་ལ་སོགས་པ་རྣམས་ལ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་རྣམས་ཀྱིས་སོ། །ཆང་

འཚོང་མ་ལ་སོགས་པ་རྣམས་ཀྱི་ཡང་དེ་རྣམས་ཉིད་དོ། །ཡང་ན་བཅོམ་ལྡན་འདས་འདི་དང་ཕྱོགས་ཀྱི་ལྷ་མོ་རྣམས་ཀྱང་དཀར་པོ་སྟེ་མཚམས་ཀྱི་ལྷ་མོ་རྣམས་དམར་མོའོ། །འདི་ནི་ཡུམ་དང་བྲལ་བ་འམ་ཡུམ་དང་བཅས་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་ཆོས་

འབྱུང་ལ་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་སྟེང་དུ་གཡོན་བསྐུམ་ཞིང་གཡས་བརྐྱང་བའི་ཞབས་དག་གིས་འཇིགས་བྱེད་དང་དུས་མཚན་མནན་པའི་བཅོམ་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཁྲོ་བོ་བསྐལ་པའི་དུས་ཀྱི་མེ་ལྟར་འོད་ཟེར་འབར་ཞིང་འགྲོ་

བ་མ་ལུས་པའི་བགེགས་ཀྱི་ཚོགས་ཐམས་ཅད་རབ་ཏུ་གསོལ་བར་མཛད་པ། སྐུ་མདོག་སྔོན་པོ་རྣམ་པར་འགྱུར་ཞིང་གདངས་པའི་ཞལ་གསུམ་པ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སྔོན་པོ་དང་སེར་པོ་དང་ལྗང་གུ་མཆེ་བ་གཙིགས་ཤིང་རབ་ཏུ་གཏུམ་པ། ལྗགས་འདྲིལ་

Vol. 76 · folio 130b

ཞིང་ཤིན་ཏུ་འཇིགས་སུ་རུང་བ་ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་པ་སྨིན་མ་གཡོ་བ་དང་བཅས་པའི་ཁྲོ་གཉེར་ཅན་དཔྲལ་བའི་སྟེང་ན་ཐོད་པ་ལྔའི་ཕྲེང་བ་དང་ལྡན་པ། ཁྲག་འཛག་པའི་མི་མགོ་ལྔ་བཅུའི་ཕྲེང་བ་མགུལ་བར་འཕྱང་བ། ཕྱག་རྒྱ་དྲུག་དང་ལྡན་པ། ཀླུ་མཐའ་ཡས་སྔོན་པོས་

དབུ་སྐྲ་དམར་སེར་གྱེན་དུ་འབར་བ་བཅིངས་པ། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། པདྨ་ཆེན་པོ་པདྨའི་རྩ་བ་ལྟ་བུ་དཀར་པོས་མགུལ་རྒྱན་བྱས་པ། སྟོབས་ཀྱི་རྒྱུ་དཱུར་བ་ལྟ་བུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་དཀར་པོས་སྐ་རགས་བྱས་པ། པདྨ་དཀར་པོ་ཀུནྡའི་མེ་

ཏོག་ལྟར་མཛེས་པས་རྐང་གདུབ་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། རིགས་ལྡན་དུ་བ་ལྟ་བུ་ཁྲ་བོས་དཔུང་རྒྱན་བྱས་པ། རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་དག་གིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པས་རང་དང་

འདྲ་བའི་ཤེས་རབ་མ་ལ་སྙོམས་པར་འཇུག་པ། ཕྱག་གཡས་པ་དག་གིས་ལྕགས་ཀྱུ་དང་ཞགས་པ། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །འདིའི་ཤར་ཕྱོགས་སུ་རྡོ་རྗེ་དབྱུག་པ་སྔོན་པོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སྔོན་པོ་དང་སེར་པོ་དང་ལྗང་གུ། ཕྱག་

གཡས་པ་དག་གི་རྡོ་རྗེ་ཐོ་བ་དང་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་གྱེན་དུ་འཕྱར་བ། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །བྱང་དུ་རྡོ་རྗེ་ཉི་མ་སེར་པོ་དང་སྔོན་པོ་དང་ལྗང་གུའི་ཞལ་ཅན། ཕྱག་དང་པོས་རྡོ་རྗེ་དབྱུག་པ་འཛིན་པའོ། །རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རྣམས་

ནི་རྡོ་རྗེ་དབྱུག་པའི་ལྟ་བུ་སྟེ་འཆད་པར་འགྱུར་བ་གཞན་རྣམས་ཀྱང་ངོ་། །ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ་དམར་པོ་དང་དཀར་པོ་དང་ལྗང་གུའི་ཞལ་ཅན་ཕྱག་ན་པདྨ་དམར་པོའོ། །ལྷོར་རྡོ་རྗེ་འཁྱིལ་པ་ལྗང་གུ་ལྗང་གུ་དང་དཀར་པོ་དང་སེར་པོའི་ཞལ་ཅན་ཕྱག་ན་སྣ་ཚོགས་རྡོ་རྗེས་མཚན་

པའོ། །མེར་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་ཅན་དུ་བའི་མདོག་དང་སེར་པོ་དང་ལྗང་གུའི་ཞལ་ཅན་ལྕགས་ཀྱུ་འཛིན་པའོ། །བདེན་བྲལ་དུ་རྡོ་རྗེ་དུས་དམར་པོ་དམར་པོ་དང་སེར་པོ་དང་ལྗང་གུའི་ཞལ་ཅན་ཕྱག་ན་དགྲ་སྟའོ། །རླུང་དུ་ནག་པོ་ཆེན་པོ་སྔོན་པོ་སྔོན་པོ་དང་སེར་པོ་དང་ལྗང་གུའི་ཞལ་ཅན་ཕྱག་

Vol. 76 · folio 131a

ན་རྩེ་གསུམ་མོ། །དབང་ལྡན་དུ་རྡོ་རྗེ་འཇིགས་རུང་ནག་པོ་མིག་ཡོན་ནག་པོ་དང་སེར་པོ་དང་ལྗང་གུའི་ཞལ་ཅན་ཕྱག་ན་རལ་གྲིའོ། །རྡོ་རྗེ་དབྱུག་པ་ལ་སོགས་པ་བརྒྱད་པོ་འདི་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བདུད་རྩི་འཁྱིལ་

པ་དང་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་ཀྱི་མིང་གཞན་ནོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ་དཀར་པོ་དང་སྔོན་པོ་དང་ལྗང་གུའི་ཞལ་ཅན་ཕྱག་ན་འཁོར་ལོའོ། །འོག་ཏུ་རྡོ་རྗེ་ས་འོག་མ་གནོད་མཛེས་ཀྱི་མིང་གི་རྣམ་གྲངས་ཅན་སྔོན་པོ་སྔོན་པོ་དང་སེར་པོ་དང་

ལྗང་གུའི་ཞལ་ཅན་ཕྱག་ན་རོལ་པ་དང་བཅས་པའི་རྡོ་རྗེའི་གཏུན་ཤིང་སྟེ། འདིའི་ཕྱག་གཡོན་པ་ན་ཀླུའི་ཞགས་པ་སྡིགས་མཛུབ་དང་བཅས་པ་དང་ཁ་ཊྭཱཾ་གའོ། །རྡོ་རྗེ་དབྱུག་པ་ལ་སོགས་པའི་ཁྲོ་བོ་འདི་རྣམས་ཕྱག་མཚན་གྱི་གཙོ་བོ་དང་ཐོད་པས་མཚན་པའི་ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་

པ། དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་པ་རང་རང་གི་རིགས་ཀྱི་བདག་པོའི་ཅོད་པན་མཛེས་པར་བརྒྱན་པ། སྨིན་མ་གཡོ་བ་དང་བཅས་པའི་ཁྲོ་གཉེར་ཅན། ཞལ་མཆེ་བ་གཙིགས་པ། ཞལ་རེ་རེ་ལ་དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། མི་མགོའི་ཕྲེང་བ་དང་ཕྱག་རྒྱ་ལྔ་ལ་སོགས་པ་དང་

ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་གནས་པའི་ཕྱོགས་སྐྱོང་བརྒྱད་དང་། སྟེང་དུ་ཚངས་པ་དང་འོག་ཏུ་ཐགས་བཟངས་རིས་རྣམས་མནན་པའི་གཡས་བརྐྱང་གིས་བཞུགས་པ་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པ་སྟེ། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་

གྱི་རྩིབས་བཅུ་པའི་འཁོར་ལོ་ཇི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་ཁ་བཛྲ་དྷྲྀཀ་བཛྲ་ཧཱུཾ་ཕཊ་ཅེས་པ་ནི་སྙིང་པོའོ། །ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་པ་ནི་རྡོ་རྗེ་འཁྱིལ་པའི་སྔགས་ཏེ་ལས་ཐམས་ཅད་པའོ། །ཡང་ན་ཤར་ལ་སོགས་པའི་

ཕྱོགས་དང་མཚམས་དང་སྟེང་དང་འོག་ཏུ་སྣ་ཚོགས་པདྨ་དང་ཉི་མ་རྣམས་ལ་གཡས་སྐོར་གྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་སྟེ་འདི་དག་ཐམས་ཅད་ཀྱི་གནས་དང་སྐུ་མདོག་ལ་སོགས་པ་ནི་བསྡུས་པའི་རིམ་པའི་དཀྱིལ་འཁོར་དུ་གསུངས་པ་ཇི་ལྟ་བ་བཞིན་ནོ། །ཡང་ན་

Vol. 76 · folio 131b

འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་རྩིབས་བཅུ་པའི་འཁོར་ལོ་ཇི་ལྟ་བ་བཞིན་ནོ། །ཡང་ན་དཔལ་ཀུན་དུ་ཁ་སྦྱོར་གྱི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ནོ། །ཕྱོགས་འདི་གསུམ་ཀ་ལ་ཡང་ཨོཾ་ཨཱཿབིགྷཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་པ་ནི་བགེགས་མཐར་བྱེད་ཀྱི་སྔགས་ཏེ་ལས་ཐམས་ཅད་པའོ།། །།

བདེ་མཆོག་གི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་བཅོམ་ལྡན་འདས་ཏེ་གཡས་བརྐྱང་གི་ཞབས་དག་གིས་སྣ་ཚོགས་པདྨའི་ལྟེ་བའི་སྟེང་དུ་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་

མཚན་མནན་པ། སྐུ་མདོག་ནག་པོ་ཤར་དང་བྱང་ལ་སོགས་པའི་ཞལ་ནི་ནག་པོ་དང་ལྗང་གུ་དང་དམར་པོ་དང་སེར་པོའོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ཕྱག་བཅུ་གཉིས་པ་རྡོ་རྗེ་དང་དྲིལ་བུར་བཅས་པའི་ཕྱག་གིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ།

ཕྱག་གཉིས་ཀྱིས་རྒྱབ་ཏུ་གླང་པོ་ཆེ་དཀར་པོའི་པགས་པ་ཁྲག་དང་བཅས་པ་བརྒྱངས་ནས་འཛིན་པ། དེ་དག་ལས་གཞན་པའི་ཕྱག་གཡས་པ་རྣམས་ཀྱིས་ཌ་མ་རུ་དང་དགྲ་སྟ་དང་གྲི་གུག་དང་རྩེ་གསུམ་པ་དང་། གཡོན་པ་རྣམས་ཀྱིས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་ཁྲག་གིས་གང་བའི་ཐོད་པ་

དང་རྡོ་རྗེ་ཞགས་པ་དང་ཚངས་པའི་མགོ་བོ་འཛིན་པ། འཛག་པའི་མི་མགོ་ལྔ་བཅུའི་ཕྲེང་བ་མགུལ་དུ་འཕྱང་བ། ཕྱག་རྒྱ་དྲུག་དང་ལྡན་པ་མིའི་རྒྱུས་པས་མཆོད་ཕྱིར་ཐོགས་བྱས་པ་དཔྲལ་བའི་སྟེང་དུ་ཐོད་པ་ལྔ་དང་ལྡན་པ། ནོར་བུ་དང་གཡོན་ངོས་སུ་གནས་པའི་ཟླ་བ་ཕྱེད་པ་དང་སྣ་ཚོགས་

རྡོ་རྗེ་རྣམས་ཀྱིས་མནན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། རྣམ་པར་འགྱུར་ཞིང་གདངས་པའི་ཞལ་མཆེ་བ་གཙིགས་པ། གར་གྱི་ཉམས་དགུའི་ཚོགས་དང་ལྡན་པའོ། །རྡོ་རྗེ་ཕག་མོ་ནི་དམར་མོ་ཞལ་གཅིག་མ་སྤྱན་གསུམ་པ་སྐྲའི་ཚོགས་གྲོལ་བ་གཅེར་བུ་ཐོད་པའི་དུམ་བུས་རྐེད་

པའི་རྒྱན་བྱས་པ། འཁྱུད་པའི་ཕྱག་གིས་གཟུང་བའི་ཐོད་པ་ཁྲག་གིས་གང་བ་འཛག་པའི་རྒྱུན་གཙོ་བོའི་ཞལ་དུ་སྟོབས་པ། སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་སྟེང་དུ་འཕྱར་བས་གདུག་པ་ཅན་རྣམས་བསྡིགས་པ། ཁྲག་དང་བྲལ་བའི་མི་མགོ་སྐམ་པོའི་ཕྲེང་བ་ཅན། ཉི་མའི་

Vol. 76 · folio 132a

འོད་ཀྱི་དཀྱིལ་འཁོར་ཅན་ཕྱག་རྒྱ་ལྔ་དང་ལྡན་པ། ཅུང་ཟད་བཞད་པ་ཟླ་མཚན་འབབ་པ་དང་བཅས་ཤིང་བ་སྤུ་གྱེན་དུ་ལངས་པའོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་གཡོན་སྐོར་གྱིས་དང་། མེ་ལ་སོགས་པའི་མཚམས་རྣམས་ལ་གཡས་སྐོར་གྱིས་དགོད་པར་བྱའོ། །

དེ་ལ་ཕྱོགས་ཀྱི་འདབ་མ་རྣམས་སུ་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ནི་ནག་མོ་དང་ལྗང་གུ་དང་དམར་མོ་དང་སེར་མོའི་མདོག་ཅན་ཞལ་གཅིག་མ་སྤྱན་གསུམ་མ་སྐྲ་གྲོལ་བ། ཕྱག་བཞི་མ་གཡོན་པ་དག་གིས་ཁ་ཊྭཱཾ་ག་དང་ཐོད་པ་དང་། གཡས་པ་དག་གིས་

ཌ་མ་རུ་དང་གྲི་གུག་འཛིན་པ་གཡས་བརྐྱང་གིས་གནས་པའོ། །མཚམས་ཀྱི་འདབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་དང་ཁྲག་དང་བདུད་རྩི་དང་སྒྲོན་མ་ལྔ་རྣམས་གྲུབ་པའི་དངུལ་ཆུ་ལྟ་བུའི་བདུད་རྩིར་གྱུར་པས་གང་བའི་པདྨའི་སྣོད་རྣམས་ཏེ། ཡང་ན་བཞི་ཆར་ཡང་བདུད་རྩི་ལྔས་གང་བའོ། །

དེ་ནས་ཐུགས་ཀྱི་འཁོར་ལོ་ལ་རྩིབས་རྣམས་སུ་ཤར་དུ་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོ། བྱང་དུ་ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། ནུབ་ཏུ་ཀེང་རུས་དང་འོད་ལྡན་མ། ལྷོར་མཆེ་བ་རྣམ་པར་གཙིགས་མ་དང་སྣ་ཆེན་མོ། མེར་ཆང་དགྲ་དང་བརྟན་པའི་བློ་ཅན་མ།

བདེན་བྲལ་དུ་འོད་དཔག་མེད་དང་མིའུ་ཐུང་མ། རླུང་དུ་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། དབང་ལྡན་དུ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མའོ། །རིམ་པ་དེ་བཞིན་དུ་གསུང་གི་འཁོར་ལོ་ལ་མྱུ་གུ་ཅན་དང་ས་སྲུང་མ་དང་། རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་དང་དཔའ་བོ་ཆེན་མོ་དང་རླུང་གི་

ཤུགས་ཅན་མ་དང་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་དང་ཤིན་ཏུ་བཟང་མོ་དང་སྔོ་བསངས་ལྷ་མོ་དང་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་དང་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ་དང་མིག་མི་བཟང་དང་བྱ་གདོང་མའོ། །དེ་བཞིན་དུ་སྐུའི་དཀྱིལ་འཁོར་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་

ཅན་མ་དང་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་དང་རྟ་མགྲིན་དང་ཆང་འཚོང་མ་དང་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་དང་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་དང་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་དང་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་དང་རྡོ་རྗེ་སེམས་དཔའ་དང་བརྩོན་

Vol. 76 · folio 132b

འགྲུས་ཆེན་མོའོ། །དེ་ལ་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་རྣམས་ནི་ཞལ་གཅིག་པ་སྤྱན་གསུམ་པ་རལ་པའི་ཐོར་གཙུགས་ཅན་དཔྲལ་བར་གནས་ཤིང་། རྡོ་རྗེས་མཚན་པའི་དཔའ་བོའི་དར་དཔྱང་དང་ལྡན་པ་ཕྱག་བཞིས་འཁྱུད་པའི་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡོན་

པས་ཁ་ཊྭཱཾ་ག་དང་གཡས་པས་ཌ་མ་རུ་འཛིན་པ། ཚངས་པའི་སྐུད་པ་ཅན་དཔུང་རྒྱན་དང་ལྡན་པ་མཆེ་བ་གཙིགས་པའི་ཞལ་ཅན་ཕྱག་རྒྱ་ལྔ་དང་ལྡན་པ་གཡས་བརྐྱང་གིས་གནས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ནི་ཞལ་གཅིག་པ་སྤྱན་གསུམ་པ་དྲག་པའི་གཟུགས་ཅན་མ། སྐྲ་

གྲོལ་བ་གཅེར་བུ་ཕྱག་གཉིས་མ་འཁྱུད་པའི་ཕྱག་གིས་ཐོད་པ་དང་གཡས་པས་གདུག་པ་ཅན་བསྡིགས་པར་བྱེད་པའི་གྲི་གུག་འཛིན་པའོ། །སྒོ་རྣམས་ལ་ཁྭ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་ལ་སོགས་པ་རྣམས་ནི་མཁའ་འགྲོ་མ་ལ་སོགས་པ་བཞིན་ཏེ་འདི་རྣམས་

ཀྱི་ཞལ་ནི་མིང་དང་རྗེས་སུ་མཐུན་པའོ། །མཚམས་རྣམས་སུ་གཤིན་རྗེ་བརྟན་མ་དང་གཤིན་རྗེ་ཕོ་ཉ་མོ་དང་གཤིན་རྗེ་མཆེ་བ་མོ་དང་གཤིན་རྗེ་འཇོམས་མ་རྣམས་ནི་མིའི་ཞལ་ཅན་ཏེ། གཡས་དང་གཡོན་གྱི་སྐུ་ཕྱེད་དེ་གཡས་དང་གཡོན་གྱི་ལྷ་མོ་རྣམས་ཀྱི་སྐུ་དང་འདྲ་བའོ། །བརྒྱད་པོ་

འདི་རྣམས་ནི་རོའི་གདན་ཅན་ཉིད་དོ། །མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ཀྱང་འཛག་པའི་མི་མགོའི་ཕྲེང་བ་མགུལ་དུ་འཆང་བ། རྡོ་རྗེའི་ཕྲེང་བས་དཔྲལ་བ་མཚན་པ། ཕྱག་རྒྱ་ལྔ་དང་ལྡན་པ་སྐ་རགས་ལ་སྒྲ་དང་བཅས་པའི་གཡེར་ཁ་ལ་སོགས་པས་བརྒྱན་པའོ། །རིགས་

ཀྱི་བདག་པོ་ནི་བཅོམ་ལྡན་འདས་ཀྱི་མི་བསྐྱོད་པ་སྟེ་རྡོ་རྗེ་ཕག་མོའི་རྣམ་པར་སྣང་མཛད་དང་མཁའ་འགྲོ་མ་ལ་སོགས་པའི་རིན་ཆེན་དབང་ཕྱུག་གོ། །ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ཀྱི་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་རྟག་པ་རྣམས་ཏེ་དམ་ཚིག་གི་འཁོར་ལོ་ལ་གནས་པ་

རྣམས་ཀྱི་ནི་དོན་ཡོད་གྲུབ་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཞེས་པ་ནི་སྙིང་པོའོ། །ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་དུམ་སྐྱེས་མའི་སྔགས་ཏེ་ལས་ཐམས་ཅད་པའོ། །ཡང་ན་འཁོར་

Vol. 76 · folio 133a

ལོའི་དབང་ཕྱུག་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་ཐམས་ཅད་ཞལ་གཅིག་པ་ཕྱག་གཉིས་པའོ། །དེ་ལ་དཔའ་བོ་ཉི་ཤུ་རྩ་ལྔ་ཐམས་ཅད་ནི་འཁྱུད་པའི་གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །མཁའ་འགྲོ་

མ་ལ་སོགས་པ་བཞི་དང་ཁྭ་གདོང་མ་ལ་སོགས་པ་རྣམས་ནི་གཡོན་པས་ཐོད་པ་དང་དཔུང་པ་ལ་བརྟེན་པའི་ཁ་ཊྭཱཾ་ག་དང་། གཡས་པས་ཌ་མ་རུ་འཛིན་པ་སྟེ་གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །ཡང་ན་འཁོར་ལོའི་དབང་ཕྱུག་ལ་སོགས་པ་ཕྱག་གཉིས་པ་ཉིད་ཀྱི་ཕྱོགས་ལ་ནི་དཔལ་བདེ་མཆོག་དང་རྡོ་རྗེ་ཕག་

མོ་གསེར་གྱི་མདོག་ཅན་ནམ་ཡང་ན་སྔོན་པོ་སྟེ། བཅོམ་ལྡན་འདས་ནི་ཕྱག་གཡས་པས་རྡོ་རྗེ་གསོར་བ་མཆོག་ཏུ་བརྩོན་པ། གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའམ་ཡང་ན་རྡོ་རྗེ་དང་དྲིལ་བུའི་ཕྱག་གཉིས་ཀྱིས་འཁྱུད་པར་མཛད་པའོ། །མཁའ་འགྲོ་མ་ལ་སོགས་པ་བཞི་ནི་སེར་མོ་

གཡས་པས་ཌ་མ་རུ་འཛིན་པའོ། །ཐུགས་ཀྱི་འཁོར་ལོའི་དཔའ་བོ་རྣམས་ནི་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྟེ། དཔའ་མོ་རྣམས་ནི་དཀར་མོ་ཕྱག་གཡས་པ་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཅན་ནོ། །གསུང་གི་འཁོར་ལོའི་དཔའ་བོ་རྣམས་ནི་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་སྟེ་མཁའ་

འགྲོ་མ་རྣམས་ནི་ནག་མོ་གཡས་པ་པདྨ་དང་བཅས་པའི་སྡིགས་མཛུབ་ཅན་ནོ། །སྐུའི་འཁོར་ལོའི་དཔའ་བོ་རྣམས་ནི་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་སྟེ་ལྷ་མོ་རྣམས་ནི་དམར་མོ་གཡས་པ་སྡིགས་མཛུབ་དང་བཅས་པའི་འཁོར་ལོ་འཛིན་པའོ། །དཔའ་བོ་ཐམས་ཅད་ཡུམ་ལ་

