འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ

Sanskrit title (Tibetan script, as in the text) པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲྀཏྟི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 80 · folio 101a

བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྟེན་གྱི་ཡུལ་མཆོད་པར་བྱ་བ་ཉིད་ཀྱི་བྱེད་པ་ནི། ཡང་སྙིང་པོ་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གྱི་རྟེན་གྱི་ཡུལ་བར་ཆད་མེད་པ་ཉིད་ཡིན་

ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་རིས་ཐམས་ཅད་ཀྱིས་བསྲུང་བ་དང་བསྐྱབ་པ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བྱེད་པ་བཤད་ཟིན་ཏོ།། །།བསྒོམ་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །དེ་ལ་ཟག་པ་དང་

བཅས་པ་ནི་མོས་པ་དང་། བསྔོ་བ་དང་། རྗེས་སུ་ཡི་རང་བའི་ཡིད་ལ་བྱེད་པ་ཞེས་བྱའོ། །ཟག་པ་མེད་པའང་མངོན་པར་བསྒྲུབ་པའི་མཚན་ཉིད་དང་། ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་དོ། །གང་གི་ཕྱིར་མོས་པ་ཡིད་ལ་བྱེད་པའི་དབང་དུ་མཛད་པ་ནི། མོས་པ་རང་

གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང་། །རྣམ་གསུམ་ཤེས་བྱ། ཞེས་གསུངས་པ་ཡིན་ཏེ། རང་གི་དོན་འགོག་པ་ནི་མ་ཡིན་ཏེ། གཞན་གྱི་དོན་དང་མི་འགལ་བ་ཉིད་ཀྱིས་དེ་རྫོགས་པ་ཡིན་ནོ། །དེ་ཡང་ནི། ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་

གསུམ་དུ་འདོད། །རང་གི་དོན་གྱི་མོས་པ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྟེ་གསུམ་མོ། །དེ་བཞིན་དུ་གཞན་དུ་གཞན་དག་ལའང་བརྗོད་པར་བྱའོ། །དེ་ལ་རང་གི་དོན་ལ་མོས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ནི་གང་ཡིན། དེ་བཞིན་དུ་གཞན་གྱི་དོན་ལ་མོས་

པའི་བར་ཡང་གང་དག་ཡིན་ཞེ་ན། ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ། ཞེས་བྱ་བ་གསུངས་ཏེ། སོ་སོར་ཞེས་དཀྱུས་མ་དང་སྦྱར་རོ། །རང་གི་དོན་ལ་སོགས་པ་ལ་ཆུང་ངུ་ལ་སོགས་པ་རྣམ་པ་གསུམ་དུ་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །

དེ་ལྟར་ནང་གི་དོན་ལ་སོགས་པ་འདི་ནི་རྣམ་པ་དགུར་འགྱུར་ཏེ། འདི་ལྟ་སྟེ། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོ་དང་། འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོ་དང་། ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་།

Vol. 80 · folio 101b

ཆེན་པོའི་ཆེན་པོའོ། །དེ་བཞིན་དུ་རང་གཞན་གྱི་དོན་དུ་མོས་པ་དང་། གཞན་གྱི་དོན་དུ་མོས་པའི་རྣམ་པའི་དབྱེ་བ་ལའང་བརྗོད་པར་བྱའོ། །དེ་བས་ན། དེ་ལྟར་ན། རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་གསུངས་པ་ཡིན་ནོ། །མོས་པ་ཞེས་བྱ་བ་ནི་དཀྱུས་མ་ཉིད་ཡིན་ནོ། །

དེ་ལ་རང་གི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུའི་རྣམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ་བཅངས་ལ་མཆོད་པ་བགྱིས་པ་དང་། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་

བཅུག་སྟེ་མཆོད་པར་བྱས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་དང་། དེ་རྟེན་དུ་གྱུར་པས་སངས་རྒྱས་ཀྱི་སྐུ་མཆོད་པ་བརྙེས་པའི་ཕྱིར་དང་པོ་ཆེས་བསོད་ནམས་མང་དུ་འཕེལ་བའི་རྒྱུ་ཉིད་ཀྱིས་གང་གསུངས་པ་ཡིན་

ནོ། །ཆུང་ངུའི་འབྲིང་ནི། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་མི་དེ་དག་གང་དག་ལས་སངས་རྒྱས་ལ་ཤེས་ནས་རབ་ཏུ་དང་བ་དང་ལྡན་པ་དང་། དེ་བཞིན་དུ་ཆོས་དང་། དགེ་འདུན་ལ་རབ་ཏུ་དང་བ་དང་། ཤིན་ཏུ་སྟོན་པ་དེ་ལྟ་བུ་ནི་ཉུང་ངོ་ཞེས་བྱ་བ་ནས་བརྩམས་ཏེ།

ཚོགས་རེ་རེ་ཞིང་ཕྲ་བ་བསྟན་པ་ནས། ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མེད་གྲངས་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བྱང་ཆུབ་ཏུ་

སྤྱོད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས་དེ་ལས་གཅིག་གམ་གཉིས་ཞིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། ཕལ་ཆེར་ཐབས་མཁས་པ་དང་བྲལ་བས་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པ་དག་མཐོང་ངོ་། །དེ་ཅིའི་

ཕྱིར་ཞེ་ན། ལེ་ལོ་ཅན་ལ་སོགས་པས་བྱང་ཆུབ་སྒྲུབ་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་ཡོན་ཏན་སྲིད་པར་རྟོགས་པ་སྔོན་དུ་འགྲོ་བའི་དད་པ་ནི་ཤེས་ནས་རབ་ཏུ་དང་བ་སྟེ། ཐེ་ཚོམ་སྤངས་པའི་ཕྱིར་རོ། །ངེས་པའི་མཐར་ཐུག་པ་ཐོབ་

Vol. 80 · folio 102a

པས་ན་ཤིན་ཏུ་སྟོན་པའོ། །ཆུང་ངུའི་ཆེན་པོ་ནི། མྱུར་བ་དང་བདེ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་།

ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། འདི་ནི་བདག་ཅག་གི་སྟོན་པའོ་ཞེས་བྱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པའི་རྒྱུར་གྱུར་པ་ཉིད་ཀྱིས་མོས་པ་གསུམ་པའི་རྣམ་པ་ཡོངས་སུ་གསལ་བར་བྱ་བའི་དོན་དུ་གང་

གསུངས་པ་ཡིན་ནོ། །འབྲིང་གི་ཆུང་ངུ་ནི། དེ་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ། དེ་ལ་མཆོད་པའི་བསོད་ནམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །འབྲིང་

གི་འབྲིང་ནི། དེ་བཞིན་དུ་འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་གྱིས་བཀང་བའི་དཔེས་གང་གསུངས་པ་ཡིན་ནོ། །འབྲིང་གི་ཆེན་པོ་ནི། དེ་བཞིན་དུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་

ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆེན་པོའི་ཆུང་ངུ་ནི། དེ་བཞིན་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆེན་པོའི་འབྲིང་ནི། དེ་བཞིན་དུ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་

གང་གསུངས་པ་ཡིན་ནོ། །ཆེན་པོའི་ཆེན་པོ་ནི། དེ་བཞིན་དུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །རང་གི་དོན་ལ་མོས་པ་རྣམ་པ་དགུ་བཤད་ཟིན་ཏོ།། །།རང་དང་གཞན་གྱི་དོན་ལ་མོས་པ་དགུ་བརྗོད་པར་བྱའོ། །

དེ་ལ་རེ་ཞིག་ཆུང་ངུའི་ཆུང་ངུའི་རྣམ་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ལས་སེམས་ཅན་རེ་རེས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་བྱས་ཏེ་མཆོད་པའི་བསོད་ནམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་

Vol. 80 · folio 102b

ཕྱིན་པ་འདི་ལ་བརྩོན་པ་བསོད་ནམས་ཆེས་ཤིན་ཏུ་མང་དུ་སྐྱེ་བ་ཉིད་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆུང་ངུའི་འབྲིང་ནི། ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག་ཅེས་བྱ་བ་ནས་བརྩམས་ཏེ། མཐོང་བའི་ཆོས་ཀྱི་ཕན་ཡོན་ལ་སོགས་པ་རྒྱ་

ཆེར་གང་གསུངས་པ་ཡིན་ནོ། །ཆུང་ངུའི་ཆེན་པོ་ནི། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་བམ་ཞེས་བྱ་བ་ནས་བརྩམས་ཏེ། གཉིས་སུ་བྱར་མེད་པས་ཆོས་

ཐམས་ཅད་དེ་རྣམས་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་གཉིས་སུ་མེད་པར་ཡོངས་སུ་བསྔོ་བའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྔོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲོ་བ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་ལ་སོགས་པ་ནི་རྣམ་པར་བྱང་བའི་

ཕྱོགས་ཐམས་ཅད་རབ་ཏུ་ཤེས་པའི་རྒྱུ་ཉིད་ཡིན་པ་ཉིད་ཅེས་བྱ་བ། རང་དང་གཞན་གྱི་དོན་མོས་པ་རྣམ་པ་གསུམ་པ་ཡོངས་སུ་གསལ་བར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །འབྲིང་གི་ཆུང་ངུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་ལ་སོགས་པ་དང་

རབ་ཏུ་ལྡན་པ་ཉིད་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་རྣམས་ལས་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ཚད་མེད་པ་དང་ལྡན་པ་ཉིད་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འབྲིང་གི་འབྲིང་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་

བསྟན་པ་དེ་དག་ནི་ལྷའི་བུ་དེ་དག་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འབྲིང་གི་ཆེན་པོ་ནི། ཡང་ཕ་དང་མ་ལ་སོགས་པ་ནས་མི་སློབ་པའི་བར་ཐམས་ཅད་ཀྱིས་ཀྱང་བྱམས་ཤིང་ཡིད་དུ་འོང་བར་བྱ་བ་ཡིན་ཞེས་བྱ་བ་ལ་སོགས་

པ་གང་གསུངས་པ་ཡིན་ནོ། །ཆེན་པོའི་ཆུང་ངུ་ནི། ཡང་སྤོབས་པ་མི་ཆོད་པར་འགྱུར་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་མི་ཆོད་པ་དང་ལྡན་པར་འགྱུར་བ་ཞེས་བྱ་བ་བསྒོམ་པའི་ལམ་རྣམ་པ་བདུན་པའི་གནས་སྐབས་རྣམ་པར་ཆད་པ་མེད་

Vol. 80 · folio 103a

པར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཆེན་པོའི་འབྲིང་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ལྷའི་རིས་ཐམས་ཅད་ཀྱང་གླེགས་བམ་གྱི་ཡུལ་དུ་འོངས་ནས། བཀླགས་པ་དང་། གཟུང་བ་དང་། བཅང་བ་དང་། ཀུན་

ཆུབ་པར་བྱ་བ་ལ་སོགས་པ་དང་། དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་བྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆེན་པོའི་ཆེན་པོ་ནི། ལྷའི་ཚོགས་ཐམས་ཅད་འོངས་པས་མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་བ་

དང་། ལུས་དང་སེམས་ལས་སུ་རུང་བ་ཐོབ་ནས་ཆོས་གོས་ལ་སོགས་པ་ལ་ཤས་ཆེར་ཆགས་པ་བཀག་པ་ཞེས་བྱ་བ་མོས་པ་རྣམ་པ་དགུ་པོའི་དོན་གསལ་བར་བྱེད་པ་གང་གསུངས་པ་ཡིན་ནོ། །རང་དང་གཞན་གྱི་དོན་ལ་མོས་པ་རྣམ་པ་དགུ་བཤད་ཟིན་ཏོ།། །།

གཞན་གྱི་དོན་ལ་མོས་པ་དགུ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་ཆུང་ངུའི་ཆུང་ངུའི་རྣམ་པ་ནི་གླེགས་བམ་དུ་བྲིས་ཏེ་འཆང་བ་དང་། མཆོད་པ་འབའ་ཞིག་ཙམ་བྱེད་ཀྱི། འཛིན་པ་ནས་གཞན་ལ་རྒྱ་ཆེར་སྟོན་པར་མི་བྱེད་པ་མ་ཚང་བར་བྱེད་པ་བས་ཡོངས་སུ་རྫོགས་པར་བྱེད་པ་

བསོད་ནམས་ཆེས་མང་དུ་བསྐྱེད་པར་གང་གསུངས་པ་ཡིན་ནོ། །ཆུང་ངུའི་འབྲིང་ནི། ཡང་ཀཽ་ཤི་ཀ་ཁྱོད་ཀྱིས་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བཀང་བ་བྱས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཆ་བཞག་པ་འདི་གཉིས་ལས་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འཚལ་ལགས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆུང་ངུའི་ཆེན་པོ་ནི། འདི་ལ་སྦྱོར་བ་དང་ལྡན་པ་འདི་ནི་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཉན་ཐོས་ལ་སོགས་པའི་སའི་དོགས་པ་མེད་པ་ཉིད་ཅེས་བྱ་བ་

གཞན་གྱི་དོན་ལ་མོས་པ་རྣམ་པ་གསུམ་པ་གསལ་བར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །འབྲིང་གི་ཆུང་ངུ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམས་པ་ཞིག་དང་། ཤེས་རབ་ཀྱི་ཕ་རོལ་

Vol. 80 · folio 103b

ཏུ་ཕྱིན་པའི་ཆ་གཉིས་ལས་གང་ཡང་རུང་བ་ཞིག་འདམ་དུ་སྩལ་ན་འདི་ཉིད་མཆོག་ཡིན་པ་ཉིད་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འབྲིང་གི་འབྲིང་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་མདོ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྟོན་

པར་མཛད་པ་དང་། ཆོས་སྨྲ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ནི་འདི་ལས་བྱུང་བ་ཡིན་པའི་ཕྱིར་དེ་གཉིས་ཀྱང་མི་འདྲ་བ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པས་གང་གསུངས་པ་ཡིན་ནོ། །འབྲིང་གི་ཆེན་པོ་ནི། འདི་ལ་རབ་ཏུ་སྦྱོར་བ་ནི་རྒྱལ་པོ་ལ་བརྟེན་པའི་སྐྱེས་བུའི་

དཔེས་གང་གིས་ཀྱང་འཇིགས་པར་མི་འགྱུར་བ་དང་། མཆོད་པ་བརྙེས་པ་ལ་སོགས་པས་གང་གསུངས་པ་ཡིན་ནོ། །ཆེན་པོའི་ཆུང་ངུ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམས་པ་དང་། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཆར་བྱས་ཏེ། གཅིག་འདམ་དུ་བཅུག་ན་འདི་ཉིད་ལེན་པ་མཆོག་ཡིན་པ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆེན་པོའི་འབྲིང་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཐུགས་སུ་ཆུད་པའི་རྒྱུ་ནི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆེན་པོའི་ཆེན་པོ་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཤིང་རྣམས་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་།

དབྱིབས་དང་། ཆུ་ཞེང་སྣ་ཚོགས་ཀྱི་གྲིབ་མའི་དཔེས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རོ་གཅིག་པ་ཉིད་ཅེས་བྱ་བ་གཞན་གྱི་དོན་གྱི་མོས་པ་རྣམ་པ་དགུ་པ་ཡོངས་སུ་གསལ་བར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །མོས་

པའི་རྣམ་པ་ཐམས་ཅད་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དཔེ་གོང་ནས་གོང་དུ་གྱུར་པས་གང་དང་གང་བསྟན་པ་དེ་དང་དེའི་རྗེས་སུ་འབྲངས་ནས། ཆེན་པོའི་ཆེན་པོ་ལ་སོགས་པ་བཟློག་པ་མི་མཐུན་པའི་ཕྱོགས་སུ་ཤེས་པར་བྱའོ། །དེ་ལ་རང་གི་དོན་ལ་མོས་པ་ནི་གཞན་གྱི་དོན་དུ་

Vol. 80 · folio 104a

ཆེད་དུ་བྱ་བར་འགྱུར་ལ། གཉིས་པ་ལ་ནི་སྦྱོར་བ་བར་ཆད་དང་བཅས་པ། གསུམ་པ་ལ་ནི་སྦྱོར་བ་བར་ཆད་མེད་པ་ཡིན་ནོ། །མོས་པ་ཡིད་ལ་བྱེད་པ་བཤད་ཟིན་ཏོ།། །།ད་ནི་འདིའི་བསྟོད་པ་ལ་སོགས་པ་བརྗོད་དགོས་པ་དེའི་ཕྱིར། ཤེས་རབ་

ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང་། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་བསྟོད་པའི་ཆ་དང་པོ་ནི་འདི་ཡིན་ཏེ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་

དེ་བཞིན་གཤེགས་པའི་སྐུ་གདུང་གིས་བཀང་བ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆ་གཉིས་ལས་གང་ཡང་རུང་བ་འདམ་དུ་སྩལ་ན་འདི་ཉིད་ལེན་ཏེ་ཞེས་བྱ་བ་དང་། གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ་གཞན་

ལ་སྩལ་ན་ཞེས་བྱ་བ་ནས་བརྩམས་ཏེ། སྦྱིན་པ་པོ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །གཉིས་པ་ནི་དེ་བཞིན་དུ་གཞན་གྱི་དྲུང་དུ་སོང་སྟེ། བཤད་ཅིང་བསྟན་ན་བསོད་ནམས་ཤས་ཆེར་འཕེལ་ཏེ། དེ་ནི་སྟོན་པ་ཡིན་པར་བསམ་མོ་ཞེས་

བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གསུམ་པ་ནི་སེམས་ཅན་གཅིག་གཅིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཇོག་པར་བྱེད་པ་ནི་འཛམ་བུ་གླིང་གི་སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི་བསོད་ནམས་པས་བསོད་ནམས་མང་དུ་འཕེལ་ཏེ། རྣམ་

པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཕྱིར་རོ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །བཞི་པ་ནི་སེམས་ཅན་གཅིག་གཅིག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞེས་གང་གསུངས་པ་ཡིན་ནོ། །ལྔ་པ་ནི་དེ་བཞིན་དུ་སེམས་ཅན་གཅིག་གཅིག་ཕྱིར་མི་འོང་བའི་འབྲས་བུ་ལ་ཞེས་གང་

གསུངས་པ་ཡིན་ནོ། །དྲུག་པ་ནི་དེ་བཞིན་དུ་སེམས་ཅན་གཅིག་གཅིག་དགྲ་བཅོམ་པ་ཉིད་ལ་བཀོད་ན་ཞེས་གང་གསུངས་པ་ཡིན་ནོ། །བདུན་པ་ནི་དེ་བཞིན་དུ་སེམས་ཅན་གཅིག་གཅིག་རང་བྱང་ཆུབ་ལ་བཞག་ན་ཞེས་གང་གསུངས་པ་ཡིན་ནོ། །བརྒྱད་པ་ནི་འཛམ་བུ་གླིང་

Vol. 80 · folio 104b

གི་སེམས་ཅན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས་སེམས་ཅན་གཅིག་གཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེ་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་ཞུགས་པ་ཡིན་

ནོ། །དེ་ལ་སངས་རྒྱས་ཀྱི་ཚུལ་ནི་སངས་རྒྱས་ཀྱི་རིགས་སོ། །བསྟོད་པ་ཆ་དགུ་ནི་དེ་བཞིན་དུ་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཞག་པ་བས་ཞེས་གང་གསུངས་པ་ཡིན་ནོ། །འདི་ནི་རེ་ཞིག་བསྟོད་པའི་ཆ་དགུ་པ་ཡིན་ནོ། །བཀུར་

བ་ཡང་ཆ་དགུར་ཤེས་པར་བྱའོ། །དེ་ལ་བཀུར་བ་དང་པོ་ནི་འདི་ཡིན་ཏེ། དེ་བཞིན་དུ་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཕྱིར་མི་འོང་བའི་འབྲས་བུ་ལ་བཞག་པ་བས་ཞེས་གང་གསུངས་པ་ཡིན་ནོ། །གཉིས་པ་ནི་དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་བཞག་པ་བས་ཞེས་གང་

གསུངས་པ་ཡིན་ནོ། །གསུམ་པ་ནི་དེ་བཞིན་དུ་རང་བྱང་ཆུབ་ལ་བཞག་པ་བས་ཞེས་གང་གསུངས་པ་ཡིན་ནོ། །བཞི་པ་ནི་གཞན་ཡང་འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་པའི་བསོད་ནམས་པས་གླེགས་བམ་ལ་བྲིས་ནས་

གཞན་ལ་བྱིན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་བསོད་ནམས་མང་དུ་འཕེལ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །དེ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། བྱང་ཆུབ་ལ་གཉིས་སུ་སྤྱོད་པ་ཡང་མ་ཡིན། མི་གཉིས་པར་སྤྱོད་པ་ཡང་མ་ཡིན་པའི་བློས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ལྔ་པ་ནི་ཡང་གཉིས་སུ་མེད་པའི་དོན་གྱིས་ན་དོན་དེ་སྟོན་པས་བསོད་ནམས་མང་དུ་འཕེལ་བ་ཉིད་གང་གསུངས་པ་ཡིན་ནོ། །དྲུག་པ་ནི་ཡང་དོན་དང་ལྡན་ཡི་གེ་དང་ལྡན་

