འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ
Sanskrit title (Tibetan script, as in the text) པཉྩ་བིཾ་ཤ་ཏ་ས་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་ཀཱ་རི་ཀཱ་བརྟི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 81 · folio 113a
གཟུགས་ཡོངས་སུ་གཟུང་བ་མེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་བ་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །སྦྱོར་བའི་ལམ་འཇིག་རྟེན་པའི་ཆོས་ཀྱི་མཆོག་དེ་ཡང་དེའི་ངེས་པར་
འབྱེད་པའི་ཆ་དང་མཐུན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རིགས་ཀྱི་དབྱེ་བས་རེ་རེ་ཞིང་རྣམ་པ་གསུམ་གསུམ་དུ་འགྱུར་རོ། །དེ་ལ་དྲོ་བར་གྱུར་པ་ཆུང་ངུ་ནི་ཇི་སྐད་དུ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་ནས་དེས་དམིགས་པས་གནས་པར་བྱའོ་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཚེ་འདི་ཡིན་ཏེ། གཞན་ལ་མི་འཚེ་བ་ཉིད་ཉེ་བར་གཟུང་བ་ཡིན་ནོ། །འབྲིང་ནི་ཇི་སྐད་དུ། ཕན་པའི་སེམས་བསྐྱེད་ནས་དེས་དམིགས་པ་ཉིད་དུ་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྱི་མ་གཞན་ལ་ཕན་པར་དགོངས་པ་
ཉེ་བར་གཟུང་བ་ཡིན་ནོ། །ཆེན་པོ་ནི་ཇི་སྐད་དུ། ཕ་དང་། མ་དང་། སྤུན་ཟླ་དང་། སྲིང་མོ་ལ་སོགས་པའི་སེམས་བསྐྱེད་ནས་དེས་དམིགས་པ་ཉིད་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །འཕྲལ་དང་ཡུན་རིང་པོར་ཡིད་དུ་འོང་བས་བསྡུས་པ་ལ་འཇུག་པར་འདོད་པ་ཉིད་ཀྱི་ཕྱིར་འདི་དང་། ཕྱི་མ་གཉི་
ག་ཡིན་ནོ་ཞེས་ཉེ་བར་གཟུང་བ་ཡིན་ནོ། །རྩེ་མོར་གྱུང་པ་ཆུང་ངུ་ནི་ཇི་སྐད་དུ། བདག་ཉིད་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་སྡུག་བསྔལ་གྱི་རྒྱུ་ལ་འཇུག་པ་ལས་བཟློག་པར་བཞེས་པ་ཉེ་བར་གཟུང་བའི་ཕྱིར་རོ། །རྩེ་མོར་གྱུར་པ་འབྲིང་ནི་ཇི་
སྐད་དུ། བདག་ཉིད་ཀྱིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་བདེ་བའི་རྒྱུ་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་བཟུང་བ་ཡིན་པའི་ཕྱིར་རོ། །རྩེ་མོར་གྱུར་པ་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་ནང་སྟོང་པ་ཉིད་ལ་
མཉམ་པར་གཞག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་དག་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་ཏུ་འཛིན་པ་སྤངས་པར་བཞེད་པ་ཉེ་བར་གཟུང་བའི་ཕྱིར་རོ། །བཟོད་པ་ཆུང་ངུ་ནི་ཇི་སྐད་དུ། བདག་ཉིད་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་
Vol. 81 · folio 113b
གསུངས་པ་ཡིན་ནོ། །གཞན་དག་འཕགས་པའི་ལམ་ལ་ངེས་པར་སྦྱོར་བར་བཞེད་པ་ཉེ་བར་གཟུང་བའི་ཕྱིར་རོ། །བཟོད་པ་འབྲིང་ནི་ཇི་སྐད་དུ། བདག་ཉིད་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་སྟེ། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་བྱ་
བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་དག་འབྲས་བུ་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་གཟུང་བའི་ཕྱིར་རོ། །བཟོད་པ་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་ལ་འཇུག་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་དག་
སངས་རྒྱས་ཉིད་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་གཟུང་བ་ཡིན་པའི་ཕྱིར་རོ། །བཟོད་པ་དེ་ཡང་སྐད་ཅིག་མ་གཅིག་ཡིན་པར་ཤེས་པར་བྱའོ། །ཆོས་ཀྱི་མཆོག་ཆུང་ངུ་ནི་བདག་གིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁྱད་པར་མེད་པའི་
ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བཞེད་པ་ཉེ་བར་གཟུང་བ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་མཆོག་འབྲིང་ནི་ཇི་སྐད་དུ། བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སེམས་ཅན་རྣམས་ཁྱད་པར་གྱི་ལམ་ལ་
བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལ་ཡང་དག་པར་སྦྱོར་བར་བཞེད་པ་ཉེ་བར་གཟུང་བ་ཡིན་ནོ། །ཆོས་ཀྱི་མཆོག་ཆེན་པོ་ནི་ཇི་སྐད་དུ། བདག་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྐྱེད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་ཕུན་སུམ་ཚོགས་པ་
ཐམས་ཅད་མཐར་ཐུག་པ་ལ་འཇོག་པ་བཞེད་པ་ཉེ་བར་གཟུང་བ་ཡིན་པའི་ཕྱིར་རོ། །གང་འདི་ལྟར་བཟོད་པའི་ཆེན་པོ་སྐད་ཅིག་མ་གཅིག་ཡིན་པར་བསྟན་པ་དེ་བཞིན་དུ་ཆོས་ཀྱི་མཆོག་ཀྱང་ཡིན་ནོ། །ཞེས་བྱ་བ་དེ་ནི་རང་གི་དོན་གྱི་དབང་དུ་བྱས་པ་ཡིན་ལ།
འདིར་ནི་གཞན་གྱི་རྟེན་ཅན་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་བཤད་པའི་ཕྱིར། གཞན་གྱི་དོན་ལ་གོང་ནས་གོང་དུ་འགྲོ་བའི་གནས་སྐབས་ཡོད་པའི་ཕྱིར་དེ་དང་འདི་ལ་འགལ་བ་མེད་དོ། །སྦྱོར་བའི་ལམ་ངེས་པར་བྱེད་པའི་རྣམ་པར་འགྲེལ་པའོ།། །།
Vol. 81 · folio 114a
འོན་ཏེ་འདི་སྐད་དུ། ཉན་ཐོས་ཀྱི་དགེ་འདུན་ནམ། བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་ཞེས་ཟེར་ན། དེ་དག་ནི་ཉན་ཐོས་ཀྱི་དགེ་འདུན་ཡིན་པར་ཤེས་པར་བྱ་སྟེ། ལམ་གྱི་འབྲས་བུ་དང་། འབྲས་བུའི་ལམ་གྱི་དབྱེ་བས་སྐྱེས་བུ་ཟུང་
བཞི་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཡིན་པར་བསྟན་པའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དབང་དུ་བྱས་ནས། ཕྱིར་མི་ལྡོག་པའི་མཚན་ཉིད་ལས་བརྩམས་ནས་སོ་སོའི་བདག་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་དྲི་བ་ཐ་དད་པ་
ཡིན་ནོ་ཞེས་བསྟན་ཏོ། །ཇི་སྐད་དུ། བཅོམ་ལྡན་འདས་བདག་གིས་ཇི་ལྟར་ཕྱིར་མི་ལྡོག་པ་དང་། ཕྱིར་མི་ལྡོག་པའི་མཚན་ཉིད་དུ་འཚལ་བར་བགྱི་ཞེས་བྱ་བས་ནི་བདག་དང་། གཞན་རྟོགས་པའི་རྒྱུ་མཚན་ནི་ཡོངས་སུ་ཞུས་པ་ཡིན་ནོ། །རབ་འབྱོར་གང་ཡང་སོ་
སོའི་སྐྱེ་བོའི་ས་ཞེས་བྱ་བ་ནས་བརྩམས་ཏེ། གཞན་གྱིས་བྱས་པ་དང་། མ་བྱས་པ་ལ་བལྟ་བར་མི་བྱའོ་ཞེས་བྱ་བའི་བར་གྱིས་ནི་དེའི་མཚན་ཉིད་གསུངས་པ་ཡིན་ནོ། །གཞན་རྟོགས་པའི་རྒྱུ་མཚན་དུ་ཕྱིར་མི་ལྡོག་པའི་དབང་དུ་མཛད་ནས་ཡང་བྱང་ཆུབ་སེམས་དཔའི་
དགེ་འདུན་རྣམ་པ་གསུམ་དུ་འགྱུར་བར་རིག་པར་བྱའོ། །ངེས་པར་འབྱེད་པའི་ཆས་བསྡུས་པ་སྦྱོར་བའི་ལམ་གྱི་གནས་སྐབས་དང་། བཟོད་པ་དང་ཤེས་རབ་བསྡུས་པ་མཐོང་བའི་ལམ་གྱི་གནས་སྐབས་དང་། རྒྱུན་དང་ལྡན་པའི་བསྒོམ་པའི་ལམ་གྱི་གནས་
སྐབས་སོ། །དེ་ཡང་གང་། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ས་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཤེས་བསྟན་པ་ནི་དགེ་འདུན་ཡིན། །ཞེས་བྱ་བའི་དོན་ཏོ། །
གཟུགས་ལ་སོགས་པ་ལས་ལྡོག་པའི་རྟགས་རྣམ་པ་ཉི་ཤུ་ནི་ངེས་པར་འབྱེད་པའི་ཡན་ལག་ལ་གནས་པ་འདིའི་མཚན་ཉིད་ཡིན་ཏེ། གང་བཅོམ་ལྡན་འདས་རྣམ་པ་ཞེས་བགྱི་བ་འདི་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་རྟོགས་པས་བསྡུས་པ་ནི་རྟགས་ཞེས་བྱའོ། །རང་གི་རྟེན་
Vol. 81 · folio 114b
