རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ

Sanskrit title (Tibetan script, as in the text) བཛྲ་ཙཱ་ཪྻ་ཀྲྀ་ཡ་ས་མུཙྪ་ཡ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 76 · folio 153b

ཅན་གྱི་འོད་དཀར་པོ་གཡས་པ་རྡོ་རྗེའི་གུར་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པའོ། །བྱང་དུ་རྡོ་རྗེ་སྙིང་པོ་སྔོ་སྐྱ་གཡས་པ་རྡོ་རྗེ་དང་བཅས་པའི་ཨུཏྤ་ལ་སྔོན་པོ་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་། བློ་གྲོས་མི་ཟད་པ་དཀར་པོ་ཕྱག་གཉིས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པ་

འཛིན་པ་དང་། སྤོབས་པ་བརྩེགས་པ་དམར་པོ་གཡས་པ་ཆུ་སྐྱེས་ལ་གནས་པའི་རིན་པོ་ཆེ་བརྩེགས་པ་འཛིན་ཞིང་། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ་དང་། ཀུན་དུ་བཟང་པོ་གསེར་གྱི་མདོག་ཅན་ཕྱག་གཡས་པ་རིན་པོ་ཆེའི་སྙེ་མ་འཛིན་པའི་ཁུ་ཚུར་དཀུར་བརྟེན་པའོ། །དཀྱིལ་འཁོར་གྱི་མེ་ལ་

སོགས་པའི་མཚམས་རྣམས་སུ་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང་དྲི་ཆབ་མ་རྣམས་ནི་དཀར་མོ་དང་ནག་མོ་དང་དམར་མོ་དང་ལྗང་གུ་སྟེ་མེ་ཏོག་ལ་སོགས་པ་འཛིན་པའོ། །སྒོ་རྣམས་ལ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ཕྱག་གཉིས་ཀྱིས་ལྕགས་ཀྱུ་འཛིན་པ་དང་། ལྷོར་རྡོ་རྗེ་ཞགས་པ་

སྔོན་པོ་ཕྱག་གཉིས་ཀྱིས་ཞགས་པ་འཛིན་པ་དང་། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དམར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་འཛིན་པ་དང་། བྱང་དུ་རྡོ་རྗེ་འབེབས་པ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པའོ། །ལྷ་སུམ་ཅུ་རྩ་བདུན་པོ་འདི་རྣམས་ཀྱང་རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེས་

བརྒྱན་པ་རིན་པོ་ཆེའི་ཅོད་པན་ཅན། སྤྱན་གཉིས་པ་ཕྱག་གཉིས་པ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །འདིར་རྣམ་པར་སྣང་མཛད་ཆེན་པོ་ལ་རང་དང་འདྲ་བའི་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་བཞི་ལ་རྣམ་

པར་སྣང་མཛད་ཆེན་པོས་སོ། །ཤར་ཕྱོགས་དང་མེ་མཚམས་ན་གནས་པའི་ལྷ་རྣམས་ལ་རྡོ་རྗེ་གཙུག་ཏོར་གྱིས་སོ། །ལྷོ་ཕྱོགས་དང་བདེན་བྲལ་གྱི་མཚམས་ན་གནས་པ་རྣམས་ལ་རིན་ཆེན་གཙུག་ཏོར་གྱིས་སོ། །ནུབ་ཕྱོགས་དང་རླུང་གི་མཚམས་ན་གནས་པ་རྣམས་ལ་པདྨ་གཙུག་ཏོར་

གྱིས་སོ། །བྱང་ཕྱོགས་དང་དབང་ལྡན་གྱི་མཚམས་ན་གནས་པ་རྣམས་ལ་སྣ་ཚོགས་གཙུག་ཏོར་གྱིས་སོ། །འདིར་ཕྱིའི་དཀྱིལ་འཁོར་གྱི་ལྷའི་གནས་ཀྱི་སྣམ་བུ་ལ་ཟླ་བའི་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་པོ་བལྟ་བར་བྱའོ་ཞེས་སྦྱོང་རྒྱུད་ལས་གསུངས་པའི་ཕྱིར། འདོད་ཡོན་གྱི་སྣམ་བུ་

Vol. 76 · folio 154a

ལ་བྱང་ཆུབ་སེམས་དཔའ་བཅུ་དྲུག་དགོད་པ་ནི་ཡང་དག་པར་རིགས་སོ། །ཁ་ཅིག་ནི་ནང་གི་དཀྱིལ་འཁོར་ཞེས་རྒྱུད་ལས་གསུངས་པས་ཕྱིའི་གཞལ་ཡས་ཁང་གི་ནང་དུ་གཞལ་ཡས་ཁང་གཉིས་པའོ་ཞེས་སྨྲའོ། །འགའ་ཞིག་ཏུ་ནི་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པའི་དེ་བཞིན་གཤེགས་

པ་དགུ་པོ་གཙུག་ཏོར་དང་བཅས་པ་དགེ་སློང་གི་ཆ་ལུགས་འཛིན་པའོ་ཞེས་བཤད་དོ། །དེ་ནི་མི་རིགས་ཏེ་ཆགས་པ་དང་ལྡན་པའི་གཟུགས་ཅན་འཁོར་ལོས་སྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །པདྨའི་ཕྲེང་བས་ཡོངས་སུ་བསྐོར་བ་དང་། ཁོར་ཡུག་

གི་ནང་དུ་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་གཡས་སྐོར་གྱིས་མགྲིན་པ་སྔོན་པོ་ལ་སོགས་པ་དགོད་པར་བྱ་སྟེ། དེ་ནས་དབང་ལྡན་ནས་གླང་ལ་མགྲིན་པ་སྔོན་པོ་དཀར་པོ་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན། ཕྱག་གཡས་པ་དག་ན་རྡོ་རྗེ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པ་དག་ན་རྩེ་གསུམ་དང་རལ་གྲིའོ། །ནམ་

མཁའ་ལྡིང་ལ་ཁྱབ་འཇུག་ནག་པོ་གཡས་པ་དག་ན་དབྱུག་ཏོ་དང་རྡོ་རྗེ་དང་། གཡོན་པ་དག་ན་དུང་དང་འཁོར་ལོའོ། །རྡོ་རྗེ་གསེར་མ་ཁྱབ་འཇུག་ལྟ་བུ་སྟེ་ཁྱད་པར་ནི་གསེར་གྱི་མདོག་ཅན་ནོ། །རྨ་བྱ་ལ་རྡོ་རྗེ་དྲིལ་བུ་ཞལ་དྲུག་པ་དམར་པོ་གཡས་པ་དག་ན་ཤཀྟི་དང་རྡོ་རྗེ་དང་། གཡོན་པ་དག་ན་ཁྱིམ་བྱ་དང་

རྡོ་རྗེ་དྲིལ་བུའོ། །རྡོ་རྗེ་གཞོན་ནུ་མ་ནི་རྡོ་རྗེ་དྲིལ་བུ་ལྟ་བུའོ། །ངང་པ་ལ་མི་སྨྲ་རྡོ་རྗེ་སེར་པོ་ཞལ་བཞི་པ། གཡས་པ་དག་ན་རྡོ་རྗེ་དང་བགྲང་ཕྲེང་དང་། གཡོན་པ་དག་ན་དབྱུག་པ་དང་སྤྱི་བླུགས་སོ། །རྡོ་རྗེ་ཞི་བ་མ་ནི་ཚངས་པ་ལྟ་བུའོ། །སོ་ལྡན་གྱི་དབང་པོ་དཀར་པོ་མཆེ་བ་དྲུག་པ་དང་། ཟླ་བ་རྡོ་རྗེ་མཚོན་ཆ་སེར་པོ།

ཕྱག་གཡས་པས་རྡོ་རྗེ་འཛིན་ཞིང་གཡོན་པས་རྡོ་རྗེ་དཀུར་བརྟེན་པའོ། །ལྷ་མོ་རྡོ་རྗེ་ཁུ་ཚུར་མ་ནི་རྡོ་རྗེ་མཚོན་ཆ་ལྟ་བུའོ། །རྟ་བདུན་གྱི་ཤིང་རྟ་ལ་རྡོ་རྗེ་འཁྱིལ་པ་ཁྲོ་བོ་དམར་པོ་ཕྱག་གཡས་པ་ན་པདྨ་དང་། གཡོན་པ་ན་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་རོ། །རྡོ་རྗེ་བདུད་རྩི་མ་ནི་རྡོ་རྗེ་འཁྱིལ་པ་ལྟ་བུའོ། །

ངང་པ་ལ་རྡོ་རྗེའི་འོད་ཁྲོ་བོ་དཀར་པོ། །གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་འཛིན་པ་དང་། རྡོ་རྗེ་མདོག་མ་ནི་རྡོ་རྗེའི་འོད་ལྟ་བུའོ། །ར་ལ་རྡོ་རྗེ་དམར་སེར་ཁྲོ་བོ་དམར་པོ་ཕྱག་གཡས་ན་རྡོ་རྗེ་དང་གཡོན་པས་མི་བཟུང་ནས་ཟ་བའི་ཚུལ་ལོ། །རྡོ་རྗེ་སྐ་རགས་མ་ནི་རྡོ་རྗེ་

Vol. 76 · folio 154b

དམར་སེར་ལྟ་བུའོ། །པདྨ་ལ་རྡོ་རྗེ་ཞི་བ་ཁྲོ་བོ་སེར་པོ་མདའ་དང་གཞུ་ཅན་ནོ། །རྡོ་རྗེ་ཞི་བ་མ་ནི་རྡོ་རྗེ་ཞི་བ་ལྟ་བུའོ། །སྦལ་པ་ལ་རྡོ་རྗེ་བླ་མ་ཁྲོ་བོ་སེར་པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། རྡོ་རྗེ་བླ་མ་མ་ནི་རྡོ་རྗེ་བླ་མ་ལྟ་བུའོ། །པདྨ་ལ་རྡོ་རྗེ་པ་སངས་ཁྲོ་བོ་དཀར་པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ་དང་།

རྡོ་རྗེ་པ་སངས་མ་ནི་རྡོ་རྗེ་པ་སངས་ལྟ་བུའོ། །རུས་སྦལ་ལ་རྡོ་རྗེ་དབྱུག་པ་ཁྲོ་བོ་ནག་པོ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་དབྱུག་པའོ། །རྡོ་རྗེ་དབྱུག་པ་མ་ནི་རྡོ་རྗེ་དབྱུག་པ་ལྟ་བུའོ། །རྡོ་རྗེ་སྒྲ་གཅན་ཁྲོ་བོ་དམར་ནག་གཡས་པ་དང་གཡོན་པའི་ཕྱག་དག་ན་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཅན་ནོ། །རྡོ་རྗེ་ལྷ་

མིན་མོ་ནི་རྡོ་རྗེ་སྒྲ་གཅན་ལྟ་བུའོ། །རྡོ་རྗེ་མཇུག་རིངས་ཁྲོ་བོ་ནག་པོ་རལ་གྲི་དང་ཀླུའི་ཞགས་པ་འཛིན་པའོ། །རྡོ་རྗེ་ཀླུ་མོ་རྡོ་རྗེ་མཇུག་རིངས་ལྟ་བུའོ། །བཞི་པོ་འདི་དག་དང་རྡོ་རྗེ་ཞི་བ་ལ་སོགས་པ་དྲུག་ནི་རྒྱུད་གཞན་ལས་གསུངས་པ་ལྟར་བྲིས་པའོ། །གླང་པོ་ཆེ་ལ་རྡོ་རྗེ་གླང་སྣ་དཀར་པོ་གཡས་པ་ན་རྡོ་རྗེ་དང་

གཡོན་པ་ན་ཐང་གཤོལ་ལོ། །རྡོ་རྗེ་འདུལ་བ་མ་ནི་རྡོ་རྗེ་གླང་སྣ་ལྟ་བུ་སྟེ་ཁྱད་པར་ནི་གཡས་པས་ཁ་ཊྭཱཾ་གའོ། །ཁུ་བྱུག་གི་ཤིང་རྟ་ལ་རྡོ་རྗེ་ཕྲེང་བ་ཅན་ལྗང་གུ་གཡས་པ་ན་རྡོ་རྗེ་དང་། གཡོན་པ་ན་མེ་ཏོག་གི་ཕྲེང་བའོ། །རྡོ་རྗེ་གདན་མ་ནི་རྡོ་རྗེ་ཕྲེང་བ་ཅན་ལྟ་བུ་སྟེ་ཁྱད་པར་ནི་ཕྱག་གཡོན་ན་ཤཀྟིའོ། །ནེ་ཙོའི་

ཤིང་རྟ་ལ་རྡོ་རྗེ་དབང་ཅན་སེར་པོ་གཡས་ན་རྡོ་རྗེ་དང་། གཡོན་ན་ཆུ་སྲིན་གྱི་རྒྱལ་མཚན་ནོ། །རྡོ་རྗེ་དབང་ཅན་མ་ནི་རྡོ་རྗེ་དབང་ཅན་ལྟ་བུ་སྟེ་ཁྱད་པར་ནི་སྐུ་མདོག་དམར་མོའོ། །སྦལ་པའི་ཤིང་རྟ་ལ་རྣམ་པར་རྒྱལ་བའི་རྡོ་རྗེ་དཀར་པོ་རྡོ་རྗེ་དང་རལ་གྲི་འཛིན་པའོ། །རྡོ་རྗེ་གདན་མ་ནི་རྡོ་རྗེ་རྣམ་པར་རྒྱལ་བ་ལྟ་

བུའོ། །མེ་ཏོག་གི་ཤིང་རྟ་ལ་རྡོ་རྗེ་གཏུན་ཤིང་སེར་པོ་གཡས་པ་དང་གཡོན་པ་དག་གིས་རྡོ་རྗེ་གཏུན་ཤིང་འཛིན་པའོ། །རྡོ་རྗེ་ཕོ་ཉ་མོ་ནི་རྡོ་རྗེ་གཏུན་ཤིང་ལྟ་བུ་སྟེ་གཡོན་པས་ཁ་ཊྭཱཾ་ག་འཛིན་པ་ནི་ཁྱད་པར་རོ། །ར་ལ་རྡོ་རྗེ་མ་དམར་མོ་གཡས་པ་དག་ན་རྡོ་རྗེ་དང་གོ་ཆ། གཡོན་པས་དབྱུག་པ་དང་སྤྱི་

བླུགས་འཛིན་པའོ། །རྡོ་རྗེ་འབར་བ་མ་ནི་རྡོ་རྗེ་མེ་ལྟ་བུའོ། །མ་ཧེ་ལ་རྡོ་རྗེ་དུས་ནག་པོ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པའོ། །རོ་ལངས་ལ་རྡོ་རྗེ་དུས་མ་ནག་མོ་རྡོ་རྗེ་དང་ཁ་ཊྭཱཾ་ག་འཛིན་པའོ། །ཀླུ་ལྷག་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ཕག་གི་གདོང་པ་ཅན་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པའོ། །སྐྱེས་བུ་ལ་རྡོ་རྗེ་གདོང་

Vol. 76 · folio 155a

མ་སྔོན་མོ་ཕག་པའི་གདོང་ཅན་མ་རྡོ་རྗེ་དང་རལ་གྲི་འཛིན་པའོ། །ཆུ་སྲིན་ལ་རྡོ་རྗེ་ཀླུ་དཀར་པོ་གདེངས་ཀ་བརྒྱད་དང་ལྡན་པ་གཡས་ན་རྡོ་རྗེ་དང་། གཡོན་ན་ཀླུའི་ཞགས་པ་འཛིན་པའོ། །ཆུ་སྲིན་ལ་རྡོ་རྗེ་ཆུ་སྲིན་མ་དཀར་མོ་གདེངས་ཀ་བརྒྱད་དང་ལྡན་པ་གཡས་ན་རྡོ་རྗེ་དང་། གཡོན་ན་རྡོ་རྗེས་མཚན་

པའི་ཆུ་སྲིན་ཅན་ནོ། །རི་དྭགས་ལ་རྡོ་རྗེ་རླུང་སྔོན་པོ་གཡས་ན་རྡོ་རྗེ་དང་གཡོན་ན་རླུང་རས་ཅན་ནོ། །རྡོ་རྗེ་ཤུགས་ཅན་མ་ནི་རྡོ་རྗེ་རླུང་ལྟ་བུའོ། །རོ་ལངས་ལ་རྡོ་རྗེ་འཇིགས་བྱེད་སྔོན་པོ་རྡོ་རྗེ་དང་དབྱུག་ཏོ་འཛིན་པའོ། །རྡོ་རྗེ་རྣམ་པར་གཙིགས་མ་ནི་རྡོ་རྗེ་འཇིགས་བྱེད་ལྟ་བུའོ། །གཡོན་པས་ཞགས་

པ་འཛིན་པ་ནི་ཁྱད་པར་རོ། །བྱི་བ་ལ་རྡོ་རྗེ་ལེགས་འདྲེན་དཀར་པོ་གླང་པོ་ཆེའི་གདོང་ཅན་ཕྱག་གཡས་པ་དག་གིས་རྡོ་རྗེ་དང་དགྲ་སྟ་འཛིན་ཞིང་། གཡོན་པ་དག་གིས་རྩེ་གསུམ་དང་དབྱུག་ཏོ་འཛིན་པ་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཅན་ནོ། །བྱི་བ་ལ་སྲུལ་མོ་སྔོན་མོ་གཡས་པ་ན་རྡོ་རྗེ་དང་གཡོན་པས་

ཕྱགས་ཤིང་ཅན་ནོ། །སྡིགས་མ་ལྗང་གུ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་རལ་གྲི་འགེས་བྱེད་འཛིན་པའོ། །དཔལ་མོ་སེར་མོ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་པདྨ་ཅན་ནོ། །དབྱངས་ཅན་མ་དཀར་མོ་གཡས་པ་ན་རྡོ་རྗེ་དང་གཡོན་པ་ན་པི་ཝང་ཅན་ནོ། །སེང་གེ་ལ་བགྲོད་དཀའ་མ་ལྗང་གུ་གཡས་པ་དག་ན་

རྡོ་རྗེ་དང་འཁོར་ལོ་དང་། གཡོན་པ་དག་ན་ལྡེ་མེན་དང་རལ་གྲི་ཅན་ནོ། །འདིར་མགྲིན་པ་སྔོན་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ཕྱག་གཡས་པ་རྣམས་སུ་ཇི་ལྟར་འབྱུང་བའི་རྡོ་རྗེ་རྣམས་ནི་རྩེ་མོ་གསུམ་པར་རིག་པར་བྱའོ། །ནུབ་ཏུ་རྡོ་རྗེ་ཀླུ་དང་ཉེ་བར་པདྨ་ལ་སའི་ལྷ་མོ་གསེར་གྱི་མདོག་ཅན་ཕྱག་དག་གིས་བདུད་རྩིའི་

བུམ་པ་འཛིན་པའོ། །ལྷ་མ་ཡིན་རྣམས་ནི་སྣ་ཚོགས་པའི་མདོག་ཅན་གོ་ཆ་དང་བཅས་པ་རལ་གྲི་འཛིན་པ་རས་བལ་གྱི་གདན་ལ་འདུག་པའོ། །ཀླུ་རྣམས་ནི་ནོར་བུ་དང་ལྡན་པའི་གདེངས་ཀ་ཅན་བཙུན་མོ་དང་བཅས་པ་ཐལ་མོ་སྦྱར་བའོ། །ཁོར་ཡུག་གི་ཕྱི་རོལ་མཚམས་རྣམས་སུ་མེར་མནར་མེད་ལ་སོགས་

པའི་དམྱལ་བ་རྣམས་དང་། བདེན་བྲལ་དུ་ཡི་དགས་ཀྱི་འགྲོ་བ་རྣམས་དང་། རླུང་དུ་བྱོལ་སོང་གི་འགྲོ་བ་རྣམས་དང་། དབང་ལྡན་དུ་མིའི་འགྲོ་བ་རྣམས་གནས་པ་སྟེ། རིམ་པ་འདི་ནི་རྒྱུད་གཞན་ལས་བྲིས་པའོ། །གཞན་དག་ནི་རྡོ་རྗེ་འཇིགས་བྱེད་དང་ཉེ་བར་སའི་ལྷ་མོ་དང་གནོད་སྦྱིན་རྣམས་

Vol. 76 · folio 155b

དང་ཉེ་བར་ལྷ་མ་ཡིན་རྣམས་སོ་ཞེས་རྗོད་པར་བྱེད་དོ། །འཁོར་ལོའི་དབང་ཕྱུག་གི་ཐུགས་གར་ཟླ་བ་ལ་ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཏེ་འདི་ཉིད་ནི་སྙིང་པོའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་

ཤོ་དྷ་ནེ། སརྦ་པཱ་པཾ་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་པ་ཕྲེང་བའི་སྔགས་སོ། །རྡོ་རྗེ་འབེབས་པའི་སྔགས་ནི། ཨོཾ་སརྦ་བིཏ་སརྦ་ཨ་པཱ་ཡ་ག་ཏི་ཧ་ན་བི་ཤོ་དྷ་ནི་ཧཱུཾ་ཧོཿཕཊ། ཅེས་པ་སྟེ་ལས་ཐམས་ཅད་པའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་ནི་གཞན་དག་གོ། །འབྱུང་པོ་

འདུལ་བྱེད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་རི་རབ་ཀྱི་སྟེང་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ་གཞལ་ཡས་ཁང་གི་ལྟེ་བ་ལ་གླང་པོ་ཆེའི་རྒྱལ་པོའི་སྟེང་ངམ། གླང་པོ་ཆེ་དང་བྲལ་བ་ཡང་རུང་སྣ་ཚོགས་པདྨ་དང་ཟླ་བ་ལ་གཞན་གྱིས་མི་ཐུབ་པའི་འབྱུང་པོ་ཆེན་པོ་དཀར་པོ་ཟླ་བ་

ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་དང་། སྨ་ར་དམར་སེར་ཅན། ཐོད་པ་ལྔ་དང་ལྡན་པ། མིག་གསུམ་པ། མཆེ་བ་གཙིགས་པ། གསུས་པ་འཕྱང་བ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་བཅས་པ་སྟག་གི་པགས་པའི་སྨད་གཡོགས་ཅན། ལག་པ་བཞིའི་གཡས་པ་དག་གིས་གྲི་གུག་

དང་ཌ་མ་རུ་འཛིན་ཞིང་། གཡོན་པ་དག་གིས་ཐོད་པ་དང་རྩེ་གསུམ་འཛིན་པ་དྲག་པོ་སྟེ། དེ་གཡོན་བརྐྱང་གིས་མནན་པའི་འབྱུང་པོ་འདུལ་བྱེད་དྲག་པོ་ཆེན་པོ་སྐུ་མདོག་སྔོན་པོ་ཐོད་པ་ལྔས་མཚན་པའི་ཅོད་པན་ལ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བཅིངས་

པ་ན་བཟའ་སྔོན་པོ་མནབས་པ་མཆེ་བ་གཙིགས་པའི་ཞལ་ཅན་བཞད་པའི་གད་རྒྱངས་ཅན་སྤྱན་གསུམ་དམར་ལ་ཟླུམ་པ། ཕྱག་བཞིའི་གཡས་པས་རྡོ་རྗེ་སྔོན་པོ་ཁ་གྱེས་པ་གསོར་ཞིང་། གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། གཉིས་ཀྱིས་ཕྱག་རྒྱ་བཅིངས་པ་སྟེ། ཕྱག་རྒྱ་

ནི་མིང་མེད་གཉིས་བསྣོལ་ནས་མཛུབ་མོ་གཉིས་བསྐུམ་སྟེ་མཐེའུ་ཆུང་དང་གུང་མོ་ཡང་མཐེ་བོང་རྒན་པས་མནན་པའོ་ཞེས་པ་འདི་གསུངས་སོ། །ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་སྟེ། དེའང་སྟོབས་ཀྱི་རྒྱུ་སྔོན་པོས་སྤྱི་བོ་བཅིངས་པ། མགྲིན་པར་འཇོག་པོ་དམར་པོ། །དགའ་བོ་

Vol. 76 · folio 156a

དང་ཉེར་དགའ་སེར་པོས་རྣ་རྒྱན། མཐའ་ཡས་དཀར་པོས་ཚངས་སྐུད། ནོར་རྒྱས་དཀར་པོས་སྐ་རགས། ཕྱག་རྒྱའི་ཕྱག་དག་གི་དཔུང་པར་ནི་རིགས་ལྡན་ཕུག་རོན་གྱི་མདོག་ཅན། ཕྱག་གཞན་པ་གཉིས་ཀྱི་དཔུང་པ་ལ་དུང་སྐྱོང་དཀར་པོ། །རྐང་གདུབ་དག་ནི་པདྨ་དང་པདྨ་ཆེན་པོ་དམར་པོ། །རེའུ་

མིག་རྣམས་ལ་ཤར་དུ་གླང་དང་ཉི་མ་ལ་དབང་ཕྱུག་ཆེན་པོ་དཀར་པོ་མཚན་མ་གྱེན་དུ་ལངས་པ་ཐོད་པའི་ཕྲེང་བ་ཅན། སྤྱན་གསུམ་པ་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ཅན་སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་དང་བཅས་པ། ཕྱག་བཞིའི་གཡས་པ་དག་གིས་གྲི་གུག་དང་ཌ་མ་རུ་འཛིན་ཞིང་། གཡོན་པ་

དག་གིས་ཐོད་པ་དང་རྩེ་གསུམ་འཛིན་པའོ། །ལྷོར་ནམ་མཁའ་ལྡིང་དང་ཉི་མ་ལ་ཁྱབ་འཇུག་ནག་པོ་རིན་པོ་ཆེའི་ཅོན་པན་ཅན་གཡས་པ་དག་གིས་རྔ་ཡབ་དང་དུང་འཛིན་ཞིང་། གཡོན་པ་དག་གིས་འཁོར་ལོ་དང་དབྱུག་ཏོ་འཛིན་པའོ། །ནུབ་ཏུ་ངང་པ་དང་ཟླ་བ་ལ་ཚངས་པ་དཀར་པོ་ཞལ་བཞི་པ། ཕྱག་

བཞི་པ། གཡས་པ་དག་གིས་བགྲང་ཕྲེང་དང་གདུགས་ཀྱི་ཡུ་བ་འཛིན་ཞིང་། གཡོན་པ་དག་གིས་པདྨ་དང་སྤྱི་བླུགས་འཛིན་པའོ། །བྱང་དུ་རྨ་བྱ་དང་ཉི་མ་ལ་སྨིན་དྲུག་གི་བུ་དམར་པོ་གཙུག་ཕུད་གསུམ་དང་ལྡན་པ་གཡས་པས་རྔ་ཡབ་དང་། གཡོན་པས་ཤཀྟི་འཛིན་པའོ། །དབང་ལྡན་དུ་བྱི་པ་དང་ཟླ་

བ་ལ་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན་སྤྱན་གསུམ་པ་སྤྱི་བོར་ཟླ་བ་ཕྱེད་པས་མཚན་པ་གཡས་པ་དག་གིས་ལ་ཕུག་དང་དགྲ་སྟ། གཡོན་པ་དག་གིས་རྩེ་གསུམ་དང་ཐོད་པ་འཛིན་པའོ། །མེར་ཉི་མའི་དཀྱིལ་འཁོར་ལ་ཉི་མ་དམར་པོ་གཡས་པ་དང་གཡོན་པ་དག་གིས་པདྨ་ལ་གནས་

པའི་ཉི་མའི་དཀྱིལ་འཁོར་འཛིན་པའོ། །བདེན་བྲལ་དུ་ཤིང་རྟ་ལ་གནས་པའི་ཉི་མ་དང་ཟླ་བ་ལ་སྒྲ་གཅན་དབུ་སྐྲ་དམར་སེར་གྱེན་དུ་འབར་བ་མིག་དང་སྨིན་མ་དང་སྨ་ར་དམར་སེར་འབར་བ། མཆེ་བ་བཞི་པ་ཞལ་གདངས་པ་ཕྱག་དག་གིས་ཉི་མ་དང་ཟླ་བར་བཅས་པས་ཐལ་མོ་སྦྱར་བའོ། །རླུང་

དུ་ཟླ་བ་ལ་དགའ་བྱེད་དབང་ཕྱུག་སེར་པོ་གར་བྱེད་པ། སྤྱི་བོར་ཟླ་བ་ཕྱེད་པ་ཅན་སྦྲུལ་གྱི་མཆོད་སྤྱིར་ཐོགས་པ་དང་ལྡན་པ། གཡས་པ་དང་ཅིག་ཤོས་དག་གིས་ཌ་མ་རུ་དང་རྩེ་གསུམ་འཛིན་པའོ། །རིམ་པ་གཉིས་པའི་ཤར་ཕྱོགས་སུ་ཟླ་བ་ལ་དཔལ་མོ་དཀར་མོ་ཐུགས་ཀར་ཐལ་མོ་སྦྱར་བས་མེ་

Vol. 76 · folio 156b

ཏོག་པདྨ་འཛིན་པའོ། །ལྷོ་རུ་ཟླ་བ་ལ་ཐིག་ལེ་མཆོག་མ་དམར་མོ་སྤོས་སྣོད་འཛིན་ཞིང་གར་བྱེད་པའོ། །ནུབ་ཏུ་ཟླ་བ་ལ་རི་བོང་ཅན་མ་དམར་མོ་མར་མེ་འཛིན་པའོ། །བྱང་དུ་ཟླ་བ་ལ་དཀའ་ཟློག་མ་སེར་མོ་སྤྱི་བོར་གདེངས་ཀའི་རྣམ་པར་བྱས་པའི་ལག་པ་ཟློག་ཅིང་གར་བྱེད་པའོ། །མེར་ཟླ་བ་ལ་རིན་