འཁྱུད་པར་བརྩོན་ཞིང་གཡས་བརྐྱང་ཞིང་བཞུགས་པ་སྟེ་དཔའ་མོ་རྣམས་ནི་དེའི་བརླ་གཉིས་ལ་འཁྲིལ་བའི་ཚུལ་ལོ། །ཁྭ་གདོང་མ་ལ་སོགས་པ་ནི་གཡས་པ་སྡིགས་མཛུབ་དང་བཅས་པའི་གྲི་གུག་འཛིན་པ་སྟེ་ལྷ་མོ་ཐམས་ཅད་ཕྱག་གཡོན་པས་ཐོད་པ་འཛིན་པའོ། །གཤིན་རྗེ་བརྟན་མ་ལ་སོགས་

པ་ནི་གཡས་པས་ཌ་མ་རུ་དང་། གཡོན་པ་སྡིགས་མཛུབ་དང་བཅས་པས་མི་མགོ་འཛིན་པའོ། །མཁའ་འགྲོ་མ་ལ་སོགས་པ་རྣམས་དང་ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་གཡོན་པ་ན་ཁ་ཊྭཱཾ་གའོ། །བཅུ་གཉིས་པོ་འདི་རྣམས་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་སྟེ་གཞན་རྣམས་ནི་

Vol. 76 · folio 133b

སྔ་མ་བཞིན་ནོ་ཞེས་པ་བདེ་མཆོག་གི་དཀྱིལ་འཁོར་རྣམ་པ་གསུམ་མོ། །གང་གི་ཚེ་འདི་རྣམས་ལ་དཔའ་བོ་ཉི་ཤུ་རྩ་ལྔ་མི་བསྒོམ་པར་རྡོ་རྗེ་ཕག་མོ་དཀྱིལ་འཁོར་གྱི་གཙོ་མོར་གྱུར་པ་དེའི་ཚེ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གསུམ་མོ། །རྡོ་རྗེ་ཕག་མོའི་ཐུགས་ཀའི་ས་བོན་ནི་བཾ་མོ། །ཨོཾ་བཛྲ་བཻ་རོ་ཙ་

ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་སྙིང་པོའོ། །བདེ་མཆོག་ཕྱག་གཉིས་པ་ལ་སོགས་པའི་ལྷ་འདི་རྣམས་ཀྱི་ཕྱག་གཡས་སུ་གནས་པའི་ཕྱག་མཚན་ནི་བྲི་བྱའི་དཀྱིལ་འཁོར་ལ་ཡང་བྲི་བར་བྱའོ། །བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ནི་རྡོ་རྗེ་གུར་

གྱི་ནང་དུ་ཆོས་འབྱུང་གི་སྙིང་པོར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་ལ་གནས་པའི་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་རོ་གན་རྐྱལ་གྱི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་ནག་པོ་སྐྱིལ་ཀྲུང་ཕྱེད་པ་ཅན་གར་གྱི་ཉམས་དགུ་དང་

ལྡན་པས་གར་མཛད་པ་ཞལ་གཅིག་པ་སྤྱན་གསུམ་པ་དམར་ལ་ཟླུམ་པ་ཕྱག་བཞི་པ་གཡས་པ་དག་གིས་ཌ་མ་རུ་དང་གྲི་གུག །གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཕྱག་རྒྱ་དྲུག་དང་ལྡན་པ་མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་མགྲིན་པ་ལ་འཕྱང་བ། གཉིས་འཐུང་གི་པགས་པའི་ཤམ་ཐབས་

རྒྱབ་ན་ཅུང་ཟད་དཔྱངས་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པ་ནག་པོའི་ཐོར་ཅོག་ཅན་དཔྲལ་བའི་མཐར་ཐོད་པ་ལྔས་བརྒྱན་པ། སངས་རྒྱས་ལྔའི་ཅོད་པན་ཅན་ནོ། །མངའ་བདག་འདིའི་དགའ་མ་ནི་སྣ་ཚོགས་སྡེ་མ། ན་བཟའ་མེད་པ་མི་མགོའི་ཕྲེང་བ་ཅན་དབུ་སྐྲ་སིལ་བུར་གྲོལ་

ཞིང་གྱེན་དུ་འབར་བ་ཐོད་པ་ལྔས་དབུ་ལ་མཚན་པ། མཆེ་བ་ཅུང་ཟད་གཙིགས་པ་སྐུ་མདོག་དམར་མོ་ཞལ་གཅིག་མ་སྤྱན་གསུམ་པ་ཕྱག་གཡོན་པ་བདག་པོའི་མགྲིན་པར་འཁྱུད་པས་ཁྲག་གི་རྒྱུན་འཛག་པའི་ཐོད་པ་ཡབ་ལ་སྟོབས་པ། ཕྱག་གཡས་པ་ན་གྲི་གུག་རྡེག་པའི་ཚུལ་ཅན་ནོ། །རྩིབས་

ནག་པོའི་སྟེང་གི་འདབ་མ་རྣམས་ལ་ཤར་དུ་ལེགས་ཕྲེང་ཅན་མ་དང་། བྱང་དུ་ཐོད་པ་ཅན་མ་དང་ནུབ་ཏུ་འཇིགས་མ་དང་ལྷོར་ཐུབ་དཀའ་མའོ། །དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གཡས་སྐོར་གྱིས་ཁུ་བ་དང་རྡུལ་དང་བདུད་རྩི་དང་སྒྲོན་མ་ལྔས་གང་བའི་པདྨའི་སྣོད་དེ་རིམ་པ་དང་པོ་

Vol. 76 · folio 134a

འདི་ནི་རྡོ་རྗེ་སྔོན་པོའི་ཁོར་ཡུག་ཅན་ནོ། །དེ་ནས་རིམ་པ་གཉིས་པའི་རྩིབས་བརྒྱད་དམར་པོ་ལ་གནས་པའི་པདྨ་བརྒྱད་ནི་རྡོ་རྗེའི་ཕྲེང་བ་དམར་པོས་བསྐོར་བ་སྟེ། དེའི་རྩིབས་རྣམས་ལ་ཤར་དུ་དགེ་བའི་སྐ་རགས་ཅན་མ་དང་། བྱང་དུ་གཟུགས་ཅན་མ་དང་། ནུབ་ཏུ་རྣམ་པར་རྒྱལ་མ་དང་།

ལྷོར་འདོད་མ་དང་། དབང་ལྡན་དུ་དུས་ཅན་མ་དང་། མེར་མཚོན་ཆེན་མ་དང་། བདེན་བྲལ་དུ་ཕྱེད་མ་དང་། རླུང་དུ་གསོད་མའོ། །དེ་ནས་རིམ་པ་གསུམ་པའི་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པདྨ་བརྒྱད་ནི་རྡོ་རྗེའི་ཕྲེང་བ་དཀར་པོའི་ཁོར་ཡུག་ཅན་ཏེ། དེའི་རྩིབས་རྣམས་ལ་ཤར་དུ་སྒྲོལ་མ་དང་

བྱང་དུ་འཇིགས་མཐོང་མ་དང་། ནུབ་ཏུ་ལེགས་མཐོང་མ་དང་། ལྷོར་མི་ཐུབ་མ་དང་། དབང་ལྡན་དུ་དགེ་མ་དང་། མེར་གྲིབ་གནོན་མ་དང་། བདེན་བྲལ་དུ་དུས་མཚན་མ་དང་། རླུང་དུ་གྲགས་ཆེན་མའོ། །སྒོ་རྣམས་སུ་ཤར་གྱི་པདྨ་ལ་མཛེས་མ་དང་། བྱང་གི་པདྨ་ལ་ནོར་འཛིན་མ་དང་། ནུབ་ཀྱི་པདྨ་

ལ་སྐལ་བཟང་མ་དང་། ལྷོའི་པདྨ་ལ་མཐོང་དགའ་མའོ། །འདི་རྣམས་ཐམས་ཅད་གཡས་པ་དང་གཡོན་པའི་ཕྱག་དག་གིས་གྲི་གུག་དང་ཐོད་པ་འཛིན་པའོ། །སོ་ཅུང་ཟད་སྟོ་བ་ཞལ་གཅིག་མ་སྤྱན་གསུམ་མ། རུས་པའི་རྒྱན་གྱིས་བརྒྱན་མ། མི་མགོའི་ཕྲེང་བ་དང་བྲལ་བ། དབུ་སྐྲ་སིལ་

བུ་དམར་སེར་གྱི་ཚོགས་གྱེན་དུ་འབར་བ་བྱང་སེམས་འཛག་པ། ཉི་མ་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པའོ། །སྒོ་སྐྱོང་མ་རྣམས་ནི་གཡས་བསྐུམ་ཞིང་གཡོན་བརྐྱང་བ་སྟེ། ཐམས་ཅད་སྟག་གི་པགས་པའི་ན་བཟའ་སྐུ་མདོག་སྔོན་མོའོ། །ཡང་ན་ལེགས་མ་ལ་སོགས་པ་བཞི་ནག་མོ་དང་

རིམ་པ་གཉིས་པ་ལ་གནས་པ་རྣམས་དཀར་སེར་དང་རིམ་པ་གསུམ་པ་ལ་གནས་པ་རྣམས་ལྗང་གུ་དང་སྒོའི་ལྷ་མོ་རྣམས་ནག་མོའོ། །བཅོམ་ལྡན་འདས་ལ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པ་སྟེ། སྣ་ཚོགས་སྡེ་མ་ལ་རྣམ་པར་སྣང་མཛད་དང་ལེགས་ཕྲེང་མ་ལ་སོགས་

པ་བཞི་ལ་རིན་ཆེན་དབང་པོ་དང་། རིམ་པ་གཉིས་པར་གནས་པ་རྣམས་ལ་སྣང་བ་མཐའ་ཡས་དང་། རིམ་པ་གསུམ་པ་ན་གནས་པ་རྣམས་ལ་རྣམ་པར་སྣང་མཛད་དང་། སྒོའི་ལྷ་མོ་རྣམས་ལ་དོན་ཡོད་གྲུབ་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་བུདྡྷྱ་ཀ་པཱ་ལི་ནཱི་ཨཱཿཧི་ཧི་ཧཱུཾ་

Vol. 76 · folio 134b

ཕཊ། སྙིང་པོའོ། །ལས་ཐམས་ཅད་པའི་སྔགས་ཀྱང་འདི་ཉིད་ཀྱིས་བྱའོ། །རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་སྟེང་དུ་རྒྱ་མཚོ་ཆེན་པོ་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་རབ་ཀྱི་སྤྱི་བོར་སྣ་ཚོགས་ཆུ་སྐྱེས་དང་སྣ་ཚོགས་རྡོ་རྗེའི་

ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་གི་སྙིང་པོར་རིམ་པ་དབུས་མའི་ལྟེ་བར་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་སྐུ་མདོག་ནག་པོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་ནག་པོ་དང་དཀར་པོ་

དང་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། ཕྱག་རྒྱ་དྲུག་དང་ལྡན་པ་ཐོད་པ་ལྔའི་ཕྲེང་བ་དཔྲལ་བར་གནས་པ་ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པ་ནག་པོའི་ཐོར་ཅོག་ཅན། དེ་བཞིན་གཤེགས་པ་ལྔ་འཕྲོ་བའི་དབུ་རྒྱན་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་རྒྱབ་ཏུ་

ཅུང་ཟད་འཕྱང་བ། ཕྱག་དྲུག་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཕྱག་དག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ་འམ་ནག་མོ་ལ་འཁྱུད་པ། གཡས་པ་དག་གིས་ནུ་མ་དང་མདའ། གཡོན་པ་དག་གིས་པདྨའི་སྣོད་དང་གཞུ་འཛིན་པའོ། །དེ་ནས་རེའུ་མིག་རྣམས་ལ་ཤར་དུ་གླང་པོ་ཆེའི་རྒྱལ་པོ་ལ་འགྱིང་

བའི་ཚུལ་གྱིས་གནས་པའི་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། །བྱང་དུ་རྨ་བྱ་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པའི་མི་བཟད་མཁའ་འགྲོ་མ་སེར་མོ་སྦྲུལ་གྱིས་བརྒྱན་པའོ། །ནུབ་ཏུ་མཁའ་ལྡིང་ལ་ཙོག་པུའི་འདུག་སྟངས་ཀྱིས་གནས་པའི་རོ་ལངས་མ་དམར་མོའོ། །ལྷོར་མིའམ་ཅིའི་གདན་ལ་སྐྱིལ་ཀྲུང་

ཕྱེད་པས་གནས་པའི་གཏུམ་མོ་སྔོན་མོ་དབུ་སྐྲ་དམར་པོ་གྲོལ་ཞིང་སྤྱི་བོར་ཐལ་མོ་སྦྱར་བའོ། །འདིར་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་ལྔ་ནི་གཡས་པ་དང་གཡོན་པའི་ཕྱག་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནི་གླང་པོ་ཆེ་ལ་སོགས་པ་པདྨ་

དང་ཉི་མ་ལ་གནས་པ་གླང་པོ་ཆེའི་པགས་པའི་སྨད་གཡོགས་དང་མིའི་པགས་པའི་སྟོད་གཡོགས་ཅན་ནོ། །དབང་ལྡན་དུ་སེང་གེ་ལ་འགྱིང་བའི་ཚུལ་གྱིས་གནས་པའི་སེང་གེ་མ་དཀར་སེར་ཕྱག་གཉིས་མ་གཡས་པས་སྟེང་དུ་འཕྱར་བའི་ཁ་ཊྲཱཾ་ག་དང་། གཡོན་པས་སྡིགས་མཛུབ་དང་བཅས་

Vol. 76 · folio 135a

པའི་ཞགས་པ་འཛིན་པའོ། །མེར་རྡོ་རྗེ་ཕག་ལ་ཟླུམ་པོའི་ཚུལ་གྱིས་གནས་པའི་སྟག་མོ་དཀར་ནག་ཕྱག་གཉིས་མ་གཡས་པ་དང་གཡོན་པས་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །བདེན་བྲལ་དུ་མ་ཧེ་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པའི་ཅེ་སྤྱང་མོ་ཅེ་སྤྱང་གི་གདོང་པ་ཅན་དམར་ནག་ཕྱག་

གཉིས་ཀྱིས་དགྲ་སྟ་དང་ཞགས་པ་འཛིན་པའོ། །རླུང་དུ་ཅེ་སྤྱང་ལ་ཙོག་པུའི་འདུག་སྟངས་ཀྱིས་གནས་པའི་འུག་པ་མོ་འུག་པའི་གདོང་པ་ཅན་དམར་སེར་ཕྱག་གཉིས་ཀྱིས་དབྱུག་པ་དང་ཞགས་པ་འཛིན་པའོ། །འདི་རྣམས་ནི་རང་རང་གི་བཞོན་པ་རྣམས་ལ་པདྨ་དང་ཉི་མར་གནས་པའོ། །ཤར་དུ་

མཁའ་འགྲོ་མའི་རྒྱབ་ཏུ་མཁའ་འགྲོ་མ་དཀར་མོ་ཕྱག་གཉིས་ཀྱི་རྩེ་མོ་ཁར་བཅུག་པའོ། །བྱང་དུ་མི་བཟད་མཁའ་འགྲོ་མའི་རྒྱབ་ཏུ་མར་མེ་མ་སེར་མོ་སྤྱི་བོར་མར་མེ་ལྟ་བུའི་ཐལ་མོ་སྦྱར་བ་དང་། ནུབ་ཏུ་རོ་ལངས་མའི་རྒྱབ་ཏུ་འཇིགས་བྱེད་མ་དམར་མོ་སྙིམ་པ་ཁྲག་གིས་བཀང་ནས་

གསོལ་བ་དང་། ལྷོར་གཏུམ་མོའི་རྒྱབ་ཏུ་ཀམ་པོ་ཛཱི་ནག་མོ་ཕྱག་དག་གིས་ཐུགས་ཀར་གཏུན་ཤིང་འཕྱར་བ་སྟེ་འདི་རྣམས་ནི་པདྨ་དང་ཉི་མ་དང་རོ་ལ་གནས་པའོ། །དེ་ནས་རྡོ་རྗེ་ཕྲེང་བ་དང་འོད་ཟེར་གྱི་ཁོར་ཡུག་གི་ཕྱི་རོལ་དུ་ཟླུམ་པོའི་རིམ་པར་པདྨ་དང་ཟླ་བ་རྣམས་ལ་ཤར་ཕྱོགས་སུ་པུཀྐ་སཱི་དང་

དྲ་མི་ཌི་དང་གཏུམ་མོ་རྣམས་ཕྱག་གཉིས་ཀྱིས་བདུད་རྩིའི་སྣོད་འཛིན་པའོ། །བྱང་དུ་མི་བཟད་མ་ཁྲག་མ་དང་ཤ་མ་རྣམས་ནི་སྒྲོན་མ་ལྔས་གང་བའི་པདྨའི་སྣོད་འཛིན་པའོ། །ནུབ་ཏུ་དྲག་ཤུལ་མ་དང་འབར་མ་དང་མི་སྡུག་མ་རྣམས་གཏོར་མའི་སྣོད་འཛིན་པའོ། །ལྷོར་ཐོད་པ་མ་དང་རྡོ་རྗེ་མ་དང་བུམ་པ་

ཅན་མ་རྣམས་བཏུང་བའི་སྣོད་འཛིན་པའོ། །དབང་ལྡན་དུ་སྒེག་མོ་བསྙེམས་པའི་ཕྱག་རྒྱ་ཅན་དང་དྲི་ཆབ་མ་དྲིའི་སྣོད་འཛིན་པའོ། །མེར་པི་ཝང་མ་པི་ཝང་བསྒྲེང་བ་དང་མེ་ཏོག་མ་མེ་ཏོག་འཐོར་བའོ། །བདེན་བྲལ་དུ་གླུ་མ་ཁའི་ཐད་ཀར་མཛུབ་མོ་གཡོ་བ་དང་བདུག་སྤོས་མ་སྤོས་དང་བཅས་པའི་སྤོས་ཕོར་འཛིན་

པའོ། །རླུང་དུ་གར་མ་གར་གྱི་ཚུལ་གྱིས་སྟེང་དུ་ཐལ་མོ་སྦྱར་བ་དང་མར་མེ་མ་མར་མེ་དང་བཅས་པའི་མར་མེའི་སྣོད་འཛིན་པའོ། །ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་ལྷ་སུམ་ཅུ་རྩ་གསུམ་པོ་འདི་རྣམས་ནི་ཕྱག་གཉིས་མ་ཞལ་གཅིག་པ་སྤྱན་གསུམ་པ་སྐྲ་གྲོལ་བ་དབུ་ལ་ཐོད་པའི་ཕྲེང་བ་ཅན་ནོ། །

Vol. 76 · folio 135b

མི་བཟད་མཁའ་འགྲོ་མ་ནི་དབུ་སྐྲ་གྱེན་དུ་བརྫེས་པ་སྟེ་སེང་གེ་མོ་ལ་སོགས་པ་ནི་གོས་དམར་པོ་གྱོན་པའོ། །པུཀྐ་སཱི་ལ་སོགས་པ་མེའི་མཚམས་ཀྱི་ལྷ་མོ་དག་ནི་དཀར་མོའོ། །མི་བཟད་མ་ལ་སོགས་པ་དང་དབང་ལྡན་གྱི་ལྷ་མོ་དག་ནི་སེར་མོའོ། །དྲག་ཤུལ་མ་ལ་སོགས་པ་དང་རླུང་གི་མཚམས་

ཀྱི་ལྷ་མོ་དག་ནི་དམར་མོའོ། །ཐོད་པ་མ་ལ་སོགས་པ་དང་བདེན་བྲལ་གྱི་མཚམས་ཀྱི་ལྷ་མོ་དག་ནི་ནག་མོའོ། །དེ་ནས་རྡོ་རྗེ་ཕྲེང་བའི་ཁོར་ཡུག་གི་ཕྱི་རོལ་གྱི་རིམ་པར་སྒོ་རྣམས་དང་སྣམ་བུ་རྣམས་ལ་ཆུ་སྐྱེས་དང་ཟླ་བའི་གདན་རྣམས་ལ་ཤར་སྒོར་ཁྱབ་འཇུག་ནག་པོ་དང་། བྱང་དུ་ཚངས་པ་སེར་པོ་དང་། ནུབ་

ཏུ་དབང་ཕྱུག་དཀར་པོ་དང་། ལྷོར་གདོང་དྲུག་དམར་པོ་དང་། དབང་ལྡན་གྱི་མཚམས་སུ་དབང་པོ་སེར་པོ་དང་། མེར་ལུས་ངན་པོ་སེར་པོ་དང་། བདེན་བྲལ་དུ་གཤིན་རྗེ་ནག་པོ་དང་། རླུང་དུ་ཆུ་ལྷ་དཀར་པོའོ། །ལྷའི་སྣམ་བུ་ལ་ཤར་དུ་ཀེང་རུས་འཇིགས་དང་ཁ་ཊྭཱཾ་གའི་སྲིན་པོ་དང་ཚོགས་ཀྱི་དབང་

ཕྱུག་དང་དྲིལ་བུའི་རྣ་བ་ཅན་རྣམས་དཀར་པོའོ། །བྱང་དུ་གཏུམ་མོའི་དབང་ཕྱུག་དང་མདུན་དུ་སའི་ལྷ་དང་རིམ་གྱི་དབང་ཕྱུག་དང་ཛྷི་ཀ་ར་འཇིགས་སུ་རུང་བ་རྣམས་སེར་པོའོ། །ནུབ་ཏུ་དྲག་པོའི་འདོད་པ་དང་ཤཎྜི་ལིའི་དབང་ཕྱུག་དང་ཌ་མ་རུའི་འདུལ་བྱེད་དང་སྒྲས་འཇིགས་བྱེད་རྣམས་

དམར་པོའོ། །ལྷོར་ཏུམྦུ་རའི་དབང་ཕྱུག་དང་། སྠཱ་ར་ནཱ་དོ་དང་མཆེ་བ་གཙིགས་པ་དང་གཞུ་འཛིན་རྣམས་ནག་པོའོ། །ཁྱབ་འཇུག་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་ནི་ཞལ་གཅིག་པ་སྤྱན་གསུམ་པ་ཕྱག་བཞི་པ་གཡས་པ་དག་གིས་ཁ་ཊྭཱཾ་ག་དང་རྩེ་གསུམ་འཛིན་པ་གཡོན་

པ་དག་གིས་ལྷ་མོ་ལ་འཁྱུད་པ་དང་ཐོད་པ་འཛིན་པ། རལ་པ་ནག་པོའི་ཐོར་ཅོག་ཅན་ཐོད་པ་ལྔའི་ཕྲེང་བ་དང་ཕྱག་རྒྱ་ལྔ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །འདི་རྣམས་ཀྱི་ལྷ་མོ་རྣམས་ཀྱང་ཕྱག་གཡས་པ་དང་གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །འདིར་དཔལ་ལྡན་

ནམ་མཁའི་རྣལ་འབྱོར་ལ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པ་སྟེ། ཡེ་ཤེས་མཁའ་འགྲོ་མ་ལ་མི་བསྐྱོད་པ་འམ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞི་དང་མཁའ་འགྲོ་མ་ལ་སོགས་པ་བཞི་རྟག་པ་དང་རིན་

Vol. 76 · folio 136a

ཆེན་དབང་པོ་དང་སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་སྟེ། སེང་གེ་མ་ལ་སོགས་པ་བཞི་ལ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་རྣམས་ཀྱིས་སོ། །ཚངས་པ་ལ་རྣམ་པར་སྣང་མཛད་ཀྱིས་ཏེ་དབང་ཕྱུག་ཆེན་པོ་ལ་སྣང་བ་