མཚོན་པ་ནི་མཚན་མ་ཞེས་བྱའོ། །དེས་ཡོངས་སུ་ལོངས་སྤྱོད་པ་ནི་རྣམ་པའོ། །དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ། དེ་ནི་གཞན་དག་རྟོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །རྟགས་ཉི་ཤུ་གང་དག་ཡིན་ཞེ་ན། གཟུགས་
ལ་སོགས་པ་ལས་ལྡོག་པས་ཏེ། གང་རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ། རྟགས་མེད་པ། མཚན་མ་མེད་པའོ་ཞེས་བསྟན་པ་ཡིན་ནོ། །ཚོར་བར་བྱ་བ་དང་། ཚོར་བ་པོའི་འབྲེལ་པ་བཀག་པས་གཟུགས་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་
ལྡོག་པ་ནི་ཕྱིར་མི་ལྡོག་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་རྣམས་རང་གི་ངོ་བོ་གནས་པ་མེད་པའི་ཕྱིར་རོ། །གཞན་ཡང་ཡིད་གཉིས་མེད་པ་ཉིད་ཀྱིས་ལྷ་གཞན་དག་ལ་ཕྱག་མི་འཚལ་ཞིང་། མེ་ཏོག་ལ་སོགས་པས་མཆོད་པར་མི་སེམས་པ་དང་། གཞན་
ཡང་མི་ཁོམ་པ་བརྒྱད་དང་། བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་པར་མི་འགྱུར་བ་དང་། ཡང་བདག་ཉིད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་གནས་པ་ཡིན་ཏེ།དེ་ཉིད་གཞན་དག་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཏེ།དེའི་བསྔགས་པ་བརྗོད་པ་ཡིན། །མཐུན་
པས་དགའ་བར་བྱེད་པ་ཡིན། །སེམས་ཅན་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་ཅིང་བསྒོམ་པ་ལ་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་སྦྱིན་པ་གཏོང་ཞིང་། དེ་སེམས་ཅན་ཐམས་ཅད་ཀྱིས་མངོན་པར་འདོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་བསྔོ་བ་དང་། ཆོས་ཐམས་ཅད་མི་མཐོང་བས་ཆོས་ཟབ་མོ་ལ་ནེམ་ནུར་དང་། ཐེ་ཚོམ་དང་། ཡིད་གཉིས་མེད་པ་དང་། དེ་ལས་ལམ་གཞན་འདོད་ཅིང་མཐར་ཐུག་པའི་ནུས་པ་མེད་པའི་ཕྱིར་ནེམ་ནུར་རོ། །ལམ་དང་འདྲ་བ་ལས་བཟློག་པ་ནི་ཡིད་གཉིས་སོ། །རིགས་
ཀྱི་ཆོས་དགེ་བ་རྣམ་པ་སྣ་ཚོགས་འཕེལ་བ་མེད་པར་འགྲོ་བས་ན། ཐེ་ཚོམ་ཟ་བའི་ཕྱིར་ཐེ་ཚོམ་མོ། །བྱམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ལས་དང་ལྡན་པ་དང་། སྒྲིབ་པ་ལྔ་དང་། ལྷན་ཅིག་མི་གནས་པ་དང་། བག་ལ་ཉལ་ཐམས་ཅད་དུས་ཐམས་ཅད་དུ་མེད་པ་ནི་མ་རིག་
Vol. 81 · folio 115a
པ་དང་། ལྟ་བས་བསྡུས་པའི་བག་ལ་ཉལ་བ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བསམས་བཞིན་དུ་སྲིད་པ་ལེན་པའི་ཕྱིར་འདོད་པ་དང་། སྲིད་པའི་ཟག་པས་བསྡུས་པ་མ་ཡིན་ནོ། །འགྲོ་བ་དང་། འོང་བ་ལ་སོགས་པའི་སྤྱོད་ལམ་ལ་སོགས་པའི་དྲན་
པ་ཉེ་བར་འཇོག་པ་ཉིད་དང་། གཙང་སྦྲའི་ཀུན་ཏུ་སྤྱོད་པ་དང་ལྡན་ཞིང་ནད་ཉུང་བ་ཉིད་ཡིན་ལ། ཆོས་གོས་དང་ལོངས་སྤྱོད་སྨད་དུ་མེད་པ་ཉིད་ཀྱིས་དྲོད་དུ་གཏོགས་པའི་གནས་སྐབས་ཡིན་ནོ། །དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཉིད་ཡིན་པས་
ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་མེད་པ་ཉིད་དང་། དགེ་བའི་རྩ་བ་རྣམ་པར་དག་པའི་ཕྱིར་སེམས་ཀྱི་གྱ་གྱུ་དང་བྲལ་བས་ཉན་ཐོས་ལ་སོགས་པའི་ས་ལས་འདས་ནས། གོང་ནས་གོང་དུ་ལུས་དང་སེམས་ཡོངས་སུ་དག་པ་འཛིན་ཅིང་རྒྱུ་ཉིད་དུ་གྱུར་པ་དང་། རྙེད་པ་དང་།
བཀུར་སྟི་ལ་སོགས་པ་ལྷུར་ལེན་པ་མ་ཡིན་པ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཏེ་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་སེམས་མི་བསྐྱེད་པ་དང་། བློ་བརྟེན་ཞིང་ཟབ་པས་གཞན་ལས་ཆོས་ཉན་པ་ན་ཆོས་ཉིད་སྦྱོར་
བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཡང་དག་པར་བསྒྲུབ་པ་དང་། ཡང་བདུད་སྡིག་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་སྤྲུལ་ཏེ། ངན་སོང་དུ་ལྷུང་ཞིང་སྡུག་བསྔལ་མི་བཟད་པས་རྒྱུན་དུ་སྡུག་བསྔལ་བའི་ཚོར་བའི་དབང་དུ་བྱས་པ་འདི་ནི་
བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་ནོ། །ཞེས་བསྟན་ཅིང་འབྱེད་པ་ན་སེམས་མི་འཁྲུགས་པར་འགྲོ་བ་ཡོངས་སུ་སྐྱོབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ཕྱིར་མི་ལྡོག་པ་ཉིད་ཀྱིས་རྩེ་མོར་གཏོགས་པའི་གནས་སྐབས་ཡིན་ནོ། །
ཡང་བྱང་ཆུབ་སེམས་དཔའི་དྲུང་དུ་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ཏེ་འདི་སྐད་དུ་ཞེས་བྱ་བ་ནས་བརྩམས་ཏེ། ལམ་གཞན་བསྟན་དུ་ཟིན་ཀྱང་དགེ་སློང་དགྲ་བཅོམ་པའི་དཔེས་གཞན་ལ་ཡིད་ཆེས་པར་མི་འགྲོ་བ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
Vol. 81 · folio 115b
དེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ལ་སོགས་པ་ནི་འཐད་པ་ཡིན་ནོ། །གཞན་ཡང་བདུད་སྡིག་ཅན་འཇིག་རྟེན་པའི་རྣམ་པས་རུས་གོང་གི་འདུ་ཤེས་ལ་སོགས་པ་ལམ་གྱི་གཟུགས་བརྙན་སྟོན་པ་ན། འདི་ནི་བདུད་སྡིག་ཅན་ཡིན་
ནོ་ཞེས་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་ཡོངས་སུ་གཏོང་བའི་སེམས་མི་བསྐྱེད་པའི་ཕྱིར་བཟོད་པར་གཏོགས་པའི་གནས་སྐབས་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བས་དེ་བཞིན་གཤེགས་པས་ཡང་དག་པར་གསུངས་པའི་སྤྱོད་པ་དང་རྗེས་སུ་
མཐུན་པས་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཡོངས་སུ་མི་ཉམས་པའི་བསམ་པས་ཞེས་བྱ་སྟེ། ཆོས་ཀྱི་མཆོག་གི་གནས་སྐབས་སོ། །མདོ་འདིའི་དོན་ཚིག་ལྷུག་པས་རྒྱ་ཆེར་བསྟན་པའི་དོན་རྗེས་སུ་
དྲན་པར་བྱ་བའི་ཕྱིར། ཉེ་བར་འབྲེལ་པ་སྡུད་པའི་ཚིག་ལེ་འུར་བྱས་པ་ནི་དྲུག་ཡིན་ཏེ། གཟུགས་ལ་སོགས་པ་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུ་བསྐྱེད་པ་ཡིས། །ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །གཟུགས་ལ་སོགས་
པས་ལྡོག་པ་དང་། །ཐེ་ཚོམ་མི་ཁོམ་ཟད་པ་དང་། །བདག་ཉིད་དགེ་བ་ལ་གནས་ཤིང་། །གཞན་དག་དེ་ལ་དགོད་པ་དང་། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང་། །ཟབ་མོའི་དོན་ལ་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་
དང་། །བག་ལ་ཉལ་ཀུན་འཇོམས་པ་དང་། །དྲན་པ་དང་ནི་ཤེས་བཞིན་དང་། །གོས་ལ་སོགས་པ་གཙང་བ་དང་། །ལུས་ལ་སྲིན་བུ་རྣམས་མི་འབྱུང་། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང་། །ཆོས་ཉིད་ལྡན་པ་འགྲོ་ཉིད་དང་། །སེམས་
ཅན་དོན་དུ་དམྱལ་འཚོལ་དང་། །གཞན་གྱིས་བཀྲི་བར་མི་བཏུབ་དང་། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང་། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་དང་བཅས། །ཆོས་མཆོག་
Vol. 81 · folio 116a
རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།ངེས་པར་འབྱེད་པའི་ཆ་དང་མཐུན་
པའི་གནས་སྐབས་ཀྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་བསྟན་ནས་ད་ནི་མཐོང་བའི་ལམ་གྱི་གནས་སྐབས་བསྟན་པར་བྱ་བའི་ཕྱིར། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་གིས། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་
ཉིད་ཡིན་པར་ཤེས་པར་བྱ། །ཞེས་བསྟན་པ་ལ། བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་མཐོང་བའི་ལམ་གྱི་གནས་སྐབས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་དབང་དུ་བྱས་ནས། གཟུགས་ལ་སོགས་པའི་འདུ་ཤེས་ལས་ཕྱིར་མི་ལྡོག་