ཆེན་དཔལ་མོ་དམར་མོ་དྲིལ་བུ་འཛིན་པའོ། །བདེན་བྲལ་དུ་ཟླ་བ་ལ་དབྱངས་ཅན་མ་ལྗང་གུ་པི་ཝང་སྒྲོགས་པའོ། །རླུང་དུ་ཟླ་བ་ལ་ལྷ་མཛེས་མ་ནག་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །དབང་ལྡན་དུ་ཟླ་བ་ལ་ཀུན་འབྱོར་མ་སེར་མོ་གར་བྱེད་ཅིང་ཕྱག་ན་རྡོ་རྗེ་རྩེ་གསུམ་པ་འཛིན་པའོ། །རིམ་པ་གསུམ་པའི་ཤར་དུ་ས་

སྲུང་དཀར་པོ་དང་ཟླ་བ་ལ་བརྒྱ་བྱིན་སེར་པོ་རིན་པོ་ཆེའི་ཅོད་པན་ཅན་གཡས་པས་མི་འཇིགས་པ་སྦྱིན་ཞིང་གཡོན་པ་རྡོ་རྗེའི་མཚོན་ཆ་ཅན་ནོ། །ལྷོར་མ་ཧེ་དང་ཉི་མ་ལ་གཤིན་རྗེ་ནག་པོ་གསུས་པ་འཕྱང་བ། སྤྱན་དང་སྨིན་མ་དང་སྨ་ར་དང་རལ་པ་དམར་སེར་ཅན། གོས་སེར་པོ་གྱོན་པ་གཡས་པ་ཐོད་པས་མཚན་པའི་

དབྱུག་པ་འཛིན་ཞིང་། གཡོན་པ་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པའོ། །ནུབ་ཏུ་ལག་འགྲོ་དང་ཟླ་བ་ལ་ཆུ་ལྷ་དཀར་པོ་གདེངས་ཀ་བདུན་དང་ལྡན་པ། གཡོན་པས་ཀླུའི་ཞགས་པ་འཛིན་ཞིང་གཡས་པས་མཆོག་སྦྱིན་པའོ། །བྱང་དུ་གནོད་སྦྱིན་ལ་གནས་པའི་ལུས་ངན་སེར་པོ་ཤ་རྒྱས་

ཤིང་གསུས་པ་འཕྱང་བ་རིན་པོ་ཆེའི་ཅོད་པན་ཅན། གཡས་པ་དང་གཡོན་པ་དག་གིས་དབྱུག་ཏོ་དང་ནེའུ་ལེ་འཛིན་པའོ། །མེར་ར་དང་ཉི་མ་ལ་མེ་ལྷ་དམར་པོ་རལ་པ་དང་ལྡན་པ། སྐྲ་དང་སྨ་ར་སེར་ཞིང་འབར་བ། གསུས་པ་འཕྱང་བ། རིལ་བ་དང་མཆོད་ཕྱིར་ཐོགས་པ་ཅན། གཡས་པ་དག་གིས་

མཆོག་སྦྱིན་དང་བགྲང་ཕྲེང་འཛིན་ཞིང་། གཡོན་པ་དག་གིས་དབྱུ་གུ་གསུམ་པ་དང་སྤྱི་བླུགས་འཛིན་པའོ། །བདེན་བྲལ་དུ་རོ་ལངས་དང་ཉི་མ་ལ་སྲིན་པོ་ནག་པོ་སྨ་ར་སེར་པོ་ཅན། གཡས་པས་རལ་གྲི་དང་གཡོན་པས་མི་ཤས་གང་བའི་ཐོད་པ་འཛིན་པའོ། །རླུང་དུ་རི་དགས་དང་ཟླ་བ་ལ་རླུང་ལྷ་སྔོན་

པོ་གཙུག་ཕུད་གསུམ་དང་ལྡན་པ་ཕྱག་དག་གིས་རླུང་རས་འཛིན་པའོ། །དབང་ལྡན་དུ་ངང་པ་དང་ཟླ་བ་ལ་ཟླ་བ་དཀར་པོ་གཡོན་པ་ན་ཀུ་མུ་ཏ་ན་གནས་པའི་ཟླ་བའི་དཀྱིལ་འཁོར་དང་། གཡས་པས་མཆོག་སྦྱིན་པའོ། །དབང་ལྡན་དུ་དབང་ལྡན་ཡང་དབང་ཕྱུག་ཆེན་པོ་ལྟ་བུའོ། །རིམ་པ་བཞི་པའི་ཤར་

Vol. 76 · folio 157a

དུ་ཟླ་བ་ལ་སེང་གེའི་རྒྱལ་མཚན་འཛིན་མ་དཀར་མོ་སེང་གེའི་རྒྱལ་མཚན་འཛིན་པའོ། །ལྷོ་རུ་ཟླ་བ་ལ་རྣམ་པར་འབྱོར་མ་དམར་མོ་ལྕགས་ཀྱུ་འཛིན་པའོ། །ནུབ་ཏུ་པདྨ་ལ་ལྡན་མ་ཆེན་མོ་དཀར་མོ་གཞུ་དང་མདའ་འཛིན་པའོ། །བྱང་དུ་ཟླ་བ་ལ་ཆང་མཆོག་མ་དམར་མོ་ཡིད་བཞིན་གྱི་ནོར་བུའི་

རྒྱལ་མཚན་འཛིན་པའོ། །དབང་ལྡན་དུ་ཟླ་བ་ལ་མཆོག་འཕྲོག་མ་དམར་མོ་ཐུགས་ཀར་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བའོ། །མེར་ཟླ་བ་ལ་རིན་ཆེན་དབང་ཕྱུག་མ་སེར་མོ་སྤོས་ཕོར་འཛིན་པའོ། །བདེན་བྲལ་དུ་ཟླ་བ་ལ་རྒྱལ་མཚན་མ་སེར་མོ་དྲིའི་དུང་ཆོས་འཛིན་པའོ། །རླུང་དུ་ཟླ་བ་ལ་འགྲོ་སྐྱོད་

མ་སེར་མོ་མར་མེའི་མཆོད་སྡོང་འཛིན་པའོ། །འདིར་གང་ལ་ཁྱད་པར་གྱི་ཚིག་མེད་པ་དེར་ནི་ཉི་མ་དང་ཟླ་བ་ཐམས་ཅད་སྣ་ཚོགས་པདྨ་ལ་གནས་པ་སྟེ། ལྷ་ཐམས་ཅད་སེམས་དཔའི་སྐྱིལ་ཀྲུང་། རྣམ་པ་སྣ་ཚོགས་པའི་གོས་དང་རིན་པོ་ཆེས་བརྒྱན་པའོ། །འདིར་འཁོར་ལོའི་དབང་ཕྱུག་གི་རིགས་ཀྱི་དབང་

པོ་ནི་མི་བསྐྱོད་པ་སྟེ་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཧཱུཾ་བཛྲ་ཕཊ་ཅེས་པ་ནི་སྙིང་པོ་སྟེ། ཡང་ན། ཨོཾ་བྷཱུ་ཏ་ཌཱ་མ་ར་བྷཱུ་ཏ་ཨ་དྷི་པ་ཏི་ཨཀྵ་བྷྱཿཀི་རཱི་ཊི་ན་སརྦྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ན་སཱ་དྷ་ཡ་ཧཱུཾ་ཕཊ། ཅེས་པའོ། །ལས་ཐམས་ཅད་པའི་སྔགས་ཀྱང་འདི་ཉིད་དེ་ཡང་ན་བགེགས་མཐར་བྱེད་ཀྱི་སྔགས་སོ། །

མཁའ་འགྲོ་ལྔའི་དཀྱིལ་འཁོར་ནི་རྡོ་རྗེའི་ས་གཞི་ལ་སོགས་པ་ནས་གཞལ་ཡས་ཁང་གི་མཐར་ཐུག་པ་སྔར་གྱི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་ནོ། །དེ་ལ་དབུས་ཀྱི་གཞལ་ཡས་ཁང་གི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་སྟེ་ཤར་ལ་སོགས་པའི་སྒོ་རྣམས་སུ་གཽ་རཱི་ལ་སོགས་པ་རྣམས་

དང་། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་པུཀྐ་སཱི་ལ་སོགས་པ་རྣམས་སོ། །དེ་ཡང་གཽ་རཱི་དཀར་མོ་གཡས་པ་ལྕགས་ཀྱུ་འཛིན་པ་དང་། ཙཽ་རཱི་སེར་མོ་ཞགས་པ་འཛིན་པ་དང་། བེ་ཏ་ལཱི་དམར་མོ་ལྕགས་སྒྲོག་འཛིན་པ་དང་། གྷསྨ་རཱི་ལྗང་གུ་དྲིལ་བུ་འཛིན་པ་དང་། པུཀྐ་སཱི་སྔོན་མོ་བྱང་ཆུབ་

ཀྱི་སེམས་ཀྱི་བུམ་པ་འཛིན་པ་དང་། ཤ་བ་རཱི་དཀར་མོ་རི་རབ་འཛིན་པ་དང་། ཙཎྜ་ལཱི་སྔོན་མོ་མེ་ཐབ་འཛིན་པ་དང་། ཌོམྦི་ནཱི་སྣ་ཚོགས་མདོག་ཅན་རྒྱལ་མཚན་འཛིན་པའོ། །ཤར་གྱི་གཞལ་ཡས་ཁང་གི་དབུས་སུ་ཟླ་བ་ལ་སངས་རྒྱས་མཁའ་འགྲོ་དཀར་མོ་སྟེ། རྩ་བའི་ཞལ་དཀར་པོ་གཡོན་པ་

Vol. 76 · folio 157b

དམར་པོ་ལྷག་མ་རྣམས་སྔོན་པོ་གཡས་པའི་ཐོད་པ་བརྒྱད་པོ་རྣམས་ན་རྨ་བྱ་དང་མ་ཧེ་དང་ཆུ་སྲིན་དང་ཉ་དང་། གླང་པོ་ཆེ་དང་རུས་སྦལ་དང་ཀླུ་ལྷག་མ་ཅན་དང་། ངང་པ་རྣམས་དང་གཡོན་པའི་ཐོད་པ་བརྒྱད་པོ་རྣམས་ན་དཔྱིད་དང་། སྲོག་ཆགས་ཛྱེཥྛི་དང་། སྦྲུལ་ཧ་ལ་ཧ་ལ་དང་། ཨཱཉྫ་ན་བྷོ་དང་བྱི་བ་

དང་གཡག་དང་དྲི་ཅན་དང་ཙཱ་ཏ་ཀ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་རིམ་པ་ཇི་ལྟ་བར་ལྷ་མོ་རྣམས་ཏེ། དེ་ཡང་སྐམ་པ་མ་སྔོན་མོ་སྐམ་པ་འཛིན་པ་དང་། ཞགས་པ་མ་སེར་མོ་ཞགས་པ་འཛིན་པ་དང་། དོལ་ཟླུམ་མ་དམར་མོ་ཉ་རྒྱ་ཟླུམ་པོ་

འཛིན་པ་དང་། ལྕགས་ཀྱུ་མ་ལྕགས་ཀྱུ་འཛིན་པ་དང་། མེ་ཏོག་མ་དཀར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ་དང་། བདུག་སྤོས་མ་ནག་མོ་སྤོས་ཕོར་འཛིན་པ་དང་། མར་མེ་མ་སེར་མོ་མར་མེའི་མཆོད་སྡོང་འཛིན་པ་དང་། དྲི་ཆབ་མ་སེར་མོ་དྲི་ཡིས་གང་བའི་དུང་ཆོས་འཛིན་པའོ། །ལྷོའི་དཀྱིལ་འཁོར་གྱི་

དབུས་སུ་རིན་ཆེན་མཁའ་འགྲོ་སེར་མོ་སྟེ་འདིའི་རྩ་བ་དང་གཡོན་པའི་ཞལ་དག་ནི་སེར་པོ་དང་དཀར་པོའོ། །ལྷག་མ་རྣམས་ནི་སྔོན་པོའོ། །གཡས་པས་ཐོད་པ་རྣམས་ན་བྱ་ཀ་རཎྜ་དང་། ངུར་པ་དང་། ལུག་དང་། ཙ་ཀོ་ར་དང་། ཁྲ་དང་། ཧོར་པ་དང་། འོལ་བ་དང་། ཀུ་ར་རྣམས་དང་།

གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ་དང་། དུང་སྐྱོང་དང་། རིགས་ལྡན་དང་། པདྨ་དང་། པདྨ་ཆེན་པོ་དང་། འཇོག་པོ་དང་། ནོར་རྒྱས་དང་། མཐའ་ཡས་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལྷ་མོ་རྣམས་ཏེ། དེ་ཡང་ཉི་ཕྱག་མ་དཀར་

མོ་ཉི་མའི་དཀྱིལ་འཁོར་འཛིན་པ་དང་། མར་མེ་མ་སྔོན་མོ་མར་མེའི་མཆོད་སྡོང་འཛིན་པ་དང་། རིན་ཆེན་དཀར་མདའ་མ་སེར་མོ་རིན་པོ་ཆེ་འཛིན་པ་དང་། གློག་ཕྱག་མ་ལྗང་གུ་གློག་གི་འཁྲི་ཤིང་འཛིན་པ་དང་། སྒེག་མོ་དམར་མོ་བསྙེམས་ཤིང་སྒེག་པ་དང་བཅས་པའི་ཚུལ་གྱི་ཕྱག་གཉིས་ཀྱིས་

རྡོ་རྗེ་འཛིན་པ་དང་། ཕྲེང་བ་མ་དམར་མོ་ཕྱག་དག་གིས་རིན་པོ་ཆེའི་ཕྲེང་བ་འཛིན་པ་དང་། གླུ་མ་དམར་སྐྱ་ཕྱག་དག་གིས་ཏིང་ཏིང་ཤགས་སྒྲོགས་པ་དང་། གར་མ་སྣ་ཚོགས་མདོག་ཅན་རྡོ་རྗེ་དང་བཅས་པའི་ཕྱག་དག་གིས་གར་བྱེད་པའོ། །ནུབ་ཀྱི་དཀྱིལ་འཁོར་གྱི་དབུས་སུ་པདྨ་མཁའ་འགྲོ་དམར་མོ་སྟེ་

Vol. 76 · folio 158a

འདིའི་རྩ་བ་དང་གཡོན་པའི་ཞལ་དག་ནི་དམར་པོ་དང་དཀར་པོ། ལྷག་མ་རྣམས་ནི་སྔོན་པོའོ། །གཡས་པའི་ཐོད་པ་རྣམས་ན་དོམ་དང་། བྱ་རྒོད་དང་བསེ་དང་བ་མེན་དང་སྟག་དང་སྤྲེའུ་དང་ཆུ་སྲིན་དང་ཅེ་སྤྱང་རྣམས་དང་། གཡོན་པ་རྣམས་ན་ཁྭ་དང་འུག་པ་དང་། སོ་བྱ་དང་། སེང་གེ་དང་། བཞད་བྱ་དང་།

ར་དང་རི་དགས་དང་ཕག་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལྷ་མོ་རྣམས་ཏེ། དེ་ཡང་པདྨ་དཀར་པོ་པདྨ་འཛིན་པ་དང་། ཆོས་འབྱུང་མ་སེར་མོ་ཆོས་འབྱུང་འཛིན་པ་དང་། ལྕགས་སྒྲོག་མ་ནག་མོ་ཕྱག་དག་གིས་ལྕགས་སྒྲོག་འཛིན་པ་དང་། རང་

འཁྱུད་མ་ལྗང་གུ་སངས་རྒྱས་ལ་རྗེས་སུ་ཆགས་པ་འཆིང་བའི་ཕྱག་གཉིས་རྡོ་རྗེ་དང་ཐོད་པ་འཛིན་པས་རང་ལ་འཁྱུད་པར་བརྩོན་པའོ། །གླིང་བུ་མ་དམར་མོ་ཕྱག་དག་གིས་གླིང་བུ་འབུད་པར་བརྩོན་པ་དང་། པི་ཝང་མ་སེར་མོ་ཕྱག་གཉིས་ཀྱིས་པི་ཝང་སྒྲེང་བ་ལ་བརྩོན་པ་དང་། རྔ་ཟླུམ་མ་དཀར་མོ་ཕྱག་དག་

གིས་རྔ་བོ་ཆེ་བརྡུང་བ་དང་། རྫ་རྔ་མ་དུ་བའི་མདོག་ཅན་ཕྱག་དག་གིས་རྫ་རྔ་བརྡུང་བ་ལ་བརྩོན་པའོ། །བྱང་གི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་མཁའ་འགྲོ་དཱུར་བ་ལྟར་ལྗང་གུ་སྟེ། འདིའི་རྩ་བའི་ཞལ་ནི་སྟག་གདོང་ལྗང་གུ་གཞན་རྣམས་ནི་ལྷའི་ཞལ་ཅན། ཕྱོགས་ཁ་ཅིག་ནི་རྩ་བའི་

ཞལ་ཡང་ལྷའི་ཡིན་ལ་གཡོན་པ་དཀར་པོ། །ལྷག་མ་རྣམས་ནི་སྔོན་པོའོ། །གཡས་པའི་ཐོད་པ་རྣམས་ན་གཟའ་ལྷག་དང་ཕུར་བུ་དང་མཇུག་རིངས་དང་སྒྲ་གཅན་དང་མིག་དམར་དང་པ་སངས་དང་སྤེན་པ་དང་ཁྱབ་འཇུག་རྣམས་དང་། གཡོན་པ་རྣམས་ན་དབང་པོ་དང་ཆུ་ལྷ་དང་ཚོངས་པ་དང་དག་པོ་དང་

འདོད་པའི་ལྷ་དང་སྟོབས་བཟང་དང་ཐགས་བཟངས་རིས་དང་སྟོབས་ཅན་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ལྷ་མོ་རྣམས་ཏེ། དེའང་སྒོ་ལྕགས་མ་དཀར་མོ་སྒོ་ལྕགས་འཛིན་པ་དང་། ལྡེ་ཀྱོག་མ་སེར་མོ་ལྡེ་ཀྱོག་འཛིན་པ་དང་། སྒོ་གླེགས་

མ་དམར་མོ་སྒོ་གླེགས་འཛིན་པ་དང་། ཡོལ་བ་མ་ནག་མོ་ཡོལ་བ་འཛིན་པ་དང་། སྤྱན་མ་དཀར་མོ་འཁོར་ལོ་འཛིན་པ་དང་། མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པ་དང་། གོས་དཀར་མོ་དམར་མོ་པདྨ་འཛིན་པ་དང་། སྒྲོལ་མ་ལྗང་གུ་ཨུཏྤ་ལ་སྔོན་པོ་འཛིན་པའོ། །གཞལ་ཡས་ཁང་ཆེན་པོའི་སྒོ་རྣམས་དང་དབང་

Vol. 76 · folio 158b

ལྡན་ལ་སོགས་པའི་མཚམས་རྣམས་སུ་གཽ་རཱི་ལ་སོགས་པ་དང་། པུཀྐ་སཱི་ལ་སོགས་པ་སྔ་མ་བཞིན་ནོ། །འདིར་རྡོ་རྗེ་མཁའ་འགྲོའི་གདན་དང་སྐུ་མདོག་དང་དབྱིབས་དང་ཞལ་དང་ཕྱག་ལ་སོགས་པ་རྣམས་ནི་དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ཕྱག་བཅུ་དྲུག་པའི་ཀྱེའི་རྡོ་རྗེ་ཇི་ལྟ་བ་སྟེ།

ཀུན་ནས་འཁྱུད་པའི་བདག་མེད་མ་ཡང་དེ་བཞིན་ནོ། །འཁོར་ལོ་ལ་སོགས་པའི་མཁའ་འགྲོ་བཞི་བརྗོད་པའི་ཁྱད་པར་གཞན་རྣམས་ནི་རྡོ་རྗེ་མཁའ་འགྲོ་དང་མཚུངས་པའོ། །དེ་རྣམས་ལ་འཁྱུད་པའི་ལྷ་མོ་རྣམས་ནི་རིམ་པ་ཇི་ལྟ་བར། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཏེ་

དཀར་མོ་དང་སེར་མོ་དང་དམར་མོ་དང་ལྗང་གུ་གྲི་གུག་དང་སྡིགས་མཛུབ་དང་ལྡན་པའི་ཕྱག་གཉིས་མ་རྣམས་སོ། །མཁའ་འགྲོ་ལྔ་པོ་རྣམས་ཀྱང་རེ་རེ་ཞིང་སངས་རྒྱས་ལྔའི་ཅོད་པན་ཅན་ནོ། །ཐམས་ཅད་དུ་གཞལ་ཡས་ཁང་གི་ལྷ་མོ་རྣམས་ནི་གཅེར་བུ་སྤྱན་གསུམ་དམར་ལ་ཟླུམ་པ། མཆེ་བ་གཙིགས་

པ་ཞལ་གཅིག་མ་ཕྱག་གཉིས་མ་དབུ་སྐྲ་འབར་ཞིང་གྱེན་དུ་བརྫེས་པ། དཔྲལ་བའི་དབྱིངས་སུ་གནས་པའི་ཐོད་པ་ལྔ་དང་མི་མགོ་སྐམ་པོའི་ཕྲེང་བའི་དོ་ཤལ་དང་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ་སྣ་ཚོགས་ཆུ་སྐྱེས་དང་རོ་དང་ཉི་མ་ལ་གཡོན་བརྐྱང་གི་གར་གྱིས་གནས་པའོ། །ཁྱད་པར་མ་བཤད་པ་རྣམས་

ནི་ཐུགས་ཀའི་གཡོན་པའི་ཁུ་ཚུར་གྱི་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ་སྟེ། འཁྱུད་པའི་ལྷ་མོ་རྣམས་ལ་ནི་གདན་ཐ་དད་པ་མེད་དོ། །གཽ་རཱི་ལ་སོགས་པ་བརྒྱད་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རོའི་གདན་གྱི་གནས་སུ་ཚངས་པ་དང་དབང་པོ་དང་ཉེ་དབང་དང་དྲག་པོ་དང་གཤིན་རྗེ་དང་ལུས་ངན་དང་

བདེན་བྲལ་དང་ཐགས་བཟངས་རིས་རྣམས་སོ་ཞེས་པ་ནི་ཕྱོགས་གཅིག་གོ། །མཁའ་འགྲོ་རྣམས་དང་གཽ་རཱི་ལ་སོགས་པ་རྣམས་ནི་རྡོ་རྗེ་མཁའ་འགྲོ་ལ་མངོན་པར་ཕྱོགས་པ་སྟེ་ལྷ་མོ་གཞན་རྣམས་ནི་རང་རང་གི་བདག་པོ་ལ་མངོན་པར་ཕྱོགས་པའོ། །ཀྱེའི་རྡོ་རྗེའི་སྤྱི་བོར་རྡོ་རྗེ་འཛིན་པ་དང་རྡོ་རྗེ་

སྟེ་སྒོ་དང་མཚམས་ཀྱི་ལྷ་མོ་ལ་ཐུགས་དང་རྟག་པ་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་རྣམས་སོ། །རྟག་པ་ལ་འཁོར་ལོ་འཛིན་པ་དང་འཁོར་ལོ་སྟེ་སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ལ་ཐུགས་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །རྡོ་རྗེ་ཉི་མ་ལ་རིན་ཆེན་

Vol. 76 · folio 159a

འཛིན་པ་དང་ཡིད་བཞིན་གྱི་ནོར་བུ་སྟེ། སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ལ་སྐུ་དང་ཐུགས་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །པདྨ་གར་གྱི་དབང་ཕྱུག་ལ་པདྨ་འཛིན་པ་དང་རྡོ་རྗེ་པདྨ་སྟེ། སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ལ་སྐུ་དང་རིན་ཆེན་དང་མི་བསྐྱོད་པ་དང་འོད་དཔག་མེད་

རྣམས་སོ། །རྟ་མཆོག་ལ་རལ་གྲི་འཛིན་པ་དང་རལ་གྲི་སྟེ། སྒོ་དང་མཚམས་ཀྱི་ལྷ་མོ་རྣམས་ལ་སྐུ་དང་ཐུགས་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སོ། །ཕྱི་རོལ་གྱི་གཽ་རཱི་ལ་སོགས་པ་རྣམས་ལ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་ལ་སོགས་པའི་མཁའ་འགྲོ་རྣམས་ཀྱི་ཐུགས་ཀའི་ས་བོན་ནི་རིམ་

པ་ཇི་ལྟ་བ་བཞིན་དུ། ཧཱུཾ་ཨོཾ་ཏྲཱཾ་ཨཱཿཁཾ་ཞེས་པའོ། །སྙིང་པོའི་སྔགས་ནི་ཨོཾ་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་ར་ཡ་མརྡ་མརྡ་བཛྲ་དྷྲྀཀ་ཕཊ་སྭཱ་ཧཱ། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཏ་ཨེ་ཧྱེ་ཧི་ཛི་ན་ཛིཀ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཱུརྱ་ཏ་མོ་བི་དྷ་མ་ན་ས་མ་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ས་མ་ཡ་སྟྭཾ་

ཧུ་ལུ་ཧུ་ལུ་ཨཱ་རོ་ལྀཀ་ཕཊ་སྭཱ་ཧཱ། ཨོཾ་ཧཱུཾ་ཧཱུཾ་ཧི་ཧི་པྲཛྙཱ་དྷྲྀཀ་ཧཱུཾ་ཕཊ། ཅེས་པ་རྣམས་སོ། །ན་མཿས་མནྟ་བུདྡྷེ་བྷྱོ། །ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾཥྚ་ཨུཏྐ་ཊ་བྷཻ་ར་ཝ་ཡ་བཛྲ་སནྟོ་ཧ་དརྤཱ་ཡ་ཨ་མྲྀ་ཏེ་ཀུཎྚ་ལི་ཧཱུཾ་ཞེས་པ་ནི་མཐར་བྱེད་ཀྱི་སྔགས་ཏེ་ལས་ཐམས་ཅད་པའོ། །མཁའ་འགྲོ་ལྔ་པོ་

འདི་རྣམས་ལས་གང་ཡང་རུང་བ་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱ་སྟེ་རེ་རེ་ཞིང་ཡང་དཀྱིལ་འཁོར་སོ་སོའོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཞིག་སངས་རྒྱས་མགོན་པོ་ཉིད། །དབུས་སུ་གྱུར་པའི་དཀྱིལ་འཁོར་ལ། །དེ་ཉིད་ཀྱིས་ནི་དཀྱིལ་འཁོར་གསུངས། །དཀྱིལ་

འཁོར་སྙིང་པོ་ཡོངས་འཛིན་ཕྱིར། །དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་བསྡུས་པ་ཡི་དཀྱིལ་འཁོར་རོ། །ཞེས་པས་སོ། །འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་ནི་རྡོ་རྗེའི་ས་གཞི་ལ་སོགས་པ་ནས་རྩིབས་བཅུ་པའི་འཁོར་ལོའི་མཐར་ཐུག་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་

བ་བཞིན་ཏེ། རྩིབས་བཅུ་པའི་འཁོར་ལོ་ལ་ཁྲོ་བོ་བཅུའོ། །གཞན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཁྲོ་བོའི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་ས་འོག་གི་བར་ལྟ་བུའོ་ཞེས་པ་ནི་ཁྱད་པར་རོ། །འདིར་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་རླུང་དང་

Vol. 76 · folio 159b

མེ་དང་ཆུ་དང་སའི་དཀྱིལ་འཁོར་དང་རི་རབ་ཀྱི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་རྡོ་རྗེའི་ལྟེ་བ་ལ་གཞལ་ཡས་ཁང་ཆེན་པོ་སྟེ། ཕྱོགས་གཞན་ལ་ནི་འདིར་ཆོས་འབྱུང་མེད་པའོ། །གཞལ་ཡས་ཁང་ཆེན་པོའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་གནས་པའི་སེང་གེའི་སྟེང་དུ་སྣ་ཚོགས་

པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པའི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ་ཞེས་མངོན་པར་བརྗོད་པ་བླ་མ་ལས་གསུངས་པའི་ཕྱིར། ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་གྱི་སྟེང་དུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཡེ་ཤེས་མཁའ་འགྲོ་སྟེ་རྡོ་རྗེ་སེམས་དཔའ་

དཀར་པོའམ་ནག་པོ། །རྡོ་རྗེ་དང་རྡོ་རྗེ་དྲིལ་བུར་བཅས་པའི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་དག་གིས་ལྷ་མོ་ལ་འཁྱུད་པའོ། །དེ་ནི་རྡོ་རྗེ་དང་སྡིགས་མཛུབ་ཏུ་བཅས་པའི་ཕྱག་གཡས་བརྐྱང་ཞིང་ཕྱག་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་འཁྱུད་པ། སྐུ་མདོག་དམར་མོ་ཡེ་ཤེས་མཁའ་འགྲོ་