པར་བསྟན་པ་ལས་ཡོངས་སུ་རྫོགས་པར་བྱེད་པ་བསོད་ནམས་ཆེས་འཕེལ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །བདུན་པ་ནི་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ལ་ནམ་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་བས། འདི་

Vol. 80 · folio 105a

ཉིད་དོན་དང་། ཡི་གེ་མ་ནོར་བར་འཆད་ཅིང་སྟོན་པར་བྱེད་པ་བསོད་ནམས་ཆེས་མང་དུ་འཕེལ་ཏེ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དེ་རྣམས་ནི་འདི་ལས་ངེས་པར་འཁྲུངས་པ་ཉིད་ཀྱིས་སོ་ཞེས་གང་གསུངས་པ་ཡིན་ནོ། །བརྒྱད་པ་ནི་ཡང་

བསྐལ་པ་གྲངས་མེད་གཞལ་དུ་མེད་པར་སྦྱིན་པ་ལ་སོགས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བས་ལྟར་བཅོས་པ་ལས་བཟློག་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དུ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་བསོད་ནམས་ཆེས་མང་དུ་བསྐྱེད་པར་

འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བཀུར་བའི་ཆ་དགུ་པ་ནི་ཡང་འཛམ་བུའི་གླིང་གི་སེམས་ཅན་ནས་བརྩམས་ཏེ། ཕྱོགས་བཅུའི་ཕྱོགས་རེ་རེའི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་རྒྱུན་ཏུ་ཞུགས་

པའི་འབྲས་བུ་ལ་བཀོད་པ་བས། སེམས་ཅན་གཅིག་གཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཛིན་དུ་བཅུག་ཅིང་ཕྱིར་མི་ལྡོག་པའི་ས་ལ་བཞག་པ་ནི་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །བཀུར་བའི་ཆ་རྣམ་པ་དགུ་པོ་བཤད་

ཟིན་ཏོ།། །།ད་ནི་བསྔགས་པའི་ཆ་རྣམ་པ་དགུ་པོ་བརྗོད་པར་བྱའོ་དེ་ལ་བསྔགས་པའི་ཆ་དང་པོ་ནི་འདི་ཡིན་ཏེ། དེ་བཞིན་དུ་སེམས་ཅན་དེ་སྙེད་ཅིག་ཁོ་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་བས་ཞེས་གང་གསུངས་པ་ཡིན་ནོ། །གཉིས་པ་ནི་དེ་བཞིན་དུ་སེམས་ཅན་

དེ་སྙེད་ཅིག་ཁོ་ན་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་བས་ཞེས་གང་གསུངས་པ་ཡིན་ནོ། །གསུམ་པ་ནི་སེམས་ཅན་དེ་སྙེད་ཅིག་ཁོ་ན་དགྲ་བཅོམ་པ་ཉིད་དུ་ཞེས་གང་གསུངས་པ་ཡིན་ནོ། །བཞི་པ་ནི་དེ་བཞིན་དུ་སེམས་ཅན་དེ་སྙེད་ཁོ་ན་རང་བྱང་ཆུབ་ལ་བཀོད་པ་བས་ཞེས་གང་གསུངས་

པ་ཡིན་ནོ། །ལྔ་པ་ནི་ཡང་འཛམ་བུའི་གླིང་གི་སེམས་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བཀོད་པ་བས། སེམས་ཅན་གཅིག་གཅིག་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །

Vol. 80 · folio 105b

དྲུག་པ་ནི་དེ་བཞིན་དུ་གླིང་བཞི་པའི་སེམས་ཅན་དེ་ཉིད་ལ་བཀོད་པ་བས་ཞེས་གང་གསུངས་པ་ཡིན་ནོ། །བདུན་པ་ནི་དེ་བཞིན་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་ཉིད་ལ་བཀོད་པ་བས་ཞེས་གང་གསུངས་པ་ཡིན་ནོ། །བརྒྱད་པ་ནི་དེ་བཞིན་དུ་སྟོང་གཉིས་པ་དང་།

སྟོང་གསུམ་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དེ་ཉིད་ལ་ཡང་དག་པར་བཀོད་པ་བས་ཞེས་གང་གསུངས་པ་ཡིན་ནོ། །བསྔགས་པའི་ཆ་དགུ་པ་ནི། ཡང་འཛམ་བུའི་གླིང་ནས་བརྩམས་ཏེ། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་

སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པ་དེ་རྣམས་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡང་རུང་བ་མངོན་པར་ཤེས་པ་མྱུར་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱིན་ཅི་མ་

ལོག་པར་སྟོན་པའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་པ་རྣམས་ལ་ལེགས་སོ་ལེགས་སོ་བསྔགས་པའི་དོན་ཡོངས་སུ་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟར་ན་བསྟོད་པ་ལ་སོགས་པ་འདི་

དག་ནི་དོན་ཡང་དག་པ་ཇི་ལྟ་བ་ཉིད་དུ་རྟོགས་པའི་ཆའི་མཚན་ཉིད་ཡིན་གྱི། རིག་བྱེད་ཤེས་པ་རྣམས་ཀྱིས་དོན་བརྗོད་པ་ནི་བསྟོད་པ་ཡིན་ནོ་ཞེས་སྨྲས་པ་ལྟར་དོན་བརྗོད་པའི་མཚན་ཉིད་ནི་མ་ཡིན་ནོ། །ཡང་ཁ་ཅིག་ན་རེ་ཆད་ཕྱེད་དང་བཞི་པའི་ཨོཾ་ནི་བཀུར་བ་ཡིན་ནོ། །ཞེས་བརྗོད་

པ་དེ་དག་གི་ལྟར་ན་ནི་སྒྲའི་ཚངས་པ་ནི་དམ་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་བཀུར་བ་ཡིན་པར་འགྱུར་ན། འདིར་ནི་ཇི་སྐད་དུ་བརྗོད་པའི་རྟོགས་པའི་ཆ་མཚན་ཉིད་ཡིན་ནོ། །བསྔགས་པའི་དབང་དུ་བྱས་ནས་སྙན་ཚིག་གི་རིག་བྱེད་པ་ཡིན་པར་ང་སྨྲ་སྟེ། མར་ལྟ་བུའི་ཚིག་རྗེས་སུ་བརྗོད་

པ་གང་ཡིན་པ་དེ་དག་གི་བསྔགས་པ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་དག་གི་ལྟར་ན་ཡང་སྒྲར་གཏོགས་པ་ཁོ་ནར་འགྱུར་ན། འདིར་ནི་ཆ་དགུ་པའི་རྟོགས་པའི་མཚན་ཉིད་བསྔགས་པ་ཡིན་ནོ། །ཆ་ནི་ཡན་ལག་སྟེ་ཆ་ཤས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་མདོ་གཞན་

Vol. 80 · folio 106a

གྱི་གླེང་གཞི་དེ་དང་དེ་དག་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པ་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་གང་གསུངས་པ་དེ་འཐད་པར་འགྱུར་བ་ཉིད་

ཡིན་ནོ། །མོས་པ་ཡིད་ལ་བྱེད་པ་དང་། བསྟོད་པ་དང་བཀུར་བ་དང་། བསྔགས་པ་བཤད་ཟིན་ཏོ།། །།ད་ནི་ཡོངས་སུ་བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བ་ཡིན་པས་ན། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པའི་མཆོག་ཡིན་ནོ། །དེ་ནི་དམིགས་

མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང་། །སངས་རྒྱས་རྗེས་སུ་ཡི་རང་དང་། །ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཆུང་དང་

འབྲིང་དང་ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་པ་གསུམ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་བསྔོ་བའི་ཁྱད་པར་ནི་འདི་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་བྱ་བའི་དངོས་པོ་རྣམས་

ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོས་པ་འདི་ཉིད་རབ་ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་རབ་ཅེས་བྱ་བ་ནི་རབ་

རྣམ་པ་གཉིས་ཏེ། བསྟུན་པ་དང་ལྡན་པ་ཉིད་ཀྱི་དམ་པར་གྱུར་པ་ཉིད་དང་། གཉིས་པ་མེད་པ་ཉིད་ཀྱིས་ན་གཉིས་པ་དང་བྲལ་བ་གཙོ་བོར་གྱུར་པ་ཉིད་དོ། །དེ་ལ་དམ་པར་གྱུར་པ་རབ་ཉིད་ནི་རྣམ་པ་གཉིས་ཏེ། ཐབས་ལ་མཁས་པའི་མཆོག་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཉིད་ཀྱིས་རབ་མཆོག་ཡིན་ནོ། །གཙོ་བོ་ཉིད་ཀྱང་རྣམ་པ་གཉིས་ཏེ། མཉམ་པ་མེད་པ་ཉིད་ཀྱིས་ཕུལ་དུ་ཕྱིན་པ་དང་། ལྷག་པ་མེད་པས་གོང་ན་མེད་པ་སྟེ། ཚིག་བདུན་གྱིས་དེའི་ཁྱད་པར་གྱི་མཚན་ཉིད་བསྟན་པས་སོ། །ཡོངས་སུ་བསྔོ་བའི་བྱེད་པ་ནི་ཡང་སེམས་ཅན་རྣམས་

Vol. 80 · folio 106b

ལ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ལམ་སྟོན་པར་བྱེད་པས་རྒྱུར་གྱུར་པས་ན་མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པའི་སངས་རྒྱས་དང་མཉམ་པ་ཐོབ་པའི་རྒྱུར་གྱུར་པས་ན་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པ་དང་

བྱང་ཆུབ་སེམས་དཔའི་རང་དང་གཞན་གྱིས་གང་གསུངས་པ་ཡིན་ནོ། །མི་དམིགས་པའི་རྣམ་པ་ཅན་གྱི་ཡོངས་སུ་བསྔོ་བ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་བརྩམས་ཏེ། དམ་པའི་ཆོས་གནས་པའི་བར་གྱི་ཚུལ་ཁྲིམས་ལ་སོགས་པའི་ཕུང་

པོ་རྣམས་དང་། དེ་ཡོངས་སུ་བསྡུས་པ་དང་། ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་པ་དང་། རྣམ་པར་གྲོལ་བར་བྱས་པའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྗེས་སུ་ཡི་རང་ཞིང་ཡོངས་སུ་བསྔོས་ནས་དངོས་པོ་གང་ཞིག་ཡིན་ཞེས་

བྱ་བ་ནས་བརྩམས་ཏེ། དངོས་པོ་དང་། དམིགས་པ་དང་། བྱང་ཆུབ་ཀྱི་སེམས་དང་དགེ་བའི་རྩ་བ་དང་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ནི་གང་ཡིན་ཞེས་བྱ་བ་དང་སེམས་ནི་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་ཉིད་ཅེས་བྱ་བ་ནས།

ཆོས་ཐམས་ཅད་དངོས་པོ་མེད་པའི་རྗེས་སུ་འགྲོ་བ་མི་དམིགས་པའི་རྣམ་པར་ཡོངས་སུ་བསྔོས་པ་ལེགས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་དངོས་པོ་ནི་རིགས་སོ། །དམིགས་པ་ནི་ཆོས་ཐམས་ཅད་དོ། །བྱང་ཆུབ་ཀྱི་ཆེད་དུ་བྱ་བའི་སེམས་ནི་

འཛིན་པར་བྱེད་པའི་རྣམ་པར་རྟོག་པའོ། །དགེ་བའི་རྩ་བ་ནི་མ་ཆགས་པ་ལ་སོགས་པའོ། །བསོད་ནམས་བྱ་བའི་དངོས་པོ་ནི་སེམས་པའོ། །ཟད་པ་ནི་བསགས་པ་རྣམ་པར་འཇིག་པས་སོ། །འགགས་པ་ནི་རྒྱུན་གྱིས་འཇིག་པས་སོ། །བྲལ་བ་ནི་རང་བཞིན་གྱིས་འཇིག་པས་

སོ། །རྣམ་པར་གྱུར་པ་ནི་རྣམ་པར་འགྱུར་བའི་རྣམ་པར་འཇིག་པས་སོ། །ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཀྱི་ཡོངས་སུ་བསྔོ་བ་ནི། སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་དེ་ཉིད་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་

Vol. 80 · folio 107a

རང་བཞིན་གྱིས་སྟོང་ངོ་ཞེས་གང་གསུངས་པ་བཞིན་ནོ། །དབེན་པའི་གནས་སུ་བསྔོ་བ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཕུང་པོ་ལ་སོགས་པས་དབེན་པར་ཤེས་ཏེ། ཞེས་བྱ་བ་ནས་བརྩམས་

ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཉིད་ཀྱི་ངོ་བོས་དབེན་པར་ཤེས་ཏེ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་དགེ་བའི་རྩ་བའི་རིགས་སུ་གཏོགས་པའི་རང་བཞིན་དྲན་པའི་ཡོངས་སུ་བསྔོ་བ་ནི། སངས་རྒྱས་ཀྱི་དགེ་བའི་རྩ་བ་རྣམས་རིགས་

གང་དག་ཡིན་པ་དང་། རང་བཞིན་གང་ཡིན་པ་དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་དེ་ཡོངས་སུ་བསྔོ་བར་བྱེད་པ་ཞེས་གང་གསུངས་པ་ཡིན་ནོ། །ཐབས་ལ་མཁས་པའི་ཡོངས་སུ་བསྔོ་བ་ནི། འདིར་བྱང་ཆུབ་སེམས་དཔའ་ཆེན་པོས་ཐབས་ལ་མཁས་པ་དེ་དག་ལ་

བསླབ་པར་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །མཚན་མ་མེད་པའི་ཡོངས་སུ་བསྔོ་བ་ནི། ཁ་ཟས་དུག་དང་བཅས་པའི་དཔེས་མཚན་མའི་འདུ་ཤེས་ཅན་གྱིས་ཡོངས་སུ་བསྔོ་བ་ནི། དུག་ཅན་ཟུག་རྔུ་ཅན་ཏེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སངས་

རྒྱས་ཀྱིས་རྗེས་སུ་གནང་བའི་བསྔོ་བ་ནི། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པས་མཁྱེན་པ་དེ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཁམས་གསུམ་དུ་གཏོགས་པ་

མ་ཡིན་པའི་ཡོངས་སུ་བསྔོ་བ་ནི། གཞན་ཡང་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་གཟུགས་ཁམས་གསུམ་གྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་

བ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་གསུམ་ཡིན་ནོ། །དེ་ལ་ཆུང་ངུ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ནས་བརྩམས་ཏེ། མངོན་པར་ཤེས་པ་ལྔ་ཞེས་བྱ་བའི་བར་དང་། འཇིག་རྟེན་པའི་རྟོགས་པ་ལ་གནས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་

Vol. 80 · folio 107b

གྱི་ཁམས་ཀྱི་སེམས་ཅན་གྱི་དཔེས་ཡོངས་སུ་བསྔོ་བ་འདི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་གང་གསུངས་པའོ། །འབྲིང་ནི་ཡང་དེ་སྙད་ཅིག་ཁོ་ན་རྒྱུན་ཏུ་ཞུགས་པ་ནས། དགྲ་བཅོམ་པར་གྱུར་པ་ལ་བཀུར་སྟི་དང་། མཆོད་པ་ལ་སོགས་པ་བྱས་པའི་

བསོད་ནམས་ཀྱི་དཔེས། བསོད་ནམས་འདི་སྔ་མ་བཞིན་དུ་གང་གསུངས་པ་ཡིན་ནོ། །ཆེན་པོ་ནི་སེམས་ཅན་དེ་སྙེད་ཁོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་རེ་རེས་མཆོད་པའི་བསོད་ནམས་

ཀྱི་དཔེས་མི་དམིགས་པར་ཡོངས་སུ་བསྔོ་བའི་བསོད་ནམས་སྔ་མ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི་མི་དམིགས་པ་ཉིད་ཀྱིས་སོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པ་བཤད་ཟིན་ཏོ།། །།རྗེས་སུ་

ཡི་རང་བ་ཡིད་ལ་བྱེད་པའི་དབང་དུ་མཛད་ནས། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །སྒོམ་པ་ཡིན་པ་འདིར་བརྗོད་དོ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཇི་ལྟར་ན་རྗེས་སུ་ཡི་རང་བ་རབ་

ཏུ་འགྱུར་ཞེས་བྱ་བ་ནས་བརྩམས་ཏེ། ཐབས་ལ་མཁས་པས་མི་དམིགས་པའི་ཚུལ་དུ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །དེ་ལ་མོས་པ་ཡིད་ལ་བྱེད་པས་ནི་འབྱུང་ཁུངས་

དག་ནས་གསེར་གྱི་གར་བུ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་དོ། །ཡོངས་སུ་བསྔོ་བའི་ཡིད་ལ་བྱེད་པས་ནི་གསེར་མགར་གྱི་རྒྱན་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་ནི་རང་དང་གཞན་གྱི་བསོད་ནམས་

བྱ་བ་མཉམ་པ་ཉིད་འཐོབ་བོ། །ཟག་པ་དང་བཅས་པའི་བསྒོམ་པའི་ལམ་བཤད་ཟིན་ཏོ།། །།ཟག་པ་མེད་པ་བརྗོད་པར་བྱ་སྟེ། དེ་ལས་ཀྱང་མངོན་པར་བསྒྲུབ་པའི་མཚན་ཉིད་ཀྱི་སྦྱོར་བའི་དབང་དུ་མཛད་ནས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །

Vol. 80 · folio 108a

ཆོས་རྣམས་དམིགས་པ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་ངོ་བོ་ཉིད་ནི། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པས་ན་སྣང་བར་བགྱིད་པའོ། །ཞེས་བྱ་བ་ནས་

བརྩམས་ཏེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་སྟོན་པར་བྱེད་པ་ལེགས་སོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ཏེ། སྦྱོར་བ་དེ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པར་གསལ་བར་བྱེད་པ་ཡིན་པས་སོ། །མཆོག་ཉིད་ནི་དམུས་ལོང་མང་པོའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་

ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་ལམ་ཤེས་པ་ཉིད་ལ་འཇུག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་འགྲོ་བའི་ནུས་པ་བཀག་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་ནི། གཟུགས་

མངོན་པར་སྒྲུབ་པ་མེད་པའི་ཕྱིར་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་དམིགས་པ་མེད་པས་མངོན་པར་རྟོགས་

པ་གཏོད་པར་བྱེད་པ་ནི། དགེ་བའི་ཆོས་མྱ་ངན་ལས་འདས་པའི་བར་རྣམས་གང་ཡང་གཏོད་པར་མི་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོ་བའི་བར་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་རྣམ་པར་ཉེ་བར་གནས་པ་ཉིད་

ཀྱིས་མིང་ཇི་ལྟ་བ་དང་མཚན་མ་ཇི་ལྟ་བ་དེ་ལྟར་གཏོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་མིང་ནི་མིང་དུ་བཏགས་པའོ། །མཚན་མ་ནི་དེ་འཇུག་པར་བྱེད་པའི་རྒྱུའོ། །གཏོད་པ་ནི་གཏོད་པ་མེད་པ་ཉིད་ཀྱིས་གཉིས་ཀྱི་འདུ་ཤེས་དེ་ལས་རིང་དུ་

བྱེད་པ་ཉིད་ཡིན་པའི་ཕྱིར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པས་དེས་སོ་སོར་ཐོབ་པར་བྱེད་པ་ཉིད་ཀྱིས་སོ། །དོན་ཆེན་པོ་ཉིད་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆེ་བ་དང་ཆུང་བར་བྱེད་པ་བཀག་པ་ནས་བརྩམས་ཏེ།

Vol. 80 · folio 108b

སངས་རྒྱས་སྟོབས་དང་ལྡན་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་ལྡན་པར་རིག་པར་བྱའོ་ཞེས་བྱ་བ་དང་། སངས་རྒྱས་ཉིད་ཀྱི་དོན་ཆེན་པོ་སྒྲུབ་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡིན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །མངོན་པར་སྒྲུབ་པ་བཤད་

ཟིན་ཏོ།། །།ད་ནི་ཤིན་ཏུ་རྣམ་པར་དག་པ་བརྗོད་པར་བྱ་སྟེ། རེ་ཞིག་འདིའི་རྒྱུ་ནི་རྣམ་པ་གསུམ་དུ་བརྗོད་ལ། བཟློག་པའི་རྒྱུའང་རྣམ་པ་བཞིར་བརྗོད་པར་འགྱུར་ཏེ། འདི་ལྟར། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། །ཐབས་ལ་མཁས་པ་གང་ཡིན་

པ། །འདི་ལ་སོགས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་། །ཟབ་པའི་ཆོས་ལ་མ་མོས་དང་། །ཕུང་པོ་ལ་སོགས་མངོན་ཞེན་དང་། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་གསུངས་པ་ཡིན་ནོ། །དེ་

ལ་སངས་རྒྱས་ལ་བསྟེན་པ་འདི་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བསྙེན་བཀུར་བྱས་ནས་འདིར་འོངས་ཤིང་ཞེས་བྱ་བ་ལ་སོགས་པ་