པའི་མཚན་ཉིད་ཀྱིས་ཕྱིར་མི་ལྡོག་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། དེས་ཆོས་དེ་ཡང་དམིགས་ལ་
དེས་ན་མངོན་པར་འདུ་མི་བྱེད་དོ། །དེས་ན་སྐྱེ་བོ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བ་ལ་བཟོད་པ་ཞེས་བྱའོ་ཞེས་བསྟན་པ་ཡིན་ནོ། །འདུ་ཤེས་དང་། མངོན་པར་འདུ་བྱེད་པ་ལས་ལྡོག་པ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་
བྱ་བ་ནི་འཐད་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་གང་ཡང་བདུད་སྡིག་ཅན་ཉེ་བར་འོངས་ཏེ་མོས་པ་ཟློག་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ་ཞེས་
བྱ་བ་ནས་བརྩམས་ཏེ། རྟོགས་པ་པོ་དང་། རྟོགས་པ་དང་། རྟོགས་པར་བྱ་བ་མི་དམིགས་པས་ཆོས་ཀྱི་རྗེས་སུ་མཐུན་པ་ལྡོག་པ་ན། དེ་ཁོང་དུ་ཆུད་ཅིང་སེམས་བརྟན་པ་དང་། མི་གཡོ་བ་དང་། མི་འཕྲོགས་པ་ཉིད་ཀྱིས་དམ་བཅས་པའི་སྦྱོར་བས་ཆེད་དུ་བྱ་བ་
Vol. 81 · folio 116b
ལས་མི་ཉམས་པའི་དོན་གྱིས་སོ། །ཞེས་བསྟན་ཏོ། །དེ་ལ་སེམས་བརྟན་པ་ནི་རྒྱུན་དུ་གཅེས་པར་བྱེད་པས་སོ། །མི་གཡོ་བ་ནི་མངོན་སུམ་དུ་བྱེད་པས་སོ། །མི་འཕྲོགས་པ་ནི་གཞན་རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱིས་སོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་
གང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་བར་ལ་ལྡོག་པ་དང་། འཇུག་པ་ཉིད་ཀྱི་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་གཉིས་ཀ་ལ་མི་བརྟེན་པའི་བྱང་ཆུབ་སེམས་དཔའ་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ། །
བདེན་པ་ལ་ཞུགས་པ་ལས་ལྡོག་པ་ཡོད་པ་གང་ཡིན་པ་དང་། བདེན་པ་ལ་མ་ཞུགས་པ་ལས་འཇུག་པ་ཡོད་པ་གང་ཡིན་པ་དེ་དག་ནི། འདིར་ལྡོག་པ་དང་། མི་ལྡོག་པར་སྦྱར་གྱི། ལྡོག་པ་ཙམ་མམ། འཇུག་པ་ཙམ་ནི་མ་ཡིན་ནོ། །སྐད་ཅིག་མ་གསུམ་ལ་ནི་རྗེས་སུ་ཤེས་པ་དང་
འབྲེལ་པས་ཉན་ཐོས་ལ་སོགས་པའི་སར་ལྷུང་བར་འགྱུར་བ་མི་སྲིད་དེ། དེ་ནི་ཁམས་གསུམ་པའི་གཉེན་པོ་ཐོབ་པ་ཉིད་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་གང་ཡན་ལག་ཟད་པར་བྱེད་པ་སྤང་བ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དབང་དུ་མཛད་ནས་མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་དགུ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ལ། དེའི་འབྲས་བུ་ཐོབ་པར་མི་བྱེད་པས་ཡན་ལག་ཟད་པར་བྱ་བའི་ཕྱིར་སེམས་ཅན་རྣམས་དང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་
པོ་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་ཡན་ལག་ཟད་པར་བྱེད་པ་ཞེས་བྱ་བ་སྟེ། བསམ་གཏན་ནམ་སྙོམས་པར་འཇུག་པ་གང་ལ་ཡན་ལག་གང་ཡོད་པ་དེ་སྤོང་བ་ལ་གནས་པ་ཞེས་བྱ་བའི་དོན་ནོ། །དཔེར་ན་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ་ཞེས་བྱ་བ་ལ་སོགས་པའི་ཡན་ལག་
ཟད་པར་བྱེད་པ་ཞེས་སྨོས་པའི་རྗེས་སུ་ཤེས་པས་ནི་གཟུགས་དང་། གཟུགས་མེད་པའི་གཉེན་པོ་ཉིད་ཡིན་པར་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་འཛིན་པས་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་གནས་སྐབས་སུ་
Vol. 81 · folio 117a
བྱང་ཆུབ་སེམས་དཔའི་འདོད་ཆགས་དང་བྲལ་བ་འདོར་བར་བྱེད་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ནི་མཐོང་བས་