མ་སྟེ། མིང་གཞན་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དང་། རྡོ་རྗེ་ཕག་མོ་ཞེས་པར་ཡང་གྲགས་སོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡས་སྐོར་གྱིས་སངས་རྒྱས་མཁའ་འགྲོ་ལ་སོགས་པ་ལྔ་པོ་དགོད་པར་བྱ་སྟེ། དེ་དག་གི་འཁོར་ལོ་རྣམས་ནི་དཀྱིལ་འཁོར་སོ་སོའི་

ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་སྐོར་དང་། མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་སྐོར་གྱིས་སོ། །རྡོ་རྗེ་སེམས་དཔའི་མཚམས་རྣམས་སུ་རིམ་པ་ཇི་ལྟ་བར་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ནི། སྔོན་མོ་དང་སེར་མོ་དང་དམར་མོ་དང་

ལྗང་གུ་རྣམས་ཏེ་གཡས་བརྐྱང་གིས་བཞུགས་པའོ། །སྒོ་རྣམས་སུ་ཐོད་པའི་དུམ་བུ་དང་ཀེང་རུས་ཆེན་པོ་དང་ཀེང་རུས་དང་མཆེ་བ་རྣམ་པར་གཙིགས་པ་རྣམས་ནི་ནག་པོ་སྟེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུར་བཅས་པའི་ཕྱག་དག་གིས་རབ་ཏུ་གཏུམ་མོ་དང་། གཏུམ་པའི་མིག་ཅན་མ་དང་འོད་ལྡན་མ་དང་

སྣ་ཆེན་མོ་ཐལ་བ་དཀར་པོའི་མདོག་ཅན་རྣམས་ལ་འཁྱུད་པའོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་གི་དབུས་སུ་སེང་གེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་གནས་པའི་ཚངས་པའི་སྙིང་གར་སྐྱིལ་ཀྲུང་གིས་བཞུགས་པའི་རྡོ་རྗེ་མཁའ་འགྲོ་དཀར་པོ་སྟེ་འཁོར་ལོ་དང་འཁོར་ལོས་

Vol. 76 · folio 160a

མཚན་པའི་དྲིལ་བུ་འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་སངས་རྒྱས་མཁའ་འགྲོ་མ་དཀར་མོ་ལ་འཁྱུད་པའོ། །སྒོ་རྣམས་ལ་ཆང་དགྲ་དང་འོད་དཔག་མེད་དང་རྡོ་རྗེའི་འོད་དང་། རྡོ་རྗེའི་སྐུ་རྣམས་ནི་དཀར་པོ་སྟེ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པའི་ཕྱག་དག་གིས་

དཔའ་བོའི་བློ་ཅན་མ་དང་མིའུ་ཐུང་མ་དང་ལང་ཀའི་དབང་ཕྱུག་མ་དང་ཤིང་གྲིབ་མ་སེར་མོ་རྣམས་ལ་འཁྱུད་པའོ། །རིན་ཆེན་འབྱུང་ལྡན་གྱི་གཞལ་ཡས་ཁང་གི་དབུས་སུ་རྟའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་ལྷའི་བུ་ཉི་མའི་སྙིང་གར་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་རིན་ཆེན་མཁའ་

འགྲོ་སེར་མོ་སྟེ་རིན་པོ་ཆེ་དང་རིན་པོ་ཆེས་མཚན་པའི་དྲིལ་བུ་འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་རིན་ཆེན་མཁའ་འགྲོ་མ་སེར་མོ་ལ་འཁྱུད་པའོ། །སྒོ་རྣམས་ལ་མྱུ་གུ་ཅན་དང་རྡོ་རྗེ་རལ་པ་ཅན་དང་དཔའ་བོ་ཆེན་པོ་དང་རྡོ་རྗེ་ཧཱུཾ་མཛད་རྣམས་ནི་སེར་པོ་སྟེ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པའི་

ཕྱག་དག་གིས་ས་སྲུང་མ་དང་འཇིགས་བྱེད་ཆེན་མོ་དང་རླུང་ཤུགས་མ་དང་ཆང་འཐུང་མ་ལྗང་གུ་རྣམས་ལ་འཁྱུད་པའོ། །སྣང་བ་མཐའ་ཡས་ཀྱི་གཞལ་ཡས་ཁང་གི་དབུས་སུ་རྨ་བྱའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་དབང་ཕྱུག་ཆེན་པོའི་སྙིང་གར་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པདྨ་མཁའ་འགྲོ་

དམར་པོ་སྟེ་པདྨ་དང་པདྨས་མཚན་པའི་དྲིལ་བུ་འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་པདྨ་མཁའ་འགྲོ་མ་དམར་མོ་ལ་འཁྱུད་པའོ། །སྒོ་རྣམས་ལ་ཤིན་ཏུ་བཟང་པོ་དང་རྡོ་རྗེ་བཟང་པོ་དང་འཇིགས་བྱེད་ཆེན་པོ་དང་མིག་མི་བཟང་རྣམས་ནི་སྐུ་མདོག་དམར་པོ་སྟེ་པདྨ་དང་པདྨའི་དྲིལ་བུ་འཛིན་པའི་

ཕྱག་དག་གིས་སྔོ་བསངས་ལྷ་མོ་དང་ཤིན་ཏུ་བཟང་མོ་དང་རྟ་རྣ་མ་དང་བྱ་གདོང་མ་དཀར་མོ་རྣམས་ལ་འཁྱུད་པའོ། །མི་བསྐྱོད་པའི་གཞལ་ཡས་ཁང་གི་དབུས་སུ་གླང་པོ་ཆེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་ཁྱབ་འཇུག་གི་སྙིང་གར་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་རྡོ་རྗེ་མཁའ་འགྲོ་ནག་པོ་སྟེ་རྡོ་རྗེ་དང་རྡོ་

རྗེས་མཚན་པའི་དྲིལ་བུ་འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་པའོ། །དེ་ནི་དམར་མོའམ་ནག་མོའོ། །སྒོ་རྣམས་ལ་སྟོབས་པོ་ཆེ་དང་རིན་ཆེན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་རྣམས་ནི་ནག་པོ་སྟེ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པའི་ཕྱག་དག་གིས་

Vol. 76 · folio 160b

འཁོར་ལོའི་ཤུགས་ཅན་མ་དང་དུམ་སྐྱེས་མ་དང་ཆང་འཚོང་མ་དང་འཁོར་ལོའི་གོ་ཆ་མ་རྣམས་སེར་མོ་ལ་འཁྱུད་པའོ། །དོན་ཡོད་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་ནམ་མཁའ་ལྡིང་གི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་ལྷའི་བུ་ཟླ་བའི་སྙིང་གར་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་

པའི་སྣ་ཚོགས་མཁའ་འགྲོ་ལྗང་གུ་སྟེ་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པའི་གཡས་པ་དང་གཡོན་པའི་ཕྱག་དག་གིས་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ་ལ་འཁྱུད་པའོ། །སྒོ་རྣམས་ལ་དཔལ་ཧེ་རུ་ཀ་དང་པདྨ་གར་གྱི་དབང་ཕྱུག་དང་རྣམ་པར་སྣང་མཛད་དང་རྡོ་རྗེ་སེམས་དཔའ་རྣམས་ལྗང་

གུ་སྟེ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེའི་དྲིལ་བུ་འཛིན་པའི་ཕྱག་དག་གིས་ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མོ་དང་འཁོར་ལོས་སྒྱུར་མ་དང་བརྩོན་འགྲུས་ཆེན་མོ་དུ་བ་ལྟར་སྔོ་སྐྱའི་མདོག་ཅན་རྣམས་ལ་འཁྱུད་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་ནི་གཡས་བརྐྱང་གིས་བཞུགས་པའོ། །འདིར་མཁའ་

འགྲོ་མ་ལ་སོགས་པ་ནི་གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་དང་གཡས་པས་ཌ་མ་རུ་འཛིན་པའོ། །ཡེ་ཤེས་མཁའ་འགྲོ་མ་དང་རབ་ཏུ་གཏུམ་མོ་ལ་སོགས་པ་བཞི་ནི་ཕྱག་གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་གདེངས་པའོ། །སངས་རྒྱས་མཁའ་འགྲོ་མ་དང་དཔའ་བོའི་བློ་ཅན་མ་ལ་སོགས་

པ་རྣམས་ནི་འཁོར་ལོ་དང་བཅས་པའི་སྡིགས་མཛུབ་ཅན་ནོ། །རིན་ཆེན་མཁའ་འགྲོ་མ་དང་ས་སྲུང་མ་ལ་སོགས་པ་རྣམས་ནི་རིན་པོ་ཆེ་དང་བཅས་པའི་སྡིགས་མཛུབ་བོ། །པདྨའི་མཁའ་འགྲོ་མ་དང་སྔོ་བསངས་ལྷ་མོ་ལ་སོགས་པ་རྣམས་ནི་པདྨ་དང་བཅས་པའི་སྡིགས་མཛུབ་བོ། །རྡོ་རྗེ་མཁའ་འགྲོ་དང་

འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་ནི་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་བོ། །སྣ་ཚོགས་མཁའ་འགྲོ་མ་དང་ཤིན་ཏུ་དཔའ་མོ་ལ་སོགས་པ་རྣམས་ནི་སྣ་ཚོགས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་བོ། །ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་ཀྱང་འཁྱུད་པར་བྱེད་པ་གཡོན་པའི་ཕྱག་དག་

གིས་འཛག་པའི་ཁྲག་གིས་གང་བའི་ཐོད་པ་འཛིན་པའོ། །དཀྱིལ་འཁོར་ཆེན་པོའི་སྒོ་རྣམས་ལ་ཁྭ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་རྣམས་ནི་མིང་དང་རྗེས་སུ་མཐུན་པའི་ཞལ་ཅན་ཏེ་རིམ་པ་ཇི་ལྟ་བར་སྔོན་མོ་དང་སེར་མོ་དང་དམར་མོ་དང་ལྗང་གུའི་མདོག་ཅན། ཕྱག་གཡས་

Vol. 76 · folio 161a

པ་རྣམས་ཀྱིས་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ། །མཚམས་རྣམས་ལ་གཤིན་རྗེ་བརྟན་མ་དང་གཤིན་རྗེ་ཕོ་ཉ་མོ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་མ་རྣམས་ནི་མིའི་གདོང་ཅན་ཏེ། གཡས་དང་གཡོན་གྱི་སྐུ་ཕྱེད་ཕྱེད་གཡས་དང་གཡོན་གྱི་

ལྷ་མོའི་མདོག་ཅན། ཕྱག་གཡས་པ་རྣམས་ཀྱིས་མེ་ལོང་དང་པི་ཝང་དང་དྲིའི་དུང་ཆོས་དང་རོའི་སྣོད་འཛིན་པའོ། །ལྷ་མོ་བརྒྱད་པོ་འདི་དག་ཀྱང་གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་གཡས་བརྐྱང་གིས་གནས་པའོ། །གཞལ་ཡས་ཁང་དྲུག་པོ་རྣམས་ཀྱི་མཚམས་རྣམས་སུ་བྱང་ཆུབ་ཀྱི་སེམས་ལ་

སོགས་པས་གང་བའི་ཐོད་པ་རྣམས་ནི་སྣ་ཚོགས་ཆུ་སྐྱེས་ལ་གནས་པའོ། །མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་རོ་རྣམས་ལ་བཞུགས་པའོ། །འཁོར་ལོས་སྒྱུར་བ་རྣམས་ཀྱང་རོ་ལ་གནས་པའོ་ཞེས་པ་ནི་

ཕྱོགས་གཞན་ནོ། །ལྷ་ཕོ་རྣམས་ནི་སྐུ་རྒྱབ་ཏུ་འཕྱང་བའི་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། མཆོད་ཕྱིར་ཐོགས་པ་ཅན་མི་མགོ་རློན་པའི་ཕྲེང་བ་མགྲིན་པ་ལ་འཕྱང་བ། རལ་པ་ནག་པོའི་ཐོར་ཅོག་ཅན་ནོ། །ལྷ་མོ་རྣམས་ནི་གཅེར་བུ་དབུ་སྐྲ་ནག་པོ་གྲོལ་ཞིང་མི་མགོ་སྐམ་པོའི་ཕྲེང་བ་

མགྲིན་པར་འཕྱང་བའོ། །ལྷ་མོ་བཞི་བཅུ་རྩ་གཉིས་པོ་རྣམས་ཀྱང་ཞལ་གཅིག་མ་ཕྱག་གཉིས་མ་སྤྱན་གསུམ་པ་རྡོ་རྗེ་ཕྲེང་བས་མཚན་པའི་དཔྲལ་བའི་དབྱིས་ནས་ཐོད་པ་ལྔས་བརྒྱན་པ། དཔུང་རྒྱན་དང་གཡེར་ཁ་ལ་སོགས་པས་མངོན་པར་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པའོ། །འཁོར་

ལོས་སྒྱུར་བ་དྲུག་ནི་མཆོག་གི་ཕྱག་རྒྱ་དྲུག་དང་ལྡན་པ། ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པ་ནག་པོའི་ཐོར་ཅོག་ཅན་ནོ། །ལྷ་མོ་སུམ་ཅུ་རྩ་བཞི་པོ་རྣམས་ནི་རང་རང་གི་འཁོར་ལོའི་དབང་པོ་ལ་མངོན་པར་ཕྱོགས་པའོ། །འཁོར་ལོས་སྒྱུར་བ་ལྔ་དང་ཁྭ་གདོང་མ་ལ་སོགས་

པ་རྣམས་ནི་དབུས་ཀྱི་འཁོར་ལོའི་དབང་པོ་ལ་མངོན་པར་ཕྱོགས་པའོ། །དཔའ་བོ་རྣམས་ནི་རང་རང་གི་ཤེས་རབ་མ་ལ་མངོན་པར་ཕྱོགས་པའོ། །དེ་ལྟར་འདི་ནི་ཕྱོགས་གཅིག་གོ། །འཁོར་ལོས་སྒྱུར་བ་དྲུག་པོ་འདི་དག་ཀྱང་གཡས་བརྐྱང་གི་ཞབས་ཅན་ནོ་ཞེས་པའི་ཁྱད་པར་ནི་ཕྱོགས་གཉིས་

Vol. 76 · folio 161b

པའོ། །ཕྱོགས་གཉིས་པོ་འདི་དག་ལ་ཡང་ཡེ་ཤེས་མཁའ་འགྲོ་དང་སངས་རྒྱས་མཁའ་འགྲོ་དང་དེ་དག་གི་འཁོར་རྣམས་ཀྱང་སེང་གེའི་སྟེང་དུ་གནས་པ་དང་། རིན་ཆེན་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་རྟའི་སྟེང་དུ་གནས་པ་དང་། པདྨ་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་རྨ་བྱའི་སྟེང་དུ་གནས་པ་དང་།

རྡོ་རྗེ་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་གླང་པོ་ཆེའི་སྟེང་དུ་གནས་པ་དང་། སྣ་ཚོགས་མཁའ་འགྲོ་དང་དེའི་འཁོར་རྣམས་ཀྱང་ནམ་མཁའི་ལྡིང་གི་སྟེང་དུ་གནས་པའོ། །ཡེ་ཤེས་མཁའ་འགྲོ་ལ་སོགས་པ་འདི་དག་ནི་རྡོ་རྗེའི་སྐྱིལ་ཀྲུང་ཅན་ནོ། །ཁྭ་གདོང་མ་ལ་སོགས་པ་བརྒྱད་པོ་འདི་དག་ཕྱོགས་སྐྱོང་བ་

བརྒྱད་པོ་རྣམས་ལ་གཡས་བརྐྱང་གིས་གནས་པའོ་ཞེས་པ་ནི་ཕྱོགས་གསུམ་པའོ། །ཕྱོགས་འདི་རྣམས་དང་ཕྱོགས་གཞན་ལ་ཡང་ཡེ་ཤེས་མཁའ་འགྲོ་ལ་སོགས་པ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མ་ཉིད་ལ་སོགས་པ་དང་། ཞལ་གསུམ་ཕྱག་དྲུག་མ་ཉིད་ལ་སོགས་པ་

དང་། ཞལ་ལྔ་ཕྱག་བརྒྱད་མ་ཉིད་ལ་སོགས་པ་དང་། ཞལ་བཞི་ཕྱག་བཅུ་གཉིས་མ་ཉིད་ལ་སོགས་པ་དང་། ཞལ་བརྒྱད་ཕྱག་བཅུ་དྲུག་མ་ཉིད་ལ་སོགས་པ་ཡང་བཅོམ་ལྡན་འདས་ཀྱིས་རབ་ཏུ་སྤྲོས་ནས་གསུངས་མོད། གཞུང་རྣམ་པར་རྒྱས་པས་འཇིགས་ནས་འདིར་མ་བསྟན་ནོ། །

རིགས་ཀྱི་བདག་པོ་ནི་འཁོར་ལོས་སྒྱུར་བ་དྲུག་པོ་རྣམས་རང་རང་གི་དཀྱིལ་འཁོར་པ་རྣམས་ཀྱི་སྟེ། རྡོ་རྗེ་མཁའ་འགྲོ་ནི་འཁོར་ལོས་སྒྱུར་བ་ལྔའིའོ། །དེའི་ནི་ཡེ་ཤེས་མཁའ་འགྲོའོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་ནི་སྣ་ཚོགས་མཁའ་འགྲོ་སྟེ། ཡེ་ཤེས་མཁའ་འགྲོའོ་ཞེས་པ་ནི་ཁ་གཅིག་གིའོ། །

ཐུགས་ཀའི་ས་བོན་རྣམས་ནི་ཡེ་ཤེས་མཁའ་འགྲོ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བར་བཾ་བྷྲཱུཾ་ཨཱཾ་ཧྲཱིཾ་ཁཾ་ངོ་། །སྙིང་པོའི་སྔགས་རྣམས་ནི་ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་སཏྭཱ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུཾ་ཨཱ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བུདྡྷ་ཌཱ་ཀ་ཨ་ལ་ལ་ལ་བྷྲཱུཾ་ཨཿཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་རཏྣ་ཌཱ་ཀ་ཏྲཾ་ཨཿཧཱུཾ་

ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་པདྨ་ཌཱ་ཀ་ཧྲཱིཿཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཨཱཿཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བི་ཤྭ་ཌཱ་ཀ་ཧོཿཁཾ་ཨཱཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའོ། །ཨོཾ་ཁཾ་ཧཱུཾ་ཕཊ། ཅེས་པ་ནི་དུམ་སྐྱེས་མའི་སྟེ་

Vol. 76 · folio 162a

ལས་ཐམས་ཅད་པའི་སྔགས་སོ། །དཔལ་དུས་ཀྱི་འཁོར་ལོ་ལ་ནི་རྡོ་རྗེ་གུར་གྱི་ནང་དུ་སྲུང་བའི་འཁོར་ལོ་རྩིབས་བཅུ་པའོ། །དེའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་རྩིབས་རྣམས་ལ་ཤིན་ཏུ་སྟོབས་དང་རྨུགས་བྱེད་དང་། རེངས་བྱེད་དང་ཁེངས་བྱེད་རྣམས་ནི་མིང་གཞན་ནི་བགེགས་

མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་གཤིན་རྗེ་མཐར་བྱེད་དང་པདྨ་མཐར་བྱེད་རྣམས་སོ། །མེ་ལ་སོགས་པའི་རྩིབས་རྣམས་ལ། དབྱུག་སྔོན་ཅན་དང་འདོད་པའི་རྒྱལ་པོ་དང་སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་སོ། །སྟེང་གི་རྩིབས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ་འོག་གི་རྩིབས་ལ་གནོད་

མཛེས་རྒྱལ་པོའོ། །དེ་སྐད་དུའང་བསྡུས་པའི་རྒྱུད་ལས། སླར་ཡང་འཁོར་ལོའི་རྩིབས་བཅུ་ལ་ནི་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོའི་ཚོགས་ནི་བསྒོམ་པར་བྱ། །ཞེས་པ་དང་དྲི་མ་མེད་པའི་འོད་ལས་སྲུང་བའི་འཁོར་ལོ་ཁྲོ་བོ་ལ་སོགས་པ་སྤྲོ་བར་བྱ་སྟེ་དཀྱིལ་འཁོར་གྱི་ས་གཞི་བསྲུང་

བའི་དོན་དུའོ་ཞེས་གསུངས་སོ། །ཁྲོ་བོ་འདི་རྣམས་ནི་འཆད་པར་འགྱུར་བའི་གཟུགས་ཅན་ནོ། །སྲུང་བའི་འཁོར་ལོའི་ལྟེ་བའི་ནང་དུ་ཆོས་ཀྱི་འབྱུང་གནས་ཏེ། གང་ཡང་དྲི་མ་མེད་པའི་འོད་ལས་ཕྱི་རོལ་དུ་སྐྱེ་བའི་མཚན་མ་ནི་ནམ་མཁའི་ཁམས་མཐའ་ཡས་པ་སྟེ་ནང་དུ་ནི་ཤེས་རབ་ཀྱི་ཆོས་

འབྱུང་ཟུར་གསུམ་པའོ་ཞེས་གསུངས་པས། ཕྱི་རོལ་གྱི་ནམ་མཁའི་ཁམས་ཉིད་དཀྱིལ་འཁོར་ལ་ཆོས་ཀྱི་འབྱུང་གནས་ཀྱི་གཟུགས་སུ་བསྒོམ་པར་བྱའོ། །ཆོས་འབྱུང་གི་དབུས་སུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་ལ་གནས་པའི་རི་རབ་དང་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་དང་ཉི་མ་དང་ཐིག་

ལེ་ནག་པོའི་གཟུགས་ཅན་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་གནས་ཤིང་། ཕྱི་རོལ་ནས་རྡོ་རྗེའི་འོད་ཟེར་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁོར་ཡུག་གིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ཆེན་པོའོ། །ཡང་ན་སྲུང་བའི་འཁོར་ལོ་ནི་བགེགས་ཉེ་བར་ཞི་བ་ཙམ་གྱི་དགོས་པའོ་ཞེས་

པས་བགེགས་བཅོམ་པའི་རྗེས་ནས་མ་བསམས་ཤིང་། ཆོས་འབྱུང་ཡང་མ་བསྒོམས་པར་སྲུང་བའི་གུར་གྱི་ནང་དུ་ནམ་མཁའ་ལ་རླུང་ལ་སོགས་པའི་དཀྱིལ་འཁོར་དང་སྒྲ་གཅན་གྱི་དཀྱིལ་འཁོར་གྱི་མཐར་ཐུག་པའི་སྟེང་དུ་གནས་ཤིང་ཕྱི་རོལ་ནས་འོད་ཟེར་ལ་སོགས་པའི་ཁོར་ཡུག་རྣམས་ཀྱིས་

Vol. 76 · folio 162b

ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ཆེན་པོའོ། །དེའི་ཕྱེད་དུ་གསུང་གི་འཁོར་ལོ་དང་། དེའི་ཕྱེད་དུ་ཐུགས་ཀྱི་འཁོར་ལོ་དང་། དེའི་ཕྱེད་དུ་བདེ་བ་ཆེན་པོའི་འཁོར་ལོ་དང་། དེའི་ཕྱེད་དུ་བཅོམ་ལྡན་འདས་ཀྱི་པདྨ་ལྗང་གུ་སྟེ། པདྨའི་སུམ་ཆ་ནི་ལྟེ་བའོ། །དེའི་སྟེང་ནས་སྟེང་དུ་གནས་

པའི་ཟླ་བ་དང་ཉི་མ་ལ་སྒྲ་གཅན་དང་དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡན་ལག་མེད་པ་དང་དྲག་པོ་གན་རྐྱལ་དུ་བསྒྱེལ་བའི་སྙིང་གར་གཡས་བརྐྱང་གི་གར་གྱིས་བཞུགས་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ། སྐུ་མདོག་ནག་པོ་ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་

ཐོར་ཅོག་ཅན། རྡོ་རྗེའི་ནོར་བུ་དང་རྡོ་རྗེའི་རྣ་ཆ་དང་རྡོ་རྗེའི་མགུལ་རྒྱན་དང་། རྡོ་རྗེའི་ལག་གདུབ་དང་། རྡོ་རྗེའི་སྐ་རགས་དང་། རྡོ་རྗེའི་རྐང་གདུབ་དང་། རྡོ་རྗེའི་དར་དཔྱངས་དང་། རྡོ་རྗེའི་ཕྲེང་བ་དང་། སྟག་གི་པགས་པ་འཕྱང་བའི་ཤམ་ཐབས་ཅན། ཞལ་བཞི་པ་སྤྱན་བཅུ་གཉིས་

པའོ། །དེ་ཡང་རྩ་བའི་ཞལ་ནག་པོ་མཆེ་བ་གཙིགས་པ་དྲག་པོ། གཡས་པ་དམར་པོ་ཆགས་པ་དང་བཅས་པ། རྒྱབ་མ་སེར་པོ་ཏིང་ངེ་འཛིན་ལ་གནས་པ། གཡོན་པ་དཀར་པོ་ཞི་བའོ། །དབུས་དང་གཡས་དང་གཡོན་གྱི་མགྲིན་པ་གསུམ་ནི་སྔོན་པོ་དང་དམར་པོ་དང་དཀར་པོ་སྟེ་བཅོམ་ལྡན་འདས་

ནི་མགྲིན་པ་གསུམ་པའོ། །གཡས་པའི་ཕྲག་པ་དང་པོ་སྔོན་པོ་དང་གཉིས་པ་དམར་པོ་དང་གསུམ་པ་དཀར་པོ་སྟེ། དེ་བཞིན་དུ་གཡོན་པའི་ཡང་སྔོན་པོ་དང་དམར་པོ་དང་དཀར་པོའོ། །དེ་ལྟར་ན་ཕྲག་པ་དྲུག་དང་། དཔུང་པ་བཅུ་གཉིས་དང་ཉེ་བའི་དཔུང་པ་ནས་བརྩམས་ཏེ་ཕྱག་དར་ཉི་ཤུ་རྩ་

བཞིའོ། །དེ་ལ་གཡས་ཀྱི་དཔུང་པ་གཉིས་སྔོན་པོ་དང་གཉིས་དམར་པོ་དང་གཉིས་དཀར་པོའོ། །དེ་བཞིན་དུ་གཡོན་གྱིའང་ངོ་། །དེ་བཞིན་དུ་ཕྱག་བཞི་བཞི་ནག་པོ་དང་། བཞི་བཞི་དམར་པོ་དང་། བཞི་བཞི་དཀར་པོ་སྟེ། གཡས་པ་དང་གཡོན་པ་རྣམས་ཀྱིའོ། །ཕྱག་རེ་རེ་འང་སོར་མོ་

ལྔ་པ་སྟེ། དེ་དག་རེ་རེ་ཞིང་ཡང་ཚིགས་གསུམ་པའོ། །དེའང་མཐེ་བོང་སེར་པོ་དང་མཛུབ་མོ་དཀར་པོ་དང་གུང་མོ་དམར་པོ་དང་མིང་མེད་ནག་པོ་དང་མཐེ་ཆུང་ལྗང་གུ་སྟེ། ཕྱག་གི་མཐིལ་ནས་སོར་མོ་ཐམས་ཅད་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ་གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །

Vol. 76 · folio 163a

དེ་རྣམས་ཀྱང་སོར་གདུབ་རྣམས་ཀྱི་འོད་དང་ལྡན་པའོ། །གཡས་པའི་ཕྱག་རྣམས་ཀྱི་ནག་པོ་རྣམས་ན་རྡོ་རྗེ་དང་རལ་གྲི་དང་རྩེ་གསུམ་དང་གྲི་གུག་དང་། དམར་པོ་རྣམས་ན་མེའི་མདའ་དང་རྡོ་རྗེའི་ལྕགས་ཀྱུ་དང་། ཌ་མ་རུ་དང་། ཐོ་བ་དང་། དཀར་པོ་རྣམས་ན་འཁོར་ལོ་དང་། མདུང་དང་

དབྱུག་པ་དང་དགྲ་སྟ་རྣམས་སོ། །གཡོན་པའི་ནག་པོ་རྣམས་ན་དྲིལ་བུ་དང་། ཕུབ་དང་། ཁ་ཊྭཱཾ་ག་དབྱེ་བ་དང་། ཁྲག་གིས་གང་བའི་ཐོད་པ་དང་། དམར་པོ་རྣམས་ན་གཞུ་དང་། ཞགས་པ་དང་། ནོར་བུ་དང་། རིན་པོ་ཆེ་དང་། པདྨ་དམར་པོ་དང་། དཀར་པོ་རྣམས་ན་དུང་དང་། མེ་ལོང་དང་།

རྡོ་རྗེ་ལྕགས་སྒྲོག་དང་། ཚངས་པའི་མགོ་བོ་རྣམས་སོ། །བརླ་ནས་བརྩམས་ནས་དམར་པོའི་མདོག་ཅན་གྱི་ཞབས་གཡས་པའི་མཐིལ་དམར་པོས་འདོད་པའི་ལྷ་དམར་པོ་གདོང་གཅིག་པ་ལག་པ་བཞིས་མེ་ཏོག་གི་མདའ་ལྔ་དང་། གཞུ་དང་། ཞགས་པ་དང་། ལྕགས་ཀྱུ་འཛིན་པའི་སྙིང་

གར་མནན་ཅིང་། བརླ་ནས་བརྩམས་ནས་དཀར་པོའི་ཞབས་གཡོན་པའི་མཐིལ་གྱིས་དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ་ལག་པ་བཞིས་རྩེ་གསུམ་དང་། ཌ་མ་རུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པའི་སྙིང་གར་མནན་པའོ། །འདོད་ལྷའི་གཞོགས་སུ་དགའ་མ་དང་