གང་གསུངས་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྒྲུབ་པར་བྱེད་པ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་ཚད་མེད་དཔག་ཏུ་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ་ཞེས་བྱ་བ་ལ་སོགས་པ་གང་

གསུངས་པ་ཡིན་ནོ། །ཐབས་ལ་མཁས་པ་ནི། རབ་འབྱོར་འདི་ནི་རྣམ་པར་ཕྱེ་ནས་ལུང་བསྟན་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཐབས་ལ་མཁས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་རྒྱུ་ཡིན་པ་ཉིད་ཀྱི་བར་གྱིས་གང་གསུངས་པ་ཡིན་ནོ། །ཆོས་

ཀྱིས་ཕོངས་པར་འགྱུར་བ་དང་རྒྱུ་མཐུན་པའི་ལས་ནི། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གིས་ཇི་སྲིད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ། དེའང་དམིགས་པའི་ཚུལ་གྱིས་བསྒོམས་པ་དག་ཀྱང་

Vol. 80 · folio 109a

ཡོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། དྲག་པ་དང་། རྒྱུན་མི་འཆད་པ་དང་། དུས་རིང་པོར་བདག་ཉིད་ཀྱི་ལུས་ཆེན་པོ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཉེ་བར་བསྟན་པས་གང་གསུངས་པ་ཡིན་ནོ། །དེ་ལ་དྲག་པ་ནི་ལྷག་

པ་ཉིད་ཀྱིས་སོ། །རྒྱུན་མི་འཆད་པ་ནི་རྟག་ཏུ་བ་ཉིད་ཀྱིས་སོ། །སྡུག་བསྔལ་བ་ནི་མི་མཐུན་པ་ཉིད་ཀྱིས་ཏེ། དེ་ཉེ་བར་བསྟན་པ་ནི་སེམས་ཅན་རྣམས་དེ་ལས་བཟློག་པར་བྱ་བའི་དོན་དུ་ཡིན་ནོ། །ཡང་ལས་ཀྱི་སྒྲིབ་པ་འདིའི་རྒྱུ་རྣམ་པ་བཞིའི་དབང་དུ་མཛད་ནས།

བདུད་ཀྱི་བྱིན་གྱིས་བརླབས་པ་དང་། ཆོས་ཟབ་མོ་ལ་མོས་པ་དང་། ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ནི་དེའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པ་ཐོབ་པའི་རྒྱུ་གསུམ་དང་བཟློག་

པའི་རྒྱུ་བཤད་ཟིན་ཏོ།། །།དེ་ལས་ཀྱང་རེ་ཞིག་རྣམ་པར་དག་པ་སྤྱིར་བརྗོད་དེ། དེ་ནས་ཁྱད་པར་གྱི་དོན་འཆད་པར་འགྱུར་རོ། །དེ་ལ་རྣམ་པར་དག་པའི་སྤྱི་ནི་འདི་ཡིན་ནོ། །འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་

ཐ་དད་མ་ཡིན་ཞིང་། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་གསུངས་པ་ཡིན་ཏེ། རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ་ཞེས་བྱ་བ་ནས་དེ་དག་གཉིས་སུ་བྱར་མེད་པ་ཉིད་ཀྱིས་དབྱེར་མེད་གཅད་དུ་མེད་དོ་ཞེས་བྱ་བ་ལ་

སོགས་པ་གང་གསུངས་པ་ཡིན་ནོ། །དེ་ལ་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་གང་ཡིན་པའི་དགེ་སྦྱོང་གི་འབྲས་བུ་དེ་ནི་གཟུགས་ལ་སོགས་པ་ལ་བདག་ཏུ་མངོན་པར་ཞེན་པ་ལ་སོགས་པ་དང་བྲལ་བས་རབ་ཏུ་

ཕྱེ་བ་ཉིད་ཡིན་པའི་ཕྱིར་རོ། །གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ། གཉིས་སུ་མེད་པའི་དོན་གཟུང་བ་དང་འཛིན་པ་གཉིས་སུ་མེད་པའི་ཕྱིར་རོ། །གཉིས་སུ་བྱར་མེད་ཅེས་བྱ་བ་ནི་ལྡེམ་པོར་དགོངས་པ་གཉིས་སུ་བྱར་མི་ནུས་པ་ཉིད་ཡིན་པའི་ཕྱིར་རོ། །

Vol. 80 · folio 109b

དབྱེར་མེད་གཅད་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། དབྱེ་བ་ནི་མཚན་ཉིད་སྣ་ཚོགས་པ་ཉིད་དོ། །གཅད་པ་ནི་སོ་སོ་ཐ་དད་པར་ཡན་ལག་སོ་སོར་བྱེད་པའོ། །དེ་ལྟར་རྣམ་པར་དག་པའི་སྤྱི་བཤད་ཟིན་ནས་ཁྱད་པར་བརྗོད་པ་ནི། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་

ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་ལ་ཉན་ཐོས་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དག་པ་དང་།

གཟུགས་ལ་སོགས་པ་རྣམ་པར་དག་པ་འདི་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཉིད་ཀྱིས་དབྱེར་མེད་གཅད་དུ་མེད་དོ་ཞེས་བྱ་བ་དང་། དེ་བཞིན་དུ་བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་རྣམ་པར་དག་པ་དང་། གཟུགས་ལ་སོགས་པ་རྣམ་པར་དག་པ་ཞེས་

བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་རྣམ་པར་དག་པ་ནི། རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ་ཞེས་བྱ་བ་ནས་བརྩམས་ཏེ། མ་རིག་པ་རྣམ་པར་དག་པས་འདུ་བྱེད་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་གྱི་ལམ་རྣམ་པར་དག་པ་ནི། རབ་འབྱོར་

གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་དག་གཉིས་སུ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གང་

གསུངས་པ་ཡིན་ནོ། །ཤིན་ཏུ་རྣམ་པར་དག་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ཏེ། དེ་ལ་མཐའ་ནི་ཆའོ། །དེ་ནི་རྣམ་པ་གཉིས་ཏེ། དངོས་པོའི་མཐའ་དང་། དུས་ཀྱི་མཐའོ། །དེ་ལ་ཤེས་བྱའི་སྒྲིབ་པ་སྤངས་པའི་ཚུལ་གྱིས་དངོས་པོའི་མཐའ་

Vol. 80 · folio 110a

ལས་འདས་པའི་ཕྱིར་དང་། རྟག་ཏུ་ཆོས་ཀྱི་སྐུ་བརྙེས་པས་དུས་ཀྱི་མཐའ་ལས་འདས་པ་ཡིན་པའི་ཕྱིར་ཏེ། མཐའ་ལས་བརྒལ་བ་དང་མཐའ་ལས་ཤིན་ཏུ་སོང་བ་ཞེས་བྱ་བས་སོ། །མཐའ་ལས་འདས་པ་ནི་ཆོས་ཀྱི་དབྱིངས་ལ་བརྗོད་ལ། དེ་ལ་ཡོད་

པས་ན་ཤིན་ཏུ་བའོ། །དེའང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱིས་བསྡུས་པའི་ས་དགུ་པོ་རྣམས་ལ་སོ་སོར་རྣམ་པར་རྟོག་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུའི་གཉེན་པོ་བསྒོམ་པའི་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་

པ་རྣམ་པ་དགུར་ཕྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟ་བ་དང་ཇི་སྙེད་པ་བསྒོམས་པ་ཉིད་ཀྱིས་བསྒོམ་པའི་ལམ་ལ་ཡང་བྱར་མེད་པ་ཉིད་ཀྱི་རྒྱུ་ཉེ་བར་བསྟན་པའི་དོན་དུ་ཤིན་ཏུ་ཞེས་སྨོས་ཏེ། འདི་ལྟར། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་

ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ལ་ལམ་ཆུང་ངུའི་ཆུང་ངུའི་རྣམ་པ་ནི། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་

དེ་ནི་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཞེས་བྱ་བ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆུང་ངུའི་འབྲིང་ནི། རབ་འབྱོར་ནང་སྟོང་པ་

ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི། གཟུགས་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆུང་ངུའི་ཆེན་པོ་ནི། རབ་འབྱོར་གཞན་ཡང་འདུས་བྱས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འདུས་མ་བྱས་རྣམ་པར་དག་པའོ། །འདུས་མ་བྱས་

རྣམ་པར་དག་པ་གང་ཡིན་པ་དེ་ནི། འདས་པ་རྣམ་པར་དག་པའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འབྲིང་གི་ཆུང་ངུ་ནི། བཅོམ་ལྡན་འདས་རྣམ་པར་དག་པ་འདི་ནི་ཟབ་བོ་ཞེས་བྱ་བ་དང་། ཤཱ་རིའི་བུ་གཟུགས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་ཟབ་བོ་

Vol. 80 · folio 110b

ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །འབྲིང་གི་འབྲིང་ནི། བཅོམ་ལྡན་འདས་རྣམ་པར་དག་པ་ནི་སྣང་བར་གྱུར་པའོ་ཞེས་བྱ་བ་དང་། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །རྣམ་པར་དག་པ་སྣང་བའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །

འབྲིང་གི་ཆེན་པོ་ནི། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མ་མཆིས་པའོ་ཞེས་བྱ་བ་དང་། ཤཱ་རིའི་བུ་གཟུགས་ལ་འཕོ་བ་མེད་ཅིང་ཉིང་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆེན་པོའི་

ཆུང་ངུ་ནི། བཅོམ་ལྡན་འདས་རྣམ་པར་དག་པ་ནི། ཀུན་ནས་ཉོན་མོངས་པ་མ་མཆིས་པའོ་ཞེས་བྱ་བ་དང་། ཤཱ་རིའི་བུ་ཤིན་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་དང་། གཟུགས་དང་ཚོར་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཆེན་པོའི་འབྲིང་

ནི། བཅོམ་ལྡན་འདས་རྣམ་པར་དག་པ་ནི། ཐོབ་པ་དང་མངོན་པར་རྟོགས་པ་མ་མཆིས་པའོ་ཞེས་བྱ་བ་དང་། ཤཱ་རིའི་བུ་ཐོབ་པ་དང་མངོན་པར་རྟོགས་པ་ཤིན་ཏུ་མེད་པའི་ཕྱིར་རོ་ཞེས་བྱ་བ་གང་གསུངས་པ་དང་། གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པ་གང་

གསུངས་པ་ཡིན་ནོ། །ལམ་གྱི་རྣམ་པ་ཆེན་པོའི་ཆེན་པོ་ནི། བཅོམ་ལྡན་འདས་རྣམ་པར་དག་པ་ནི། མངོན་པར་མ་གྲུབ་པའོ་ཞེས་བྱ་བ་དང་། ཤཱ་རིའི་བུ་ཤིན་ཏུ་མངོན་པར་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་དང་། གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པ་གང་གསུངས་

པ་ཡིན་ནོ། །ཁམས་གསུམ་པའི་གཉེན་པོ་ཉིད་ཀྱི་བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ་ཞེས་བྱ་བ་དང་། ཤཱ་རིའི་བུ་ཁམས་གསུམ་པོའི་

རང་བཞིན་མི་དམིགས་པའི་ཕྱིར་རྣམ་པར་དག་པ་མི་སྐྱེའོ་ཞེས་གང་གསུངས་པ་ཡིན་ནོ། །འཇལ་བྱེད་དང་གཞལ་བྱ་མཉམ་པ་ཉིད་ཀྱི་དབང་དུ་མཛད་ནས། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པ་ལགས་སོ་ཞེས་བྱ་བ་དང་། ཤཱ་རིའི་བུ་ཆོས་རྣམས་

Vol. 80 · folio 111a

བེམས་པོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དང་། གཟུགས་དང་ཚོར་བ་མི་ཤེས་སོ་ཞེས་བྱ་བ་ལ་སོགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། དེ་ལ་ཀླན་ཀ་སྤངས་བྱ་བས། །

ལམ་ནི་འཇལ་དང་གཞལ་བྱ་དག །མཉམ་པ་ཉིད་ཀྱི་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་བྱ་བ་ནི་གལ་ཏེ་གཉིས་སུ་ཀུན་ཏུ་རྟོག་པས་མི་མཐུན་པའི་ཕྱོགས་ཆེན་པོའི་ཆེན་པོ་ལ་སོགས་པ་དང་གཉེན་པོ་ནི་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཞེས་བྱ་བར་འགྱུར་བ་

མ་ཡིན་ནམ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་ཡང་མི་བགྱིད་པ་ལགས་སོ་ཞེས་བྱ་བ་དང་། ཤཱ་རིའི་བུ་ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །འོ་ན་ཚོགས་ལ་འབད་པས་ཅི་ཞིག་བསྐྱེད་སྙམ་

ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཆོས་འགའ་ཡོངས་སུ་འཛིན་པར་མི་བགྱིད་ལགས་སོ་ཞེས་བྱ་བ་དང་། ཤཱ་རིའི་བུ་ཆོས་ཀྱི་དབྱིངས་ཡོངས་སུ་གཟུང་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཐོབ་པའམ་རྟོགས་པ་ཞེས་བྱ་བ་

འགའ་ཡང་མེད་པར་འགྱུར་རོ་སྙམ་ན། བཅོམ་ལྡན་འདས་གཉིས་རྣམ་པར་དག་པ་ལ་ཐོབ་པ་མ་མཆིས་མངོན་པར་རྟོགས་པ་མ་མཆིས་པའོ་ཞེས་བྱ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་

ཉེ་བར་གཟུང་ནས། རབ་འབྱོར་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བས་སྐབས་ཡོངས་སུ་རྫོགས་པར་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟར་བྱས་ན། མོག་མོག་པོར་བྱེད་ལ་སོགས་དང་། །སློབ་མ་བསེ་རུའི་ལམ་དག་དང་། །འདི་དང་གཞན་གྱི་ཡོན་

ཏན་གྱིས། །ཕན་ཡོན་ཆེ་བ་མཐོང་བའི་ལམ། །བྱེད་པ་དང་ནི་མོས་པ་དང་། །བསྟོད་དང་བཀུར་དང་བསྔགས་པ་དང་། །བསྔོ་དང་རྗེས་སུ་ཡི་རང་བ། །ཡིད་ལ་བྱེད་པ་བླ་མེད་དག །སྒྲུབ་དང་ཤིན་ཏུ་དག་པ་ཞེས། །བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་

Vol. 80 · folio 111b

དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་གང་གསུངས་པ་དེ་ནི་འདིར་འདས་ཟིན་པའི་འབྲེལ་པ་ཡིན་པར་བལྟ་བར་བྱའོ། །རྣམ་གྲངས་ཀྱི་ཚིག་རྣམས་ཀྱི་བཤད་པ་ནི། ཉན་ཐོས་ཀྱི་ལམ་གྱི་དབང་དུ་བྱས་ནས་བདེན་པ་བཞིའི་དམིགས་པ་

ལ་རྣམ་པ་བཅུ་དྲུག་ཏུ་རྣམ་པར་བཞག་པར། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པར་བགྱིའོ། །རྗེས་སུ་བསྟན་པར་བགྱིའོ། །ལེན་དུ་གཞུག་པར་བགྱིའོ། །ཡང་དག་པར་བསྟན་པར་བགྱིའོ། །

གཟེངས་བསྟོད་པར་བགྱིའོ། །ཡང་དག་པར་དགའ་བར་བགྱིའོ། །ངེས་པར་གཞུག་པར་བགྱིའོ། །རབ་ཏུ་གནས་པར་བགྱིའོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་དང་པོ་འདི་ལྟར་བྱ་བ་ཡིན་ནོ། །ཞེས་བྱ་བར་ཉེ་བར་སྟོན་པ་དང་། དེ་ཉིད་ལ་ཡང་ནས་ཡང་དུ་གོམས་

པར་བྱེད་པ་དང་། བག་མེད་པ་རྣམས་ཆོས་འདི་ལ་མོས་པར་བྱེད་པ་དང་། རྨོངས་པ་རྣམས་རྟོགས་པར་བྱེད་པ་དང་། བརྩོན་པ་ཞན་པ་རྣམས་སྤྲོ་བར་བྱེད་པ་དང་། ཞན་པ་རྣམས་ཡང་དག་པར་མགུ་བར་བྱེད་པ་དང་། ལམ་ལ་ངེས་པར་སྦྱོར་བ་དང་། དེ་ཉིད་དུ་

ངེས་པར་བྱེད་པའི་དབང་དུ་བྱས་ནས་ཚིག་བརྒྱད་རིམ་པ་བཞིན་དུ་རིག་པར་བྱའོ། །རང་སངས་རྒྱས་ཀྱི་དབང་དུ་བྱས་ནས་དེ་དག་གི་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པར་རྣམ་པར་བཞག་པར། བཙུན་པ་རབ་འབྱོར་འདི་ལྟར་ཟབ་པ། འདི་ལྟར་བརྟག་པར་བྱ་བ་མ་ཡིན་

པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་ཕྲ་བ། འདི་ལྟར་ཞིབ་པ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྗེས་སུ་རྟོགས་པར་དཀའ་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་འཕགས་པ་ལ་ནུས་པ་ཡོད་པ། འདི་ལྟར་མཁས་ཤིང་མཛངས་པས་རིག་

པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེན་པར་བྱེད་པ་སུ་དག་འབྱུང་བར་འགྱུར་ཞེས་གང་བརྗོད་པ་དེ་ལ་སྒྲོ་སྐུར་ལས་གྲོལ་བ་ཉིད་དང་། སེམས་དང་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་ཉིད་དང་། རྣལ་འབྱོར་གྱི་ཆོས་ཀྱིས་ངེས་པར་བྱ་བ་ཉིད་ཀྱིས་རྟོག་གེ་ལས་འདས་

Vol. 80 · folio 112a

པ་ཉིད་དང་། རང་བཞིན་གྱི་ངོ་བོ་ཕྲ་བ་ཉིད་དང་། རིགས་ནས་བརྩམས་ཏེ་ཆོས་ཀྱི་སྐུ་ཐོབ་ཀྱི་བར་དུ་ལམ་བར་ཆད་མེད་པ་དང་། བལྟ་བར་བྱ་བ་དང་། མཐོང་བར་བྱེད་པའི་རྣམ་པར་རྟོག་པ་མེད་པ་དང་། མཐོང་བའི་ཚིག་གིས་ཀྱང་དོན་དེ་ཐོབ་པར་མི་

ནུས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་ཅན་ཉིད་དང་། འཕགས་པའི་གང་ཟག་ཐམས་ཅད་ཀྱིས་རྟོགས་པའི་རྒྱུ་ཡིན་པའི་དབང་དུ་བྱས་ནས་ཚིག་དགུ་པོ་རྣམས་གོ་རིམས་བཞིན་དུ་རིག་པར་བྱའོ། །ཚིག་བཅུ་པ་ནི་ཁྱད་པར་གྱི་མཚན་ཉིད་དུ་བཤད་པར་

བྱའོ། །འདི་ལྟར་འདིར་ཇི་ལྟར་ཆོས་འགའ་ཡང་མ་བཤད་མ་བསྟན་མ་བརྗོད་པ་དེ་ཁོ་ན་འདིར་ལེན་པར་བྱེད་པ་སུའང་མི་འབྱུང་ངོ་ཞེས་བྱ་བ་ནི་རང་གི་ངོ་བོ་དང་། འབྲེལ་པ་དང་། དེ་གཉི་ག་ལས་ཚིག་གསུམ་པོ་རྣམས་ཡིན་ནོ། །བཀུར་བའི་ཆ་ལྔ་པའི་དབང་དུ་བྱས་ནས།

ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྟོན་པ་དང་། འཆད་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་། རབ་ཏུ་དབྱེ་བའི་མཚན་ཉིད་དང་། དེ་དག་ཉིད་ཀྱི་བསྟན་པ་གདུལ་བྱ་ཇི་ལྟ་བ་བཞིན་རྣམ་པར་འབྱེད་པ་དང་།

དེའི་ཁར་འཇུག་པ་ལ་མཁས་པའི་སྒོ་ནས་ཚིག་བཞི་པོ་རྣམས་རིམ་པ་ཇི་ལྟ་བ་བཞིན་རིག་པར་བྱའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དེ་གང་གིས་གཉིས་སུ་མེད་པར་མཐོང་གི། གཉིས་སུ་ནི་མ་ཡིན་པ་གང་ཡིན་པ་སྟེ། མཚན་

མར་མ་ཡིན་མཚན་མ་མེད་པར་ཡང་མ་ཡིན། འོང་བར་མ་ཡིན་འགྲོ་བར་མ་ཡིན་པ་དང་། བསལ་བར་མ་ཡིན་བཞག་པར་མ་ཡིན་པ་དང་། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་མ་ཡིན་པ་དང་། སྐྱེ་བར་མ་ཡིན་འགག་པར་མ་ཡིན་པ་དང་།