སྤང་བར་བྱ་བའི་རྣམ་པར་རྟོག་པ་བསལ་བ་ཉིད་ཀྱིས་ལུས་དང་སེམས་ཡང་བ་ཉིད་ཀྱིས་གཟུགས་ལྷུར་ལེན་པ་མ་ཡིན་པ་ཞེས་བྱ་བ་ནས་སངས་རྒྱས་བལྟ་བ་དང་། དགེ་བའི་རྩ་བ་བསྐྱེད་པ་ལྷུར་ལེན་པ་ཉིད་ཀྱི་བར་དུ་རྒྱ་ཆེར་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་
འདི་ལྟར་དེའི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་ཞིང་དངོས་པོ་མེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །དེ་ལྟར་ཡིད་ལ་བྱེད་པ་ན། འོ་ན་སྤྱོད་ལམ་ཐམས་ཅད་དུ་འཁྲུལ་པ་མེད་པའི་སེམས་ཀྱིས་བྱེད་པ་ཉིད་དོ་ཞེས་
བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་གང་ཡང་ཁྱིམ་ན་གནས་པ་ཐབས་ལ་མཁས་པས་འདོད་པའི་ཡོན་ཏན་ལྔ་ལེན་པ་དང་། ཟས་ལ་སོགས་པའི་ཡོ་བྱད་མང་ཞིང་སྣ་ཚོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཉིད་གནས་པ་དང་། གཞན་དག་
ཡང་དག་པར་དགོད་པ་དང་། དེའི་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་རྟག་ཏུ་རྒྱུན་མི་འཆད་པར་ཚངས་པར་སྤྱོད་པ་དང་། གཞན་མི་དགའ་བར་འགྱུར་བའི་གནོད་པ་མི་བྱེད་ཅེས་བྱ་བ་
ནི་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་ཀྱི་ཕྱིར། འཁྲུག་པའི་འདོད་ཆགས་སྤང་བ་ཡིན་ནོ། །གཞན་ལ་གནོད་པ་མི་བྱེད་པ་ཉིད་ཀྱི་ཕྱིར་འདི་ཞི་གནས་ཀྱིས་རྒྱུད་མཉེན་པ་ཉིད་དུ་སྟོན་པ་དང་། འཛམ་བུའི་གླིང་ནས་བརྩམས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
ཀྱི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་བ་སྦྱིན་པ་གཏོང་བ་དང་། ལག་ན་རྡོ་རྗེའི་རིགས་ལྔ་རྗེས་སུ་འབྲང་བས་དེ་ལ་བདུད་ལ་སོགས་པས་མི་བརྫི་བ་ཉིད་དུ་བསྟན་པ་ཡིན་ནོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་གང་སེམས་མི་གཡེང་བ་ཐོབ་པས་དད་པ་ལ་སོགས་པའི་དབང་པོ་
Vol. 81 · folio 117b
མ་ཚང་བ་མེད་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་དབང་ཐོབ་པ་ཉིད་ཀྱི་ཕྱིར། སྐྱེས་བུ་དམ་པར་གྱུར་པ་ཉིད་དང་། བུད་མེད་དབང་དུ་འགྱུར་བའི་སྔགས་དང་། རིག་པ་དང་། སྨན་དང་། རྩི་ལ་སོགས་པ་དང་། བུད་མེད་དང་། སྐྱེས་པ་ལ་སོགས་པ་ཟེ་སློང་བའི་སྦྱོར་
བ་མི་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ལ་མཚན་མར་མི་མཐོང་བ་དང་། འཚོ་བ་ཡོངས་སུ་དག་པས་གནས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །
དེ་ལ་ཡན་ལག་ཚོགས་པར་བྱེད་པའི་མཚན་ཉིད་ནི་སྨན་ནོ། །ཡན་ལག་གཅིག་པ་ནི་རྩིའོ། །ཡང་ན་ནད་སྐྱེས་པ་གསོ་བར་བྱེད་པ་ནི་སྨན་ནོ། །ཕྱིས་མི་སྐྱེ་བར་བྱེད་པ་འགེགས་པ་ནི་རྩིའོ། །ཡང་ན་ལུས་ལ་བགོས་པའི་གནས་སྐབས་ཐོབ་པར་བྱེད་པ་ནི་སྨན་ནོ། །མི་རྒས་
པའི་ཁྱད་པར་ཐོབ་པར་བྱེད་པ་ནི་རྩི་ཞེས་བྱ་སྟེ་རྣམ་གྲངས་གཞན་ནོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་བྱང་ཆུབ་ཡིད་ལ་བྱེད་པ་དང་མི་འབྲལ་ཞེས་བྱ་བ་ནས་
བརྩམས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་བཀག་པས་ཉན་ཐོས་ལ་སོགས་པའི་ཕྱིན་ཅི་ལོག་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །སྦྱོར་བ་དང་། རྗེས་སུ་སྦྱོར་བ་སྨོས་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་
པ་གཉིས་དང་། འགོག་པ་དང་། ལམ་གྱི་བདེན་པ་གཉིས་གོ་རིམས་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་། རྗེས་སུ་སྦྱོར་བ་སྔ་མ་དང་། ཕྱི་མར་ཤེས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་བཟང་