དབང་ཕྱུག་ཆེན་པོའི་གཞོགས་སུ་དཀར་མོ་སྟེ་ལྷ་མོ་འདི་དག་ནི་དམན་པའི་བཞིན་དང་ལྡན་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་འཇུས་པའོ། །བཅོམ་ལྡན་འདས་ཀྱིས་འཁྱུད་པའི་སྣ་ཚོགས་ཡུམ་ནི་གཡོན་བརྐྱང་གིས་གནས་པ་གསེར་གྱི་མདོག་ཅན་ཕྱག་གཡས་པ་རྣམས་ཀྱིས་གྲི་གུག་

དང་ལྕགས་ཀྱུ་དང་ཌ་མ་རུ་དང་། བགྲང་ཕྲེང་རྣམས་དང་། གཡོན་པ་རྣམས་ཀྱིས་ཐོད་པ་དང་ཞགས་པ་དང་པདྨ་དཀར་པོ་དང་རིན་པོ་ཆེ་རྣམས་འཛིན་པའོ། །འདབ་མ་རྣམས་ལ་ཤར་དུ་ནག་མོ་འབར་མ་ནག་མོ་ཕྱག་གཡས་པ་རྣམས་ཀྱིས་བདུག་སྤོས་ཀྱི་སྣོད་དང་ཙནྜན་གྱི་སྣོད་དང་གུར་གུམ་གྱི་སྣོད་

དང་གླ་རྩི་དང་བཅས་པའི་ག་བུར་གྱི་སྣོད་དང་། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་པདྨ་དང་ལྷའི་ལྗོན་པའི་མེ་ཏོག་དང་སྣ་ཚོགས་པའི་མེ་ཏོག་གི་ཕྲེང་བ་འཛིན་པའོ། །ལྷོར་དམར་མོ་འབར་མ་དམར་མོ་གཡས་པ་རྣམས་ཀྱིས་མར་མེ་དང་དོ་ཤལ་དང་ཅོད་པན་དང་ལག་གདུབ་དང་། གཡོན་པ་

Vol. 76 · folio 163b

རྣམས་ཀྱིས་གོས་དང་སྐ་རགས་དང་རིན་པོ་ཆེའི་རྣ་རྒྱན་དང་རྐང་གདུབ་འཛིན་པའོ། །ནུབ་ཏུ་སེར་མོ་འབར་མ་སེར་མོ་གཡས་པ་རྣམས་ཀྱིས་དུང་དང་གླིང་བུ་དང་ནོར་བུ་དང་ཌ་མ་རུ་དང་། གཡོན་པ་རྣམས་ཀྱིས་པི་ཝང་དང་རྔ་ཟླུམ་དང་འཁར་རྔ་དང་ཟངས་དུང་འཛིན་པའོ། །བྱང་དུ་དཀར་མོ་འབར་མ་དཀར་

མོ་གཡས་པ་རྣམས་ཀྱིས་འོ་མའི་སྣོད་དང་ཆུའི་སྣོད་དང་ལྷའི་སྨན་དང་ཆང་གི་སྣོད་དང་། གཡོན་པ་རྣམས་ཀྱིས་བདུད་རྩིའི་སྣོད་དང་གྲུབ་པའི་བཅུད་ཀྱི་སྣོད་དང་བདུད་རྩིའི་འབྲས་བུ་དང་བཟའ་བའི་སྣོད་འཛིན་པའོ། །མེ་ལ་སོགས་པ་རྣམས་སུ་དུ་བ་མ་དང་སྨིག་རྒྱུ་མ་དང་མར་མེ་མ་དང་མཁའ་སྣང་མའི་

ལྷ་མོ་རྣམས་ཏེ། རིམ་པ་ཇི་ལྟ་བར་ནག་མོ་དང་དམར་མོ་དང་སེར་མོ་དང་དཀར་མོའི་མདོག་ཅན་ཕྱག་བརྒྱད་ཀྱིས་རང་རང་གི་མདོག་ཅན་གྱི་རྔ་ཡབ་བརྒྱད་འཛིན་པའོ། །དེ་དག་གི་རྒྱབ་ཀྱི་ཕྱི་རོལ་དུ་ཡིད་བཞིན་གྱི་ནོར་བུ་དང་ཆོས་ཀྱི་གཎྜཱི་དང་། དཔག་བསམ་གྱི་ཤིང་དང་ཆོས་ཀྱི་དུང་རྣམས་ཏེ་ནག་པོ་དང་དམར་པོ་

དང་སེར་པོ་དང་དཀར་པོའོ། །ནག་མོ་འབར་མ་ལ་སོགས་པ་བརྒྱད་ནི་མཉམ་པའི་རྐང་སྟབས་ཀྱི་གནས་པའོ། །སྣ་ཚོགས་ཡུམ་ལ་སོགས་པའི་ལྷ་མོ་ཐམས་ཅད་ཕྱག་རྒྱ་ལྔ་དང་ལྡན་པ། ཕྱག་བརྒྱད་མ་ཞལ་བཞི་མ་སྤྱན་བཅུ་གཉིས་མའོ། །དེ་ཡང་ཤར་ལྷོ་དང་ནུབ་བྱང་གི་རིམ་པས་

སྣ་ཚོགས་ཡུམ་གྱི་ཞལ་རྣམས་ནི་སེར་པོ་དང་དཀར་པོ་དང་སྔོན་པོ་དང་དམར་པོ་སྟེ། དེ་བཞིན་དུ་ལྷ་མོ་སེར་མོ་དག་གི་འང་ངོ་། །ནག་མོ་དག་གི་ནི་ནག་པོ་དང་དམར་པོ་དང་སེར་པོ་དང་དཀར་པོའོ། །དམར་མོ་དག་གི་ནི་དམར་པོ་དང་སེར་པོ་དང་དཀར་པོ་དང་སྔོན་པོའོ། །དཀར་མོ་དག་གི་ནི་

དཀར་པོ་དང་ནག་པོ་དང་དམར་པོ་དང་སེར་པོའོ། །རིམ་པ་གཉིས་པ་དང་གསུམ་པ་དག་གི་ལྷ་མོ་རྣམས་ནི་ཞལ་གསུམ་པ་སྤྱན་དགུ་པ་ཕྱག་དྲུག་པ་རྣམས་སོ། །དེ་ཡང་ཕྱོགས་རྣམས་ལ་ཤར་དུ་དོན་ཡོད་གྲུབ་པ་ནག་པོ་ནག་པོ་དང་དམར་པོ་དང་དཀར་པོའི་ཞལ་ཅན། གཡས་པ་རྣམས་

ཀྱིས་རལ་གྲི་དང་གྲི་གུག་དང་རྩེ་གསུམ་དང་གཡོན་པ་རྣམས་ཀྱིས་ཕུབ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་སྤྱན་མས་འཁྱུད་པའོ། །ལྷོར་རིན་ཆེན་འབྱུང་ལྡན་དམར་པོ་དམར་པོ་དང་དཀར་པོ་དང་ནག་པོའི་ཞལ་ཅན། གཡས་པ་རྣམས་ཀྱིས་མེའི་མདའ་དང་ལྕགས་ཀྱུ་དང་ཌ་མ་རུ་དང་། གཡོན་

Vol. 76 · folio 164a

པ་རྣམས་ཀྱིས་གཞུ་དང་ཞགས་པ་དང་རིན་པོ་ཆེ་ཆ་དགུ་པ་འཛིན་པ་མཱ་མ་ཀཱིས་འཁྱུད་པའོ། །ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ་སེར་པོ་དང་དཀར་པོ་དང་ནག་པོའི་ཞལ་ཅན། གཡས་པ་རྣམས་ཀྱིས་འཁོར་ལོ་དང་དབྱུག་པ་དང་མི་འཇིགས་པ་མཛད་པས་རྡོ་རྗེ་དང་། གཡོན་པ་

རྣམས་ཀྱིས་དུང་དང་རྡོ་རྗེ་ལྕགས་སྒྲོག་དང་དྲིལ་བུ་འཛིན་པས་སྒྲོལ་མ་ལ་འཁྱུད་པའོ། །བྱང་དུ་སྣང་བ་མཐའ་ཡས་དཀར་པོ་དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ཅན། གཡས་པ་རྣམས་ཀྱིས་ཐོ་བ་དང་མདུང་དང་རྩེ་གསུམ་དང་། གཡོན་པ་རྣམས་ཀྱིས་པདྨ་དཀར་པོ་དང་མེ་ལོང་དང་བགྲང་

ཕྲེང་འཛིན་པ། གོས་དཀར་མོས་འཁྱུད་པའོ། །བཞི་པོ་འདི་རྣམས་ནི་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་གནས་པ་རལ་པའི་ཐོར་ཅོག་ཅན་ཏེ། ཞལ་རྣམས་ནི་རྩ་བ་དང་གཡས་པ་དང་གཡོན་པའི་རིམ་པས་སོ། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་རྣམས་སུ་པདྨ་དམར་པོ་དང་ཟླ་བ་ལ་སྒྲོལ་

མ་དང་གོས་དཀར་མོ་དང་སྤྱན་མ་དང་མཱ་མ་ཀཱི་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་དང་རྟག་པ་དང་སྣང་བ་མཐའ་ཡས་དང་མཚུངས་པ་སྟེ། རྣམ་པར་སྣང་མཛད་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་རྣམས་དང་སྙོམས་

པར་འཇུག་པའོ། །ཡང་ན་སྒྲོལ་མའི་ཁ་ཊྭཱཾ་གའི་གནས་སུ་ཨུཏྤ་ལ་སྟེ། གཞོགས་བརྒྱད་དུ་ནི་བདུད་རྩིའི་བུམ་པ་བརྒྱད་དོ། །རིམ་པ་གསུམ་པའི་སྣམ་བུ་ལ་ཤར་སྒོའི་གཡོན་ངོས་སུ་ཀུན་དུ་བཟང་པོ་སྔོན་པོ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ། གཡོན་པ་རྣམས་

ཀྱིས་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ་ཡང་ན་ཚངས་པའི་མགོའི་གནས་སུ་ཨུཏྤ་ལ་སྟེ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་སྙོམས་པར་འཇུག་པའོ། །གཡས་སུ་ནམ་མཁའི་སྙིང་པོ་དོན་ཡོད་གྲུབ་པ་ལྟ་བུ་ལ་དྲི་རྡོ་རྗེ་མས་འཁྱུད་པའོ། །ལྷོ་སྒོའི་གཡོན་དུ་ཕྱག་ན་རྡོ་རྗེ་

ལྗང་གུ་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་འཛིན་པ་སྒྲ་རྡོ་རྗེ་མས་འཁྱུད་པའོ། །གཡས་སུ་སའི་སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་གཟུགས་རྡོ་རྗེ་མ་དང་སྙོམས་པར་འཇུག་པ་ནུབ་སྒོའི་གཡོན་དུ་ཆོས་

Vol. 76 · folio 164b

ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་ཀུན་དུ་བཟང་པོས་འཁྱུད་པའོ། །གཡས་སུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམ་པར་སྣང་མཛད་ལྟ་བུ་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པའོ། །བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེ་མ་ཀུན་དུ་བཟང་པོ་ལྟ་བུ་ལ་ཕྱག་ན་རྡོ་རྗེས་འཁྱུད་པའོ། །གཡས་སུ་

འཇིག་རྟེན་དབང་ཕྱུག་སྣང་བ་མཐའ་ཡས་ལྟ་བུ་ལ་རོ་རྡོ་རྗེ་མས་འཁྱུད་པའོ། །མེར་རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་ལ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་སྙོམས་པར་འཇུག་པའོ། །བདེན་བྲལ་དུ་རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པའོ། །རླུང་དུ་

དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ་ལ་ནམ་མཁའི་སྙིང་པོས་འཁྱུད་པའོ། །དབང་ལྡན་དུ་གཟུགས་རྡོ་རྗེ་མ་མཱ་མ་ཀཱི་ལྟ་བུ་ལ་སའི་སྙིང་པོས་འཁྱུད་པའོ། །འདིར་དོན་ཡོད་གྲུབ་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་གདན་གྱིས་བཞུགས་པ་

སྟེ། སྒྲོལ་མ་ལ་སོགས་པའི་ལྷ་མོ་རྣམས་ནི་པདྨའི་འདུག་སྟངས་ཀྱིས་བཞུགས་པའོ། །སྒོ་རྣམས་ལ་ཁྲོ་བོ་ཤིན་ཏུ་སྟོབས་དོན་ཡོད་གྲུབ་པ་ལྟ་བུ་ལ་རེངས་བྱེད་མས་ཡང་དག་པར་འཁྱུད་པ་སྟེ་དེའང་སྤྱན་མ་ལྟ་བུའོ། །ལྷོར་རྨུགས་བྱེད་རིན་ཆེན་དབང་པོ་ལྟ་བུ་ལ་ཁེངས་བྱེད་མས་

སྙོམས་པར་ཞུགས་པ་སྟེ་དེ་ཡང་མཱ་མ་ཀཱི་ལྟ་བུའོ། །ནུབ་ཏུ་རེངས་བྱེད་རྣམ་པར་སྣང་མཛད་ལྟ་བུ་ལ་ཤིན་ཏུ་སྟོབས་མས་འཁྱུད་པ་སྟེ་དེ་ཡང་སྒྲོལ་མ་ལྟ་བུའོ། །བྱང་དུ་ཁེངས་བྱེད་འོད་དཔག་མེད་ལྟ་བུ་ལ་རྨུགས་བྱེད་མས་ཡང་དག་པར་འཁྱུད་པ་སྟེ་དེ་ཡང་གོས་དཀར་མོ་ལྟ་བུའོ། །འོན་

ཀྱང་ཁྲོ་བོ་འདི་རྣམས་ནི་གཡས་བརྐྱང་གིས་གནས་པ་སྟེ་ཁྲོ་བོའི་ལྷ་མོ་རྣམས་ནི་གཡོན་བརྐྱང་གིས་གནས་པའོ། །འདིར་ལྷ་ཕོ་རྣམས་ཀྱི་གདན་ནི་པདྨ་དཀར་པོ་དང་ཉི་མ་རྣམས་ཏེ། ལྷ་མོ་རྣམས་ཀྱི་གདན་ནི་པདྨ་དམར་པོ་ལ་ཟླ་བའི་དཀྱིལ་འཁོར་རྣམས་སོ། །ཡང་ན་ནག་པོ་དང་དཀར་

པོ་དང་ལྗང་གུ་རྣམས་ལ་ཟླ་བ་ལ་གནས་པ་དང་དམར་པོ་དང་སེར་པོ་རྣམས་དང་ཀུན་དུ་བཟང་པོ་དང་སྒྲ་རྡོ་རྗེ་མ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པ་སྟེ། དེ་དག་གི་རིགས་པ་ཡང་དྲི་མ་མེད་པའི་འོད་ལས་གསུངས་པའོ། །འདིར་གང་གི་གནས་སུ་ལྷ་རྣམས་གང་གསུངས་པ་དེ་ནི་དེའི་གཙོ་བོ་

Vol. 76 · folio 165a

ཡིན་པའི་ཕྱིར་འཁོར་ལོའི་དབང་པོ་ལ་མངོན་པར་ཕྱོགས་པ་སྟེ། དེའི་པང་དུ་གནས་པ་ནི་མ་ཡིན་ནོ། །འདིར་འདབ་མ་བརྒྱད་ཀྱི་ལྷ་མོ་རྣམས་དང་བུམ་པ་རྣམས་དང་ཆོས་ཀྱི་དུང་ལ་སོགས་པ་སྤངས་ནས་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་ཐུགས་ཀྱི་དཀྱིལ་འཁོར་ཡང་

བསྒོམ་པར་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྐོར་བ་ཡང་དཔལ་གསང་བ་འདུས་པ་ལྟ་བུའོ། །སྟེགས་བུ་རྣམས་ལ་ཤར་གྱི་གཡོན་རྟ་བབས་ཀྱི་ཀ་བའི་རྩ་བའི་གཡོན་དུ་དྲི་ཆབ་མ་ནག་མོ་དྲིའི་དུང་ཆོས་འཛིན་པ་དང་། གཡས་སུ་ཕྲེང་བ་མ་ནག་མོ་མེ་ཏོག་གི་ཕྲེང་བ་འཛིན་པ་དང་།

ལྷོར་བདུག་སྤོས་མ་དམར་མོ་བདུག་སྤོས་ཀྱི་སྣོད་འཛིན་པ་དང་། མར་མེ་མ་དམར་མོ་མར་མེའི་མཆོད་སྡོང་འཛིན་པའོ། །ནུབ་ཏུ་སྒེག་མོ་སེར་མོ་ཅོད་པན་སེར་པོ་འཛིན་པ་དང་། བཞད་མ་སེར་མོ་དོ་ཤལ་སེར་པོ་འཛིན་པའོ། །བྱང་དུ་བདུད་རྩི་མའམ་མིང་གཞན་ཞལ་ཟས་མ་ཞེས་

བྱ་བ་དཀར་མོ་འབྲས་བུ་དཀར་པོ་འཛིན་པ་དང་། འབྲས་བུ་མི་ཟད་པའམ་མིང་གཞན་བདུད་རྩིའི་འབྲས་བུ་མ་ཞེས་བྱ་བ་དཀར་མོ་བདུད་རྩིས་གང་བའི་སྣོད་འཛིན་པའོ། །སྟེགས་བུ་ཐམས་ཅད་ལ་ཡང་རྣམ་པ་སྣ་ཚོགས་པའི་མཆོད་པ་འཛིན་པའི་ལྷ་མོ་གྲངས་མེད་པའོ། །ཤར་གྱི་རྟ་བབས་ཀྱི་

མཆོད་པའི་ལྷ་མོའི་གནས་སུ་གར་མ་སྔོན་མོ་གར་གྱི་ཚུལ་གྱིས་གོས་འཛིན་པའོ། །ལྷོར་འདོད་མ་དམར་མོ་པདྨ་འཛིན་པ་དང་། ནུབ་ཏུ་སིལ་སྙན་མ་སེར་མོ་རྔ་པ་ཊ་ཧ་བརྡུང་བ་དང་། བྱང་དུ་གླུ་མ་དཀར་མོ་རྡོ་རྗེ་འཛིན་པ་སྟེ་བདུད་རྩི་མ་ལ་སོགས་པ་དགོད་པ་འདི་དག་ནི་དབང་བསྐུར་བའི་ལེའུའི་

རིམ་པའོ། །གང་ཡང་སྒྲུབ་ཐབས་ཀྱི་ལེའུའི་འགྲེལ་པ་ལས་བྱང་དུ་སིལ་སྙན་མ་དང་གར་མ་དང་། ནམ་མཁར་གླུ་མ་དང་འདོད་མ་དང་། འོག་ཏུ་ཞལ་ཟས་མ་དང་། བདུད་རྩིའི་འབྲས་བུ་མ་ཞེས་གསུངས་པ་དེ་ལ་ཡང་དབང་བསྐུར་བའི་ལེའུ་ལས་གསུངས་པའི་དགོད་པ་འདི་ལྟར་རིག་

པར་བྱ་སྟེ། གཞུང་དེ་དག་རྗེས་སུ་མཐུན་པར་སྦྱོར་བ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་སྔ་མ་དང་ཕྱི་མ་དག་འགལ་བར་འགྱུར་རོ། །ལྷ་མོ་བཅུ་གཉིས་པོ་འདི་དག་ནི་པདྨའི་འདུག་སྟངས་ཀྱིས་གནས་པའོ། །གསུང་གི་དཀྱིལ་འཁོར་ལ་ཕྱོགས་ཀྱི་པདྨ་རྣམས་ནི་དམར་པོ་དང་། མཚམས་

Vol. 76 · folio 165b

ཀྱི་པདྨ་རྣམས་ནི་དཀར་པོ་སྟེ་དེ་རྣམས་ཉི་མ་དང་ཟླ་བ་དང་བྲལ་བ་ལ་ས་གའི་འདུག་སྟངས་ཀྱིས་གནས་པའི་ལྷ་མོ་རྣམས་སོ། །དེ་ཡང་ཡི་དགས་དམར་པོའི་སྟེང་དུ་གནས་པའི་ཤར་གྱི་ཆུ་སྐྱེས་ཀྱི་ལྟེ་བ་ལ་ཙརྩི་ཀ་ནག་མོ་ཞལ་གཅིག་མ་སྤྱན་གསུམ་མ། ཕྱག་གཡས་པ་དག་གིས་གྲི་གུག་དང་རྩེ་

གསུམ་དང་། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་དབང་པོ་སེར་པོས་འཁྱུད་པ་སྟེ། མདུན་ལ་སོགས་པའི་འདབ་མ་བརྒྱད་ལ། འཇིགས་མ་དང་དྲག་མོ་དང་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང་མ་དང་རླུང་ཤུགས་མ་དང་རབ་གཏུམ་མ་དང་དྲག་མིག་མ་དང་སྣ་ཆེན་མ་རྣམས་སོ། །

ནམ་མཁའ་ལྡིང་གི་སྟེང་དུ་གནས་པའི་མེའི་ཆུ་སྐྱེས་ཀྱི་ལྟེ་བ་ལ་ཁྱབ་འཇུག་མ་ནག་མོ་གཡས་པ་དག་གིས་འཁོར་ལོ་དང་དབྱུག་པ། གཡོན་པ་དག་གིས་པདྨ་དང་དུང་འཛིན་པ་ཚངས་མས་འཁྱུད་པ་སྟེ། འདབ་མ་རྣམས་ལ་དཔལ་མོ་དང་སྒྱུ་མ་དང་གྲགས་མ་དང་གཡང་མོ་དང་ཕུན་

སུམ་ཚོགས་མ་དང་རྣམ་པར་རྒྱལ་མ་དང་དཔལ་ལྡན་རྒྱལ་མ་དང་དཔལ་ལྡན་རྒྱལ་བྱེད་མ་དང་དཔལ་ལྡན་འཁོར་ལོ་ཅན་མ་རྣམས་སོ། །མ་ཧེའི་སྟེང་དུ་ལྷོའི་ཆུ་སྐྱེས་ཀྱི་ལྟེ་བ་ལ་ཕག་མོ་དམར་མོ་ཕག་གི་ཞལ་ཅན། གཡས་པ་དག་གིས་དབྱུག་པ་དང་རལ་གྲི་དང་། གཡོན་པ་དག་

གིས་ལྕགས་སྒྲོག་དང་ཕུབ་འཛིན་པ་དྲག་པོས་འཁྱུད་པ་སྟེ། འདབ་མ་རྣམས་ལ་ཀེང་རུས་མ་དང་དུས་མཚན་མ་དང་རབ་ཁྲོས་གདོང་མ་དང་དུས་ཀྱི་ལྕེ་མ་དང་། གཙིགས་མ་དང་ནག་མོ་དང་གཟུགས་ངན་མ་རྣམས་སོ། །རྨ་བྱའི་སྟེང་དུ་བདེན་བྲལ་གྱི་ཆུ་སྐྱེས་ཀྱི་ལྟེ་བ་ལ་གཞོན་ནུ་མ་དམར་

མོ་ཞལ་དྲུག་མ་གཡས་པ་དག་གིས་ཤཀྟི་དང་ལྕགས་ཀྱུ། གཡོན་པ་དག་གིས་རིན་པོ་ཆེ་དང་ཞགས་པ་འཛིན་པ་ཚོགས་བདག་གིས་འཁྱུད་པ་སྟེ། འདབ་མ་རྣམས་ལ་པདྨ་དང་ལུས་མེད་མ་དང་གཞོན་ནུ་མ་དང་རི་དགས་བདག་པོས་འགྲོ་མ་དང་རིན་ཆེན་ཕྲེང་བ་མ་དང་། མིག་བཟངས་

མ་དང་རུལ་མ་དང་བཟང་མོ་རྣམས་སོ། །ས་སྲུང་གི་སྟེང་དུ་ནུབ་ཀྱི་ཆུ་སྐྱེས་ཀྱི་ལྟེ་བ་ལ་དབང་མོ་སེར་མོ་གཡས་པ་དག་གིས་རྡོ་རྗེ་དང་མདའ། གཡོན་པ་དག་གིས་དྲིལ་བུ་དང་གཞུ་འཛིན་པ་བདེན་བྲལ་གྱིས་འཁྱུད་པ་སྟེ། འདབ་མ་རྣམས་ལ་རྡོ་རྗེ་འོད་མ་དང་རྡོ་རྗེ་ལུས་མ་དང་། གསེར་ལྡན་

Vol. 76 · folio 166a

མ་དང་ཨུར་བ་སཱི་དང་བཀྲ་བའི་རི་མོ་དང་ཆུ་ཤིང་མ་དང་ཟུག་རྔུ་མེད་པ་དང་ཤིན་ཏུ་སྒྲོལ་མ་རྣམས་སོ། །ངང་པའི་སྟེང་དུ་རླུང་གི་ཆུ་སྐྱེས་ཀྱི་ལྟེ་བ་ལ་ཚངས་མ་སེར་མོ་ཞལ་བཞི་མ་གཡས་པ་དག་གིས་པདྨ་དང་ཚངས་པའི་དབྱུག་པ། གཡོན་པ་དག་གིས་སྤྱི་བླུགས་དང་པར་

བུ་འཛིན་པ་ཁྱབ་འཇུག་གིས་སྙོམས་པར་ཞུགས་པ་སྟེ། འདབ་མ་རྣམས་ལ་མཆོད་སྦྱིན་འདོད་མ་དང་པདྨའི་སྤྱན་མ་དང་ཆུ་སྐྱེས་ལྡན་མ་དང་། བློ་གྲོས་མ་དང་ངག་གི་དབང་ཕྱུག་མ་དང་གླུ་མ་དང་གློག་མ་དང་དྲན་མ་རྣམས་སོ། །གླང་གི་སྟེང་དུ་བྱང་གི་ཆུ་སྐྱེས་ཀྱི་ལྟེ་བ་ལ་དྲག་མོ་དཀར་མོ་

གཡས་པ་དག་གིས་རྩེ་གསུམ་དང་ཅང་ཏེའུ་གཡོན་པ་དག་གིས་ཁ་ཊྭཱཾ་ག་དང་སྦྲུལ་འཛིན་པ་གཤིན་རྗེས་འཁྱུད་པ་སྟེ། འདབ་མ་རྣམས་ལ་གཽ་རཱི་མ་དང་གངྒཱ་མ་དང་རྟག་མ་དང་མྱུར་མ་དང་ཏྲོ་ཏ་ལ་དང་། མཚོན་བྱེད་མ་དང་། དམར་སེར་མ་དང་། ནག་མོ་རྣམས་སོ། །སེང་གེའི་སྟེང་

དུ་དབང་ལྡན་གྱི་ཆུ་སྐྱེས་ཀྱི་ལྟེ་བ་ལ་དཔལ་མོ་དཀར་མོ་གཡས་པ་དག་གིས་པདྨ་དང་བགྲང་ཕྲེང་། གཡོན་པ་དག་གིས་པདྨ་དང་རིན་པོ་ཆེ་འཛིན་པ་གདོང་དྲུག་གིས་འཁྱུད་པ་སྟེ། འདབ་མ་རྣམས་ལ་དཔལ་ལྡན་དཀར་མོ་དང་། ཟླ་བའི་རི་མོ་དང་། རི་བོང་འཛིན་ཞལ་མ་དང་།

ངང་པའི་མདོག་མ་དང་འཛིན་མ་དང་། པདྨའི་དབང་ཕྱུག་མ་དང་། སྐར་མིག་མ་དང་། དྲི་མེད་རི་བོང་འཛིན་མ་རྣམས་སོ། །ཙརྩི་ཀ་ལ་སོགས་པའི་ལྷ་མོ་བདུན་ཅུ་རྩ་གཉིས་པོ་འདི་དག་ནི་ཕྱག་བཞི་མ་སྤྱན་གསུམ་མ་སྟེ། འདིར་འདབ་མའི་ལྷ་མོ་རྣམས་ནི་རོལ་པའི་རྐང་

སྟབས་ཀྱིས་གནས་པ་ཁ་དོག་ལ་སོགས་པ་རྣམས་རང་རང་གི་གཙོ་བོ་དང་མཚུངས་པ་རང་རང་གི་གཙོ་མོ་ལ་མངོན་དུ་ཕྱོགས་པའོ། །གཙོ་མོ་བརྒྱད་པོ་འདི་དག་ནི་ས་གའི་རྐང་སྟབས་ཀྱིས་གནས་པ་འཁོར་ལོའི་དབང་ཕྱུག་ལ་གཟིགས་པ་སྟེ་བརྒྱད་པོ་འདི་རྣམས་ཀྱིས་འཁྱུད་པ་པོ་

ས་གའི་རྐང་སྟབས་ཀྱིས་གནས་པའི་རྗེས་སུ་གཙོ་བོ་རྣམས་ནི་དེ་ལ་མངོན་དུ་ཕྱོགས་པའོ། །སྐུའི་དཀྱིལ་འཁོར་གྱི་སྣམ་བུ་རྣམས་ལ་པདྨ་བཅུ་གཉིས་ཏེ། དེ་ཡང་ཕྱོགས་ཀྱི་པདྨ་རྣམས་དམར་པོ་དང་མཚམས་ཀྱི་པདྨ་རྣམས་དཀར་པོའོ། །པདྨ་རེ་རེ་ཞིང་ཡང་འདབ་མ་