ལེན་པར་མ་ཡིན་འདོར་བར་མ་ཡིན་པ་དང་། གནས་པར་མ་ཡིན་མི་གནས་པར་མ་ཡིན་པ་དང་། ཡང་དག་པར་མ་ཡིན་ཡང་དག་པ་མ་ཡིན་པར་མ་ཡིན་པ་དང་། ལྡན་པར་མ་ཡིན་མི་ལྡན་པར་མ་ཡིན་པ་དང་། བག་ཙམ་མ་ཡིན་བག་ཙམ་མ་ཡིན་པར་མ་ཡིན་པ་དང་།

Vol. 80 · folio 112b

ཆ་སོ་སོ་མ་ཡིན་ཆ་སོ་སོ་མ་ཡིན་པར་མ་ཡིན་པ་དང་། ཆོས་ཉིད་མ་ཡིན་ཆོས་ཉིད་མ་ཡིན་པར་མ་ཡིན་པ་དང་། དེ་བཞིན་ཉིད་མ་ཡིན་དེ་བཞིན་ཉིད་མ་ཡིན་པར་མ་ཡིན་པ་དང་། ཡང་དག་པའི་མཐའ་མ་ཡིན་ཡང་དག་པའི་མཐའ་མ་ཡིན་པ་མ་ཡིན་པར་མཐོང་བའོ་ཞེས་

བྱ་བ་ནི། བྱེད་པ་པོ་དང་ཐོབ་པར་བྱེད་པའི་རྒྱུ་བཀག་པ་རྗེས་སུ་ཤེས་པ་དང་། འགྲོ་བ་དང་འོང་བ་བཀག་པ་དང་། མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་སེལ་བ་དང་། ལེན་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཕན་ཚུན་གྱི་རང་བཞིན་ཉིད་དང་།

ཆོས་ཉིད་ལ་སྐྱེ་བ་དང་འགག་པ་མེད་པ་དང་། ལྟ་བས་བྱས་པའི་ལེན་པ་དང་། དེའི་ངོ་བོ་ཉིད་ཀྱིས་དོར་བ་མེད་པ་དང་། རིགས་ཀྱི་རྟེན་གྱི་གནས་དངོས་པོ་མ་ཡིན་པ་ཉིད་ཀྱིས་གནས་པ་དང་མི་གནས་པའི་རྣམ་པར་རྟོག་པ་མེད་པ་དང་། གསུང་རབ་ཀྱི་ཆོས་བདེན་པ་དང་

བརྫུན་པ་མ་ཡིན་པ་དང་། ཚོགས་པའི་ལྡན་པ་དང་ལྡན་པ་མེད་པ་ལས་འདས་པ་དང་། ཆོས་ཀྱི་དབྱིངས་ལ་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱིས་ཕྱོགས་གཅིག་དང་ཐམས་ཅད་ཚང་བར་ངེས་པར་འབྱུང་བ་མེད་པ་དང་། རིགས་སོ་སོའི་རང་བཞིན་གྱིས་

ཆོས་ཀྱི་དབྱིངས་ཆར་བྱར་མེད་པ་དང་། ལམ་གྱི་ཆོས་འཕགས་པའི་གང་ཟག་གི་དབྱེ་བས་ཕན་ཚུན་ལམ་དང་ལམ་མ་ཡིན་པར་མི་འགྱུར་བ་དང་། དེ་ཁོ་ན་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་གྱུར་

པའི་ཆོས་ཉིད་རོ་གཅིག་པ་ཉིད་ཀྱིས་མཐའ་ཁྱད་པར་མེད་པའི་དབང་དུ་བྱས་ནས། རིམ་པ་ཇི་ལྟ་བ་བཞིན་དུ་མཚན་མར་མ་ཡིན་མཚན་མ་མེད་པར་མ་ཡིན་ཞེས་བྱ་བ་ལ་སོགས་པའི་ཚིག་ཟུང་བཅུ་བཞི་པོ་རྣམས་ཀྱིས་ངེས་པར་བསྟན་པ་བརྗོད་པར་བྱའོ། །དེ་བཞིན་

དུ་རྣམ་གྲངས་ཀྱི་ཚིག་བཤད་པ་མ་བྱས་པ་གཞན་རྣམས་ཀྱི་དོན་ཟུང་གི་རྗེས་སུ་འབྲངས་ནས་ཇི་ལྟར་རིགས་པར་མཁས་པ་རྣམས་ཀྱིས་བཤད་པར་འོས་ཏེ། ཁོ་བོ་ཅག་གིས་ནི་གཞུང་ལྕི་བའི་སྐྱོན་སྤངས་པའི་དོན་དུ་ཐམས་ཅད་ཉེ་བར་བསྟན་པར་སྤུངས་མ་བསྐྱེད་དོ། །

Vol. 80 · folio 113a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས། ལམ་ཤེས་པའི་སྐབས་མཐའ་གཉིས་རྣམ་པར་དག་པའི་ལེའུ་སྟེ་གཉིས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བཤད་ཟིན་ཏོ།། །།ད་ནི་ཐམས་

ཅད་ཤེས་པ་ཉིད་བཤད་པར་བྱའོ། །དེ་ལ་རེ་ཞིག་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་དབང་དུ་མཛད་ནས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུ་རོལ་གྱི་མཐའ་མ་ལགས་གཉིས་ཀ་ལས་གཞན་དུའང་མི་དམིགས་ཏེ་ཞེས་བྱ་བ་དང་། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་འཁོར་བ་དང་མྱ་ངན་ལས་འདས་པའི་འདུ་ཤེས་དང་དམིགས་པ་བཀག་པས་གང་གསུངས་པ་ཡིན་ནོ། །

དེ་ལ་མི་དམིགས་པའང་གང་གི་ཕྱིར། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་བྱ་བ་ཡིན་ཏེ། དུས་གསུམ་པའི་ཆོས་རྣམས་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །ཐབས་མ་ཡིན་

པས་རིང་བ་སྟེ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་གྱིས་ཤེས་པར་བགྱིད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

འདོར་བར་འགྱུར། རིང་དུ་བྱེད་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེའི་ཚེ་དང་ཕྱི་མའི་ཚེ་ལ་ལྟོས་ནས་ཚིག་གཉིས་སོ། །ཐབས་མ་ཡིན་པའང་གང་ཞེ་ན། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་བྱ་བ་སྨོས་ཏེ། རབ་འབྱོར་མིང་ལས་ཀྱང་ཆགས་སོ། །

རབ་འབྱོར་མཚན་ལས་ཀྱང་ཆགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མེད་པ་མིང་མེད་པའོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་དགེ་བ་ཉིད་དུ་བཤད། །ཅེས་བྱ་བ་ནི། བཅོམ་ལྡན་འདས་

Vol. 80 · folio 113b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་བཤད་པ་དང་། ལེགས་པར་མཐར་ཕྱུང་བའི་བར་ནི་ངོ་མཚར་རོ་ཞེས་བྱ་བས། ཉན་ཐོས་ལ་སོགས་པའི་རྟོགས་པ་ཉི་ཚེ་བ་དང་བཟློག་པས་མཐར་ཐུག་པར་སོང་བ་དེ་ལ་ལེགས་པར་བཤད་པ་དང་ལེགས་པར་མཐར་ཕྱུང་བར་གང་

གསུངས་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་གང་གསུངས་པ་ལ། ཐབས་མི་

མཁས་པས་དེ་གཟུགས་སྟོང་ཞེས་བྱ་བར་ཞེས་བྱ་བ་ནས་བརྩམས་ཏེ། གཟུགས་ལ་སོགས་པའི་སྟོང་པ་ཉིད་དང་། འདས་པ་ལ་སོགས་པའི་ཆོས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པའི་འདུ་ཤེས་ནི་ཆགས་པའོ་ཞེས་

གསུངས་པ་ཡིན་ནོ། །གཉེན་པོ་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་གང་གསུངས་པ་ཡིན་ཏེ། ཤཱ་རིའི་བུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་གཟུགས་ལ་གཟུགས་ཞེས་ཤེས་པར་མི་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། བདག་གིས་

ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ་སྙམ་དུ་སེམས་པ་མེད་དེ་ཞེས་བྱ་བ་དང་། འདི་ལྟ་སྟེ། ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་འཐད་པས་གང་གསུངས་པ་ཡིན་ནོ། །ཡང་མི་མཐུན་པའི་ཕྱོགས་གསུངས་པ་ནི། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་

དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སེམས་སུ་ཤེས་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། ཆགས་པ་དེ་དག་ལ་ཆགས་པར་གྱུར་ན་ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཀྱི་བར་གྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །གཉེན་པོ་ནི། གཞན་དག་དེ་ལ་སྦྱོར་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །ཞེས་གང་གསུངས་པ་ཡིན་ཏེ། དེ་ཉིད་ལ་ང་རྒྱལ་བཀག་པ་སྟོན་པ་ལ་སོགས་པས་གཞན་རྣམས་ཀྱི་ཆགས་

Vol. 80 · folio 114a

པའི་ཐམས་ཅད་སྤོང་བར་བྱེད་པས་གང་གསུངས་པ་ཡིན་ནོ། །དེ་ལ་ཀུན་ཏུ་རྨོངས་པ་དང་། བག་མེད་པ་དང་། ཀུན་ཏུ་ཞུམ་པ་དང་། ཡང་དག་པར་ཞུགས་པ་རྣམས་ལ་ཡང་དག་པར་སྟོན་པ་དང་། ཡང་དག་པར་ལན་དུ་འཇུག་པ་དང་།

ཡང་དག་པར་གཟེངས་བསྟོད་པ་དང་། ཡང་དག་པར་དགའ་བར་བྱེད་པ་རྣམས་གོ་རིམས་བཞིན་སྦྱར་བར་བྱའོ། །གཞན་ཡང་། རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་བྱ་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཚན་མར་ཡིད་ལ་

བྱེད་ན་ཞེས་བྱ་བ་ནས་བརྩམས་པས་དེ་བཞིན་གཤེགས་པ་དང་། དེའི་དགེ་བའི་རྩ་བ་དང་ཡོངས་སུ་བསྔོ་བ་རྣམས་ནི་ཆགས་པ་ཕྲ་མོ་ཉིད་དུ་གང་གསུངས་པ་ཡིན་ནོ། །འདི་དག་ཆགས་པ་ཉིད་ཡིན་པ་ནི་གང་གི་ཕྱིར། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་

དེ་ཟབ་ཉིད། །ཅེས་བྱ་བ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ་ཞེས་བྱ་བ་དང་། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཡང་ཇི་ལྟར་ན་ཆགས་པ་

ཐམས་ཅད་སྤོང་བ་ཡིན་ཞེ་ན། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་གསུངས་པ་ཡིན་ཏེ། རབ་འབྱོར་འདི་ལྟར་ཆོས་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། ཆོས་ཀྱི་རང་བཞིན་ནི་གཅིག་ཏུ་ཟད་དོ། །ཆོས་ཀྱི་རང་

བཞིན་གང་ཡིན་པ་དེ་ནི་རང་བཞིན་མ་ཡིན་པའོ་ཞེས་བྱ་བ་ལ་སོགས་པ་ཤེས་བྱ་དང་ཤེས་པ་ཉིད་དུ་ཡོངས་སུ་སྟོན་པ་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤོང་བའི་དོན་ཅན་གྱི་གང་གསུངས་པ་ཡིན་ནོ། །ཟད་པ་ཉིད་ནི་གང་གི་ཕྱིར། །མཐོང་བ་ལ་སོགས་བཀག་པ་

ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་བྱ་བ་གསུངས་ཏེ། མཐོང་བ་དང་། ཐོས་པ་དང་། ངེས་པ་དང་། རྣམ་པར་ཤེས་པ་བཀག་པས་ན་དེ་གཟུགས་ལ་སོགས་པར་མངོན་པར་རྟོགས་པར་དཀའ་བ་ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དུ་སྔོན་དུ་སྟོན་

Vol. 80 · folio 114b

པར་བྱེད་པས་གང་གསུངས་པ་ཡིན་ནོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་རྟོགས་པར་དཀའ་བའི་རྒྱུ་ནི་ཅི་ཞིག་ཡིན་ཞེ་ན། གང་གི་ཕྱིར། གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་བྱ་བ་གསུངས་ཏེ། གཟུགས་ནས་སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་མི་ཤེས་པའི་ཕྱིར་འདིའི་བསམ་གྱིས་མི་ཁྱབ་པ་ཉིད་ཤེས་པ་མཉམ་པ་ཉིད་དུ་སྟོན་པར་གང་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་ཕྱོགས་དང་གཉེན་པོ་དག །རྣམ་པར་ཕྱེ་བ་མ་

ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་གསུངས་པ་ཡིན་ནོ། །ད་ནི་སྦྱོར་བ་བརྗོད་པར་བྱའོ། །དེའང་རྣམ་པ་བཅུར་འགྱུར་བས་དེའི་ཕྱིར། གཟུགས་སོགས་དེ་མི་རྟག་སོགས་དང་། །དེ་མ་རྫོགས་དང་རབ་རྫོགས་དང་། །དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་

པ་བཀག་པས་སྦྱོར་བ་དང་། །མི་འགྱུར་བྱེད་པོ་མིན་ཉིད་དང་། །སྦྱོར་བ་བཀག་པ་རྣམ་གསུམ་དང་། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པའི་དེ་དང་ནི། །གཞན་ལ་རག་ལས་མིན་གང་དང་། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་བྱ་བ་

གསུངས་པ་ཡིན་ཏེ། དེ་ལ་གཟུགས་ལ་སོགས་པའི་སྦྱོར་བ་ནི། གལ་ཏེ་གཟུགས་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་བཀག་པ་དང་། སྤྱོད་པ་དེ་རྗེས་སུ་གནང་བས་གང་

གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པ་མི་རྟག་པ་ལ་སོགས་པའི་སྦྱོར་བ་ནི་ཕུང་པོ་རྣམས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་པ་དང་མི་རྟག་པ་ལ་སོགས་པའི་སྤྱོད་པ་བཀག་པས་སྔ་མ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་ནི་དེ་བཞིན་དུ་

མེད་པ་ཉིད་ཀྱིས་སོ་ཞེས་གང་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པ་རྫོགས་པ་དང་མ་རྫོགས་པའི་སྦྱོར་བ་ནི། གཞན་ཡང་གཟུགས་ལ་སོགས་པ་ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པའི་སྤྱོད་པ་བཀག་པ་ནི་སྔ་མ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་རྣམས་ཀྱི་

Vol. 80 · folio 115a

ཡོངས་སུ་མ་རྫོགས་པ་ཉིད་ལ་དེ་ནི་ཁོ་བོ་བཀག་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་ཆགས་པ་མེད་པའི་སྦྱོར་བ་ནི། ཡང་དེ་རྣམས་ལ་མ་ཆགས་པ་ཉིད་ཀྱི་སྤྱོད་པ་ནི་སྔ་མ་བཞིན་དུ་གང་གསུངས་པ་ཡིན་ནོ། །གཞན་དུ་

མི་འགྱུར་བའི་སྦྱོར་བ་ནི། སྦྱོར་བ་དེ་ནམ་མཁའི་བསྔགས་པ་འམ་བསྔགས་པ་མ་ཡིན་པ་བརྗོད་པ་དང་འདྲ་བ་ཆོས་ཟབ་མོ་འདི་བསྟན་པ་དང་མ་བསྟན་པ་དག་གིས་འཕེལ་བ་དང་འགྲིབ་པ་མེད་པར་གང་གསུངས་པ་ཡིན་ཏེ། དོན་ཅི་ཞིག་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་ཚིག་གི་ཡུལ་མ་ཡིན་པའི་ཕྱིར་བསྟན་པ་ཉིད་དེར་འཕེལ་བའམ་ཡོངས་སུ་འགྲིབ་པ་ཡིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་པའོ། །བྱེད་པ་པོའི་སྦྱོར་བ་ནི། སྦྱོར་བ་དེ་ནི་སྒྱུ་མའི་སྐྱེས་བུ་བསྔགས་པའམ་བསྔགས་པ་མ་ཡིན་པ་བརྗོད་པ་དག་གིས་རྗེས་སུ་ཆགས་པ་དང་

ཁོང་ཁྲོ་བ་མེད་པ་དང་འདྲ་བར་དེ་བསྟན་པ་དང་མ་བསྟན་པ་དག་གིས་འཕེལ་བ་དང་ཡོངས་སུ་འགྲིབ་པ་མེད་པར་གང་གསུངས་པ་ཡིན་ནོ། །བྱ་དཀའ་བའི་སྦྱོར་བ་ནི་བྱ་དཀའ་བ་རྣམ་པ་གསུམ་ཉིད་དོ། །ཆེད་དུ་དཀའ་བ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེ་ཉིད་ཀྱི་

ཕྱིར་གང་དག་དེ་ལ་སྦྱོར་བར་འདོད་པ་དེ་དག་ནི་ནམ་མཁའ་ཡོངས་སུ་གྲོལ་བར་འདོད་པ་ཡིན་ནོ། །སྦྱོར་བ་བྱ་དཀའ་བ་ཉིད་ནི་ལམ་ཤེས་པ་ཉིད་དེ། གང་དག་དེ་ལ་འབད་པར་འདོད་པ་དེ་དག་ནི་ནམ་མཁའ་བར་སྣང་ལ་འདེགས་པར་འདོད་པ་ཡིན་ནོ། །ལས་བྱ་དཀའ་བ་ཉིད་

ནི་ཐམས་ཅད་ཤེས་པ་ཉིད་དེ་གང་དག་དེ་ལ་རྩོལ་བར་འདོད་པ་དེ་དག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདའ་

བར་མཛད་ཀྱང་སེམས་ཅན་གྱི་ཁམས་ལ་འགྲིབ་པའམ་གང་བ་མེད་དོ་ཞེས་གང་གསུངས་པ་ཡིན་ནོ། །འབྲས་བུ་ཡོད་པའི་སྦྱོར་བ་ནི། གང་ཡང་རུང་བ་ཞིག་ལ་དགེ་སློང་གཅིག་ཅེས་མིང་དུ་མ་བསྟན་པའི་རྗེས་སུ་མཐུན་པའི་རྟོགས་པ་ཉེ་བར་བཀོད་པས་འཁོར་གཞན་གང་ཡིན་པ་

Vol. 80 · folio 115b

དག་གིས་ཀྱང་སྐལ་བ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཐོབ་པར་སྟོན་པས་གང་གསུངས་པ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་སྦྱོར་བ་ནི། བརྒྱ་བྱིན་གྱིས་བསྲུང་བ་དང་། བསྐྱབ་པར་ཁས་བླངས་པ་ནི། སྒྱུ་མ་དང་། སྨིག་རྒྱུ་ལ་སོགས་པ་དང་འདྲ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྲུང་བ་ལ་སོགས་པ་བྱེད་པར་སེམས་པ་དེ་ནི་བསམས་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །རྣམ་པ་བདུན་དུ་སྣང་བའི་ཤེས་པའི་སྦྱོར་བ་ནི་

ཡོངས་སུ་འགྱུར་བ་དང་། མཉན་དུ་ཚོགས་པ་དང་། འགལ་བ་དང་། རྐྱེན་དང་། མི་འཕོ་བ་རྟེན་མེད་པ་དང་། བྱེད་པ་པོ་མ་ཡིན་པར་སྣང་བ་རྣམས་ཀྱིས་ཆོས་རྣམས་རྨི་ལམ་ལྟ་བུ་ལ་སོགས་པར་དྲིས་པ་ཐམས་ཅད་ཤེས་པ་ལ་ཉན་ཐོས་ལ་སོགས་པའི་དབང་དུ་བྱས་ནས་

དཔེའི་དོན་འཐད་པར་བྱས་པས་གང་གསུངས་པ་ཡིན་ནོ། །སྦྱོར་བ་བཤད་ཟིན་ཏོ།། །།ད་ནི་མཉམ་པ་ཉིད་བརྗོད་པར་བྱ་བ་ཡིན་པས། གཟུགས་ལ་སོགས་པ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་གསུངས་པ་ཡིན་ནོ། །ཇི་ལྟར་ན་རྣམ་པ་བཞི་ཡིན་

ཞེ་ན། གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་བདག་གིས་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་གང་གསུངས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་དེ་

བཞིན་དུ་བརྗོད་པར་བྱ་བ་ཡིན་ནོ། །ད་ནི་མཐོང་བའི་ལམ་བརྗོད་པར་བྱ་བ་ཡིན་པས་ན་དེའི་ཕྱིར། སངས་རྒྱས་ཀྱི་མཐུས་ལྷའི་རིགས་ཐམས་ཅད་ཀྱིས་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་སངས་རྒྱས་སྟོང་དང་། འཕགས་པ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་

སངས་རྒྱས་རྣམ་པ་འདི་ལྟ་བུར་ཆད་པ་དང་ལྷག་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་རྣམས་སེམས་ཀྱིས་མཐོང་བར་གྱུར་པས་གང་གསུངས་པས་ནི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་ལས་གཏོགས་པ་སྐད་ཅིག་མ་གཞན་མེད་པར་ཤེས་པར་བྱེད་པ་ལ་དཔང་པོར་