པོའམ། ངན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པ་ཡིན་ནོ། །ཕྱིན་ཅི་མ་ལྡོག་པའི་ཤེས་པ་ཡིན་པའི་ཕྱིར་ནི་འཐད་པ་ཡིན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི་གང་རྟོགས་པའི་རྒྱུར་གྱུར་པའི་དགེ་བའི་ཕྱོགས་འཕྲོག་པའི་བར་ཆད་ཀྱི་ཆོས་ཀྱི་
Vol. 81 · folio 118a
གཏམ་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་བར་གནས་པ་བཀག་པས་དེ་དག་ཤིན་ཏུ་མི་སྣང་བར་གྱུར་པའི་དོན་བསྟན་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་འཕྲོག་པའམ།
སྦྱིན་པར་རྗེས་སུ་མི་མཐོང་བའི་ཕྱིར་ཞེས་བྱ་བའི་འཐད་པས་སོ། །གཏམ་སྨོས་པ་ནི་དངོས་པོའི་རྣམ་པར་རྟོག་པ་ནི་སྡུག་བསྔལ་དང་། ཀུན་འབྱུང་ཤེས་པའི་དུས་སུ་འགག་པའི་ཕྱིར་རོ། །འགོག་པ་ཤེས་པ་ནི་གཏམ་གྱི་སྦྱོར་བ་ཙམ་གྱིས་རྣམ་པར་རྟོག་
པའི་གཉེན་པོ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་གནས་སྐབས་ཀྱི་དབང་དུ་མཛད་ནས། ཇི་སྐད་དུ། འདི་དག་ཐམས་ཅད་མིང་ཙམ་སྟེ། འདུ་ཤེས་ཙམ་དུ་རབ་ཏུ་གནས། །བརྗོད་པ་ལས་ནི་གཞན་གྱུར་པ། །བརྗོད་པར་བྱ་
བ་ཡོད་མ་ཡིན། །ཞེས་གསུངས་སོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་པའི་སྦྱིན་པ་ལ་སོགས་པའི་གཏམ་མང་པོ་རྣམ་པ་སྣ་ཚོགས་པ་ཆོས་ཀྱི་གཏམ་གྱི་སྦྱོར་བ་ནི་སྔ་མ་བཞིན་ནོ། །འགོག་པ་ཤེས་པ་ནི་གནས་སྐབས་སུ་ཡང་
དག་པར་བསྒྲུབ་པ་མང་པོ་དང་ཉེ་བར་ལྡན་པའི་དོན་སྟོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཉུང་ངུའམ། མང་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་པའི་འཐད་པས་སོ་ཞེས་
བསྟན་པ་ཡིན་ནོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི་གང་གཉེན་པོ་དང་མི་མཐུན་པའི་ཕྱོགས་དག་གསོད་པ་པོ་དང་། གསད་པར་བྱ་བའི་གཡུལ་གྱི་གཏམ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་དེ་བཞིན་ཉིད་ལ་གནས་པས་ཆོས་གང་ཡང་ཆགས་པའམ།
ཁོང་ཁྲོ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །གང་དེ་ལྟ་བུའི་གནས་སུ་རང་ཉིད་ཀྱིས་རྣམ་པར་སྨིན་པའི་འགོག་པ་རྣམ་པ་བཞི་ལས་གང་གིས་འདིར་དབང་པོའི་གྲོང་འགོག་པ་དང་། དེ་ནས་གཞན་ཡང་རྣམ་པར་སྨིན་པ་མ་ལུས་པའི་དབང་པོའི་གྲོང་གི་
Vol. 81 · folio 118b
གཏམ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཚོགས་སམ། ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །དབང་པོའི་རྟེན་འབྱུང་བ་ཆེན་པོ་ལ་སོགས་པའི་
གྲོང་ཁྱེར་འགོག་པ་ནི་གང་། དེ་ནས་དབང་པོའི་རྟེན་དུ་གྱུར་པ་འབྱུང་བ་དང་། འབྱུང་བར་འགྱུར་བའི་གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་གཟུང་བའམ། མི་གཟུང་བར་ཡང་དག་པར་
རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །དབང་པོའི་ཡུལ་གྱི་གྲོང་རྡལ་ལ་འགོག་པ་ནི་གང་། དེ་ནས་གཟུགས་ལ་སོགས་པའི་ཡུལ་གྱི་གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་དག་པའི་མཐའ་ལ་གནས་པས་ཆོས་གང་ཡང་
འཕེལ་བའམ། འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་འགོག་པ་ནི་གང་དེ་ནས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་བསྒོམས་པས་དེའི་བདག་ཉིད་ཅན་ཉིད་ཀྱིས་གནས་ཡོངས་སུ་
གྱུར་པ་ཡིན་པའི་ཕྱིར་གཏམ་གྱི་སྦྱོར་བ་ལ་མི་གནས་པ་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་གནས་པར་གསུངས་པ་ནི་འཐད་པའོ་ཞེས་
བསྟན་པ་ཡིན་ནོ། །རྣམ་པར་སྨིན་པའི་འགོག་པ་རྣམ་པ་བཞི་པོ་འདི་ཡང་ཁམས་གསུམ་པོ་རེ་རེ་ན་ཡང་ཡོད་པར་ཤེས་པར་བྱའོ། །ཇི་ལྟ་ཞེ་ན། རེ་ཞིག་དབང་པོ་ལ་འགོག་པ་ནི་བསམ་གཏན་དང་། གཟུགས་མེད་པ་གང་ན་དབང་པོ་གང་ཞིག་ཡོད་པ་སྟེ། ཇི་ལྟར་ཡིད་