Vol. 76 · folio 166b

རྣམས་ནི་གོ་རིམས་བཞིན་དང་པོ་ལ་བཞི་དང་གཉིས་པ་ལ་བརྒྱད་དང་། གསུམ་པ་ལ་བཅུ་དྲུག་སྟེ། དེ་དག་གི་ཕྱིའི་རིམ་པའི་མདུན་གྱི་འདབ་མ་ནས་བརྩམས་ནས་གཡས་སྐོར་གྱིས་ཚེས་གཅིག་ལ་སོགས་པའི་ལྷ་མོ་རྣམས་དགོད་པར་བྱའོ། །ལྟེ་བ་ལ་ཉ་དང་གནམ་སྟོང་དག་ནི་གཙོ་བོ་

ཉིད་ཀྱིས་གནས་པ་ཡིན་ལ། དེ་ཡང་ཉ་ནི་ཤེས་རབ་དང་གནམ་སྟོང་ནི་ཐབས་ཏེ། བདེན་བྲལ་ལ་སོགས་པའོ། །ལྷ་ཐམས་ཅད་ནི་ཕྱག་བཞི་པའོ། །དེ་ལ་ཤར་སྒོའི་གཡས་ཕྱོགས་སུ་ཡི་དགས་དམར་པོའི་སྟེང་དུ་པདྨའི་ལྟེ་བ་ལ་བདེན་བྲལ་ནག་པོ་སྲིན་མོ་མེ་འབར་གདོང་མས་

ཡང་དག་པར་འཁྱུད་མ། གཡས་པ་དག་ན་རལ་གྲི་དང་གྲི་གུག། གཡོན་པ་དག་ན་ཕུབ་དང་ཐོད་པ་ཅན་ཏེ། འདིར་ནི་ནག་པའི་ཚེས་རྣམས་སོ། །མེར་རི་དགས་ཀྱི་སྟེང་དུ་པདྨའི་ལྟེ་བ་ལ་རླུང་ལྷ་ནག་པོ་རབ་ཏུ་གཏུམ་མོས་འཁྱུད་པ། གཡས་པ་དག་ན་དཔག་བསམ་གྱི་ཤིང་དང་ཡོངས་འདུའི་

མེ་ཏོག་གཡོན་པ་དག་ན་ཨིནྡྲ་ནཱི་ལ་དང་ཨུཏྤ་ལ་སྔོན་པོ་ཅན་ཏེ་འདིར་ནི་ས་གའི་ཚེས་རྣམས་སོ། །ལྷོ་སྒོའི་གཡོན་ཕྱོགས་སུ་མ་ཧེའི་སྟེང་དུ་པདྨའི་ལྟེ་བ་ལ་གཤིན་རྗེ་དམར་པོ་དུས་མས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་དབྱུག་པ་དང་རལ་གྲི། གཡོན་པ་དག་ན་ལྕགས་སྒྲོག་དང་

ཞགས་པ་ཅན་ཏེ་འདིར་ནི་དབོའི་ཚེས་རྣམས་སོ། །གཡས་ཕྱོགས་སུ་ལུག་གི་སྟེང་དུ་པདྨའི་ལྟེ་བ་ལ་མེ་ལྷ་དམར་པོ་ཆུ་ལྷ་མོས་འཁྱུད་པ། གཡས་པ་དག་ན་ཤཀྟི་དང་དབྱུག་པ། གཡོན་པ་དག་ན་པདྨ་དང་སྤྱི་བླུགས་ཅན་ཏེ་འདིར་ནི་སྣྲོན་གྱི་ཚེས་རྣམས་སོ། །བདེན་བྲལ་དུ་རྨ་བྱའི་

སྟེང་དུ་པདྨའི་ལྟེ་བ་ལ་གདོང་དྲུག་དམར་པོ་དཔལ་མོས་འཁྱུད་པ། གཡས་པ་དག་ན་ཤཀྟི་དང་མདུང་། གཡོན་པ་དག་ན་རིན་པོ་ཆེ་དང་མེ་ལོང་ཅན་ཏེ་འདིར་ནི་ཆུ་སྟོད་ཀྱི་ཚེས་རྣམས་སོ། །ནུབ་སྒོའི་གཡོན་ཕྱོགས་སུ་པདྨའི་ལྟེ་བ་ལ་ལུས་ངན་པོ་སེར་པོ་ལུས་ངན་མོས་ཡང་དག་པར་འཁྱུད་པ།

གཡས་པ་དག་ན་ནོར་བུ་རིན་པོ་ཆེ་དང་དབྱུག་ཏོ། །གཡོན་པ་དག་ན་ནེའུ་ལེ་དང་པདྨ་ཅན་ཏེ་འདིར་ནི་རྒྱལ་གྱི་ཚེས་རྣམས་སོ། །གཡས་ཕྱོགས་སུ་གླང་པོ་ཆེའི་སྟེང་དུ་པདྨའི་ལྟེ་བ་ལ་དབང་པོ་སེར་པོ་རླུང་ལྷ་མོས་འཁྱུད་པ། གཡས་པ་དག་ན་རྡོ་རྗེ་དང་མེའི་མདའ་དང་། གཡོན་པ་དག་ན་

Vol. 76 · folio 167a

དྲིལ་བུ་དང་གཞུ་ཅན་ཏེ་འདིར་ནི་ཐ་སྐར་གྱི་ཚེས་རྣམས་སོ། །རླུང་དུ་ངང་པའི་སྟེང་དུ་པདྨའི་ལྟེ་བ་ལ་ཚངས་པ་སེར་པོ་གློག་མས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་ཁབ་དང་བགྲང་ཕྲེང་། གཡོན་པ་དག་ན་པདྨ་དང་སྤྱི་བླུགས་ཅན་ཏེ་འདིར་ནི་སྨིག་དྲུག་གི་ཚེས་རྣམས་

སོ། །བྱང་སྒོའི་གཡོན་ཕྱོགས་སུ་གླང་གི་སྟེང་དུ་པདྨའི་ལྟེ་བ་ལ་དྲག་པོ་དཀར་པོ་གཽ་རཱིས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་རྩེ་གསུམ་དང་མདའ། གཡོན་པ་དག་ན་སྦྲུལ་གྱིས་དཀྲིས་པའི་ཁ་ཊྭཱཾ་ག་དང་གཞུ་ཅན་ཏེ། འདིར་ནི་མགོའི་ཚེས་རྣམས་སོ། །གཡས་ཕྱོགས་སུ་ཆུ་སྲིན་

གྱི་སྟེང་དུ་པདྨའི་ལྟེ་བ་ལ་རྒྱ་མཚོ་དཀར་པོ་ཕག་མོས་ཡང་དག་པར་འཁྱུད་པ། གཡས་པ་དག་ན་ཞགས་པ་དང་རིན་པོ་ཆེ། གཡོན་པ་དག་ན་སྦྲུལ་ཞགས་དང་ནོར་བུ་ཟླ་བ་ཆུ་ཤེལ་ཅན་ཏེ་འདིར་ནི་གྲོ་བཞིན་གྱི་ཚེས་རྣམས་སོ། །དབང་ལྡན་དུ་བྱི་བ་ལ་ཚོགས་བདག་དཀར་པོ་གཞོན་ནུ་མས་

ཡང་དག་པར་འཁྱུད་པ། གཡས་པ་དག་ན་དགྲ་སྟ་དང་རྡོ་རྗེ། གཡོན་པ་དག་ན་ཞགས་པ་དང་རིན་པོ་ཆེ་ཅན་ཏེ་འདིར་ནི་ཁྲུམས་སྟོད་ཀྱི་ཚེས་རྣམས་སོ། །ཤར་སྒོའི་གཡོན་ཕྱོགས་སུ་ནམ་མཁའ་ལྡིང་གི་སྟེང་དུ་པདྨའི་ལྟེ་བ་ལ་ཁྱབ་འཇུག་ནག་པོ་དཔལ་མོས་ཡང་དག་པར་འཁྱུད་པ། གཡས་

པ་དག་ན་འཁོར་ལོ་དང་དབྱུག་ཏོ། །གཡོན་པ་དག་ན་པདྨ་དང་དུང་ཅན་ཏེ་འདིར་ནི་མཆུའི་ཚེས་རྣམས་སོ། །འདིར་ལྷ་རྣམས་རྡོ་རྗེའི་འདུག་སྟངས་ཀྱིས་གནས་པ་སྟེ། ནག་པ་ལ་སོགས་པའི་ཚེས་ཀྱི་ལྷ་མོ་རྣམས་ནི་རོལ་པའི་རྐང་སྟབས་ཀྱིས་གནས་པ་རང་རང་གི་བདག་པོ་བདེན་བྲལ་ལ་སོགས་

པའི་སྐུ་མདོག་དང་ཕྱག་མཚན་དང་དབྱིབས་རྣམས་དང་མཚུངས་པ་དེ་དག་ལ་གཟིགས་པའོ། །དེ་རྣམས་འཁོར་ལོའི་དབང་ཕྱུག་ལ་སྟེ། དེ་རྣམས་ཀྱིས་འཁྱུད་པ་རྣམས་ནི་དེ་ཉིད་ལ་གཟིགས་པའོ། །སྒོ་རྣམས་ལ་ཤར་དུ་ཕག་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ་ལ་དབྱུག་སྔོན་

ཅན་དོན་ཡོད་གྲུབ་པ་ལྟ་བུ་སྟེ། འདི་ལ་འཁྱུད་པའི་འོད་ཟེར་ཅན་ནི་སེར་མོ་ཕྱག་གཡས་པ་དག་གིས་འཁོར་ལོ་དང་དབྱུག་པ། གཡོན་པ་དག་གིས་དུང་དང་རིན་པོ་ཆེ་འཛིན་པའོ། །ལྷོར་རྟ་དམར་པོ་བདུན་གྱིས་དྲངས་པའི་ཤིང་རྟ་དམར་པོ་ལ་འདོད་པའི་རྒྱལ་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་སྟེ།

Vol. 76 · folio 167b

འདི་ལ་འཁྱུད་པའི་ཙུནྡ་དཀར་མོ་གཡས་པ་དག་གིས་ཐོ་བ་དང་མདུང་། གཡོན་པ་དག་གིས་པདྨ་དང་མེ་ལོང་འཛིན་པའོ། །ནུབ་ཏུ་གླང་པོ་ཆེ་སེར་པོ་བདུན་གྱིས་དྲངས་པའི་ཤིང་རྟ་སེར་པོ་ལ་སྟོབས་པོ་ཆེ་རྣམ་པར་སྣང་མཛད་ལྟ་བུ་སྟེ། འདི་ལ་འཁྱུད་པའི་རྡོ་རྗེ་ལྕགས་སྒྲོག་མ་

གཡས་པ་དག་གིས་རལ་གྲི་དང་རྡོ་རྗེ། གཡོན་པ་དག་གིས་ཕུབ་དང་སྦྲུལ་འཛིན་པའོ། །བྱང་དུ་སེང་གེ་དཀར་པོ་བདུན་གྱིས་དྲངས་པའི་ཤིང་རྟ་དཀར་པོ་ལ་མི་གཡོ་བ་སྣང་བ་མཐའ་ཡས་ལྟ་བུ་སྟེ། འདི་ལ་འཁྱུད་པའི་ཁྲོ་གཉེར་ཅན་དམར་མོ་གཡས་པ་དག་གིས་མདའ་དང་ལྕགས་

ཀྱུ་དང་། གཡོན་པ་དག་གིས་གཞུ་དང་ཞགས་པ་འཛིན་པའོ། །འཁོར་ལོའི་དབང་ཕྱུག་གི་སྟེང་གི་ནམ་མཁའ་ལ་མིག་གསུམ་པ་ཁ་དོག་ལྔ་པའི་ནམ་མཁའ་ལྡིང་གིས་དྲངས་པའི་ཤིང་རྟ་ལྗང་གུ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བ་ལྗང་གུ་ཕྱག་ན་རྡོ་རྗེ་ལྟ་བུ་སྟེ། འདིའི་ཤེས་རབ་མ་

ཤིན་ཏུ་སྔོན་མོ་སྐུ་མདོག་སྔོན་མོ་གཡས་པ་དག་གིས་གྲི་གུག་དང་རྡོ་རྗེ་དང་། གཡོན་པ་དག་གིས་ཐོད་པ་དང་དྲིལ་བུ་འཛིན་པའོ། །འཁོར་ལོའི་དབང་ཕྱུག་གི་འོག་གི་ས་འོག་ཏུ་རྐང་པ་བརྒྱད་པའི་སེང་གེ་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟ་ནག་པོ་ལ་གནོད་མཛེས་རྒྱལ་པོ་ཀུན་དུ་བཟང་པོ་ལྟ་བུ་སྟེ།

འདིའི་ཤེས་རབ་མ་དྲག་སྤྱན་མ་ལྗང་གུ་ཕྱག་གཡས་པ་དག་གིས་དགྲ་སྟ་དང་རྩེ་གསུམ་དང་། གཡོན་པ་དག་གིས་སྦྲུལ་ཞགས་དང་ཁ་ཊྭཱཾ་ག་འཛིན་པའོ། །འདིར་དབྱུག་སྔོན་ཅན་ལ་སོགས་པའི་ཁྲོ་བོ་རྣམས་ནི་ཤིང་རྟའི་སྟེང་དུ་པདྨ་དཀར་པོ་དང་ཉི་མ་རྣམས་ལ་གཡས་བརྐྱང་གིས་གནས་པ་

སྟེ། གཙོ་བོ་གཞན་རྣམས་ནི་རང་རང་གི་གནས་ན་གནས་པའི་ཕྱིར་འཁོར་ལོའི་དབང་པོ་ལ་གཟིགས་པའོ། །འོད་ཟེར་ཅན་ལ་སོགས་པ་ནི་གཡོན་བརྐྱང་གིས་གནས་པའི་རྗེས་སུ་གཙོ་མོ་སྟེ། གཞན་གྱི་གནས་སུ་ཕྱིན་པའི་ཕྱིར་ཁྲོ་བོ་རྣམས་ལ་གཟིགས་པའོ། །འདིར་ཤིང་རྟ་རྣམས་ནི་ནག་

པོ་ལ་སོགས་པའི་ཁ་དོག་ཉིད་ནི་སྒོའི་དབུས་སུ་གནས་པའི་ཤིང་རྟ་རྣམས་ནི་རིགས་ཀྱི་དབང་གིས་འགྱུར་བ་ཡིན་ཞེས་པ་འདིས་བསྟན་ཏེ། དེའི་རྗེས་སུ་འབྲངས་ནས་ཕག་པ་ལ་སོགས་པ་རྣམས་ཀྱང་ངོ་། །རྟ་བབས་ཀྱི་འོག་ཀ་བའི་འོག་གི་སྟེགས་བུའི་གནས་རྣམས་དང་། སྟེང་དང་འོག་ཏུ་ཀླུ་རྣམས་

Vol. 76 · folio 168a

སོ། །དེ་ལ་ཤར་གྱི་སྒོའི་གཡོན་དང་གཡས་དག་ཏུ་རླུང་གི་དཀྱིལ་འཁོར་དག་ལ་གྲངས་ཇི་ལྟ་བར་པདྨ་དང་སྟོབས་རྒྱུ་དག་ནི་ནག་པོ་སྟེ་ཁྱི་གདོང་མ་དང་ཁྭ་གདོང་མས་འཁྱུད་པའོ། །ལྷོའི་སྒོར་མེའི་དཀྱིལ་འཁོར་དག་ལ་ནོར་རྒྱས་དང་དུང་སྐྱོང་དག་ནི་དམར་པོ་སྟེ་ཅེ་སྤྱང་གདོང་མ་དང་མཁའ་

ལྡིང་གདོང་མས་འཁྱུད་པའོ། །ནུབ་ཀྱི་སྒོར་སའི་དཀྱིལ་འཁོར་ལ་འཇོག་པོ་དང་པདྨ་སེར་པོ། །ཅེ་སྤྱང་གདོང་མ་དང་མཁའ་ལྡིང་གདོང་མས་འཁྱུད་པའོ། །བྱང་གི་སྒོར་ཆུའི་དཀྱིལ་འཁོར་དག་ལ་མཐའ་ཡས་དང་རིགས་ལྡན་དག་ནི་དཀར་པོ་སྟེ་སྟག་གདོང་མ་དང་འུག་གདོང་མས་འཁྱུད་པའོ། །

སྟེང་གི་ནམ་མཁར་སྟོང་པའི་དཀྱིལ་འཁོར་ལ་རྒྱལ་བ་ནི་ཤིན་ཏུ་ལྗང་གུ་སྟེ་སྔོན་མོས་འཁྱུད་པའོ། །འོག་གི་ས་འོག་ཏུ་སྟོང་པའི་དཀྱིལ་འཁོར་ལ་རྣམ་པར་རྒྱལ་བ་སྔོན་པོ་སྟེ། རྡོ་རྗེའི་མིག་ཅན་མས་ཡང་དག་པར་འཁྱུད་པའོ། །ཀླུ་ཐམས་ཅད་ཀྱང་རྡོ་རྗེའི་གདན་གྱིས་བཞུགས་པ་ཕྱག་བཞི་

པ། གཡས་པ་དག་གིས་བདུད་རྩིའི་བུམ་པ་དང་རྡོ་རྗེ་དང་། གཡོན་པ་དག་གིས་པདྨ་དང་རིན་པོ་ཆེ་འཛིན་པའོ། །སའི་དཀྱིལ་འཁོར་གྱི་མཚམས་སུ་དབང་ལྡན་ནས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་འཆར་བཞིན་པ་དང་། བདེན་བྲལ་དུ་ཉི་མ་ནུབ་པར་འགྲོ་བཞིན་པའོ། །མེ་དང་

རླུང་གི་འཁོར་ཡུག་གི་དབུས་སུ་དུར་ཁྲོད་ཆེན་པོ་རྣམས་ལ་འཁོར་ལོ་རྩིབས་བརྒྱད་པ་རྣམས་ཏེ། ཕྱོགས་རྣམས་སུ་དམར་པོ་དང་མཚམས་རྣམས་སུ་དཀར་པོའོ། །དེ་ལ་ཤར་གྱི་འཁོར་ལོར་ཁྱི་གདོང་མ་ནག་མོ་དང་ལྷོར་ཕག་གདོང་མ་དམར་མོ་དང་། ནུབ་ཏུ་ཅེ་སྤྱང་གདོང་མ་སེར་མོ་དང་། བྱང་

དུ་སྟག་གདོང་མ་དཀར་མོའོ། །མེ་ལ་སོགས་པ་རྣམས་སུ་ཁྭ་གདོང་མ་དང་བྱ་རྒོད་གདོང་མ་དང་མཁའ་ལྡིང་གདོང་མ་དང་འུག་གདོང་མ་རྣམས་ནི་ནག་མོ་དང་དམར་མོ་དང་སེར་མོ་དང་དཀར་མོའོ། །སྟེང་གི་ནམ་མཁར་ཤིང་རྟ་ལ་སྔོན་མོ་སྐུ་མདོག་སྔོན་མོ་སྟེ་འདིའི་ཤིང་རྟ་ནི་ཤིན་ཏུ་སྔོན་མོའི་ལྟ་

བུའོ། །འོག་གི་སའི་འོག་ཏུ་ཤིང་རྟ་ལ་རྡོ་རྗེའི་མིག་ཅན་མ་ལྗང་གུ་སྟེ། འདིའི་ཤིང་རྟ་ནི་དྲག་སྤྱན་མའི་ལྟ་བུའོ། །ཁྱི་གདོང་མ་ལ་སོགས་པ་འདི་དག་ནི་ཟླུམ་པོའི་སྟབས་ཀྱིས་གནས་པ། སྔར་བཤད་པའི་པདྨ་ལ་སོགས་པས་འཁྱུད་པ། གཡས་པ་དང་གཡོན་པའི་ཕྱག་གཉིས་ཀྱིས་གྲི་

Vol. 76 · folio 168b

གུག་དང་ཐོད་པ་འཛིན་པ། སྤྱན་གསུམ་མ་གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། མི་མགོའི་ཕྲེང་བས་མགུལ་དུ་འཕྱང་བའོ། །སྔར་གྱི་འཁོར་ལོ་བརྒྱད་པོ་རྣམས་ཀྱི་འོག་ཏུ་རིམ་པ་ཇི་ལྟ་བར་བསེ་དང་དོམ་དང་སེང་གེ་དང་འབྲི་དང་བྷེ་རུཎྜ་དང་ཁྲུང་ཁྲུང་དང་མིག་སྔོན་དང་བྱ་མ་བྱི་རྣམས་སོ། །དུར་ཁྲོད་

འདི་དག་ཉིད་ལ་རླུང་གི་ཁོར་ཡུག་གི་ཤར་དང་མེའི་མཚམས་སུ་རླུང་གི་དཀྱིལ་འཁོར་དག་ལ་གནས་པའི་ཟླ་བ་དང་ཉི་མའོ། །ལྷོ་དང་བདེན་བྲལ་དུ་མེའི་དཀྱིལ་འཁོར་དག་ལ་གནས་པའི་གཟའ་ལྷག་དང་མིག་དམར་རོ། །ནུབ་དང་རླུང་དུ་སའི་དཀྱིལ་འཁོར་དག་ལ་གནས་པའི་

མཇུག་རིངས་དང་སྤེན་པའོ། །བྱང་དང་དབང་ལྡན་དུ་ཆུའི་དཀྱིལ་འཁོར་དག་ལ་གནས་པའི་པ་སངས་དང་ཕུར་བུའོ། །སྟེང་དུ་སྟོང་པའི་དཀྱིལ་འཁོར་དག་ལ་སྒྲ་གཅན་ཏེ། འོག་ཏུ་སྟོང་པའི་དཀྱིལ་འཁོར་དག་ལ་དུས་མེའོ། །དེ་བཞིན་དུ་འདིར་རླུང་གི་ཁོར་ཡུག་ལ་བརྟན་པ་དང་

ཨ་གསྟི་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། ཁྱིམ་བཅུ་གཉིས་དང་། ཆ་བཅུ་དྲུག་དང་། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་རྣམས་དང་། དགའ་བོ་དང་ནག་པོ་ཆེན་པོ་དང་དྲིལ་བུའི་རྣ་བ་ཅན་དང་བྷྲྀངྒི་ཎི་དང་། ཞིང་སྐྱོང་རྣམས་དང་། ཕོ་ཉ་རྣམས་དང་། འཕྲོག་མ་རྣམས་

དང་། གྲུབ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། སྣ་ཚོགས་པའི་སྐུ་མདོག་དང་ཕྱག་མཚན་དང་དབྱིབས་ཅན་བྱེ་བ་ཕྲག་ཕྱེད་དང་བཞིའོ། །འདིར་ཟླ་བ་ལ་སོགས་པའི་ལྷ་རྣམས་ནི་རྡོ་རྗེའི་གདན་གྱིས་གནས་པ་སྟེ་ལྷ་མོ་རྣམས་ནི་རོལ་པའི་སྟབས་ཀྱིས་གནས་པའོ། །གསུང་

གི་དཀྱིལ་འཁོར་གྱི་སྟེགས་བུ་ལ་འདོད་པའི་ལྷ་མོ་རྣམས་སོ། །དེ་ཡང་ཤར་གྱི་སྟེགས་བུ་ལ་སྒོའི་གཡས་སུ་དབྱེ་བར་འདོད་མ་སྒྲོལ་མ་ལྟ་བུ་དང་། གོས་འདོད་མ་རེག་བྱ་རྡོ་རྗེ་མ་ལྟ་བུ་དང་། ལུས་འཁྲུག་པར་འདོད་མ་ཙ་མུཎྜི་ལྟ་བུ་དང་། མཆིལ་མ་འདོར་བར་འདོད་མ་ལྟ་བུ་ཁྱབ་

འཇུག་མ་ལྟ་བུ་དང་། སྐྲོད་པར་འདོད་མ་ཤིན་ཏུ་སྟོབས་མ་ལྟ་བུ་སྟེ། སྒོའི་གཡོན་དུ་ཀུན་དུ་གདུང་བར་འདོད་མ་ཤིན་ཏུ་སྔོན་མོ་ལྟ་བུ་དང་། རེག་བྱ་འདོད་མ་རྡོ་རྗེ་ལྕགས་སྒྲོག་ལྟ་བུ་དང་། ཡན་ལག་ཐམས་ཅད་བསྐྱོད་པར་འདོད་མ་ཁྱི་གདོང་མ་ལྟ་བུ་དང་། ལྷག་མ་ཟ་བར་འདོད་མ་

Vol. 76 · folio 169a

ཁྭ་གདོང་མ་ལྟ་བུ་དང་། སྒོའི་གཡས་སུ་བསྐྱོད་པར་འདོད་མ་གོས་དཀར་མོ་ལྟ་བུ་དང་། ཟས་འདོད་མ་རོ་རྡོ་རྗེ་མ་ལྟ་བུ་དང་། ལུས་ཀྱི་དྲི་མ་འདོད་མ་ཕག་གདོང་མ་ལྟ་བུ་དང་། གར་འདོད་མ་གཞོན་ནུ་མ་ལྟ་བུ་དང་། སྐེམ་པར་འདོད་མ་རྨུགས་བྱེད་མ་ལྟ་བུ་སྟེ། གཡོན་དུ་འགུགས་

པར་འདོད་མ་ཁྲོ་གཉེར་ཅན་ལྟ་བུ་དང་། རྒྱུག་པར་འདོད་མ་དྲག་ཅན་མ་ལྟ་བུ་དང་། བཤང་གཅི་ཟག་པར་འདོད་མ་ཕག་གདོང་མ་ལྟ་བུ་དང་། གཡུལ་ངོ་འདོད་མ་བྱ་རྒོད་གདོང་མ་ལྟ་བུའོ། །ནུབ་ཀྱི་སྒོའི་གཡས་སུ་རེངས་པར་འདོད་མ་སྤྱན་མ་ལྟ་བུ་དང་། དྲི་འདོད་མ་དྲི་རྡོ་རྗེ་མ་ལྟ་བུ་དང་། མལ་སྟན་ལ་

སྙེས་པར་འདོད་མ་དབང་མོ་ལྟ་བུ་དང་། ཆུ་ལ་རྐྱལ་བར་འདོད་མ་ཚངས་མ་ལྟ་བུ་དང་། གཉེན་འདོད་མ་རེངས་བྱེད་མ་ལྟ་བུའོ། །གཡོན་དུ་འཁྲིག་པ་འདོད་མ་ཆོས་དབྱིངས་རྡོ་རྗེ་མ་ལྟ་བུ་དང་། ཕུར་བུས་འདེབས་པར་འདོད་མ་འོད་ཟེར་མ་ལྟ་བུ་དང་། སླུ་འདོད་མ་ཅེ་སྤྱང་གདོང་མ་ལྟ་བུ་དང་། སྦྲུལ་

འཆིང་བར་འདོད་མ་མཁའ་ལྡིང་གདོང་མ་ལྟ་བུ་དང་། བྱང་གི་སྒོའི་གཡས་སུ་རྒྱས་འདོད་མ་མཱ་མ་ཀཱི་ལྟ་བུ་དང་། རྒྱན་འདོད་མ་གཟུགས་རྡོ་རྗེ་མ་ལྟ་བུ་དང་། མལ་སྟན་འདོད་མ་དྲག་མོ་ལྟ་བུ་དང་། རྒྱལ་སྲིད་འདོད་མ་དཔལ་མོ་ལྟ་བུ་དང་། འཇམ་པར་སྨྲ་འདོད་མ་ཁེངས་བྱེད་མ་ལྟ་བུ་སྟེ།

གཡོན་དུ་རོལ་མོ་འདོད་མ་སྒྲ་རྡོ་རྗེ་མ་ལྟ་བུ་དང་། འཆི་བར་འདོད་མ་ཙུནྡ་ལྟ་བུ་དང་། རྩོད་པ་མང་པོ་འདོད་མ་སྟག་གདོང་མ་ལྟ་བུ་དང་། བྱིས་པ་བསྡིགས་པར་འདོད་པ་འུག་གདོང་མ་ལྟ་བུའོ། །ལྷ་མོ་སུམ་ཅུ་རྩ་དྲུག་པོ་འདི་རྣམས་བསྒོམ་པར་བྱ་སྟེ། གང་ཡང་གསོད་པར་

འདོད་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བསྐྱེད་པ་དང་། བསྐྱེད་པར་འདོད་མ་ནི་སྣ་ཚོགས་ཡུམ་གྱིས་བསྐྱེད་པའོ་ཞེས་གསུངས་པའི་འདོད་མ་གཉིས་པོ་དེ་དག་ནི་ཇི་ལྟར་རིགས་པར་འདོད་མ་གཞན་དག་ལ་འདུ་བའི་ཕྱིར་ཐ་དད་དུ་བསྒོམ་པར་བྱ་བ་མ་ཡིན་ནོ། །གཞན་ཡང་གང་དང་

གང་འདོད་པ་དེ་ཐམས་ཅད་ནི་འདོད་མ་སུམ་ཅུ་རྩ་དྲུག་པོ་འདི་དག་ལ་ཇི་ལྟར་རིགས་པར་བསྡུ་བར་བྱའོ་ཞེས་པའི་བསམ་པ་ཁོ་ནའོ། །བསྡུ་བར་བྱ་བ་རྣམས་ཉེ་བར་མཚོན་པར་བྱེད་པ་ལ་གཞན་དེ་དག་འདོད་མ་གཅིག་སྟེ། དེ་ལྟར་ན་འདོད་མ་སུམ་ཅུ་རྩ་བདུན་ཞེས་གསུངས་སོ། །དེ་ཉིད་ཀྱི་