མཐའ་ཡས་ཀྱིས་སོ། །ལྷ་གཞན་དཀར་པོ་རྣམས་ལ་རྣམ་པར་སྣང་མཛད་དང་སེར་པོ་རྣམས་ལ་རིན་ཆེན་དབང་པོ་དང་། དམར་པོ་རྣམས་ལ་ཚེ་དཔག་མེད་དང་ནག་པོ་རྣམས་ལ་མི་བསྐྱོད་པ་ནག་པོའོ། །དཀྱིལ་འཁོར་གྱི་དབང་ཕྱུག་གི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་ཧུཾ་ཧཿསྭཱ་ཧཱ་ཞེས་པ་ནི་སྙིང་པོའོ། །ཨོཾ་ཡུཾ་

ཡཿསྭཱ་ཧཱ། ཞེས་པ་ནི་རོ་ལངས་མའི་སྟེ་ལས་ཐམས་ཅད་པའི་སྔགས་སོ་ཞེས་པ་རིམ་པ་གསུམ་གྱི་དཀྱིལ་འཁོར་རོ། །སྙིང་པོའི་དཀྱིལ་འཁོར་གཞལ་ཡས་ཁང་ལྟ་བུ་ལ་མཁའ་འགྲོ་མ་ལ་སོགས་པ་བཞི་པོ་རྣམས་ནི་སྒོ་རྣམས་སུའོ། །ཞེས་པ་གཞན་དག་གིའོ། །རིམ་པ་གཉིས་པ་ལ་ཡང་གཞལ་ཡས་

ཁང་གི་གཟུགས་སོ་ཞེས་པ་ནི་གཞན་དག་གི་སྟེ་དེ་ཡང་ཟླུམ་པོའི་བྱེད་པ་ཁ་ཅིག་གོ། །གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་སྟེང་དུ་གནས་པའི་མ་ཧེ་ནག་པོ་ཁྲོས་པ་རུས་པའི་རྒྱན་གྱིས་བརྒྱན་པའི་

རྒྱབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་རྐང་སྟབས་ཀྱིས་གཤིན་རྗེ་མནན་ནས་བཞུགས་པའི་གཤིན་རྗེ་གཤེད་ནག་པོ་སྨིན་མ་དང་སྨ་ར་ལངས་ཤིང་དབུ་སྐྲ་གྱེན་དུ་བརྫེས་པ། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྐུ་བོང་ཐུང་ཞིང་གསུས་པ་འཕྱང་བ། ཡན་ལག་རགས་པ་མི་

མགོའི་ཕྲེང་བ་མགུལ་པར་འཕྱང་བ་ལྗགས་འགྱུར་བ་མཆེ་བ་འབར་ཞིང་གཙིགས་པ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་ནག་པོ་དང་དཀར་པོ་དང་དམར་པོ་ཕྱག་དྲུག་གི་གྲི་གུག་དང་ཐོད་པར་ལྡན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། གཡས་པ་དག་གིས་

རྡོ་རྗེ་དང་རལ་གྲི་གཡོན་པ་དག་གིས་འཁོར་ལོ་དང་པདྨ་འཛིན་པ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བཞིན་དུ་མཐའ་ཡས་ལ་སོགས་པའི་ཀླུ་རྣམས་ཀྱིས་བརྒྱན་པའོ། །འདིའི་ཤར་དུ་རྣམ་པར་སྣང་མཛད་དཀར་པོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་དཀར་པོ་དང་ནག་པོ་དང་

Vol. 76 · folio 136b

དམར་པོ། །ཕྱག་གཡས་པ་དག་གིས་འཁོར་ལོ་དང་རལ་གྲི་དང་། གཡོན་པ་དག་གིས་རིན་པོ་ཆེ་དང་ཆུ་སྐྱེས་འཛིན་པའོ། །ལྷོར་རིན་ཆེན་དབང་པོ་གསེར་བཙོ་མའི་མདོག་ལྟ་བུ་སེར་པོ་དང་སྔོན་པོ་དང་དཀར་པོའི་ཞལ་གསུམ་པ་ཕྱག་གཡས་པ་དག་གིས་རིན་པོ་ཆེ་དང་རལ་གྲི། གཡོན་པ་དག་གིས་

འཁོར་ལོ་དང་པདྨ་འཛིན་པའོ། །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་དམར་པོ་དང་ནག་པོ་དང་དཀར་པོའི་ཞལ་གསུམ་པ། ཕྱག་གཡས་པ་དག་གིས་པདྨ་དང་རལ་གྲི་དང་། གཡོན་པ་དག་གིས་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་ལྗང་གུ་དང་ནག་པོ་དང་དཀར་

པོའི་ཞལ་གསུམ་པ། ཕྱག་གཡས་པ་དག་གིས་རལ་གྲི་དང་འཁོར་ལོ། གཡོན་པ་དག་གིས་ནོར་བུ་དང་པདྨ་འཛིན་པའོ། །བཞི་ཆར་ཡང་འཁོར་ལོའི་དབང་ཕྱུག་གི་མཚན་ཉིད་ཅན་གྱི་ཁྲོ་བོ། གཡས་པ་དང་ཅིག་ཤོས་ཀྱི་རྩ་བའི་ཕྱག་དག་གིས་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་ཡུམ་ལ་

འཁྱུད་པའོ། །མེའི་མཚམས་སུ་རྡོ་རྗེ་ཙརྩི་ཀ་སྐུ་དང་ཕྱག་མཚན་རྣམས་གཏི་མུག་གཤིན་རྗེ་གཤེད་ལྟ་བུའོ། །བདེན་བྲལ་དུ་རྡོ་རྗེ་ཕག་མོ་ཕག་ཞལ་ཅན་མ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུའོ། །དབང་ལྡན་དུ་གཽ་རཱི་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུའོ། །འདིར་རྣམ་པར་སྣང་མཛད་ལ་སོགས་པ་ནི་སྣ་ཚོགས་རྡོ་རྗེའི་

རྩ་བ་རྣམས་སུ་ཏེ། མཚམས་རྣམས་སུ་ནི་རྡོ་རྗེ་ཙརྩི་ཀ་ལ་སོགས་པ་རང་དང་འདྲ་བའི་ཐབས་དང་བཅས་པའོ། །སྒོ་རྣམས་ལ་ཤར་དུ་ཐོ་བ་གཤིན་རྗེ་གཤེད་ནག་པོའོ། །ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན། ཕྱག་གཡས་པ་དག་གིས་ཐོ་བ་དང་རལ་གྲི་དང་། གཡོན་པ་དག་གིས་ནོར་བུ་དང་པདྨ་འཛིན་

པའོ། །ལྷོར་དབྱུག་པ་གཤིན་རྗེ་གཤེད་དཀར་པོ་དཀར་པོ་དང་སྔོན་པོ་དང་དམར་པོའི་ཞལ་ཅན་ཕྱག་གཡས་པ་དག་གིས་དབྱུག་པ་དང་རལ་གྲི། གཡོན་པ་དག་གིས་པདྨ་དང་འཁོར་ལོ་འཛིན་པའོ། །ནུབ་ཏུ་པདྨ་གཤིན་རྗེ་གཤེད་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུའོ། །བྱང་དུ་རལ་གྲི་གཤིན་རྗེ་

གཤེད་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ་ལས་ཅུང་ཟད་སྔོ་བའོ། །ཐམས་ཅད་ཀྱང་ཁྲོ་བོ་ཀླུ་རྣམས་ཀྱིས་བརྒྱན་པ། འཇིགས་པའི་གད་རྒྱངས་ཅན། དབུ་སྐྲ་དམར་སེར་གྱེན་དུ་འབར་བ་མཆེ་བ་གཙིགས་པའི་ཞལ་ཅན། རྩ་བའི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཤེས་རབ་མ་ལ་

Vol. 76 · folio 137a

འཁྱུད་པའོ། །འདིར་རྣམ་པར་སྣང་མཛད་དང་ལྷ་མོ་རྣམས་ནི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སྟེ། ལྷ་གཞན་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ། །དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་བཞིར་སྣ་ཚོགས་པདྨ་ལ་གནས་པའི་ཐོད་པ་བཞི་ནི། ཁུ་བ་དང་རྡུལ་དང་

བདུད་རྩི་ལྔ་དང་སྒྲོན་མ་ལྔས་གང་བའོ། །རིགས་ཀྱི་བདག་པོ་ནི་གཤིན་རྗེ་གཤེད་ནག་པོའི་སྤྱི་བོར་རང་ཉིད་དེ། རྣམ་པར་སྣང་མཛད་ལ་སོགས་པ་བཞིའི་ཡང་དེ་བཞིན་ནོ། །དེ་རྣམས་ནི་གོ་རིམས་ཇི་ལྟ་བར་སྤྱན་མ་ལ་སོགས་པ་བཞི་དང་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱི་ཡང་ངོ་། །བཅོམ་ལྡན་

འདས་ཀྱི་ཐུགས་ཀའི་ས་བོན་ནི་ཡའོ། །ཨོཾ་ཧྲིཿཥྚྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་སྙིང་པོ་སྟེ་ལས་ཐམས་ཅད་པའི་སྔགས་ཀྱང་འདིའོ། །རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་སྙིང་པོར་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་

བར་ཟླ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་སྒྲོལ་མ་གསེར་གྱི་མདོག་ལྟ་བུ་སངས་རྒྱས་ལྔའི་ཅོད་པན་ཅན། རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་པའི་ཞལ་བཞི་གསེར་གྱི་མདོག་དང་། དཀར་པོ་དང་སྔོན་པོ་དང་དམར་པོའོ། །ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་མདའ་དང་དུང་རྣམས་འཛིན་པ།

གཡོན་པ་རྣམས་ནི་ཨུཏྤ་ལ་སེར་པོ་དང་གཞུ་དང་ལྕགས་ཀྱུ་དང་སྡིགས་མཛུབ་ཅན་ནོ། །ཤར་གྱི་འདབ་མ་ལ་མེ་ཏོག་སྒྲོལ་མ་དཀར་མོ་ཕྱག་དག་གིས་མེ་ཏོག་གི་ཕྲེང་བ་འཛིན་པ་དང་། ལྷོར་བདུག་སྦོས་སྒྲོལ་མ་ནག་མོ་ཕྱག་དག་གིས་བདུག་སྤོས་ཀྱི་སྣོད་འཛིན་པ་དང་། ནུབ་ཏུ་མར་མེ་སྒྲོལ་མ་སེར་མོ་

ཕྱག་གཉིས་ཀྱིས་མར་མེའི་ཀོང་བུ་འཛིན་པ་དང་། བྱང་དུ་དྲི་ཆབ་སྒྲོལ་མ་དམར་མོ་ཕྱག་གཉིས་ཀྱིས་དྲི་ཆབ་ཀྱི་དུང་ཆོས་འཛིན་པ་སྟེ་ལྷ་མོ་བཞི་པོ་འདི་རྣམས་ཀྱང་ཟླ་བ་ལ་གནས་པའོ། །མེ་ལ་སོགས་པའི་འདབ་མ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་དེ་དག་ལྟ་བུའི་འཁོར་ལོ་དང་རྡོ་རྗེ་དང་

པདྨ་དང་རལ་གྲིའོ། །རིམ་པ་གཉིས་པ་ལ་སྒོ་རྣམས་སུ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ཕྱག་གཡས་པས་ལྕགས་ཀྱུ་འཛིན་པ་དང་། ལྷོར་རྡོ་རྗེ་ཞགས་པ་མ་སེར་མོ་ཕྱག་གཡས་པས་ཞགས་པ་འཛིན་པ་དང་། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཕྱག་གཡས་བས་རྡོ་རྗེས་མཚན་པའི་ལྕགས་སྒྲོག་

Vol. 76 · folio 137b

འཛིན་པ་དང་། བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་གུ་ཕྱག་གཡས་པས་རྡོ་རྗེ་དྲིལ་བུ་འཛིན་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་གནས་པའི་སྣ་ཚོགས་པདྨ་རྣམས་ལ། སྤྱན་མ་ལ་སོགས་པ་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ཀྱི་བུམ་པ་དང་། རི་རབ་དང་མེ་ཐབ་དང་རྒྱལ་མཚན་ཆེན་པོའོ། །སྟེང་

དུ་གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་ཕྱག་གཡས་པས་འཁོར་ལོ་འཛིན་པ་སྟེ། འོག་ཏུ་གནོད་མཛེས་མ་སྔོན་མོ་ཀླུའི་ཞགས་པ་འཛིན་པའོ། །ལྷ་མོ་བཅུ་དྲུག་པོ་འདི་རྣམས་ནི་ཕྱག་གཡོན་པ་སྡིགས་མཛུབ་དང་བཅས་པ་སྟེ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ། །བཅུ་པོ་འདི་རྣམས་ཀྱང་ཞལ་གཅིག་

པ་ཕྱག་གཉིས་མའོ། །བཅུ་གཅིག་པོ་རྣམས་ཀྱང་རྡོ་རྗེ་སྐྱིལ་ཀྲུང་ཅན་གསེར་གྱི་རྣ་ཆ་གཡོ་བ། རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེས་བརྒྱན་པ། པདྨ་རཱ་གའི་འོད་ཟེར་འཕྲོ་བའོ། །རིགས་ཀྱི་བདག་པོ་ནི་རྡོ་རྗེ་སྒྲོལ་མའི་རིན་ཆེན་དབང་པོའོ། །མེ་ཏོག་སྒྲོལ་མ་ལ་སོགས་པ་ནི་རྣམ་པར་སྣང་མཛད་དང་མི་བསྐྱོད་

པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ཏེ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་ཀྱི་ཡང་ངོ་། །གཙུག་ཏོར་རྣམ་པར་རྒྱལ་མའི་རིན་ཆེན་དབང་པོ་སྟེ། གནོད་མཛེས་མའི་མི་བསྐྱོད་པའོ། །བཅོམ་ལྡན་འདས་མའི་ཐུགས་ཀའི་ས་བོན་ནི་ཏཱཾ་ངོ་། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ནི་སྙིང་པོ་སྟེ་ལས་

ཐམས་ཅད་པའི་སྔགས་ཀྱང་འདིའོ། །འོད་ཟེར་ཅན་གྱི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་གནས་པའི་ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་སྟེ། ཁ་ཅིག་ནི་ཆོས་འབྱུང་མེད་པར་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་ངོ་ཞེས་པའོ། །གཞལ་ཡས་ཁང་གི་ལྟེ་བར་མཆོད་རྟེན་གྱི་ཕུག་གི་སྙིང་པོར་སྣ་

ཚོགས་ཆུ་སྐྱེས་ལ་གནས་པའི་ཟླ་བའམ་ཉི་མ་ལ་གཡས་བསྐུམ་ཞིང་གཡོན་བརྐྱང་བས་གནས་པའི་བཅོམ་ལྡན་འདས་མ་འོད་ཟེར་ཅན་སེར་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་ཅན། དབུའི་རྩེར་མཆོད་རྟེན་གྱིས་བརྒྱན་པ་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ལྡན་པ། ཞལ་གསུམ་མ་རྩ་བའི་ཞལ་

སེར་པོ་གཡས་ཞལ་དཀར་པོ། གཡོན་ཞལ་ནག་པོ་ཕག་པའི་གདོང་ཅན་ཁྲོས་པ་ཁྲོ་གཉེར་དང་ཟུར་མིག་ཏུ་ལྡན་པ། ལྗགས་འདྲིལ་བ་འཇིགས་སུ་རུང་བ་ཕྱག་དྲུག་མ་གཡས་པ་རྣམས་ཀྱིས་མདའ་དང་རྡོ་རྗེ་དང་ཁབ་འཛིན་པ། གཡོན་པ་རྣམས་ཀྱིས་གཞུ་དང་སྐུད་པ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག་མེ་

Vol. 76 · folio 138a

ཏོག་དང་བཅས་པ་འཛིན་པ། སྨད་གཡོགས་སྔོན་པོ་གྱོན་པ་རྣམ་པར་བཀྲ་བའི་སྟོད་གཡོགས་སྔོན་པོ་ཅན། སེར་པོའི་མདོག་ཅན་གྱི་ཕག་པ་ལ་གནས་ཤིང་དེའི་མདོག་ཅན་གྱི་ཕག་པས་ཡོངས་སུ་བསྐོར་བ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བས་དབུ་ལ་བརྒྱན་པའོ། །ཤར་ཕྱོགས་སུ་ཨརྐ་མ་སཱི་མེ་

ཏོག་བནྡུ་ཀའི་མདོག་ཅན་གཡས་པ་དང་གཡོན་པའི་ཕྱག་གིས་ཁབ་དང་སྐུད་པ་འཛིན་པའོ། །ལྷོར་མརྐ་མ་སཱི་སེར་མོ་གསེར་གྱི་མདོག་ཅན་གཡས་པས་སྐུད་པ་དང་བཅས་པའི་ཁབ་དང་གཡོན་པས་མྱ་ངན་མེད་པའི་ཡལ་ག་འཛིན་པའོ། །ནུབ་ཏུ་ཨནྡྷར་དྷ་མ་སཱི་སེར་མོ་གཡས་པས་མྱ་ངན་མེད་པའི་ཡལ་ག་དང་

གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །བྱང་དུ་ཏེ་ཛོ་མ་སཱི་དམར་མོའི་མདོག་ཅན་གཡས་པ་དང་གཡོན་པའི་ཕྱག་གིས་མདའ་དང་གཞུ་འཛིན་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ཨུ་ད་ཡ་མ་སཱི་དང་གུལ་མ་མ་སཱི་དང་པ་ན་མ་སཱི་དང་ཙི་བ་ར་མ་སཱི་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་

ཨརྐ་མ་སཱི་ལ་སོགས་པའི་སྐུ་མདོག་དང་ཕྱག་མཚན་ནོ། །རིམ་པ་ཕྱི་མའི་སྣམ་བུ་རྣམས་ལ་ཤར་དུ་མ་ཧཱ་ཙི་བ་ར་མ་སི་དང་བ་རཱ་ཧཱ་མུ་ཁི་མཆེ་བ་གཙིགས་པ་འཇིགས་སུ་རུང་བ་གཡས་པས་རྡོ་རྗེ་ལྕགས་ཀྱུ་དང་གཡོན་པས་རྡོ་རྗེ་ཞགས་པ་འཛིན་པའོ། །ལྷོར་པ་ཏ་ཀྲ་མ་སཱི་དང་བ་ར་ལི་སེར་མོ་གཡས་པས་མྱ་ངན་མེད་

པའི་ཡལ་ག་དང་གཡོན་པས་རྡོ་རྗེ་འཛིན་པའོ། །ནུབ་ཏུ་པ་ར་ཀྲ་མ་སཱི་དང་བ་ད་ལེ་དམར་མོ་གཡས་པ་དང་གཡོན་པ་དག་གིས་མདའ་དང་གཞུ་འཛིན་པའོ། །བྱང་དུ་ཨཱུརྨ་མ་སཱི་དང་བ་ར་ལི་ལྗང་གུ་གཡས་པ་དང་གཡོན་པའི་ཕྱག་དག་གིས་ཁབ་དང་སྐུད་པ་འཛིན་པའོ། །མེའི་མཚམས་སུ་བཏྟཱ་ལི་དམར་པོའི་

མདོག་ཅན་གཡས་པ་དང་གཡོན་པའི་ཕྱག་དག་གིས་ཁབ་དང་སྐུད་པ་འཛིན་པའོ། །བདེན་བྲལ་དུ་བ་དཱ་ལི་སེར་མོ་གཡས་པས་སྐུད་པ་དང་བཅས་པའི་ཁབ་དང་གཡོན་པས་ཡལ་ག་དང་བཅས་པའི་མྱ་ངན་མེད་པའི་མེ་ཏོག་གི་ཆུན་པོ་འཛིན་པའོ། །རླུང་དུ་བ་རཱ་ལི་དཀར་མོ་གཡས་པ་དང་གཡོན་པ་དག་གིས་

མྱ་ངན་མེད་པའི་ཡལ་ག་དང་ཞགས་པ་འཛིན་པའོ། །དབང་ལྡན་དུ་བ་རཱ་ཧཱ་མུ་ཁི་དམར་མོ་ཕྱག་གཉིས་ཀྱིས་མདའ་དང་གཞུ་འཛིན་པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ཨཱ་ལོ་དང་། ཏཱ་ལོ་དང་། ཀཱ་ལོ་དང་། སད་པ་ལོ་སམྦ་མཱུརྡྷ་ཊི་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ། དཀར་མོ་དང་། སེར་མོ་དང་། དམར་

Vol. 76 · folio 138b

མོ་དང་། ལྗང་གུ་སྟེ་ཕྱག་གཉིས་མ་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ། །ཨརྐ་མ་སཱི་ལ་སོགས་པའི་ལྷ་མོ་ཉི་ཤུ་རྩ་བཞི་པོ་འདི་རྣམས་མངོན་པར་གསར་དུ་བྱུང་བའི་ལང་ཚོ་ཅན་སྤྱི་བོར་མཆོད་རྟེན་གྱིས་བརྒྱན་པ། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ལྡན་པ་རྣམ་པར་

བཀྲ་བའི་གོས་སྔོན་པོས་སྟོད་གཡོགས་བྱས་པ། ཕག་ཞལ་གཅིག་མ་སྤྱན་གསུམ་མ་ཕྱག་གཉིས་མ་གསེར་གྱི་མདོག་ཅན་གྱི་ཕག་པ་ལ་གནས་ཤིང་། གསེར་གྱི་མདོག་ཅན་གྱི་ཕག་པས་ཡོངས་སུ་བསྐོར་བའོ། །སྒོ་སྐྱོང་མ་རྣམས་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གཡས་བརྐྱང་གིས་གནས་པ་སྟེ་

གཞན་ཉི་ཤུ་རྩ་བཞི་པོ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་གཡོན་བརྐྱང་གིས་གནས་པའོ། །རིགས་ཀྱི་བདག་པོ་ནི་འོད་ཟེར་ཅན་མའི་རྟག་པའོ། །ཤར་ལ་སོགས་པའི་ཕྱོགས་ལ་བསྐོར་བ་རྣམས་ཀྱི་མི་བསྐྱོད་པ་དང་རིན་ཆེན་དབང་པོ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ཏེ་མེ་ལ་སོགས་པའི་མཚམས་

ལ་བསྐོར་བ་རྣམས་ཀྱིའང་དེ་བཞིན་ནོ་ཞེས་པ་ནི་ཁ་ཅིག་གོ། །ཡང་ན་དཀར་མོ་རྣམས་ཀྱི་རྣམ་པར་སྣང་མཛད་དང་ནག་མོ་རྣམས་ཀྱི་མི་བསྐྱོད་པ་དང་། སེར་མོ་རྣམས་ཀྱི་རིན་ཆེན་འབྱུང་ལྡན་དང་། ལྗང་གུ་རྣམས་ཀྱི་དོན་ཡོད་གྲུབ་པའོ་ཞེས་པ་ནི་གཞན་ནོ། །འོད་ཟེར་ཅན་གྱི་ཐུགས་ཀའི་ས་བོན་ནི་མཾ་མོ། །

ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་པ་ནི་སྙིང་པོའོ། །ཨོཾ་མཱ་རཱི་ཙྱཻ་ཧཱུཾ་སརྦྦ་བིགྷྣཱན་ཨུདྤཱ་ད་ཡ་ཧཱུཾ་ཕཊ། ཅེས་པ་ལས་ཐམས་ཅད་པའི་སྔགས་སོ།། །།བསྲུང་བ་ལྔའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་རི་རབ་ཀྱི་སྟེང་གི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་བཅོམ་ལྡན་འདས་མ་སོ་སོར་འབྲང་