Vol. 80 · folio 116a

དགོད་པའི་ཕྱིར་ཡིན་ནོ། །དེ་ལ་འདས་པའི་སངས་རྒྱས་མ་བརྗོད་པ་དེ་ནི་དེའི་བསྟན་པ་མཐར་ཐུག་པ་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །མ་འོངས་པ་བརྗོད་པ་ནི་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་གྱི་དགོས་པ་བསྟན་པར་བྱ་བའི་དོན་དུ་ཡིན་ནོ། །

གྲངས་སྟོང་གི་ངེས་པ་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དུ་བསྐལ་པ་བཟང་པོ་གྲངས་སྟོང་དུ་གྲགས་པ་ཉིད་ཀྱི་ཐབས་ལ་མཁས་པས་གཞན་སྒྲུབ་པ་དང་དག་པ་མེད་པར་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་གང་ཡིན་ཞེ་ན། སྡུག་བསྔལ་ལ་

སོགས་བདེན་པ་རྣམས། །ཆོས་ཤེས་རྗེས་སུ་ཤེས་པ་དང་། །ཤེས་པའི་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་འདི་ཡིན་ཏེ། གཟུགས་རྟག་ཅེས་

བྱ་བ་དང་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་ཞེས་བྱ་བའམ་མ་འོངས་ཞེས་བྱ་བའམ་ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་པའི་བར་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་

པར་རྟོག་པ་ཕྱིན་ཅི་ལོག་གི་རྣམ་པ་ཅན་བཀག་པས་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི། གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་

གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་ཇི་སྐད་དུ་བརྗོད་པའི་རྣམ་པར་རྟོག་པ་གཉིས་པོ་མེད་པ་ཕྱིན་ཅི་མ་ལོག་པའི་རྣམ་པར་ཆོས་སྟོན་པར་རྗེས་སུ་གནང་བ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། གཟུགས་

ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་སྐྱེ་བ་མེད་པ་དང་། འགག་

Vol. 80 · folio 116b

པ་མེད་པ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་བཀག་པའི་ཡོངས་སུ་དག་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། བཅོམ་ལྡན་

འདས་ཇི་ལྟར་ན་ནམ་མཁའ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཇི་སྐད་དུ་བཤད་པའི་རྣམ་པ་བཀག་པའི་ཡོངས་སུ་དག་པ་ནི། ཡོངས་སུ་དག་པ་ཡིན་པ་

ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི། ནམ་མཁའ་དང་འདྲ་བར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གོས་པ་མེད་པའི་ཕྱིར་འདི་གོས་པ་མེད་པའི་རྣམ་པར་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་

པ་ནི་ནམ་མཁའ་དང་འདྲ་བར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་དུ་མེད་པའི་རྣམ་པར་གང་གསུངས་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། སྒྲ་བརྙན་གཉིས་ཀྱི་དཔེས་ནམ་མཁའ་དང་འདྲ་བར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་

བར་དུ་ཐ་སྙད་མེད་པའི་ཕྱིར་དེ་ལ་ཐ་སྙད་མེད་པའི་རྣམ་པ་ཐ་སྙད་ཀྱི་ངོ་བོ་བཀག་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྒྲ་གཉིས་དཔེར་བརྗོད་པ་ཉན་པ་པོ་དང་འཆད་པ་པོ་དག་གིས་འདྲི་བ་དང་ལན་འདེབས་པའི་ཐ་སྙད་གཉིས་དང་ཚུལ་བསྟུན་པའི་དོན་དུ་ཡིན་ནོ། །འགོག་པ་ལ་ཆོས་

ཤེས་པའི་བཟོད་པ་ནི། ནམ་མཁའ་དང་འདྲ་བར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བརྗོད་དུ་མེད་པའི་ཕྱིར་དེ་རབ་ཏུ་བརྗོད་པའི་རྣམ་པར་རྒྱུད་གཞན་ལ་དོན་དེ་ཐོབ་པར་བྱེད་པ་བཀག་པས་གང་གསུངས་པ་ཡིན་ཏེ། གཞན་ལ་བརྗོད་པ་ནི་རབ་ཏུ་བརྗོད་

པ་ཡིན་པས་སོ། །འགོག་པ་ལ་ཆོས་ཤེས་པ་ནི་ནམ་མཁའ་དང་འདྲ་བར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར། དེ་དམིགས་སུ་མེད་པའི་རྣམ་པར་གང་གསུངས་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི།

Vol. 80 · folio 117a

ནམ་མཁའ་དང་འདྲ་བར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱིས་སྐྱེ་བ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པའི་ཕྱིར་དེ་ཤིན་ཏུ་རྣམ་པར་དག་པའི་རྣམ་པར་གང་གསུངས་

པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི། དེ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་མིག་གི་ནད་ལ་སོགས་པ་འབྱུང་བར་མི་འགྱུར་བ་དང་། ལྷ་རྣམས་ཀྱང་དེའི་ཕྱི་བཞིན་འབྲང་བར་གྱུར་པ་དང་། འདི་སྟོན་པ་དེར་ཡང་

ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་དག་ལ་བསྟན་པ་ལ་བསོད་ནམས་མང་པོ་འཕེལ་བ་ཉིད་ཀྱིས་དེ་དག་ཏུ་ལྷ་རྣམས་མཆོད་པ་དང་རྣམ་པར་ལྟ་བ་ཉེ་བར་གནས་པའི་འཐད་པ་གང་གསུངས་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར་དེ་ལ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ནི་འདི་ཡིན་ཏེ། ཞེས་བྱ་བ་ནས་བརྩམས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་བྱས་ནས་དེ་ངན་སོང་ཐམས་ཅད་རབ་ཏུ་ཞི་བ་དང་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་རབ་ཏུ་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དགའ་བ་རྒྱས་པར་བྱེད་པས་ན་

རིན་པོ་ཆེ་ཡིན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པ་ནི། ཡང་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱིས། ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ།

ཞེས་བྱ་བ་ནས་བརྩམས་ཏེ། དགེ་བའམ། མི་དགེ་བའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ལྟ་བུ་མེད་པའི་ཕྱིར་རོ་ཞེས་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་པའི་དགེ་

བ་ནི་རང་བཞིན་གྱིས་རིན་པོ་ཆེ་ཡིན་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ལ་ནི་ཆོས་གང་གིས་ཀྱང་གོས་པ་མེད་དོ་ཞེས་གང་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རྣམ་པ་དང་།

Vol. 80 · folio 117b

རྟགས་དང་། མཚན་མ་རབ་ཏུ་ཤེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྟོབས་སུ་ཟིན་ཀྱང་ཆོས་ལ་སོགས་པའི་རྣམ་པར་རྟོག་པ་དང་མ་འབྲེལ་པས་མ་གོས་པའི་རིན་པོ་ཆེའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་

པ་ནི་གལ་ཏེ་རིན་པོ་ཆེ་རྣམ་པ་གསུམ་གྱི་དོན་དེའང་རྣམ་པར་མི་ཤེས་ཞེས་བྱ་བ་ནི་དངོས་པོ་ཤེས་པས་སོ། །རྣམ་པར་རྟོག་པར་མི་བྱེད་ཅེས་བྱ་བ་ནི་དེའི་རྒྱུ་མཚན་གྱི་རྣམ་པར་རྟོགས་པས་སོ། །མི་དམིགས་ཞེས་བྱ་བ་ནི་གཉིས་སུ་དམིགས་པས་སོ། །དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་ཐམས་ཅད་ཤེས་པ་ཉིད་ཐོབ་པར་འགྱུར་རོ་ཞེས་གང་གསུངས་པ་ཡིན་ནོ། །མདོའི་ཚིག་ལེའུར་བྱས་པ་བཞི་ཡིན་ཏེ། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང་། །མ་སྐྱེས་མ་འགག་ལ་སོགས་དང་། །མཁའ་འདྲ་

ཆགས་པ་སྤངས་པ་དང་། །ཡོངས་སུ་འཛིན་ལས་གྲོལ་བ་དང་། །ངོ་བོ་ཉིད་ཀྱི་བརྗོད་མེད་དང་། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང་། །དམིགས་པ་མེད་པར་བྱེད་པ་དང་། །ཤིན་ཏུ་རྣམ་དག་ནད་མི་འབྱུང་། །ངན་སོང་ཆད་དང་འབྲས་བུ་

ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་དང་། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་འདི་དང་ཡང་འདི་དང་། །ཡང་འདི་ཡིན་ཏེ་རྣམ་གསུམ་

མོ། །འདིས་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་བྱ་བའི་འདི་དང་ཞེས་བྱ་བ་ལ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། སྟོན་པར་བྱེད་པ་མ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ།

འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཞེས་བྱ་བ་རྣམ་པའི་ཚིག་བཅུ་དགུས་ལུགས་ལས་བཟློག་པའི་རིམ་པ་དང་པོ་ཤེས་པ་ཉིད་ཀྱི་སྐབས་ཡོངས་སུ་རྫོགས་པར་སྟོན་པ་ཡིན་ཏེ། དེ་ནི་གཞི་ཐམས་ཅད་པ་ཉིད་ཀྱི་ཆོས་ཐམས་ཅད་ལ་ཟླ་དང་ལྡན་པ་དང་།

Vol. 80 · folio 118a

བཟློག་པའི་ཟླ་དང་ལྡན་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་བཀག་པའི་ཕྱིར་རོ། །ཡང་འདི་དང་ཞེས་བྱ་བ་ལ། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན། ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་

ལ་གནས་པར་བྱེད་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱེད་པ་མ་ཡིན། སེར་སྣ་འདོར་བར་བྱེད་པ་མ་ཡིན་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟེར་བར་བྱེད་པ་མ་ཡིན། ཉན་ཐོས་དང་རང་སངས་རྒྱས་ཀྱིས་འདོར་བར་བྱེད་པ་མ་ཡིན་ནོ། །ཞེས་གང་

གསུངས་པ་ནི་དེ་ཁོ་ན་བཞིན་དུ་གཉིས་པ་ལམ་ཤེས་པ་ཉིད་ཀྱི་སྐབས་ཡོངས་སུ་རྫོགས་པར་སྟོན་པ་ཡིན་ཏེ། དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པ་མི་མཐུན་པ་དང་གཉེན་པོའི་རྣམ་པར་རྟོག་པ་དག་གཏན་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར་རོ། །ཡང་འདི་ཡིན་ཏེ་ཞེས་བྱ་

བ་ལ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་སོ་སོར་སྟེར་བར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། འདུས་བྱས་ཀྱི་ཁམས་དང་འདུས་

མ་བྱས་ཀྱི་ཁམས་སྟེར་བར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་ཀྱི་དབྱིངས་འདི་གནས་པ་ཉིད་དང་། ཆོས་ངེས་པ་ནི་གནས་པ་ཡིན་ཏེ། དེ་བཞིན་གཤེགས་པས་

མངོན་པར་རྫོགས་པར་སངས་རྒྱས་ལ་མངོན་པར་རྟོགས་སོ། །མངོན་པར་རྫོགས་པར་སངས་རྒྱས་ཤིང་མངོན་པར་རྟོགས་ནས་ཀྱང་གསུངས་པར་མཛད། སྟོན་པར་མཛད། རྣམ་པར་འགྲེལ་པར་མཛད། རྣམ་པར་འབྱེད་པར་མཛད། གསལ་བར་མཛད། ཡང་

དག་པར་འཆད་པར་མཛད་དོ་ཞེས་གང་གསུངས་པ་ནི། དེ་ཁོ་ན་བཞིན་དུ་གསུམ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཡོངས་སུ་རྫོགས་པར་སྟོན་པ་ཡིན་ཏེ། རང་དང་གཞན་གྱི་དོན་གྱིས་བསྡུས་པ་རྣམ་པ་ཐམས་ཅད་རྟོགས་པ་དང་བཤད་པའི་ཆོས་དག་གི་རྒྱུ་དེ་ཡིན་པར་

Vol. 80 · folio 118b

བརྗོད་པའི་ཕྱིར་རོ། །དེ་ལྟར་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང་། འཆད་པ་དང་། བརྗོད་པ་དང་། འདོགས་པ་དང་། རྣམ་པར་འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། སྨོས་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་

གང་ལགས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་བསྟན་པ་ལགས་སོ་ཞེས་བྱ་བ་བསྟན་པའི་ཚིག་རྣམས་ཀྱི་དོན་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང་། རབ་ཏུ་དབྱེ་བའི་མཚན་ཉིད་དང་། མིང་གི་ཚོགས་བསྟན་པ་དང་། ཚིག་དང་ངག་རྣམ་པར་གཞག་པ་དང་།

དོན་དེ་གཞན་གྱི་རྒྱུད་ལ་ཉེ་བར་བྱེད་པ་དང་། གདུལ་བྱ་རྣམས་ཆོས་འདི་ལ་མོས་པར་བྱ་བའི་ཕྱིར་དོན་དུ་ཉེ་བར་བྱེད་པ་དང་། དེ་དག་ཉིད་སྦྱིན་པ་ལ་སོགས་པའི་བསྡུ་བའི་དངོས་པོ་མངོན་པར་ཞེན་པར་བྱ་བ་དང་། བརྩོན་འགྲུས་ཞན་པ་རྣམས་ལ་བསླབ་པ་ཐམས་ཅད་བསྡུས་ནས་སྟོན་

པ་དང་། བརྩོན་པ་བར་མ་རྣམས་ལ་སྨོས་པའི་ཆོས་ཉིད་གསལ་བར་བྱེད་པ་དང་། བརྩོན་འགྲུས་ལྷག་པ་རྣམས་ལ་ཆོས་མཐའ་དག་ཡང་དག་པར་འཆད་པའི་དབང་དུ་བྱས་ནས་རིམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །ཡང་ཅིའི་དོན་གྱིས་ལམ་ཤེས་པ་ཉིད་བཞིན་

དུ་ཐམས་ཅད་ཤེས་པ་ཉིད་ལ་བསྒོམ་པའི་ལམ་ལོགས་ཤིག་པ་མེད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི། བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའོ་ཞེས་གསུངས་པས་ན་འདི་ནི་གཞན་གཙོར་བྱེད་པའི་

ཕྱིར་རོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །གཞན་ཡང་རྒྱུན་ཏུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །བཟོད་པ་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །འདི་

ག་ལས་ཤེས་ཤེ་ན། ལམ་གཞན་ཁྱད་པར་ཡོད་པ་མ་ཡིན། རིགས་དང་དབང་པོ་དང་ཚོགས་ཁྱད་ཞུགས་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱིས་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པར་འགྱུར་པའི་ཕྱིར། དེ་དག་གི་ཤེས་

Vol. 80 · folio 119a

པ་དང་སྤངས་པ་གང་ཡིན་པ་དེ་དེའི་བཟོད་པ་ཡིན་གྱི། རྟོགས་པའི་ཚད་འདི་ཙམ་མ་ཡིན་ནོ། །ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ། །དེ་ལྟར་བྱས་ན། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་

རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གང་གསུངས་པ་དེ་ནི། འདིར་རྗེས་སུ་འདས་པའི་འབྲེལ་

པ་ཡིན་པར་བལྟའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་ཐམས་ཅད་ཤེས་པའི་སྐབས་སྤྱོད་པའི་ཁྱད་པར་གྱི་ལེའུ་སྟེ་གསུམ་པའོ། །ཐམས་ཅད་ཤེས་པ་ཉིད་བཤད་ཟིན་ཏོ།། །།ད་ནི་རྣམ་པ་ཀུན་མངོན་པར་

རྫོགས་པ་རྟོགས་པ་བརྗོད་པར་བྱ་བ་ཡིན་པས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་བྱ་བ་གསུངས་སོ། །དངོས་པོ་ལ་དམིགས་པ་ནི་གཞི་ཤེས་པའོ། །བྱེ་བྲག་ནི་མི་མཐུན་པའི་ཕྱོགས་གང་གི་གཉེན་པོའི་མཚན་ཉིད་གང་ཡིན་པ་

སྟེ། དཔེར་ན་རྟག་པར་འཛིན་པ་ལ་མི་རྟག་པ་ལ་སོགས་པ་བཞིན་ནོ། །གཉེན་པོའི་ཕྱོགས་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པ་ཡིན་པས། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་ཏེ། རྣམ་པ་ཞེས་བྱ་

བའི་ཚིག་གོ། །དེ་ལ་འཕགས་པའི་བདེན་པ་བཞི་རྟེན་དུ་བྱས་ཏེ། ཐམས་ཅད་ཤེས་པ་ཉིད་གསུམ་གྱི་སྐབས་ཀྱི་བདེན་པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་སྟོན་པས་རེ་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱི་དབང་དུ་མཛད་ནས། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་

ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང་། །ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་གསུངས་པ་ཡིན་ནོ། །དེ་ལ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞིའི་དབང་དུ་མཛད་ནས་གསུངས་པ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

Vol. 80 · folio 119b

པ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། མི་རྟོག་དོན་ནི་དོན་མེད་དོན། །ཞེས་བྱ་བའི་ཚུལ་གྱིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཐམས་ཅད་མི་

དམིགས་པ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་སྡུག་བསྔལ་བའི་མི་སྐྱེ་བའི་དོན་ཞེས་བྱ་བའི་ཚུལ་གྱིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དབེན་པའི་ཕ་རོལ་ཏུ་ཕྱིན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་སྟོང་པའི་དོན་ནི་དངོས་པོ་མེད་

པའི་དོན་ཏོ་ཞེས་བྱ་བའི་ཚུལ་གྱིས་སོ། །བརྫི་བར་བྱ་བ་མ་ཡིན་པའི་རྣམ་པ་ཉིད་ཀྱིས་ཆོས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་བདག་མེད་པའི་རྣམ་པ་ཡིན་ཏེ། དེ་ནི་མུ་སྟེགས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་གི་བདེན་པའི་རྣམ་པའི་དབང་

དུ་བྱས་ནས་གསུངས་པ་ལ། གཞི་མེད་པའི་རྣམ་པས་མིང་དང་ལུས་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རབ་ཏུ་བསྐྱེད་པའི་དོན་གྱིས་གཞི་ནི་རྒྱུ་ལ་བརྗོད་དོ། །དེ་ལ་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །ལུས་ནི་གཟུགས་ཀྱི་ཕུང་པོ་སྟེ། དེ་གཉི་གའི་རྒྱུ་འདི་ཡིན་

པའི་ཕྱིར་རོ། །ནམ་མཁའི་རྣམ་པས་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཀུན་འབྱུང་གི་རྣམ་པས་ཏེ། འདོད་ཆགས་ལ་སོགས་པ་ཀུན་འབྱུང་བ་ནི་སྔོན་དང་ཕྱི་མའི་སྐད་ཅིག་མ་ལྷན་ཅིག་གནས་པ་མེད་པའི་ཕྱིར་དང་། ད་ལྟར་གྱིའང་འགགས་པས་ཟིན་པ་

ཉིད་ཀྱིས་དབུགས་ཕྱི་ནང་དུ་རྒྱུ་བ་དག་དང་འདྲ་བར་ནམ་མཁའ་དང་མཚུངས་པའི་ཆོས་ཉིད་ཀྱིས་མཚོན་པའི་ཕྱིར་རོ། །བརྗོད་དུ་མེད་པའི་རྣམ་པས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རབ་ཏུ་སྐྱེ་བའི་རྣམ་པས་ཏེ། རྟོག་པ་དང་

རྣམ་པར་དཔྱོད་པ་ནི་ལས་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །མིང་མེད་པའི་རྣམ་པས་ཚོར་བ་ལ་སོགས་པའི་ཕུང་པོ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྐྱེན་གྱི་རྣམ་པ་སྟེ། གཙོ་ཆེར་ཚོར་བ་ཉམས་སུ་མྱོང་བ་ནི་ཡང་སྲིད་པ་འབྱུང་བའི་རྐྱེན་ཉིད་ཡིན་པའི་ཕྱིར་རོ། །འགོག་པའི་

Vol. 80 · folio 120a

བདེན་པའི་རྣམ་པའི་དབང་དུ་མཛད་ནས་གསུངས་པ་ནི། འགྲོ་བ་མེད་པའི་རྣམ་པས། ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགོག་པའི་རྣམ་པས་ཏེ། དེ་ནི་ལུས་ཀྱི་མངོན་སུམ་དུ་བྱ་བ་ཡིན་གྱི། སོང་ནས་ཐོབ་པར་བྱ་བ་མ་ཡིན་ཏེ།

གང་འགགས་པ་དེ་ནི་གང་དུའང་སོང་བ་མེད་པའི་ཕྱིར་རོ། །མི་འཕྲོགས་པའི་རྣམ་པས་ཆོས་ཐམས་ཅད་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཞི་བའི་རྣམ་པ་སྟེ། ཡུལ་གྱི་ངོ་བོ་ནི་གཟུང་བར་བྱ་བར་རྟོགས་པ་ཞེས་བྱ་བའི་ཚུལ་གྱིས་སོ། །མི་ཟད་པའི་རྣམ་པས་ཆོས་ཐམས་ཅད་ཤིན་