Vol. 76 · folio 169b

ཕྱིར་དྲི་མ་མེད་པའི་འོད་ལས། གཞན་ཡང་གང་ཅུང་ཟད་སེམས་ཅན་རྣམས་ཀྱིས་བྱ་བར་འདོད་པ་དེ་ཐམས་ཅད་ནི་འདིར་རྣལ་འབྱོར་མ་རྣམས་ཀྱི་བྱ་བ་ཁམས་ཀྱི་དབང་གིས་སོ་ཞེས་གསུངས་སོ། །དེ་བས་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་དྲུག་གི་ས་བོན་དགོད་པར་བྱ་བར་བཤད་དེ།

འོན་ཀྱང་ཕུར་བུས་འདེབས་པར་འདོད་མའི་ས་བོན་སཿཞེས་པ་ནི་ཤར་སྒོའི་གཡོན་དུ་དགོད་པར་གསུངས། སླུ་འདོད་མའི་ས་བོན་ཀཿཞེས་པ་ནི་ལྷོ་སྒོའི་གཡོན་དུའོ། །སྦྲུལ་འཆིང་བར་འདོད་པའི་ས་བོན་ལཿཞེས་པ་ནི་བྱང་སྒོའི་གཡོན་དུ་སྟེ། དེ་ལྟར་འདོད་མའི་ལྷ་མོ་བསྒོམ་པ་ནི་མ་

ཡིན་ནོ། །གང་ཡང་དྲི་མ་མེད་པའི་འོད་ལས་འདོད་མ་སུམ་ཅུ་རྩ་བདུན་ནི་གསུང་གི་དཀྱིལ་འཁོར་ལ་རང་རང་གི་རིགས་ཀྱི་དབྱེ་བས་རང་རང་གི་རིགས་ཀྱི་ཕྱོགས་སུའོ་ཞེས་གསུངས་པས། འདི་ཐམས་ཅད་ཀྱང་ངེས་པར་འདོད་པར་རྟོགས་པར་བྱའོ། །དེ་ལྟ་མ་ཡིན་ན་མང་དུ་གསུངས་པའི་འདོད་

མ་སུམ་ཅུ་རྩ་དྲུག་ཅེས་པའི་ཚིག་རྣམས་ཕན་ཚུན་འགལ་བར་འགྱུར་རོ། །འདོད་མ་འདི་རྣམས་ལ་ཟློག་པའི་རང་བཞིན་ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་ནི་སྐུའི་དཀྱིལ་འཁོར་གྱི་སྟེགས་བུ་རྣམས་ལ་སྔ་མ་བཞིན་དུ་རང་གི་རིགས་ཀྱི་དབང་གིས་རང་རང་གི་ཕྱོགས་རྣམས་སུའོ། །འཁོར་ལོའི་

དབང་ཕྱུག་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལས་གཞན་པའི་ལྷ་ཐམས་ཅད་ནི་སྣ་ཚོགས་པའི་རིན་པོ་ཆེའི་ཅོད་པན་ཅན་ནོ། །འདིར་གང་གི་ཚེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་ངོ་བོར་རྣམ་པར་བཞུགས་པ་དེའི་ཚེ་མི་བསྐྱོད་པ་ལྗང་གུའི་མདོག་ཅན་གྱིས་

རྒྱས་བཏབ་པའོ། །དེ་བཞིན་དུ་གང་གི་ཚེ་སྣ་ཚོགས་ཡུམ་མི་བསྐྱོད་པའི་རང་བཞིན་ཡིན་པ་དེའི་ཚེ་མི་བསྐྱོད་པ་སྔོན་པོའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའ་སྔོན་པོས་སོ། །དེ་བཞིན་དུ་སྣ་ཚོགས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་ཏེ། དེ་ལྟར་ན་ཡེ་ཤེས་དང་རྣམ་ཤེས་

དག་ཕན་ཚུན་རྒྱས་བཏབ་པར་འགྱུར་རོ། །དེ་སྐད་དུའང་དྲི་མ་མེད་པའི་འོད་ལས་མཆོག་གི་རྒྱལ་བའི་བདག་པོ་ནི་ཡེ་ཤེས་ཀྱི་ཕུང་པོ་ཡིན་ལ་སྣ་ཚོགས་ཡུམ་ནི་རྣམ་པར་ཤེས་པའི་ཁམས་ཏེ་རྣམ་པར་ཤེས་པ་ནི་ནམ་མཁའི་ཁམས་སོ་ཞེས་གསུངས་སོ། །འདིར་ཡེ་ཤེས་ནི་སྟོང་པ་ཉིད་

Vol. 76 · folio 170a

དང་སྙིང་རྗེ་རོ་གཅིག་པ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གང་གི་ཚེ་དུས་ཀྱི་འཁོར་ལོ་རྣམ་པར་ཤེས་པའི་ཕུང་པོ་ཡིན་པ་དེའི་ཚེ་སྣ་ཚོགས་ཡུམ་ནི་ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འཁྱུད་པར་གྱུར་པ་རྡོ་རྗེ་དབྱིངས་

ཀྱི་དབང་ཕྱུག་མ་ནི་སྣ་ཚོགས་ཡུམ་ཞེས་པ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་རྣམ་པར་ཤེས་པ་པདྨའི་སྙིང་པོ་ལ་བདེ་བ་ཆེན་པོ་ཞེས་གསུངས་སོ། །དོན་ཡོད་གྲུབ་པ་དང་། རིན་ཆེན་དབང་པོ་དང་། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་རྣམས་ལ་ནི་མི་བསྐྱོད་པ་

ལྗང་གུས་རྒྱས་བཏབ་པ་སྟེ། ཡང་དོན་ཡོད་གྲུབ་པ་ལ་རིན་ཆེན་དབང་པོ་དང་། རིན་ཆེན་འབྱུང་ལྡན་ལ་སྣང་བ་མཐའ་ཡས་དང་། དེ་ལ་རྣམ་པར་སྣང་མཛད་དང་། དེ་ལ་མི་བསྐྱོད་པ་ལྗང་གུས་སོ། །ཤིན་ཏུ་བཟང་པོ་དང་། སྒྲ་རྡོ་རྗེ་མ་དང་གནོད་མཛེས་རྒྱལ་པོ་དང་ཤིན་ཏུ་སྔོན་མོ་

དང་སྔོན་མོ་དང་དྲག་མོ་དང་རྨུགས་བྱེད་མ་དང་རྣམ་པར་རྒྱལ་བའི་ཀླུ་རྣམས་ནི་མི་བསྐྱོད་པ་སྔོན་པོའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་སྟེ། ཕྱག་ན་རྡོ་རྗེ་དང་ཆོས་དབྱིངས་རྡོ་རྗེ་མ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། དྲག་ཅན་མ་དང་ཁྱབ་འཇུག་མ་དང་གཤིན་རྗེ་དང་

རྒྱལ་བའི་ཀླུ་རྣམས་ལ་མི་བསྐྱོད་པ་ལྗང་གུས་སོ། །ལྷ་གཞན་ནག་པོ་རྣམས་ལ་དོན་ཡོད་གྲུབ་པ་དང་། དམར་པོ་རྣམས་ལ་རིན་ཆེན་འབྱུང་ལྡན་དང་། སེར་པོ་རྣམས་ལ་རྣམ་པར་སྣང་མཛད་དང་། དཀར་པོ་རྣམས་ལ་སྣང་བ་མཐའ་ཡས་ཀྱིས་སོ། །རྒྱས་འདེབས་ཀྱི་དེ་

བཞིན་གཤེགས་པ་དྲུག་པོ་འདི་དག་ནི་འཁོར་ལོས་སྒྱུར་བའི་གཟུགས་སམ། གཙུག་ཏོར་དང་བཅས་ཤིང་སྣམ་སྦྱར་འཛིན་པ་ས་གནོན་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པའོ། །བཅོམ་ལྡན་འདས་འཁོར་ལོའི་དབང་ཕྱུག་གི་ཐུགས་ཀའི་ས་བོན་ནི་ཧཱུཾ་སྟེ། སྔགས་གཞན་ནི་རྣམ་

པར་རྒྱས་པས་འཇིགས་ནས་མ་བརྗོད་དོ་ཞེས་པ། ཡང་དག་པར་བསྡུས་པའི་རིམ་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་མདོག་དང་ཕྱག་མཚན་དང་ཕྱག་དང་ཞབས་ལ་སོགས་པ་བསྒོམ་པའི་ཆོ་གའོ། །དེ་ནས་དེར་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་རིས་ལ་སོགས་པའི་དཀྱིལ་འཁོར་

Vol. 76 · folio 170b

རམ། ཡིད་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བྱས་པར་ཇི་ལྟར་བཤད་པའི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་རབ་ཏུ་གནས་པ་བཞིན་དུ་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་ཡང་བྱའོ། །དེ་ལ་དཀྱིལ་འཁོར་གཞན་དུ་ཡང་སྔར་བཤད་པའི་ཆོ་གས་དང་པོར་བུམ་པ་ལྷག་པར་གནས་

པ་དང་དགོད་པ་བྱས་ནས་སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྗེས་ལ་ས་བོན་ལ་སོགས་པ་ལས་རྫོགས་པ་འམ། སྐད་ཅིག་གིས་ཀྱང་རུང་སྟེ་དམ་ཚིག་སེམས་དཔའི་ངོ་བོ་ཐུགས་ཀའི་ས་བོན་དང་བཅས་པ་བསམས་ལ་གོས་གསར་པ་དམར་པོ་ལ་སོགས་པས་གཡོགས་ཤིང་མེ་ཏོག་

དང་ལྡན་པར་བྱའོ། །དེ་ནས་འདིའི་མེ་ཏོག་གི་ཕྲེང་བ་བླངས་ཏེ་སྦྱིན་པའི་བདག་པོ་དང་སྐུ་གཟུགས་ལ་སོགས་པ་ལྷན་ཅིག་སློབ་མ་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་དུ་བཞུགས་པར་བྱའོ། །སློབ་དཔོན་གྱིས་ཀྱང་སྐུ་གཟུགས་ལ་སོགས་པ་

ལྷག་པའི་ལྷའི་མཚན་མ་འམ་དེའི་རིགས་ཀྱི་བདག་པོའི་མཚན་མ་ལ་མེ་ཏོག་འབུལ་དུ་གཞུག་གོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཤར་གྱི་ཕྱོགས་སམ། དེར་སྐབས་མེད་ན་དབང་ལྡན་དུ་ཧ་ཅང་མི་རིང་ཞིང་ཡིད་དུ་འོང་བའི་གནས་སུ་ཁྲུས་ཀྱི་སྟེགས་བུ་འོད་ཟེར་

དང་བཅས་པའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་དང་ལྡན་པ། དེའི་ཕྱེད་དུ་མཐོ་བ། ས་སེལ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ལས་བྱས་པ་འམ། སོ་ཕག་ལ་སོགས་པ་ལས་བྱས་པ་འམ། དེ་མེད་ན་ཇི་ལྟར་རྙེད་པ་འམ་ཇི་ལྟར་གནས་པའི་གཞིར་ཡང་རུང་སྟེ་འབྲས་བཏགས་

པའི་ཁུ་བ་ལ་སོགས་པས་བྲིས་པའི་སྟེགས་བུ་ཕྱོགས་དང་མཚམས་སུ་བུམ་པ་བརྒྱད་གཞག་པ་ཤིན་ཏུ་འཇམ་པ། བདུད་རྩི་དང་བཅས་པའི་བའི་རྣམ་པ་ལྔ་ལ་སོགས་པས་བྱུགས་པ། བླ་རེ་དང་གདུགས་དཀར་པོ་དང་རྒྱལ་མཚན་དང་བ་དན་དང་བུམ་པ་གང་བ། མེ་ཏོག་དང་

གར་དང་གླུ་དང་རོལ་མོ་ལ་སོགས་པས་སམ་ཇི་ལྟར་རྙེད་པས་ཀྱང་རུང་ཡིད་དུ་འོང་བ་བྱས་ནས། ཚེས་དང་གཟའ་རྒྱུ་སྐར་དང་ཡུད་ཙམ་ལ་སོགས་པ་བཟང་པོ་ལ་ཁྲུས་བྱས་ཤིང་དོ་ཤལ་དང་རྐང་གདུབ་དང་དཔུང་རྒྱན་དང་རྣ་རྒྱན་དང་གདུ་བུ་དང་སོར་གདུབ་ལ་སོགས་པས་བརྒྱན་པ་འམ་ཇི་ལྟར་

Vol. 76 · folio 171a

རྙེད་པས་བརྒྱན་པའི་སློབ་དཔོན་རྡོ་རྗེ་སེམས་དཔའི་སྐུ་རིག་མ་དང་བཅས་པས། སྟེགས་བུའི་དབུས་སུ་སྒོ་ནུབ་ཏུ་བསྟན་པའི་རེ་ཁཱ་གྲུ་བཞི་པ་ཅིག་གིས་བསྐོར་བའི་སྣ་ཚོགས་ཆུ་སྐྱེས་རྡུལ་ཚོན་ནམ། འབྲས་བཏགས་པའི་ཁུ་བ་ལ་སོགས་པས་བྲི་བར་བྱ་སྟེ། ཡང་ན་རིམ་པ་

གཉིས་པ་གྲུ་བཞི་པ་རྟ་བབས་མེད་པའོ། །ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་དང་། མཚམས་རྣམས་སུ་སྤྱན་དང་རྡོ་རྗེ་དང་པདྨ་དང་ཨུཏྤལ་རྣམས་ཏེ་དབུས་སུ་སྣ་ཚོགས་ཆུ་སྐྱེས་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་པདྨ་འདབ་བརྒྱད་

བྲིས་པའི་ཤིང་སྟན་ནམ་ཟླ་བའི་དཀྱིལ་འཁོར་བྲིས་པའི་རས་ལ་སོགས་པས་གཡོགས་པའི་སེང་གེའི་ཁྲི་ལ་ཁྲུས་ཀྱི་དཀྱིལ་འཁོར་གྱི་པདྨའི་ལྟེ་བའི་སྟེང་དུ་འཇོག་པར་མོས་པ་ལ་སོགས་པས་བཞག་ནས་སམ། ཁྲུས་ཀྱི་དཀྱིལ་འཁོར་མེད་པར་ཡང་དེ་བཞིན་ཉིད་དེ། གཞན་དུ་ཡང་ཤིང་

སྟན་ལ་སོགས་པར་སྒོམ་པའི་དཀྱིལ་འཁོར་ལ་སྐུ་གཟུགས་དང་རས་རིས་དང་གླེགས་བམ་དང་མཆོད་རྟེན་ལ་སོགས་པ་ཤར་དུ་མངོན་པར་ཕྱོགས་པའམ། གཞན་དུ་མངོན་པར་ཕྱོགས་པར་ཡང་གཞག་པར་བྱའོ། །གང་ཡང་གནས་གཞན་དུ་བསྐྱོད་པར་མི་ནུས་པའི་གཙུག་ལག་ཁང་དང་མཆོད་

རྟེན་དང་དྲིའི་གཙང་ཁང་དང་སྐུ་གཟུགས་ལ་སོགས་པ་དེ་དག་ནི་སྔ་མ་བཞིན་དུ་དམ་ཚིག་སེམས་དཔའི་གཟུགས་སུ་བསྒོམས་ལ་དཀྱིལ་འཁོར་བརྟན་པར་མོས་པར་བྱ་སྟེ། དེ་དག་ལ་ཁྲུས་ཀྱི་སྟེགས་བུ་ནི་དགོད་པ་མེད་དོ། །གཉིས་ཀ་ལ་ཡང་སྐྱོན་མེད་པའི་དུས་སུ་སྐུ་གཟུགས་ལ་སོགས་པ་

མངོན་དུ་བྱས་ཏེ། དེ་ལ་མངོན་དུ་ཕྱོགས་པས་མཆོད་ཡོན་ལ་སོགས་པ་དབུལ་པ་སྔོན་དུ་འགྲོ་བས་སམ། མཆོད་ཡོན་ལ་སོགས་པ་མ་ཕུལ་ཡང་རུང་སྟེ་སྦྱང་བར་བྱའོ། །དེ་ཡང་ཨོཾ་ཨཱཿབིགྷྣཱནྟྲ་ཀྲྀཏ་ཧཱུཾ་ཞེས་པ་འཁྱིལ་པའི་སྔགས་དང་ཧཱུཾ་ཡིག་ལན་བདུན་བཟླས་པའི་དོན་གྲུབ་གཡས་པ་དང་

ཅིག་ཤོས་ཀྱི་ཁུ་ཚུར་གྱིས་གཟུང་ནས་རེ་རེ་ཞིང་གཡོན་སྐོར་དུ་ལན་གཉིས་སུ་སརྦྦ་པཱ་པཾ་ད་ཧ་ན་བཛྲ་སཏྭ་སྱ་སརྦྦ་པཱ་པ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་བྱབས་ལ་དོན་གྲུབ་མེར་དོར་ཏེ་གཡས་སྐོར་གྱིས་ཀྱང་དེ་བཞིན་ཏེ། དེ་ལྟར་གཡོན་དང་གཡས་སུ་ཆུ་ཡིས་ཀྱང་བྱ་ཞིང་། དེ་བཞིན་དུ་ཁམ་

Vol. 76 · folio 171b

ཕོར་དཀར་པོ་རྣམས་དང་། དེ་བཞིན་དུ་དཱུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆང་བུ་རྣམས་དང་། དེ་བཞིན་དུ་མར་མེ་དང་བཅས་པའི་ཟན་གྱི་ཆང་བུ་རྣམས་དང་། དེ་བཞིན་དུ་སེང་རས་རྣམས་ཀྱིས་ཀྱང་སྟེ་འོན་ཀྱང་ཁམ་ཕོར་ལ་སོགས་མེར་དོར་བ་ནི་མ་ཡིན་ནོ། །དེ་ལ་ལ་ལ་དག་གིས་

སྐུ་གཟུགས་ལ་སོགས་པ་ལ་ཉེ་རེག་བྱ་ཞིང་འཁོར་ལོའི་དབང་ཕྱུག་གི་སྔགས་ཀྱིས་སྐུ་གཟུགས་ལ་སོགས་པ་ཇི་ལྟར་རིགས་པར་དངོས་སུའམ་མེ་ལོང་ལ་གཟུགས་བརྙན་ཤར་བའི་ཐུགས་ཀར་དྲིའི་བྱུག་པ་དང་། དབུ་ལ་མེ་ཏོག་གི་ཕྲེང་བ་བཅིང་བ་དང་མདུན་དུ་མཆོད་ཡོན་དབུལ་བ་

བྱས་ནས་མར་མེས་ཡོངས་སུ་བསྐོར་ཏེ་འཁྱིལ་པ་དང་ཧཱུཾ་ཡིག་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ་ཞེས་པ་སྦྱང་བའི་ཆོ་གའོ། །དེའི་རྗེས་ལ་འཁྱིལ་པ་བཟླས་པའི་དཱུར་བའི་ཆུན་པོས་ཟངས་ཀྱི་སྣོད་ན་གནས་པའི་ཞོ་དང་འོ་མ་དང་མར་དང་སྦྲང་

རྩི་དང་ཀ་ར་བསྲེས་པའི་ངོ་བོ་བདུད་རྩི་ལྔ་དང་དེའི་རྗེས་ལ་བའི་འོ་མ་དང་ཞོ་དང་མར་དང་ལྕི་བ་དང་ཆུ་སྟེ་བའི་རྣམ་པ་ལྔས་སྐུ་གཟུགས་ལ་སོགས་པ་བཀྲུ་བར་རིགས་པ་རྣམས་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པའི་སྔགས་ཀྱིས་བྱུག་པར་བྱའོ། །རས་བྲིས་དང་གླེགས་བམ་དང་ས་ལ་སོགས་པ་ལས་

བྱས་པ་འམ། བྲིས་པའི་སྐུ་གཟུགས་ལ་སོགས་པ་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལའོ། །དེ་ནས་འཁྱིལ་པ་བཟླས་པའི་ཆུ་གཙང་མ་དྲི་ཞིམ་པོས་བཀྲུས་ནས་འཁར་བའི་སྣོད་དུ་གཞག་པའི་ནྱ་གྲོ་དྷ་དང་། ཨུ་དུམྦཱ་ར་དང་། པླཀྵ་དང་། པིསྦ་ལ་དང་། གནྡྷ་མུཎྜ་སྟེ་ཤིང་ལྔའི་

ཤུན་པའི་ཕྱེ་མས་རྣམ་པར་མཉེས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ་ཞེས་པའི་སྔགས་ཟློས་ཤིང་འཁར་གཞོང་ན་གནས་པའི་དྲི་ཞིམ་པོའི་ཏིལ་མར་གྱིས་བྱུགས་ལ་མཉེས་ཏེ་འཁར་གཞོང་ན་གནས་པའི་སྐྱུ་རུ་རས་བྱུག་པར་བྱའོ། །དེ་ལྟར་བཀྲུས་ནས་འཁར་གཞོང་ན་གནས་པའི་

ཡུང་བས་བྱུགས་ཏེ་བཀྲུས་ལ་ཤྲི་ཁཎྜ་དང་ཙནྡན་དམར་པོ་དང་གུར་གུམ་དང་། གྲནྠི་ཀ་དང་། ཨ་ཀ་རུ་རྣམས་སམ། གུར་གུམ་དང་། ཨ་ཀ་རུ་དང་། གླ་ཙི་དང་། ག་བུར་ལ་སོགས་པ་ཇི་ལྟར་རྙེད་པས་ཀྱང་རུང་བས་བྱུགས་ནས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་

Vol. 76 · folio 172a

དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱི་བུམ་པས་འཁྲུད་བཞིན་པ་དང་བཀྲ་ཤིས་ཀྱི་གླུ་དང་སྣ་ཚོགས་པའི་རོལ་མོ་སྔོན་དུ་འགྲོ་བས་རྣམ་པར་རྒྱལ་བ་ལ་སོགས་པ་བུམ་པའི་ཆུ་དང་། དུང་ཆོས་སམ་གཞན་དུ་བླུགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་

ལ་སོགས་པ་འཆད་པར་འགྱུར་བ་བརྗོད་ཅིང་སྐུ་ཁྲུས་གསོལ་བར་བྱའོ། །དེ་ལ་གོས་པའི་ཆུ་ན་བཟའ་འཇམ་པོས་ཕྱིས་ནས་ཇི་ལྟར་ནུས་པའི་ན་བཟའ་ལ་སོགས་པས་བརྒྱན་པར་བྱའོ། །དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་རབ་ཏུ་གནས་པར་བྱ་བའི་ཡེ་ཤེས་སེམས་དཔའ་དང་

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་པུས་མོ་གཡས་པ་ས་ལ་བཙུགས་ནས། གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་སྤོས་ཕོར་གཟུང་སྟེ། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་

བྱས་ལ། བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་དོན་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སེམས་ཅན་བསོད་ནམས་སྤེལ་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །

ཁྱེད་ཀྱི་རབ་གནས་བགྱིད་པར་འཚལ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་བརྩོན། །འབྲས་གནས་བྱང་ཆུབ་སེམས་དཔའ་དང་། །སྔགས་ཀྱི་ལྷ་གཞན་གང་ལགས་དང་། །ལྷ་དང་འཇིག་རྟེན་སྐྱོང་

བ་དང་། །འབྱུང་པོ་བྱང་ཆུབ་བརྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་གཞན་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །རྡོ་རྗེ་ཅན་ཆེན་ཆེ་གེ་དག །ཆེ་གེའི་རབ་ཏུ་གནས་པའོ། །བགྱིའོ་དེ་ཕྱིར་ཁྱེད་རྣམས་ཀྱིས། །ཉེ་བར་གནས་པར་མཛད་པར་

རིགས། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ལྟར་འདིར་རིགས་ཞེས་པའི་བར་གྱིས་རབ་ཏུ་གནས་པའི་དོན་དུ་ལྷག་པར་གནས་པ་དང་། ལྷག་མ་རྣམས་ཀྱིས་ནི་ཉེ་བར་གནས་པར་གསོལ་བ་བཏབ་ནས། ནམ་མཁར་གནས་པའི་ལྷའི་འཁོར་ལོ་ཡང་དག་པར་མཆོད་དེ་ཕྱག་འཚལ་ཞིང་བསྟོད་ལ། ཨོཾ་བཛྲ་

Vol. 76 · folio 172b

པུ་ན་རཱ་ག་མ་ནཱ་ཡ་མུཿཞེས་པས་གཤེགས་སུ་གསོལ་བར་བྱའོ། །ཁྲུས་བྱས་པའི་སྐུ་གཟུགས་ལ་སོགས་པའི་ཐུགས་ཀ་དང་སྤྱི་བོ་དང་མགྲིན་པ་དང་ཕྱག་དང་སྤྱི་གཙུག་རྣམས་སུ་ཡང་དག་པར་བྱུགས་ནས་མཆོད་ལ་འཁྱིལ་པའི་སྔགས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་ལན་

གསུམ་རེག་ཅིང་ཇི་ལྟར་རིགས་པར་རང་ཉིད་ཀྱི་སྔགས་སམ་འཁྱིལ་པའི་སྔགས་བཟླ་བར་བྱ་སྟེ། ཕྱོགས་ཀྱི་གཏོར་མ་ཡང་དབུལ་ལོ། །གང་དུ་ལྷ་ལྷག་པར་གནས་པ་མ་བྱས་པར་རབ་ཏུ་གནས་པར་བྱེད་པ་ལ་ནི་ལྷག་པར་མོས་པ་བརྟན་པར་བྱའོ། །དེས་ན་ལྷག་པར་གནས་པ་མ་བྱས་པ་ཉིད་

ལྷག་པར་གནས་པའི་དོན་དུ་བརྗོད་དེ། རབ་ཏུ་གནས་པའི་དོན་དུ་འཆད་པར་འགྱུར་བའི་ཆོ་ག་ཐམས་ཅད་ཉི་མ་གཅིག་ལ་བྱའོ། །འོན་ཀྱང་སྦྱང་བ་ལ་སོགས་པ་མཐུན་པའི་ཆོ་ག་རྣམས་ནི་ལན་ཅིག་ཁོ་ན་བྱའི་སླར་ཡང་མ་ཡིན་ནོ། །དེ་ལ་ཡང་སྦྱིན་པའི་བདག་པོ་ལ་ནུས་པ་ཡོད་ན་ནི་

བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་པའི་དོན་དུ་ལྷག་པར་གནས་པ་བྱ་བ་ཉིད་དོ་ཞེས་པ་ལྷ་ལྷག་པར་གནས་པའི་ཆོ་གའོ།། །།དེའི་རྗེས་སུ་སྔ་བར་དེ་བཞིན་དུ་ཁྲུས་ཀྱི་སྟེགས་བུ་ཡིད་དུ་འོང་བ་བྱེད་དུ་བཅུག་ནས་ཡུད་ཙམ་ལ་སོགས་པ་བཟང་པོ་ལ། །དེ་ལྟར་རྒྱན་དང་ལྡན་པའི་སློབ་

དཔོན་རྡོ་རྗེ་འཆང་གི་ངོ་བོ་ཤེས་རབ་དང་བཅས་པ་འདུག་སྟེ། གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་བས། སྐུ་གཟུགས་ལ་སོགས་པ་དེ་ལྟར་གཞག་པ་དང་། ལྷ་ཁང་ལ་སོགས་པ་ཇི་ལྟར་གནས་པ་རྣམས་དམ་ཚིག་སེམས་དཔའི་གཟུགས་སུ་བསྐྱེད་པར་བྱའོ། །དེ་ཡང་རྒྱུད་དང་

མངོན་པར་རྟོགས་པ་དང་སྒྲུབ་ཐབས་ལ་སོགས་པ་ལྷའི་ཁྱད་པར་བསྐྱེད་པའི་རིམ་པ་རིགས་པས་ལྷའི་ཁྱད་པར་སོ་སོར་བྱས་པ་གང་ཡིན་པ་དེ་སྟོང་པ་ཉིད་ཀྱི་རྗེས་ལ་རིམ་པ་ཇི་ལྟ་བ་བཞིན་ནམ་ཅིག་ཅར་ཡང་རུང་སྟེ། ཇི་ལྟ་བུའི་དམ་ཚིག་སེམས་དཔའི་གཟུགས་སུ་བསྒོམ་པར་བྱའོ། །

གླེགས་བམ་རྣམས་ནི་ཡི་གེའི་ཚོགས་མ་ལུས་པ་སྟོང་པ་ཉིད་ཀྱི་རྗེས་སུ་པདྨ་དམར་པོ་དང་ཉི་མ་ལ་ཧྲཱིཿདམར་པོ་ལས་བྱུང་བའི་ཆུ་སྐྱེས་དང་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་གོས་དཀར་མོས་འཁྱུད་པའི་སྣང་བ་མཐའ་ཡས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཡང་དག་པར་བྱུང་བའི་ཡི་གེའི་རྣམ་པ་