མ་ཆེན་མོ་འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། ཞལ་བཞི་མ་རྩ་བའི་ཞལ་སེར་མོ་གཡས་དཀར་བ་རྒྱབ་སྔོ་བ། གཡོན་དམར་བ་ཕྱག་བཅུ་གཉིས་མ་གཡས་པ་རྣམས་ཀྱིས་རིན་པོ་ཆེའི་གདུགས་དང་འཁོར་ལོ་དང་རྡོ་རྗེ་དང་མདའ་དང་རལ་གྲི་དང་མཆོག་སྦྱིན་གྱི་ཕྱག་རྒྱའོ། །གཡོན་པ་རྣམས་ཀྱིས་རྡོ་རྗེ་

དང་ཞགས་པ་དང་རྩེ་གསུམ་དང་གཞུ་དང་དགྲ་སྟ་དང་དུང་རྣམས་འཛིན་པ། དབུ་ལ་མཆོད་རྟེན་གྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་ཅན་མའོ། །དེའི་ཤར་ཕྱོགས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་རོལ་པའི་ཀུན་དུ་བསྐྱོད་པས་བཞུགས་པ། སྐུ་མདོག་དཀར་མོ་ཟླ་བའི་

Vol. 76 · folio 139a

དཀྱིལ་འཁོར་གྱི་འོད་ཅན་ཞལ་བཞི་མ་རྩ་བའི་ཞལ་དཀར་མོ་གཡས་སྔོ་བ་རྒྱབ་སེར་བ་གཡོན་ལྗང་གུ་ཕྱག་བཅུ་མ་གཡས་པ་རྣམས་ཀྱིས་པདྨ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་དང་མཆོག་སྦྱིན་དང་ལྕགས་ཀྱུ་དང་མདའ་དང་རལ་གྲི་དང་གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་སྡིགས་མཛུབ་དང་ཞགས་

པ་དང་གཞུ་དང་དགྲ་སྟ་རྣམས་འཛིན་པའོ། །ལྷོར་སྣ་ཚོགས་པདྨ་དང་ཉི་མ་ལ་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ་རྡོ་རྗེའི་སྐྱིལ་ཀྲུང་ཅན་མ་ནག་མོ་ཉི་མའི་འོད་ཅན་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་ནག་པོ་དང་དཀར་པོ་དང་དམར་པོ་ཕྱག་བཅུ་གཉིས་མ་གཡས་པ་དང་གཡོན་པའི་

ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཞན་པ་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་མཛད་པ་གཡས་པའི་ཕྱག་རྣམས་ཀྱིས་རྡོ་རྗེ་དང་མདའ་དང་མཆོག་སྦྱིན་དང་མི་འཇིགས་པའི་ཕྱག་རྒྱ་དང་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་དང་རིན་པོ་ཆེའི་གདུགས་དང་

པདྨ་ལ་གནས་པའི་བུམ་པ་འཛིན་པའོ། །ནུབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་བསིལ་བའི་ཚལ་ཆེན་མོ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་དམར་མོ་ཉི་མའི་འོད་ཅན་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་དམར་པོ་དང་དཀར་པོ་དང་ནག་པོ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་པདྨ་དང་བཅས་པའི་མི་འཇིགས་པའི་

ཕྱག་རྒྱ་དང་མདའ་དང་རྡོ་རྗེ་དང་རལ་གྲི་དང་། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་དང་རིན་པོ་ཆེའི་རྒྱལ་མཚན་དང་ཐུགས་ཀར་པོ་ཏི་འཛིན་པའོ། །བྱང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་རྨ་བྱ་ཆེན་མོ་སེམས་དཔའི་སྐྱིལ་ཀྲུང་ཅན་ལྗང་གུ་ཟླ་བའི་འོད་ཅན་རྩ་བ་དང་གཡས་པ་དང་གཡོན་པའི་

ཞལ་རྣམས་ལྗང་གུ་དང་ནག་པོ་དང་དཀར་པོ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་རྨ་བྱའི་མཇུག་སྒྲོ་དང་མདའ་དང་མཆོག་སྦྱིན་དང་རལ་གྲི། གཡོན་པ་རྣམས་ཀྱིས་ལྷུང་བཟེད་ལ་གནས་པའི་དགེ་སློང་དང་གཞུ་དང་པང་དུ་གནས་པའི་བུམ་པ་རིན་པོ་ཆེ་འབར་བ་འབབ་པ་ཅན་དང་སྣ་ཚོགས་རྡོ་རྗེས་སྤྲས་པའི་རིན་པོ་ཆེའི་

རྒྱལ་མཚན་འཛིན་པ། རིམ་པ་གཉིས་པ་ལ་མེའི་མཚམས་སུ་དུས་མ་ནག་མོ་ཕྱག་དག་གིས་དུང་འཛིན་པ་དང་། བདེན་བྲལ་དུ་དུས་མཚན་མ་སེར་མོ་ཕྱག་དག་གིས་རྡོ་རྗེས་མཚན་པའི་རྒྱལ་མཚན་འཛིན་པ་དང་། རླུང་དུ་དུས་ཀྱི་རྣ་བ་མོ་དམར་མོ་ཕྱག་དག་གིས་དགྲ་སྟ་འཛིན་པ་དང་། དབང་ལྡན་དུ་དཀར་མོ་སྐུ་

Vol. 76 · folio 139b

མདོག་དཀར་མོ་ཕྱག་དག་གིས་རྩེ་གསུམ་འཛིན་པ་སྟེ་བཞི་པོ་འདི་དག་ནི་ཞལ་གཅིག་ཕྱག་གཉིས་མའོ། །དགུ་པོ་འདི་རྣམས་ནི་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ལྷའི་གོས་དང་རིན་པོ་ཆེའི་ཅོད་པན་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་རིམ་པ་ཇི་ལྟ་བ་བཞིན་དུ་རིན་ཆེན་དབང་པོ་དང་རྣམ་པར་སྣང་

མཛད་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་དང་རིན་ཆེན་དབང་པོ་དང་སྣང་བ་མཐའ་ཡས་དང་རྣམ་པར་སྣང་མཛད་རྣམས་ཀྱིས་རྒྱས་བཏབ་པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་རྡོ་རྗེ་

འབེབས་མ་རྣམས་ནི་སྔ་མ་བཞིན་ནོ། །སོ་སོར་འབྲང་མ་ཆེན་མོ་ལ་སོགས་པ་རྣམས་ཀྱི་ས་བོན་ནི་པྲཾ་དང་། ཨོཾ་མ་ནི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པ་ནི་སྙིང་པོ་དང་། ས་བོན་ནི་བུཾ་དང་། ཨོཾ་ཨཱཿམ་ཧཱ་སཱ་ཧ་སྲ་པྲ་མརྡ་ནཱི་ཧཱུཾ་ཧཱུཾ་ནི་སྙིང་པོ་དང་། ས་བོན་ནི་ཧཱུཾ་དང་། ཨོཾ་ཨཱཿམ་ཧཱ་མནྟྲ་ཨ་ནུ་སཱ་རི་ཎི་

ཧཱུཾ་ཧཱུཾ་ནི་སྙིང་པོ་དང་། ས་བོན་ནི་ཛཱིཾ་དང་། ཨོཾ་ཨཱཿམ་ཧཱ་ཤཱི་ཏ་བ་ཏི་ཛཱིཾ་ཧཱུཾ་ཧཱུཾ་ནི་སྙིང་པོ་དང་། ས་བོན་ནི་མཾ་དང་། ཨོཾ་ཨཱཿམ་ཧཱ་མ་ཡཱུ་རཱ་བི་དྱཱེ་རཱ་ཛྙི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ནི་སྙིང་པོའོ། །དགོས་པའི་དབང་གིས་འདི་རྣམས་གང་ཡང་རུང་བས་འཁོར་ལོའི་དབང་ཕྱུག་མ་བྱ་སྟེ། འཁོར་ལོའི་དབང་ཕྱུག་

མའི་སྙིང་པོའི་སྔགས་ནི་ལས་ཐམས་ཅད་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་གླིང་རྣམས་དང་ཉེ་བའི་གླིང་རྣམས་རྒྱ་མཚོ་བདུན་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་སྟེ། དེའི་དབུས་སུ་སེང་གེའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་བཅོམ་ལྡན་འདས་

རྣམ་པར་སྣང་མཛད་དཀར་པོ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཉི་མའི་འོད་ཅན། སངས་རྒྱས་ལྔས་སྤྲས་པའི་རིན་པོ་ཆེའི་ཅོད་པན་གྱིས་བརྒྱན་པའི་རལ་པའི་ཐོར་ཅོག་དང་ལྡན་པ། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་། གོས་ཅན་ཞི་བ། དཀར་པོ་དང་སེར་པོ་དང་། དམར་པོ་དང་། ལྗང་གུའི་

ཞལ་བཞི་པ། ཕྱག་བརྒྱད་པ་གཡས་པ་དང་གཡོན་པ་དག་གིས་རྡོ་རྗེ་དང་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན་པ། གཞན་པ་དག་གིས་བསམ་གཏན་གྱི་ཕྱག་རྒྱ་འཛིན་པ། གཡས་པ་དག་གིས་བགྲང་ཕྲེང་དང་མདའ་འཛིན་པ་གཡོན་པ་དག་གིས་འཁོར་ལོ་དང་གཞུ་འཛིན་པའོ། །ཡང་

Vol. 76 · folio 140a

ན་འདི་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན་པ་སྟེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བསླང་བ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །འདབ་མ་རྣམས་ལ་མདུན་དུ་སེམས་མ་རྡོ་རྗེ་མ་སྔོན་མོ་

གཡས་པས་རྡོ་རྗེ་རྩེ་ལྔ་པ་དམར་པོ་དང་གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །གཡས་སུ་རིན་ཆེན་རྡོ་རྗེ་མ་སེར་མོ་གཡས་པས་རྡོ་རྗེ་རྩེ་ལྔ་པའི་རྩེ་མོར་རིན་པོ་ཆེས་མཚན་པ་འཛིན་ཞིང་། གཡོན་པས་སྡིགས་མཛུབ་མཛད་པའོ། །རྒྱབ་ཏུ་ཆོས་ཀྱི་རྡོ་རྗེ་མ་དམར་མོ་གཡས་པས་རྡོ་རྗེ་རྩེ་ལྔ་པས་

མཚན་པའི་པདྨ་འདབ་བརྒྱད་དཀར་དམར་དང་གཡོན་པས་པདྨ་འཛིན་པའོ། །གཡོན་དུ་ལས་ཀྱི་རྡོ་རྗེ་མ་ལྗང་གུ་གཡས་པས་དེ་བཞིན་གཤེགས་པ་ལྔའི་མདོག་ཅན་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་འཛིན་ཞིང་གཡོན་པས་སྡིགས་མཛུབ་མཛད་པའོ། །དེ་ནས་ཤར་ཕྱོགས་སུ་གླང་པོ་ཆེའི་དབང་པོའི་སྟེང་དུ་སྣ་

ཚོགས་པདྨའི་ལྟེ་བ་ལ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་པའི་སོར་མོ་གུང་མོས་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་བཟུང་ནས་ས་གནོན་གྱི་ཚུལ་མཛད་ཅིང་། ཕྱག་གཡོན་པ་གན་རྐྱལ་པང་དུ་བཞག་པའོ། །འདབ་མ་རྣམས་ལ་མདུན་དུ་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་པའི་སོར་

མོ་གུང་མོས་ཐུགས་ཀར་གཏོད་པའི་ཚུལ་དུ་རྡོ་རྗེ་འཛིན་པ་གཡོན་པའི་ཁུ་ཚུར་གྱིས་བསྙེམས་པ་དང་བཅས་པའི་དྲིལ་བུ་དཀུར་བརྟེན་ནས་འཛིན་པའོ། །གཡས་སུ་རྡོ་རྗེ་རྒྱལ་པོ་སེར་པོ་ཕྱག་གཡས་པར་གནས་པའི་རྡོ་རྗེ་ལྕགས་ཀྱུས་འགུགས་པའི་ཚུལ་མཛད་ཅིང་གཡོན་པས་ཞགས་པ་འཛིན་པའོ། །ཁ་ཅིག་ནི་ཕྱག་

གཉིས་ཀྱིས་རྡོ་རྗེ་ལྕགས་ཀྱུ་འཛིན་པས་སྤྱན་འདྲེན་པའི་ཚུལ་བྱེད་པའོ་ཞེས་པའོ། །གཡོན་དུ་རྡོ་རྗེ་ཆགས་པ་དམར་པོ་གཡོན་པ་དང་ཅིག་ཤོས་དག་གིས་གཞུ་དང་མདའ་འཛིན་པའོ། །རྒྱབ་ཏུ་རྡོ་རྗེ་ལེགས་པ་མ་ར་ཀ་ཏའི་མདོག་ལྟ་བུ་རྡོ་རྗེ་དང་བཅས་པའི་ཕྱག་གཉིས་ཀྱིས་ཐུགས་ཀར་ལེགས་སོ་སྦྱིན་པའི་ཚུལ་

མཛད་པའོ། །ལྷོར་རྟའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་རིན་ཆེན་འབྱུང་ལྡན་སེར་པོ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་པ་རྡོ་རྗེས་མཚན་པའི་རིན་པོ་ཆེ་སོར་མོ་གུང་མོས་བཟུང་ནས་མཆོག་སྦྱིན་གྱི་ཚུལ་མཛད་ཅིང་། གཡོན་པ་གན་རྐྱལ་དུ་པང་པར་བཞག་པའོ། །འདབ་མ་རྣམས་ལ་མདུན་དུ་རྡོ་རྗེ་

Vol. 76 · folio 140b

རིན་ཆེན་སེར་པོ་གཡས་པས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་མཐའ་གཉིས་སུ་རྡོ་རྗེ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་རང་གི་དབང་བསྐུར་བའི་གནས་སུ་འཆིང་བར་མཛད་ཅིང་། གཡོན་པ་རྡོ་རྗེ་དྲིལ་བུ་བསྙེམས་པ་དང་བཅས་པས་འཛིན་པའོ། །གཡས་སུ་རྡོ་རྗེ་གཟི་བརྗིད་དམར་པོ་ཕྱག་གཉིས་

ཀྱིས་ཉི་མ་ཐུགས་ཀར་འཛིན་པའི་འོད་ཀྱིས་གསལ་བར་མཛད་པའོ། །གཡོན་དུ་རྡོ་རྗེ་རྒྱལ་མཚན་ལྗང་གུ་ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་ཞིང་གཡོན་གྱི་དཔུང་པའི་གནས་སུ་འཕྱང་བའོ། །རྒྱབ་ཏུ་རྡོ་རྗེ་བཞད་པ་དཀར་པོ་གཡས་པ་དང་གཡོན་པའི་ཕྱག་དག་གིས་སོའི་ཕྲེང་བ་རྡོ་རྗེ་གཉིས་

དང་ལྡན་པ་བཟུང་ནས་ཞལ་གྱི་ཐད་ཀར་འཇོག་པའོ། །ནུབ་ཏུ་རྨ་བྱའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་སྣང་བ་མཐའ་ཡས་དམར་པོ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡོན་པ་དང་གཡས་པ་གན་རྐྱལ་དུ་པང་པའི་ཐད་དུ་བཞག་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་དེ་གཡས་པའི་སོར་མོ་གུང་མོས་རྡོ་རྗེས་མཚན་

པའི་སོར་མོ་འཛིན་པའོ། །འདབ་མ་རྣམས་ལ་མདུན་དུ་རྡོ་རྗེ་ཆོས་དཀར་དམར་གཡོན་པས་བསྙེམས་པ་དང་བཅས་པས་པདྨའི་ཡུ་བ་འཛིན་ཞིང་གཡས་པས་ཁ་འབྱེད་པའོ། །གཡས་སུ་རྡོ་རྗེ་རྣོན་པོ་ནམ་མཁའ་ལྟར་སྔོ་བསངས་གཡོན་པས་ཐུགས་ཀར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་། གཡས་

པས་རལ་གྲི་འཕྱར་ཐབས་སུ་འཛིན་པའོ། །གཡོན་དུ་རྡོ་རྗེ་རྒྱུ་གསེར་གྱི་མདོག་ཅན་ཕྱག་གཡོན་པར་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་ཕྱག་གཡས་པའི་སོར་མོ་གུང་མོས་འགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་འཛིན་པའོ། །རྒྱབ་ཏུ་རྡོ་རྗེ་སྨྲ་བ་དམར་པོ་གཡོན་པས་ཆོས་

ཀྱི་དུང་དང་གཡས་པས་རྡོ་རྗེ་རྩེ་གཅིག་པ་ལྟ་བུའི་ལྕེ་འཛིན་པའོ། །བྱང་དུ་ནམ་མཁའ་ལྡིང་གི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་དོན་ཡོད་གྲུབ་པ་ལྗང་གུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་པའི་སོར་མོ་གུང་མོས་སྣ་ཚོགས་རྡོ་རྗེ་འཛིན་པས་མི་འཇིགས་པ་སྦྱིན་པའི་ཚུལ་མཛད་ཅིང་། གཡོན་

པ་གན་རྐྱལ་དུ་པང་པར་བཞག་པའོ། །འདབ་མ་རྣམས་ལ་མདུན་དུ་རྡོ་རྗེ་ལས་ལྗང་གུ་གཡས་པས་བསླང་བའི་སྦྱོར་བས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཐུགས་ཀར་གཏོད་པའི་ཚུལ་དུ་འཛིན་ཞིང་། གཡོན་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་དཀུར་བརྟེན་པ་སྟེ། ཡང་ན་ཕྱག་གཉིས་ཀྱི་ཐལ་མོ་

Vol. 76 · folio 141a

སྤྱི་བོར་སྦྱར་ནས་སྣ་ཚོགས་རྡོ་རྗེ་འཛིན་པའོ། །གཡས་སུ་རྡོ་རྗེ་སྲུང་བ་སེར་པོ་ཕྱག་གཉིས་ཀྱིས་རྡོ་རྗེའི་གོ་ཆ་འཛིན་པའོ། །གཡོན་དུ་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་དག་གིས་མཐེའུ་ཆུང་གཉིས་རྡོ་རྗེ་མཆེ་བའི་མཚོན་གྱི་རྩེ་མོ་ཅན་རང་གི་ཞལ་གྱི་གྲྭར་འཛིན་པས་གདུག་པ་ཅན་རྣམས་བསྡིགས་

པར་བྱེད་པའོ། །རྒྱབ་ཏུ་རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གྱི་མཚམས་སུ་རྡོ་རྗེ་སྟེ་རྡོ་རྗེ་ཁུ་ཚུར་དག་གིས་འཚིར་བའི་རྡོ་རྗེ་རྩེ་ལྔ་པ་བཟུང་བའོ། །དབུས་ཀྱི་གཞལ་ཡས་ཁང་གི་མེའི་པདྨ་ལ་རྡོ་རྗེ་སྒེག་མོ་དཀར་མོ་རྡོ་རྗེ་དཀུར་བརྟེན་པའི་ཕྱག་རྒྱ་དང་ལྡན་པའི་ཕྱག་གིས་རྡོ་རྗེ་གཉིས་འཛིན་པའོ། །

བདེན་བྲལ་གྱི་པདྨ་ལ་ཕྲེང་བ་མ་སེར་མོ་ཕྱག་དག་གིས་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །རླུང་གི་པདྨ་ལ་གླུ་མ་དམར་མོ་ཕྱག་དག་གིས་པི་ཝང་སྒྲོགས་པའོ། །དབང་ལྡན་གྱི་པདྨ་ལ་གར་མ་ལྗང་གུ་རྡོ་རྗེ་རྩེ་གསུམ་པ་བཟུང་བའི་ཕྱག་དག་གིས་གར་མཛད་པའོ། །དབུས་ཀྱི་གཞལ་ཡས་ཁང་གི་ཕྱི་རོལ་གྱི་སྣམ་

བུའི་ཤར་གྱི་པདྨ་རྣམས་ལ་བྱམས་པ་དང་མཐོང་བ་དོན་ཡོད་དང་ངན་སོང་ཀུན་འདྲེན་དང་མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་རྣམས་ནི་མི་བསྐྱོད་པ་ལྟ་བུའོ། །ལྷོའི་པདྨ་རྣམས་ལ་སྤོས་ཀྱི་གླང་པོ་དང་དཔའ་བར་འགྲོ་བ་དང་ནམ་མཁའི་མཛོད་དང་ཡེ་ཤེས་ཏོག་རྣམས་ནི་རིན་ཆེན་འབྱུང་

ལྡན་ལྟ་བུའོ། །ནུབ་ཀྱི་པདྨ་རྣམས་ལ་འོད་དཔག་མེད་དང་ཟླ་བའི་འོད་དང་བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་རྣམས་ནི་སྣང་བ་མཐའ་ཡས་ལྟ་བུའོ། །བྱང་གི་པདྨ་རྣམས་ལ་རྡོ་རྗེ་སྙིང་པོ་དང་བློ་གྲོས་མི་ཟད་པ་དང་སྤོབས་པ་བརྩེགས་པ་དང་ཀུན་དུ་བཟང་པོ་རྣམས་ནི་དོན་ཡོད་གྲུབ་པ་ལྟ་བུའོ། །ཡང་

ན་ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྟོང་དུ་བཞི་ཡིས་མ་ཚང་བ་བསྒོམ་པར་བྱའོ། །དེ་དག་གི་མཚན་རྣམས་ནི་རྣམ་པར་རྒྱས་པས་འཇིགས་ནས་མ་བཤད་དེ། གལ་ཏེ་འདོད་ན་བདག་གིས་བྱས་པའི་མཚན་ཡང་དག་པར་བརྗོད་པའི་

འགྲེལ་པ་རྣལ་འབྱོར་སྙིང་པོའི་ཕྲེང་བ་ལས་རྟོགས་པར་བྱའོ། །མེའི་མཚམས་ཀྱི་པདྨ་ལ་རྡོ་རྗེ་བདུག་སྤོས་མ་དཀར་མོ་དང་། བདེན་བྲལ་གྱི་པདྨ་ལ་རྡོ་རྗེ་མེ་ཏོག་མ་སེར་མོ་དང་། རླུང་གི་པདྨ་ལ་རྡོ་རྗེ་མར་མེ་མ་དཀར་དམར་དང་། དབང་ལྡན་གྱི་པདྨ་ལ་རྡོ་རྗེ་དྲི་ཆབ་མ་ལྗང་གུ་སྟེ། བདུག་སྤོས་

Vol. 76 · folio 141b

མ་ལ་སོགས་པ་འདི་རྣམས་སྔར་དང་འདྲ་བའི་ཕྱག་མཚན་འཛིན་པའོ། །ཤར་ལ་སོགས་པའི་སྒོའི་པདྨ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་འབེབས་པ་རྣམས་ནི་རིམ་པ་བཞིན་དུ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་སྟེ་སྔར་དང་འདྲ་བའི་ཕྱག་མཚན་འཛིན་

པའོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ལས་གཞན་པའི་ལྷ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་མ་གཏོགས་པ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་ལ་མངོན་དུ་ཕྱོགས་པ་སྟེ། རྡོ་རྗེ་སེམས་དཔའ་

ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ནི་རང་རང་གི་བདག་པོའི་དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་ལྷ་ཐམས་ཅད་ནི་ཇི་སྐད་བཤད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཟླ་བ་ལ་གནས་ཤིང་ཉི་མའི་འོད་ཟེར་ཅན་

ནོ། །དེ་བཞིན་གཤེགས་པ་ལྔ་ལས་གཞན་པའི་ལྷ་བཞི་བཅུ་རྩ་བརྒྱད་ནི་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་རྣམ་པར་སྣང་བ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལ་རང་དང་འདྲ་བའི་རྡོ་རྗེ་སེམས་དཔས་རྒྱས་གདབ་པོ། །མེ་ལོང་ལྟ་

བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་རིགས་ཀྱི་བདག་པོ་ནི་རྣམ་པར་སྣང་མཛད་དོ། །སེམས་མ་རྡོ་རྗེ་མ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང་སྒེག་མོ་དང་བདུག་སྤོས་མ་དང་། བྱམས་པ་ལ་སོགས་པ་བཞི་དང་། རྡོ་རྗེ་ལྕགས་ཀྱུ་རྣམས་ཀྱི་

མི་བསྐྱོད་པའོ། །རིན་ཆེན་རྡོ་རྗེ་མ་དང་རྡོ་རྗེ་རིན་ཆེན་ལ་སོགས་པ་བཞི་དང་། ཕྲེང་བ་མ་དང་མེ་ཏོག་མ་དང་སྤོས་ཀྱི་གླང་པོ་ལ་སོགས་པ་བཞི་དང་རྡོ་རྗེ་ཞགས་པ་རྣམས་ཀྱི་རིན་ཆེན་འབྱུང་ལྡན་ནོ། །ཆོས་ཀྱི་རྡོ་རྗེ་མ་དང་རྡོ་རྗེ་ཆོས་རབ་ལ་སོགས་པ་བཞི་དང་གླུ་མ་དང་མར་མེ་མ་དང་འོད་དཔག་མེད་ལ་སོགས་

པ་བཞི་དང་། རྡོ་རྗེ་ལྕགས་སྒྲོག་མ་རྣམས་ཀྱི་སྣང་བ་མཐའ་ཡས་སོ། །ལས་ཀྱི་རྡོ་རྗེ་མ་དང་རྡོ་རྗེ་ལས་རབ་ལ་སོགས་པ་བཞི་དང་གར་མ་དང་དྲི་ཆབ་མ་དང་རྡོ་རྗེ་སྙིང་པོ་ལ་སོགས་པ་བཞི་དང་། རྡོ་རྗེ་འབེབས་པ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །འདིར་ནང་གི་གཞལ་ཡས་ཁང་གི་སྒོ་རྣམས་

Vol. 76 · folio 142a

ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པ་ནི་ཕྱོགས་གཞན་ནོ། །རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ས་བོན་ནི་ཨའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གཱི་ཤྭ་ར་ཧཱུཾ་ཞེས་པ་ནི་སྙིང་པོའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྟེ་ལས་ཐམས་ཅད་པའི་སྔགས་སོ། །

གང་ཡང་རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་རྣམས་སུ་རྣམ་པ་གཞན་གྱིས་ཀྱང་ལྷའི་རྣམ་པའི་ཁྱད་པར་གསུངས་པ་དེ་དག་ནི་མངས་པས་འཇིགས་པས་མ་བཤད་དོ། །བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི་རྡོ་རྗེའི་གུར་ལ་སོགས་པ་ནས་གཞལ་ཡས་ཁང་གི་བར་དུ་དང་པོར་

བཤད་པའི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་ནོ། །འོན་ཀྱང་འདིར་ཁྲོ་བོ་རྣམས་ནི་འཆད་པར་འགྱུར་བའི་གཟུགས་ཅན་ནོ་ཞེས་པ་ནི་ཕྱོགས་གཅིག་སྟེ། རྡོ་རྗེ་གུར་གྱི་ནང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་ངོ་ཞེས་པ་ནི་གཉིས་པའོ། །ཕྱོགས་གཉིས་ཀ་ལ་ཡང་

མཆོད་རྟེན་དཀར་པོའི་ནང་དུ་གཞལ་ཡས་ཁང་ངོ་། །དེའི་ལྟེ་བར་སེང་གེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཇམ་པའི་རྡོ་རྗེ་ནི་སྐུ་མདོག་གསེར་བཙོ་མ་ལྟ་བུ་སྡུག་ཅིང་ཡིད་དུ་འོང་བ་མེ་ཏོག་སྣ་ཚོགས་

ཀྱིས་མཛེས་པའི་ཟུར་ཕུད་གསུམ་གྱིས་རྣམ་པར་བརྒྱན་པ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སེར་པོ་དང་སྔོན་པོ་དང་དཀར་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་མཆོག་སྦྱིན་དང་མདའ་གཡོན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། ཨུཏྤ་ལ་

སྔོན་པོ་དང་གཞུ་འཛིན་པ། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སྙོམས་པར་ཞུགས་པའོ། །དེའི་ཤར་གྱི་རེའུ་མིག་ལ་གླང་པོ་ཆེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་མི་བསྐྱོད་པ་སྔོན་པོ་འགྱིང་བའི་ཚུལ་གྱིས་གནས་པ། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སྔོན་པོ་དང་དཀར་

པོ་དང་དམར་པོ་ཕྱག་བརྒྱད་པ་གཡས་པའི་སོར་མོ་གུང་མོས་རྡོ་རྗེ་ཐུགས་ཀར་གྱེན་དུ་བསྒྲེང་བ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་དཀུར་བརྟེན་པ། གཞན་གཡས་པ་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ་དང་། གཡོན་པ་རྣམས་ཀྱིས་ནུ་མ་དང་ཞགས་པ་དང་གཞུ་འཛིན་པའོ། །ལྷོར་རྟའི་

Vol. 76 · folio 142b

སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་རིན་ཆེན་འབྱུང་ལྡན་སེར་པོ་སེམས་དཔའི་སྐྱིལ་ཀྲུང་ཅན། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སེར་པོ་དང་སྔོན་པོ་དང་དཀར་པོ་ཕྱག་དྲུག་པ་རྩ་བའི་ཕྱག་དག་གིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་པ་དག་གིས་རིན་པོ་ཆེ་དང་རལ་གྲི་གཡོན་པ་དག་

གིས་འཁོར་ལོ་དང་རྡོ་རྗེ་འཛིན་པའོ། །ནུབ་ཏུ་རྨ་བྱའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་སྣང་བ་མཐའ་ཡས་དཀར་པོ་སེམས་དཔའི་སྐྱིལ་ཀྲུང་ཅན། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་དཀར་པོ་དང་སྔོན་པོ་དང་དམར་པོ་ཕྱག་དྲུག་པ་གཡོན་པས་སྒེག་པ་དང་བཅས་པའི་པདྨའི་ཡུ་བ་ཐུགས་ཀར་

བཟུང་སྟེ་གཡས་པས་ཁ་འབྱེད་པ། གཡས་པ་དག་གིས་བགྲང་ཕྲེང་དང་རྡོ་རྗེ་འཛིན་ཅིང་། གཡོན་པ་དག་གིས་ནུ་མ་དང་སྤྱི་བླུགས་འཛིན་པའོ། །བྱང་དུ་ནམ་མཁའ་ལྡིང་གི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་དོན་ཡོད་གྲུབ་པ་དམར་པོ་སེམས་དཔའི་སྐྱིལ་ཀྲུང་ཅན། རྩ་བ་དང་གཡས་པ་དང་གཡོན་

པའི་ཞལ་རྣམས་དམར་པོ་དང་སྔོན་པོ་དང་དཀར་པོ་ཕྱག་དྲུག་པ་དང་པོ་གཉིས་བསམ་གཏན་གྱི་ཕྱག་རྒྱ་བཅིངས་པ། གཡས་པ་དག་གིས་རལ་གྲི་དང་རྡོ་རྗེ་གཡོན་པ་དག་གིས་ནུ་མ་དང་ལྕགས་ཀྱུ་འཛིན་པའོ། །དབང་ལྡན་དུ་སྤྱན་མ་སེར་མོ་སེམས་དཔའི་སྐྱིལ་ཀྲུང་ཅན། ཕྱག་བརྒྱད་མ་

གཡས་པ་རྣམས་ཀྱིས་མཆོག་སྦྱིན་དང་མི་འཇིགས་པ་དང་འཁོར་ལོ་དང་མདའ་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་རིན་པོ་ཆེའི་སྙེ་མ་དང་བགྲང་ཕྲེང་དང་གཞུ་འཛིན་པའོ། །མེར་མཱ་མ་ཀཱི་སྔོན་མོ་ཁྲོ་བ་དང་བཅས་པས་རྒོད་པ་སེམས་དཔའི་སྐྱིལ་ཀྲུང་ཅན། ཕྱག་དྲུག་མ་

གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མདའ་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་དང་གཞུ་འཛིན་པའོ། །བདེན་བྲལ་དུ་གོས་དཀར་མོ་འགྱིང་བའི་ཚུལ་གྱིས་གནས་པ་ཕྱག་དྲུག་མ། གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མདའ། གཡོན་པ་རྣམས་ཀྱིས་པདྨ་

དང་བགྲང་ཕྲེང་དང་གཞུ་འཛིན་པའོ། །རླུང་དུ་སྒྲོལ་མ་མ་ར་ཀ་ཏ་ལྟ་བུ་སེམས་དཔའི་སྐྱིལ་ཀྲུང་ཅན་ཕྱག་དྲུག་མ། གཡས་པ་རྣམས་ཀྱིས་མི་འཇིགས་པ་དང་རྡོ་རྗེ་དང་མདའ་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཨུཏྤ་ལ་དང་གཞུ་འཛིན་པའོ། །རིམ་པ་གཉིས་པར་ཤར་ལ་སོགས་པའི་

Vol. 76 · folio 143a

ཕྱོགས་རྣམས་སུ་སེམས་མ་རྡོ་རྗེ་མ་དང་རིན་ཆེན་རྡོ་རྗེ་མ་དང་ཆོས་ཀྱི་རྡོ་རྗེ་མ་དང་ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་དང་མཚོན་ཆ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་རྣམས་དང་མཚུངས་པའོ། །འོན་ཀྱང་ནུ་མ་འཛིན་པ་མེད་པར་སེམས་མ་རྡོ་རྗེ་

མ་དང་རིན་ཆེན་རྡོ་རྗེ་མ་དང་ལས་ཀྱི་རྡོ་རྗེ་མ་རྣམས་ནི་སྡིགས་མཛུབ་འཛིན་པ་སྟེ་ཆོས་ཀྱི་རྡོ་རྗེ་མ་ནི་ཞགས་པ་འཛིན་པའོ། །དབང་ལྡན་དུ་ཙུནྡ་མ་ཟླ་བའི་མདོག་ཅན་ཕྱག་ཉི་ཤུ་རྩ་དྲུག་མ་རྩ་བའི་ཕྱག་དག་གིས་ཐུགས་ཀར་རྩ་བའི་ཕྱག་རྒྱ་དང་གཡོན་པ་རྣམས་ཀྱིས་མི་འཇིགས་པ་དང་རལ་གྲི་དང་

རིན་པོ་ཆེའི་ཕྲེང་བ་དང་བཱི་ཛ་པཱུ་ར་དང་མདའ་དང་དགྲ་སྟ་དང་དབྱུག་ཏོ་དང་ཐོ་བ་དང་ལྕགས་ཀྱུ་དང་རྡོ་རྗེ་དང་བ་དན་གསུམ་གྱི་ཚུལ་དང་བགྲང་ཕྲེང་རྣམས་དང་། གཡོན་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་པདྨ་དང་སྤྱི་བླུགས་དང་ཞགས་པ་དང་གཞུ་དང་ཤཀྟ་དང་འཁོར་ལོ་དང་རལ་གྲི་དང་

སྡིགས་མཛུབ་དང་བུམ་པ་བཟང་པོ་དང་མཚོན་རྩེ་གཅིག་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། ཀཉྩུ་ཀའི་སྟོད་གཡོགས་བཅིངས་པ་བླ་གོས་ཕྲག་པ་ལ་གཟར་བ། གར་གྱི་ཉམས་དགུའི་རང་བཞིན་ཅན་རྩ་བའི་ཞལ་དཀར་པོ་གཡས་པའི་ཞལ་སྔོན་པོ་ལྗགས་འདྲིལ་ཞིང་མཆེ་བ་ཅུང་ཟད་

གཙིགས་པ་གཡོན་པ་སེར་པོ་མ་མཆུ་མནན་པའོ། །ཐལ་མོ་ཡང་དག་པར་སྦྱར་ཏེ་མཛུབ་མོ་གཉིས་གུང་མོའི་ཚིགས་བར་པ་ལ་ཟླུམ་པོའི་རྣམ་པར་བཞག་ཅིང་མཐེ་བོང་དག་མཛུབ་མོའི་ལོགས་ཀྱི་རྩ་བར་འཛིན་པ་ནི་འདིའི་རྩ་བའི་ཕྱག་རྒྱའོ། །མེར་རིན་ཆེན་སྐར་མདའ་མ་སེར་མོ་ཕྱག་དྲུག་མ་དང་པོ་གཉིས་

ཀྱིས་ཐུགས་ཀར་རིན་པོ་ཆེ་ཁ་སྦྱོར་འཛིན་པ་གཡས་པ་དག་གིས་མི་འཇིགས་པ་དང་མདའ་དང་། གཡོན་པ་རྣམས་སྡིགས་འཛུབ་དང་གཞུ་འཛིན་པའོ། །བདེན་བྲལ་དུ་ཁྲོ་གཉེར་ཅན་མ་དཀར་མོ་ཕྱག་བཅུ་དྲུག་མ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་སྤྱི་བླུགས་

དང་གཞུ་འཛིན་པའོ། །རླུང་དུ་རྡོ་རྗེ་ལྕགས་སྒྲོག་མ་ལྗང་གུ་ཕྱག་དྲུག་མ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རྡོ་རྗེ་ལྕགས་སྒྲོག་དང་མདའ་དང་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་དང་གཞུ་འཛིན་པའོ། །སྤྱན་མ་ལ་སོགས་པ་ལྷ་མོ་བཅུ་གཉིས་པོ་འདི་རྣམས་ནི་རོལ་པའི་ཀུན་དུ་བསྐྱོད་པ་དང་ལྡན་པས་ཟླ་བའི་

Vol. 76 · folio 143b

གདན་ལ་བཞུགས་ཤིང་འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན་རང་རང་གི་རིགས་ཀྱི་བདག་པོ་བཞིན་དུ་ཞལ་གསུམ་པའོ། །རིམ་པ་གསུམ་པའི་དཀྱིལ་འཁོར་གྱི་སྣམ་བུ་རྣམས་ལ་ཤར་དུ་བྱམས་པ་གསེར་གྱི་མདོག་ཅན་ཕྱག་དང་པོ་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་ཅིང་། གཡས་པ་མཆོག་སྦྱིན་གྱི་

ཕྱག་རྒྱ་དང་། གཡོན་པས་མེ་ཏོག་དང་བཅས་པའི་ཀླུ་ཤིང་གི་ཡལ་ག་འཛིན་པ། འཇམ་དཔལ་དམར་པོའི་གཟུགས་ཅན་ཁྱད་པར་དུ་ཤེས་རབ་མ་དང་བྲལ་བ་དང་། སྤོས་ཀྱི་གླང་པོ་ལྗང་གུ་གཡོན་པས་བུམ་པར་གནས་པའི་གླང་པོ་ཆེའི་སྣ་འཛིན་ཞིང་གཡས་པ་མཆོག་སྦྱིན་པ་དང་། ཡེ་ཤེས་ཏོག་སེར་པོ་

གཡོན་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་ཞིང་། གཡས་པས་མཆོག་སྦྱིན་པ་བྱའོ། །ལྷོར་བཟང་སྐྱོང་སྐུ་མདོག་དམར་པོ་གཡོན་པས་རིན་པོ་ཆེ་འཛིན་ཞིང་གཡས་པས་མཆོག་སྦྱིན་པ་དང་། བློ་གྲོས་རྒྱ་མཚོ་དཀར་པོ་ཕྱག་གཉིས་ཀྱི་སོར་མོ་ཐམས་ཅད་བརྐྱང་བས་ཆུ་རླབས་ཀྱི་ཚུལ་མཛད་པ་

དང་། བློ་གྲོས་མི་ཟད་པ་གསེར་གྱི་མདོག་ཅན་གཡོན་པའི་ཁུ་ཚུར་ཐུགས་ཀར་བཞག་སྟེ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་དང་། སྤོབས་པ་བརྩེགས་པ་ལྗང་གུ་གཡོན་པའི་ཁུ་ཚུར་པང་དུ་བཞག་ཅིང་གཡས་པས་སེ་གོལ་གཏོགས་པའོ། །ནུབ་ཏུ་མཐུ་ཆེན་ཐོབ་པ་དཀར་པོ་གཡོན་པར་ཅུང་ཟད་ཁ་བྱེ་བའི་

པདྨ་དཀར་པོ་འཛིན་ཞིང་། གཡོན་པས་མཆོག་སྦྱིན་པ་དང་། ངན་སོང་ཀུན་འདྲེན་དཀར་པོ་ཕྱག་གཉིས་ཀྱིས་སྡིག་པ་འདོར་བའི་ཚུལ་ཅན་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་སེར་པོ་ཕྱག་གཉིས་ཀྱིས་ཁ་སྦྱར་བརྡེག་པའི་ཚུལ་ཅན་དང་། དྲ་བ་ཅན་གྱི་འོད་དམར་པོ་གཡོན་

པས་ཨུཏྤལ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་ཞིང་གཡས་མཆོག་སྦྱིན་པའོ། །བྱང་དུ་ཟླ་འོད་དཀར་པོ་གཡོན་པས་ཨུཏྤ་ལར་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་ཞིང་གཡས་པས་མཆོག་སྦྱིན་པ་དང་། འོད་དཔག་མེད་དམར་པོ་ཕྱག་གཉིས་ཀྱིས་དབང་བསྐུར་བའི་བུམ་པ་འཛིན་པ་དང་། ནམ་

མཁའི་མཛོད་སེར་པོ་གཡོན་པ་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ཞིང་། གཡས་པ་ནམ་མཁའ་ལ་བསྐོར་བ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་པོའམ་དཀར་པོ་གཡོན་པ་ས་ལ་རེག་ཅིང་གཡས་པའི་ཁུ་ཚུར་གྱི་མཛུབ་མོ་དང་མཐེ་བོང་སྦྱར་ཏེ་དྲི་བའི་ཚུལ་གྱིས་གནས་པའོ། །བྱམས་པ་ལ་

Vol. 76 · folio 144a

སོགས་པའི་བྱང་ཆུབ་སེམས་དཔའ་འདི་རྣམས་ནི་ཟླ་བའི་གདན་དང་ཟླ་བའི་འོད་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སྤྱན་གསུམ་པ་རང་ཕྱོགས་ཀྱི་བདག་པོ་དང་འདྲ་བར་ཞལ་གསུམ་པ། ཕྱག་དྲུག་གི་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་དང་། གཉིས་ཀྱིས་གཞུ་དང་མདའ་

འཛིན་པའོ། །བྱམས་པ་དང་འཇམ་དཔལ་གཉིས་ནི་མཉམ་གཞག་གི་ཕྱག་རྒྱ་མེད་པའོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་ལྷ་ཐམས་ཅད་རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེའི་རྒྱན་ཅན། ཞལ་འཛུམ་བག་དང་བཅས་ཤིང་སྒེག་པའི་ཉམས་དང་ལྡན་པའོ། །ཤར་སྒོར་མ་ཧེའི་སྟེང་དུ་གཤིན་རྗེ་

མཐར་བྱེད་ནག་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མདའ་འཛིན་པ་དང་། གཡོན་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་གྱེན་དུ་བསྒྲེང་བས་བསྡིགས་པར་བྱེད་པ། གཉིས་པས་འཁྱུད་པར་བྱེད་པའི་ལྷ་མོའི་ནུ་མ་ནས་འཛིན་པ་སྟེ། དེ་ཡང་ཕྱག་གཉིས་མ་དཀར་མོ་ཕྱག་

གཡོན་པས་འདམ་སྐྱེས་འཛིན་ཞིང་གཡས་པས་ཀུན་ནས་འཁྱུད་པར་བརྩོན་པའོ། །གཡོན་པའི་གསུམ་པས་དངུལ་གྱི་གཞུ་འཛིན་པ་མ་ར་ཀ་ཏ་ཀྟར་ལྗང་བའི་ལྷ་མོ་ཕྱག་གཉིས་མ་གཡས་པ་ཨུཏྤ་ལ་སྔོན་པོ་འཛིན་ཞིང་ཕྱག་གཡོན་པ་མགུལ་པ་ལ་འཁྱུད་པས་གཡས་ཕྱོགས་ནས་རྣམ་པར་མཛེས་

པ་ཞབས་དྲུག་པ། གསུས་པ་འཕྱང་བ། ཞལ་དྲུག་ནི་སྔོན་པོ་རྩ་བའི་ཞལ་གད་རྒྱངས་དང་བཅས་པ། གཉིས་པ་འཇིགས་པར་བྱེད་པ་གསུམ་པ་གདངས་པ། བཞི་པ་དྲག་པོ་ཆེན་པོ་ལྔ་པ་རྡོ་རྗེའི་མཆེ་བ་ཅན། དྲུག་པ་སྤྱི་བོར་གནས་ཤིང་ལྗགས་བསྒྲིལ་བའོ། །ཡང་ན་སྤྱི་བོར་གནས་པ་སྔོན་པོ་རྩ་བའི་

ཞལ་ལ་སོགས་པ་རྣམས་གཡས་སྐོར་གྱིས་སྔོན་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་རྣམས་སོ། །ལྷོ་སྒོར་གཞན་གྱིས་མི་ཐུབ་པ་སེར་པོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སེར་པོ་དང་ནག་པོ་དང་དཀར་པོ་དང་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་མདའ་

འཛིན་ཞིང་། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །ནུབ་ཏུ་རྟ་མགྲིན་དམར་པོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་དམར་པོ་དང་སྔོན་པོ་དང་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དབྱུག་པ་དང་ཀ་ཎ་ཡ་དང་མདའ་འཛིན་ཞིང་། གཡོན་

Vol. 76 · folio 144b

པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པའོ། །བྱང་དུ་བདུད་རྩི་འཁྱིལ་པ་སྔོན་པོ་ཞབས་ཀྱིས་བགེགས་མནན་པ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་དགྲ་སྟ་དང་མདའ་འཛིན་ཞིང་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་

གཞུ་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་རིན་པོ་ཆེའི་རི་བོའི་སྟེང་དུ་མི་གཡོ་བ་སྔོན་པོ་མི་གཡོ་བ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རལ་གྲི་དང་ཞགས་པ་དང་མདའ་འཛིན་ཞིང་། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་གཞུ་འཛིན་པ་གཡོན་ངོས་སུ་འཕྱང་བའི་གོས་

སྔོན་པོ་ཅན། ཁྲག་གིས་བརླན་ཞིང་ལྗགས་འདྲིལ་བའི་ཞལ་གདངས་པའོ། །མེར་འདོད་པའི་རྒྱལ་པོ་སྔོན་པོ་ཕྱག་དྲུག་པ་ཕྱག་དང་པོ་གཉིས་ཀྱིས་ཕྱག་རྒྱ་མཛད་པ། གཡས་པ་དག་གིས་རྡོ་རྗེ་དང་མདའ་གཡོན་པ་དག་གིས་ནུ་མ་དང་གཞུ་འཛིན་པ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་རྒྱབ་སྦྱར་ནས་མཐེབ་

ཆུང་གཉིས་ལུ་གུ་རྒྱུད་ལྟར་བྱས་ཏེ་སྡིགས་མཛུབ་གཉིས་རབ་ཏུ་བརྐྱང་ནས་ཞགས་པ་ལྟར་བྱས་པ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱའོ། །བདེན་བྲལ་དུ་དབྱུག་སྔོན་ཅན་སྔོན་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་མདའ་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་

