འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ

Sanskrit title (Tibetan script, as in the text) པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲྀཏྟི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 80 · folio 72b

གྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པའི་མཚན་ཉིད་ཀྱི་དངོས་པོ་ནི་དེས་སྟོང་པའི་ཕྱིར་དངོས་པོ་སྟོང་པ་ཉིད་དེ། ཕུང་པོའི་དོན་ནི་སྤུངས་པའི་དོན་ཡིན་ལ། སྤུངས་པའི་དོན་ནི་མེད་པ་ཡིན་པའི་ཕྱིར་ཉེ་བར་ལེན་པའི་མཚན་ཉིད་ཅན་གྱི་དངོས་པོར་འགྱུར་བར་མི་འོས་པས་སོ། །དངོས་

པོ་མེད་པ་འདུས་མ་བྱས་ནམ་མཁའ་ལ་སོགས་པ་ནི་དེས་སྟོང་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་དེ། དངོས་པོའི་ཆོས་སྒྲིབ་པར་བྱེད་པ་ལ་སོགས་པ་ལ་དེ་བཏགས་པ་ཡིན་པའི་ཕྱིར་རོ། །རང་བཞིན་སྟོང་པ་ཞེས་བྱ་བ་ལ། འཕགས་པ་རྣམས་ཀྱི་ཤེས་པ་དང་མཐོང་བས་མ་བྱས་

པ་ཉིད་ཀྱིས་ན་རང་གི་ངོ་བོ་ཉིད་སྟོང་པ་ཉིད་དེ། ཤེས་པ་དང་མཐོང་བ་ནི་ཡང་དག་པའི་དོན་ཇི་ལྟ་བ་གསལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཞེས་བྱ་བས་བྱེད་པ་པོ་གཞན་

གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་གཞན་གྱི་དངོས་པོ་སྟོང་པ་ཉིད་དེ། སྟོང་པ་ཉིད་ལ་བརྟེན་པའི་སྐྱེས་བུའི་བྱེད་པ་ནི་འཕོང་བ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བས་སོ། །ཕྱོགས་འདིས་ནི་སྐབས་གོ་རིམས་མ་ཚང་བ་རྣམས་ཀྱི་སྐབས་ཀྱི་དོན་ལ་ཡང་བརྗོད་པར་བྱའོ། །དེ་དག་ནི་གཞན་དགག་པའི་སྒོ་ནས་

སྟོང་པ་ཉིད་འབའ་ཞིག་ཁོ་ན་རྗོད་པར་བྱེད་པ་ཡིན་གྱི། འདི་དག་ལ་མངོན་པར་རྟོགས་པའི་གོ་རིམས་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ལྟར་ན་ནི་སྐབས་ཀྱི་དོན་ཁོ་ན་བརྗོད་པར་བྱ་བ་ཡིན་གྱི། གཙོ་བོ་བསྟན་བཅོས་ཀྱི་དོན་ནི་མ་ཡིན་པར་འགྱུར་བ་དེས་ན་སྟོང་པ་ཉིད་ཀྱི་སྐབས་རྣམས་

སྤོང་བ་དང་འགྲོ་བར་བྱ་བའི་གོ་རིམས་དང་བྲལ་བའི་ཕྱིར་ཆེད་དུ་བྱ་བ་ཉམས་པའི་ངོ་བོར་སྟོན་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་དེ་ཅི་ཞིག་ཡིན་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བརྗོད་དོ། །གལ་ཏེ་གང་ཞིག་དམིགས་པར་བྱ་བ་དེ་ནི་མེད་པ་ཡིན་ཏེ། དཔེར་

ན་མོ་གཤམ་གྱི་བུ་བཞིན་ནོ། །སྟོང་པ་ཉིད་འདིའང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པར་བྱ་བ་ཡིན་པས་མེད་པ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་ཡོད་པ་ཉིད་དུ་འགྱུར་རོ་ཞེ་ན། དེས་ན་འདིར་ཅུང་ཟད་དཔྱད་པར་བྱའོ། །དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་འདི་ནི་རྣམ་

Vol. 80 · folio 73a

པར་མི་རྟོག་པའི་ཡེ་ཤེས་ཙམ་ཡིན་ཏེ། སྟོང་པ་ཉིད་ཅེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །ཁ་ཅིག་ནི་གཟུང་བ་དང་འཛིན་པའི་ཆ་གཉིས་ལ་གནས་པ་ཉིད་ཀྱིས་ན་ཆ་གཅིག་ལ་དམིགས་པ་ནི་མ་ཡིན་ནོ། །ཞེས་འདོད་དོ། །ལ་ལ་ན་རེ་

དེ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལ་དམིགས་པ་ཡིན་ནོ་ཞེས་ཟེར་རོ། །འདི་ཉིད་ནི་རིགས་ཏེ། གང་ཞིག་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་དམིགས་པ་དེར་ནི་འགྱུར་བ་ཡིན་ཏེ། དཔེར་ན་རྨི་ལམ་དུ་ཤེས་པ་རྟ་ལ་སོགས་པ་རང་བཞིན་གྱིས་སྟོང་པ་ལ་དམིགས་

པར་འགྱུར་བ་བཞིན་ནོ། །སྔ་མའི་ཕྱོགས་དག་ལ་ནི་ཡེ་ཤེས་དངོས་པོ་མེད་པའི་སྤྱོད་ཡུལ་ཅན་དུ་འགྱུར་ཞིང་སྟོང་པ་ཉིད་ཀྱང་འདུས་བྱས་ཉིད་དུ་ཐལ་བར་འགྱུར་རོ། །ཕྱོགས་གསུམ་པ་ལ་ཉེས་པ་བརྗོད་ཟིན་པ་མ་ཡིན་ནམ་ཞེ་ན། ཉེས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གསོད་པ་

པོ་བསད་ན་ལྷས་བྱིན་སླར་འབྱུང་བར་འགྱུར་བ་ནི་མ་ཡིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་ནི་བརྗོད་པར་བྱ་བ་མང་དུ་ཡང་ཡོད་མོད་ཀྱི། ཡེ་ཤེས་ཀྱི་ཚོགས་རྣམ་པར་གཞག་པ་འདི་ནི་ཕྱོགས་ཙམ་ཡིན་ནོ། །བསོད་ནམས་ཀྱི་ཚོགས་ནི། རབ་འབྱོར་གཞན་

ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ཞེས་བྱ་བ་ནས་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་དང་། དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་

ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་བྱེད་པ་སྟེ། འདི་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་བར་ཏིང་ངེ་འཛིན་བརྒྱ་རྩ་གཅིག་བསྟན་པས་གང་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་ནི་མོས་པ་ལ་སོགས་པ་ཡིད་ལ་བྱེད་

པའི་རྣམ་པ་གསུམ་རབ་ཀྱི་མཐར་ཐུག་པར་འགྱུར་བའི་རྟེན་ཡིན་པས་ན་བསོད་ནམས་མང་པོ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ལམ་གྱི་ཚོགས་གསུངས་པ་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་སྟེ་ཞེས་བྱ་བ་ནས་

Vol. 80 · folio 73b

བརྩམས་ཏེ། བསླབ་པ་ལས་འདའ་བའི་གཡེང་བའི་གཉེན་པོར་གནས་པ་དང་འདུག་པ་ལ་སོགས་པའི་སྤྱོད་ལམ་རྣམས་དང་། འགྲོ་བ་དང་། འོང་བ་དང་། ཀུན་དུ་ལྟ་བ་དང་། རྣམ་པར་ལྟ་བའི་བྱ་བ་རྣམས་ལ་ཤེས་བཞིན་དུ་སྤྱོད་པ་དང་། དབུགས་འབྱུང་བ་དང་རྔུབ་པ་དག་ལ་རྫ་

མཁན་གྱི་དཔེས་རིང་བ་དང་ཐུང་བར་རབ་ཏུ་ཤེས་པ་དང་། རིལ་པོའི་འདུ་ཤེས་ཀྱི་གཉེན་པོར་བ་ལང་གསོད་པའི་དཔེས་ཁམས་རྣམས་ལ་སོ་སོར་རྟོག་པ་དང་། གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་ཞིང་པའི་སྦྱང་གི་དཔེས་མི་གཙང་བ་ཉིད་དུ་ནང་ལ་མི་དམིགས་པའི་ཚུལ་གྱིས་སོ་སོར་

རྟོག་པ་དང་། དེ་བཞིན་དུ་ཕྱི་རོལ་དང་ཕྱི་དང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བས་དྲན་པ་ཉེ་བར་འཇོག་པ་དང་། དེ་ལུས་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་ལ་ཡང་རྣམ་པར་མི་རྟོག་གོ་ཞེས་བྱ་བ་དངོས་པོ་དང་དེའི་མཚན་མར་རྣམ་པར་རྟོག་པ་བཀག་པ་ཡིན་ནོ། །དུར་ཁྲོད་དུ་ཞེས་བྱ་བ་

ནི་རོ་བོར་བའི་གནས་སུའོ། །ལུས་འདི་ཉིད་ཅེས་བྱ་བ་ནི་སྐྱེ་བ་འདི་ཉིད་པའོ། །ཚུལ་དེ་དང་སྦྱར་རོ་ཞེས་བྱ་བ་ནི། ཤི་བའི་རོ་དང་ངོ་། །ཇི་ལྟར་ཉེ་བར་སྦྱོར་ཞེ་ན། ལུས་འདིའང་འདི་ལྟ་བུའི་ཆོས་ཅན་དང་འདི་ལྟ་བུའི་རང་བཞིན་ཅན་ཏེ་ཞེས་བྱ་བ་སྟེ། ཁུ་བ་དང་ཁྲག་གི་གནས་སྐབས་

ནས་གནས་སྐབས་དེ་དང་དེ་ཤི་བའི་ལུས་སྦྱར་ནས་དེ་མི་རྟག་པའི་ཆོས་ཉིད་རྟོགས་པ་ཉིད་དུ་ངེས་པར་བྱེད་པས་ཚིག་གཉིས་པ་ཡིན་པར་རིག་པར་བྱའོ། །གང་ཡང་མེ་ལ་སོགས་པ་མཐར་ཐུག་པར་བྱས་པ་དེ་འང་གཏན་དུ་བ་མ་ཡིན་པའི་ཆོས་ཉིད་འདི་ལས་མ་འདའ་བའོ་ཞེས་ཚིག་

གསུམ་པ་ཡིན་ནོ། །རྟུན་པ་ནི་གདུང་བས་ན་རྟུན་པ་སྟེ་གདུང་བ་དང་ཀུན་དུ་གདུང་བ་དང་མི་མཐུན་པར་གྱུར་པ་སྡུག་བསྔལ་བའོ། །རྟུན་པའི་སྦྱོར་བ་དེ་འདི་ལ་ཡོད་པས་ན་རྟུན་པ་དང་ལྡན་པའོ། །ཤེས་བཞིན་ཞེས་བྱ་བ་ནི་ཡང་དག་པར་ཤིན་ཏུ་རིག་པས་སོ། །དྲན་པ་དང་ལྡན་པ་ཞེས་

བྱ་བ་ནི་དམིགས་པ་མ་བརྗེད་པའོ། །རྣམ་པར་བསལ་ནས་ཞེས་བྱ་བ་ནི་ཕྱིར་བཟློག་ནས་སོ། །ཅི་ཞེ་ན། འཇིག་རྟེན་ལ་ཆགས་སེམས་དང་ཡིད་མི་བདེ་བ་དག་གོ། །དེ་ལ་ང་དང་ངའི་ཞེས་བྱ་བར་མངོན་དུ་ཕྱོགས་ནས་ལུས་ལ་སོགས་པ་ནི་ཆགས་སེམས་སོ། །མི་འདོད་པ་རིག་པ་དང་མཚུངས་

Vol. 80 · folio 74a

པར་ལྡན་པའི་སེམས་ཞུམ་པ་ཉིད་ནི་ཡིད་མི་བདེ་བའོ། །དེ་བཞིན་དུ་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོར་ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་སེམས་དྲན་པ་ཉེ་བར་གཞག་པ་དང་། བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོར་ཆོས་

དྲན་པ་ཉེ་བར་འཇོག་པ་ཡིན་ཏེ། དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པའི་མཚན་ཉིད་ཅན་དོན་དམ་པ་མི་དྲན་པ་རྣམས་འདི་དག་གིས་ཉེ་བར་འཇོག་པར་བྱེད་པས་ན་དྲན་པ་ཉེ་བར་འཇོག་པའོ། །སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་དང་སྐྱེས་པ་རྣམས་མི་སྐྱེད་པ་དང་སྤང་བའི་ཕྱིར་དང་། དགེ་

བའི་ཆོས་མ་སྐྱེས་པ་དང་སྐྱེས་པ་རྣམས་བསྐྱེད་པ་དང་། གནས་པ་དང་ཕྱིར་འབྱུང་བར་བྱ་བའི་ཕྱིར་ཡང་དག་པར་སྤོང་བ་རྣམས་ཀྱིས་ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་འདི་དག་སྤོང་བ་ཡིན་པའི་ཕྱིར་རོ། །དེ་ལ་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་

འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དང་། དེ་མི་སྤོང་བ་དང་ཚུལ་བཞིན་དུ་སོ་སོར་རྟོག་པའི་དབང་དུ་མཛད་ནས་ཚིག་གཅིག་དང་གཉིས་དང་གཉིས་ཡིན་པར་རིག་པར་བྱའོ། །འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། སྤྱོད་

པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཏེ། འདི་དག་ནི་ཡོན་ཏན་རྣམ་པ་སྣ་ཚོགས་པ་འགྲུབ་པའི་རྐང་པ་སྟེ་ཡན་ལག་ཡིན་པས་རྫུ་འཕྲུལ་གྱི་རྐང་པའོ། །དེ་ལ་འདུན་པ་ནི་བྱེད་པར་འདོད་པ་ཉིད་ད། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །

དེས་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་མངོན་པར་འདུ་བྱེད་པས་ན་དེའི་འདུ་བྱེད་དོ། །དེ་ནི་རྣམ་པ་བརྒྱད་དེ། འདི་ལྟ་སྟེ། འདུན་པ་དང་། རྩོལ་བ་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ། །དེ་དང་ལྡན་པ་ནི་

དེ་དང་ལྷན་ཅིག་ལྡན་པའོ། །དེ་གང་ཡིན་ཞེ་ན། རྫུ་འཕྲུལ་གྱི་རྐང་པ་སྟེ་ཡན་ལག་ཅེས་བྱ་བའི་ཐ་ཚིག་གོ། །སྒོམ་པར་བྱེད་ཅེས་བྱ་བ་ནི་སྒོམ་པ་གོམས་པར་བྱེད་པ་སྟེ། སྦྱོར་བ་རྒྱས་པར་བྱེད་པའོ། །དེ་ལ་སྦྱོར་བ་ལས་སུ་རུང་བ་ཉིད་དམ། སྦྱོར་བ་བརྟན་པར་གྱུར་པའམ། མི་

Vol. 80 · folio 74b

དགེ་བའི་ཚོགས་དང་མ་འདྲེས་པ་ཡིན་ནོ། །ཆོས་མངོན་པ་བ་རྣམས་ཀྱི་ལྟར་ན་སྒོམ་པའང་རྣམ་པ་བཞི་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམ་པ་གསུམ་དང་། བཅོས་བུ་མ་ཡིན་པ་བྲལ་བའི་འབྲས་བུ་ཅན་དོན་རྫོགས་པའོ། །དེ་ཉིད་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་

འབྲས་བུ་ཅན་ཏེ། དེ་ལྟར་རྣམ་པ་བཞིའོ་ཞེས་བྱ་བ་ནི་གཞན་གྱིའོ། །རྣམ་པར་སྒོམ་པ་ནི་སྒོམ་པས་ཏེ་ལུས་ཡོངས་སུ་སྦྱོང་བའོ། །སྒོམ་པ་ནི་ཚུལ་ཁྲིམས་ངེས་པར་སྦྱོང་བའོ། །སྒོམ་པ་ནི་སེམས་ཀྱི་གནོད་པ་སེལ་བའོ། །སྒོམ་པ་ནི་ཤེས་རབ་བརྟེན་པར་བྱེད་པ་ཡིན་ནོ། །བདེན་པ་ལ་

གནས་པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་ལྡན་པ་སྟེ། དེ་ནི་འདོད་པ་ལ་སོགས་པ་ལས་རྣམ་པར་དབེན་པ་ཉིད་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་དང་ལྡན་པ་སྟེ། དེ་ནི་རྣམ་པར་རྟོག་པ་ལ་སོགས་པའི་འདོད་ཆགས་དང་བྲལ་བ་

ཉིད་ཡིན་པའི་ཕྱིར་རོ། །འགོག་པ་ལ་གནས་པ་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་ལྡན་པ་སྟེ། དགའ་བ་ལ་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་དེར་འགོག་པ་ཡིན་པས་སོ། །རྣམ་པར་སྤོང་བ་ཡོངས་སུ་བསྒྱུར་བ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་གཟུགས་མེད་པ་དང་ལྡན་

པ་སྟེ། ཇི་ལྟར་སྲིད་པ་མ་སྤངས་པའི་ཤེས་པ་གསལ་བ་སྔོན་དུ་འགྲོ་བའི་འདོར་བ་ནི་རྣམ་པར་སྤོང་བ་ཡིན་པས་སོ། །གཞན་ཡང་བག་ལ་ཉལ་ཡང་དག་པར་བཅོམ་པ་ནི་དབེན་པའོ། །ཀུན་ནས་ལྡང་བ་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བའོ། །ཀུན་དུ་སྦྱོར་བ་ཡང་དག་པར་བཅད་པ་ནི་

འགོག་པའོ། །ཉེ་བར་ལེན་པ་ཐམས་ཅད་ཡོངས་སུ་སྤངས་པ་ནི་རྣམ་པར་སོང་བའོ། །ཡང་ཆོས་མངོན་པ་པ་རྣམས་ན་རེ་དབེན་པས་ནི་ཁམས་ལས་དབེན་པའོ། །འདོད་ཆགས་དང་བྲལ་བས་ནི་ཉོན་མོངས་པའི་འདོད་ཆགས་དང་བྲལ་བའོ། །འགོག་པས་ནི་ལས་འགོག་པའོ། །

རྣམ་པར་སྤོང་བས་ནི་དངོས་པོ་རྣམས་སྤོང་བ་སྟེ། ཚིག་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་ཉིད་བརྗོད་པ་ཡིན་ནོ་ཞེས་འཆད་དོ། །གཞན་ཡང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞིའི་གཉེན་པོ་གང་ཡིན་པ་མཐོང་བའི་ལམ་རྣམ་པ་བཞི་པོ་དེ་ལ་རིམ་པ་བཞིན་དབེན་པ་

Vol. 80 · folio 75a

ལ་གནས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ཡིན་པར་རིག་པར་བྱའོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི་དབེན་པ་སྟེ། དེས་རྣམ་པར་བྱང་བའི་ཕྱོགས་ལས་ཀུན་ནས་ཉོན་མོངས་པའི་ཕྱོགས་སྤང་བས་དབེན་པའི་ཕྱིར་རོ། །གཟུང་བའི་

རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་འདོད་ཆགས་དང་བྲལ་བ་སྟེ། དེས་དགེ་བའི་ཆོས་ལ་འདུན་པ་ལས་འདོད་ཆགས་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རོ། །འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི་འགོག་པ་སྟེ། དེས་བདག་རང་དབང་ཅན་ལ་སོགས་པར་འཛིན་པ་མ་

ལུས་པར་འགོག་པའི་ཕྱིར་ཏེ་སྤོང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི་རྣམ་པར་སྤོང་བ་སྟེ། དེས་ཕུང་པོ་ལ་སོགས་པ་བདག་ཏུ་བཏགས་པའི་རྒྱུ་མཚན་སྣ་ཚོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་ཉིད་ཡོངས་སུ་ཤེས་པ་སྤང་བའི་

ཕྱིར་རོ། །དམིགས་པ་དང་རྟེན་སྟོབས་བསྐྱེད་པ་ནི་གནས་སོ། །རྣམ་པར་སྤོང་བ་ནི་འདོར་བའོ། །ཡོངས་སུ་བསྒྱུར་བ་ནི་མཐར་ཐུག་ཅིང་མུར་ཐུག་པའོ། །དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ནི་དབང་བྱེད་པའི་དོན་གྱིས་ན་དབང་པོ་རྣམས་

སོ། །དེ་དག་ཉིད་ནི་མི་ཐུབ་པའི་དོན་གྱིས་ན་སྟོབས་རྣམས་སོ། །དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་མཐོང་བའི་ལམ་གྱི་ཡན་ལག་གི་དོན་གྱིས་ན་རྫོགས་པའི་བྱང་ཆུབ་