Vol. 76 · folio 173a

རྣམས་སྣང་བ་མཐའ་ཡས་ཀྱི་གཟུགས་བརྙན་ཤར་བའི་དམ་ཚིག་སེམས་དཔར་གནས་པའོ་ཞེས་བསམ་པར་བྱའོ། །མར་མེ་མཛད་དང་གཙུག་ལག་ཁང་ལ་སོགས་པ་རྣམས་ནི་སྟོང་པ་ཉིད་ཀྱི་རྗེས་སུ་པདྨ་དང་ཟླ་བ་ལ་བྷྲཱུཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་དང་། བྷཱུཾ་ལས་བྱུང་བའི་རྣམ་

པར་སྣང་མཛད་སྤྱན་མས་འཁྱུད་པ་ལས་མར་མེ་མཛད་ཀྱི་རྣམ་པའམ་གཙུག་ལག་ཁང་གི་གཟུགས་སམ། དྲིའི་གཙང་ཁང་གི་གཟུགས་སམ། མཆོད་རྟེན་གྱི་གཟུགས་སུའོ། །འོན་ཀྱང་གཙུག་ལག་ཁང་ནི་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པའི་གཟུགས་བརྙན་ཤར་བའི་དམ་ཚིག་སེམས་དཔའི་གཟུགས་

སུ་གནས་པ་སྟེ། དེ་བཞིན་དུ་དྲིའི་གཙང་ཁང་དང་མཆོད་རྟེན་ཡང་བསྒོམ་པར་བྱའོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྦྱང་བར་བྱའོ། །དེ་ནས་དེ་མ་ཐག་ཏུ་བརྗོད་པའི་ཆོ་གས་བདུད་རྩི་ལྔས་བྱུག་པ་ལ་སོགས་པ་དང་གུར་གུམ་ལ་

སོགས་པས་བྱུག་པ་དང་བཀྲུ་བ་དང་གོས་པའི་ཆུ་ཕྱི་བའི་མཐར་ཐུག་པ་རྣམས་བྱས་ནས་དཀྱིལ་འཁོར་གྱི་ཁང་བར་གཞུག་ཅིང་དཀྱིལ་འཁོར་གྱི་དབང་ལྡན་གྱི་མཚམས་སམ་དེར་སྐབས་མེད་ན་གཞན་དུ་ཡང་རུང་སྟེ། ཧ་ཅང་ཡང་མི་རིང་བར་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་སྐུ་གཟུགས་ལ་སོགས་པ་

གཞག་པར་བྱའོ། །གཙུག་ལག་ཁང་ལ་སོགས་པ་བསྐྱོད་པར་མི་ནུས་པ་རྣམས་ནི་རང་གི་གནས་ན་གནས་པ་ཁོ་ནའོ། །ཇི་ལྟར་རིགས་པར་དེ་དག་གི་ཐུགས་ཀའི་ས་བོན་དང་མིག་ལ་སོགས་པ་དང་སྐུ་ལ་སོགས་པ་རྣམས་བྱིན་གྱིས་བརླབ་པ་སྒོམ་པ་སྔོན་དུ་འགྲོ་བས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་

ཀྱིས་བདག་ཉིད་ཇི་ལྟ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་སོགས་པ་དེ་མ་ཐག་ཏུ་བརྗོད་པ་རྣམས་བྱ་སྟེ། བཅོམ་ལྡན་ཞེས་པ་ནས་རིགས་ཞེས་པའི་བར་ལན་གསུམ་བརྗོད་ཅིང་། ཇི་ལྟར་རིགས་པར་སྙིང་གའམ་ལྷ་རྣམས་ཀྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བཀུག་ནས་རང་ཉིད་ཇི་ལྟ་

བའི་དམ་ཚིག་སེམས་དཔའ་ལ་གཞུག་ཅིང་རོ་གཅིག་ཏུ་བྱས་ཏེ་དབང་དུ་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་མདུན་དུ་ནམ་མཁར་སྤྱན་དྲངས་ཏེ། མཆོད་ནས་སྐུ་གཟུགས་ལ་སོགས་

Vol. 76 · folio 173b

ལ་སོགས་པ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པར་གསོལ་བ་གདབ་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་

ཀྱང་ཤེས་རབ་དང་སྙོམས་པར་ཞུགས་པས་ཆགས་པ་ཆེན་པོས་ཞུ་བར་གྱུར་ནས། རང་གི་རྣམ་པར་སྣང་མཛད་ཀྱི་ལམ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་ཕྱུང་བའི་ཁུ་བ་དེ་རྣམས་ཀྱིས་སྐུ་གཟུགས་ལ་སོགས་པ་ཁ་ནས་པདྨར་ཞུགས་པ་ལ་དབང་བསྐུར་ནས་སླར་ཡང་ཞལ་ཕྱག་ལ་སོགས་པའི་

གཟུགས་ཀྱིས་པདྨ་ལས་ཕྱིར་ཕྱུང་བ་ལ་ནམ་མཁའ་ཀུན་ནས་གང་བར་བཞུགས་པའི་སྤྱན་མ་ལ་སོགས་པའི་རིགས་མ་རྣམས་དང་ལྷན་ཅིག་གདུགས་དང་རྒྱལ་མཚན་དང་གར་དང་གླུ་དང་རོལ་མོའི་སྒྲ་དང་མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པ་དང་། ཕྱག་གིས་བྱང་ཆུབ་ཀྱི་སེམས་

ཀྱི་བདུད་རྩིས་གང་བའི་བུམ་པ་དཀར་པོ་ཅུང་ཟད་ཡོ་བར་བཟུང་བས་སྐུ་གཟུགས་ལ་སོགས་པ་པདྨ་ནས་ཕྱིར་ཕྱུང་བ་དེ་ལ་དབང་བསྐུར་བཞིན་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་ཅེས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་གླུ་རྣམས་རྣལ་འབྱོར་མ་རྣམས་ཀྱིས་ལེན་བཞིན་པ་དང་། བདག་

ཉིད་ཀྱིས་ཀྱང་དེ་རྣམས་ལེན་བཞིན་པས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པའི་ཆུ་གཅིག་ཏུ་བསྡུས་པ་དུང་ཆོས་སུ་བླུགས་པའམ། རིམ་པ་ཇི་ལྟ་བ་བཞིན་དུ་རེ་རེས་ཀྱང་རུང་ལག་པས་འདབ་མ་དང་བཅས་པའི་རྡོ་རྗེ་གཟུང་བའི་རྩེ་མོ་ལས་འབབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོས། ཇི་

ལྟར་བལྟམས་བ་ཙམ་གྱིས་ནི། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་བགྱི། ཨོཾ་ཨཱཿསརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ཅིང་། བཅོམ་ལྡན་འདས་རྡོ་རྗེ་

སེམས་དཔའ་ཉིད་བླ་མ་དམ་པ་དཀྱིལ་འཁོར་གྱི་གཙོ་བོའི་གཟུགས་སུ་འཁྲུར་འཇུག་པ་དང་། ཁྲུས་གསོལ་བར་བརྟན་པར་མོས་པས་དབང་བསྐུར་བར་བྱའོ་ཞེས་པ་ཆུའི་དབང་ངོ་། །དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་རིན་པོ་ཆེ་དང་རས་ལ་སོགས་པ་ལས་བྱས་པའི་དབུ་

Vol. 76 · folio 174a

རྒྱན། ཨོཾ་ཨཱཿབཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དབང་པོའི་གཟུགས་ཅན་རྡོ་རྗེ་འཛིན་པ་བླ་མ་ཉིད་ཀྱིས་བསྐོན་པར་མཛོད་ཅེས་བརྟན་པར་མོས་པར་སྐུ་གཟུགས་ལ་སོགས་པའི་ལྷའི་དབུ་ལ་བསྐོན་པར་བྱའོ་ཞེས་པ་ཅོད་པན་གྱི་དབང་ངོ་། །དཔའ་བོ་ལ་ནི་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ

ཨཱཿཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དཔྱང་བཅིང་བར་བྱའོ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང་། །ཞེས་བརྗོད་ཅིང་རྡོ་རྗེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གཏོད་པར་ལྷག་པར་

མོས་པས་གཏད་པར་བྱའོ། །དེ་ཡང་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱིས་བཟུང་བར་ལྷག་པར་མོས་པར་བྱ་སྟེ། རྡོ་རྗེའི་དབང་ངོ་། །ཨོཾ་བཛྲ་ཨ་དྷ་བ་ཏིསྟྭཱཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་ཅིང་དེ་ལྟར་ལྷག་པར་མོས་པས་དྲིལ་བུ་གཏད་པར་བྱ་སྟེ། དེ་ཡང་སྐུ་གཟུགས་

ལ་སོགས་པའི་ལྷ་ཡིས་གཟུང་བར་མོས་པར་བྱ་བ་ནི་དྲིལ་བུའི་དབང་ངོ་། །ཨོཾ་བཛྲ་སཏྭ་ཏྭཱཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿཨོཾ་ཆེ་གེ་མོ་བཛྲ་སཏྭཾ་ཞེས་བརྗོད་ཅིང་། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཉིད་སྐུ་གཟུགས་ལ་སོགས་པ་ལ་རང་ཉིད་ཇི་ལྟ་བ་བཞིན་དུ་མིང་འདོགས་པར་

ལྷག་པར་མོས་པས་བརྗོད་པར་བྱ་སྟེ་མིང་གི་དབང་ངོ་། །སྐུ་གཟུགས་ལ་སོགས་པའི་རྡོ་རྗེ་དང་དྲིལ་བུར་བཅས་པའི་ཕྱག་གིས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱ་བར་བསྒོམས་ལ་དེ་མ་ཐག་ཏུ་བརྗོད་པའི་ཆུའི་དབང་གི་ཆོ་གས་མངོན་པར་དབང་བསྐུར་ཏེ་རང་རང་གི་རིགས་ཀྱི་

བདག་པོས་སྤྱི་བོར་རྒྱས་བཏབ་པོ། །རིགས་མི་ཤེས་པ་རྣམས་ལ་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔས་རྒྱས་གདབ་པར་བྱ་སྟེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་མོ་གཞན་རྣམས་ནི་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་ནས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ།

ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །གཙུག་ལག་ཁང་དང་མཆོད་རྟེན་ལ་ནི་ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་བཛྲི་བྷ་ཝ་དྲྀ་ཌྷོ་ཏིཥྛ་བྷྲཱུཾ་ཁཾ་ཞེས་པའི་སྔགས་ཀྱིས་ཏེ། གླེགས་བམ་ལ་ནི་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱིཿཏྲཱཾ་ཞེས་བྱ་བའི་སྔགས་དག་གིས་སོ་ཞེས་པ་སློབ་དཔོན་གྱི་དབང་ངོ་། །དེའི་རྗེས་སུ་སྐུ་གཟུགས་

Vol. 76 · folio 174b

ལ་སོགས་པ་དང་རྗེས་སུ་མཐུན་ཞིང་སྦྱིན་པའི་བདག་པོ་བསོད་ནམས་སྤེལ་བར་མངོན་པར་འདོད་པ་དང་བསྟུན་ནས། གསེར་གྱི་ཐུར་མས་དངུལ་གྱི་ཀོང་བུར་གཞག་པའི་མར་དང་སྦྲང་རྩི་བསྐུས་པས། ཨོཾ་ཙཀྵུཿཙཀྵུཿས་མནྟ་ཙཀྵུཿབི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་མིག་སྨན་གྱིས་སྐུ་གཟུགས་ཀྱི་སྤྱན་དབྱེ་

བར་བྱའོ། །གླེགས་བམ་ལ་སོགས་པ་ལ་ནི་ལྷ་རྣམས་མེ་ལོང་ལ་བསྒོམས་པའི་གཟུགས་བརྙན་ལ་སྟེ་ཞི་བ་ལ་སོགས་པའི་དོན་དུ་སྦྱིན་པའི་བདག་པོ་ལ་གཟིགས་པ་མཆོག་གི་ལྷ་ཉིད་དུ་ལྷག་པར་མོས་པར་བྱའོ། །དེ་ནས་ཨོཾ་བཛྲ་སཏྭ་ཨཱཿཞེས་པའི་སྔགས་ཀྱིས་མེ་ལོང་བསྟན་པར་བྱའོ། །མདའ་

འཕང་བ་ལ་སོགས་པ་བསྒོམ་པར་བྱ་སྟེ་ཐམས་ཅད་རྗེས་སུ་གནས་པའོ། །དེའི་རྗེས་སུ་འཁོར་ལོའི་དབང་པོའི་སྐུ་རྡོ་རྗེ་འཛིན་པ་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཚོགས་རིག་མ་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་

སྒོ་ནས་བཅུག་ཅིང་ཞུ་བར་གྱུར་པས་བདེ་བ་ཆེན་པོ་ཉམས་སུ་མྱོང་ནས། རྡོ་རྗེ་པདྨ་དག་གིས་ཁ་ནས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱི་ཞལ་དུ་རབ་ཏུ་འབེབས་པར་བསམ་པར་བྱའོ་ཞེས་པ་གསང་བའི་དབང་ངོ་། །དེ་ནས་རྡོ་རྗེ་འཛིན་པ་དེས་གཏད་པའི་ལྷ་མོ་

དང་སྙོམས་པར་ཞུགས་པས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་མོས་པར་བྱའོ་ཞེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེའི་རྗེས་སུ་རྡོ་རྗེ་སེམས་དཔའ་དས་རབ་ཏུ་བསྟན་པའི་དབང་བཞི་པའི་རང་བཞིན་གྱིས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་

བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པའི་བདེ་བ་ཆེན་པོ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པར་མོས་པར་བྱའོ་ཞེས་པ་དབང་བཞི་པའོ། །དེ་ནས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ལ་རང་རང་གི་སྙིང་པོའི་སྔགས་ཀྱིས་ན་བཟའ་ལ་སོགས་པ་དབུལ་བར་བྱའོ། །ཡང་ན་ཨོཾ་ཨཱཿབཛྲ་བཱ་ས་

སེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པུཤྤེ་ཧཱུཾ་སྭཱ་ཧཱ། ཨཱོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དཱི་པེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ནཻ་བི་ཏྱེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་སརྦ་ཨཱ་བ་ར་ཎ་བི་བྷུ་ཥ་ཎེ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་འདི་རྣམས་ཀྱིས་སོ། །ཨོཾ་ཨཱཿསརྦ་ཤ་ཤོ་དྷ་ནེ་ཧཱུཾ་ཕཊ། འབྲས་བུ་དང་མེ་

Vol. 76 · folio 175a

ཏོག་ལ་སོགས་པ་དང་དངོས་པོ་སྣ་ཚོགས་པ་གསང་བའི་སྔགས་སོ། །ཨོཾ་ཛྲཾ་སྭཱ་ཧཱ་འབྲས་བུ་དབུལ་བའི་སྔགས་སོ། །དེའི་རྗེས་སུ་འཆད་པར་འགྱུར་བའི་ཆོ་གས་ཞི་བའི་སྦྱིན་སྲེག་གིས་ཚིམ་པར་བྱས་ནས་སྦྱིན་སྲེག་གི་ཐབ་ཀྱི་མེ་འམ། དེ་མེད་ན་ཡང་མེ་གཞན་ལ་ཡང་ཙཱ་རུའི་

བཟའ་བ་བསྒྲུབ་པར་བྱའོ། །ཕྱི་ནས་འོ་ཐུག་དང་དམ་ཚིག་གི་རྫས་དང་གི་ཝང་ཡང་དབུལ་ཏེ། ཨོཾ་དི་པྱ་ཨགྣེ་ས་མཱ་དྷི་དྷྱེ་ན་པྲི་ཎ་ནེ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་ཅིང་སྐུ་གཟུགས་དང་གླེགས་བམ་ལ་སོགས་པ་ལ་བསྒོམས་པའི་གཟུགས་བརྙན་ཤར་བའི་ལྷ་རྣམས་གསོལ་དུ་གཞུག་པར་བྱའོ། །

དེ་ནས་ཞལ་བསིལ་དང་ཙནྡན་ལ་སོགས་པའི་ཕྱེ་མ་དང་སོ་རྩི་རྣམས་ཀྱང་ཕུལ་ནས། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཞེས་པས་དམ་ཚིག་བསྒྲག་པར་བྱའོ། །དེ་ནས་སྣང་བ་མཐའ་ཡས་ཤེས་རབ་དང་བཅས་པ། གླེགས་བམ་གྱི་ཡི་གེ་རྣམས་ལ་བཅུག་ནས་ཡི་གེའི་གཟུགས་དང་། རྣམ་པར་

སྣང་མཛད་རིག་མ་དང་བཅས་པ་གཙུག་ལག་ཁང་ངམ་མཆོད་རྟེན་རྣམས་ལ་བཅུག་ནས་གཙུག་ལག་ཁང་གི་གཟུགས་ནི་རྫོགས་པའི་སངས་རྒྱས་དང་དེའི་ཆོས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པའི་རྟེན་དང་། ཏིང་ངེ་འཛིན་སྣ་ཚོགས་པའི་གཞི་དང་། མཆོད་རྟེན་གྱི་

ཕྱི་གཟུགས་ནི་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་ཕུལ་ཏེ་ཐལ་མོ་སྦྱར་ནས། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་དུ་ནི་རབ་བཞུགས་ནས། །ལྷ་མོ་སྒྱུ་འཕྲུལ་

ལྷུམས་ཞུགས་ལྟར། །དེ་བཞིན་སྐུ་གཟུགས་འདིར་བཞུགས་མཛོད། །འདིར་ནི་མགོན་པོ་རྟག་བཞུགས་ནས། །མེ་ཏོག་ལ་སོགས་མཆོད་པ་འདི། །བྱང་ཆུབ་སེམས་ནི་རྣམ་སྤེལ་ཕྱིར། །ཆེ་གེའི་དོན་དུ་བཞེས་སུ་གསོལ། །ཞེས་པ་འདིས་ཡུན་རིང་དུ་གནས་པའི་དོན་དུ་གསོལ་བ་བཏབ་

ནས་འཁྱིལ་པའི་སྔགས་བཟླས་ཤིང་སྐུ་གཟུགས་ལ་སོགས་པའི་འོག་དང་བར་དང་སྟེང་གི་ཆ་རྣམས་ལ་ལག་པ་གཡས་པས་རྡོ་རྗེ་གསོར་བ་ལན་གསུམ་བསྐོར་ནས་བརྟན་པར་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་

Vol. 76 · folio 175b

རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ཁྱོད་ཕྱག་

འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེའི་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་མཛད། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་

ཁྱོད་ཕྱག་འཚལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་པ་བྱའོ། །ཆོ་ག་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་དོན་དུ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་པ་ལ་སོགས་པའི་ཡི་གེ་བརྒྱ་པའི་སྔགས་ལན་གསུམ་བརྗོད་ནས། མ་རྙེད་ཡོངས་སུ་མ་ཤེས་དང་། །

མ་ནུས་པ་ཡིས་ཆད་པ་དང་། །གཞན་ཡང་ནོངས་པ་གང་བགྱིས་པ། །དེ་ཀུན་ཐུགས་རྗེས་བཟོད་མཛད་རིགས། །ཞེས་པས་བཟོད་པར་གསོལ་ཏེ། །རྫོགས་སངས་རྒྱས་དང་ལྷ་མོ་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །ལྷ་ཀླུ་རྣམས་ཀྱི་ཆོ་ག་གང་། །མ་ཚང་ལ་སོགས་བཟོད་མཛད་

རིགས། །མེ་ཆུ་ས་དང་རླུང་རྣམས་དང་། །སྐུ་གཟུགས་ཡུན་རིང་བསྲུང་དུ་གསོལ། །སྦྱིན་བདག་རྣམས་དང་དེ་སྲས་སོགས། །སློབ་མ་རྣམས་དང་བདག་ལ་ཡང་། །དེ་རྣམས་མཉེས་ནས་ཐམས་ཅད་དུ། །ཞི་རྒྱས་བདེ་ལེགས་མཛད་དུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་

ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པས་ལན་གསུམ་གསོལ་བ་གདབ་ཅིང་ཕྱོགས་ཀྱི་གཏོར་མ་རྣམས་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་དབུལ་བར་བྱའོ། །སྦྱིན་པའི་བདག་པོས་ཀྱང་སྐུ་གཟུགས་ལ་སོགས་པ་ལ་བསྐོར་བ་དང་མཆོད་པ་དང་ཕྱག་

བྱས་ནས། སློབ་དཔོན་ཡང་དག་པའི་ཡོན་རྣམས་ཀྱིས་ཡོངས་སུ་མཉེས་པར་བྱའོ། །འདིར་ནི་སྣང་བ་མཐའ་ཡས་གཙོ་བོའི་དཀྱིལ་འཁོར་དུ་གླེགས་བམ་རབ་ཏུ་གནས་པར་བྱ་སྟེ། རྣམ་པར་སྣང་མཛད་གཙོ་བོ་ལ་ནི་གཙུག་ལག་ཁང་ལ་སོགས་པའོ། །མི་བསྐྱོད་པ་གཙོ་བོ་འམ་རྡོ་རྗེ་སེམས་དཔའ་

Vol. 76 · folio 176a

གཙོ་བོ་ལ་ནི་སྐུ་གཟུགས་ཐམས་ཅད་དང་རིགས་མི་ཤེས་པ་རྣམས་ཀྱང་རབ་ཏུ་གནས་པར་བྱའོ། །ཡང་ན་ལྷ་གང་གི་རིགས་གང་ཡིན་པ་ཤེས་ན་ནི། རིགས་དེའི་དེ་བཞིན་གཤེགས་པ་གཙོ་བོའི་དཀྱིལ་འཁོར་དུའོ། །འགའ་ཞིག་ཏུ་ནི་སྐུ་གང་རབ་ཏུ་གནས་བྱ་བར། །རྒྱུད་གང་ལས་ནི་

རྣམ་གཞག་པ། །དེར་ནི་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། །སློབ་དཔོན་རང་གི་གང་ཡིན་པ། །དེ་ལ་དབྱེ་བ་མཐོང་བར་བྱ། །ཞེས་སོ། །འདིར་དེ་ཡི་ཞེས་པ་ནི་སྐུ་གཟུགས་ཀྱི་སྟེ་དེ་ཉིད་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་སོ། །རང་གི་ལྷག་པའི་ལྷ་ནི་སྐུ་དེའི་རིགས་ཀྱི་བདག་པོ་དེ་བཞིན་གཤེགས་

པ་སྟེ་འདིར་ནི་དེའི་དཀྱིལ་འཁོར་བྱའོ། །ཡང་ན་སློབ་དཔོན་རང་གིས་ནི་བདག་ཉིད་ཀྱི་དཀྱིལ་འཁོར་བྱ་སྟེ་འདིས་གང་བསྒོམ་པ་དེ་ཉིད་འདིའོ་ཞེས་པ་ཕྱོགས་གསུམ་དུ་བརྗོད་དོ། །འདིས་ནི་རྒྱུད་གཞན་གང་ཡང་རུང་བར་གསུངས་པའི་ཆོ་ག་དེ་ལྟ་བུའི་དཀྱིལ་འཁོར་དུ་ཡང་། རྒྱུད་གཞན་དུ་གསུངས་པའི་ལྷ་རྣམས་

ཀྱི་རབ་ཏུ་གནས་པ་རིགས་ཏེ། ཇི་ལྟར་གསུངས་པའི་གཙོ་བོའི་དཀྱིལ་འཁོར་ཉིད་ཀྱིས་དེའི་རིགས་ཀྱི་དཀྱིལ་འཁོར་རྣམས་བསྡུས་པའི་ཕྱིར་རོ། །མདོར་བསྡུས་པ་རབ་ཏུ་གནས་པ་ནི། སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྗེས་སུ་སྐད་ཅིག་གིས་དེ་དང་དེའི་དམ་ཚིག་སེམས་དཔའི་སྤྱན་དང་སྐུ་ལ་སོགས་

པ་བྱིན་གྱིས་བརླབ་པ་བསྐྱེད་ནས། དེ་ལ་དེའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་བཅུག་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ལ་སོགས་པས་དབང་བསྐུར་ཞིང་རང་གིས་ཀྱང་བུམ་པའི་ཆུས་མངོན་པར་དབང་བསྐུར་ཏེ་

མཆོད་ནས་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་པས། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་དེ་བཞིན་གཤེགས་པའི་གདུང་ལ་བཀུར་སྟིའི་ཁྱད་པར་བྱ་བར་འདོད་ན་དེའི་ཚེ་སྒྲུབ་པའི་དུས་ཉིད་དུ་སྐུ་གཟུགས་དབུ་འམ་རྒྱབ་ཏུ་མཆོད་རྟེན་གྱི་ནང་སྟོང་པ་བྱས་ཏེ།

གྲུབ་ན་གྲོ་ག་ལ་གུར་ཀུམ་དང་གི་ཝང་དག་གིས། ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུངྔྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མུ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། ཞེས་པའི་གཟུངས་ཀྱི་ཁྱད་པར་

Vol. 76 · folio 176b

བྲིས་ནས་དེ་ཁྲུས་བྱས་པའི་གདུང་ལ་དཀྲིས་ཏེ། ཨོཾ་མནྟྲ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་སྟོང་པར་གཞུག་གོ། །ཨོཾ་བཛྲ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེའི་དགག་པས་སྟོང་པའི་སྒོ་བཀག་ནས་སྔ་མ་བཞིན་དུ་རབ་ཏུ་གནས་པར་བྱའོ། །གཞན་དག་ཏུ་ནི་ཀྱེའི་རྡོ་རྗེ་དང་བདེ་མཆོག་ལ་སོགས་པའི་

སྐུ་གཟུགས་ལ་ཡང་འདུས་པའི་དམ་ཚིག་བསྐྱེད་པ་དང་། ཡེ་ཤེས་པའི་དཀྱིལ་འཁོར་གཞུག་པ་དང་མངོན་པར་དབང་བསྐུར་བ་བྱས་པས་རབ་ཏུ་གནས་པར་འགྱུར་བ་ཉིད་དེ། འདུས་པ་ནི་བླ་ན་མེད་པའི་ཕྱིར་རོ། །དེའི་རྗེས་ལ་དེ་མ་ཐག་ཏུ་འདུས་པའི་དམ་ཚིག་པ་དང་ཡེ་ཤེས་པའི་དཀྱིལ་འཁོར་གྱི་

དབང་ཕྱུག་ནི་བདེ་མཆོག་ལ་སོགས་པའི་གཟུགས་སུ་གསལ་བར་བསྒོམ་པར་བྱ་སྟེ། དེའི་སྐུ་གཟུགས་ཀྱང་དེའི་གཟུགས་ཉིད་དུ་ཅི་ལྟར་འགལ་ཞེས་གསུངས་སོ། །རིག་མ་རབ་ཏུ་གནས་པ་ནི་སློབ་དཔོན་རྡོ་རྗེ་འཆང་གི་གཟུགས་སམ། རིག་མ་བདག་པོའི་གཟུགས་སུ་བྱས་ཏེ་

རིག་མ་ལ་རིག་མའི་བདག་པོ་དང་དེའི་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་ཇི་ལྟར་རིགས་པར་བསྒྲུབ་བྱའི་ཁྱད་པར་རྣམས་ཀྱང་ངོ་། །དེ་ནས་རིག་མའི་བདག་པོ་ནི་སྔགས་རྣམས་དང་། བསྒྲུབ་བྱ་རྣམས་ནི་རང་གི་མིང་ལ་བཅུག་

ནས་རིག་མའི་སྤྱི་བོའི་བུ་ག་འམ་ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་ཕྱུང་བ་ལྷ་མོའི་པདྨར་ཞུགས་པ་ལ་སྙིང་གའི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དེ་ལྟར་ཞུགས་པ་རྣམས་ཀྱིས་དབང་བསྐུར་ཞིང་ཕྱིར་ཕྱུང་བ་རྣམས་ཀྱིས་ཕྱིར་ཕྱུང་བ་རྣམས་ལ་དབང་བསྐུར་བའི་ཚེ་བུམ་པའི་ཆུས་མངོན་

པར་དབང་བསྐུར་བར་བྱ་སྟེ། ཡང་དག་པར་མཆོད་ནས་རིག་མའི་བདག་པོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་པ་རིག་མ་རབ་ཏུ་གནས་པའི་ཆོ་གའོ།། །།སློབ་དཔོན་རྡོ་རྗེ་འཆང་གི་གཟུགས་ཀྱིས་ལག་པ་གཡས་པའི་སོར་མོ་རྣམས་རྡོ་རྗེ་རྩེ་ལྔ་པའི་ངོ་བོར་སྐད་ཅིག་གིས་བསྒོམ་པ་ལ་

ཨཿཡིག་ལས་སྐྱེས་པའི་ཉི་མ་ཨཿཡིག་གིས་བྱིན་གྱིས་བརླབས་པ་དང་། ལག་པ་གཡོན་པའི་སོར་མོ་རྣམས་པདྨའི་འདབ་མ་སྐད་ཅིག་གིས་བསམ་པ་ལ་ཨ་ཡིག་ལས་སྐྱེས་པའི་ཟླ་བ་དེས་བྱིན་གྱིས་བརླབས་པར་རྣམ་པར་བསྒོམས་ནས། དེ་དག་གི་བར་དུ་གཟུང་བའི་ཕྲེང་ཐག་གི་སྐུད་པ་དབུས་