དང་ནུ་མ་དང་གཞུ་འཛིན་པའོ། །རླུང་དུ་སྟོབས་པོ་ཆེ་སྔོན་པོ་ཕྱག་བརྒྱད་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་རལ་གྲི་དང་མདའ་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ནུ་མ་དང་ཐོ་བ་དང་གཞུ་འཛིན་པའོ། །འཁོར་ལོའི་དབང་ཕྱུག་གི་སྟེང་དུ་གནོད་མཛེས་རྒྱལ་པོ་སྔོན་

པོ་ཕྱག་དྲུག་པ་རྩ་ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་པ། གཡས་པ་དག་གིས་རལ་གྲི་དང་མདའ་འཛིན་ཞིང་། གཡོན་པ་དག་གིས་ནུ་མ་དང་གཞུ་འཛིན་པ་སྟེ། འདིར་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དེ་ཉིད་ཀྱི་མཛུབ་མོ་གཉིས་གྱེན་དུ་བསྒྲེང་བ་ནི་གནོད་མཛེས་ཀྱི་ཕྱག་རྒྱའོ། །འོག་ཏུ་རྡོ་རྗེས་

འོག་སྔོན་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་དང་མདའ་འཛིན་ཞིང་། གཡོན་པ་རྣམས་ཀྱིས་ནུ་མ་དང་ཞགས་པ་དང་བཅས་པའི་རྩེ་གཅིག་པ་དང་གཞུ་འཛིན་པའོ། །བགེགས་མཐར་བྱེད་ལ་སོགས་པ་བདུན་ནི་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་སྔོན་པོ་

Vol. 76 · folio 145a

དང་སེར་པོ་དང་དམར་པོའོ། །ཁྲོ་བོ་བཅུ་པོ་རྣམས་ཀྱང་ཁྲོས་པའི་ལྟ་སྟངས་ཅན་སྤྱན་གསུམ་དམར་ལ་སྨིན་མ་གཡོ་བ་རྩ་བའི་ཞལ་ཅུང་ཟད་བྱེ་བ། གཡས་པའི་ཞལ་གདངས་པ། གཡོན་པའི་ཞལ་ཚེམས་ཀྱིས་མ་མཆུ་མནན་པ། མཆེ་བ་གཙིགས་པ་སྟག་གི་པགས་པའི་གོས་གྱོན་

པ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། སྐྲ་དང་སྨ་ར་སེར་པོ་གྱེན་དུ་བརྫེས་པ། རོལ་པའི་ཀུན་དུ་བསྐྱོད་པ་ཅན། ཀླུ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གཡོན་བརྐྱང་གིས་གནས་པ་སྟེ། གཤིན་རྗེ་མཐར་བྱེད་ནི་གཡས་བརྐྱང་བའམ་རྡོ་རྗེ་སྐྱིལ་ཀྲུང་གིས་སོ། །དཀྱིལ་འཁོར་འདིར་གནོད་

མཛེས་རྒྱལ་པོའི་ངོ་བོ་ཉིད་ཀྱིས་གནས་པའི་གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་དཀྱིལ་འཁོར་པ་ཉིད་དུ་ལོགས་སུ་མ་བཤད་དེ་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་རྣལ་འབྱོར་རྒྱས་པར་བསྟན་པ་ལའོ། །བར་མའི་རིམ་པར་བསྟན་པ་ལ་ནི་འཇམ་པའི་རྡོ་རྗེའི་སྤྱི་གཙུག་གི་སྟེང་དུ་རིན་པོ་ཆེའི་རི་ལ་གནས་པའི་པདྨ་

དང་ཉི་མ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་རྣམས་སེར་པོ་དང་སྔོན་པོ་དང་ཕྱག་བརྒྱད་པ། དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། གཡས་པ་རྣམས་ཀྱིས་འཁོར་ལོ་དང་བགྲང་ཕྲེང་དང་མདའ་འཛིན་ཞིང་།

གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་ནུ་མ་དང་གཞུ་འཛིན་པ་རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེའི་རྒྱན་དང་རལ་པའི་ཅོད་པན་ཅན། སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་གཞོགས་གཉིས་སུ་རྣམ་པར་བརྒྱན་པའོ་ཞེས་གསུངས་སོ། །དེའི་རྗེས་སུ་འབྲངས་ནས་རྣལ་འབྱོར་རྒྱས་པ་ལ་ཡང་གཙུག་ཏོར་

འཁོར་ལོས་སྒྱུར་བ་དཀྱིལ་འཁོར་པར་ཐ་དད་དུ་དང་། དེའི་སྟེང་དུ་གནོད་མཛེས་རྒྱལ་པོ་ཤེས་པར་བྱའོ་ཞེས་པ་ནི་ཁ་ཅིག་གིའོ། །ལྷ་བཞི་བཅུ་རྩ་གསུམ་པོ་རྣམས་ཀྱང་ཞལ་རེ་རེ་ཞིང་སྤྱན་གསུམ་པའོ། །འདིར་ནུ་མ་འཛིན་པར་བཤད་པ་དེ་ཡང་མི་བསྐྱོད་པ་ལ་སོགས་པ་བཞི་ནི་རང་དང་འདྲ་བའི་

ཤེས་རབ་མ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་སྟེ་ཁྲོ་བོ་རྣམས་ནི་རང་དང་འདྲ་བའི་ཤེས་རབ་མ་གཡོན་ལོགས་སུ་གནས་པ་རྣམས་ཀྱིའོ་ཞེས་ཤེས་པར་བྱའོ། །གཤིན་རྗེ་མཐར་བྱེད་ལས་གཞན་རྣམས་ལ་ཤེས་རབ་མ་མེད་ཀྱང་དེའི་ནུ་མ་འཛིན་པའི་ཚུལ་གྱིས་རང་གི་ནུ་མ་འཛིན་པའོ་ཞེས་པ་ནི་

Vol. 76 · folio 145b

གཞན་ནོ། །འདིར་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཇམ་པའི་རྡོ་རྗེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ལ་རང་དང་འདྲ་བའི་རྡོ་རྗེ་སེམས་དཔའི་རྒྱས་བཏབ་པ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་དང་། སྤྱན་

མ་དང་ཙུནྡ་རྣམས་ལ་འཇམ་པའི་རྡོ་རྗེ་དང་། མཱ་མ་ཀཱི་དང་སེམས་མ་རྡོ་རྗེ་མ་དང་བྱམས་པ་ལ་སོགས་པ་བཞི་དང་། ཁྲོ་བོ་བཅུ་ལ་མི་བསྐྱོད་པ་དང་། རིན་ཆེན་རྡོ་རྗེ་མ་དང་རིན་ཆེན་སྐར་མདའ་དང་བཟང་སྐྱོང་ལ་སོགས་པ་བཞི་ལ་རིན་ཆེན་འབྱུང་ལྡན་དང་། གོས་དཀར་མོ་དང་ཆོས་ཀྱི་རྡོ་རྗེ་མ་དང་ཁྲོ་གཉེར་ཅན་

མ་དང་མཐུ་ཆེན་ཐོབ་ལ་སོགས་པ་བཞི་ལ་སྣང་བ་མཐའ་ཡས་དང་། སྒྲོལ་མ་དང་ལས་ཀྱི་རྡོ་རྗེ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་ཟླ་འོད་ལ་སོགས་པ་རྣམས་ལ་དོན་ཡོད་གྲུབ་པའོ། །འཇམ་པའི་རྡོ་རྗེའི་ཐུགས་ཀའི་ས་བོན་ནི་མུཿའོ། །ཨོཾ་ཨཱཿཞེས་པ་ནི་སྙིང་པོའོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལེ་བིགྷྣཱནྟ་ཀ་

ཧཱུཾ། ཞེས་པ་ལས་ཐམས་ཅད་པའོ། །ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ལ་རྡོ་རྗེ་གུར་ལ་སོགས་པ་བསྒོམ་པའི་རྣམ་པར་གཞག་པ་ནི་བཤད་མ་ཐག་པའི་དཀྱིལ་འཁོར་བཞིན་ནོ། །གཞན་འདིར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ནི་འཆད་པར་འགྱུར་བའི་གཟུགས་

ཅན་ཏེ་མཆོད་རྟེན་འདི་ལ་མེད་དོ། །གཞལ་ཡས་ཁང་གི་ལྟེ་བར་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་གནས་པའི་སེང་གེའི་སྟེང་དུ་པདྨ་དང་ཟླ་བ་ལ་འཇམ་པའི་དབྱངས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཉི་མ་གཞོན་ནུའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ་གསེར་གྱི་མདོག་ཅན་ཨིནྡྲ་ནཱི་ལ་ལྟ་བུའི་ཟུར་ཕུད་དང་

ལྡན་པ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་ཕྲེང་བའི་ཅོད་པན་གྱི་སྟེང་དུ་སངས་རྒྱས་ལྔ་འཕྲོ་བའི་རིན་པོ་ཆེའི་ཅོད་པན་ཅན། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་ན་བཟའ་ཅན་སྒེག་པ་ལ་སོགས་པའི་ཉམས་ཀྱི་ཚོགས་དང་ལྡན་པ། རྩ་བ་དང་གཡས་དང་རྒྱབ་དང་གཡོན་གྱི་ཞལ་རྣམས་ནི་སེར་པོ་

དང་སྔོན་པོ་དང་དམར་པོ་དང་དཀར་པོའོ། །ཕྱག་བརྒྱད་ཀྱི་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། གཡས་པ་རྣམས་ཀྱིས་རལ་གྲི་དང་མདའ་དང་རྡོ་རྗེ་གཡོན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་གཞུ་དང་རྡོ་རྗེ་དྲིལ་བུ་བསྣམས་པའོ། །འདབ་མ་བརྒྱད་ལ་གནས་པའི་སེང་གེའི་སྟེང་

Vol. 76 · folio 146a

དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་སུ་གཙུག་ཏོར་ཆེན་པོ་དང་གདུགས་དཀར་པོ་དང་གཟི་བརྗིད་ཕུང་པོ་དང་རྣམ་པར་རྒྱལ་བའི་གཙུག་ཏོར་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་འོད་ཟེར་རྣམ་པར་འཕྲོ་བ་དང་འཕགས་པ་དང་ཆེར་འཕགས་དང་རྒྱལ་བ་

རྣམས་ཏེ། གཙུག་ཏོར་བརྒྱད་པོ་འདི་རྣམས་ནི་རྡོ་རྗེའི་སྐྱིལ་ཀྲུང་དང་རིན་པོ་ཆེའི་ཅོད་པན་ཅན། སྐུ་མདོག་སེར་པོ་ཕྱག་གཉིས་ཀྱི་གཡས་པས་འཁོར་ལོ་གྱེན་དུ་གཟུང་བ་གཡོན་པ་རང་གི་གདན་ལ་བརྟེན་པའོ། །དེ་ནས་ཤར་གྱི་རེའུ་མིག་གི་དབུས་སུ་གླང་པོ་ཆེའི་རྒྱལ་པོ་ལ་མི་བསྐྱོད་པ་སྔོན་པོ་ཞལ་བཞི་པ་རྩ་

བའི་ཞལ་སྔོན་པོ་ཁྲོ་ཞིང་སྒེག་པ་དང་བཅས་པ་གཡས་པ་དཀར་པོ་གདངས་ཤིང་དྲག་པ། རྒྱབ་མ་སེར་པོ་དཔའ་བ་གཡོན་པ་དམར་པོ་མཆེ་བ་གཙིགས་ཤིང་མ་མཆུ་མནན་པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རལ་གྲི་དང་མདའ་དང་ལྕགས་ཀྱུ་འཛིན་ཞིང་། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་

དྲིལ་བུ་དང་གཞུ་དང་ཞགས་པ་འཛིན་པ། རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང་རྡོ་རྗེ་ལེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ལྷོའི་རེའུ་མིག་གི་དབུས་སུ་རྟའི་རྒྱལ་པོ་ལ་རིན་ཆེན་འབྱུང་ལྡན་སེར་པོ་སེར་པོ་དང་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་ཕྱག་བརྒྱད་ཀྱི་

གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་དང་ལྕགས་ཀྱུ་འཛིན་ཞིང་། གཡོན་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། རྡོ་རྗེ་དྲིལ་བུ་དང་ཞགས་པ་དང་གཞུ་འཛིན་པའོ། །རྡོ་རྗེ་རིན་ཆེན་དང་རྡོ་རྗེ་གཟི་བརྗིད་དང་རྡོ་རྗེ་རྒྱལ་མཚན་དང་རྡོ་རྗེ་བཞད་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །

ནུབ་ཀྱི་རེའུ་མིག་གི་དབུས་སུ་རྨ་བྱ་ལ་སྣང་བ་མཐའ་ཡས་དམར་པོ་དམར་པོ་དང་ནག་པོ་དང་དཀར་པོ་དང་སེར་པོའི་ཞལ་བཞི་པ་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་མདའ་དང་རལ་གྲི་དང་ལྕགས་ཀྱུ་འཛིན་ཞིང་། གཡོན་པ་རྣམས་ཀྱིས་པདྨ་དང་གཞུ་དང་ཞགས་པ་དང་དྲིལ་བུ་འཛིན་པ། རྡོ་རྗེ་ཆོས་

དང་རྡོ་རྗེ་རྣོན་པོ་དང་རྡོ་རྗེ་རྒྱུ་དང་རྡོ་རྗེ་སྲུང་བ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །བྱང་གི་རེའུ་མིག་གི་དབུས་སུ་ནམ་མཁའ་ལྡིང་ལ་དོན་ཡོད་གྲུབ་པ་ལྗང་གུ་ཞལ་བཞིའི་རྩ་བ་ལྗང་གུ་མཆེ་བ་གཙིགས་པ། གཡས་པ་སེར་པོ་ཞི་བ། རྒྱབ་མ་དམར་པོ་རྣམ་པར་སྒེག་པ། གཡོན་པ་དཀར་པོ་ཞི་བ།

Vol. 76 · folio 146b

ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མདའ་དང་ལྕགས་ཀྱུ་འཛིན་ཞིང་། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་དྲིལ་བུ་དང་གཞུ་དང་ཞགས་པ་འཛིན་པ། རྡོ་རྗེ་ལས་དང་རྡོ་རྗེ་སྲུང་བ་དང་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱིས་བསྐོར་བའོ། །མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་

གཤེགས་པ་རྣམས་ནི་རང་རང་གི་བཞོན་པའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་གོས་དང་ཅོད་པན་ཅན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བཅུ་དྲུག་པོ་རྣམས་ནི་དབང་ལྡན་ལ་སོགས་པའི་མཚམས་སུ་གནས་པའི་སྣ་ཚོགས་

ཆུ་སྐྱེས་དང་ཟླ་བ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་སྐུ་མདོག་ལ་སོགས་པ་ཅན་ནོ། །འདི་དག་ཀྱང་ཕྱོགས་སུ་གནས་པའོ་ཞེས་པའི་ཕྱོགས་ཀྱང་ཡོད་དོ། །དབང་ལྡན་ལ་སོགས་པའི་མཚམས་སུ་གནས་པའི་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ། སེམས་དཔའི་སྐྱིལ་ཀྲུང་གིས་སྤྱན་མ་དང་

མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་འཇམ་པའི་དབྱངས་དང་མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་ལྟ་བུའོ། །སྒོ་རྣམས་ལ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་དམར་སེར་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཡས་བརྐྱང་གིས་གནས་པ་དང་། ལྷོར་

རྡོ་རྗེ་ཞགས་པ་སེར་པོ་རྡོ་རྗེ་ཞགས་པ་འཛིན་པ། གཡོན་བརྐྱང་གིས་གནས་པ་དང་། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་པ། ས་གའི་སྟབས་ཀྱིས་གནས་པ་དང་། བྱང་དུ་རྡོ་རྗེ་འབེབས་པ་ལྗང་གུ་རྡོ་རྗེ་བསྡམས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པ་

ཟླུམ་པོའི་སྟབས་ཀྱིས་གནས་པ་སྟེ། བཞི་པོ་འདི་རྣམས་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པ་ཞལ་གཅིག་པ། ཕྱག་གཉིས་པ་སྤྱན་གསུམ་པ། དབུ་སྐྲ་དང་སྨ་ར་སེར་པོ་གྱེན་དུ་བརྫེས་པ། ཀླུ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པའོ། །སྙིང་པོའི་དཀྱིལ་འཁོར་འདི་ལས་ཕྱི་རོལ་གྱི་དཀྱིལ་

འཁོར་གཉིས་པ་ལ། ཤར་ཕྱོགས་སུ་དབང་ལྡན་ནས་བརྩམས་ནས་གཡས་སྐོར་གྱི་རིམ་པ་ཇི་ལྟ་བ་བཞིན་དུ། ས་མ་བཅུ་གཉིས་ནི་ཕྱག་གཉིས་མ་གཡས་པ་རྣམས་ཀྱིས་རྡོ་རྗེ་འཛིན་ཞིང་། གཡོན་པ་རྣམས་ཀྱིས་རང་རང་གི་ཕྱག་མཚན་འཛིན་པ་སྟེ། དེ་ལ་མོས་པས་སྤྱོད་པའི་ས་མ་པདྨ་དམར་

Vol. 76 · folio 147a

པོ་ལྟ་བུ་ཆུ་སྐྱེས་དམར་པོ་འཛིན་པ་དང་། རབ་དགའ་མ་དམར་མོ་ཡིད་བཞིན་གྱི་ནོར་བུ་འཛིན་པ་དང་། དྲི་མེད་མ་དཀར་མོ་ཆུ་སྐྱེས་དཀར་པོ་འཛིན་པ་དང་། འོད་བྱེད་མ་དམར་མོ་སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པ་དང་། འོད་འཕྲོ་མ་མར་ཀ་ཏའི་མདོག་ཅན་ཨུཏྤལ་

སྔོན་པོ་འཛིན་པ་དང་། སྦྱང་དཀའ་མ་སེར་མོ་པང་པར་གནས་པའི་ཕྱག་གན་རྐྱལ་གྱིས་མ་ར་ཀ་ཏའི་ནོར་བུ་འཛིན་པ་དང་། མངོན་དུ་གྱུར་མ་གསེར་གྱི་མདོག་ཅན་པདྨའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ་དང་། རིང་དུ་སོང་མ་ནམ་མཁའ་ལྟར་སྔོ་བསངས་སྣ་ཚོགས་ཆུ་སྐྱེས་ལ་

གནས་པའི་སྣ་ཚོགས་རྡོ་རྗེ་འཛིན་པ་དང་། མི་གཡོ་མ་ཟླ་བའི་མདོག་ཅན་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོས་མཚན་པའི་པདྨའི་ཡུ་བ་ཁེངས་པ་དང་བཅས་པས་འཛིན་པ་དང་། ལེགས་པའི་བློ་གྲོས་མ་དཀར་མོ་རལ་གྲིས་མཚན་པའི་ཨུཏྤ་ལ་འཛིན་པ་དང་། ཆོས་ཀྱི་སྤྲིན་མ་སེར་མོ་ཆོས་ཀྱི་

སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ་དང་། ཀུན་དུ་འོད་མ་ཉིན་གུང་གི་ཉི་མའི་མདོག་ཅན་པདྨའི་སྟེང་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཚོན་པར་བྱེད་པའི་སངས་རྒྱས་ཀྱི་སྐུ་གཟུགས་འཛིན་པའོ། །ལྷོར་ཕ་རོལ་ཏུ་ཕྱིན་མ་བཅུ་གཉིས་ནི་ཕྱག་གཉིས་

མ་གཡས་པ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུ་འཛིན་ཞིང་། གཡོན་པས་རང་རང་གི་ཕྱག་མཚན་འཛིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་ཕྱག་གཉིས་ཀྱིས་ལྷག་པའོ། །དེ་ལ་རིན་པོ་ཆེ་པདྨའི་ཕ་རོལ་ཏུ་ཕྱིན་མ་དམར་མོ་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་

ཕྱིན་མ་དཀར་དམར་གྱི་མདོག་ཅན་སྣ་ཚོགས་པའི་སོ་བའི་སྙེ་མ་འཛིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་ཡལ་ག་དང་བཅས་པའི་མྱ་ངན་མེད་པའི་མེ་ཏོག་གི་ཆུན་པོ་འཛིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་མ་སེར་མོ་ཆུ་སྐྱེས་དཀར་པོ་འཛིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་མ་མ་ར་ཀ་

ཏའི་མདོག་ཅན་ཨུཏྤ་ལ་སྔོན་པོ་འཛིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་མ་ནམ་མཁའ་ལྟར་སྔོ་བསངས་པདྨ་དཀར་པོ་འཛིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་གྱི་མདོག་ཅན་པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་ཞིང་། ཕྱག་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་

Vol. 76 · folio 147b

ཕྱག་རྒྱ་མཛད་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་མ་པྲི་ཡང་ཀུ་ལྟར་ལྗང་གུ་ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་འཛིན་པ་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་མ་ཨུཏྤ་ལ་སྔོན་པོའི་མདོག་ཅན། ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་འཛིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་མ་དམར་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་པོ་ཏི་འཛིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་སྣ་ཚོགས་པའི་རིན་པོ་ཆེའི་འབྲས་བུས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་འཛིན་པ་དང་། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་མ་སྣ་ཚོགས་མདོག་ཅན་ཨུཏྤལ་སྔོན་པོ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་འཛིན་པའོ། །ནུབ་ཏུ་

དབང་མ་བཅུ་གཉིས་ནི། ཕྱག་གཉིས་མ་གཡས་པ་རྣམས་ཀྱིས་ཨུཏྤ་ལ་འཛིན་ཞིང་། གཡོན་པས་བསྙེམས་པ་དང་བཅས་པས་རང་རང་གི་ཕྱག་མཚན་འཛིན་པ་སྟེ། དེ་ལ་ཚེ་ལ་དབང་མ་དཀར་དམར་གྱི་མདོག་ཅན་ནོར་བུ་པདྨ་རཱ་ག་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གྱི་སངས་རྒྱས་ཚེ་དཔག་ཏུ་

མེད་པའི་སྐུ་གཟུགས་འཛིན་པ་དང་། སེམས་ལ་དབང་མ་དཀར་མོ་རྡོ་རྗེ་རྩེ་ལྔ་པ་དམར་པོ་འཛིན་པ་དང་། ཡོ་བྱད་ལ་དབང་མ་སེར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པ་དང་། ལས་ལ་དབང་མ་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ་དང་། སྐྱེ་བ་ལ་དབང་མ་སྣ་ཚོགས་མདོག་ཅན་རྣམ་པ་སྣ་

ཚོགས་པའི་མདོག་ཅན་གྱི་ཛཱ་ཏིའི་འཁྲི་ཤིང་འཛིན་པ་དང་། རྫུ་འཕྲུལ་ལ་དབང་མ་ནམ་མཁའ་ལྟར་སྔོ་བསངས་པདྨ་ལ་གནས་པའི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འཛིན་པ་དང་། མོས་པ་ལ་དབང་མ་པདྨའི་རྩ་བ་ལྟར་དཀར་བ་པྲི་ཡང་ཀུའི་མེ་ཏོག་གི་སྙེ་མ་འཛིན་པ་དང་། སྨོན་ལམ་ལ་དབང་མ་

སེར་མོ་ཨུཏྤ་ལ་སྔོན་པོ་འཛིན་པ་དང་། ཡེ་ཤེས་ལ་དབང་མ་སྔོན་མོ་ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་འཛིན་པ་དང་། ཆོས་ལ་དབང་མ་དཀར་མོ་པདྨ་ལ་གནས་པའི་བུམ་པ་བཟང་པོ་འཛིན་པ་དང་། དེ་བཞིན་ཉིད་མ་དཀར་མོ་ཕྱག་གཡས་པས་པདྨ་དཀར་པོ་འཛིན་ཞིང་། གཡོན་པས་རྡོ་རྗེ་