ཏུ་ཟད་ཅིང་འགགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གྱ་ནོམ་པའི་རྣམ་པ་སྟེ། ཆོས་ཐམས་ཅད་ནི་ཤིན་ཏུ་ཟད་པ་དང་ལྡན་པ་མ་ཡིན་ཏེ། དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཚུལ་གྱིས་སོ། །སྐྱེ་བ་མེད་པའི་རྣམ་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པའི་

ཕྱིར་རོ་ཞེས་བྱ་བ་ནི་ངེས་པར་འབྱུང་བའི་རྣམ་པ་སྟེ། ཇི་ལྟར་ཡོངས་སུ་བརྟགས་པའི་ཆོས་ཡོད་པ་མ་ཡིན་པའི་ཕྱིར་སུ་ཞིག་སྐྱེ་བ་འམ་འགག་པར་འགྱུར་ཞེས་པའི་ཚུལ་གྱིས་སོ། །ལམ་གྱི་བདེན་པའི་རྣམ་པ་ནི་བཅོ་ལྔ་ལས་བཞི་ནི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་

ཡིན་ལ། ལྷག་མ་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཡིན་ནོ། །གང་གི་ཕྱིར་སྔ་མའི་དབང་དུ་བྱས་ནས་གསུངས་པ་ལ། བྱེད་པ་པོ་མེད་པའི་རྣམ་པས། བྱེད་པ་པོ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་སྟེ། དེ་ནི་བྱེད་པ་པོ་མ་ཡིན་པ་ཉིད་ཀྱིས་བྱེད་པ་

པོ་འཛིན་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཤེས་པ་པོ་མེད་པའི་རྣམ་པས། ཤེས་པ་པོ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་རིགས་པའི་རྣམ་པ་སྟེ། མ་ལུས་པར་རྟོགས་པ་ནི་རིགས་པ་སྟེ། ལམ་ནི་ཤེས་པ་པོའི་རྣམ་པར་རྟོགས་པའི་གཉེན་པོ་ཡིན་

པའི་ཕྱིར་རོ། །འཕྲོ་བ་མེད་པའི་རྣམ་པས། འཆི་བ་དང་སྐྱེ་བ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲུབ་པའི་རྣམ་པ་སྟེ། ལམ་ནི་དམན་པ་དང་ཁྱད་པར་དུ་འཕགས་པའི་གནས་སྐབས་དག་སྤོང་བ་དང་ལེན་པའི་གཉེན་པོ་ཡིན་པའི་ཕྱིར་ཏེ། སོ་སོར་རྟོགས་པ་ནི་སྒྲུབ་

Vol. 80 · folio 120b

པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །འདུལ་བ་མེད་པའི་རྣམ་པས། ཆོས་ཐམས་ཅད་རང་བཞིན་གྱིས་གདུལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ངེས་པར་འབྱིན་པའི་རྣམ་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་གང་ཡིན་པ་ནི་ཉོན་མོངས་པ་འདུལ་བར་ངེས་པར་

འབྱུང་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་སོ། །ཤེས་བྱའི་སྒྲིབ་པའི་གཉེན་པོ་ལམ་ནི་རྣམ་པ་གཉིས་ཏེ། བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང་། མཐོང་བའི་ལམ་ཟག་པ་མེད་པའོ། །གང་གི་ཕྱིར་བསྒོམ་པའི་ལམ་ནི་རྣམ་པ་ལྔའི་དབང་དུ་མཛད་ནས་གསུངས་

པ་ནི། རྨི་ལམ་གྱི་རྣམ་པས་རྨི་ལམ་མཐོང་བ་དམིགས་སུ་མེད་པའི་ཕྱིར་རོ། །སྒྲ་བརྙན་གྱི་རྣམ་པས་སྒྲ་བརྙན་བརྗོད་པ་དམིགས་སུ་མེད་པའི་ཕྱིར་རོ། །མིག་ཡོར་གྱི་རྣམ་པས་གཟུགས་བརྙན་དམིགས་སུ་མེད་པའི་ཕྱིར་རོ། །སྨིག་རྒྱུའི་རྣམ་པས་ཆུ་འབབ་པ་དམིགས་

སུ་མེད་པའི་ཕྱིར་རོ། །སྒྱུ་མའི་རྣམ་པས་མཚན་མ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ཡིན་ཏེ། དེ་ལྟར་གོ་རིམས་བཞིན་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་དང་། མ་འགག་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་

ལས་འདས་པ་ཞེས་བྱ་བ་ཟག་པ་དང་བཅས་པའི་བསྒོམ་པའི་ལམ་གྱི་གནས་སྐབས་ལྔ་པོ་འདི་དག་རྨི་ལམ་ལ་སོགས་པའི་དཔེ་དང་ཚུལ་བསྟུན་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པའི་གཉེན་པོའི་མཐོང་བའི་ལམ་ནི་རྣམ་པར་རྟོག་པ་དྲུག་སྤོང་བས་རབ་ཏུ་ཕྱེ་བ་ཡིན་ནོ། །རྣམ་པ་དྲུག་གང་ཞེ་

ན། ཀུན་ནས་ཉོན་མོངས་པའི་རྣམ་པར་རྟོག་པ་སྤོང་བས་གང་གསུངས་པ་ནི། ཀུན་ནས་ཉོན་མོངས་པ་མེད་པའི་རྣམ་པས། ཀུན་ནས་ཉོན་མོངས་པ་མེད་པ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་བྱ་བ་ཡིན་ནོ། །རྣམ་པར་བྱང་བའི་རྣམ་པར་རྟོག་པ་སྤོང་བས་གང་གསུངས་

པ་ནི་རྣམ་པར་བྱང་བ་མེད་པའི་རྣམ་པས་ཉོན་མོངས་པའི་སེམས་ཅན་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཉོན་མོངས་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་སྤོང་བས་གང་གསུངས་པ་ནི། གོས་པ་མེད་པའི་རྣམ་པས་ནམ་མཁའ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །གཟུགས་

Vol. 80 · folio 121a

ལ་སོགས་པའི་འདུ་ཤེས་པའི་མཚན་ཉིད་ཅན་གྱི་སྤྲོས་པ་ཡོངས་སུ་སྤོང་བས་གང་གསུངས་པ་ནི། སྤྲོས་པ་མེད་པའི་རྣམ་པས་སྤྲོས་པ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ། །ཞེས་བྱ་བ་ཡིན་ནོ། །རང་གི་རྟོགས་པ་ལ་རོ་མྱོང་བར་བྱེད་པའི་མཚན་

ཉིད་ཅན་གྱི་རློམ་པ་སྤོང་བས་གང་གསུངས་པ་ནི། རློམ་སེམས་མེད་པའི་རྣམ་པས་རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཡོངས་སུ་ཉམས་པའི་རྣམ་པར་རྟོག་པ་སྤོང་བས་གང་གསུངས་པ་ནི། མི་གཡོ་བའི་རྣམ་པས་རབ་འབྱོར་

ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་བཤད་ཟིན་ཏོ།། །།ལམ་ཤེས་པའི་རྣམ་པ་བརྗོད་པར་བྱ་སྟེ། དེ་ལ་བདེན་པ་རྣམས་ཀྱི་གོ་རིམས་ནི་དོན་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དོན་ཇི་ལྟ་བུ་ཞེ་ན། ཀུན་

ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་ཀྱི་དབང་དུ་བྱས་ནས། ཀུན་འབྱུང་དང་ལམ་གྱི་བདེན་པ་དག་ནི་རྒྱུ་ཡིན་ལ། སྡུག་བསྔལ་དང་འགོག་པའི་བདེན་པ་དག་ནི་འབྲས་བུ་ཡིན་ཏེ། གང་གི་ཕྱིར། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །འགོག་པ་ལ་ནི་གོ་རིམས་

བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་བྱ་བ་གསུངས་ཏེ། རྣམ་པ་ཞེས་བྱ་བ་ནི་དཀྱུས་མ་ཡིན་ནོ། །དེ་ལ་རྒྱུ་ནི་འདུན་པ་དང་། འདོད་ཆགས་དང་། དགའ་བ་དང་ལྡན་པ་སྲེད་པ་ཡང་འབྱུང་བ་ཅན་ཡིན་ཏེ། གང་གི་

ཕྱིར་འདུན་པའི་གཉེན་པོར་གང་གསུངས་པ་ནི། འདོད་ཆགས་དང་བྲལ་བའི་རྣམ་པས་འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། བྱེད་འདོད་པའི་དངོས་པོའི་བསམ་པ་ནི་བསམ་པ་ཡིན་པས་ན། འདུན་པའི་སྐབས་སུ་འདོད་ཆགས་གཙོ་བོ་ཡིན་པའི་ཕྱིར་

དེ་མེད་ན་ཅིག་ཤོས་ཀྱང་མེད་པར་བསྟན་ཏོ། །འདོད་ཆགས་ཀྱི་གཉེན་པོར་གང་གསུངས་པ་ནི། གནས་མེད་པའི་རྣམ་པས་ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། ཆོས་རྣམས་ལ་ཆགས་པ་མེད་པ་ཉིད་ལ་དགོངས་ནས་འདོད་ཆགས་ཀྱི་སྐབས་

Vol. 80 · folio 121b

སུ་དངོས་སུ་འཇུག་པའི་རྒྱུ་ཉིད་ཡིན་པས་འདུན་པ་གཙོ་བོ་ཡིན་པའི་ཕྱིར་དེ་མེད་ན་ཅིག་ཤོས་ཀྱང་མེད་པར་བསྟན་ཏོ། །འདི་དག་ནི་དངོས་པོ་ཕན་ཚུན་རྗེས་སུ་བྱེད་པ་ཡིན་ཏེ། མཚུངས་པར་ལྡན་པ་ཡིན་པའི་ཕྱིར་རོ། །སྲེད་པའི་གཉེན་པོར་གང་གསུངས་པ་ནི། ཞི་

བའི་རྣམ་པས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །ཞེས་བྱ་བ་ཡིན་ཏེ། སྲེད་པ་ནི་གཙོར་ཉེ་བར་ཞི་བ་ཡིན་པ་ཞེས་བྱ་བའི་ཚུལ་གྱིས་སོ། །ཀུན་འབྱུང་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀུན་འབྱུང་

བའི་དབྱེ་བས་རྣམ་པ་གསུམ་ཡིན་ནོ། །དེའི་གཉེན་པོར་གང་གསུངས་པ་ནི། འདོད་ཆགས་མེད་པའི་རྣམ་པས་འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ། །ཞེ་སྡང་མེད་པའི་རྣམ་པས་ཞེ་སྡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཏི་མུག་མེད་པའི་རྣམ་པས་མི་ཤེས་པའི་མུན་

པ་ཐམས་ཅད་སེལ་བའི་ཕྱིར་ཞེས་གསུངས་པ་ཡིན་ནོ། །རབ་ཏུ་སྐྱེ་བ་ནི་ཀུན་ཏུ་རྟོག་པ་ཡིན་ཏེ། དེ་ལས་འདོད་ཆགས་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེའི་གཉེན་པོར་གང་གསུངས་པ་ནི། ཉོན་མོངས་པ་མེད་པའི་རྣམ་པས་ཡོངས་སུ་རྟོག་པ་མེད་པའི་ཕྱིར་རོ། །ཞེས་

བྱ་བ་ཡིན་ནོ། །རྐྱེན་ནི་སེམས་ཅན་དུ་མངོན་པར་ཞེན་པ་འཇིག་ཚོགས་སུ་ལྟ་བ་ཡིན་ཏེ། དོན་མེད་པ་ཐམས་ཅད་ཀྱི་རྐྱེན་ཡིན་པའི་ཕྱིར་རོ། །གཉེན་པོར་གསུངས་པ་ནི་སེམས་ཅན་མེད་པའི་རྣམ་པས་སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེ་ལྟར་འདོད་

ཆགས་དང་བྲལ་བའི་རྣམ་པ་ནས་བརྩམས་ཏེ། སེམས་ཅན་མེད་པའི་རྣམ་པའི་བར་ནི་གོ་རིམས་བཞིན་དུ་རྒྱུ་གང་ཡིན་པ་འདུན་པ་དང་། འདོད་ཆགས་དང་། དགའ་བ་དང་། ཀུན་འབྱུང་གང་ཡིན་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། རབ་ཏུ་སྐྱེ་

བ་གང་ཡིན་པ་ཀུན་དུ་རྟོག་པ་དང་། རྐྱེན་གང་ཡིན་པ་སེམས་ཅན་དུ་མངོན་པར་ཞེན་པ་སྟེ། གསུམ་དང་། གསུམ་དང་། གཅིག་དང་། གཅིག་སྟེ། རྣམ་པ་བརྒྱད་ནི་ཀུན་འབྱུང་བའི་བདེན་པ་ལ་བརྟེན་པར་བཤད་པ་ཡིན་ནོ། །ལམ་གྱི་བདེན་པའི་རྣམ་པ་བདུན་གྱི་

Vol. 80 · folio 122a

དབང་དུ་མཛད་ནས་གསུངས་པ་ནི། ཚད་མེད་པའི་རྣམ་པས་ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་ཡིན་ཏེ། དེ་ནི་ལྡོག་པའི་ཕྱོགས་ཐོབ་པར་བྱེད་པ་ཡིན་པ་ཉིད་ཀྱིས་ན། སེམས་ཅན་ཚད་མེད་པའི་གོ་སྐབས་འབྱེད་པ་ཉིད་

ཡིན་པའི་ཕྱིར་རོ། །གོ་སྐབས་འབྱེད་པ་དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ཡོད་པ་ཡིན་པས། མཐའ་གཉིས་དང་འབྲེལ་བའི་རྣམ་པས་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །རིགས་

ནི་ཐ་མི་དད་པའི་རྣམ་པས་ཆོས་ཐམས་ཅད་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །ཐ་དད་པ་མེད་པ་ནི་ཡང་མཆོག་ཏུ་འཛིན་པ་མེད་པའི་རྣམ་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་བྱེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། བཟློག་ན་ནི། ཕྱོགས་

གཅིག་པར་འགྱུར་བའི་ཕྱིར་ཐ་དད་པར་འགྱུར་བས་མ་ལུས་པར་གཏོགས་པའི་རིགས་པར་མི་འགྱུར་རོ། །སྒྲུབ་པ་ནི་རྣམ་པར་མི་རྟོག་པའི་རྣམ་པས་རྣམ་པར་རྟོག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །བྱ་བའི་རྣམ་པར་རྟོག་པ་མེད་པའི་དབང་དུ་

བྱས་ནས། རྟོགས་པར་བྱ་བ་རྟོགས་པའི་ཡུལ་རྟོག་པར་བྱེད་པས་ན་སྒྲུབ་པ་ཡིན་པ་ཞེས་བྱ་བའི་ཚུལ་གྱིས་སོ། །ཡང་ཇི་ལྟར་ན་དེ་ལ་བྱ་བའི་རྣམ་པར་རྟོག་པ་མེད་ཅེ་ན། གཞལ་དུ་མེད་པའི་རྣམ་པས་ཆོས་ཐམས་ཅད་ཀྱི་ཚད་མ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་

ཡིན་ནོ། །ཐོབ་པ་ཡོངས་སུ་ཡང་བ་དང་མ་ཐོབ་པ་ལ་དམན་པ་དང་མཆོག་ཏུ་གྱུར་པ་རྣམ་པར་རྟོག་པ་མེད་པ་སྔོན་དུ་འགྲོ་བའི་ངེས་པར་འགྱུར་བ་ནི། ཆགས་པ་མེད་པའི་རྣམ་པས་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་གང་གསུངས་པ་སྟེ། རྟོགས་པ་དེ་དང་

དེ་ལ་ནམ་མཁའ་ལྟར་མ་ཆགས་པའི་ཆོས་ཉིད་ངེས་པར་འབྱིན་པའི་དབང་དུ་བྱས་ནས་ཡིན་ནོ། །དེས་ན་ཚད་མེད་པའི་རྣམ་པ་ནས་བརྩམས་ཏེ། ཆགས་པ་མེད་པའི་བར་འདི་རྣམས་ནི་གོ་རིམས་བཞིན་དུ་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པར་བྱེད་པའི་ལམ་གང་ཡིན་པ་དང་།

Vol. 80 · folio 122b

ཇི་ལྟར་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པར་བྱེད་པ་དང་། རིགས་པ་གང་ཡིན་པ་དང་། ཇི་ལྟར་རིགས་པ་ཡིན་པ་དང་། སྒྲུབ་པ་གང་ཡིན་པ་དང་། ཇི་ལྟར་སྒྲུབ་པ་ཡིན་པ་དང་། ངེས་པར་འབྱུང་བ་གང་ཡིན་པ་སྟེ། དེ་རྣམས་ཀྱི་ངོ་བོ་ཉིད་གཉིས་དང་། གཉིས་

དང་། གཉིས་དང་། གཅིག་དང་། གཅིག་སྟེ། དེ་ལྟར་ན་ལམ་གྱི་བདེན་པ་བསྟན་པ་རྣམ་པ་བདུན་དུ་བཤད་པ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པའི་རྣམ་པ་ལྔའི་དབང་དུ་མཛད་ནས་གསུངས་པ་ཡིན། མི་རྟག་པའི་རྣམ་པས་ཆོས་ཐམས་ཅད་འཇིག་པ་དང་མི་ལྡན་

པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། འདུས་བྱས་རྣམས་ནི་འཇིག་པའི་ངོ་བོ་ཉིད་ཡིན་པས་ལྡན་པའི་དོན་མེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་རྣམ་པས་ཆོས་ཐམས་ཅད་ལྷག་པར་ཆགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །དེ་རྣམས་ལ་ནི་བདེ་བར་ཕྱིན་ཅི་ལོག་པའི་མཚན་མ་མེད་

པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་རྣམ་པས་ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་པར་བྱེད་པའི་བདག་དང་རྗེས་སུ་འབྲེལ་པའི་དྲི་ཙམ་ཡང་མེད་ཅེས་བྱ་བའི་ཐ་ཚིག་གོ། །བདག་མེད་པའི་རྣམ་པས་ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་

ནི་དེ་རྣམས་ནི་རང་ཉིད་བདག་མ་ཡིན་པས་སོ། །ཞེས་བྱ་བའི་དོན་ཏོ། །བདག་མེད་པ་དེ་ཉིད་ནི་མཚན་ཉིད་མེད་པའི་རྣམ་པས་ཆོས་ཐམས་ཅད་མཚན་མ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་རྣམས་ནི་འགོག་པའི་མཚན་ཉིད་བདུན་དུ་བྱས་པ་ཡིན་པས་མི་རྟག་པ་ལ་

སོགས་པ་གང་དག་ཡིན་པ་རྣམ་པ་བཞི་དང་དེ་རྣམས་ཀྱང་གང་གི་ངོ་བོ་ཉིད་ཡིན་པ་སྟེ། དེ་དག་ནི་སྡུག་བསྔལ་གྱི་བདེན་པ་ལ་བརྟེན་པའི་རྣམ་པ་ལྔ་བརྗོད་པ་ཡིན་ནོ། །འགོག་པའི་བདེན་པའི་རྣམ་པ་བཅུ་དྲུག་བརྗོད་པར་བྱའོ། །དེ་ལ་འགོག་པ་ལྔ་ལས་གང་གི་ཕྱིར་ནང་གི་བདག་ཉིད་

ཅན་ལ་སོགས་པའི་དངོས་པོའི་དབྱེ་བས། དངོས་པོ་འགོག་པ་རྣམ་པ་གསུམ་གསུངས་པ་ནི། ནང་སྟོང་པ་ཉིད་ཀྱི་རྣམ་པས་ནང་གི་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །ཕྱི་སྟོང་པ་ཉིད་ཀྱི་རྣམ་པས་ཕྱིའི་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །ཕྱི་ནང་སྟོང་པ་ཉིད་ཀྱི་རྣམ་

Vol. 80 · folio 123a

པས་ཕྱི་ནང་གི་ཆོས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །མངོན་པར་ཞེན་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་བཏགས་པ་འགོག་པ་ནི་རྣམ་པ་བརྒྱད་དོ། །དེ་ལ་སྟོང་པ་ཉིད་ལ་མངོན་པར་ཞེན་པ་འགོག་པ་ནི། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་

པས་སྟོང་པ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། ལྟ་བའི་གཉེན་པོར་ནི་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་གྱི་དབྱིབས་ལ་མངོན་པར་ཞེན་པ་འགོག་པ་ནི། ཆེན་པོ་སྟོང་པ་ཉིད་ཀྱི་རྣམ་པས་ཆེན་པོ་སྟོང་པ་ཉིད་དམིགས་

སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། འདིའི་དབྱིབས་སུ་བཀོད་པ་དངོས་པོ་མེད་པའི་ཕྱིར་རོ། །དོན་དམ་པ་ལ་མངོན་པར་ཞེན་པ་འགོག་པ་ནི། དོན་དམ་པ་སྟོང་པ་ཉིད་ཀྱི་རྣམ་པས་དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་

ཡིན་ཏེ། དོན་དམ་པར་ནི་གཉེན་པོ་ཡོངས་སུ་གྲུབ་པ་མེད་པའི་དོན་གྱིས་སོ། །འདུས་བྱས་ལ་མངོན་པར་ཞེན་པ་འགོག་པ་ནི། འདུས་བྱས་སྟོང་པ་ཉིད་ཀྱི་རྣམ་པས་འདུས་བྱས་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་སྟེ། འདུས་བྱས་ནི་བཟློག་ཟླ་ལ་ལྟོས་