ཀྱི་ཡན་ལག་ཏུ་གྱུར་པ་རྣམས་སོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པའི་དོན་གྱིས་ནི་འཕགས་པའི་ལམ་

ཡན་ལག་བརྒྱད་པ་རྣམས་སོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་འཕགས་པའི་བདེན་པ་བཞི་བསྡུ་བའི་དོན་གྱིས་ནི་རྣམ་པར་ཐར་པའི་སྒོ་རྣམས་སོ། །སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་། ཟད་པ་དང་། མི་སྐྱེ་བ་དང་། ཆོས་

Vol. 80 · folio 75b

དང་། རྗེས་སུ་རྟོགས་པ་དང་། ཀུན་རྫོབ་དང་། ཡོངས་སུ་འདྲིས་པ་དང་། སྒྲ་ཇི་བཞིན་པའི་ཤེས་པ་ནི་ཤེས་བྱ་མ་ལུས་པ་ཁྱབ་པའི་དོན་གྱིས་ན་ཤེས་པ་རྣམས་ཡིན་ནོ། །མི་ཤེས་པ་ཀུན་ཤེས་པར་བྱའོ་ཞེས་བྱ་བ་དང་། ཀུན་ཤེས་པ་དང་། ཀུན་ཤེས་པ་སྲུང་བའི་དབང་པོ་

རྣམས་ནི་མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་བསྡུས་པའི་དོན་གྱིས་སོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་པ་ལ་དཔྱོད་པ་ཙམ་དང་། རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་རྣམས་ནི་ཡན་ལག་ལས་འདའ་བར་བྱེད་པའི་དོན་གྱིས་སོ། །

སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་དང་། སྐྱོ་བ་དང་། འཆི་བ་དང་། ལུས་ཀྱི་རྣམ་པ་དང་། དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་རྣམས་ནི་ལྡོག་པའི་ཕྱོགས་ཀྱི་རྟེན་དང་། གཞི་དང་། དབང་པོ་དང་། ཡིད་མི་

རྟོན་པ་དང་། ནང་གི་བདག་ཉིད་ཀྱི་དམིགས་པ་མ་བརྗེད་པའི་དོན་གྱིས་སོ། །དེ་ལ་རྟེན་ནི་དཀོན་མཆོག་གསུམ་མོ། །གཞི་ནི་ཚུལ་ཁྲིམས་དང་། གཏོང་བ་གཉིས་སོ། །དབང་པོ་ནི་ལྷ་རྣམས་སོ། །ཡིད་མི་རྟོན་པ་རྣམས་ནི་སྐྱོ་བ་དང་འཆི་བ་གཉིས་ཀྱིས་སོ། །ནང་གི་བདག་ཉིད་

མི་བརྗེད་པ་ནི་ལུས་ཀྱི་རྣམ་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པ་གཉིས་སོ། །བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡན་ལག་དང་དམིགས་པ་ལ་འདའ་བའི་དོན་གྱིས་སོ། །རྣམ་པར་ཐར་པ་བརྒྱད་པོ་རྣམས་ནི་གཉིས་དང་གཅིག་

དང་བཞི་དང་གཅིག་གི་གོ་རིམས་བཞིན་དུ་སྤྲུལ་པའི་སྒྲིབ་པའི་གཉེན་པོའི་དོན་དང་། སྤྲུལ་པ་ལ་རྐུན་ནས་ཉོན་མོངས་པའི་གཉེན་པོའི་དོན་དང་། ཐར་པ་དང་རྗེས་སུ་མཐུན་པར་གནས་པའི་དོན་དང་། ཞི་བར་གནས་པའི་དོན་གྱི་དབང་དུ་མཛད་ནས་རྣམ་པར་ཐར་པ་བརྒྱད་བསྟན་པའི་

ཕྱིར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་རྣམས་ནི་འཇིག་རྟེན་ལས་འདས་པའི་ལམ་དུ་རུང་བའི་དོན་གྱིས་ཏེ། འགོག་པའི་སྙོམས་པར་འཇུག་པས་དེ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་

Vol. 80 · folio 76a

རྣམ་པར་སྨིན་པ་དང་། ཁམས་སྣ་ཚོགས་དང་། མོས་པ་སྣ་ཚོགས་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པ་དང་། ཀུན་དུ་འགྲོ་བའི་ལམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་

ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅུ་པོ་རྣམས་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་དང་ཆོས་ཉིད་ཐོབ་པའི་དོན་གྱིས་སོ། །མི་འཇིགས་པ་བཞི་པོ་རྣམས་ནི་མ་ཤེས་པ་ཉིད་ལ་མ་ཞུམ་པའི་དོན་གྱིས་

སོ། །སོ་སོ་ཡང་དག་པར་རིག་པ་བཞི་པོ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ཡུལ་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མེད་པའི་དོན་གྱིས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་རྣམས་ནི་ཐུན་མོང་མ་ཡིན་པའི་དོན་གྱིས་ཡིན་ཏེ། དེ་ལྟ་ན་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ཏེ།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དེ་དག་གིས་ནི་མཐོང་བ་ལ་སོགས་པའི་ལམ་བསྡུས་པ་ཡིན་པའི་ཕྱིར་ལམ་གྱི་ཚོགས་ཡིན་ནོ་ཞེས་བརྗོད་དོ། །གཟུགས་ཀྱི་ཚོགས་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་

སྒོ་རྣམས་ཏེ། དེ་འང་ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གང་གསུངས་པ་

ཡིན་ཏེ། ཡི་གེ་མཚན་མར་བྱེད་པ་དེ་དང་དེས་བསྐལ་པ་མང་པོར་ཆོས་སྟོན་པའི་རྒྱུའི་དྲན་པ་གཏུགས་པ་མེད་པར་འགྱུར་བའི་ཕྱིར་དང་། དྲན་པའང་ཡི་གེ་དང་དོན་འཛིན་པ་ཉིད་ཀྱིས་གཟུངས་ཡིན་པས་སོ། །སའི་ཚོགས་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་སོ་སོར་བདག་ཉིད་

ཀྱིས་ཡོངས་སུ་སྦྱོང་བའི་དབྱེ་བས་རྣམ་པ་བཅུར་འགྱུར་རོ། །གང་གི་ཕྱིར་དྲིས་པ་གཉིས་པའི་དབང་དུ་མཛད་ནས། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་

Vol. 80 · folio 76b

དག་ལ་སྤྱོད་པ་ས་ནས་ཇི་ལྟར་འཕར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་འཕོ་བ་མེད་པས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ཡང་ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་ཀྱི་འོང་བ་དང་འགྲོ་བ་ལ་སོགས་པ་བཀག་པས་བསྟན་པ་ཡིན་ནོ། །ཡང་ས་གང་གིས་ཡོངས་སུ་སྦྱོང་བར་

གྱུར་པའི་ཆོས་གང་ཡིན་ཞེ་ན། བརྗོད་པ་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བསམ་པ་ཕན་པའི་དངོས་ཉིད་དང་། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང་། །དམ་ཆོས་དམིགས་པ་ཚོལ་བ་དང་། །

རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། །སངས་རྒྱས་སྐུར་འདོད་དགའ་བ་དང་། །ཆོས་སྟོན་པ་དང་དབེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །ཞེས་བྱ་བ་སྟེ། ལྷག་པའི་བསམ་པ་ཡོངས་སུ་སྦྱོང་

བ་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །རབ་ཏུ་དགའ་དང་སྙིང་བརྩེ་ཆེ། །བཀུར་སྟི་བླ་མ་ལ་གུས་ཉན། །བརྒྱད་པ་སྦྱིན་ལ་སོགས་པ་བརྩོན། །ཞེས་བྱ་བ་ནི། ས་གཉིས་པ་ལ་གནས་པའི་

བྱང་ཆུབ་སེམས་དཔའ་ཆོས་བརྒྱད་ཡིད་ལ་བྱེད་དེ། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་། བྱས་པ་གཟོ་ཞིང་བྱས་པ་ཤེས་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་བྱས་པ་ཤེས་པ་ནི་གང་གིས་བྱས་པ་ཤེས་པའོ། །དྲིན་དུ་གཟོ་བ་ནི་གང་གིས་

ཅུང་ཟད་ཅིག་བྱས་པའང་ཆུངས་པར་མི་རྩི་ཞིང་བརྙས་པར་མི་བྱེད་པའོ། །བླ་མ་ལ་གུས་ཉན་ཞེས་བྱ་བ་ནི་བླ་མས་རྗེས་སུ་བསྟན་པ་སྔོན་དུ་འགྲོ་བས་དེ་བྱེད་པར་འདོད་པ་ཡིན་གྱི། ཚིག་ཙམ་ཞིག་ཐོས་པར་འདོད་པ་མ་ཡིན་ནོ། །ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་

ཆོས་སྦྱིན་དང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །འཁོར་བས་ཡོངས་སུ་མི་སྐྱོ་དང་། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་སེམས་བདག་ཉིད་དེ་རྣམས་ལྔ། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་སྟེ། ལྔ་གང་

Vol. 80 · folio 77a

ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལའང་ཡི་གེར་མངོན་པར་ཞེན་པ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ནགས་གནས་འདོད་ཆུང་ཆོག་ཤེས་དང་། །སྦྱངས་པ་ཡང་དག་སྡོམ་བསྟན་དང་། །བསླབ་པ་ཡོངས་སུ་མི་

གཏོང་དང་། །འདོད་པ་རྣམས་ལ་སྨོད་པ་དང་། །མྱ་ངན་འདས་དང་བདོག་ཀུན་གཏོང་། །མི་ཞུམ་པ་དང་ལྟ་བ་མེད། །ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་གཏང་བར་མི་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དགོན་

པ་ལ་གནས་པ་དང་། འདོད་པ་ཆུང་བ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་འདོད་པ་ཆུང་བ་ནི་གང་གིས་རྙེད་པ་རྙེད་པར་མི་འདོད་པའོ། །ཆོག་ཤེས་པ་ནི་གང་གིས་ཇི་ལྟར་རྙེད་པ་ལས་ལྷག་པར་མི་འདོད་པའོ། །མཚན་ཉིད་ངེས་པར་བསྟན་པ་ནི། བྱང་ཆུབ་

སེམས་དཔའ་ཆེན་པོ་གང་བྱང་ཆུབ་ལའང་འདོད་པ་མི་བསྐྱེད་པ་འདི་ནི་འདོད་པ་ཆུང་བའོ་ཞེས་འཆད་པར་འགྱུར་རོ། །འདིའི་དགོངས་པ་ནི་རང་གི་དོན་ལྷུར་ལེན་པས་ཞེས་བྱ་བ་ཡིན་ཏེ། དེ་ནི་གཞན་གྱི་དོན་ཕལ་ཆེ་བའི་ཡན་ལག་ཡིན་པས་ཉེ་བར་ལེན་པའི་ཕྱིར་རོ། །འདྲིས་དང་

ཁྱིམ་ལ་འཁྲེན་པ་དང་། །འདུ་འཛིར་འགྱུར་བའི་གནས་དང་ནི། །བདག་བསྟོད་གཞན་ལ་བརྙས་པ་དང་། །མི་དགེའི་ལས་ཀྱི་ལམ་བཅུ་དང་། །རློམ་པས་ཁེངས་དང་ཕྱིན་ཅི་ལོག །ཡིད་གཉིས་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་

དག་འཐོབ། །ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་བཅུ་སྤང་བར་བྱ་སྟེ། འདི་ལྟར་ཁྱིམ་པ་དང་རབ་ཏུ་བྱུང་བ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ཡིན་ནོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །

བསམ་གཏན་ཤེས་རབ་རབ་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་དང་། །བསླངས་ནས་མི་ཞུམ་བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང་། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །ཅེས་བྱ་བ་ནི། བྱང་

Vol. 80 · folio 77b

ཆུབ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། དྲུག་གང་ཞེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་

པ་ཡིན་ནོ། །བདག་དང་སེམས་ཅན་འཛིན་པ་དང་། །སྲོག་དང་གང་ཟག་ཆད་རྟག་དང་། །མཚན་མ་རྒྱུ་དང་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པ་ལ་གནས་དང་ཆགས། །སེམས་ནི་ཀུན་དུ་ཞུམ་པ་དང་། །དཀོན་མཆོག་གསུམ་དང་ཚུལ་

ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང་། །སྟོང་པ་ཉིད་ལ་བརྩོན་པ་དང་། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པ་ལ་ཆོས་ཉི་ཤུ་མི་འབྱུང་སྟེ།

ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །རྣམ་ཐར་སྒོ་གསུམ་ཤེས་པ་དང་། །འཁོར་གསུམ་རྣམ་པར་དག་ཉིད་དང་། །སྙིང་རྗེ་དང་ནི་རློམ་མེད་དང་། །ཆོས་

མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བ་དང་བཟོད་ཤེས་དང་། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །རྟོག་པ་ཀུན་དུ་འཇོམས་པ་དང་། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང་། །ཞི་གནས་ངེས་པར་སེམས་པ་དང་། །ལྷག་མཐོང་ལ་ནི་མཁས་པ་དང་། །སེམས་དུལ་བ་

དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང་། །ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང་། །ཀུན་དུ་བདག་གི་ངོ་བོ་ནི། །སྟོན་པ་ཉིད་དང་ཉི་ཤུའོ། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་པོ་འདི་

ཉིད་ཡོངས་སུ་རྫོགས་པར་བྱེད་དེ། ཉི་ཤུ་གང་ཞེ་ན། སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། མཚན་མ་མེད་པ་སྔོན་དུ་བྱ་བ་དང་། སྨོན་པ་མེད་པ་ཤེས་པར་བྱ་བ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་བརྩེ་བ་དང་ཞེས་བྱ་བ་ལ་སོགས་

Vol. 80 · folio 78a

པ་གང་གསུངས་པ་ཡིན་ནོ། །དེ་ལ་འཁོར་གསུམ་ཡོངས་སུ་དག་པ་ནི་ཇི་སྐད་དུ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཁོར་གསུམ་ཡོངས་སུ་དག་པའོ་ཞེས་འཆད་པར་འགྱུར་བ་ཡིན་ནོ། །རྣམ་པ་

ཐམས་ཅད་དུ་སྒོམ་པ་ཡོངས་སུ་རྫོགས་པ་ལ་དགོངས་པ་ཡིན་ཏེ། ཇི་སྐད་དུ། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འགྲུབ་པའི་དོན་དུ་གནས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །

སེམས་ཅན་ཀུན་ཡིད་ཤེས་པ་དང་། །མངོན་པར་ཤེས་པས་བརྩེ་བ་དང་། །སངས་རྒྱས་ཞིང་བཟང་སྒྲུབ་པ་དང་། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། །དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་། །བསམས་བཞིན་སྲིད་པ་ལེན་པ་དང་། །ལས་ནི་

རྣམ་པ་འདི་བརྒྱད་བཤད། །ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་དང་། གཞན་

ཡང་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བཞི་ཕྲག་གཉིས་སོ་སོར་བྱས་པ་ནི་གང་ཡང་རུང་བའང་ས་དེའི་ཡོངས་སུ་སྦྱོང་བ་ཉིད་ཡིན་པར་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །དེ་ལ་དང་པོའི་སངས་རྒྱས་ཀྱི་ཞིང་ནི་སྣོད་ཀྱི་འཇིག་རྟེན་ཡིན་ཏེ།

གང་གི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡང་དག་པར་བལྟ་བར་བྱ་ཞིང་ཇི་ལྟར་མཐོང་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་སྒྲུབ་པར་འགྱུར་རོ་ཞེས་འཆད་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི་སེམས་ཅན་གྱི་འཇིག་རྟེན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་

ཡོངས་སུ་སྦྱོང་བ་གང་ཞེ་ན། མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་སྦྱོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའོ་ཞེས་འཆད་པར་འགྱུར་བ་ལྟ་བུའོ། །དེ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་ཇི་

Vol. 80 · folio 78b

སྐད་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཏིང་ངེ་འཛིན་གང་ཡིན་པ་སྟེ། ཏིང་ངེ་འཛིན་དེ་ལ་ཡང་དང་ཡང་དུ་སྙོམས་པར་འཇུག་གོ་ཞེས་འཆད་པར་འགྱུར་བ་དང་། ཏིང་ངེ་འཛིན་གང་ཞིག་མི་འཕྲོ་ཞིང་ཉམས་པ་མེད་པ་དེ་ནི་ཞེས་ཀྱང་དེ་དང་དེ་

ནས་གསུངས་པ་ཡིན་ནོ། །སྨོན་ལམ་དང་ནི་མཐའ་ཡས་དང་། །ལྷ་ལ་སོགས་པའི་སྐད་ཤེས་དང་། །སྤོབས་པ་ཆུ་བོ་ལྟ་བུ་དང་། །མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་

རྣམས་དང་། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟར་སྨོན་ལམ་མཐའ་ཡས་པ་ཡོངས་སུ་གཟུང་བ་དང་། ལྷ་ལ་སོགས་

པའི་སྐད་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆོ་འབྲང་ཕུན་སུམ་ཚོགས་པ་ནི་ཇི་སྐད་དུ་ཆོ་འབྲང་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བྱུང་བར་གྱུར་པ་འདི་ནི་ཆོ་འབྲང་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་འཆད་པར་འགྱུར་བ་དང་། འཕགས་པ་

བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་རིགས་ལས་ཡོངས་སུ་འདས་པའོ་ཞེས་བཤད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བརྙེས་པའི་སྟོབས་ལ་

སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་པ་ལ་དགོངས་པ་ཡིན་ནོ། །སྡེ་པ་གཞན་དག་ལས་ཀྱང་དེ་བཞིན་གཤེགས་པ་ཞེས་བརྗོད་པར་བྱའི། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ནི་བརྗོད་པར་མི་བྱའོ་ཞེས་བཤད་དོ། །ས་བཅུ་པ་ཡང་། ས་དགུ་

འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ལ། ས་དགུ་པོ་དེ་དག་ཀྱང་འདི་དག་ཡིན་ཏེ། འདི་ལྟ་སྟེ། ཉན་ཐོས་ལ་སོགས་པའི་མཚན་ཉིད་ནི་རིགས་ཀྱི་སའོ། །འབྲས་བུ་དང་

Vol. 80 · folio 79a

པོ་ལ་ཞུགས་པ་ནི་བརྒྱད་པའི་སའོ། །རྒྱུན་དུ་ཞུགས་པ་ནི་མཐོང་བའི་སའོ། །ལན་ཅིག་ཕྱིར་འོང་བ་ནི་བསྲབས་པའི་སའོ། །ཕྱིར་མི་འོང་བ་ནི་འདོད་ཆགས་དང་བྲལ་བའི་སའོ། །དགྲ་བཅོམ་པ་ཉིད་ནི་བྱས་པ་རྟོག་པའི་སའོ། །ཉན་ཐོས་ཀྱི་ས་ནི་ཐེག་པ་

གསུམ་གསལ་བར་རྣམ་པར་གཞག་པ་ལ་དགོངས་ཏེ། ཇི་སྐད་དུ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ཞེས་བྱ་བ་འདི་ནི་ས་རྣམ་པར་གཞག་པའི་ཚིག་བླ་དགས་སོ། །ཞེས་གསུངས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ས་ནི་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའི་རང་སངས་རྒྱས་

རྣམས་སོ། །བྱང་ཆུབ་སེམས་དཔའི་ས་ནི་ཇི་སྐད་དུ་བཤད་པ་རྣམ་པ་དགུ་པོ་ཉིད་དོ། །དེས་ན་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སྤྱོད་པའི་

ཚེ། རིགས་ཀྱི་ས་དང་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ནས་སངས་རྒྱས་ཀྱི་ས་ལ་གནས་པ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་པའོ་ཞེས་གསུངས་པ་ཡིན་ནོ། །ས་འདི་རྣམས་ཡོངས་སུ་སྦྱང་བར་བྱེད་

པའི་ཆོས་བསམ་པ་ལ་སོགས་པ་ཇི་སྐད་བསྟན་པ་རྣམས་ཀྱི་རང་གི་མཚན་ཉིད་བསྟན་པ་ནི་མདོ་ཉིད་ལ་ཡོད་པས་མ་སྨྲས་སོ། །དེ་ལྟར་བྱས་ན། གནས་བརྟན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་

གང་ལགས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སའི་ཚོགས་བཤད་ཟིན་ཏོ།། །།གཉེན་པོའི་ཚོགས་བརྗོད་པར་བྱ་བ་ཡིན་པས་ན། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་

པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་བྱ་བ་གསུངས་སོ། །དེ་ལ་རྣམ་པར་རྟོག་པ་བརྒྱད་ནི་འདི་དག་ཡིན་ཏེ། རེ་ཞིག་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་ནི་བཞི་པའོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་

Vol. 80 · folio 79b

དང་། གཉེན་པོ་ལ་བརྟེན་པའོ། །འཛིན་པའི་རྣམ་པར་རྟོག་པ་ནི་གཉིས་ཏེ། གང་ཟག་རྫས་སུ་ཡོད་པ་ལ་བརྟེན་པ་དང་། སྐྱེས་བུ་བཏགས་པའི་རྟེན་ཅན་ནོ། །བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱང་རྣམ་པ་བཞི་པོ་ཉིད་ཡིན་ཏེ། དངོས་པོ་ཙམ་གྱི་རྣམ་པ་ལ་བརྟེན་པ་

དང་། གཉེན་པོའི་རྣམ་པ་ལ་བརྟེན་པ་ཞེས་བྱ་བ་གཟུང་བའི་རྣམ་པར་རྟོག་པ་རྣམ་པ་གཉིས་དང་། འཕགས་པའི་གང་ཟག་ཐམས་ཅད་དུ་བཏགས་པ་ལ་བརྟེན་པ་དང་། བཏགས་པ་དེའི་རྒྱུ་མཚན་མ་ལ་བརྟེན་པས་འཛིན་པའོ། །རྣམ་པར་རྟོག་པའང་རྣམ་པ་གཉིས་ཏེ། དེ་ལྟར་

ན་ཁམས་གསུམ་པའི་རྣམ་པར་རྟོག་པ་ནི་རྣམ་པ་འདི་བརྒྱད་ཡིན་ནོ། །དེ་བས་ན་དྲིས་པ་གསུམ་པའི་དབང་དུ་མཛད་ནས། རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་དེ་གང་ནས་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་དེ་དམིགས་པའི་ཚུལ་གྱིས་ཁམས་གསུམ་ནས་འབྱུང་བར་འགྱུར་

ཞིང་། གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐེག་པ་ཆེན་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་གཉིས་ཀ་ལྡན་པའང་མ་ཡིན་མི་ལྡན་པའང་མ་

ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་མཐོང་བའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའི་དབང་དུ་མཛད་ནས། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་རྣམས་དང་། ནམ་མཁའ་དང་། སྤངས་

པ་དང་། འདོད་ཆགས་དང་བྲལ་བའི་དབྱིངས་རྣམས་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དག་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམས་ལ་ངེས་པར་འབྱུང་བ་མི་འཐད་པ་ཉིད་ཀྱིས་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བ་འདོད་པ་བཀག་

པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་དེ་རྣམས་ཀྱིས་སྟོང་པ་ཉིད་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་ལ་ཁམས་གསུམ་ནས་ངེས་པར་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་བཀག་པ་དང་། རྨི་ལམ་

Vol. 80 · folio 80a

དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྒྲ་བརྙན་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པ་རྣམས་སྔ་མ་བཞིན་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་རང་བཞིན་ལ་ཁམས་གསུམ་ནས་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་

གནས་པ་བཀག་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་ཉིད་ནི་དེ་རྣམས་ཀྱིས་སྟོང་པ་ཡིན་པའི་ཕྱིར་ཞེས་བྱ་བས་གསུངས་པ་ཡིན་ནོ། །མཐོང་བའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས། ཕ་རོལ་ཏུ་ཕྱིན་པ་རྣམས་ནི་སྔ་མ་དང་འདྲ་

བ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་ཉིད་ནི་སྔ་མ་བཞིན་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་ཉིད་ནི་དེས་སྟོང་པ་ཡིན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་

བརྒྱད་ཀྱི་བར་ནི་སྔ་མ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་ཉིད་སྔ་མ་བཞིན་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་ཉིད་ནི་དེས་སྟོང་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །མཐོང་བའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའི་

དབང་དུ་མཛད་ནས། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྔ་མ་བཞིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་དེ་རྣམས་ཀྱིས་སྟོང་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་ན།

དེ་རྣམས་ཀྱི་སྟོང་པ་ཉིད་ལ་སྔ་མ་བཞིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་ཉིད་ནི་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ནི་དེས་

སྟོང་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །མཐོང་བའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས། མིང་དང་། མཚན་མ་དང་། བརྡ་དང་། ཐ་སྙད་ཀྱིས་གདགས་པ་རྣམས་ནི་སྔ་མ་བཞིན་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་

Vol. 80 · folio 80b

ནི་དེ་རྣམས་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་ལ་སྔ་མ་བཞིན་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་ཉིད་ནི་དེས་སྟོང་པ་ཉིད་ཡིན་པ་དང་། དེ་བཞིན་དུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་

མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་རྣམས་ཀྱི་ངོ་བོ་ཉིད་ནི་དེས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །དེ་ལ་མིང་གི་གདགས་པ་ནི་འདུ་ཤེས་དང་། གཟུགས་དང་། ཚོར་བ་ཞེས་བྱ་བ་ལ་སོགས་པའོ། །

མཚན་མའི་གདགས་པ་ནི་གཟུགས་སུ་རུང་བའི་དངོས་པོ་ནི་གཟུགས་སོ་ཞེས་བྱ་བ་ལ་སོགས་པའོ། །བརྡའི་གདགས་པ་ནི་ཁམས་དང་། འགྲོ་བ་དང་། སྐྱེ་གནས་དང་། སྐྱེ་བའི་དབྱེ་བས་སེམས་ཅན་རྣམས་ཀྱི་སྒྲ་ཇི་ལྟ་བ་བཞིན་བརྡར་གྲགས་པའོ། །རྣམ་པ་གསུམ་པོ་འདི་

ཐམས་ཅད་ཀྱང་ཐ་སྙད་ཀྱིས་གདགས་པ་ཡིན་ཏེ། དེ་ལྟ་བུ་ནི་འདིར་ཐ་སྙད་ཙམ་ཡིན་པས་དོན་དམ་པར་སྟོང་པའི་ཕྱིར་རོ། །བསྒོམ་པའི་ལམ་གྱི་གཟུང་བའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའི་དབང་དུ་མཛད་ནས། དྲིས་པ་བཞི་པའི་དབང་དུ་མཛད་དེ། རབ་འབྱོར་གཞན་ཡང་

ཁྱོད་ཀྱིས་གང་འདི་སྐད་དུ་ཐེག་པ་དེ་གང་དུ་གནས་པ་འགྱུར། ཞེས་ཟེར་བ་ནི། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་འོན་ཀྱང་ཐེག་པ་དེ་ནི་མི་གནས་པའི་ཚུལ་གྱིས་

གནས་པར་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཀྱི་དབྱིངས་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ལ་ཡང་གནས་པ་དང་མི་

གནས་པ་བཀག་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་དེ་རྣམས་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་སྟོང་པ་ཉིད་ལ་གནས་པ་དང་མི་གནས་པ་བཀག་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱི་ངོ་བོ་ཉིད་ནི་དེས་སྟོང་པ་ཉིད་ཡིན་པའི་ཕྱིར་

Vol. 80 · folio 81a

རོ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །དེ་ལ་འདིའི་རྟེན་གནས་ཡོད་པ་མ་ཡིན་པས་ན་གནས་པ་མེད་པ་སྟེ་ཆོས་ཀྱི་དབྱིངས་སོ། །དེ་ལ་གནས་པ་དང་ལྡན་པ་མེད་པས་ན་མི་གནས་པའི་ཚུལ་གྱིས་གནས་པར་འགྱུར་བ་ཡིན་ནོ། །བསྒོམ་པའི་ལམ་གྱི་གཟུང་

བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་དྲིས་པ་ལྔ་པའི་དབང་དུ་བྱས་ཏེ། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་སུ་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་ནི་ཐེག་པ་དེས་སུ་འང་འབྱུང་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་། གང་ངེས་པར་འབྱུང་བར་འགྱུར་བ་དང་། གང་གིས་ངེས་པར་འབྱུང་བར་འགྱུར་བ་དང་། གང་ནས་ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། དེ་ལྟར་ཆོས་ཐམས་ཅད་མེད་ཅིང་མི་

དམིགས་པ་ལ་ཆོས་གང་ཞིག་ཆོས་གང་གིས་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་མི་དམིགས་པ་དང་། འདིར་ཤིན་ཏུ་རྣམ་པར་དག་པ་སྨོས་པ་ནི་

བསྒོམ་པའི་ལམ་ལ་ཡང་ཕྱིས་བྱ་བའི་མཚན་མ་མེད་པ་ཉིད་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་སོགས་པ་དང་། ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི་དམིགས་པ་ཉིད་ཅེས་བྱ་བ་དང་། གང་ཞིག་དམིགས་

སུ་མེད་པས་ཐམས་ཅད་མི་དམིགས་ཤེ་ན། རང་རང་གི་རང་གི་ངོ་བོ་དམིགས་སུ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་དམིགས་སུ་མེད་པས་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཐམས་ཅད་དེར་དམིགས་སུ་མེད་པས་མི་དམིགས་པ་

ཉིད་ཅེས་བྱ་བ་གང་གསུངས་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོའི་དབང་དུ་མཛད་ནས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པ་ལ་སོགས་པ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་མི་དམིགས་ཞེས་བྱ་བ་དང་།

Vol. 80 · folio 81b

གང་ཞིག་དམིགས་སུ་མེད་པས་མི་དམིགས་ཤ་ན། རང་རང་གི་རང་བཞིན་དམིགས་སུ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་དུ་ཞུགས་པ་དམིགས་སུ་མེད་པས་ཞེས་བྱ་བ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་ཐམས་ཅད་དམིགས་སུ་མེད་པས་མི་

དམིགས་སོ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །དོན་ཅི་ཞིག་ཡིན་ཞེ་ན། ཤེས་བྱའི་རང་གི་ངོ་བོ་ནི་ཤེས་པའི་དབང་གིས་ཡོངས་སུ་གཅོད་པ་ཡིན་ལ། སངས་རྒྱས་ལ་སོགས་པའི་རང་བཞིན་དུ་གྱུར་པའི་རྒྱུད་ཀྱང་ཇི་ལྟ་བ་བཞིན་དུ་གྱུར་པའི་ཤེས་པ་དམིགས་པའི་སྤྱོད་ཡུལ་

དུ་གྱུར་པ་ཡིན་པ་དེས་ན་དེ་རྣམས་མི་དམིགས་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མི་དམིགས་པ་ཉིད་ཀྱིས་མེད་པའི་ཕྱིར་རོ་ཞེས་གསུང་བར་འགྱུར་རོ། །བསྒོམ་པའི་ལམ་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས། རྒྱུན་དུ་ཞུགས་པ་ལ་

སོགས་པའི་འབྲས་བུ་རྣམས་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་དང་། དཀར་པོ་རྣམ་པར་མཐོང་བ་དང་། རིགས་དང་། བརྒྱད་པ་དང་། མཐོང་བ་དང་། བསྲབས་པ་དང་། འདོད་ཆགས་དང་བྲལ་བ་དང་། བྱས་པ་རྟོགས་པ་དང་། རང་སངས་རྒྱས་ཀྱི་ལམ་

དང་། འབྲས་བུར་གྱུར་པ་དང་། འབྲས་བུ་དང་ལམ་དུ་གྱུར་པ་འཕགས་པའི་གང་ཟག་ཐམས་ཅད་རབ་ཏུ་གདགས་པའི་རྒྱུ་མཚན་དུ་གྱུར་པ་རྣམས་མི་དམིགས་པ་ཉིད་ཅེས་བྱ་བས་གང་གསུངས་པ་ཡིན་ནོ། །སྙིང་རྗེ་ལ་སོགས་པ་ཆོས་འདི་དག་ནི་རྫོགས་པའི་བྱང་ཆུབ་ཡང་དག་

པར་འགྲུབ་པར་བྱེད་པའི་ངོ་བོའི་དོན་གྱིས་ན་ཚོགས་ཞེས་བརྗོད་དོ། །ཚོགས་ཀྱི་སྒྲུབ་པ་བཤད་ཟིན་ཏོ།། །།ངེས་པར་འབྱུང་བའི་སྒྲུབ་པ་བཤད་པར་བྱ་སྟེ། དེའང་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ནས་བརྩམས་ཏེ། ལམ་གྱི་ངེས་པར་འབྱུང་བའི་བར་དུ་རྣམ་

པ་བརྒྱད་དུ་འགྱུར་བ་ཡིན་ནོ། །དེ་བས་ན། ཆེད་དུ་བྱ་དང་མཉམ་ཉིད་དང་། །སེམས་ཅན་དོན་དང་འབད་མེད་དང་། །མཐའ་འདས་ངེས་པར་འབྱུང་བ་དང་། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང་། །རྣམ་པ་ཀུན་མཁྱེན་ཉིད་དུ་དང་། །ངེས་འབྱུང་ལམ་གྱི་ཡུལ་ཅན་ཏེ། །

Vol. 80 · folio 82a

རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ཆེད་དུ་བྱ་བའི་ངེས་པར་འབྱུང་བ་ནི་གསུམ་སྟེ། མཆོག་ཉིད་ཀྱི་ངེས་པར་འབྱུང་བ་དང་། སྤངས་པའི་ངེས་པར་འབྱུང་བ་དང་། རྟོགས་པའི་ངེས་པར་

འབྱུང་བའོ། །གང་གི་ཕྱིར་མཆོག་ཉིད་ཀྱི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་གསུངས་པ་ནི། གང་གི་ཕྱིར་འདི་ལྟར་དེ་དང་དེ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་དེ་ནི་གོ་ཆ་ཆེན་པོ་བགོས་པ་ལགས་སོ་ཞེས་བྱ་བས་གོ་ཆའི་སྒྲུབ་པའི་ཆེན་པོ་ཉིད་དང་། ཐེག་པ་ཆེན་པོ་ལ་

ཡང་དག་པར་ཞུགས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བས་འཇུག་པའི་སྒྲུབ་པའི་ཆེན་པོ་ཉིད་དང་། ཅིའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཞེས་བརྗོད་ཅེས་བྱ་བས་ཚོགས་ཀྱི་སྒྲུབ་པའི་ཆེན་པོ་ཉིད་དེ། འདིའི་ཆེན་པོ་ཉིད་རྣམ་པ་གསུམ་པོ་འདི་དང་འདི་ཡིན་པ་དེ་བས་ན་

འདི་ནི་ངེས་པར་འབྱུང་བའི་སྒྲུབ་པ་ལས་བརྩམས་པར་འཐད་པ་ཡིན་ནོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་འབྱུང་བར་འགྱུར་ཞེས་གནས་བརྟན་རབ་འབྱོར་གྱིས་ངེས་པར་འབྱུང་

བའི་སྒྲུབ་པ་བསྟན་པ་དང་། བསྟན་པ་དེ་ལ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་

ཀྱི་ཆོས་རྣམས་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་རྣམས་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་ངེས་པར་འབྱིན་པའི་ཐེག་པ་ཆེན་པོ་ཡིན་པར་ཞལ་གྱིས་བཞེས་ནས་བརྩམས་ཏེ། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་

པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་ནི། རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ན་བདེན་པ་དང་། ཡང་དག་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་

Vol. 80 · folio 82b

པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཞིང་འབྱུང་བར་མི་འགྱུར་བ་ཞིག་ན་ཞེས་བྱ་བ་སྟེ། དེ་ལ་དམིགས་པར་བྱ་བ་དང་།

དམིགས་པ་པོ་དང་གཉིས་ཀའི་དབང་དུ་མཛད་ནས། ཚིག་དང་པོ་དང་བཞི་པ་དང་བདུན་པ་རྣམས་ཡིན་ལ། དང་པོ་དང་གཉིས་པའི་ངེས་པར་བསྟན་པ་ནི་ཚིག་གཉིས་གཉིས་ཡིན་ཞིང་། དེ་ནས་ཡང་གསུམ་པོ་དེ་རྣམས་ཉིད་ཀྱི་དབང་དུ་བྱས་ནས་ཚིག་གསུམ་ཡིན་ནོ། །དེ་ལྟར་དམིགས་པ་

ལ་སོགས་པ་དེ་རྣམས་ཉིད་ཀྱི་མཉམ་པ་ཉིད་དུ་ངེས་པར་འབྱུང་བ་ལས་མི་འགྱུར་བའི་ཆོས་ཉིད་ལ་ནི་ཚིག་བཅུ་གཅིག་པ་ཡིན་པར་ཤེས་པར་བྱའོ། །གང་གི་ཕྱིར་རབ་འབྱོར་འདོད་པའི་ཁམས་རྣམ་པར་བཏགས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པའི་མ་རིག་པས་སོ། །རྣམ་

པར་བསྒྲུབ་པ་ཞེས་བྱ་བ་ནི་དེའི་རྐྱེན་དུ་གྱུར་པའི་འདུ་བྱེད་རྣམས་ཀྱིས་སོ། །བསྟན་པ་ཞེས་བྱ་བ་ནི་སྲེད་པ་དང་ལེན་པ་དང་སྲིད་པའི་སྟོབས་ཀྱིས་བྱུང་བ་ཡིན་པ་དེ་བས་ན་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་

རོ། །དོན་ཅི་ཡིན་ཞེ་ན། ཐེག་པ་ཆེན་པོ་ནི་འཇིག་རྟེན་ན་གྲགས་པ་ཙམ་གྱི་དོན་ཇི་ལྟ་བ་ཉིད་ཡང་དག་པར་རྟོགས་པའི་འབྲས་བུ་ཅན་ཡིན་ཏེ། དེ་ལ་མངོན་པར་ཞེན་པ་ནི་འཆིང་བ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཐེག་པ་ཆེན་པོ་གཉེན་པོར་སྒོམ་པ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་

ཡིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་དག་དང་། ཕུང་པོ་ལ་སོགས་པ་རྣམས་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དག་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་དངོས་པོ་དང་

དངོས་པོ་མེད་པ་བཀག་པར་གསུངས་པ་ནི་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་ཡིན་ཏེ། ཕྱི་མ་དག་ཏུ་འང་ཁས་བླང་བར་བྱ་བ་ཡིན་ནོ། །སྤངས་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་གསུངས་པ་ནི། རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་སའི་ཆོས་ནས་སངས་རྒྱས་ཀྱི་ཆོས་རྣམས་

Vol. 80 · folio 83a

ཀྱི་བར་དང་། རིགས་ཀྱི་སའི་གང་ཟག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་ཡིན་ཏེ་ཞེས་བྱ་བ་སྔ་མ་བཞིན་སྦྱར་བས་ཡིན་ནོ། །རྟོག་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་

གསུངས་པ་ནི། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་བསྐྱེད་པ་ཇི་སྙེད་ཅིག་འབྱུང་བ་གང་ཡིན་པ་དེ་དག་སྔ་མ་བཞིན་པ་དང་། རྡོ་རྗེ་ལྟ་བུའི་ཡེ་ཤེས་སྔ་མ་བཞིན་པ་དང་། བག་ཆགས་ཀྱི་མཚམས་སྦྱར་བའི་ཉོན་མོངས་པ་ཐམས་ཅད་

སྤངས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་ཉིད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྔ་མ་བཞིན་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་སངས་རྒྱས་ཀྱི་གཟི་བརྗིད་དང་དཔལ་གྱི་ཟིལ་གྱིས་མནན་ཏེ་མཛེས་

པ་ཉིད་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་སྔ་མ་བཞིན་ཏེ། སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རང་གི་སྐུའི་འོད་ཀྱིས་རྒྱས་པར་འགེངས་པར་མཛད་པ་དང་། གསུང་ཡན་ལག་དྲུག་ཅུ་དང་ལྡན་

པའང་སྔ་མ་བཞིན་ཏེ། སངས་རྒྱས་ཀྱི་ཕྱོགས་བཅུ་རེ་རེ་ཞིང་ཚད་མེད་ཅིང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་གསུང་གིས་གོ་བར་མཛད་པས་སོ། །དེ་ལ་གསུང་གི་ཡན་ལག་དྲུག་ཅུ་དང་ལྡན་པ་ནི་སངས་རྒྱས་ཀྱི་གསུང་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་

གྱི་ཁམས་ཀྱི་དགེ་བའི་རྩ་བ་ཉེ་བར་སྟོན་པར་མཛད་པའི་ཕྱིར་གཉེན་པོའོ། །མཐོང་བའི་ཆོས་ཉིད་ལ་བདེ་བ་ལ་རེག་པའི་ཕྱིར་འཇོམ་པའོ། །དོན་བཟང་བའི་ཕྱིར་ཡིད་དུ་འོང་བའོ། །ཡི་གེ་བཟང་བའི་ཕྱིར་ཡིད་དུ་འཐད་པའོ། །འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལས་ཐོབ་པ་