རིན་པོ་ཆེའི་སྙེ་མ་འཛིན་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་མ་གསེར་ཞུན་མ་ལྟ་བུ་གཡས་པས་ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་འཛིན་ཞིང་། གཡོན་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་སྟེང་དུ་འཁོར་ལོ་འཛིན་པའོ། །བྱང་དུ་གཟུགས་མ་བཅུ་གཉིས་ནི། ཕྱག་གཉིས་

Vol. 76 · folio 148a

མ་གཡས་པ་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་དང་། གཡོན་པས་བསྙེམས་པ་དང་བཅས་པས་རང་རང་གི་ཕྱག་མཚན་འཛིན་པ་སྟེ། དེ་ལ་ནོར་གྱི་བློ་གྲོས་མ་སེར་མོ་འབྲས་ཀྱི་སྙེ་མ་འཛིན་པ་དང་། རིན་ཆེན་སྐར་མདའ་མ་དམར་མོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པ་དང་། གཙུག་ཏོར་རྣམ་

པར་རྒྱལ་མ་དཀར་མོ་ནོར་བུ་ཟླ་བ་ཆུ་ཤེལ་གྱི་བུམ་པ་འཛིན་པ་དང་། འོད་ཟེར་ཅན་མ་དཀར་དམར་སྐུད་པ་དང་བཅས་པའི་ཁབ་འཛིན་པ་དང་། རི་ཁྲོད་ལོ་མ་ཅན་མ་ལྗང་གུ་རྨ་བྱའི་མཇུག་སྒྲོ་འཛིན་པ་དང་། དུག་སེལ་མ་དཀར་མོ་དུག་གི་མེ་ཏོག་གི་ཆུན་པོ་འཛིན་པ་དང་། སྒོ་མཐའ་ཡས་མ་མེ་ཏོག་པྲི་ཡང་ཀུ་

ལྟར་ལྗང་གུ་ཆུ་སྐྱེས་དམར་པོ་ལ་གནས་པ་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་འཛིན་པ་དང་། ཙུནྡ་མ་དཀར་མོ་བགྲང་ཕྲེང་འཆང་བའི་རིལ་བ་སྤྱི་བླུགས་འཛིན་པ་དང་། ཤེས་རབ་འཕེལ་མ་དཀར་མོ་ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་འཛིན་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་མ་ལྗང་གུ་རྡོ་རྗེ་

རྩེ་གསུམ་པས་མཚན་པའི་པདྨ་དཀར་དམར་འཛིན་པ་དང་། ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་དམར་མོ་རིན་པོ་ཆེའི་ཟ་མ་ཏོག་འཛིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་མ་སེར་མོ་པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་དཔེ་སྒྲོམ་འཛིན་པའོ། །སྒོ་རྣམས་ལ་ཤར་དུ་ཆོས་སོ་སོ་ཡང་

དག་པར་རིག་མ་དཀར་དམར་ཕྱག་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ་འཛིན་པ་དང་། ལྷོར་དོན་སོ་སོ་ཡང་དག་པར་རིག་མ་མ་ར་ཀ་ཏའི་མདོག་ཅན་གཡས་པ་དང་གཡོན་པའི་ཕྱག་དག་གིས་རིན་པོ་ཆེའི་ཞགས་པ་འཛིན་པ་དང་། ནུབ་ཏུ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་མ་དམར་མོ་ཕྱག་

གཉིས་ཀྱིས་མཐའ་གཉིས་སུ་པདྨས་མཚན་པའི་ལྕགས་སྒྲོག་འཛིན་པ་དང་། བྱང་དུ་སྤོབས་པ་སོ་སོ་ཡང་དག་པར་རིག་མ་མ་ར་ཀ་ཏ་ལྟར་ལྗང་གུ་ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུ་འཛིན་པའོ། །མཚམས་རྣམས་སུ་མེར་སྒེག་མོ་སེར་མོ་སྒེག་པ་དང་བཅས་པའི་ཕྱག་

དག་གིས་རྡོ་རྗེ་གཉིས་འཛིན་པ་དང་། བདེན་བྲལ་དུ་ཕྲེང་བ་མ་དམར་སེར་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འཛིན་པ་དང་། རླུང་དུ་གླུ་མ་དམར་མོ་ཕྱག་དག་གིས་པི་ཝང་འཛིན་ཞིང་སྒྲ་སྒྲོགས་པ་དང་། དབང་ལྡན་དུ་གར་མ་ལྗང་གུ་ཕྱག་གཉིས་གར་གྱི་ཚུལ་གྱིས་རྡོ་རྗེ་རྩེ་གསུམ་པ་དང་དྲིལ་བུ་འཛིན་

Vol. 76 · folio 148b

པའོ། །མོས་པས་སྤྱོད་པའི་ས་མ་ལ་སོགས་པའི་ལྷ་མོ་འདི་རྣམས་ཐམས་ཅད་ནི་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་དང་། ན་བཟའ་དང་། རིན་པོ་ཆེའི་ཅོད་པན་ཅན། ཅུང་ཟད་འཛུམ་ཞིང་སྒེག་པའི་ཉམས་དང་ལྡན་པ། སྣ་ཚོགས་ཆུ་སྐྱེས་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་ཀྲུང་གིས་

བཞུགས་པ་སྟེ། ཁྱད་པར་སྒོ་སྐྱོང་མ་རྣམས་ནི་ཉི་མའི་དཀྱིལ་འཁོར་རོ། །གཞན་དག་ནི་དེ་རྣམས་ཀྱང་ཟླ་བ་ལ་གནས་པའོ། །དཀྱིལ་འཁོར་གསུམ་པ་ལ་དབང་ལྡན་ནས་བརྩམས་ནས་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་ལ་སྣམ་བུ་རྣམས་ཀྱི་ཤར་དུ་ཀུན་དུ་བཟང་པོ་སེར་པོ་གཡས་

པས་མཆོག་སྦྱིན་དང་གཡོན་པས་ཨུཏྤལ་ལ་གནས་པའི་རལ་གྲི་འཛིན་པ་དང་། བློ་གྲོས་མི་ཟད་པ་སེར་པོ་གཡས་པས་རལ་གྲི་དང་གཡོན་པས་མི་འཇིགས་པས་པདྨ་འཛིན་པ་དང་། སའི་སྙིང་པོ་སེར་པོ་གཡས་པས་ས་གནོན་མཛད་ཅིང་གཡོན་པས་པདྨ་ལ་གནས་པའི་དཔག་བསམ་གྱི་ཤིང་འཛིན་པ་

དང་། ནམ་མཁའི་སྙིང་པོ་ལྗང་གུ་གཡས་པས་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་འབེབས་ཤིང་། གཡོན་པས་ཡིད་བཞིན་གྱི་ནོར་བུ་འཛིན་པའོ། །ལྷོར་ནམ་མཁའི་མཛོད་སེར་པོ་གཡས་པས་ཡིད་བཞིན་གྱི་ནོར་བུ་དང་གཡོན་པས་བུམ་པ་བཟང་པོ་ལས་འཕྱངས་པའི་དཔག་བསམ་གྱི་ཤིང་འཛིན་པ་དང་། ཕྱག་

ན་རིན་ཆེན་ལྗང་གུ་གཡས་པས་རིན་པོ་ཆེ་དང་། གཡོན་པས་ཆུ་སྐྱེས་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པ་དང་། བློ་གྲོས་རྒྱ་མཚོ་དཀར་པོ་གཡས་པས་དུང་དང་གཡོན་པས་རལ་གྲི་འཛིན་པ་དང་། རྡོ་རྗེ་སྙིང་པོ་ཨུཏྤ་ལ་སྔོན་པོའི་མདོག་ཅན་གཡས་པས་རྡོ་རྗེ་དང་། གཡོན་པས་ས་བཅུ་པའི་

གླེགས་བམ་འཛིན་པའོ། །ནུབ་ཏུ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་གཡས་པས་མཆོག་སྦྱིན་དང་། གཡོན་པས་ཆུ་སྐྱེས་འཛིན་པ་དང་། མཐུ་ཆེན་ཐོབ་པ་སེར་པོ་གཡས་པས་རལ་གྲི་དང་གཡོན་པས་པདྨ་འཛིན་པ་དང་། ཟླ་འོད་དཀར་པོ་གཡས་པས་འཁོར་ལོ་དང་གཡོན་པས་ཆུ་སྐྱེས་ལ་གནས་པའི་ཟླ་

བའི་དཀྱིལ་འཁོར་འཛིན་པ་དང་། དྲ་བ་ཅན་གྱི་འོད་དཀར་དམར་གཡས་པས་རལ་གྲི་དང་གཡོན་པས་ཆུ་སྐྱེས་ལ་གནས་པའི་ཉི་མ་འཛིན་པའོ། །བྱང་དུ་འོད་དཔག་མེད་དཀར་པོ་གཡས་པས་སྣ་ཚོགས་ཆུ་སྐྱེས་དང་། གཡོན་པས་ཆུ་སྐྱེས་ལ་གནས་པའི་བུམ་པ་འཛིན་པ་དང་། སྤོབས་པ་བརྩེགས་པ་སེར་

Vol. 76 · folio 149a

པོ་གཡས་པས་སེ་གོལ་གཏོགས་ཤིང་གཡོན་པས་པདྨ་ལ་གནས་པའི་རལ་གྲི་འཛིན་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་གུར་གུམ་གྱི་མདོག་གཡས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་པས་ཤཀྟི་འཛིན་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྔོན་པོ་གཡས་པས་

རལ་གྲི་དང་གཡོན་པས་སྣ་ཚོགས་རྡོ་རྗེས་མཚན་པའི་བ་དན་འཛིན་པའོ། །བཅུ་དྲུག་པོ་འདི་རྣམས་ནི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་ལ་སེམས་དཔའི་སྐྱིལ་ཀྲུང་ཅན་རིན་པོ་ཆེའི་ཅོད་པན་དང་སྣ་ཚོགས་པའི་རིན་པོ་ཆེ་དང་ན་བཟས་བརྒྱན་པ། ཞལ་གཅིག་པ་ཕྱག་གཉིས་པ་རྣམས་སོ། །སྒོ་རྣམས་ལ་

ཤར་དུ་མ་ཧེ་ལ་གཤིན་རྗེ་མཐར་བྱེད་ནག་པོ་གསུས་པ་འཕྱང་བ་ཞལ་དྲུག་པ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་དང་། རལ་གྲི་དང་མདའ་དང་། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དང་གཞུ་འཛིན་པ་སྟེ། ཞལ་དང་ཞབས་ཀྱི་ཁྱད་པར་ནི་སྔ་མ་བཞིན་ནོ། །

ལྷོར་ཤེས་རབ་མཐར་བྱེད་སེར་པོ་ཞལ་བཞི་པ་རྩ་བའི་ཞལ་སྒེག་པ་དང་བཅས་པ་གཡས་པ་གདངས་པ། རྒྱབ་མ་དྲག་པོ་ཆེན་པོ། །གཡོན་པ་ཞི་བ། ཡང་ན་འདི་རྣམས་རིམ་པ་ཇི་ལྟ་བར་སེར་པོ་དང་སྔོན་པོ་དང་དམར་པོ་དང་ལྗང་གུའོ། །འདིའི་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་ཞགས་པ་དང་། རྡོ་རྗེ་དང་རལ་

གྲི་དང་མདའ་དང་། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཤཀྟི་དང་གཞུ་འཛིན་པའོ། །ནུབ་ཏུ་པདྨ་མཐར་བྱེད་དམར་པོ་ཞལ་དམར་པོ་བཞིའི་རྩ་བ་དང་གཡས་དང་རྒྱབ་དང་གཡོན་གྱི་ཞལ་རྣམས་སྒེག་པ་དང་དྲག་པ་དང་བཞད་པ་དང་ཞི་བའི་ཉམས་དང་ལྡན་པ། ཡང་ན་འདི་རྣམས་དམར་པོ་དང་ནག་པོ་དང་སེར་པོ་

དང་དཀར་པོའོ། །ཕྱག་བརྒྱད་ཀྱི་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་དང་། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་འཛིན་པ་སྟེ། གསུམ་པོ་འདི་དག་ནི་རོལ་པའི་ཀུན་དུ་བསྐྱོད་པས་གནས་པའོ། །བྱང་དུ་

བགེགས་མཐར་བྱེད་སྔོན་པོ་ཞལ་སྔོན་པོ་བཞི་པ། ཡང་ན་འདི་རྣམས་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ། ཕྱག་བརྒྱད་ཀྱི་གཉིས་ཀྱིས་རྡོ་རྗེ་བསྡམས་པའི་ཚུལ་གྱིས་དྲིལ་བུ་དང་། གཡས་པ་རྣམས་ཀྱིས་རལ་གྲི་དང་མདའ་དང་ལྕགས་ཀྱུ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་

Vol. 76 · folio 149b

པའི་ཞགས་པ་དང་གཞུ་དང་དྲིལ་བུ་འཛིན་པ་གཡོན་བརྐྱང་གིས་ལོག་འདྲེན་མནན་ནས་བཞུགས་པའོ། །མཚམས་རྣམས་ལ་དབང་ལྡན་དུ་འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་བ་སྔོན་པོ་ཞལ་སྔོན་པོ་བཞིའི་རྩ་བ་ཁྲོ་ཞིང་སྒེག་པ་དང་བཅས་པ་གཡས་དྲག་པོ་རྒྱབ་དཔའ་བ། གཡོན་མི་སྡུག་པའི་ཉམས་ཅན།

ཡང་ན་འདི་རྣམས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོའོ། །ཕྱག་བརྒྱད་ཀྱི་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བཟུང་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛད་པ། གཡས་པ་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ། གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་གཞུ་འཛིན་པ། ཞབས་གཡོན་

བརྐྱང་བས་དབང་ཕྱུག་ཆེན་པོའི་མགོ་དང་། གཡས་བསྐུམ་པས་ཨུ་མའི་ནུ་མ་མནན་པའོ། །མེར་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ནག་པོ་སྒེག་པ་དང་དཔའ་བ་དང་འཇིགས་སུ་རུང་བ་སྙིང་རྗེའི་ཉམས་དང་ལྡན་པའི་ཞལ་བཞི་པ། ཡང་ན་འདི་རྣམས་སྔོན་པོ་དང་དཀར་པོ་དང་སེར་པོ་དང་དམར་པོ། འདིའི་ཕྱག་

བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་མདའ་དང་འཁོར་ལོ་འཛིན་ཞིང་། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་དང་གཞུ་དང་ཁ་ཊྭཱཾ་ག་དང་འབྲེལ་བའི་བ་དན་འཛིན་པ། ཆུང་མ་དང་བཅས་པའི་ཁྱབ་འཇུག་གཡས་བརྐྱང་གིས་མནན་ནས་བཞུགས་པའོ། །བདེན་བྲལ་དུ་ཧེ་རུ་ཀ་སྔོན་

པོ་ཞལ་སྔོན་པོ་བཞིའི་རྩ་བ་དྲག་པོ། །གཡས་པ་རབ་ཏུ་དགའ་བས་བཞད་པ། རྒྱབ་མ་ཟ་བར་རྔམ་པ། གཡོན་པ་སྒེག་པ་དང་བཅས་པ། ཡང་ན་འདི་རྣམས་སྔོན་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པ་དང་མདའ་དང་ཁྲག་གིས་གང་བའི་ཐོད་པ། གཡོན་

པ་རྣམས་ཀྱིས་སྙིང་གར་པདྨ་ཁ་བྱེ་བ་དང་གཞུ་དང་ཁ་ཊྭཱཾ་ག་དྲིལ་བུ་བ་དན་དང་བཅས་པ་འཛིན་ཞིང་། གཉིས་ཀྱིས་འཇིགས་བྱེད་ཆེན་པོའི་པགས་པ་རླུང་རས་ལྟ་བུ་འཛིན་པ། ཆུང་མ་དང་བཅས་པའི་ཚངས་པ་གཡོན་བརྐྱང་གིས་མནན་ནས་བཞུགས་པའོ། །རླུང་དུ་རྟ་མཆོག་ལྗང་གུ་ཞལ་ལྗང་གུ་བཞིའི་རྩ་བ་

ཁྲོ་ཞིང་སྒེག་པ་དང་བཅས་པ། གཡས་པ་དྲག་པོ་གཡོན་པ་ཚངས་པའི་གདོང་ཅན། ཡང་ན་འདི་རྣམས་ལྗང་གུ་དང་སྔོན་པོ་དང་དཀར་པོ་སྟེ་སྤྱི་བོར་རྟ་མགོ་ལྗང་གུ་འདིའི་ཕྱག་བརྒྱད་ཀྱི་གཡས་པ་སྣ་ཚོགས་རྡོ་རྗེ་བ་དན་དང་ལྡན་པས་བསྒྲེང་བའི་ཚུལ་དང་། གཉིས་པས་བ་དན་གསུམ་པའི་ཚུལ་དང་། གསུམ་

Vol. 76 · folio 150a

པས་རལ་གྲི། བཞི་པས་མདའ། གཡོན་པས་ཕུབ་དང་བཅས་པའི་ཕྱག་གིས་སྣ་ཚོགས་ཆུ་སྐྱེས་དང་། གསུམ་གྱིས་ཤཀྟི་དང་དབྱུག་པ་དང་གཞུ་འཛིན་པ། གཡས་བརྐྱང་བ་དང་གཡོན་བརྐྱང་བ་སྟེ་ཞབས་བཞི་པ། གཡས་པ་གཅིག་གིས་དབང་མོ་དང་དཔལ་མོ། །གཉིས་པས་དགའ་

མ་དང་རངས་མ་གཡོན་པ་གཅིག་གིས་དབང་པོ་དང་སྦྲང་རྩིར་བྱེད་པ། གཉིས་པས་རྒྱལ་བར་བྱེད་པ་དང་དཔྱིད་ཀྱི་ལྷ་མནན་ནས་བཞུགས་པའོ། །འཁོར་ལོའི་དབང་ཕྱུག་གི་སྟེང་གི་ནམ་མཁར་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་ཞལ་སེར་པོ་བཞི་པ། ཡང་ན་སེར་པོ་དང་སྔོན་པོ་དང་དམར་པོ་དང་

དཀར་པོའི་ཞལ་བཞི་པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་འཁོར་ལོ་དང་ལྕགས་ཀྱུ་དང་རལ་གྲི་དང་མདའ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་དང་བགྲང་ཕྲེང་དང་གཞུ་འཛིན་པ། རོལ་པའི་ཀུན་དུ་བསྐྱོད་པས་བཞུགས་པའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་དྲག་པོ་དང་ཞི་བ་དང་བཞད་པ་

དང་སྒེག་པའི་ཉམས་དང་ལྡན་པའི་ཞལ་ནག་པོ་བཞི་པ་ཡང་ན་ནག་པོ་དང་དཀར་པོ་དང་དམར་པོ་དང་སེར་པོའི་ཞལ་བཞི་པ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་དང་རལ་གྲི་དང་མདའ་གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཞགས་པ་དང་རྡོ་རྗེ་རྩེ་གཅིག་པ་དང་གཞུ་འཛིན་པ། གཡོན་བརྐྱང་

གིས་བཞུགས་པའོ། །ཁྲོ་བོ་བཅུ་པོ་འདི་རྣམས་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པ། ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྨིན་མ་འཁྱོག་པ་དང་བཅས་པ། སྟག་གི་པགས་པའི་གོས་དང་སྨད་གཡོགས་ཅན། ཐོད་པའི་ཕྲེང་བའི་ཅོད་པན་དང་ལྡན་པ། དབུ་སྐྲ་

དམར་སེར་འབར་བ་གྱེན་དུ་བཅིངས་པ་སྨ་ར་དམར་སེར་ཅན་གདེངས་ཅན་གྱི་དབང་པོ་བརྒྱད་དང་ལྡན་པས་འཇིགས་སུ་རུང་བའོ། །དཀྱིལ་འཁོར་གསུམ་པ་ཉིད་ཀྱི་གྲྭ་བཞིའི་ནང་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོ་བཞིའི་ཕྱིའི་རེ་ཁཱའི་ཕྱི་རོལ་གྱི་གནས་སུ་མེ་ལ་སོགས་པའི་ཟུར་ཐིག་

བཞི་པོ་རྣམས་ཀྱི་གཡས་ལོགས་སུ་མེ་ཏོག་མ་ལ་སོགས་པ་བཞི་དང་གཡོན་ལོགས་སུ་རྡོ་རྗེ་གཟུགས་མ་ལ་སྟེ། དེ་ལ་མེ་ཏོག་མ་སེར་མོ་ཕྱག་ན་མེ་ཏོག་གི་སྣོད་ཅན་དང་། བདུག་སྤོས་མ་ནག་མོ་ཕྱག་ན་སྤོས་ཕོར་ཅན་དང་། མར་མེ་མ་དམར་མོ་ཕྱག་ན་རིན་པོ་ཆེའི་སྒྲོན་མའི་མཆོད་སྡོང་ཅན་དང་། དྲི་ཆབ་མ་

Vol. 76 · folio 150b

ལྗང་གུ་ཕྱག་ན་དྲིའི་དུང་ཅན་དང་། རྡོ་རྗེ་གཟུགས་མ་སེར་མོ་ཕྱག་ན་མེ་ལོང་ཅན་དང་། རྡོ་རྗེ་སྒྲ་མ་ལྗང་གུ་ཕྱག་ན་པི་ཝང་ཅན་དང་། རྡོ་རྗེ་རོ་མ་དམར་མོ་ཕྱག་ན་དྲིའི་སྣོད་ཅན་དང་། རྡོ་རྗེ་རེག་བྱ་མ་སྣ་ཚོགས་པའི་མདོག་ཅན་ཕྱག་ན་གོས་སྣ་ཚོགས་ཅན་ནོ། །བརྒྱད་པོ་འདི་རྣམས་ནི་ཕྱག་གཉིས་མ་རིན་པོ་ཆེའི་ཅོད་པན་

ཅན་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་དང་གོས་ཀྱིས་བརྒྱན་པ། པདྨ་དང་ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །བཞི་པ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ལ་དབང་པོའི་ཕྱོགས་སུ་ས་སྲུང་དཀར་པོ་ལ་གནས་པའི་དབང་པོ་སེར་པོ་རྡོ་རྗེ་དང་ནུ་མ་འཛིན་པ་དང་། གཤིན་རྗེར་མ་ཧེ་ལ་གཤིན་རྗེ་ནག་པོ་

དབྱུག་པ་དང་མདུང་འཛིན་པ། ཆུར་ཆུ་སྲིན་ལ་ཆུ་བདག་དཀར་པོ་གདེངས་ཀ་བདུན་པ་ཀླུའི་ཞགས་པ་དང་དུང་འཛིན་པ་དང་། ལུས་ངན་དུ་མི་ལ་གནས་པའི་ལུས་ངན་པོ་སེར་པོ་ལྕགས་ཀྱུ་དང་དབྱུག་ཏོ་འཛིན་པ་དང་། དབང་ལྡན་དུ་གླང་ལ་གནས་པའི་དབང་ལྡན་དཀར་པོ་རྩེ་གསུམ་དང་ཐོད་པ་འཛིན་པ།

རལ་པའི་ཐོར་ཅོག་ལ་ཐོད་པ་དང་ཟླ་བ་ཕྱེད་པས་བརྒྱན་ཞིང་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་མགྲིན་པ་སྔོན་པོ་དང་། མེར་ར་ལ་མེ་ལྷ་དམར་པོ་བླུགས་གཟར་དང་སྤྱི་བླུགས་འཛིན་པ་དང་། བདེན་བྲལ་དུ་རོ་ལ་སྲིན་པོའི་བདག་པོ་བདེན་བྲལ་སྔོན་པོ་རལ་གྲི་དང་ཕུབ་འཛིན་པ་དང་། རླུང་དུ་རི་དགས་ལ་རླུང་ལྷ་སྔོན་