པ་དང་བཅས་པ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ལ་མངོན་པར་ཞེན་པ་འགོག་པ་ནི། འདུས་མ་བྱས་སྟོང་པ་ཉིད་ཀྱི་རྣམ་པས་འདུས་མ་བྱས་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་ཞེས་གང་གསུངས་པ་ཡིན་ཏེ། འདུས་མ་བྱས་ལ་བཟློག་ཟླ་ལ་ལྟོས་པ་དང་བཅས་པ་ཡིན་

པའི་ཕྱིར་རོ། །རྟག་པ་དང་ཆད་པའི་མཐའ་ལ་མངོན་པར་ཞེན་པ་འགོག་པ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རྣམ་པས་མཐའ་ལས་འདས་པ་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། ཆོས་ཉིད་རོ་གཅིག་པ་ཉིད་ཀྱིས་ན་མཐའ་གཉིས་

ཀྱི་རྣམ་པར་དབྱེ་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །ཐོག་མ་དང་ཐ་མ་དང་འདྲ་བར་འཁོར་བར་མངོན་པར་ཞེན་པ་འགོག་པ་ནི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ།

Vol. 80 · folio 123b

ཐོག་མ་དང་ཐ་མ་མེད་པ་དང་འདྲ་བར་དབུས་ཀྱང་ཆོས་ཉིད་ཀྱི་རང་བཞིན་གྱི་རྗེས་སུ་སྐྱེས་པ་ཡིན་པའི་ཕྱིར་རོ། །རྟོགས་པ་ལ་མང་དུ་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདོར་བ་མེད་པའི་མཚན་ཉིད་ཅན་དོར་བ་མེད་པར་མངོན་པར་ཞེན་པ་དེ་འགོག་པ་ཡང་དོར་བ་མེད་པ་སྟོང་

པ་ཉིད་ཀྱི་རྣམ་པས། དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེ་རྣམས་ནི་གཟིངས་དང་འདྲ་བ་ཉིད་ཀྱིས་སྤང་བར་བྱ་བའི་ཕྱིར་རོ། །བྱེད་པ་པོའི་འགོག་པ་ནི། རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པས། འདུས་བྱས་དང་འདུས་མ་

བྱས་ཀྱི་ཆོས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། རང་བཞིན་ནི་འཕགས་པ་ཐམས་ཅད་ཀྱིས་མ་མཛད་པའི་ཕྱིར་རོ། །ཡུལ་དུ་འཁྲུལ་པ་འགོག་པ་ནི་རྣམ་པ་གསུམ་ལས་བཏགས་པར་འཁྲུལ་པ་འགོག་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་པས་ཆོས་

རྣམས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་འཁྲུལ་པ་ཙམ་ཡིན་པའི་ཕྱིར་རོ། །མཚན་ཉིད་འཁྲུལ་པ་འགོག་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རྣམ་པས་རང་གི་མཚན་ཉིད་དབེན་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ།

གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཀྱིས་དབེན་པ་ཡིན་ཏེ། དེ་ནི་འདུས་པའི་ཆོས་ཡིན་པའི་ཕྱིར་རོ། །དུས་སུ་འཁྲུལ་པ་འགོག་པ་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པས་དུས་གསུམ་ལ་དུས་གསུམ་པོ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་

ཡིན་ཏེ། དུས་ཞེས་བྱ་བ་འདི་ནི་འདུས་བྱས་ཀྱི་ཚིག་བླ་དགས་ཡིན་པའི་ཕྱིར་རོ། །ལྔ་པ་རང་གི་ངོ་བོ་ཉིད་འགོག་པ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་རྣམ་པས་རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། དངོས་

པོ་དང་དངོས་པོ་མེད་པ་དང་རང་གི་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་རྣམས་ཤིན་ཏུ་མ་གྲུབ་པ་ཡིན་པའི་ཕྱིར་རོ། །འདི་དག་ནི་འགོག་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། གྱ་ནོམ་པའི་རྣམ་པ་དང་། ངེས་པར་འབྱུང་བའི་རྣམ་པའི་དབང་དུ་བྱས་ནས། འགོག་པ་གང་ཡིན་པ་

Vol. 80 · folio 124a

ནང་ལ་སོགས་པའི་དངོས་པོ་དང་། ཇི་ལྟར་ཞི་བ་ཡིན་པ་མངོན་པར་ཞེན་པ་རྣམ་པ་བརྒྱད་དང་བྲལ་བས་དང་། ཇི་ལྟར་གྱ་ནོམ་པ་ཡིན་པར་བཞིན་གྱིས་དང་། ཇི་ལྟར་ངེས་པར་འབྱུང་བ་འཁྲུལ་པ་རྣམ་པ་གསུམ་བསལ་བས་དང་། ངེས་པར་འབྱུང་བ་

གང་ཡིན་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་ལྟར་རིམ་པ་ཇི་ལྟ་བ་བཞིན་དུ་གསུམ་དང་། བརྒྱད་དང་། གཅིག་དང་། གསུམ་དང་གཅིག་སྟེ། འགོག་པའི་བདེན་པ་ལ་བརྟེན་པའི་རྣམ་པ་བཅུ་དྲུག་བཤད་པར་གྱུར་པ་ཡིན་ཏེ། ལམ་ཤེས་པ་ཉིད་ཀྱི་རྣམ་པ་བཤད་

ཟིན་ཏོ།། །།རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྗོད་པར་བྱའོ། །དེ་ལ་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱིས་རྣམ་པ་བསྡུས་པར་འགྱུར་བ་ཡིན་ཏེ། དེ་བས་ན། ཀུན་མཁྱེན་ཉིད་གསུམ་བྱེ་བྲག་

གི། །ལམ་གྱི་བདེན་པ་དང་མཐུན་པ། །དྲན་པ་ཉེར་གཞག་ནས་གཟུང་སྟེ། །ཐ་མ་སངས་རྒྱས་རྣམ་པའི་བར། །སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཅེས་

བྱ་བ་གསུངས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་བྱ་བ་གསུངས་སོ། །དེ་ལ་ལམ་གྱི་བདེན་པ་དང་རྗེས་སུ་མཐུན་པ་ནི་འདི་ཡིན་ནོ། །ལམ་ནི་གསུམ་སྟེ། ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་དང་།

ལམ་ཤེས་པ་ཉིད་ཀྱི་ལམ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང་། དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་རྣམ་པ་བདུན་ལས་དངོས་པོ་ཡོངས་སུ་རྟོག་པའི་ལམ་དྲན་པ་ཉེ་བར་གཞག་པ་ནི། དྲན་པ་ཉེ་བར་གཞག་པའི་རྣམ་པས། ལུས་དང་། ཚོར་བ་དང་།

སེམས་དང་། ཆོས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེས་ལུས་ལ་སོགས་པའི་དངོས་པོ་རྣམ་པ་བཞི་ཡོངས་སུ་རྟོག་པའི་ཕྱིར་རོ། །རྩོལ་བའི་ལམ་ཡང་དག་པར་སྤོང་བ་བཞི་ནི། ཡང་དག་པར་སྤོང་བའི་རྣམ་པས་དགེ་བ་དང་། མི་དགེ་

Vol. 80 · folio 124b

བའི་ཆོས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེ་ལྟར་དངོས་པོ་ཡོངས་སུ་བརྟགས་ནས་དེས་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་རྫུ་འཕྲུལ་གྱི་རྐང་པ་ནི། རྫུ་འཕྲུལ་གྱི་རྐང་པའི་རྣམ་པས་འདུན་པ་ཡང་

བརྩོན་འགྲུས་དང་སེམས་དང་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེ་ལྟར་སྒྲིབ་པ་ཡོངས་སུ་སྦྱངས་པ་ནི་འདུན་པ་ལ་སོགས་པའི་སྒོ་ནས་དེས་སེམས་ལས་སུ་རུང་བ་ཉིད་རྫོགས་པར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པར་སྦྱོར་བར་བྱེད་པའི་

ལམ་དབང་པོ་རྣམས་ནི། དབང་པོའི་རྣམ་པས་དད་པ་ལ་སོགས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་གང་གསུངས་པ་ཡིན་ཏེ། དེ་ལྟར་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱས་པ་ན་དེས་འཕགས་པའི་ལམ་ཡང་དག་པར་འགྲུབ་པ་ལ་བདག་པོར་གྱུར་པ་དྲོ་བར་གྱུར་པ་དང་རྩེ་མོ་

ལ་སྦྱོར་བའི་ཕྱིར་རོ། །མངོན་པར་རྟོགས་པ་དང་། འབྲེལ་བའི་ལམ་སྟོབས་རྣམས་ནི། སྟོབས་ཀྱི་རྣམ་པས་སྟོབས་ལྔ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེ་ལྟར་དབང་ཐོབ་པ་ནི་དེས་དེ་མ་ཐག་ཏུ་བདེན་པ་རྟོགས་པར་བྱ་བའི་ཕྱིར་མ་དད་པ་ལ་སོགས་པ་

མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་བཟོད་པ་དང་ཆོས་ཀྱི་མཆོག་ལ་རབ་ཏུ་སྦྱོར་བའི་ཕྱིར་རོ། །མངོན་པར་རྟོགས་པའི་ལམ་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་

ཡིན་ཏེ། དེས་དང་པོར་དེ་ཁོ་ན་སོ་སོར་རྟོག་པའི་ཕྱིར་རོ། །རྣམ་པར་དག་པར་ངེས་པར་འབྱིན་པའི་འཕགས་པའི་ལམ་ཡན་ལག་བརྒྱད་ནི། ལམ་གྱི་རྣམ་པས་རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེའི་གོང་དུ་

དེས་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ངེས་པར་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་རྣམས་ཀྱི་གོ་རིམས་ནི་འདི་ཡིན་ནོ། །དེ་དེ་ལྟར་བྱས་ན་དངོས་པོ་ཡོངས་སུ་རྟོག་པའི་ལམ་དང་། རྩོལ་བའི་ལམ་དང་།

Vol. 80 · folio 125a

ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་དང་། མངོན་པར་རྟོགས་པར་སྦྱོར་བའི་ལམ་དང་། མངོན་པར་རྟོགས་པ་དང་འབྲེལ་པའི་ལམ་དང་། མངོན་པར་རྟོགས་པའི་ལམ་དང་། རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་གྱི་དབང་དུ་མཛད་ནས་གོ་

རིམས་ཇི་ལྟ་བ་བཞིན་དུ། བཞི་དང་བཞི་དང་ལྔ་དང་ལྔ་དང་བདུན་དང་བརྒྱད་དེ། ཐམས་ཅད་ཤེས་པ་ཉིད་ལ་བརྟེན་པའི་རྣམ་པ་སུམ་ཅུ་རྩ་བདུན་དུ་བཤད་པ་ཡིན་ནོ། །དེ་ལ་ལམ་ཤེས་པ་ཉིད་ཀྱི་ལམ་རྣམ་པ་དྲུག་ལས་གཉེན་པོའི་ལམ་རྣམ་པ་གསུམ་སྟེ། ལྟ་བས་བྱས་

པའི་གཉེན་པོའི་སྟོང་པ་ཉིད་ནི། སྟོང་པ་ཉིད་ཀྱི་རྣམ་པས་ལྟ་བས་བྱས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །ལྟ་བའི་རྒྱུ་མཚན་གྱི་རྣམ་པར་རྟོག་པའི་གཉེན་པོ་མཚན་མ་མེད་པ་ནི། མཚན་མ་མེད་པའི་རྣམ་པས་རྟོག་པ་དམིགས་སུ་མེད་པའི་ཕྱིར་རོ་

ཞེས་གང་གསུངས་པ་ཡིན་ནོ། །ཁམས་གསུམ་པ་ལ་སྨོན་པའི་གཉེན་པོ་སྨོན་པ་མེད་པ་ནི་སྨོན་པ་མེད་པའི་རྣམ་པས་བསྒོམ་ལམ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་སྟོང་པ་དང་བདག་མེད་པའི་རྣམ་པ་གཉིས་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་

པ་ཉིད་དོ། །མི་རྟག་པ་དང་སྡུག་བསྔལ་བའི་རྣམ་པ་གཉིས་དང་། ཀུན་འབྱུང་གི་བདེན་པའི་རྣམ་པ་བཞི་པོ་རྣམས་ཀྱིས་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །འགོག་པ་དང་ལམ་གྱི་རྣམ་པ་རྣམས་ཀྱིས་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ཏེ། མཚན་མ་མེད་

པ་གང་ཡིན་པ་འགོག་པ་དང་། མཚན་མའི་རྣམ་པར་རྟོག་པ་གང་གིས་བསལ་བ་ནི་ལམ་ཡིན་པའི་ཕྱིར་རོ། །མཚན་མེད་ཞི་བའི་རྣམ་པ་ཡིས། །ཞེས་གང་གསུངས་པ་ནི། དངོས་པོའི་མཚན་མ་དང་རྗེས་སུ་འབྲེལ་པ་ཉན་ཐོས་ཀྱི་ལམ་གྱི་དབང་དུ་མཛད་པ་ཡིན་པའི་ཕྱིར་དེ་དང་

འདི་ལ་འགལ་བ་མེད་དོ། །སྤྲུལ་པའི་ལམ་རྣམ་པ་གཉིས་ལས་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པ་ནི་བདག་ཉིད་སོ་སོར་བསམ་གཏན་ནམ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བརྟེན་ནས། གཟུགས་ཀྱི་འདུ་ཤེས་མངོན་དུ་བྱེད་པ་སྟེ། གང་གིས་

Vol. 80 · folio 125b

གཟུགས་ཅན་གཟུགས་ཁ་དོག་བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་ཞེས་བཤད་པའོ། །གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པ་ནི་བདག་ཉིད་སོ་སོར་དེ་བཞིན་དུ་ཕྱི་རོལ་གྱི་གཟུགས་ཀྱི་འདུ་ཤེས་མངོན་དུ་བྱེད་པ་སྟེ། གང་གིས་ནང་གཟུགས་མེད་པར་འདུ་ཤེས་ཤིང་

ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟའོ་ཞེས་གསུངས་པ་ཡིན་ཏེ། འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོར་གྱུར་པའི་རྣམ་པར་ཐར་པ་གཉིས་ཡིན་པར་ཤེས་པར་བྱའོ། །སྤྲུལ་པ་ལ་ཀུན་ནས་ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། སྡུག་པའི་གཟུགས་སྤྲུལ་པ་ལ་འབད་པ་

དང་། མི་སྡུག་པའི་གཟུགས་སྤྲུལ་པ་མི་མཐུན་པའོ། །དེའི་གཉེན་པོར་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་གསུངས་པ་ཡིན་ཏེ། བདག་གཉིས་སོ་སོར་སྡུག་པའི་གཟུགས་རྣམས་ལ་ཕན་ཚུན་ལྟོས་པའི་འདུ་

ཤེས་དང་ཕན་ཚུན་འབྲེལ་པའི་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་རོ་གཅིག་པའི་འདུ་ཤེས་ཐོབ་པས་ཇི་ལྟར་འདོད་པར་གཟུགས་ལ་ལྷག་པར་མོས་པ་ལ་དབང་ཐོབ་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་རྣམ་པ་གཉིས་ལས་ཐར་པ་དང་མཐུན་པར་

གནས་པའི་ལམ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམ་པ་བཞིའོ། །ཞི་བར་གནས་པའི་ལམ་ནི་འདུ་ཤེས་དང་། ཚོར་བ་འགོག་པ་ཞེས་བྱའོ། །གཞན་གྱི་དོན་གྱི་ངེས་པར་འབྱུང་བའི་དབང་དུ་བྱས་ནས་གསུམ་དང་། གཞན་གྱི་དོན་གྱི་ཆེད་དུ་བྱ་བ་ཅན་རང་གི་དོན་

མཐོང་བའི་ཆོས་ལ་བདེ་བར་གནས་པའི་དབང་དུ་བྱས་ནས་ལྔ་སྟེ་བརྒྱད་དུ་འགྱུར་རོ། །དེས་ན་འདི་རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་པས་རྣམ་པར་ཐར་པ་བརྒྱད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་མཐར་གྱིས་གནས་

པའི་སྙོམས་པར་འཇུག་པ་དགུ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་རྣམ་པས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། འགོག་པའི་སྙོམས་པར་འཇུག་པ་དགུ་ནི་འཇིག་རྟེན་ལས་

Vol. 80 · folio 126a

འདས་པའི་ལམ་གྱིས་ཐོབ་པའི་ཕྱིར་རོ། །སྤོང་བའི་བར་ཆད་མེད་པའི་ལམ་བདེན་པ་རྣམ་པ་བཞི་ལ་བརྟེན་པ་ནི་བདེན་པ་བཞིའི་རྣམ་པས། ཀུན་འབྱུང་དང་འགོག་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། ཀུན་འབྱུང་ནི་འདིར་ཉོན་

མོངས་པ་ཀུན་འབྱུང་བའོ། །འགོག་པ་ནི་དེ་དང་བྲལ་བའོ། །སངས་རྒྱས་ཀྱི་ལམ་དུ་གྱུར་པའི་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་ནི། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བའི་བར་དང་། རབ་འབྱོར་སེར་སྣ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་རྣམ་པ་བཅུ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་དུས་ཕྱིས་

མི་མཐུན་པའི་ཕྱོགས་ཀུན་ཏུ་སྤྱོད་པར་མི་འགྱུར་བའི་ཕྱིར་རོ། །འདི་རྣམས་གཉེན་པོའི་ལམ་དང་། སྤྲུལ་པའི་ལམ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་དང་། སྤོང་བའི་ལམ་དང་། སངས་རྒྱས་ཀྱི་ལམ་

གྱི་དབང་དུ་མཛད་ནས་གོ་རིམས་བཞིན་དུ་གསུམ་དང་གསུམ་དང་ལྔ་དང་དགུ་དང་བཞི་དང་བཅུ་སྟེ། ལམ་ཤེས་པའི་ལམ་ལ་བརྟེན་པའི་རྣམ་པ་སུམ་ཅུ་རྩ་བཞི་གསུངས་པ་ནི་ཡིན་ནོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་ཤིན་ཏུ་ཕུལ་དུ་བྱུང་བ་ཡིན་པའི་ཕྱིར་གཅིག་

པུ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབྱེ་བས་ལམ་འདིའི་ཁྱད་པར་གྱི་མཚན་ཉིད་ཐུན་མོང་མ་ཡིན་པའི་རྣམ་པས་དབྱེ་བ་བརྗོད་པར་བྱ་བ་ཡིན་པས། སྟོབས་བཅུའི་རྣམ་པས་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་

ཏེ། དེའི་གནས་སྐབས་སུ་ཆོས་རྣམས་རྣམ་པ་མེད་པའི་ཆོས་ཉིད་ཐོབ་པ་ཡིན་པའི་ཕྱིར་རོ། །མི་འཇིགས་པའི་རྣམ་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཞུམ་པའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་དང་མངོན་པར་ཤེས་པ་ཐམས་ཅད་ཐོབ་པའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་བཞིའི་རྣམ་པས་

Vol. 80 · folio 126b

ཐམས་ཅད་ལ་ཡེ་ཤེས་ཆགས་པ་མེད་པ་ཐོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་གྲངས་དང་། ཆོས་ཀྱི་མཚན་ཉིད་དང་། ཡུལ་གྱི་སྐད་རྣམས་དང་། ཆོས་རབ་ཏུ་དབྱེ་བའི་ཡུལ་ལ་གོ་རིམས་བཞིན་དུ་ཡང་དག་པའི་ཡེ་ཤེས་ཀྱི་རྟོགས་པའི་རོ་མྱོང་བར་མི་བྱེད་པས་ན་ཆགས་པ་

མེད་པའི་ཕྱིར་དང་ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྣམ་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་ཆོས་མ་འདྲེས་པ་དེ་དང་དེ་མི་

མཐུན་པའི་ཆོས་གང་དང་གང་ཡིན་པ་དེ་དང་དེ་ལས་ཡང་དག་པར་འདའ་བའི་དབང་དུ་མཛད་པ་ཡིན་ཏེ། མདོ་ལས་ཇི་སྐད་དུ། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་གྲོང་དུ་བསོད་སྙོམས་ལ་རྒྱུ་བ་ན། རེས་འགའ་གླང་པོ་ཆེ་གཏུམ་པོའམ་རྟ་མི་སྲུན་པའམ། བ་ལང་མི་སྲུན་

པ་དང་། ཁྱི་མི་སྲུན་པ་དང་ལྷན་ཅིག་འགྲོ་བ་དང་། ཚང་ཚིང་དང་ཚེར་མའི་འོབས་སུ་འགྲོ་བའམ། སྦྲུལ་ནག་པོ་རྐང་པ་གཉིས་ཀྱིས་བརྫིས་པའམ། དེ་ལྟ་བུའི་ཚུལ་གྱིས་གང་ན་བུད་མེད་ཀྱི་ཚོགས་ཀྱིས་རིགས་པ་མ་ཡིན་པས་བསྐྱེད་པས་མགྲོན་དུ་བོས་པས་ཁྱིམ་དུ་