ཡིན་པའི་ཕྱིར་དག་པའོ། །ཉོན་མོངས་པའི་བག་ལ་ཉལ་གྱི་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རབ་ཏུ་གསལ་བའོ། །མུ་སྟེགས་ཅན་བློ་ངན་པ་ཐམས་ཅད་ཀྱི་ལྟ་བ་རྣམ་པར་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་

Vol. 80 · folio 83b

པའི་ཕྱིར་སྙན་ཞིང་འཇེབས་པའོ། །སྒྲུབ་པས་ངེས་པར་འབྱུང་བ་དང་ལྡན་པའི་ཕྱིར་ན་ཉན་པར་འོས་པའོ། །ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར་མི་ཚུགས་པའོ། །ཐམས་ཅད་དགའ་བར་བྱེད་པའི་ཕྱིར་སྙན་པའོ། །འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་

དུལ་བའོ། །བསླབ་པ་བཅས་པའི་ཐབས་བདེ་བའི་ཕྱིར་མི་རྩུབ་པའོ། །དེ་ལས་འདས་ན་ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་མི་བརླང་བའོ། །ཐེག་པ་གསུམ་ཆར་གྱི་འདུལ་བ་སྟོན་པའི་ཕྱིར་རབ་ཏུ་དུལ་བའོ། །རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་

རྣར་སྙན་པའོ། །ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་ལུས་ཚིམ་པར་བྱེད་པའོ། །ལྷག་མཐོང་གིས་རབ་ཏུ་དགའ་བ་བསྐྱེད་པར་མཛད་པའི་ཕྱིར་སེམས་ཚིམ་པར་བྱེད་པའོ། །ཐེ་ཚོམ་གཅོད་པར་མཛད་པའི་ཕྱིར་སྙིང་དགའ་བར་བྱེད་པའོ། །ལོག་པ་དང་མ་ངེས་པ་སེལ་བའི་ཕྱིར་དགའ་བ་དང་

བདེ་བ་བསྐྱེད་པའོ། །སྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་བ་མེད་པའོ། །ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་ཀུན་ཤེས་པར་བྱ་བའོ། །བསམ་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རྣམ་པར་རིག་པར་བྱ་

བའོ། །སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་བར་ཆོས་སྟོན་པར་མཛད་པའི་ཕྱིར་རྣམ་པར་གསལ་བའོ། །རང་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་དགའ་བར་བྱེད་པའོ། །རང་གི་དོན་མ་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བའི་ཕྱིར་མངོན་པར་དགའ་བར་བྱ་བའོ། །བསམ་

གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཀུན་ཤེས་པར་བྱེད་པའོ། །བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རྣམ་པར་རིག་པར་བྱའོ། །ཚད་མ་དང་མི་འགལ་བའི་ཕྱིར་རིགས་པའོ། །གདུལ་བྱ་རྣམས་ལ་ཇི་ལྟར་རིགས་པར་

སྟོན་པར་མཛད་པའི་ཕྱིར་འབྲེལ་པའོ། །དོན་མེད་པར་མི་གསུང་བའི་ཕྱིར་ཟློས་པའི་སྐྱོན་མེད་པའོ། །མུ་སྟེགས་བྱེད་ཀྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་ཕྱིར་སེང་གེའི་སྒྲའི་ཤུགས་སོ། །གསུང་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་གླང་པོ་ཆེའི་སྒྲ་སྐད་དོ། །ཟབ་པ་ཉིད་ཀྱི་ཕྱིར་འབྲུག་གི་སྒྲ་

Vol. 80 · folio 84a

དབྱངས་སོ། །གཟུང་བར་འོས་པའི་ཕྱིར་ཀླུའི་དབང་པོའི་སྒྲའོ། །སྒྲ་དབྱངས་ཤིན་ཏུ་སྙན་པའི་ཕྱིར་དྲི་ཟའི་གླུ་དབྱངས་སོ། །རྣོ་བ་དང་འཇེབས་པའི་ཕྱིར་ཀ་ལ་པིང་ཀའི་སྒྲ་དབྱངས་སོ། །ཐག་རིང་དུ་གྲགས་པའི་ཕྱིར་ཚངས་པའི་སྒྲ་དབྱངས་བསྒྲགས་པའོ། །

གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་ཤེས་པའི་ཕྱིར་ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པའོ། །དེ་ལ་སྒྲ་སྨོས་པ་ནི་དོན་སྟོན་པའི་མཚན་ཉིད་ཀྱི་སྒྲ་ཡིན་པར་གོ་བར་བྱ་བའི་དོན་ཏོ། །དབྱངས་སྨོས་པ་ནི་དེ་དང་དེའི་བརྡ་གོ་བར་བྱ་བའི་དོན་ཏོ། །གྲགས་པ་སྨོས་པ་ནི་སྒྲ་དེ་དང་

དེའི་བརྡ་རྗེས་སུ་སྒྲོགས་པར་བྱེད་པའི་དོན་ཡིན་ནོ། །འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ལྷའི་དབང་པོའི་དབྱངས་ལྟར་སྙན་པའོ། །བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བའི་ཕྱིར་རྔའི་སྒྲའོ། །བསྟོད་པས་ཀུན་ནས་ཉོན་མོངས་པ་མི་མངའ་བའི་

ཕྱིར་མ་ཁེངས་པའོ། །སྨད་པས་ཞུམ་པ་མི་མངའ་བའི་ཕྱིར་མི་དམའ་བའོ། །སྒྲའི་བསྟན་བཅོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་ཡིན་པའི་ཕྱིར་སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའོ། །བསྙེལ་ཏེ་གསུང་བ་མི་མངའ་བའི་ཕྱིར་

ཚིག་ཟུར་ཆགས་པ་མེད་དོ། །གདུལ་བྱ་རྣམས་ཀྱི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པར་མཛད་པའི་ཕྱིར་མ་ཚང་བ་མེད་པའོ། །རྙེད་པ་དང་བཀུར་སྟི་ལ་མི་བརྟན་པའི་ཕྱིར་མ་ཞུམ་པའོ། །བསྙེངས་པ་དང་བྲལ་བའི་ཕྱིར་མི་ཞན་པའོ། །སྐྱོ་བ་མེད་པའི་ཕྱིར་རབ་ཏུ་དགའ་

བའོ། །རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་ཁྱབ་པའོ། །སེམས་ཅན་རྣམས་ཀྱི་དོན་དེ་དག་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་ཐབ་མེད་པའོ། །རྒྱུན་ཆད་པ་མེད་པའི་ཕྱིར་རྒྱུན་ཆགས་པའོ། །རྣམ་པ་སྣ་ཚོགས་སུ་(ཉ་‚ཉེ་)བར་གནས་པའི་ཕྱིར་བརྗིད་

པའོ། །གསུང་གཅིག་ལ་སྒྲའི་རྣམ་པ་དུ་མར་གནས་པའི་ཕྱིར་སྒྲ་ཐམས་ཅད་རྫོགས་པར་བྱེད་པའོ། །གཅིག་ལས་དོན་དུ་མའི་རྣམ་པར་རིག་པར་ཉེ་བར་གནས་པའི་ཕྱིར་དབང་པོ་ཐམས་ཅད་ཚིམ་པར་བྱེད་པའོ། །ཇི་ལྟར་དམ་བཅས་པ་བཞིན་དུ་མཛད་པའི་ཕྱིར་མ་སྨད་པའོ། །ཐོབ་

Vol. 80 · folio 84b

པའི་དུས་སུ་རབ་ཏུ་སྦྱོར་བའི་ཕྱིར་མི་འགྱུར་བའོ། །རྟབ་རྟབ་པོར་མི་གསུང་བའི་ཕྱིར་མ་བརྟབས་པའོ། །འཁོར་ཐག་རིང་བ་དང་ཉེ་བར་མཚུངས་པར་ཐོས་པའི་ཕྱིར་འཁོར་ཀུན་ཏུ་གྲགས་པའོ། །འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་སྒྱུར་བའི་ཕྱིར་རྣམ་པ་ཐམས་

ཅད་ཀྱི་མཆོག་དང་ལྡན་པའོ་ཞེས་འཕགས་པ་ཐོགས་མེད་གསུང་ངོ་། །ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་དང་དངོས་པོ་དང་དངོས་པོ་མེད་པ་བཀག་པ་གསུངས་པའི་ཕྱིར་ན། དེ་བཞིན་གཤེགས་པས་སྔར་མ་བསྐོར་བའི་ཆོས་ཀྱི་འཁོར་

ལོ་བསྐོར་བས་སོ། །དེ་ལ་ལན་གསུམ་དུ་བཟླས་པ་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཡོངས་སུ་ཤེས་པར་བྱ་བའོ། །ཡོངས་སུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདི་རྣམས་རེ་རེ་ལ་མིག་དང་། ཤེས་པ་དང་། རིག་པ་དང་། བློ་སྐྱེས་སོ་ཞེས་

བྱ་བ་ནི་རྣམ་པ་བཅུ་གཉིས་ཡིན་ནོ། །དེ་ལྟར་བདེན་པ་སོ་སོར་གསུམ་དང་བཅུ་གཉིས་སུ་ཆོས་མཐུན་པས་ན་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་དང་ལྡན་པ་ཞེས་གསུངས་པ་ཡིན་ནོ། །དེ་ལ་མིག་ནི་སངས་རྒྱས་ཀྱི་སྤྱན་གྱིས་བསྡུས་པའོ། །ཤེས་པ་ནི་རྣམ་པར་མི་རྟོག་

པའི་ཡེ་ཤེས་ཀྱིས་བསྡུས་པའོ། །རིག་པ་ནི་མི་སློབ་པའི་རིག་པས་བསྡུས་པ་ཉིད་དོ། །བློ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསྡུས་པ་ཉིད་དོ། །སེམས་ཅན་གང་གི་དོན་དུ་དེ་བསྐོར་བ་ནི་དེ་རྣམས་དངོས་པོ་དང་དངོས་པོ་མེད་པ་དགག་པ་རྗེས་སུ་ཤེས་པ་ལས་སེམས་ཅན་

རྣམས་དུས་གསུམ་དུ་ཕུང་པོ་ལྷག་མ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་དངོས་པོ་ནི་གང་ཞིག་ལགས། དངོས་པོ་མེད་པ་ནི་གང་ཞིག་ལགས། རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་མེད་པ་ནི་དངོས་པོ་མེད་པའོ་ཞེས་

གསུངས་པ་ཡིན་ནོ། །མཉམ་པ་ཉིད་ཀྱིས་ངེས་པར་འབྱུང་བའི་དབང་དུ་མཛད་ནས་གསུངས་པ་ནི། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི་ཞེས་བྱ་བ་ཡིན་ཏེ། ནམ་མཁའ་དཔེར་བྱས་པས་ནི་དེ་ཁྱབ་པ་ཉིད་ཀྱིས་

Vol. 80 · folio 85a

ཕྱོགས་སུ་བཏགས་པའི་རྒྱུ་མཚན་མུ་མཚམས་ཀྱི་དངོས་པོ་དང་བྲལ་བའི་ཕྱིར། ཐེག་པ་ཆེན་པོ་ལ་ཕྱོགས་སུ་འདོད་པ་བཀག་པ་དང་། དེ་གཟུགས་ཅན་མ་ཡིན་པའི་ཕྱིར་རིང་པོ་དང་ཐུང་ངུ་ལ་སོགས་པའི་དབྱིབས་དང་སྔོན་པོ་དང་སེར་པོ་ལ་སོགས་

པའི་ཁ་དོག་གི་གཟུགས་དང་དུས་གསུམ་བཀག་པ་དང་། དེ་ལ་མཚན་ཉིད་གཞན་དུ་འགྱུར་བ་མེད་པའི་ཕྱིར་འགྲིབ་པ་དང་འཕེལ་བ་བཀག་པ་དང་། དེ་རང་བཞིན་གྱིས་རྣམ་པར་དག་པའི་མཚན་ཉིད་ཡིན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་

དང་། སྐྱེ་བ་དང་། འགག་པ་དང་། གནས་པ་དང་། གནས་པ་དང་བྲལ་བ་དང་། གནས་པ་ལས་གཞན་དུ་འགྱུར་བ་བཀག་པ་སྟེ། དེ་ལ་མེད་པ་ལས་བྱུང་བ་ནི་སྐྱེ་བའོ། །བྱུང་ནས་མེད་པ་ནི་འགག་པའོ། །རྒྱུན་འདྲ་བ་ནི་གནས་པའོ། །མི་འདྲ་བ་ནི་གནས་པ་དང་བྲལ་

བའོ། །རྒྱུན་གཞན་དུ་གྱུར་པ་ནི་གནས་པ་ལས་གཞན་དུ་འགྱུར་བའོ། །དེའི་ངོ་བོ་དང་ཀུན་ནས་བསླང་བ་དང་། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་བཀག་པ་དང་། དེ་དབང་པོའི་ཡུལ་ལས་འདས་པའི་ཕྱིར་མཐོང་བ་དང་། ཐོས་

པ་དང་། དྲན་པ་དང་། རིག་པ་དང་། རྣམ་པར་ཤེས་པ་རྣམས་དང་། ཤེས་པར་བྱ་བ་དང་། ཀུན་ཤེས་པར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་རྣམས་བཀག་པ་སྟེ། དེ་ལ་ཤེས་པར་བྱ་བ་ནི་ཐམས་ཅད་ཤེས་པ་ཉིད་དེ། དེ་ནི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་

བར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་ཤེས་པར་བྱ་བ་ནི་ལམ་ཤེས་པ་ཉིད་དེ། དེ་ནི་སངས་རྒྱས་པ་ཉིད་ཀྱི་བར་དུ་ཀུན་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡོངས་སུ་ཤེས་པར་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ནི་ཐམས་ཅད་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར་

ཏེ། ཐེག་པ་ཆེན་པོ་ལ་ཚར་གཅད་པ་མེད་པའི་ཕྱིར་རོ། །དེ་འཇུག་པ་དང་ལྡོག་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར། ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བ་རྣམས་བཀག་པ་དང་། དེ་ལ་རྒྱུ་འབྲས་ཀྱི་འབྲེལ་

Vol. 80 · folio 85b

པ་འགལ་བའི་ཕྱིར། རྣམ་པར་སྨིན་པ་དང་། དེའི་ཆོས་ཅན་དག་བཀག་པ་དང་། དེ་ཁམས་གསུམ་པ་དང་མི་ལྡན་པའི་ཕྱིར། འདོད་པ་ལ་སོགས་པའི་ཁམས་སུ་རྟོག་པ་ཡིན་པ་ཉིད་བཀག་པ་དང་། དེ་རྣམ་པར་རིག་པའི་མཚན་ཉིད་མ་ཡིན་པའི་ཕྱིར། ནམ་མཁའ་

བཞིན་དུ་ཐེག་པ་ཆེན་པོ་ལ། སེམས་དང་པོ་བསྐྱེད་པ་ནས། སེམས་བསྐྱེད་པ་བཅུ་པའི་བར་བཀག་པ་དང་། དེ་བཞིན་དུ་རྟེན་གྱི་མཚན་ཉིད་མ་ཡིན་པའི་ཕྱིར། དཀར་པོ་རྣམ་པར་མཐོང་བ་ལ་སོགས་པའི་ས་ནས། བྱས་པ་རྟོགས་པའི་སའི་བར་རྣམས་བཀག་པ་དང་། དེ་

བརྟེན་པའི་མཚན་ཉིད་མ་ཡིན་པའི་ཕྱིར། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་ས་རྣམས་བཀག་པ་དང་། དེ་བཟློག་ཟླའི་རྣམ་པར་རྟོག་པ་མེད་པ་མེད་པའི་ཕྱིར། ཐེག་པ་ཆེན་པོ་ལ་བཟློག་ཟླ་

དང་བཅས་པའི་གཟུགས་ཅན་དང་། བསྟན་དུ་ཡོད་པ་དང་། ཐོགས་པ་དང་བཅས་པ་དང་། ལྡན་པ་རྣམས་དང་། རྟག་པ་དང་། བདེ་བ་དང་། བདག་དང་། ཞི་བ་རྣམས་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། སྨོན་པ་ཡོད་པ་རྣམས་དང་། བཟློག་ཟླ་དང་

བཅས་པའི་དབེན་པ་དང་། སྣང་བ་དག་དང་། དེ་ལ་དངོས་པོ་དང་། ཁྱད་པར་དུ་མངོན་པར་ཞེན་པ་མེད་པའི་ཕྱིར། རིམ་པ་ཇི་ལྟ་བ་བཞིན་ཐོབ་པ་དང་། ཉེ་བར་དམིགས་པ་དག་དང་། དེ་ལ་རང་གཞན་གྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་བརྗོད་པ་དང་། རབ་ཏུ་བརྗོད་པ་དག་

བཀག་པས་བསྟན་པ་ཡིན་ནོ། །དེ་ལ་བརྗོད་པ་ནི་རང་ཉིད་ཁོང་དུ་ཆུད་པའི་རྒྱུ་ཤེས་པ་སྟེ། འདིས་རྗོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རབ་ཏུ་བརྗོད་པ་ནི་གཞན་གོ་བར་བྱེད་པའི་རྒྱུའི་ཚིག་སྟེ། གཞན་ལ་བརྗོད་པ་ནི་རབ་ཏུ་བརྗོད་པ་ཡིན་པས་སོ། །སེམས་ཅན་གྱི་དོན་གྱི་

ངེས་པར་འབྱུང་བའི་དབང་དུ་མཛད་ནས་གསུངས་པ་ནི། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་དཔེར་ན། ནམ་མཁའ་སེམས་ཅན་གཞལ་དུ་མ་མཆིས་གྲངས་མ་མཆིས་ཚད་མ་མཆིས་པ་རྣམས་ཀྱི་གོ་འབྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་དེའང་སེམས་ཅན་གཞལ་དུ་མ་མཆིས་

Vol. 80 · folio 86a

གྲངས་མ་མཆིས་ཚད་མ་མཆིས་པ་རྣམས་ཀྱི་གོ་སྐབས་འབྱེད་པ་ལགས་ཏེ། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་སྨྲས་པ་དེ་ནི་ཞེས་བྱ་བས་སེམས་ཅན་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་མེད་པ་ཉིད་ཀྱིས་ཐེག་པ་ཆེན་པོ་ནི་སེམས་

ཅན་གཞལ་དུ་མེད་པ་དང་གྲངས་མེད་པ་དང་ཚད་མེད་པའི་གོ་སྐབས་འབྱེད་པ་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དང་ནམ་མཁའ་དང་ཐེག་པ་ཆེན་པོ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། འདིས་ནི་དམིགས་པ་མེད་པའི་རྣམ་པས་བསྡུས་པའི་ལམ་ནི་སེམས་

ཅན་གྱི་དོན་གྱི་ངེས་པར་འབྱུང་བའི་རྒྱུ་ཡིན་ནོ་ཞེས་བསྟན་ཏོ། །ལམ་ཡང་བྱང་ཆུབ་སེམས་དཔའི་ས་རྣམ་པ་བཅུས་བསྡུས་པ་ཡིན་ཏེ། གང་གི་ཕྱིར་སེམས་ཅན་དང་ནམ་མཁའ་དང་ཐེག་པ་ཆེན་པོ་མེད་པས་གཞལ་དུ་མེད་པས་ན་ཐེག་པ་ཆེན་པོ་ལ་སྔར་བཤད་པའི་སེམས་ཅན་གྱི་

གོ་སྐབས་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་སོགས་པ་ནི་དམིགས་སུ་མེད་པ་ཡིན་པའི་ཕྱིར་ཏེ། ས་དང་པོ་ལ་སོགས་པའི་རྣམ་པར་རྟོག་པ་མཐོང་བའི་ལམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། ཡང་སེམས་ཅན་དང་ནམ་མཁའ་དང་། ཐེག་པ་ཆེན་པོ་མེད་

པས་གྲངས་མེད་པས་ན་དེ་ཉིད་ལ་སྔར་བརྗོད་པའི་སེམས་ཅན་གྱི་གོ་སྐབས་འབྱེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་དམིགས་སུ་མེད་པ་ཉིད་ཡིན་པའི་ཕྱིར་ཏེ། གཉིས་པར་ལམ་ཆུང་ངུའི་ཆུང་ངུས་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤངས་པ་ན་སེམས་ཅན་ལ་སོགས་པ་

དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དང་། ཡང་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་དང་ནམ་མཁའ་དང་ཐེག་པ་ཆེན་པོ་རྣམས་མེད་པས་ན་ཚད་མེད་པས་དེ་ཉིད་ལ་སྔར་བརྗོད་པའི་སེམས་ཅན་རྣམས་ཀྱི་གོ་སྐབས་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་

ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཕྱིར་ཏེ། གསུམ་པ་ལ་རྣམ་པར་རྟོག་པ་ཆེན་པོའི་འབྲིང་གི་གཉེན་པོ་ལམ་ཆུང་ངུའི་འབྲིང་ནི་དེ་རྣམས་སྤོང་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཡང་སེམས་ཅན་དང་དེ་བཞིན་ཉིད་དང་ནམ་མཁའ་དང་ཐེག་པ་ཆེན་པོ་དང་འདུས་མ་བྱས་ཀྱི་གཞལ་

Vol. 80 · folio 86b

དུ་མེད་པ་དང་གྲངས་མེད་པ་དང་ཚད་མ་མཆིས་པ་རྣམས་མེད་པ་རྣམས་ཀྱི་ཆོས་ཐམས་ཅད་མེད་པས་ན་དེ་ཉིད་ལ་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་ཏེ། བཞི་པ་ལ་རྣམ་པར་རྟོག་པ་ཆེན་པོའི་ཆུང་ངུའི་གཉེན་པོ་ལམ་ཆུང་ངུའི་ཆེན་པོས་དེ་རྣམས་མི་མཐོང་

བའི་ཕྱིར་རོ། །ཡང་བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་དང་། ཡང་དག་པའི་མཐའ་དང་ནམ་མཁའ་དང་ཐེག་པ་ཆེན་པོ་དང་གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་རྣམས་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་མེད་པས་ན་དེ་ཉིད་ལ་ཞེས་བྱ་བ་ཐམས་ཅད་

སྦྱར་རོ། །དེ་ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་ཏེ། ལྔ་པ་ལ་རྣམ་པར་རྟོག་པ་འབྲིང་གི་ཆེན་པོའི་གཉེན་པོ་ལམ་འབྲིང་གི་ཆུང་ངུས་དེ་རྣམས་མི་དམིགས་པའི་ཕྱིར་རོ། །ཞེས་བྱ་བ་དང་། གཞན་ཡང་བདག་ལ་སོགས་པ་རྣམས་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། གཟུགས་

ལ་སོགས་པའི་ཕུང་པོ་ལ་སོགས་པ་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་རྣམས་མེད་པ་ཉིད་ཀྱིས་དེ་ཉིད་ལ་ཞེས་ཐམས་ཅད་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་ཏེ། དྲུག་པ་ལ་རྣམ་པར་རྟོག་པ་འབྲིང་པོའི་

འབྲིང་གི་གཉེན་པོ་ལམ་འབྲིང་པོའི་འབྲིང་གིས་དེ་རྣམས་དམིགས་སུ་མེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་བདག་ལ་སོགས་པ་དང་། མིག་ལ་སོགས་པ་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་

དང་། ཆོས་ཐམས་ཅད་མེད་པ་ཉིད་ཀྱིས་དེ་ལ་ཞེས་ཐམས་ཅད་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་ཏེ། བདུན་པ་ལ་རྣམ་པར་རྟོག་པ་འབྲིང་གི་ཆུང་ངུའི་གཉེན་པོ་ལམ་འབྲིང་གི་ཆེན་པོས་དེ་རྣམས་དམིགས་སུ་མེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་བདག་ལ་སོགས་པ་

དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། གཞལ་དུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་དང་། ཆོས་ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་དེ་ཉིད་ལ་ཞེས་ཐམས་ཅད་ལ་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་ཏེ། བརྒྱད་པ་

Vol. 80 · folio 87a

ལ་རྣམ་པར་རྟོག་པ་ཆུང་ངུའི་ཆེན་པོའི་གཉེན་པོ་ལམ་ཆེན་པོའི་ཆུང་ངུས་དེ་རྣམས་དམིགས་སུ་མེད་པའི་ཕྱིར་ཞེས་བྱ་བ་དང་། གཞན་ཡང་བདག་ལ་སོགས་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་

ཆོས་མ་འདྲེས་པའི་བར་དང་། རིགས་ལ་སོགས་པའི་ས་རྣམས་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དག་དང་། དེ་བཞིན་གཤེགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པའི་ཕྱིར། ནམ་མཁའ་དང་། ཐེག་པ་

ཆེན་པོ་དང་། ཆོས་ཐམས་ཅད་མེད་པས་ན་དེ་ཉིད་ལ་ཞེས་ཐམས་ཅད་སྔ་མ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་ཏེ། དགུ་པ་ལ་རྣམ་པར་རྟོག་པ་ཆུང་ངུའི་འབྲིང་གི་གཉེན་པོ་ལམ་ཆེན་པོའི་འབྲིང་གིས་དེ་རྣམས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དང་། གཞན་ཡང་མྱ་ངན་ལས་

འདས་པ་ཇི་ལྟ་བ་དང་། ནམ་མཁའ་ཇི་ལྟ་བ་བཞིན་དུ་ཐེག་པ་ཆེན་པོ་ལ་སྔར་བརྗོད་པའི་སེམས་ཅན་གྱི་གོ་སྐབས་ཡོད་པ་ཞེས་བྱ་བ་སྟེ། ས་བཅུ་པ་ལ་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུའི་གཉེན་པོ་ལམ་ཆེན་པོའི་ཆེན་པོ་ནི་ནམ་མཁའ་བཞིན་དུ་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཙམ་དུ་

གནས་པར་བྱ་བ་ཡིན་པའི་ཕྱིར་རོ། །རྣམ་པ་འདི་ལྟ་བུ་ནི་མདོ་གཞན་ལས་ཀྱང་གསུངས་ཏེ། ཞི་བའི་བློ་གྲོས་ཇི་ལྟ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་ཚད་མེད་པ་དང་། གྲངས་མེད་པ་དང་། དཔག་ཏུ་མེད་པ་ཡོངས་སུ་སྨིན་

པར་བྱེད་དོ་ཞེས་སོ། །ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བའི་དབང་དུ་མཛད་ནས། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་འགྲོ་བའམ། འོང་བ་མི་དམིགས། གནས་པ་མི་དམིགས་སོ་ཞེས་སྨྲས་པ་དེ་ནི་ཞེས་བྱ་བས་འགྲོ་བ་དང་འོང་བ་དང་གནས་པ་མེད་

པ་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་ཞལ་གྱིས་བཞེས་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གཡོ་བ་མེད་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། མིག་ལ་སོགས་པ་དང་། ས་ལ་སོགས་པའི་ཁམས་དྲུག་དང་། ཆོས་

Vol. 80 · folio 87b

ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། ཡང་དག་པར་རྫོགས་

པའི་བྱང་ཆུབ་དང་། འདུས་མ་བྱས་རྣམས་ཀྱི་རང་བཞིན་དང་། དེ་བཞིན་ཉིད་དང་། ངོ་བོ་ཉིད་དང་། མཚན་ཉིད་རྣམས་ལ་འགྲོ་བ་དང་། འོང་བ་དང་གནས་པ་བཀག་པ་ལྷུན་གྱིས་གྲུབ་པའི་ངེས་པར་འབྱུང་བ་ཤེས་པར་བྱེད་པའི་དོན་གྱིས་སོ། །མཐའ་ལས་འདས་པའི་ངེས་

པར་འབྱུང་བའི་དབང་དུ་མཛད་ནས་གསུངས་པ་ནི། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་ཀྱང་མི་དམིགས་ཏེ། ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་ལགས་ཏེ། དེའི་སླད་དུ་ཐེག་

པ་ཆེན་པོ་ཞེས་བྱའོ། །ཞེས་བྱ་བས་གང་སྨྲས་པ་ནི་དུས་གསུམ་མཉམ་པ་ཉིད་མཐའ་ལས་འདས་པའི་ངེས་པར་འབྱུང་བ་ཡིན་པར་ཞལ་གྱིས་བཞེས་པ་དང་། དེ་ཅིའི་ཕྱིར་ཞེ་ན། དུས་གསུམ་པོ་རྣམས་དང་། དེའི་མཉམ་པ་ཉིད་དང་། ཐེག་པ་ཆེན་པོ་དང་། བྱང་ཆུབ་སེམས་

དཔའ་རྣམས་ནི་དེ་དང་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་དང་། སྟོང་པ་ཉིད་ལའང་གཅིག་ནས་བཅུའི་བར་གྱི་གྲངས་བཀག་པས་ཐེག་པ་ཆེན་པོ་ལ་མཉམ་པ་དང་མི་མཉམ་པ་དང་། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་ཞེ་སྡང་མེད་པ་དང་། གཏི་མུག་

དང་གཏི་མུག་མེད་པ་དང་། མིང་དང་མིང་མེད་པ་དང་། དགེ་བ་དང་མི་དགེ་བ་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་དང་། ཉོན་མོངས་པ་དང་ཉོན་མོངས་པ་མེད་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་

དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དང་། རྟག་པ་དང་། བདེ་བ་དང་། བདག་དང་། ཞི་བ་དང་། དེ་དག་ལས་བཟློག་པ་དང་། འདོད་པ་ལ་སོགས་པའི་ཁམས་རྣམས་དང་། དེ་ལས་ཡང་དག་པར་འདས་པའང་

Vol. 80 · folio 88a

མི་དམིགས་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། འདི་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དང་། འདས་པ་ལ་སོགས་པའི་གཟུགས་ལ་སོགས་པ་ནི་འདས་པ་ལ་སོགས་པའི་གཟུགས་ལ་སོགས་པས་སྟོང་པ་ཉིད་ཡིན་པ་དང་།

དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་སྟོང་པ་ཉིད་མི་དམིགས་པའི་ཕྱིར་ན་འདས་པ་ལ་སོགས་པའི་གཟུགས་ལ་སོགས་པ་དམིགས་པ་མི་སྲིད་པ་དང་། དུས་གསུམ་མཉམ་པ་ཉིད་ཀྱིས་སྔོན་གྱི་མཐའ་ལ་སོགས་པ་ནས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་བར་མི་དམིགས་པ་དང་། དེ་ཅིའི་

ཕྱིར་ཞེ་ན། མཉམ་པ་ཉིད་ལ་མཉམ་པ་ཉིད་མི་དམིགས་པ་ཉིད་ཀྱིས་ན་འདས་པ་ལ་སོགས་པ་དང་ཕ་རོལ་ཏུ་ཕྱིན་པ་དམིགས་པ་མི་སྲིད་པ་ཉིད་ཀྱི་ཕྱིར་ཏེ། དྲན་པ་ཉེ་བར་བཞག་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་

བཞིན་དུ་སོ་སོའི་སྐྱེ་བོ་ནས་དེ་བཞིན་གཤེགས་པའི་བར་དུ་སྔོན་གྱི་མཐའ་ལ་སོགས་པར་མི་དམིགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དང་། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་དུས་གསུམ་

མཉམ་པ་ཉིད་ཅེས་བྱ་བ་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །ཐོབ་པའི་མཚན་ཉིད་ཀྱི་ངེས་པར་

འབྱུང་བའི་དབང་དུ་མཛད་ནས། བཅོམ་ལྡན་འདས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་འདི་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ཏོ། །ཐོབ་བོ། །འཐོབ་པར་འགྱུར་རོ་

ཞེས་བྱ་བ་ཐོབ་པའི་ངེས་པར་འབྱུང་བ་ཉེ་བར་འགོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་ཐོབ་པའི་རྒྱུ་ཉིད་དང་རྗེས་སུ་མཐུན་པར་ཐེག་པ་ཆེན་པོ་བསྟན་པ་ཞེས་བྱ་བ་ཐོབ་པས་ཁྱབ་པ་ཤེས་པར་བྱེད་པའི་དོན་ཅན་ཉིད་དང་། ཤེས་རབ་

Vol. 80 · folio 88b

ཀྱི་ཕ་རོལ་ཏུ་ཕྱིན་པར་ཆོས་ཐམས་ཅད་འདུས་ཤིང་གཞོལ་བའི་ཐབས་བསྟན་པ་ཞེས་བྱ་བ་ཐོབ་པ་མ་ཚང་བ་མེད་པ་ཤེས་པར་བྱེད་པའི་དོན་ཅན་དང་། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། བྱང་

ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དང་། མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་བའི་བར་གྱི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། འདི་ལྟར་

མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་དེ་ཞེས་བྱ་བ་རྟོགས་པ་ཐོབ་པའི་ངས་པར་འབྱུང་བའི་རྣམ་གྲངས་ཇི་སྐད་དུ་བཤད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པར་ཐེག་པ་ཆེན་པོ་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པ་ཐེག་པ་ཆེན་པོའི་ནང་དུ་འདུ་བར་

དགོངས་པས་ཐོབ་པ་གཏན་དུ་བ་ཉིད་ཤེས་པར་བྱེད་པའི་དོན་ཅན་དང་། དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། ཆོས་ཐམས་ཅད་ཀྱི་བར་དུ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཐོབ་པའི་རྣམ་གྲངས་ཀྱིས་ཐེག་པ་ཆེན་པོ་རྗེས་སུ་

མཐུན་པས་བསྟན་པས་ཞེས་གསུངས་སོ། །དེ་ལ་ཐོབ་པའི་ངེས་པར་འབྱུང་བ་ནི་དོན་རྣམ་པ་གསུམ་དགག་པའི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ། །རྣམ་པ་གསུམ་དགག་པའང་འདི་ལྟ་སྟེ། ཐོབ་པར་བྱ་བ་དགག་པ་དང་། ཐོབ་པ་པོ་དགག་པ་དང་། དེ་གཉིས་ཀྱི་འབྲེལ་པ་

དགག་པ་སྟེ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་སྔོན་གྱི་མཐར་དམིགས་སུ་མེད་པ་ཡིན་ཞེས་བྱ་བ་དང་། ཅིའི་ཕྱིར་ན་གཟུགས་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པ་ཞེས་བྱ་བ་དང་། ཅིའི་ཕྱིར་ན་

གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅེས་བྱ་བ་དང་། དེ་སྐད་དུ་ཅིའི་ཕྱིར་ན་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡང་དག་པར་རྗེས་སུ་མ་མཐོང་ན་བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

Vol. 80 · folio 89a

པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་སྨྲ་ཞེས་བྱ་བ་དང་། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་དུ་བས་སོ་ཞེས་བྱ་བ་དང་། ཅིའི་ཕྱིར་ན་གང་ཞིག་མངོན་པར་མ་གྲུབ་པའི་གཟུགས་དེ་གང་ཡིན། གང་མངོན་པར་མ་གྲུབ་

པ་དེ་ནི་གཟུགས་མ་ལགས་སོ་ཞེས་བྱ་བ་དང་། མངོན་པར་མ་གྲུབ་པས་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་འམ་ཞེས་སྨྲ། དེ་སྐད་དུ་མངོན་པར་མ་གྲུབ་པ་ལས་གུད་ནའང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་

དམིགས་སུ་མ་མཆིས་སོ་ཞེས་སྨྲ། ཅིའི་ཕྱིར་ན་འདི་སྐད་ཅེས་གལ་ཏེ་དེ་ལྟར་བསྟན་པའི་ཚེ་ཞེས་བྱ་བ་ལ་སོགས་པ་སྨྲ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲིས་པ་དང་པོ་ངེས་པར་བསྟན་པ་ལས་བརྩམས་ཏེ་ཐོབ་པར་བྱ་བ་དགག་པའི་དབང་དུ་མཛད་ནས། སེམས་ཅན་མེད་པ་དང་། སྟོང་

པ་དང་། དབེན་པ་དང་། རང་བཞིན་མེད་པས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་རྣམས་སུ་བྱང་ཆུབ་སེམས་དཔར་ཁས་བླངས་པའི་ཐོབ་པ་བཀག་པ་དུས་གསུམ་པའི་ཐོབ་པར་བྱ་བའི་དོན་མེད་པར་ཤེས་པར་བྱེད་པའི་དོན་ཅན་དང་། དེ་བཞིན་དུ་ཕུང་པོ་ལ་སོགས་པ་དང་།

ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མེད་པ་དང་། སྟོང་པ་དང་། དབེན་པ་དང་། རང་བཞིན་མེད་པ་དང་། སྔོན་གྱི་མཐའ་ལ་སོགས་པ་རྣམས་སུ་བྱང་ཆུབ་སེམས་དཔའ་ཁས་ལེན་པའི་ཐོབ་པ་བཀག་

པ་དང་། དེ་ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ལ་སོགས་པ་རྣམས་ལ་སྔོན་གྱི་མཐའ་ལ་སོགས་པ་མི་དམིགས་པ་ཉིད་དང་། མེད་པ་ཉིད་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་གྲངས་གཞན་དུ་ཁས་མི་ལེན་པ་སྟེ། ཇི་སྐད་དུ་མདོ་ལས། སྟོང་པ་ཉིད་གཞན་མ་ཡིན། སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པ་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་བཞིན་དུ། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་རྣམས་ལ་ཡང་བརྗོད་པར་བྱ་བ་དང་། གཞན་ཡང་ཉན་ཐོས་ལ་སོགས་པ་འཕགས་

Vol. 80 · folio 89b

པའི་གང་ཟག་རྣམས་མེད་པ་ཉིད་ལ་སོགས་པ་དང་། སྔོན་གྱི་མཐའ་ལ་སོགས་པར་བྱང་ཆུབ་སེམས་དཔའ་ཁས་བླང་བའི་ཐོབ་པ་བཀག་པ་དང་། དེ་ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ནས་བརྩམས་ཏེ། སངས་རྒྱས་ཞེས་བྱ་བའི་བར་དུ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མེད་དེ་གཉིས་སུ་བྱར་

མེད་དོ་ཞེས་བྱ་བས་གསུངས་པ་ཡིན་ནོ། །ཐོབ་པ་པོ་དགག་པའི་དབང་དུ་མཛད་ནས་གསུངས་པ་ནི་གཟུགས་ཀུན་དུ་མཐའ་ཡས་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ལ་སྔོན་གྱི་མཐའ་ལ་སོགས་

པ་མི་དམིགས་པ་ཉིད་དང་། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་དང་། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་ནས་དེ་བཞིན་གཤེགས་པའི་བར་དུ་དེས་སྟོང་པ་ཉིད་ཡིན་

པའི་ཕྱིར་རོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མ་དམིགས་ན་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དང་། སངས་རྒྱས་

སངས་རྒྱས་ཉིད་དུ་མི་དམིགས་པ་ཉིད་ཡིན་པའི་བར་གྱིས་བསྟན་པ་ཡིན་ནོ། །དེ་ལ་ཐམས་ཅད་དུ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་དངོས་པོའི་མཚན་ཉིད་ཐམས་ཅད་དུའོ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་བསྡུས་པ་དང་སོ་སོའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའོ། །

རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པའི་རྣམ་པའི་ཁྱད་པར་རྣམས་སུའོ། །ཡང་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་བསྡུས་པ་དང་སོ་སོ་སོ་སོའི་མཚན་ཉིད་དོ། །ཐམས་ཅད་ཉིད་འདི་ནི་གཉིས་ཏེ། དངོས་པོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཉིད་ཡིན་པའི་ཕྱིར་རོ། །

ཐོབ་པར་བྱ་བ་དང་ཐོབ་པ་པོའི་འབྲེལ་པ་དགག་པའི་དབང་དུ་མཛད་ནས་གསུངས་པ་ནི། གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་མིང་ཙམ་ཡིན་པ་ཉིད་ཀྱིས་ན་མེད་ཅིང་མི་དམིགས་པ་ཡིན་

Vol. 80 · folio 90a

པའི་ཕྱིར་མངོན་པར་གྲུབ་པ་བཀག་ཅིང་ཐ་སྙད་ཙམ་དུ་ཁས་བླངས་པ་དང་། ཤིན་ཏུ་མངོན་པར་མ་གྲུབ་པ་དག་གིས་ཏེ། དེ་ལ་གློ་བུར་གྱི་དོན་ནི་དེའི་ངོ་བོ་ཉིད་མ་ཡིན་པའི་དོན་ལ་བཏགས་པའི་དོན་སྒྲོ་འདོགས་པའི་དོན་ཡིན་ནོ། །བདག་བདག་ཅེས་བརྗོད་ཀྱང་བདག་

གཏན་དུ་མངོན་པར་མ་གྲུབ་པ་དེ་བཞིན་དུ་ཆོས་ཐམས་ཅད་ཅེས་གང་གསུངས་པ་ཡིན་ནོ། །ཡང་ཆོས་ཐམས་ཅད་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་བཀག་པས་དངོས་པོ་མེད་པའི་རང་བཞིན་ཉིད་དང་། ཆོས་ཐམས་ཅད་མི་རྟག་པ་ཉིད་གང་དང་ཡང་བྲལ་བས་མ་ཡིན་པ་ཉིད་དང་། དེ་བཞིན་