པོ་རླུང་རས་འཛིན་པ་སྟེ། བརྒྱད་པོ་འདི་རྣམས་ནི་ཕྱག་བཞི་པ། གཡས་པས་ཕྱག་མཚན་དང་པོ་དང་། གཡོན་པས་གཉིས་པ་འཛིན་ཞིང་རང་སྣང་གི་བཙུན་མོ་ལ་འཁྱུད་པ། གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་ནས་འདུད་པའོ། །དབང་ལྡན་དང་ཉེ་བའི་ཕྱི་རོལ་དུ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་

རིམ་པས་ཚངས་པ་ལ་སོགས་པ་སྟེ། དེ་ཡང་ངང་པ་ལ་ཚངས་པ་སེར་པོ་ཞལ་བཞི་པ། ཕྱག་བཞི་པ། བགྲང་ཕྲེང་དང་ཆུ་སྐྱེས་འཛིན་ཞིང་གཡས་པ་དང་ཅིག་ཤོས་དག་ཐལ་མོ་སྦྱར་བས་དབྱུག་པ་དང་སྤྱི་བླུགས་འཛིན་པའོ། །མཁའ་ལྡིང་ལ་ཁྱབ་འཇུག་ནག་པོ་ཕྱག་བཞི་པ་དང་པོ་གཉིས་འཁོར་ལོ་

དང་དུང་འཛིན་ཞིང་གཡས་པ་དང་གཡོན་པ་དག་གིས་ཐལ་མོ་སྦྱར་བས་དབྱུག་ཏོ་དང་སཱ་རཾ་གའི་གཞུ་འཛིན་པའོ། །གླང་ལ་དབང་ཕྱུག་དཀར་པོ་རི་བོང་གིས་མཚན་པའི་རལ་པའི་ཐོར་ཅོག་ཅན། ཕྱག་བཞི་པ་སྤྱི་བོར་ཐལ་མོ་སྦྱར་བ་དང་རྩེ་གསུམ་དང་ཐོད་པ་འཛིན་པའོ། །རྨ་བྱ་ལ་གདོང་དྲུག་དམར་པོ་

Vol. 76 · folio 151a

ཞལ་དྲུག་པ་ཕྱག་དྲུག་པ་གཡས་པ་དག་གིས་ཤཀྟི་དང་རྡོ་རྗེ་དང་། གཡོན་པ་དག་གིས་ཁྱིམ་བྱ་དང་དྲིལ་བུ་འཛིན་ཞིང་གཉིས་ཀྱིས་ཐལ་མོ་སྦྱར་བའོ། །འདི་རྣམས་ཀྱང་སྔ་མ་བཞིན་དུ་རང་སྣང་གི་བཙུན་མོ་ལ་འཁྱུད་པའོ། །ཚངས་མ་ནི་ཚངས་པ་དང་མཚུངས་པའོ། །དྲག་མོ་ནི་དྲག་པོ་དང་

མཚུངས་པའོ། །ཁྱབ་འཇུག་མ་ནི་ཁྱབ་འཇུག་དང་མཚུངས་པའོ། །གཞོན་ནུ་མ་ནི་གཞོན་ནུ་དང་མཚུངས་པའོ། །དབང་མོ་ནི་དབང་པོ་དང་མཚུངས་པའོ། །ཕག་མོ་ནག་མོ་འུག་པ་ལ་གནས་མ་ཕྱག་བཞི་མ་གཡས་པ་དང་ཅིག་ཤོས་དག་གིས་རོ་ཧི་ཏ་དང་ཐོད་པ་འཛིན་ཞིང་གཉིས་ཀྱིས་ཐལ་

མོ་སྦྱར་བའོ། །ཡི་དགས་ཀྱི་སྟེང་དུ་ཙ་མུཎྜི་དམར་མོ་ཕྱག་བཞི་མ་གཡས་པ་དང་གཡོན་པ་དག་གིས་གྲི་གུག་དང་ཐོད་པ་འཛིན་ཞིང་གཞན་པ་དག་གིས་ཐལ་མོ་སྦྱར་བའོ། །བྷྲྀངྒི་ནི་མ་ནག་མོ་ཤིན་ཏུ་སྐེམ་པ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་ཞིང་གཉིས་ཀྱིས་ཐལ་མོ་སྦྱར་བའོ། །བྱི་བ་ལ་ཚོགས་

བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་ལྡན་པ། ཕྱག་བཞི་པ་གཡས་པ་དག་གིས་རྩེ་གསུམ་དང་ལ་དུ། གཡོན་པ་དག་གིས་དགྲ་སྟ་དང་ལ་ཕུག་འཛིན་པའོ། །ནག་པོ་ཆེན་པོ་ནག་པོ་རྩེ་གསུམ་དང་ཐོད་པ་འཛིན་པའོ། །དགའ་བྱེད་དབང་ཕྱུག་ནག་པོ་རྫ་རྔ་ལ་

ཞོན་ཞིང་རྫ་རྔ་བརྡུང་བར་བརྩོན་པའོ། །རྟ་བདུན་པའི་ཤིང་རྟ་ལ་ཉི་མ་དམར་པོ་གཡས་པ་དང་གཡོན་པ་དག་གིས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །ངང་པ་ལ་ཟླ་བ་དཀར་པོ་གཡས་པ་དང་གཡོན་པ་དག་གིས་ཀུ་མུ་ཏ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །ར་ལ་བཀྲ་ཤིས་

དམར་པོ་གཡས་པས་ཆུ་གྲི་དང་གཡོན་པས་མིའི་མགོ་བོ་ཟླ་བའི་ཚུལ་གྱིས་འཛིན་པའོ། །པདྨ་ལ་གཟའ་ལྷག་སེར་པོ་མདའ་དང་གཞུ་འཛིན་པའོ། །སྦལ་པ་འམ་ཐོད་པ་ལ་ཕུར་བུ་དཀར་པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །པདྨ་ལ་པ་སངས་དཀར་པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པའོ། །རུས་སྦལ་

ལ་སྤེན་པ་ནག་པོ་དབྱུག་པ་འཛིན་པའོ། །སྒྲ་གཅན་དམར་ནག་ཕྱག་དག་གིས་ཉི་མ་དང་ཟླ་བ་འཛིན་པའོ། །མཇུག་རིངས་ནག་པོ་རལ་གྲི་དང་ཀླུའི་ཞགས་པ་འཛིན་པའོ། །གླང་པོ་ལ་སྟོབས་བཟངས་དཀར་པོ་རལ་གྲི་དང་གཤོལ་འཛིན་པའོ། །ཁུ་བྱུག་གི་ཤིང་རྟ་ལ་རྒྱལ་བར་བྱེད་པ་ལྗང་གུ་ཕྱག་བཞི་པ་

Vol. 76 · folio 151b

གཡས་པ་དག་གིས་མེ་ཏོག་གི་ཕྲེང་བ་དང་མདའ། གཡོན་པ་དག་གིས་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །ནེ་ཙོའི་ཤིང་རྟ་ལ་སྦྲང་རྩིར་བྱེད་པ་དཀར་པོ་ཕྱག་བཞི་པ་གཡས་པ་དག་གིས་ཆུ་སྲིན་གྱི་རྒྱལ་མཚན་དང་མདའ། གཡོན་པ་དག་གིས་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །སྤྲེའུ་ལ་དཔྱིད་

ཀྱི་ལྷ་དཀར་པོ་ཕྱག་བཞི་པ་གཡས་པ་དག་གིས་མདའ་དང་རལ་གྲི། གཡོན་པ་དག་གིས་གཞུ་དང་བཏུང་བའི་སྣོད་འཛིན་པའོ། །མཐའ་ཡས་དང་ནོར་རྒྱས་དང་འཇོག་པོ་དང་སྟོབས་རྒྱུ་དང་པདྨ་དང་པདྨ་ཆེན་པོ་དང་དུང་སྐྱོང་དང་། རིགས་ལྡན་རྣམས་ནི་སྦྲུལ་གྱི་གདེངས་ཀ་བདུན་དང་ལྡན་པ་ཐལ་མོ་སྦྱར་བ་

སྟེ། ཡང་ན་རང་རང་གི་ཡབ་ཀྱི་ཕྱག་མཚན་གཙོ་བོ་དང་ལྡན་པས་ཐལ་མོ་སྦྱར་བའོ། །ཐགས་བཟངས་རིས་དང་སྟོབས་ལྡན་དང་ཚིམ་བྱེད་ལ་སོགས་པའི་ལྷ་མ་ཡིན་གྱི་དབང་པོ་རྣམས་ནི་ནག་པོ་གཡུལ་འགྱེད་པའི་གོ་ཆ་གྱོན་པ་རལ་གྲི་དང་ཕུབ་ལ་སོགས་པ་སྣ་ཚོགས་པའི་མཚོན་ཆ་ཕྱག་ན་

འཛིན་པའོ། །ནམ་མཁའ་ལྡིང་གི་དབང་པོ་གཤོག་པ་རབ་ཏུ་བརྐྱང་བ་པུས་མོའི་བར་དུ་དཀར་བ། དེའི་སྟེང་ནས་ལྟེ་བའི་བར་དུ་སེར་པོ་ལྟེ་བའི་སྟེང་ནས་མགྲིན་པའི་བར་དུ་དམར་པོ། དེའི་སྟེང་ནས་སྤྱི་བོའི་བར་ནག་པོ། །ཕྱག་དག་གིས་ཐལ་མོ་སྦྱར་བའོ། །མི་འམ་ཅིའི་རྒྱལ་པོ་དམར་

སེར་པི་ཝང་གི་སྒྲ་སྒྲོགས་པར་བརྩོན་པའོ། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་སེར་པོ་པི་ཝང་གི་སྒྲ་སྒྲོགས་པའོ། །རིག་པ་འཛིན་པའི་དབང་པོ་དོན་ཐམས་ཅད་གྲུབ་པ་དཀར་པོ་མེ་ཏོག་གི་ཕྲེང་བ་འཛིན་པའོ། །གང་བ་བཟང་པོ་སྔོན་པོ་དང་། ནོར་བུ་བཟང་པོ་སེར་པོ་དང་། ནོར་སྦྱིན་

དམར་པོ་དང་། རྣམ་ཐོས་སྲས་སེར་པོ་དང་། ཙི་བི་ཀུཎྜ་ལི་དམར་པོ་དང་། ཀི་ལི་མ་ལཱི་ལྗང་གུ་དང་སྒོའི་དབང་པོ་སེར་པོ་དང་སྤྱོད་པའི་དབང་པོ་སེར་པོ་སྟེ། གང་བ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་དབང་པོ་འདི་རྣམས་ནི་གཡས་པ་དང་གཡོན་པའི་ཕྱག་དག་གིས་བཱི་ཛ་པཱུ་ར་ཀའི་འབྲས་བུ་

དང་ནེའུ་ལེ་འཛིན་པའོ། །འཕྲོག་མ་སེར་མོ་ཆང་བུ་གཉིས་འཛིན་པ་བུ་དང་བཅས་པའོ། །ཐ་སྐར་དཀར་པོ་དང་། བྲ་ཉེ་ལྗང་གུ་དང་། སྨིན་དྲུག་སྔོ་བསངས་དང་། སྣར་མ་དམར་སྐྱ་དང་། མགོ་ནག་པོ་དང་། ལག་སེར་པོ་དང་། རྒྱལ་སྔོ་བསངས་དང་། སྐག་དཀར་པོ་དང་། མཆུ་སེར་པོ་

Vol. 76 · folio 152a

དང་། གྲེ་མེ་ཏོག་པྲི་ཡང་ཀུ་ལྟར་ལྗང་སེར་དང་། དབོ་ལྗང་གུ་དང་། མེ་བཞི་དཀར་པོ་དང་། ནག་པ་ལྗང་གུ་དང་། ས་རི་སེར་པོ་དང་། ས་ག་ནག་པོ་དང་། ལྷ་མཚམས་ལྗང་གུ་དང་། སྣྲོན་སེར་པོ་དང་། སྣྲུབས་སེར་པོ་དང་། ཆུ་སྟོད་ནག་པོ་དང་། ཆུ་སྨད་དཀར་པོ་དང་། གྲོ་བཞིན་དཀར་སེར་

དང་། མོན་གྲེ་ནག་པོ་དང་། མོན་གྲུ་སེར་པོ་དང་། ཁྲུམས་སྟོད་ལྗང་གུ་དང་། ཁྲུམས་སྨད་སེར་པོ་དང་། ནམ་གྲུ་དཀར་པོ་དང་། བྱི་བཞིན་སྔོ་བསངས་ཏེ། ཐ་སྐར་ལ་སོགས་པའི་ལྷ་འདི་རྣམས་ནི་གཡོ་བ་དང་བཅས་པའི་སྟོད་གཡོགས་ཡོངས་སུ་འཛིན་པ་ཐལ་མོ་སྦྱར་བའོ། །གཞན་ཡང་ལྷ་རྣམས་ནི་

འཁོར་ལོས་འདྲེན་པའི་ཁང་བརྩེགས་ལ་གནས་པར་ཤེས་པར་བྱ་སྟེ། དབང་པོ་ལ་སོགས་པའི་ལྷ་འདི་རྣམས་པདྨ་ལ་གནས་པ། རེ་རེ་འང་འཁོར་དཔག་ཏུ་མེད་པས་བསྐོར་བ། འབྱོར་པ་ཇི་ལྟ་བ་བཞིན་དུ་རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེས་བརྒྱན་པ། དཀྱིལ་འཁོར་གྱི་དབང་པོ་བཅོམ་ལྡན་

འདས་ལ་ཕྱག་འཚལ་ཞིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་སྒྲ་ཕྱོགས་ཐམས་ཅད་དུ་སྒྲོགས་པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་སྒོ་སྐྱོང་རྣམས་ནི་སྙིང་པོའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ནོ། །འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་

འཇམ་པའི་དབྱངས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་རང་དང་འདྲ་བའི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་དང་གཙུག་ཏོར་བརྒྱད་དང་། སྤྱན་མ་རྣམས་ལ་

འཇམ་པའི་དབྱངས་ཀྱིས་སོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་དང་། མཱ་མ་ཀཱི་དང་། རྡོ་རྗེ་ལྕགས་ཀྱུ་དང་། ས་མ་བཅུ་གཉིས་དང་ཆོས་སོ་སོ་ཡང་དག་པར་རིག་པ་དང་སྒེག་མོ་དང་ཀུན་དུ་བཟང་མོ་ལ་སོགས་པ་བཞི་དང་ཁྲོ་བོ་བཅུ་དང་མེ་ཏོག་མ་དང་གཟུགས་མ་དང་ཤར་ཕྱོགས་ན་

གནས་པའི་ལྷ་རྣམས་ལ་མི་བསྐྱོད་པས་སོ། །རྡོ་རྗེ་རིན་ཆེན་ལ་སོགས་པ་བཞི་དང་རྡོ་རྗེ་ཞགས་པ་དང་ཕ་རོལ་ཏུ་ཕྱིན་མ་བཅུ་གཉིས་དང་། དོན་སོ་སོ་ཡང་དག་པར་རིག་མ་དང་། ཕྲེང་བ་མ་དང་ནམ་མཁའ་མཛོད་ལ་སོགས་པ་བཞི་དང་བདུག་སྤོས་མ་དང་སྒྲ་མ་དང་ལྷོ་ཕྱོགས་ན་གནས་པའི་

Vol. 76 · folio 152b

ལྷ་རྣམས་ལ་རིན་ཆེན་འབྱུང་ལྡན་གྱིས་སོ། །རྡོ་རྗེ་ཆོས་ལ་སོགས་པ་བཞི་དང་གོས་དཀར་མོ་དང་རྡོ་རྗེ་ལྕགས་སྒྲོག་དང་ཚེ་དང་དབང་མ་བཅུ་གཉིས་དང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་མ་དང་གླུ་མ་དང་སྤྱན་རས་གཟིགས་ལ་སོགས་པ་བཞི་དང་། མར་མེ་མ་དང་རོ་མ་དང་ནུབ་ཕྱོགས་ན་གནས་

པའི་ལྷ་རྣམས་ལ་འོད་དཔག་མེད་ཀྱིས་སོ། །རྡོ་རྗེ་ལས་རབ་ལ་སོགས་པ་བཞི་དང་སྒྲོལ་མ་དང་རྡོ་རྗེ་འབེབས་པ་དང་། གཟུགས་མ་བཅུ་གཉིས་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་མ་དང་། གར་མ་དང་འོད་དཔག་མེད་ལ་སོགས་པ་བཞི་དང་དྲི་ཆབ་མ་དང་རེག་བྱ་རྡོ་རྗེ་མ་དང་བྱང་ཕྱོགས་ན་གནས་པའི་

ལྷ་རྣམས་ལ་དོན་ཡོད་གྲུབ་པས་རྒྱས་བཏབ་པོ། །འཇམ་པའི་དབྱངས་ཀྱི་ཐུགས་ཀའི་ས་བོན་ནི་མུཿའོ། །ཨོཾ་ཨ་ཨཿསརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར། མ་ཧཱ་བ་ཙ། སརྦ་དྷརྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿཞེས་པ་སྙིང་པོའི་སྔགས་སོ། །ཨོཾ་

ཨ་མྲི་ཏ་ཀུཎྜ་ལི་བྷིགྷཱནྟ་ཀ་ཧཱུཾ། ཞེས་པ་བདུད་རྩི་འཁྱིལ་པའི་སྔགས་ཏེ་ལས་ཐམས་ཅད་པའོ། །ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་རླུང་དང་མེ་དང་ཆུ་དང་ས་དང་རི་རབ་ཀྱི་སྟེང་གི་གཞལ་ཡས་ཁང་གི་དབུས་སུ། ནང་གི་དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་པ་སེར་པོ། །

རྡོ་རྗེ་ཕྲེང་བ་སྔོན་པོས་ཡོངས་སུ་བསྐོར་བ་སྟེ་འགའ་ཞིག་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོར་གསུངས་ལ། གཞན་དུ་ནི་འདིའི་འཁོར་ལོའི་ལྟེ་བ་སྔོན་པོ་དང་། རྩིབས་རྣམས་ཀྱི་ཤར་དཀར་པོ་དང་། ལྷོ་ནག་པོ་དང་། ནུབ་དམར་པོ་དང་། བྱང་ལྗང་གུའོ་ཞེས་གསུངས་སོ། །འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨ་ལ་

གནས་པའི་སེང་གེའི་སྟེང་དུ། བཅོམ་ལྡན་འདས་ཤཱཀྱ་སེང་གེ་རྣམ་པར་སྣང་མཛད་ཆེན་པོ་གསེར་གྱི་མདོག་ཅན་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པའོ། །ཤར་གྱི་རྩིབས་ལ་རྡོ་རྗེ་གཙུག་ཏོར་དཀར་པོ་ས་གནོན་གྱི་ཕྱག་རྒྱ་ཅན་ནོ། །ལྷོའི་རྩིབས་ལ་རིན་ཆེན་གཙུག་ཏོར་སྔོན་པོ་མཆོག་སྦྱིན་གྱི་ཕྱག་

རྒྱ་ཅན་ནོ། །ནུབ་ཀྱི་རྩིབས་ལ་པདྨ་གཙུག་ཏོར་དམར་པོ་བསམ་གཏན་གྱི་ཕྱག་རྒྱ་ཅན་ནོ། །བྱང་གི་རྩིབས་ལ་སྣ་ཚོགས་གཙུག་ཏོར་ལྗང་གུ་མི་འཇིགས་པ་རབ་ཏུ་སྦྱིན་པའོ། །མེའི་རྩིབས་ལ་གཟི་བརྗིད་གཙུག་ཏོར་དཀར་དམར་འདྲེས་པའི་མདོག་ཅན་ཕྱག་གཡས་པས་ཉི་མ་འཛིན་ཅིང་། གཡོན་

Vol. 76 · folio 153a

པ་དཀུར་བརྟེན་པའོ། །བདེན་བྲལ་གྱི་རྩིབས་ལ་རྒྱལ་མཚན་གཙུག་ཏོར་དམར་པོ་དང་འདྲེས་པའི་ནག་པོ་ཕྱག་དག་གིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པའོ། །རླུང་གི་རྩིབས་ལ་རྣོན་པོའི་གཙུག་ཏོར་ནམ་མཁའ་ལྟར་སྔོ་བསངས་ཕྱག་གཡས་པ་རལ་གྲི་དང་གཡོན་པས་

པོ་ཏི་འཛིན་པའོ། །དབང་ལྡན་གྱི་རྩིབས་ལ་གདུགས་ཅན་གཙུག་ཏོར་དཀར་པོ་ཕྱག་དག་གིས་གདུགས་འཛིན་པའོ། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་མེ་ལ་སོགས་པའི་མཚམས་རྣམས་སུ་སྒེག་མོ་དང་ཕྲེང་བ་དང་གླུ་མ་དང་གར་མ་རྣམས་ནི། དཀར་མོ་དང་སེར་མོ་དང་དམར་མོ་དང་། སྣ་ཚོགས་ཀྱི་མདོག་

ཅན་ཕྱག་གཉིས་མའོ། །སྣམ་བུ་རྣམས་ལ་སྒོའི་གཡོན་དུ་བྱང་ཆུབ་སེམས་དཔའ་གཉིས་དང་གཡས་གཉིས་ཏེ། དེ་ཡང་ཤར་གྱི་སྣམ་བུ་ལ་བྱམས་པ་སེར་པོ་གཡས་པས་ཀླུ་ཤིང་གི་མེ་ཏོག་དང་། གཡོན་པས་སྤྱི་བླུགས་འཛིན་པ་དང་། མཐོང་བ་དོན་ཡོད་སེར་པོ་ཕྱག་གཡས་པས་སྤྱན་དང་བཅས་

པའི་པདྨ་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་། ངན་སོང་ཀུན་འདྲེན་དཀར་པོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དཀར་སེར་བསྲེས་པའི་མདོག་ཅན་ཕྱག་གཡས་དབྱུག་པ་འཛིན་ཞིང་། གཡོན་པའི་ཁུ་ཚུར་

བཀུར་བརྟེན་པའོ། །ལྷོ་ཕྱོགས་སུ་སྤོས་ཀྱི་གླང་པོ་དཀར་ལྗང་གཡས་པས་དྲིའི་དུང་ཆོས་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་། དཔའ་བར་འགྲོ་བ་དཀར་པོ་གཡས་པ་རལ་གྲི་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་། ནམ་མཁའི་མཛོད་དཀར་སེར་གཡས་པ་པདྨ་ལ་

གནས་པའི་ཆོས་ཀྱི་མཛོད་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་། ཡེ་ཤེས་ཏོག་སྔོན་པོ་ཕྱག་གཡས་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །ནུབ་ཏུ་བདུད་རྩིའི་འོད་དཀར་པོ་གཡས་པ་ཅོད་པན་གྱི་སྟེང་དུ་བདུད་རྩིའི་བུམ་པ་འཛིན་

ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་། ཟླ་བའི་འོད་དཀར་པོ་གཡས་པ་པདྨ་ལ་གནས་པའི་ཟླ་བའི་གཟུགས་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་། བཟང་སྐྱོང་དཀར་པོ་གཡས་པ་འབར་བའི་འོད་ཅན་གྱི་རིན་པོ་ཆེ་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་དྲ་བ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words