Vol. 76 · folio 177a

མ་རྡོ་རྗེ་སེམས་དཔའི་རང་བཞིན་དང་། ཕྱོགས་དང་ཕྱོགས་བྲལ་གྱི་སྐུད་པ་རྣམས་ཕྱག་ན་པདྨ་དང་བྱམས་པ་དང་ནམ་མཁའི་མཛོད་དང་ཀུན་དུ་བཟང་པོ་དང་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་སའི་སྙིང་པོ་རྣམས་ཀྱི་རང་བཞིན་དང་། ཕྲེང་རྡོག་རྣམས་རྣམ་པར་སྣང་

མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རང་བཞིན་དང་། མདོ་འཛིན་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཀྱི་མཆོད་རྟེན་གྱི་རང་བཞིན་དུ་སྐད་ཅིག་གིས་ལྷག་པར་མོས་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་རང་ཉིད་ཇི་ལྟ་བ་ལ་

བཅུག་སྟེ། ཨཀྑ་རུ་ཀཱ་ར་ཎ་རཱུ་ཨ་སོ་ཧི་ཨ་མནྟ་བི་སཱ་རུ་ག་ཎི་ཨ། ཨ་སཾ་ཁ་ཨ་ལིཀྐ་སིརྫ་ཨུ་ཏཏྟ་བི་སཱ་རུ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཧཾ་བྷ་ཝེ་ཧཱུཾ་ཧཱུཾ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་། བུམ་པའི་ཆུས་མངོན་པར་དབང་བསྐུར་ནས་མཆོད་པར་བྱའོ་

ཞེས་པ་ཕྲེང་བ་རབ་ཏུ་གནས་པའོ། །མདོར་བསྡུས་པ་ནི་བགྲང་ཕྲེང་གསུང་རྡོ་རྗེར་རྣམ་པར་བསྒོམས་ནས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ཏེ། དེ་ཡོངས་སུ་གྱུར་པ་ལས་བགྲང་ཕྲེང་གི་རྣམ་པར་བསམས་ལ་བུམ་པའི་ཆུས་མངོན་པར་དབང་བསྐུར་ཞིང་མཆོད་ནས་གསུང་རྡོ་རྗེའི་སྙིང་

པོ་བརྒྱ་རྩ་བརྒྱད་བཟླས་སོ་ཞེས་པ། མདོར་བསྡུས་པས་བགྲང་ཕྲེང་རབ་ཏུ་གནས་པའི་ཆོ་གའོ།། །།ད་ནི་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གསུངས་པའི་བགྲང་ཕྲེང་གི་ཆོ་ག་བྲི་བར་བྱ་སྟེ། ཞི་རྒྱས་དེ་བཞིན་དབང་དང་ནི། །མངོན་སྤྱོད་དང་ནི་ལས་ཀུན་ལ། །རྡོ་རྗེ་འཛིན་པས་མཉམ་བཤད་པ། །བོ་

དྷི་ཙི་ནི་རབ་ཏུ་བསྟན། །ཤེལ་དང་ཉ་ཕྱིས་དག་དང་ནི། །མུ་ཏིག་དང་ནི་ཁམས་ཀུན་སྐྱེས། །དེ་བཞིན་དུང་གི་མི་དག་རྣམས། །ཚེ་དང་ལང་ཚོ་འཕེལ་བར་བྱེད། །གསེར་དང་དེ་བཞིན་དངུལ་དང་ནི། །པདྨའི་ས་བོན་དེ་བཞིན་མཆོག །འདི་ཡི་སྦྱོར་བའི་སྔགས་ཀྱིས་ནི། །དབང་ཕྱུག་ལྷག་པར་འགྲོ་

བར་འགྱུར། །གུར་གུམ་ལ་སོགས་དྲི་བཟངས་དང་། །ཁྱད་པར་དུ་ནི་བྱི་རུ་དང་། །ཙནྡན་དམར་པོ་དག་དང་ནི། །དེ་བཞིན་དམར་པོ་གཞན་ལ་ཡང་། །སྒྲུབ་པ་པོ་ཡིས་རིལ་བུ་བྱ། །སྔགས་ཀྱི་རྒྱལ་པོའི་སྦྱོར་བ་ཡིས། །དབང་དང་རྗེས་སུ་ཆགས་པ་མཆོག །སྒྲུབ་པ་པོ་ལ་འབྲས་རབ་

Vol. 76 · folio 177b

སྟེར། །རུ་དྲཱ་ཀྵ་དང་དེ་བཞིན་དུ། །ལུང་ཏང་ས་བོན་མི་རུས་ཏེ། །འདི་ཡི་བཟླས་པས་དྲག་པོ་དང་། །མངོན་སྤྱོད་ལ་ནི་འབྲས་རབ་སྟེར། །ཞི་བ་ལ་ནི་བརྒྱ་ཕྲག་གཅིག །རྒྱས་ལ་དེ་བཞིན་ལྷག་པ་བརྒྱད། །དབང་ལ་ཉི་ཤུ་རྩ་ལྔ་སྟེ། །སྔགས་བསྒྲུབ་པ་ལ་བརྒྱ་ཕྲག་ཕྱེད། །རིལ་བུ་དྲུག་ཅུའི་

སྦྱོར་བ་ཡི། །དྲག་པོ་མངོན་སྤྱོད་ལས་ལའོ། །སྔགས་ཀྱི་ནུས་པས་འགྲུབ་འགྱུར་ཏེ། །སྙིང་རྗེའི་བདག་ཉིད་སྔགས་པས་སོ། །རིལ་བུ་ཐམས་ཅད་དགྲ་བཅོམ་སྟེ། །སྟེང་དུ་མཆོད་རྟེན་ཡོངས་སུ་བརྟག །མཆོད་རྟེན་ཆོས་ཀྱི་སྤང་པོའི་ཕྱིར། །ཆོས་ཀྱི་དབྱིངས་ནི་དབུས་སུའོ། །དངོས་གྲུབ་ཀུན་བྱེད་ཞི་བ་ལ། །

གསེར་གྱི་སྐུད་པས་བརྒྱུ་བར་བྱ། །ཡང་ན་རས་བལ་སྐུད་པ་ནི། །གཞོན་ནུ་མ་ཡིས་བཀལ་བས་སོ། །བྱ་རོག་སྒྲོ་ཡི་སྐུད་པ་ཡིས། །བསྐྲད་པའོ་བོང་བུ་རྣམས་དང་ནི། །དེ་བཞིན་རྔ་མོའི་སྐྲ་ཡིས་ཀྱང་། །མཁས་པ་ཡིས་ནི་བསྐྲད་པར་བྱ། །མ་ཧེའི་སྐྲ་ཡི་སྐུད་པ་ཡིས། །རྣམ་པར་བཏང་བའོ་རྟ་ཡི་ཀྱང་། །

དུར་ཁྲོད་སྐྲ་ཡི་སྐུད་པ་དང་། །ཁྱི་ཡི་སྤུ་ནི་བསྲེས་པ་ཡིས། །རིལ་བུ་བརྒྱུས་ནས་ཡང་དག་པར། །ཁྲོ་བའི་ལས་ནི་མཉམ་པར་སྤྱད། །ལས་གང་ལ་ནི་སྐུད་པ་གང་། །བཤད་པ་ཡང་ནི་མདོར་བསྡུས་པའོ། །ཞི་བ་དང་ནི་རྒྱས་པ་དང་། །དབང་དང་མངོན་སྤྱོད་ལས་ལ་ཡང་། །སོར་མོ་སོགས་ལ་མཉམ་

གཞག་ནས། །མཁས་པས་རིམ་པ་ཇི་བཞིན་བྱ། །དེ་བཞིན་མཐེ་བོང་མཉམ་སྦྱར་ནས། །ཐམས་ཅད་འགུགས་པའི་རང་བཞིན་དུ། །མཉམ་པར་གཞག་སྟེ་གནས་བྱས་ནས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཞེས་པ་སྣ་ཚོགས་པའི་ལས་ཀྱི་བགྲང་ཕྲེང་གི་ཆོ་གའོ།། །།ལེགས་པར་གྲུབ་པ་ལྷ་

ཡི་གནས་དང་སྤོས་ཁང་དང་། །གཙུག་ལག་ཁང་དང་ཁང་བཟངས་ཁང་མིག་འདུན་ཁང་རྣམས། །མཉམ་པར་བལྟས་ནས་དམ་པའི་སྒོ་ཡི་དབུས་ཀྱི་རྩེར། །རྒྱལ་མཚན་རྣམས་ནི་ངེས་པར་རབ་ཏུ་གཟུགས་པར་བྱ། །གསེར་དང་ནོར་བུ་ཉི་མའི་ཤེལ་དང་དངུལ་དང་ནི། །འཇིམ་པ་མཆོག་

དང་ཤིང་ལས་བྱས་པ་ཉིད་ཀྱང་སྟེ། །ལེགས་པར་གནས་པ་དྲང་ཞིང་བརྟན་པ་རབ་འབར་བ། །ཆ་གསུམ་མཉམ་པ་ལེགས་པར་དགོད་པར་བྱ། །རྒྱལ་བའི་དབང་པོའི་ཁང་བརྩེགས་རྣམས་དང་ཁང་མིག་དང་། །འདུན་ཁང་རྣམས་ཀྱི་ཚད་ལ་སྒོ་ནི་རིང་བའི་ཚད། །དེ་ཕྱེད་ཚད་ནི་སྤོང་ཁང་རྣམས་

Vol. 76 · folio 178a

དང་ཁང་ཆེན་ལ། །ལེགས་པར་འཇུག་སྟེ་རྒྱལ་ལ་ཡང་ནི་དེ་བཞིན་ཉིད། །རྒྱལ་མཚན་ཇི་སྙེད་བུམ་པ་དང་ནི་མཚུངས་པ་སྟེ། །ཐུབ་པའི་དབང་པོའི་ཡེ་ཤེས་བདུད་རྩིས་གང་བ་ཉིད། །བདུད་རྩིའི་འོད་ཅན་དམ་པའི་དཀྱིལ་འཁོར་རང་བཞིན་གྱིས། །ལེགས་པར་བཀྲུས་ནས་གཙུག་

ལག་ཁང་གི་ལུས་སུའོ། །དེ་བསླང་བ་ནི་བྷྲཱུཾ་ལས་བྱུང་བའི་མཆོད་རྟེན་གཟུགས། །རྣམ་པར་བསམས་ནས་གདུགས་དང་གོས་དང་རྒྱན་གྱིས་བརྒྱན། །མེ་ཏོག་གོས་དང་སྐུད་པ་ལྔས་བཅིངས་བཟླས་བྱ་སྟེ། །མཉམ་པར་གཟུགས་བྱ་རྡོ་རྗེ་དང་ནི་བཅས་པས་སོ། །ཤར་དུ་གནས་པས་

རྒྱལ་བའི་དབང་པོའི་གསང་སྔགས་དང་། །ལྷོ་རུ་གནས་པས་རྒྱལ་མཚན་རྩེ་མོའི་གསང་སྔགས་ནི། །ནུབ་ཏུ་གནས་བྱས་འོད་དཔག་མེད་པའི་གསང་སྔགས་དང་། །བྱང་ནས་ཀྱང་ནི་ཐུབ་པའི་རྒྱན་གྱི་ཡིད་ཀྱིས་ཏེ། །གཡས་སྐོར་དུ་ནི་ཀུན་ནས་རབ་ཏུ་བསྐོར་འགྲོ་ཞིང་། །མེ་ཏོག་གོས་

དང་སྐུད་པར་བྱས་པའི་ལག་པ་ཡིས། །རབ་ཏུ་གནས་བྱ་མེ་ཏོག་མཆོད་ཡོན་འབྲས་སོགས་ཀྱི། །བུམ་པས་མངོན་པར་དབང་བསྐུར་བྱ་སྟེ་འབད་པས་སོ། །རོལ་མོ་དང་བཅས་དུང་དང་ཟངས་དུང་རྣམས་ཀྱི་ནི། །སྒྲ་དང་བཅས་ཤིང་བུམ་པ་རྣམས་དང་མཉམ་ལྡན་པས། །བུད་མེད་རྣམས་ཀྱི་བཀྲ་

ཤིས་གླུ་དབྱངས་དང་། །ལྷན་ཅིག་པ་ཡི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་སོ། །རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྔགས་ནི། །ཨོཾ་སུཀྵྨེ་སུཀྵྨེ་ས་མེ་ས་མ་ཡེ་ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། ཨ་ས་མཱ་རོ་པེ། ནི་རཱ་ལཾ་བྷེ་ནི་རཱ་ཀུ་ལེ་ནི་རྦཱ་ནེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛེ་སརྦ་བུངྡྷཱ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཤར་ནས་ལན་ཉི་

ཤུ་རྩ་གཅིག་གོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྔགས་ཆེན་པོ་ནི། ཨོཾ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་རི་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་བཱ་ཧི་ནི། ཤངྐ་རི་པྲ་བྷཉྫ་ནི། བྷཉྫ་བྷཉྫ། མོ་ཧ་ཡ་མོ་ཧ་ཡ། བྷ་ག་ཝ་ཏི་ཛ་ཡ་བཱ་ཧི་ནི། ཛ་ཡོ་ཏ་རི། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧ་ས་ཧ་ས།

གྲ་ས་གྲ་ས། ཧཱུཾ་ཧཱུཾ། ཧཻ་ཧཻ། ལ་གྷུ་ལ་གྷུ། ལམྤོ་ད་རི། དྲི་ནི་དྲེ། ཙ་ཏུར་ཝཱ་ཀྐྲེ། ཙ་ཏུར་དཾཥྚེ། ཙ་ཏུར་བྷུ་ཛེ། ཨ་སི་མུ་ཁ་ལ་ཙཀྲ་ཏྲི་ཤཱུ་ལ་བཛྲ་ཀ་བ་ཙ་དྷཱ་རི་ཎི། རཀྵ་རཀྵ་མཱཾ། བྷ་ག་ཝ་ཏི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུཾ་ཧཱུཾ་ཕཊ།

Vol. 76 · folio 178b

བྷཉྫ་བྷཉྫ། བིདྷཱནྶ་ཡ། བིདྷྭནྶ་ཡ། སརྦ་ཤ་ཏྲཱུཾ་ཏྲུ་ཊ་ཏྲུ་ཊ། ཏྲཱུ་ཊ་ཏྲཱུ་ཊ། ཨུ་པ་ཀ་མུ་ཁི། ཨུལྐ་དྷཱ་རི་ཎཱི། ཏྲཻ་ལོཀྱ་མ་ཐ་ནི། རཀྵ་རཀྵ་མཾ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། བྷཉྫ་བྷཉྫ། ཨ་ཊ་ཌ་ཧཱ་སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། ཏྲཱ་ཤ་

ཡ་བུདྡྷཱ་ས་ཏྱ་ན་དྷརྨ་ས་ཏྱ་ན་སཾ་གྷ་ས་ཏྱ་ན། ས་ཏྱ་བཱ་དི་ནཾ། ས་ཏྱ་ན་བུདྷ་ས་ཏྱཾ་ན་མཱ་ཏི་ཀྲ་མ་སཏྱ་བཱ་དཱི་ནཾ་སཏྱ་མཱ་ཏི་ཀྲ་མ་ལ་མྦོ་ད་རི། ཀུ་ཊ་ཀུ་ཊ། རུ་ཊ་ཡ་ཀུ་ཊ་ཡ། རུ་ཊ་མཱ་ན་ཡ། བིཋྞུ་མཱ་ན་ཡ་ཙནྷ་སཱུརྱ་མཱ་ན་ཡ་ཏྲཻ་ལོཀྱ་ཨ་དྷི་པ་ཏི་མཱ་ན་ཡ། སརྦ་ཡཀྵ་རཀྵ་ས་ཀུཾ་བྷཱཎྜ་མ་ཧོ་ར་ག་ཨ་དཱི་ནཱཾ་མཱ་ན་ཡ་མཱཾ།

རཀྵ་རཀྵ། རཀྵ་ས་ཡ་རཀྵ་ས་ཡ། ཙུ་ལུ་ཙུ་ལུ་པུཥྤ་མཱི་ལི་ནི། རུནྡྷ་རུནྡྷ། རུ་ནི་རུ་ནི། ཛྷ་ཊི་ཛྷ་ཊི། ཙི་ཊི་ཙི་ཊི། བྷྲྀ་ཀུ་ཊི་མུ་ཁི་པ་ར་སཻ་ནྱེ་ཀུ་ལོ་ཙྪ་ད་ན་ཀ་རི། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། དྷྭཾ་དྷྭཾ། ཀྲཱུ་ན་མ་ཏི་ཛམྦུ་དྷྭ་ཛེ་བུདྡྷ་ཨ་པ་ལོ་ཀི་ཏི། རཀྵ་རཀྵ་སཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་

ལོ་ཀི་ཏེ་སྭཱ་ཧཱ། གུ་ཎ་རཱ་ཛི་པྲ་བྷཱ་ས་ཨུ་ཏྟ་མེ་སྭཱ་ཧཱ། ཙནྡྲ་ཨརྐ་པི་མི་ནེ་སྭཱ་ཧཱ། སརྦ་གྲ་ཧ་ན་ཀྵ་ཏྲ་དྷཱ་མི་ཀ་ར་ཎི་སྭཱ་ཧཱ། རཀྵ་རཀྵ་ཨི་མཾ་སྠ་ནཾ་སརྦ་བྷ་ཡེ་བྷྱཿསྭཱ་ཧཱ། ལྷོ་ནས་ལན་ཅིག་གོ། །འོད་དཔག་མེད་ཀྱི་སྔགས་ཀྱི་རྒྱལ་པོ་ནི། ཨོཾ་ཨ་མི་ཏེ་ཨ་མི་ཏ་ཨ་མི་ཏོདྦྷ་ཝེ། ཨ་མི་ཏ་

སཾ་བྷ་ཝེ་ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི་ཨ་མི་ཏ་ཨཱ་ཡུརྡ་ཏེ་དྷརྨ་དྷཱ་ཏུ་ཛྙཱ་ན་ག་ག་ན་པ་རི་ཀཱིརྟ་ཏེ་སརྦྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱ་ཧཱ། ནུབ་ནས་ལན་བདུན་ནོ། །རྡོ་རྗེ་སྙིང་པོ་བརྒྱན་གྱི་གཟུངས་ཀྱི་སྔགས་ནི། ཨོཾ་བོ་དྷི་བོ་དྷི་སརྦྦ་བོ་དྷི་སརྦྦ་ཏ་ཐཱ་ག་ཏ་གོ་ཙ་རི་དྷ་ར་ཙ་རི་དྷ་ར། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར་

མ་ཧཱ་བོ་དྷི་ཙིཏྟ་དྷ་ར། ཙུ་ལུ་ཙུ་ལུ་རསྨི་སཉྩོ་དི་ཏེ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀྟེ་གུ་ཎ་ག་ག་ནེ་ཤུདྡྷ། གུ་ཎ་ཨ་བ་བྷཱ་སེ་མི་ལི་མི་ལི། ག་ག་ན་ཏ་ལ་པྲ་ཏིཥྛི་ཏེ་ཤ་མ་ཤ་མ། པྲ་ཤ་མ་པྲ་ཤ་མ། སརྦ་པཱ་པ་པྲ་ཤ་མ་ནེ་སརྦ་པཱ་པ་བི་ཤོ་དྷ་ནི་ཧུ་ལུ་ཧུ་ལུ། མ་ཧཱ་བོ་དྷི་མཱརྒ་སཾ་པྲསྠི་ཏེ། སརྦ་

ཏ་ཐཱ་ག་ཏ་མུ་དྲེ་སྭཱ་ཧཱ། བྱང་ནས་ལན་བདུན་ནོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ནི་ཤཔྟ་དིཔྟེ་ཛྭཱ་ལ་ཛྭཱ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱེ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཤར་ཉིད་ནས་སོ་ཞེས་པ་རྒྱལ་མཚན་གཟུགས་པའོ། །

Vol. 76 · folio 179a

རྡོ་རྗེ་ཨ་བ་དྷུ་ཏཱི་བརྟན་པའི་ཡུ་བར་གནས། སུམ་ཅུ་རྩ་གཉིས་འདབ་མ་ངེས་པར་འཆིང་བྱེད་པ། །ཧཾ་ཡིག་ལས་སྐྱེས་པདྨ་རྣམ་པར་དག་པའི་གདུགས། །ཀུན་ནས་མཛེས་པ་འབར་བའི་མཐའ་དང་ལྡན་པ་ཉིད། །དཔལ་ལྡན་ཆོས་ཀྱི་དབྱིངས་ཀྱིས་མཚན་ཞིང་མཛེས་པའི་གཟུགས། །

རིན་ཆེན་དྲ་བ་ཕྱེད་པའི་ཕྲེང་བ་སྐྱེས་པས་མཛེས། །སེམས་ཀྱི་མཐོན་པོ་འཕྲོག་པར་བྱེད་པའི་རྒྱལ་བས་མཚན། །གདུགས་ལ་གནས་ཞེས་སྦྱོར་བ་རིག་པ་ཡིན། །ཨོཾ་ན་མཿས་མནྟ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཨཱ་ཙནྡྲ་ཙྪ་ཏྲ་ཨཱ་བ་ལི་སྭཱ་ཧཱ། བརྒྱ་དང་རྩ་བརྒྱད་བཟླས་པར་བྱའོ་ཞེས་པ་གདུགས་ཀྱིའོ། །ཡེ་

ཤེས་མེ་ལོང་ཆེན་པོ་རབ་འབར་ཞིང་། །རྡོ་རྗེའི་བདག་ཉིད་མཛེས་པའི་ཡུ་བར་གནས། །རི་རབ་པདྨའི་གདན་དང་སེང་གེ་ལ། །སོགས་པའི་རྒྱལ་མཚན་ཆེན་པོ་དགའ་བ་ཆེ། །ཨ་ག་མ་ག་ས་ཡི་ས་བོན་ལས་བྱུང་བའི། །གཞན་གྱིས་མི་ཐུབ་བུམ་པ་མཁའ་ལྡིང་ཆུ་སྲིན་སོགས། །ཉ་དང་

རྨ་བྱ་རི་དགས་ནོར་བུ་སེང་གེས་མཚན། །ཟླ་བའི་ཐིག་ལེ་པདྨའི་གཟུགས་དང་ལྡན་པ་ཉིད། །ཨོཾ་ཨཱཿབཛྲ་དྷྭ་ཛ་བ་ཏི་ཛ་ཡོཏྟ་རི་སྭཱ་ཧཱ། ཞེས་པས་ཏེ་རྒྱལ་མཚན་གྱིའོ། །ཤེས་རབ་ལས་བྱུང་དམ་པའི་གྲགས་དང་ཡོན་ཏན་མཆོག་གི་ཕུན་ཚོགས་ཅན། །པཾ་གྱི་ས་བོན་ལས་བྱུང་རྣམ་པ་སྣ་

ཚོགས་ལྡན་པའི་བ་དན་རྣམས། །ཨོཾ་ཨཱཿབཛྲ་ཀེ་ཏུ་བཛྲ་པ་ཏཱ་ཀེ་ཨ་དྷི་ཏིཥྛ་པཾ་སྭཱ་ཧཱ། ཞེས་པ་སྟེ་བ་དན་གྱིའོ། །དམ་པའི་གསེར་དང་རིན་པོ་ཆེ་དང་མུ་ཏིག་འབར་བ་སྣ་ཚོགས་པའི། །ཡུ་བར་སྒེག་ཅིང་བཀྲ་ཤིས་ཆེན་པོ་འབྱུང་བའི་རྔ་ཡབ་རྣམས་ཀྱང་ངོ་། །ཙཾ་གྱི་ས་བོན་ལས་རྔ་ཡབ་རྣམས་སུ་

སྟེ། ཨོཾ་ཙུ་རུ་ཙཱ་མ་རི་སྭཱ་ཧཱ། ཞེས་པ་ནི་རྔ་ཡབ་ཀྱིའོ། །གཏོར་མ་སྦྱིན་སྲེག་ལ་སོགས་ཆོ་ག་ཡིས། །རྒྱས་པའི་ཡིད་ཀྱིས་མཐའ་དག་ལྷ་ཡི་ཚོགས། །གྲོང་ཁྱེར་གནས་སོགས་ནོར་ལས་སྐྱེས་རྣམས་ཀྱིས། །མཉེས་པར་བྱ་སྟེ་བསོད་ནམས་དོན་དུའོ། །རྒྱལ་མཚན་ལ་སོགས་པ་གཟུགས་

པའི་རབ་ཏུ་གནས་པའི་ཆོ་གའོ།། །།སྦྱིན་པའི་བདག་པོ་ལ་ནུས་པ་ཡོད་ན་ཆུའི་འགྲམ་དུ་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་དཀྱིལ་འཁོར་བཞེངས་པ་སྟེ་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་རྫིང་ལ་སོགས་པའི་ཕྱོགས་སུ་གཏོར་མ་བཏང་ནས་ཆུ་སྟོང་པར་གྱུར་པར་བསམས་ལ།

Vol. 76 · folio 179b

བྷྲཱུཾ་ལས་སྐྱེས་པའི་འཁོར་ལོ་དང་བྷྲཱུཾ་ལས་རྫོགས་ཤིང་སྤྱན་མ་དང་སྙོམས་པར་འཇུག་པའི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཆུ་ལྷ་དཀར་པོ་མིའི་གདོང་པ་ལ་གདེངས་ཀ་བདུན་དང་ལྡན་པ། ཕྱག་གཡོན་པ་ཀླུའི་ཞགས་པ་འཛིན་པས་མཛེས་མ་ལ་འཁྱུད་ཅིང་སྙོམས་པར་ཞུགས་པ།

གཡས་པ་འགྱིང་བ་དང་བཅས་པས་ཨུཏྤ་ལ་སྔོན་པོ་འཛིན་པ། ལྟེ་བའི་འོག་ནས་སྦྲུལ་གྱི་རྣམ་པ་ཅན་གྱི་དམ་ཚིག་སེམས་དཔའ་རྣམ་པར་བསྒོམས་ནས། དེ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྣམ་པར་སྣང་མཛད་ལ་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་ཨོཾ་བཛྲ་ས་མ་ཡ་སྟྭཾ་ཞེས་

བརྗོད་པས་རབ་ཏུ་བཅུག་སྟེ། མངོན་པར་དབང་བསྐུར་བ་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ཅིང་དེ་ཡོངས་སུ་གྱུར་པའི་གཟུགས་བརྙན་དང་ལྡན་པས་ཡེ་ཤེས་བདུད་རྩིའི་རང་བཞིན་དྲི་བཟང་བ་དང་རོ་ཞིམ་པ་དང་ཡང་བ་དང་དྲི་མ་མེད་པ་དང་འཇམ་པ་དང་བསིལ་བ་དང་མགྲིན་པ་དང་ལྟོ་བ་ལ་མི་གནོད་པ་སྟེ་

ཡན་ལག་བརྒྱད་དང་ལྡན་པའི་ཆུ་དབང་ཆེན་གྱི་མཐིལ་ལ་ཐུག་པར་ཀླུ་རིགས་བརྒྱད་ཀྱི་གནས་དང་རླབས་ཀྱི་ཕྲེང་བ་དང་ལྡན་པར་ཀུན་ནས་བསྒོམ་པར་བྱའོ། །དེ་ལ་ཡང་ཆུའི་མཐིལ་དུ་བཟོ་བྱས་པའི་ཀླུ་བརྒྱད་འཆད་པར་འགྱུར་བའི་གཟུགས་ཅན་སྐད་ཅིག་གིས་དམ་ཚིག་སེམས་དཔའི་གཟུགས་སུ་བྱས་པ་

སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་རྣམས་གཞག་པར་བྱ་ཞིང་། དེ་ཡང་ཀུ་མུ་ད་དང་ཨུཏྤ་ལ་དང་པདྨ་དང་ལྡན་པའི་རྫིང་ངམ་འབབ་ཆུ་འམ་ཁྲོན་པ་ལ་སོགས་པ་རྣམས་སུ་ནི། དེ་ཡི་ཟབས་སུ་ཉིས་འགྱུར་དུ་ནི་བསླང་བ་ཡི། །ཟླུམ་པོར་གྱུར་པ་ཆུ་

ལྷའི་བདག་ཉིད་ཅན་གྱི་ཤིང་། །གདེངས་ཀ་བདུན་གྱིས་མཚན་པའི་རྩེ་མོ་དང་ལྡན་པ། །ཆུ་ཡི་དབུས་སུ་གཞག་པར་བྱ་སྟེ་ཤིང་ཆེན་པོ། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཡང་ནཾ་ཀླུ་རྣམས་ཏེ། །གདེངས་ཀ་དགུ་དང་ལྡན་པ་རྣམས་ནི་རིམ་པས་སོ། །ཤིང་གི་དངོས་པོ་མེད་ན་དབུས་སུ་ཤེལ་ལས་

ནི། །ལེགས་པར་བྱས་པའི་ཆུ་ལྷ་ཡི་ནི་རྒྱལ་པོ་སྟེ། །དེ་ཡི་ཆུ་ནི་དཀར་པོའི་མདོག་ཅན་ཞིམ་པ་ཡི། །རོ་དང་ལྡན་ཞིང་བསིལ་ལ་དྲི་མ་མེད་པའོ། །དེ་ཡི་ཕྱི་རོལ་ཤར་དུ་མཐའ་ཡས་གསེར་གྱི་ནི། །རང་བཞིན་པདྨའི་མཚན་མ་སྤྱི་བོར་ལྡན་པ་སྟེ། །ཆུ་ནི་མིག་སྨན་ཕྱེ་མའི་མདོག་ཅན་ཚ་བ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words