དུ་དེ་དག་ཉིད་ཀྱི་དགེ་བ་དང་ཁ་ན་མ་ཐོ་བ་མེད་པ་ལ་སོགས་པ་རྣམས་གང་དང་ཡང་བྲལ་བས་མ་ཡིན་པས་ན་ངོ་བོ་ཉིད་མེད་པའི་བར་དང་། གཞན་ཡང་ཆོས་ཐམས་ཅད་ཐེར་ཟུག་ཏུ་གནས་པ་དང་འཇིག་པ་ཉིད་མ་ཡིན་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པ་དང་། གཞན་

ཡང་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པའི་ཕྱིར་མངོན་པར་གྲུབ་པ་བཀག་པ་དང་། ཅིའི་ཕྱིར་ན་མངོན་པར་འདུ་བྱེད་པ་དམིགས་སུ་མེད་པ་ཉིད་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་སྐྱེ་བ་དང་འགག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་བཀག་པ་དང་།

མངོན་པར་མ་གྲུབ་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མངོན་པར་མ་གྲུབ་པ་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་དང་། ཆོས་རྣམས་ཐམས་ཅད་དང་མངོན་པར་མ་གྲུབ་པ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་དང་། ཆོས་ཐམས་ཅད་གཡོ་བ་མེད་པ་དང་རྨི་ལམ་

དང་སྒྱུ་མ་དང་འདྲ་བ་ལ་སོགས་པར་མཐོང་བས་བྱང་ཆུབ་སེམས་དཔའི་སེམས་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་བ་དང་། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པའི་ཚེ། གཟུགས་ཁས་མི་ལེན་ཞིང་མི་འཛིན་ལ་གནས་པར་མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་

པར་མི་བགྱིད་དོ་ཞེས་བྱ་བས་ཆོས་སུ་ཁས་མི་ལེན་པ་ལ་སོགས་པ་བཀག་པས་ཏེ། དེ་ལ་གཟུགས་ལ་མི་དམིགས་ཏེ་ཁས་ལེན་པ་དང་། དེ་ཐོབ་པ་བདག་གིར་བྱེད་པ་དང་། དེ་ལ་དམིགས་པའི་ཡེ་ཤེས་བསྐྱེད་པ་དང་། དེ་རྗེས་ཉིད་དུ་སྲིད་པས་མངོན་དུ་བྱེད་པ་དང་། དེ་ཉེ་བར་རྟོག་པས་

Vol. 80 · folio 90b

བརྟགས་པའི་དབང་དུ་མཛད་ནས། གཟུགས་ཁས་ལེན་པ་ལ་སོགས་པའི་ཚིག་ལྔ་གོ་རིམས་བཞིན་དུ་སྦྱར་བར་ཤེས་པར་བྱའོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ན་དམིགས་སུ་མེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་།

དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་དང་དེའི་སྟོང་པ་ཉིད་ལ་སོགས་པ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་དང་། དེ་བཞིན་དུ་ཆོས་རྣམས་ཀྱི་འགྲིབ་པ་གང་ཡིན་པ་དེའང་ཆོས་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་རྣམས་དང་འགྲིབ་པ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་

མཆིས་པའི་སླད་དུའོ་ཞེས་བྱ་བ་དང་། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པའོ་ཞེས་གང་གསུངས་པས་ཐོབ་པར་བྱ་བ་དང་ཐོབ་པ་པོ་གཉིས་བཀག་པས་བསྟན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་

ངེས་པར་འབྱུང་བའི་དབང་དུ་མཛད་ནས་གསུངས་པ་ནི། བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་རྣམ་པ་ཤེས་པ་དེ་ལ་མངོན་པར་ཆགས་

པས་འཇུག་པ་བཀག་པ་དང་། ཆོས་རྣམས་ཀྱི་རྣམ་པ་དང་རྟགས་དང་མཚན་མ་གང་གིས་ཆོས་རྣམས་འཛིན་པས་སོ་ཞེས་བྱ་བ་དང་། འདི་ཆོས་ཐམས་ཅད་ལ་རིང་དུ་སོང་བ་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ལ་རང་བཞིན་གྱིས་འོད་གསལ་བའི་མཐར་ཐུག་པར་

དེ་རྣམས་ལས་སོང་ཞིང་རྣམ་པར་བསྲིངས་པས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །ཀུན་དགའ་བོ་དེས་ན་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་དེ། སེམས་བསྐྱེད་པའི་མཐར་ཐུག་པར་རང་གི་དོན་དེ་ལ་དགའ་བས་ཀུན་དགའ་བས་ཏེ།

ཉན་ཐོས་ལ་སོགས་པའི་ལམ་མོ། །དེ་ལས་སོང་ཞིང་འདས་པ་ཞེས་བྱ་བའི་དོན་ཏེ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་ནས་ཆོས་ཐམས་ཅད་ཀྱི་བར་དུ་རེ་རེ་ཞིང་རྟག་ཅེས་བྱ་བ་དང་ཞེས་བྱ་བ་ནས། དབེན་ཞེས་བྱ་བ་དང་། མི་དབེན་ཞེས་

Vol. 80 · folio 91a

བྱ་བར་མི་རྟོག་པའི་ཆོས་ཡོངས་སུ་རྟོག་པའི་རྣམ་པ་བསྡུས་པར་ཤེས་པར་བྱེད་པའི་དོན་དང་། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་སྐྱེ་བ་མེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་ལ་དེའི་ངོ་བོ་ཉིད་བཀག་པའི་བར་དང་། འགྲིབ་པ་གང་ཡིན་

པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང་། གཉིས་སུ་མེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མི་ལྡན་པའང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་

པའོ་ཞེས་བྱ་བའི་མངོན་པར་རྟོགས་པ་དང་། ཆོས་རྣམས་ཀྱི་སྐྱེ་བ་མེད་པ་དང་། ཆོས་རྣམས་ཕན་ཚུན་ཐ་དད་པ་མེད་པ་ཉེ་བར་བཟུང་ནས་གཉིས་སུ་མེད་པར་བགྲངས་པ་དང་། ཆོས་ཐམས་ཅད་ནས་སངས་རྒྱས་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱིས་སྐྱེ་བ་མེད་པར་མཐོང་བ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་རྟོག་པ་ཡིན་པ་དང་། དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའི་འགྲོ་བ་ལྔའི་བྱེ་བྲག་མེད་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་ལྔ་ཐོབ་པ་དང་། དེའི་ལམ་བསྒོམ་པ་མེད་པ་དང་། དཀའ་བ་སྤྱོད་པའང་མི་འཐད་པས་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་འང་མེད་པར་འགྱུར་རོ་ཞེས་བྱ་བ་དང་། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཆོས་མ་སྐྱེས་པ་ལ་ཐོབ་པ་དང་མངོན་པར་རྟོགས་པ་ཡོད་པར་བྱ་བ་མི་འདོད་དོ། །མ་སྐྱེས་པ་ལ་རྒྱུན་དུ་ཞུགས་པ་ཡོད་པར་

མི་འདོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་ལ་ཁས་ལེན་པ་འཐད་པ་མ་ཡིན་པར་བསྟན་པ་དང་། ཆོས་མ་སྐྱེས་པ་དང་སྐྱེས་པ་དག་གིས་ཐོབ་པར་བྱ། སྐྱེས་པ་དང་མ་སྐྱེས་པ་འཐོབ་པ་དྲིས་པ་དང་། དེ་གཉི་གའི་དངོས་པོ་མི་འདོད་པར་བསྟན་

པ་དང་། ཆོས་མ་སྐྱེས་པ་དང་སྐྱེས་པ་དག་གིས་ཐོབ་པར་འདོད་པ་དྲིས་པ་དང་། དེ་གཉི་གའི་དངོས་པོ་འདོད་པ་དྲིས་པ་དང་། ཐོབ་པ་དང་། མངོན་པར་རྟོགས་པ་མེད་པ་ཉིད་དུ་དྲིས་པ་དང་། དེ་གཉིས་ཀ་ཡོད་པར་ཁས་བླངས་པ་དང་། མངོན་པར་རྟོགས་པ་བརྗོད་པའི་རིགས་པ་བཞིན་དུ་དེ་གཉི་ག་འཇིག་རྟེན་གྱི་ཐ་སྙད་

Vol. 80 · folio 91b

དུ་ཁས་བླངས་པ་དང་། དེ་ཉིད་ཀྱི་ཕྱིར་མ་སྐྱེས་པ་སྐྱེས་པ་བཀག་པ་དང་། སྐྱེ་བ་མེད་པ་བརྗོད་པར་མི་སྤོབས་པ་དང་། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་དང་། སྤོབས་པ་དང་། བརྗོད་པ་དང་། མི་སྐྱེ་བ་རྣམས་ནི་མངོན་པར་རྟོགས་པ་བརྗོད་པའི་རིགས་པས་མཚན་ཉིད་མེད་པའི་ཕྱིར་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་

ན། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་དང་། དེ་ལ་སྤོབས་པ་ནི་རྗོད་བྱེད་དོ། །རྗོད་པ་ནི་བརྗོད་པར་བྱ་བ་ཡིན་པས་ན་བརྗོད་པ་སྟེ་དོན་ནོ། །དེ་ལྟ་ཡིན་དང་འགྲོ་བ་ལྔའི་བྱེ་བྲག་དང་། ཐོབ་པ་དང་། མངོན་པར་རྟོགས་པ་དང་། སྐྱེ་བ་ནི་ཐ་སྙད་དུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ནི་

ལས་དང་། རྣམ་པར་སྨིན་པ་དང་། སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་དང་བྲལ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དང་། ཆོས་མ་སྐྱེས་པ་དང་སྐྱེས་པ་སྐྱེ་བར་དྲིས་པ་དང་། དེ་གཉི་ག་སྐྱེ་བར་འདོད་པ་བཀག་པ་སྟེ། དེ་ཡོད་དུ་ཆུག་ཀྱང་ཞེས་བྱ་བར་བསམས་

པ་དང་། མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་དེ་དག་གང་ཡིན་ཞེས་དྲིས་པ་དང་། གཟུགས་ནས་བརྩམས་ཏེ་ཆོས་ཐམས་ཅད་ཀྱི་བར་མ་སྐྱེས་པའི་ཆོས་རྣམས་སྐྱེ་བར་མི་འདོད་པའི་རྣམ་གྲངས་ཀྱིས་བརྗོད་པ་དང་སྤོབས་པ་སྐྱེ་བ་མེད་པ་དང་། དྲིས་པ་ཐམས་ཅད་ཀྱི་ལན་གྱི་ངེས་པར་འབྱུང་བས་ན་མི་གནས་

པ་ཉིད་ཉེ་བར་བཟུང་ནས་གནས་བརྟན་རབ་འབྱོར་མཆོག་ཏུ་བཞག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོན་པ་པོའི་འོས་སུ་ཤེས་པར་བྱེད་པའི་དོན་ཅན་དང་། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནས་ཆོས་ཐམས་ཅད་ཀྱི་བར་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པའི་ཕྱིར། ནང་ལ་སོགས་པ་ལ་བརྟེན་

པར་མི་དམིགས་པ་ཉིད་སྟོན་པ་པོ་མི་གནས་པར་རྟོགས་པར་བྱེད་པའི་དོན་ཅན་གྱིས་ཏེ། འདིའི་མདོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ནའང་མི་གནས་གཉི་ག་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ལམ་

གྱི་ངེས་པར་འབྱུང་བའི་དབང་དུ་མཛད་ནས་གསུངས་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའང་ཡོད་ཅེས་བྱ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ལམ་ཉེ་བར་འགོད་པ་ན། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་

Vol. 80 · folio 92a

དང་། ལེན་པ་པོར་དམིགས་པས་འཇིག་རྟེན་ལས་མི་གཡོ་མི་འཕག་མི་འདའ་བ་དེའི་ཕྱིར་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པས་ནི། འཇིག་རྟེན་ལས་སྒྲོལ་

བར་བྱེད་པ་དང་། གཡོ་ཞིང་འཕགས་ལ་འདའ་བར་བྱེད་པ་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཉིད་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལའང་བརྗོད་པར་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གྱི་ངེས་པར་རྙེད་པས་ན་འཇིག་རྟེན་ལས་གཡོ་

བའོ། །དེ་ཐོབ་པའི་ཐབས་ཉེ་བར་ཚོལ་བས་ན་འཕགས་པའོ། །དེའི་བར་ཆད་ཀྱི་ཆོས་ཡོངས་སུ་སྤོང་བས་ན་འདའ་བའོ། །ཡང་ན་གཡོ་བ་ནི་སེམས་བསྐྱེད་པའི་དུས་སོ། །འཕགས་པ་ནི་ངེས་པར་འབྱེད་པའི་ཆའི་དུས་སོ། །འདའ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་དུས་སུའོ་ཞེས་བྱ་བ་ནི་རྣམ་གྲངས་

གཞན་ཡིན་ནོ། །འདི་ལས་བཟློག་པས་ན་མི་གཡོ་མི་འཕག་མི་འདའ་བ་ཡིན་པར་ཤེས་པར་བྱའོ། །གང་ཞིག་འཇིག་རྟེན་མངོན་པར་གསལ་བར་གྱུར་པ་ཡིན་པའམ། གང་ཞིག་མངོན་པར་འགྲུབ་པར་བྱེད་པའམ། གང་ཞིག་འཇིག་རྟེན་གྱིས་ཏེ་འཇིག་རྟེན་པར་མཉམ་པའམ། གང་ཞིག་འཇིག་རྟེན་གྱི་ཕྱིར་

མངོན་པར་འབྱིན་པའམ། གང་འཇིག་རྟེན་ལས་ངེས་པར་མི་འབྱུང་བའམ། གང་འཇིག་རྟེན་གྱི་ཡིན་པའམ། གང་འཇིག་རྟེན་དུ་སྐྱེད་པར་བྱེད་པ་དེ་དག་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཅེས་བྱ་བ་དང་། གང་དག་གི་འཇིག་རྟེན་སྒྲོལ་པ་ཡིན་པའམ། གང་གིས་འཇིག་རྟེན་ལས་སྒྲོལ་བའམ།

གང་དག་གིས་འཇིག་རྟེན་ལ་རྒལ་བར་བྱེད་པའམ། གང་ཞིག་འཇིག་རྟེན་གྱི་དོན་དུ་མི་འགྱུར་བའམ། གང་ཞིག་འཇིག་རྟེན་ལས་ངེས་པར་འབྱིན་པར་བྱེད་པའམ། གང་ཞིག་འཇིག་རྟེན་གྱི་སྒྲོལ་བྱེད་ཡིན་པའམ། གང་ཞིག་འཇིག་རྟེན་ན་སྒྲོལ་བྱེད་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པའི་ཕ་

རོལ་ཏུ་ཕྱིན་པ་ཉིད་ཅེས་བྱ་བ་དང་། འདས་པ་ལ་སོགས་པའི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བྱང་ཆུབ་ཀྱི་ལམ་ཡིན་པ་ཉིད་དང་། འཕགས་པ་རྣམས་འཇིག་རྟེན་ལས་འདས་པའི་ལམ་ལས་ངེས་པར་སྐྱེས་པ་

Vol. 80 · folio 92b

ཉིད་དུ་ཤེས་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེད་བྱེད་ཡིན་པ་ཉིད་དང་། སེམས་མི་ཞུམ་པ་དང་མི་སྐྲག་པ་ལ་སོགས་པ་རྣམས་ཀྱིས་ཡིད་ལ་བྱེད་པ་དང་མ་བྲལ་བ་ཉིད་དང་། དེ་ལྟ་ཡིན་ན་ཧ་ཅང་ཐལ་ཆེས་པར་བརྗོད་པ་དང་། དེ་ནི་ཡང་དག་པའི་ཚིག་བརྗོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་

མེད་པ་ཉིད་དང་། རང་བཞིན་མེད་པ་ཉིད་དང་། སྟོང་པ་ཉིད་དང་། དབེན་པ་ཉིད་དང་། མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཉིད་དང་། དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དེ་བཞིན་དུ་སྦྱར་བ་ནས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་

གནས་པ་འདི་དང་ཡིད་ལ་བྱེད་པ་འདི་དང་མ་བྲལ་ལོ་ཞེས་ཁོ་བོ་སྨྲའོ་ཞེས་བྱ་བའི་བར་གྱིས་ཡིན་ཏེ། དེ་ལྟར་ངེས་པར་འབྱུང་བ་བརྒྱད་པོ་འདི་དག་གི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །གོ་ཆའི་སྒྲུབ་པ་ལ་སོགས་པ་འདི་རྣམས་ཀྱི་གོ་རིམས་ཀྱི་ཚུལ་འདི་ནི་རིགས་པ་ཉིད་ཡིན་ཏེ། གོ་བགོས་པ་

ནི་འཇུག་གོ། །ཞུགས་པ་ནི་དཔུང་གི་ཚོགས་སོག་གོ། །དཔུང་གི་ཚོགས་བསགས་པ་ནི་མ་རྒྱལ་བ་ལས་རྒྱལ་བ་ཐོབ་པས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་

བཞིན་དང་། །དམིགས་པ་དག་དང་ཆེད་དང་ནི། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པ་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་པ་དེ་ནི་འདིར་རྗེས་སུ་འདས་པའི་འབྲེལ་པ་ཡིན་པར་བལྟ་བར་བྱའོ། །སེམས་བསྐྱེད་པ་ལ་སོགས་པའི་དོན་འདི་རྣམས་ཀྱི་གོ་རིམས་ཀྱི་ཚུལ་འདི་

ནི་རིགས་པ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་དུ་གཉེར་བ་ནི་གདམས་ངག་ཚོལ་བའི་ཕྱིར་དང་། ཕྱིན་ཅི་མ་ལོག་པའི་གདམས་ངག་ལ་གནས་པ་ལ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བའི་ཕྱིར་དང་། དེ་ནས་སྒྲུབ་པའི་ཆོས་གང་ལ་བརྟེན་པ་དང་། གང་ལ་དམིགས་པ་དང་། ཆེད་དུ་བྱ་བ་གང་ཡིན་པ་དང་།

སྒྲུབ་པ་ཉིད་གང་ཡིན་པ་སྟེ་རྣམ་པ་བཞི་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་རབ་འབྱོར་གྱི་ལེའུ་སྟེ་དང་པོའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་ཟིན་ཏོ།། །།

Vol. 80 · folio 93a

ད་ནི་ལམ་ཤེས་པ་ཉིད་བརྗོད་པར་བྱ་བ་ཡིན་ཏེ། དེ་ལ་རེ་ཞིག །ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང་། །ཡུལ་ངེས་པ་དང་ཁྱབ་པ་དང་། །རང་བཞིན་དང་ནི་དེ་ཡི་ལས། །བརྗོད་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །

དེ་ལ་ལྷ་རྣམས་མོག་མོག་པོར་མཛད་པ་ཉིད་ནི་ལྷའི་རིས་ཐམས་ཅད་ཀྱི་འོད་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་མོག་མོག་པོར་མཛད་པ་གསུངས་པ་གང་ཡིན་པ་སྟེ། ལྷ་རྣམས་ཀྱི་འཇིག་རྟེན་སྐྱོང་བ་ཉིད་ལ་སོགས་པ་དང་། བསམ་གཏན་ལ་སོགས་པ་ཐོབ་པར་

མངོན་པར་རློམ་པ་བསལ་བའི་དོན་ཡིན་ནོ། །དེ་བསལ་བའང་དེ་རྣམས་རུང་བར་བྱ་བའི་དོན་དུ་ཡིན་ཏེ། ཇི་སྐད་དུ་དེ་རྣམས་ཉིད་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་ཞེས་གནས་བརྟན་རབ་འབྱོར་གྱིས་བསྟན་པ་ཉན་པའི་དོན་དུ་སྨྲས་པ་ཡིན་ནོ། །དེ་ལ་རང་བཞིན་གྱི་འོད་ནི་རྣམ་པར་སྨིན་པ་ལས་བྱུང་བའོ། །ཡུལ་སོ་སོར་ངེས་པ་ནི། ཇི་སྐད་དུ། བྱང་ཆུབ་ཏུ་

སེམས་མ་བསྐྱེད་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་། བསྟན་པའི་སྐལ་བ་མེད་པ་ཉིད་ཀྱིས་ན་ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་ཡིན་གྱི། ཉན་ཐོས་ལ་སོགས་པའི་ནི་མ་ཡིན་ནོ། །ཞེས་ཡུལ་སོ་སོར་ངེས་པའི་དོན་དུ་གང་གསུངས་པ་ཡིན་