འཇུག་པ་དང་། དགོན་པའམ་ཡང་ན་ལམ་དྲང་པོ་ནས་ལམ་གོལ་བར་འགྲོ་བ་འགྲོ་བའམ། རྐུན་པོའམ་ཆོམ་པོ་པ་དང་། སེང་གེ་དང་། སྟག་དང་། གཞན་གྱི་ཆུང་མ་དང་ལྷན་ཅིག་འགྲོ་བ་སྟེ། དགྲ་བཅོམ་པའི་འཁྲུལ་བ་དེ་ལྟ་བུའི་ཆ་དང་མཐུན་པ་དེ་དག་ནི་དེ་བཞིན་

གཤེགས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་རེས་འགའ་དགོན་པར་ནགས་ཁྲོད་སྟུག་པོར་རྒྱུ་བ་ན་ལམ་ལས་ཉམས་ནས་ཁང་པ་སྟོང་པར་སྒྲ་འབྱིན་ཅིང་དབྱངས་རྗེས་སུ་སྒྲོགས་ལ་སྒྲ་ཆེན་པོས་འབོད་པའམ། བག་ཆགས་

ཀྱི་ཉེས་པ་ལ་བརྟེན་ནས་ཉོན་མོངས་པའི་རྟ་གད་ཆེན་པོ་དགོད་པ་དང་། སོ་འཚིགས་བྱེད་པའམ། སྟེག་པའི་ཚུལ་ཡང་ཉེ་བར་སྟོན་པར་བྱེད་དེ། དེ་ལྟ་བུའི་ཆ་དང་མཐུན་པར་དགྲ་བཅོམ་པའི་ཅ་ཅོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་མངའོ། །

Vol. 80 · folio 127a

དེ་བཞིན་གཤེགས་པ་ལ་ནི་དྲན་པ་ཉམས་པ་མི་མངའ་སྟེ། ཉོན་མོངས་པ་མ་ཡིན་པའི་ཐུགས་ཀྱི་མཛད་པ་དང་། གསུངས་པ་རྗེས་སུ་དྲན་པའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་ཕུང་པོ་ལ་མཐའ་གཅིག་ཏུ་མི་མཐུན་པའི་འདུ་ཤེས་སུ་འགྱུར་ཞིང་

ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་ལ་ནི་ཞི་བའི་འདུ་ཤེས་སུ་འགྱུར་གྱི། དེ་བཞིན་གཤེགས་པ་ལ་ནི་ཐ་དད་པའི་འདུ་ཤེས་མི་མངའ་སྟེ། མཆོག་ཏུ་བཏང་སྙོམས་པས་བཞུགས་པའི་ཕྱིར་རོ། །གཞན་ཡང་དགྲ་བཅོམ་པ་ནི་སྙོམས་པར་ཞུགས་པ་ན་མཉམ་པར་བཞག་པ་ཡིན་

གྱི་ལྡང་བ་ནི་མཉམ་པར་གཞག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ནི་གནས་སྐབས་ཐམས་ཅད་དུ་ཐུགས་མཉམ་པར་མ་གཞག་པ་མི་མངའོ། གཞན་ཡང་དགྲ་བཅོམ་པ་ནི་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་བྱ་བ་ལ་བཏང་སྙོམས་སུ་བྱེད་པ་ཡིན་གྱི། དེ་བཞིན་

གཤེགས་པ་ལ་འདི་ལྟ་བུའི་ཆ་དང་མཐུན་པ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པ་ལས་བརྩམས་ཏེ་མ་ཐོབ་པའི་ཡོངས་སུ་ཉམས་པས་འདུན་པ་ལས་ཀྱང་ཉམས་ཤིང་། བརྩོན་འགྲུས་དང་། དྲན་པ་དང་།

ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལས་ཉམས་པ་ཡིན་གྱི། ཉམས་པའི་རྣམ་པ་འདི་དྲུག་དེ་བཞིན་གཤེགས་པ་ལ་མི་མངའོ། །གཞན་ཡང་དགྲ་བཅོམ་པ་ནི་ལན་འགའ་ལུས་ཀྱི་ལས་དགེ་བ་ལ་འཇུག་ལ། ལན་འགའ་ནི་ལུང་དུ་མ་བསྟན་པ་ལའོ། །

ངག་དང་ཡིད་ཀྱི་ལས་ལ་ཡང་དེ་བཞིན་ནོ། །དེ་བཞིན་གཤེགས་པ་ལ་ནི་ལས་གསུམ་ཆར་ལ་ཡང་ཡེ་ཤེས་སྔོན་དུ་འགྲོ་བ་ཉིད་དང་ཡེ་ཤེས་རྗེས་སུ་འགྲོ་བ་ཉིད་ཀྱིས་ལུང་དུ་མ་བསྟན་པའི་ལས་མི་མངའོ། །དེ་ལ་ཡེ་ཤེས་ཀྱི་ཀུན་ནས་བསླང་བ་ཡིན་པའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་

བའོ། །ཡེ་ཤེས་དང་ལྷན་ཅིག་སྤྱོད་པའི་ཕྱིར་རྗེས་སུ་འབྲང་བའོ། །གཞན་ཡང་དགྲ་བཅོམ་པ་ནི་གང་གིས་འདིའི་ཡེ་ཤེས་ཀྱི་མཐོང་བ་ཆགས་པ་མེད་པར་འགྱུར་བ། དུས་གསུམ་པའི་དངོས་པོ་བཙལ་བ་ཙམ་ལས་རྟོགས་པར་མི་འགྱུར་ལ། གང་གིས་འདིའི་ཡེ་ཤེས་

Vol. 80 · folio 127b

ཀྱི་མཐོང་བ་ཐོགས་པ་མེད་པར་འགྱུར་བ་ཐམས་ཅད་རྟོགས་པའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བཙལ་བ་ཙམ་གྱིས་དུས་གསུམ་པའི་ཤེས་བྱའི་དངོས་པོ་ཐམས་ཅད་རྟོགས་པ་ཡིན་ཏེ། དེ་བས་ན་བཅོ་བརྒྱད་པོ་འདི་དག་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་གསུངས་ཏེ།

དེ་བཞིན་ཉིད་ཀྱི་རྣམ་པས། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དེ་བཞིན་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་མཚན་ཉིད་ཀྱི་དོན་ནི་འགྱུར་བ་མེད་པའི་ཕྱིར་རོ། །རང་བྱུང་གི་རྣམ་པས་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་

ཐུགས་སུ་ཆུད་པ་གཞན་གྱི་རྐྱེན་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཉིད་ཀྱི་རྣམ་པ་ནི། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་

ཕྱིར་རོ་ཞེས་གང་གསུངས་པ་ཡིན་ཏེ། དེ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སངས་རྒྱས་ཉིད་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་བྱས་པས་སྟོབས་ལ་སོགས་པ་རྣམས་ཀྱིས་རྣམ་པ་རྣམས་ཇི་ལྟར་རབ་ཏུ་དབྱེ་བ་དང་། འདི་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་བཞིན་ཉིད་དང་།

ཆོས་དེ་རྣམས་ལ་མངའ་བསྒྱུར་བ་གང་ཡིན་པ་རང་བྱུང་དང་། ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་གང་གི་དོན་དུ་སྟེ། དེ་ལྟར་ན་གོ་རིམས་བཞིན་དུ་བཅུ་དང་བཞི་དང་བཞི་དང་བཅོ་བརྒྱད་དང་གཅིག་དང་གཅིག་དང་གཅིག་སྟེ། རྣམ་པ་ཐམས་

ཅད་མཁྱེན་པའི་ལམ་ལ་བརྟེན་པའི་རྣམ་པ་སུམ་ཅུ་རྩ་དགུར་བཤད་པ་ནི་ཡིན་ནོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་འགྱུར་རོ། །བཅུ་དྲུག་ལས་གཞན་དྲི་མེད་པའི། །རྣམ་པ་གཞན་མེད་ཅེས་གང་གསུངས་པ་དེ་ནི་ཉོན་མོངས་པའི་སྒྲིབ་པ་

ཙམ་གྱི་གཉེན་པོའི་རྣམ་པ་ལ་དགོངས་པ་ཡིན་པས་ན་དེ་དང་འདི་ལ་འགལ་བ་མེད་དོ། །རྣམ་པ་ཞེས་བྱ་བ་འདི་ཆོས་གང་ཞིག་ཡིན་ཞེ་ན། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་བྱ་བ་དང་པོ་རྩོམ་པ་ཉིད་ན་མཚན་ཉིད་བརྗོད་ཟིན་མ་ཡིན་ནམ།

Vol. 80 · folio 128a

དངོས་པོར། རྣམ་པར་གནས་པའི་དམིགས་པ་ཡང་། །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོག་པ་དང་། །ཞེས་བྱ་བ་ལ་སོགས་པས་བརྗོད་ཟིན་པ་དེས་ན་འདིར་རྣམ་པ་གཞི་མེད་པར་

འགྱུར་བའི་སྐྱོན་ཡང་འཇུག་པར་མི་འགྱུར་རོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དབྱེ་བས་ཟག་པ་མེད་པ་དང་ཟག་པ་དང་བཅས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རྣམ་པ་ནི་རྣམ་གྲངས་ཀྱི་ཟག་པ་དང་བཅས་པས་ཟག་པ་དང་བཅས་

པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པ་ཤིན་ཏུ་ཡངས་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་ནི་ཟག་པ་མེད་པ་ཁོ་ན་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་རོ། །

རྣམ་པ་རྣམས་བཤད་ཟིན་ཏོ།། །།ད་ནི་སྦྱོར་བ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་སྦྱོར་བའི་རྟེན་སྦྱོར་བ་པོ་བརྗོད་ནས་དེའི་འོག་ཏུ་འདི་བརྗོད་པར་བྱའོ། །དེ་ལ་སྦྱོར་བ་པོ་ནི་རྣམ་པ་བཞི་སྟེ། གང་ཞེ་ན། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །

དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་ཇི་སྐད་དུ། སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་དང་། དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་རྣམས་ནི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་སྣོད་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་ལ་མི་དད་པ་ལ་སོགས་པའི་སྦྱོར་བའི་རྟེན་གྱི་དབང་དུ་བྱས་ནས་གསུངས་པ་ནི།

སངས་རྒྱས་བརྟེན་དང་ཀུན་འདྲི་དང་། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པ། ལེན་དང་འཛིན་ལ་སོགས་པ་ཡི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་བྱ་བ་སྟེ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། ཡོངས་སུ་ཞུ་བ་བྱས་པ་དང་། ཕ་རོལ་ཏུ་ཕྱིན་པ་

Vol. 80 · folio 128b

དྲུག་གི་སྤྱོད་པ་དང་ལྡན་པ་ནི་ལེན་པ་པོ་ལ་སོགས་པའི་སྣོད་ཉིད་དུ་གང་གསུངས་པ་ཡིན་ནོ། །ཇི་སྐད་དུ་གསུངས་པའི་རྒྱུ་ལས་བཟློག་པ་མི་མོས་པ་དང་ཡོང་བར་བྱེད་པའི་རྒྱུ་ནི། བཙུན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་ཟབ་པོ་ཞེས་གང་གསུངས་པ་ཡིན་ཏེ།

དེ་ལ་ཟབ་པ་ནི་མོས་པ་ཙམ་མེད་པའི་རྒྱུ་ཡིན་པ་ཉིད་དང་། དེ་ཡོང་བ་ནི་སེམས་ཅན་ལ་ལོག་པར་བྱེད་པའི་ཉེས་པའི་རྒྱུ་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གིས་ཕན་ཚུན་ངེས་པར་སྐྱེས་པ་དང་

རབ་ཏུ་ཕྱེ་བ་དག་གིས་ནི་ཐམས་ཅད་ཤེས་པ་ཉིད་ལས་འདའ་བར་འདོད་པ་དང་། ལམ་ཤེས་པ་ཉིད་ལ་གནས་པར་འདོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྐྱེད་པར་འདོད་པས་རྣམ་པ་ཐམས་ཅད་དུ་དེ་ལ་སྦྱོར་བ་སྒྲུབ་པར་ཉེ་བར་བསྟན་པས་སྦྱོར་བ་བསྟན་པ་ཉེ་བར་དགོད་

པའི་དོན་དུ་ཡིན་ནོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་སྐྱེས་པ་ཡིན་ཏེ། དེ་ལས་མངོན་པར་གྲུབ་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ལས་

དེའི་རྒྱུའི་དངོས་པོ་གསལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་ཇི་ལྟ་བ་བཞིན་དུ་དེ་དག་ངེས་པར་སྐྱེས་པ་དང་རབ་ཏུ་ཕྱེ་བར་སྨོས་པ་ཡིན་ནོ། །ཉན་པ་པོའི་རྣམ་པར་གཡེང་བའི་ཉེས་པ་དང་། ཤེས་རབ་ཀྱི་ཉེས་པ་དང་། འདུན་པ་ཞན་པའི་ཉེས་པ་བསལ་བའི་ཕྱིར་

ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་པ་གསུངས་པ་ཡིན་ནོ། །སྦྱོར་བ་ཡང་རྣམ་པ་ཉི་ཤུར་འགྱུར་ཏེ། གང་གི་ཕྱིར། གཟུགས་ལ་སོགས་པ་མི་གནས་ཕྱིར། །དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་

དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང་། །ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང་། །ངེས་འབྱུང་བར་ཆད་མེད་བཅས་དང་། །བྱང་ཆུབ་ཉེ་དང་མྱུར་བ་དང་། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་

Vol. 80 · folio 129a

སོགས་མི་མཐོང་། །གཟུགས་སོགས་བསམ་མི་ཁྱབ་མི་མཐོང་། །གཟུགས་སོགས་དེ་ཡི་མཚན་མ་དང་། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང་། །དེ་ནི་དག་པ་མཚམས་དང་བཅས། །ཞེས་བྱ་བ་གསུངས་ཏེ་སྦྱོར་བ་ཞེས་བྱ་བའི་

ཐ་ཚིག་གོ། །དེ་ལ་གཟུགས་ལ་སོགས་པ་ལ་མི་གནས་པའི་སྦྱོར་བ་ནི་གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་སྦྱོར་བར་བྱེད་པ་ཡིན་ནོ། །ཞེས་བྱ་བ་ནས་བརྩམས་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་གནས་པ་བཀག་པས་དེ་ལ་སྦྱོར་བར་བྱེད་

པ་རྗེས་སུ་གནས་པ་དང་། དེ་ཅིའི་ཕྱིར་ཞེ་ན། གང་ལ་གནས་པར་བྱ་བ་དང་གང་ལ་སྦྱར་བར་བྱ་བ་དེ་ལྟ་བུའི་གཟུགས་ལ་སོགས་པ་མི་དམིགས་སོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །མི་སྦྱོར་བ་ཉིད་སྦྱོར་བ་ཡིན་པ་ནི། ཡང་གཟུགས་ལ་སྦྱོར་བར་མི་བྱེད་དེ། གང་

གི་ཚེ་གཟུགས་ལ་མི་སྦྱོར་བ་དེའི་ཚེ་གཟུགས་ལ་སྦྱོར་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྦྱོར་བ་དེའི་ཚེ་དེ་ལ་སྦྱོར་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་སྔོན་གྱི་མཐའ་མི་དམིགས་སོ་ཞེས་གང་གསུངས་པ་

ཡིན་ནོ། །ཟབ་པའི་སྦྱོར་བ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཟབ་པ་ཉིད་ཀྱི་གནས་པ་མི་དམིགས་པའི་དོན་གྱིས་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །གཏིང་དཔག་དཀའ་བའི་སྦྱོར་བ་ནི་གཟུགས་ལ་

སོགས་པ་གཏིང་དཔག་དཀའ་བ་ཉིད་ཀྱི་རང་བཞིན་གྱིས་རྙོག་པ་མེད་པའི་དོན་གྱིས་ལམ་ཤེས་པ་ཉིད་ཀྱི་སྐབས་ཀྱིས་གཏིང་དཔག་དཀའ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཚད་མེད་པའི་སྦྱོར་བ་ནི་གཟུགས་ལ་སོགས་པ་ཚད་མེད་པ་ཉིད་ཀྱིས་མཐའ་དམིགས་སུ་མེད་པའི་དོན་གྱིས་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཀྱི་སྐབས་ཀྱི་དེ་ཚད་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །དེའི་འང་ཆུང་ངུ་དང་འབྲིང་དང་ཆེན་པོས་གོ་རིམས་བཞིན་དུ་སྦྱོར་བ་རྣམ་པ་གསུམ་ཡིན་ནོ་ཞེས་གསུངས་པ་ནི། གལ་ཏེ་གཟུགས་ཟབ་པོ་ཞེས་བྱ་བ་དང་། གཟུགས་གཏིང་དཔག་དཀའོ་ཞེས་བྱ་བ་དང་། གཟུགས་

Vol. 80 · folio 129b

ཚད་མེད་དོ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་སྤྱོད་པ་གསུམ་པོ་བཀག་པས་དེའི་སྤྱོད་པ་རྗེས་སུ་གནང་བ་དང་། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཟབ་པ་ཉིད་གང་ཡིན་པ་

དང་། གཏིང་དཔག་དཀའ་བ་ཉིད་གང་ཡིན་པ་དང་། ཚད་མེད་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་པ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མ་ཡིན་ནོ་ཞེས་བྱ་བ་ནས་གཟུགས་ལ་སོགས་པ་རྣམས་དེའི་རྣམ་པའི་བདག་ཉིད་ཅན་མ་ཡིན་པ་ཉིད་དུ་བསྟན་པས་ཡིན་ནོ། །ཡང་ཟབ་

མོར་མངོན་པར་བྱང་ཆུབ་པ་དང་། ཐུན་མོང་མ་ཡིན་པར་བྱང་ཆུབ་པ་དང་། བླ་ན་མེད་པ་མངོན་པར་བྱང་ཆུབ་པའི་དབང་དུ་མཛད་ནས་ཟབ་པ་ལ་སོགས་པའི་སྦྱོར་བ་གསུམ་ཡིན་པར་ཤེས་པར་བྱའོ། །ཚོགས་ཆེན་པོ་སྐྱོ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་གསུངས་

པ་ནི་ལས་དང་པོ་པ་དག་ནི་ཟབ་པ་ཉིད་ཀྱིས་ན་དངང་བར་འགྱུར་ཏེ། དང་པོར་སྐྲག་པ་སྐྱེ་བས་སོ། །གཏིང་དཔག་དཀའ་བ་ཉིད་ཀྱིས་ན་ཀུན་ཏུ་སྐྲག་པར་འགྱུར་ཏེ། དེ་ལྷག་པར་གནས་པའི་ཕྱིར་རོ། །ཚད་མེད་པ་ཉིད་ཀྱིས་ན་ཀུན་ཏུ་སྐྲག་པས་ཟིན་པར་འགྱུར་ཏེ། དེར་ངེས་

པར་མ་རྟོགས་པའི་ཆོས་ཀྱི་སྣོད་མ་ཡིན་པར་གྱུར་པའི་ཕྱིར་རོ། །དེས་ནི་ཕྱིར་མི་ལྡོག་པའི་མདུན་དུ་དེ་བརྗོད་པར་རྗེས་སུ་གནང་བ་ཞེས་བྱ་བས་ཡིན་ནོ། །ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི་དེ་ལ་མི་དངང་བ་ལ་སོགས་པའི་སྦྱོར་བ་དང་ལྡན་པ་རྨི་ལམ་གྱི་ནང་ན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་

ཡིད་ལ་བྱེད་པ་རྣམས་ནི་དེ་བཞིན་གཤེགས་པ་གཅིག་གམ་གཉིས་ལས་མི་འདའ་བར་ལུང་བསྟན་པར་འགྱུར་རོ་ཞེས་བྱ་བས་གང་གསུངས་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་སྦྱོར་བ་ནི་རང་ཉིད་བྱུང་བ་དེ་འཛིན་པ་ལ་སོགས་པ་རྣམས་ཀྱིས་ཕྱིར་མི་ལྡོག་པ་ཉིད་དུ་ཞེས་གང་གསུངས་པ་ཡིན་

ནོ། །ངེས་པར་འབྱུང་བའི་སྦྱོར་བ་ནི་སྐྱེས་བུ་འབྲོག་དགོན་པ་དཔག་ཚད་བརྒྱ་ཕྲག་མང་པོ་ཞིག་ན་གནས་པའི་དཔེས་བར་ཆད་བྱེད་པའི་ཆོས་ལས་འདས་པར་བསྟན་པ་ཉིད་ཀྱིས་གང་གསུངས་པ་ཡིན་ནོ། །བར་ཆད་མེད་པའི་སྦྱོར་བ་ནི་སྐྱེས་བུ་རྒྱ་མཚོ་ཆེན་པོར་འགྲོ་བའི་དཔེས་ཉེ་བར་གྱུར་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words