ནོ། །ཁྱབ་པ་ནི་ལམ་ཤེས་པ་ཉིད་ཀྱི་དབང་དུ་བྱས་ཏེ། སེམས་བསྐྱེད་པ་ནས་བརྩམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱོགས་གཅིག་པ་མ་ཡིན་ནོ་ཞེས་ཁྱབ་པའི་དོན་དང་། གོ་རིམས་དང་ལྡན་པའི་གང་ཟག་གི་ཁྱད་པར་གྱི་དོན་གྱིས་གསུངས་པ་གང་ཡིན་པའོ། །དེ་

ལྟ་ཡིན་ན། འོན་ཀྱང་གལ་ཏེ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་དག་ལ་རྗེས་སུ་ཡི་རང་སྟེ་ཞེས་བྱ་བ་ལ་སོགས་པ་འདི་སྔར་འདོད་ཆགས་དང་བྲལ་བའི་དབང་དུ་ཁྱད་པར་འཐད་པ་ཡིན་ཏེ། འདིས་ནི་ཐེག་པ་གསུམ་རྣམ་པར་གཞག་

Vol. 80 · folio 93b

པའི་དགོངས་པ་ཅན་ཡིན་གྱི། མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །རང་བཞིན་ནི་ཇི་ལྟར་ཉན་ཐོས་ལ་སོགས་པའི་ལམ་རྣམས་འབྲས་བུ་དང་ལམ་གྱི་རྟོགས་པ་སོ་སོར་ངེས་པ་དེ་ལྟར་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཉོན་

མོངས་པ་སྤོང་བ་ཡིན་པའི་ཕྱིར་རོ་ཞེས་རང་གི་ངོ་བོ་ཁྱད་པར་དུ་འཕགས་པ་གང་གསུངས་པ་ཡིན་ནོ། །བྱེད་པ་ནི་ཇི་ལྟར་ཉན་ཐོས་ལ་སོགས་པའི་ལམ་རྣམས་ཀྱི་འབྲས་བུ་ནི་སྤངས་པས་རབ་ཏུ་ཕྱེ་བ་དང་ཡང་དག་པའི་མཐའ་མངོན་དུ་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དེ་རྟོགས་

པ་མ་ཡིན་གྱི། འོན་ཀྱང་འདིའི་ལམ་ཤེས་པ་ཉིད་ནི་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་དེའི་བྱེད་པའི་འབྲས་བུ་ཉིད་ཁྱད་པར་དུ་འཕགས་པའི་དོན་གྱིས་གསུངས་པ་གང་ཡིན་པའོ། །མོག་མོག་པོར་བྱེད་པ་ལ་སོགས་པ་བཤད་ཟིན་

ཏོ།། །།ད་ནི་ཉན་ཐོས་ཀྱི་ལམ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །ཇི་ལྟར་

ཞེ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་། བུ་ག་ནམ་མཁའ་ཞེས་བྱར་བརྗོད། །ཅེས་བྱ་བ་ལ་སོགས་པའི་ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་ཡིད་ལ་བྱེད་པ་ཉན་ཐོས་ལ་སོགས་

པའི་ཐེག་པ་འདོད་པ་དང་མ་འདྲེས་པའི་དོན་གྱིས་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། བདག་མེད་པ་ཉིད་དང་། ཞི་བ་ཉིད་དང་། ནད་ཉིད་དང་། འབྲས་ཉིད་དང་། ཟུག་རྔུ་ཉིད་དང་། སྡིག་པ་ཉིད་དང་། ཕ་རོལ་ཉིད་དང་། འཇིག་པའི་ཆོས་ཅན་ཉིད་དང་། གཡོ་

བ་ཉིད་དང་། རབ་ཏུ་འཇིག་པ་ཉིད་དང་། འགོ་ནད་ཉིད་དང་། འཚེ་བ་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པའི་རྣམ་པ་རྣམས་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་པའོ། །དེ་ལ་མི་རྟག་པ་ཉིད་ནས་ཞི་བ་ཉིད་ཅེས་བྱ་བའི་བར་ནི་སྡུག་བསྔལ་གྱི་བདེན་

Vol. 80 · folio 94a

པའི་རྣམ་པའོ། །ནད་ཉིད་ཅེས་བྱ་བ་ནས་སྡིག་པ་ཉིད་ཅེས་བྱ་བའི་བར་ནི་ཀུན་འབྱུང་གི་བདེན་པའི་རྣམ་པའོ། །ཕ་རོལ་ཉིད་དང་འཇིག་པའི་ཆོས་ཅན་ཉིད་ཅེས་བྱ་བ་ནི་དེ་དག་ཉིད་སོ་སོ་ལ་ཡང་བྱུང་བའི་རྣམ་པའོ། །གཡོ་བ་ཉིད་དང་རབ་ཏུ་འཇིག་པ་ཉིད་

ཅེས་བྱ་བ་ནི་དེ་དག་ཉིད་སོ་སོ་ལ་འདོད་ཆགས་དང་བྲལ་བའི་རྣམ་པའོ། །འཇིག་པ་ཉིད་དང་འགོ་ནད་ཉིད་དང་འཚེ་བ་ཉིད་ཅེས་བྱ་བ་ནི་དེ་དག་ཉིད་སོ་སོ་ལ་འགོག་པའི་རྣམ་པའོ། །དེ་ལྟར་བྱས་ན་འཕགས་པ་ཉན་ཐོས་རྣམས་ཡིད་བྱུང་བ་དང་འདོད་ཆགས་དང་བྲལ་བ་དང་འགོག་པའི་

ཕྱིར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་ལུང་ཇི་ལྟ་བ་བཞིན་ནོ། །དེ་ལ་མི་རྟག་པ་ཉིད་ཅེས་བྱ་བ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་བ་ཉིད་ཅེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་རྣམས་རྗེས་སུ་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་

དང་འཕགས་པའི་ལམ་ནི་མི་རྟག་པ་ཡིན་ཡང་ཟག་པ་མེད་པ་ཉིད་ཀྱིས་འཕགས་པ་རྣམས་དང་མི་མཐུན་པ་ཡིན་པའི་ཕྱིར་འདི་སྡུག་བསྔལ་ཉིད་དུ་ཐལ་བར་མི་འགྱུར་རོ། །བདག་མེད་པ་ཉིད་ཅེས་བྱ་བ་ནི་བདག་གཞན་གྱིས་སྟོང་པའི་ཕྱིར་རོ། །ཞི་བ་ཉིད་ཅེས་བྱ་བ་ནི་རང་ཉིད་

བདག་མ་ཡིན་པའི་ཕྱིར་རོ། །ནད་ཉིད་ཅེས་བྱ་བ་ནི་འབྲས་བུའི་ས་བོན་དང་འདྲ་བར་རྒྱུའི་རྩ་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །འབྲས་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་ཀུན་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །ཟུག་རྔུ་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་གྱི་རྐྱེན་ཉིད་ཡིན་པའི་ཕྱིར་རོ། །

སྡིག་པ་ཉིད་ཅེས་བྱ་བ་ནི་སྡུག་བསྔལ་བརྒྱུད་པ་རབ་ཏུ་བྱུང་བ་ཉིད་ཀྱིས་ཤིན་ཏུ་འཇོམས་པ་ཉིད་ཡིན་པའི་ཕྱིར་རོ། །ཕ་རོལ་ཉིད་ཅེས་བྱ་བ་ནི་ཕྱིར་རྒོལ་བར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །འཇིག་པའི་ཆོས་ཅན་ཉིད་ཅེས་བྱ་བ་ནི་འདི་ལ་གནོད་པར་བྱེད་པ་ཡོད་ན་འཇིག་པའི་ཆོས་

ཅན་ཉིད་ཡིན་པའི་ཕྱིར་ཏེ། ཡིད་བྱུང་བའི་དམིགས་པར་ཡང་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཡོ་བ་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོར་གནས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་འཇིག་པ་ཉིད་ཅེས་བྱ་བ་ནི་རྒྱུ་ལ་ལྟོས་པ་མེད་པར་རང་བཞིན་གྱིས་འཇིག་པ་ཉིད་ཡིན་པའི་ཕྱིར་ཏེ།

Vol. 80 · folio 94b

འདོད་ཆགས་དང་བྲལ་བའི་དམིགས་པར་ཡང་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འཇིག་པ་ཉིད་ཅེས་བྱ་བ་ནི་འདི་དང་གཞན་གྱི་གནོད་པའི་གནས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །འགོ་བའི་ནད་ཉིད་ཅེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་གནོད་པས་གླགས་ཐོབ་པ་ཉིད་ཀྱིས་སོ། །

འཚེ་བ་ཉིད་ཅེས་བྱ་བ་ནི་འབྱུང་བ་ཆེན་པོ་འཁྲུགས་པ་དང་ཐོག་འབབ་པ་ལ་སོགས་པའི་གནོད་པའི་གནས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཏེ། འགོག་པའི་དམིགས་པར་ཡང་འཐད་པ་ཡིན་ནོ་ཞེས་བྱ་བའོ། །ཡིད་ལ་བྱེད་པ་དེ་རྣམས་ཉིད་ཀྱིས་མ་རིག་པ་འགོག་པ་ལ་བདག་མེད་

པ་ཉིད་དང་། ཞི་བ་ཉིད་དང་། དབེན་པ་ཉིད་ཅེས་བྱ་བར་ཡིད་ལ་བྱེད་པ་གསུམ་ནི་འགོག་པའི་བདེན་པའི་རྣམ་པའོ། །ངེས་པར་འབྱུང་བའི་རྣམ་པ་བཞི་ནི་གང་གི་ཕྱིར་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་དང་། མངོན་པར་འདུ་བྱེད་པ་མེད་

པ་ཉིད་དུ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ་ཞེས་གསུངས་ཏེ། ཇི་ལྟར་ངེས་པར་འབྱུང་བ་རྣམ་པར་ཐར་པའི་སྒོ་གསུམ་དང་། གང་ངེས་པར་འབྱུང་བ་མངོན་པར་འདུ་བྱེད་པ་མེད་པ་ཡིན་པས་སོ། །དེ་རྣམས་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་

པ་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་སྟེ། དེ་རྣམས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཐོབ་པར་བྱེད་པའི་དོན་གྱིས་སོ། །དེ་དག་ཉིད་ཀྱིས་མི་དམིགས་པའི་ཚུལ་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནི་རིགས་པའི་རྣམ་པ་སྟེ། མ་ལུས་པར་

རྟོགས་པ་ནི་རིགས་པ་ཡིན་པས་སོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནས་བདག་གི་དང་བྲལ་བར་ཆོས་ལས་སོ་སོར་རྟོག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བའི་སེམས་ནི་བྱང་ཆུབ་ཀྱི་སེམས་དང་མི་འགྲོགས་པ་དང་། ཡོངས་སུ་བསྔོ་བའི་

སེམས་ཀྱང་བྱང་ཆུབ་ཀྱི་སེམས་དང་དགེ་བའི་རྩ་བའི་སེམས་དག་དང་མི་འགྲོགས་པ་དང་། བྱང་ཆུབ་ཀྱི་སེམས་ནི་ཡོངས་སུ་བསྔོ་བའི་སེམས་དང་མི་འགྲོགས་པ་ཉིད་ཀྱིས་ཏེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བའི་སེམས་དག་ནི་ཕན་ཚུན་མེད་

Vol. 80 · folio 95a

ཅིང་མི་དམིགས་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་སྒྲུབ་པའི་རྣམ་པ་སྟེ། རྟོགས་པར་བྱེད་པས་ན་སྒྲུབ་པ་ཡིན་པས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བའི་སེམས་དག་ནི་སེམས་མ་ཡིན་པ་ཉིད་ཀྱིས་དང་། སེམས་མ་ཡིན་

པའང་སེམས་མ་ཡིན་པར་ཡོངས་སུ་བསྔོ་བ་ནི་མི་འཐད་པ་ཉིད་དང་། འདི་ལྟར་སེམས་མ་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ། བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེའང་སེམས་མ་ཡིན་ཏེ། དེ་ལྟར་སོ་སོར་རྟོག་པ་མངོན་པར་ཞེན་པ་མེད་པའི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ངེས་པར་འབྱིན་པའི་རྣམ་པ་སྟེ། མངོན་པར་ཞེན་པ་མེད་པར་འགྲོ་བ་ནི་ངེས་པར་འབྱིན་པས་སོ། །ཉན་ཐོས་ཀྱི་ལམ་གྱི་བདེན་པ་བཞི་ལ་དམིགས་པའི་རྣམ་པ་བཅུ་དྲུག་གི་རྣམ་པར་གཞག་པ་བཤད་ཟིན་ཏོ།། །།དེ་དག་སྔོན་

དུ་འགྲོ་བ་ཅན་ཡིན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་དག་བརྗོད་པར་བྱ་བ་ཡིན་པ་དེས་ན། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་སོགས་ཕུང་པོ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་ཞེས་བྱ་བ་གསུངས་ཏེ། དྲོད་ནི་ཀཽ་ཤི་ཀ་

གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །དེ་བཞིན་དུ་ཚོར་བ་ལ་སོགས་པ་དང་། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། ཚོར་བ་ལ་སོགས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །

དེ་དག་མི་དམིགས་པས། རྩེ་མོར་གྱུར་པ་དག་ཏུ་འདོད། །ཅེས་བྱ་བ་ནི་ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དམིགས་པའི་ཚུལ་གྱིས་གཟུགས་ལ་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་

གང་གསུངས་པ་ཡིན་ནོ། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ཞེས་བྱ་བ་ནི་དམིགས་པའི་ཚུལ་གྱིས་གཟུགས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་གནས་པར་མི་བྱའོ། །གཟུགས་བདེ་ཞེས་བྱ་བ་ནས་སྨོན་པ་མེད་ཅེས་བྱ་བའི་བར་དུ་

Vol. 80 · folio 95b

གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པས་གང་གསུངས་པ་ཡིན་ནོ། །ས་བཅུ་དག་ལ་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོས་ས་དང་པོ་ལ་དམིགས་པའི་ཚུལ་

གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། བདག་གིས་སངས་རྒྱས་ཀྱི་ཞིང་དེར་སངས་རྒྱས་ཀྱི་སྒྲ་འང་འབྱུང་བར་མི་འགྱུར་རོ། །ཞེས་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གནས་པར་མི་བྱའོ་ཞེས་བྱ་བ་སྟེ།

ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་བྱ་བ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

སངས་རྒྱས་ནས་ཆོས་ཐམས་ཅད་མ་དམིགས་པའི་ཕྱིར་ཏེ། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཉན་ཐོས་ཀྱི་ལམ་བཤད་ཟིན་ཏོ།། །།རང་སངས་རྒྱས་ཀྱི་ལམ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག །རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །

གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་བྱ་བ་སྟེ། རང་སངས་རྒྱས་རྣམས་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གཞན་གྱིས་བསྟན་མ་དགོས་པ་ནི་འདི་ཡིན་ཏེ། ཇི་སྐད་དུ། གནོད་སྦྱིན་གྱི་

སྐད་ལ་སོགས་པ་ནི་ཤེས་པར་རུང་གི་གནས་བརྟན་རབ་འབྱོར་གྱིས་བཤད་པའི་དོན་ནི་ཤེས་པར་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་གྱི་ཚིག་དང་། གནོད་སྦྱིན་གྱིས་སྨྲས་པ་དང་། གནོད་སྦྱིན་གྱིས་རབ་ཏུ་བསྙད་པ་

གང་ཡིན་པ་དེ་དག་ནི་ཞེས་བྱ་བ་ཡ་སོགས་པ་གསུངས་པ་གང་ཡིན་པ་དེ་ལ་གནོད་སྦྱིན་གྱི་སྐད་ཅེས་བྱ་བ་དེ་དག་གི་རང་གི་བརྡས་རྟོགས་པར་བྱེད་པའོ། །ཚིག་ཅེས་བྱ་བ་ནི་སྐད་ཀྱི་ཚོགས་སོ། །སྨྲས་པ་ཞེས་བྱ་བ་ནི་ཇི་སྲིད་ཀྱིས་བརྗོད་པར་འདོད་པའི་དོན་ཡོངས་སུ་རྫོགས་པར་

Vol. 80 · folio 96a

འགྱུར་བའི་ངག་ཅེས་བྱ་བའི་དོན་ཏོ། །རབ་ཏུ་བསྙད་པ་ཞེས་བྱ་བ་ནི་གཏམ་གྱི་ལན་དེ་དང་དེ་དག་ཏུ་དྲིས་པ་དང་ལན་བཏབ་པའོ། །གང་ཡིན་པ་དེ་དག་ནི་ཞེས་བྱ་བ་ནི་སྔོན་ཉེ་བར་ཐོབ་པ་རྣམས་སོ། །དེ་ནི་ཤེས་པར་རུང་གི། གནས་བརྟན་འཕགས་པ་རབ་

འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དང་། རབ་ཏུ་བརྗོད་པ་དང་། སྟོན་པ་དང་། ཉེ་བར་སྟོན་པ་ཞེས་བྱ་བ་དེ་ལ་གསོལ་བ་བཏབ་ནས་སྟོན་པ་ནི་འཆད་པའོ། །དྲིས་ནས་ལན་དུ་སྨྲ་བ་ནི་རབ་ཏུ་བརྗོད་པའོ། །གཉིས་པོ་དེ་ཉིད་གདུལ་བྱ་རྨོངས་པ་རྣམས་ཀྱི་དབང་དུ་བྱས་

ནས་འཆད་པ་ནི་སྟོན་པའོ། །བག་མེད་པ་རྣམས་ཀྱི་དབང་དུ་བྱས་ནས་ནི་ཉེ་བར་འོངས་ནས་སྟོན་པ་ཉིད་ཀྱིས་ཉེ་བར་སྟོན་པ་ཡིན་ནོ། །ལྷའི་བུ་དག་འདི་ལྟར་འདིར་ཡི་གེ་གཅིག་ཀྱང་མ་བརྗོད་དེ་ཞེས་བྱ་བ་ནས་བརྩམས་པས་རབ་ཏུ་སྟོན་པ་དང་ཉན་པ་བཀག་པའི་ཕྱིར་ཏེ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་དག་ནི་སྤྲུལ་པ་དང་། རྨི་ལམ་དང་། སྒྲ་བརྙན་དང་། སྒྱུ་མའི་དཔེ་རྣམས་ཀྱིས་ཡི་གེ་མེད་པ་ཡིན་པའི་ཕྱིར་རབ་ཏུ་བརྗོད་པ་དང་ཉན་པ་མེད་པས་སོ་ཞེས་བྱའོ། །ཇི་ལྟར་ན་ཆོས་སྟོན་པ་ཞེས་བྱ་བ་ཡང་ཡིན་ལ་རབ་

ཏུ་མི་བརྗོད་པའང་ཡིན་ཞེ་ན། ཆོས་སྟོན་པའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྨོན་ལམ་གྲུབ་པའི་ཡང་ཕྱིར་ཏེ། ཆོས་སྟོན་པ་ནི་བརྗོད་པའི་རང་བཞིན་ཡིན་པས་རྣམ་པར་གཡེང་བ་ཆེན་པོར་འགྱུར་བ་ཡིན་ལ། རྣམ་པར་གཡེང་བའང་རྒྱུད་མི་ཟད་

པར་འཁྲུག་པར་བྱེད་པ་ཡིན་པར་དགོངས་ནས་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པས་བདག་གིས་སངས་རྒྱས་ཉིད་ཐོབ་ནས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བརྗོད་པ་མེད་པར་ཡང་སེམས་ཅན་གྱི་དོན་བྱེད་ནུས་པར་གྱུར་ཅིག་ཅེས་དེ་ལྟར་སྨོན་ལམ་བཏབ་པ་ཡིན་

ནོ། །ཚིག་ཏུ་སྨྲ་བ་མེད་པར་དོན་སྟོན་པའང་རུང་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་གསུངས་སོ། །དེ་ལ་ཡེ་ཤེས་ཟབ་མོ་ནི་འདི་ཡིན་ཏེ། ཀྱེ་མ་གནས་

Vol. 80 · folio 96b

བརྟན་རབ་འབྱོར་འདི་ནི་གསལ་བར་བྱེད་པ་སྟེ། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན་པ་ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་པའོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་གནས་བརྟན་རབ་འབྱོར་གྱིས་ཉེ་བར་བསྟན་པའི་དོན་མི་རིག་པ་ནི་ཤེས་པ་ཟབ་པ་ཡིན་ལ། ཡི་གེ་གཅིག་ཀྱང་

མ་བརྗོད་པ་ནི་བརྗོད་པ་ཟབ་པ་ཡིན་ནོ། །མདོ་སྡེ་གཞན་ལས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཉིད་རང་ཉིད་ཀྱིས་མངོན་པར་རྫོགས་པར་རྟོགས་པ་དང་། རྐྱེན་ཉིད་འདི་ལ་ཟབ་མོ་རྗེས་སུ་རྟོགས་པས་རང་སངས་རྒྱས་ཀྱི་ཐེག་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་གསུངས་

སོ། །བདག་ཉིད་གཅིག་པུའི་དོན་ཏེ། རྒྱུ་མཚན་དུ་གྱུར་པར་བྱས་ནས་རང་ཉིད་སངས་རྒྱས་པས་རང་སངས་རྒྱས་སོ། །ཉན་ཐོས་ལའང་ཐལ་བ་མ་ཡིན་ཏེ། དེ་ནི་གཞན་གྱིས་ཉེ་བར་བསྟན་པ་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་

སངས་རྒྱས་ལ་ཐལ་བའང་མ་ཡིན་ཏེ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་ཆེད་དུ་མཛད་པས་དེ་རྣམས་ལས་ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར་རོ། །རང་སངས་རྒྱས་རྣམས་ནི་རྟོགས་པ་ཙམ་གང་ཡིན་པ་དང་། ཇི་ཙམ་

ཕ་ཡིན་པ་དག་གིས་རང་གིས་ཀྱང་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་རྣམས་ཀྱི་རྟོགས་པ་ཙམ་ཡང་གང་ཞིག་དང་ཇི་ཙམ་ཞིག་ཡིན་ཞེ་ན། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པ་ཤེས་པར་

བྱ། །ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དེ་རྣམས་ཀྱི་གཟུང་བའི་རྣམ་པར་རྟོག་པ་སྤངས་པའི་དབང་དུ་མཛད་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ནས་རྒྱ་ཆེར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་རང་བཞིན་ཟབ་པ་དང་ཕྲ་བ་ཉིད་འགོག་པ། རང་སངས་རྒྱས་

རྣམས་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་སྤངས་པར་སྟོན་པ། ཉན་ཐོས་རྣམས་ལས་དེ་རྣམས་ཀྱི་རྟོགས་པ་ཁྱད་པར་དུ་བྱེད་པས་གསུངས་པ་ཡིན་ནོ། །ཆོས་བསྟན་པ་འདི་ལ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་དབང་དུ་བྱས་པ་ལའོ། །གཟུགས་སུ་བཏགས་པའང་མེད་དམ་ཞེས་

Vol. 80 · folio 97a

བྱ་བ་ནས་བྱང་ཆུབ་ཏུ་བཏགས་པའང་མེད་དམ་ཞེས་བྱ་བའི་བར་ནི་དེ་དག་གི་གཟུང་བའི་རྣམ་པར་རྟོག་པ་སྤངས་པའི་ཕྱིར་རོ། །ཡི་གེ་རྣམས་སུ་བཏགས་པའང་མེད་དམ་ཞེས་བྱ་བ་ནི་རང་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པའི་ཕྱིར་རོ། །གང་དག་

རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་པ་ནས་རང་སངས་རྒྱས་ཉིད་ཐོབ་པར་འདོད་པས་བཟོད་པ་འདི་ལ་མི་བརྟེན་དུ་མི་རུང་ངོ་ཞེས་བྱ་བའི་བར་གྱིས་ནི་ལམ་ཤེས་པ་ཉིད་ལམ་ཐམས་ཅད་ཀྱི་ཡུལ་ཅན་དུ་བརྗོད་པ་ཡིན་ནོ། །དེ་རྣམས་ཀྱི་འཛིན་པ་པོའི་རྣམ་པར་རྟོག་པ་སྤངས་

པ་མེད་པའི་དབང་དུ་མཛད་ནས་གསུངས་པ་ནི། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ་ཆོས་ཉན་པ་དེ་དག་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་དང་། རང་སངས་རྒྱས་རྣམས་ནི་འཛིན་པ་པོ་དངོས་པོ་མེད་པར་རྟོགས་པ་མ་ཡིན་པའི་ཕྱིར་སྔར་རྣམ་པ་ཐམས་ཅད་མཁྱེན་པའི་གནས་སྐབས་སུ་སྒྱུ་

མའི་སྐྱེས་བུ་ལྟར་བསླབ་པར་བྱའོ་ཞེས་གསུངས་པ་དེ་དང་འདིའམ་འདི་དང་ཡང་དེ་མི་འགལ་བར་སྟོན་པ་ལས་བརྩམས་ཏེ། ཕུང་པོ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་དུའང་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུར་བརྗོད་པ་དང་། དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་དང་མྱ་ངན་ལས་

འདས་པ་ལ་སོགས་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བས་གསུངས་པ་ཡིན་ནོ། །རྟོགས་པའི་རྟེན་རིགས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེན་པར་བྱེད་པར་

བསྟན་པ་རང་སངས་རྒྱས་བསྟན་པའི་དོན་ཅན་དང་། དེ་རྣམས་ཀྱི་གཟུགས་ལ་སོགས་པ་དང་དེའི་སྟོང་པ་ཉིད་གཉིས་ཕན་ཚུན་དུ་རྟོག་པ་བཀག་པ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ཡང་མ་བརྗོད་མ་བསྟན་པའི་ཕྱིར་ཏེ། ཇི་ལྟར་ཆོས་འགའ་མ་བརྗོད་མ་བསྟན་པ་

དེ་ལྟར་འདིར་ཏེ་རང་སངས་རྒྱས་ཀྱི་སྐབས་སུ་ལེན་པར་བྱེད་པ་སུ་ཡང་མེད་དོ་ཞེས་བྱ་བའི་བར་གྱིས་རྟེན་གྱི་སྦྱོར་བའི་གནས་སུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་ཇི་སྐད་དུ་བརྗོད་པ་དེ་གསལ་བར་བྱེད་དོ། །ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་

Vol. 80 · folio 97b

ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྒྱ་ཆེར་བསྟན་ཞིང་ཞེས་བྱ་བ་ནས་བརྩམས་ཏེ། མི་འདོད་པར་ཐལ་བ་རྣམ་པ་མང་པོ་བྱས་པ་དང་།

ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ལྡན་པའི་བར་དག་ཀྱང་བསྟན་ཏེ་དེའང་མི་དམིགས་པའི་ཚུལ་གྱིས་སོ་ཞེས་བྱ་བའི་བར་གྱིས་

མངོན་པར་འདོད་པའི་དོན་ཡང་དག་པར་གྲུབ་པས་དངོས་པོར་གྱུར་པའི་རྟེན་མེད་པར་རྟོགས་པའི་ཆོས་ཐོབ་པར་སྟོན་པར་བྱེད་པ་དང་། སྤྲུལ་པའི་མེ་ཏོག་གི་རྣམ་པ་ཉེ་བར་འགོད་པ་དང་། མེ་ཏོག་དེ་དག་ཀྱང་ངེས་པར་མ་སྐྱེས་པ་མེ་ཏོག་མ་ཡིན་པ་ཉིད་དང་། གཟུགས་ནས་བརྩམས་

པའི་ཆོས་ཐམས་ཅད་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ངེས་པར་མ་སྐྱེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པའི་བར་དང་དེ་ནས་བརྩམས་ཏེ་ཞེས་བྱ་བའི་བར་སྐབས་ཀྱི་འབྲེལ་པར་བྱས་པས་ནི་རང་སངས་རྒྱས་ཀྱི་ལམ་གྱི་རྟོགས་པའི་རྟེན་

ཡིན་ནོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་སྤངས་པས་ནི་རང་སངས་རྒྱས་ཀྱི་རྟོགས་པ་ཉན་ཐོས་རྣམས་ལས་ཁྱད་པར་དུ་བྱེད་དོ། །འཛིན་པའི་རྣམ་པར་རྟོག་པ་སྤངས་པ་མེད་པས་ནི་རང་སངས་རྒྱས་རྣམས་ལས་སངས་རྒྱས་ཀྱི་རྟོགས་པ་ཁྱད་པར་དུ་བྱེད་དོ། །རིགས་ཀྱིས་

ནི་རྟོགས་པའི་རྒྱུ་ཁྱད་པར་དུ་བྱེད་པ་ཡིན་ནོ། །ད་ནི་རང་སངས་རྒྱས་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆའི་དབང་དུ་མཛད་ནས་གསུངས་པ་ནི། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོ་གྱུར་པ། །ཞེས་བྱ་བ་ཡིན་ཏེ། ཀྱེ་མ་གནས་བརྟན་རབ་

འབྱོར་འདི་དེ་ལྟར་བཏགས་པ་དང་ཡང་མི་འགལ་ལ་ཆོས་ཉིད་ཟབ་མོ་སྟོན་པ་ནི་ཤེས་རབ་ཟབ་པོ་ཞེས་བྱ་བ་དང་། ཀཽ་ཤི་ཀ་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་ཡིན་པས་དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ་ཞེས་བྱ་བ་ལ་

Vol. 80 · folio 98a

སོགས་པ་གང་གསུངས་པ་ཡིན་ནོ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །ཞེས་བྱ་བ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕེལ་བར་བྱ་བ་དང་འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །

ཡོངས་སུ་གཟུང་བར་བྱ་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ་པོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བཟོད་པ་ནི། ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །ཞེས་བྱ་བ་ཡིན་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཀྱི་བར་དུ་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོངས་སུ་གཟུང་བ་མེད་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཅེས་བྱ་བ་ལ། གཟུགས་ཀྱི་སྐྱེ་

བ་མི་མཐོང་། འགག་པ་དང་། བླང་བ་དང་། དོར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྩོགས་པ་དང་། འབྲི་བ་དང་། འགྲིབ་པ་དང་། འཕེལ་བ་མི་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་

བཤད་ཟིན་ཏོ།། །།མཐོང་བའི་ལམ་ཕན་ཡོན་དང་བཅས་པའི་དབང་དུ་མཛད་ནས་གསུངས་པ་ནི། བདེན་དང་བདེན་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་

དོ། །ཞེས་བྱ་བ་ཡིན་ནོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་དག་ཕན་ཚུན་གྱི་ངོ་བོ་ཡིན་པ་དགག་པའི་དོན་དུ་རྣམ་གྲངས་གཞན་ཁས་མི་ལེན་པས་གསུངས་པ་གང་ཡིན་པ་སྟེ། ཀཽ་ཤི་ཀ་གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་

དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལའང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི། ཀཽ་ཤི་ཀ་གཟུགས་ཆེན་པོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་

Vol. 80 · folio 98b

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆེན་པོ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་

བཟོད་པ་ནི། ཀཽ་ཤི་ཀ་གཟུགས་ཚད་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་ཚད་མ་ནི་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཚད་མ་ཞེས་བྱ་བ་ནི་གང་གིས་རྣམ་པར་

འགྱུར་བའི་མཚན་ཉིད་ཀྱི་གཟུགས་འཇལ་བའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། ཀཽ་ཤི་ཀ་གཟུགས་ཚད་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་གང་

གསུངས་པ་ཡིན་ནོ། །ཚད་ཅེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པ་ལ་རྟེན་པའི་དབྱིབས་ལ་བརྗོད་དེ། གཟུགས་ཅན་མ་ཡིན་པ་རྣམས་ལ་ནི་ཚད་ཀྱི་མཚན་ཉིད་ཡོད་པ་མ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། ཀཽ་ཤི་ཀ་གཟུགས་མཐའ་ཡས་པའི་

ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་མཐའ་དང་དབུས་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ཏེ། འདིས་ནི་རྒྱུ་བཀག་པ་ཡིན་ནོ། །རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ནི་ཀུན་འབྱུང་བ་བཀག་པ་ཡིན་ནོ། །ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ནི་རབ་ཏུ་སྐྱེ་བ་བཀག་པ་ཡིན་ནོ། །དེ་བཞིན་ཉིད་མཐའ་

ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ནི་རྐྱེན་བཀག་པ་ཡིན་ནོ། །སེམས་ཅན་མཐའ་ཡས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་སེམས་ཅན་གྱི་ཁམས་ཀྱི་ཆེད་ཉིད་དུ་སྟོན་པར་བྱེད་པ་ཡིན་ནོ། །ཀུན་

Vol. 80 · folio 99a

འབྱུང་ལ་ཆོས་ཤེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བ་རྣམས་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ་ཞེས་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། བཅོམ་ལྡན་འདས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ལེན་མི་འདོར་བའི་ཚུལ་གྱིས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པར་ཡོངས་སུ་འཛིན་པ་ངོ་མཚར་ཆེའོ་ཞེས་བྱ་བའི་

བར་དང་། བར་ཆད་བྱེད་པ་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་བར་ཡོངས་སུ་གཟུང་བའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། བསྒོམ་པ་དང་། གཞན་ལ་རྒྱ་ཆེར་འཆད་པ་དང་།

ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མི་འབྲལ་བ་དེ་དག་ནི་བདུད་སྡིག་ཅན་ལ་སོགས་པ་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་རོ་ཞེས་ཕན་ཡོན་བསྟན་པ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་གཟུགས་སྟོང་པ་ཉིད་ལ་

ལེགས་པར་གནས་པར་གྱུར་པས་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་གླགས་མི་རྙེད་དེ། མཚན་མ་མེད་པ་དང་། སྨོན་པ་མེད་པའང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་གང་ལའང་གླགས་རྙེད་པར་འགྱུར་བ་དེ་དག་

གི་ངོ་བོ་ཉིད་མེད་དོ་ཞེས་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། གཞན་ཡང་སེམས་ཅན་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་ཏུ་བསྒོམ་པའི་ཕྱིར་དེ་རྣམས་ལ་མི་དང་

མི་མ་ཡིན་པ་ལ་སོགས་པས་གླགས་རྙེད་པར་མི་འགྱུར་བ་དང་སྟེ། མཐོང་བའི་ལམ་གྱི་སྐད་ཅིག་མ་བརྒྱད་པ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཚད་མེད་པ་རྣམས་དགོས་པ་ཡིན་ཏེ། དེ་ལྟ་ཡིན་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པས་

Vol. 80 · folio 99b

འགོག་པར་ལྟུང་བར་འགྱུར་བས་སོ། །ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ལ་ཡང་དག་པར་བསྟེན་ཞིང་བསྙེན་བཀུར་བྱས་པའི་ཕྱིར། དེ་རྣམས་ཡ་ང་བ་སྤངས་པས་དུས་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འགོག་

པ་ལ་ཆོས་ཤེས་པའི་བཟོད་པ་ནི། གཞན་ཡང་སྟོང་པ་ཉིད་ཐམས་ཅད་ཤིན་ཏུ་བསྒོམས་པ་ཉིད་ཡིན་པའི་ཕྱིར་དེ་དག་ལ་འཇིགས་པ་དང་རེངས་པར་གྱུར་པ་ལ་སོགས་པ་མེད་པར་གང་གསུངས་པ་ཡིན་ནོ། །དེ་ལ་མི་འདོད་པ་ཐོག་ཏུ་བབ་ཀྱིས་དོགས་པ་ནི་འཇིགས་

པའོ། །དེ་བསལ་བའི་ཐབས་མི་སྒྲུབ་པ་ནི་རེངས་པའོ། །འགོག་པ་ལ་ཆོས་ཤེས་པ་ནི། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། ཐེག་པ་གསུམ་ལ་སེམས་ཅན་འདུལ་བ་

ནི་ངོ་མཚར་ཆེའོ་ཞེས་གསུངས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ནི་སངས་རྒྱས་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་བས་ན་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་བར་འགྱུར་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་གང་གསུངས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་བྱང་བའི་ཕྱོགས་ཐམས་

ཅད་བསྡུས་པ་ཉིད་ལ་སོགས་པར་གསུངས་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི། ཡང་རྩི་མ་གིའི་དཔེ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉེ་བར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་མདངས་དང་སྟོབས་དང་ལྡན་པ་ཉིད་དུ་གང་གསུངས་པ་ཡིན་

ནོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉེས་པ་ནས་མྱ་ངན་ལས་འདས་པར་འཛིན་པའི་བར་དུ་ཉེ་བར་ཞི་བར་བྱེད་པ་ཡིན་གྱི།

Vol. 80 · folio 100a

རྣམ་པར་འཕེལ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ཀྱིས་ལྷས་བྱས་པ་དང་། འབྱུང་བ་ལས་གྱུར་པ་དང་། ནང་གི་བར་ཆད་ཀྱི་དབང་དུ་མཛད་ནས།

བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་པ་དང་ལྡན་པ་དང་། མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་

གང་གསུངས་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པའི་བརྗོད་པ་ནི། བདག་ཀྱང་སྲོག་གཅོད་པ་སྤོང་བར་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་གནས་པར་འགྱུར་བ་ནས། གཞན་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ལ་གནས་པ་དེ་དག་གི་བསྔགས་པ་བརྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །ཞེས་བྱ་བའི་བར་གྱིས་གང་གསུངས་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྦྱིན་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ཐུན་མོང་དུ་བྱས་ཤིང་མི་

དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །མདོའི་ཚིག་ལྷུག་པ་འདི་ཚིགས་བཅད་དུ་བྱས་པ་ནི་རྣམ་པ་འདི་ལྟ་བུ་ཡིན་ཏེ། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་

ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང་། །ཆེན་པོ་ཚད་མ་མེད་བཅས་དང་། །ཚད་མེད་པ་དང་མཐའ་མེད་དང་། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང་། །བླང་མེད་དོར་བ་མེད་སོགས་དང་། །བྱམས་ལ་སོགས་

དང་སྟོང་ཉིད་དང་། །སངས་རྒྱས་ཉིད་ནི་འཐོབ་པ་དང་། །རྣམ་པར་བྱང་བ་ཡོངས་བསྡུས་དང་། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང་། །སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །

Vol. 80 · folio 100b

བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །མཐོང་བའི་ལམ་བཤད་ཟིན་ཏོ།། །།ད་ནི་བསྒོམ་པའི་ལམ་བཤད་པར་བྱ་བ་ཡིན་པས་རེ་ཞིག་འདིའི་བྱེད་པ་བརྗོད་ལ།

དེ་ནས་འདི་བརྗོད་པར་བྱ་བ་ཡིན་ནོ། །འདིའི་བྱེད་པ་དེའང་རྣམ་པ་དྲུག་ཏུ་རིག་པར་བྱའོ། །ཇི་ལྟ་ཞེ་ན། ཀུན་ནས་དུལ་དང་ཐམས་ཅད་ནས། །བདུད་དང་ཉོན་མོངས་ལས་རྒྱལ་དང་། །གནོད་པས་བརྫི་བ་མེད་ཉིད་དང་། །བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་བྱ་བ་

གསུངས་པ་ཡིན་ཏེ། གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་དུལ་བར་བྱེད་པའི་དབང་དུ་མཛད་ནས་གསུངས་པ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་དུལ་བ་དང་། ང་རྒྱལ་མ་མཆིས་པར་

འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ་ཞེས་བྱ་བ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་འདུད་པའི་བྱེད་པ་ནི་རྟོག་པའི་རྣམ་པ་ཐམས་ཅད་ལའང་ངར་རློམ་པ་བཀག་པའི་ཕྱིར་ཐམས་ཅད་ལ་འདུད་པའི་དོན་གྱིས་ན་ཡོངས་སུ་འདུད་པའི་སླད་དུ་ཉེ་བར་གནས་སོ་ཞེས་བྱ་བ་ལ་

སོགས་པ་གང་གསུངས་པ་ཡིན་ནོ། །ཉོན་མོངས་པ་ལས་ངེས་པར་རྒྱལ་བར་བྱེད་པ་ནི་གཡུལ་གྱི་ནང་དུ་ཞུགས་པའི་མིའི་དཔེས་འདོད་ཆགས་ལ་སོགས་པའི་ཚོགས་མ་ལུས་པ་ལས་རྒྱལ་ཞིང་བརྫི་བ་མེད་པ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱི་བར་ལས་ངེས་པར་རྒྱལ་བས་

བསྒོམ་པའི་ལམ་ལ་སླར་བྱ་བ་མེད་པ་ཉིད་དུ་ཤེས་པར་བྱེད་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །གནོད་པས་བརྫི་བ་མེད་པའི་བྱེད་པ་ནི་ཀཱ་ཁོར་ཏ་དང་། །མེ་དང་། མཚོན་དང་། ཆུ་ལ་སོགས་པའི་གནོད་པས་མི་བརྫི་བ་ཉིད་ལ་སོགས་པས་གང་གསུངས་པ་ཡིན་ནོ། །

ཀཱ་ཁོར་ཏ་ནི་བྱང་ཤར་ཕྱོགས་ཀྱི་མི་མ་ཡིན་པའི་རིགས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བྱེད་པ་ནི། ཆོས་ཐམས་ཅད་མི་དམིགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་བལྟ་བར་འགྱུར་རོ་ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words