བདེ་བ་དང་། བཏང་སྙོམས་དང་། བཏང་སྙོམས་ཀྱི་ཡིད་བདེ་བ་དང་། བཏང་སྙོམས་ལ་ནི་བཏང་སྙོམས་དང་། །ཚོར་བའི་བྱེ་བྲག་བསམ་གཏན་སྐྱེས། །ཞེས་བཤད་པ་དང་། གཟུགས་མེད་ན་ནི་བཏང་སྙོམས་དང་། །སྲོག་དང་ཡིད་ཀྱི་དབང་པོ་ཡོད། །ཅེས་
Vol. 81 · folio 119a
བསྟན་ཏོ། །ཇི་ལྟར་དེ་དབང་པོའི་རྟེན་འགོག་པ་ཡིན་ཞེ་ན། རིགས་མཐུན་པ་དང་སྲོག་ལ་འདིར། །སེམས་ཀྱི་རྒྱུད་ནི་རྟོགས་པ་ཡིན། །ཞེས་བསྟན་པ་ཡིན་ནོ། དབང་པོའི་ཡུལ་གྱི་གྲོང་རྡལ་ནི་དེ་ན་ཡོད་པ་ཡིད་ཀྱི་ཡུལ་ཆོས་རྣམས་ཀྱང་འགོག་པ་ཡིན་
ནོ། །བདག་ཏུ་མངོན་པར་ཞེན་པ་ནི་ཐམས་ཅད་ན་ཡོད་པའི་ཕྱིར་དེ་ཐམས་ཅད་དུའང་འགོག་པ་ཁོ་ན་ཡིན་ནོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། སེར་སྣ་ལ་སོགས་པའི་རྗེས་སུ་སྦྱོར་བ་ལ་བརྩོན་པ་བཀག་པའི་ཕྱིར་དང་། བཟོད་པ་
བར་ཆད་མེད་པའི་ལམ་ཡིན་པ་ཉིད་ཀྱི་ཕྱིར་ཉོན་མོངས་པ་དང་བྲལ་བའི་རྒྱུ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཤིང་ཆོས་འདོད་པ་འདི་ཉིད་ཀྱིས་དགེ་བའི་ཆོས་ལ་འདུན་པའི་རྗེས་སུ་འཇུག་པ་ཤེས་པར་བྱ་བའི་ཕྱིར་དང་། ཆོས་
ཀྱི་དབྱིངས་ལ་སྤྱོད་ཅིང་ཆོས་ཐ་མི་དད་པའི་བསྔགས་པ་བརྗོད་པ་ཉིད་ཀྱིས་བསྒྲུབ་པ་དང་། འབྲས་བུའི་ཆོས་དག་འདུས་བྱས་པ་དང་། འདུས་མ་བྱས་པ་ཉིད་ཀྱིས་གོ་རིམས་བཞིན་དུ་དོར་བ་དང་། བླང་བར་ཤེས་པའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་
བཤེས་གཉེན་མངོན་དུ་བྱ་བར་འདོད་པས་མཉེས་པར་བྱེད་པ་ཉིད་ཀྱིས་ཤིན་ཏུ་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར་དང་། ཉན་ཐོས་ལ་སོགས་པའི་ཐེག་པས་འགྲོ་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྐུལ་བ་དང་།
གཞུག་པ་དང་། རབ་ཏུ་འཇོག་པས་ཁྱད་པར་རྟོགས་པས་ཐོབ་པའི་ཚོགས་འདོད་པས་སངས་རྒྱས་མངོན་དུ་གྱུར་པར་སྐྱེ་ཞིང་། སྐྱེ་བ་ལ་དབང་བ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པ་ནི་གང་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་
དཔེས་ཆོས་ཅུང་ཟད་དངོས་སུ་མ་དམིགས་པས། ནང་སྟོང་པ་ཉིད་ནས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་གནས་པའི་བར་གྱི་རང་གི་ས་ལ་དོགས་པ་མེད་པ་ཉིད་ཀྱིས་རྣམ་པར་གྲོལ་བའི་ལམ་ཉིད་དུ་ཤེས་པའི་བྲལ་བ་ཐོབ་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར། ཕྱིར་
Vol. 81 · folio 119b
མི་ལྡོག་པའི་ས་ལ་གནས་པ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། བདུད་ཀྱི་ལས་ཤེས་པ་དང་། རྣམ་པར་འཇོམས་པ་དང་། སྲབ་མོར་བྱེད་པ་དང་། བྲལ་བ་ཐོབ་པར་བྱེད་པ་ཤེས་པར་བྱེད་པའི་ཕྱིར། མཚམས་
མེད་པ་བྱེད་པའི་སྐྱེས་བུའི་དཔེས་ཡང་དག་པ་ལ་གནས་ཤིང་། རྣམ་པར་མི་རྟོག་པའི་ཕྱིར་ཕྱིར་མི་ལྡོག་པའི་སེམས་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཟློག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་བཅས་པའི་འཇིག་རྟེན་ལས་འདས་ཏེ། ཡང་དག་པའི་སྐྱོན་མེད་པར་
ཞུགས་པ་ཉིད་ཀྱི་ལམ་ལ་ཆོས་ཤེས་པ་ནི་ཁམས་གསུམ་གྱི་གཉེན་པོ་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང་། མངོན་པར་ཤེས་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་རྣམས་ལ་བལྟ་བ་ལ་སོགས་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་
ཞིང་དུ་འགྲོ་ཞིང་། ཁྱད་པར་ཅན་གྱི་ཡོན་ཏན་གྱི་ཡོན་ཏན་རྣམས་མངོན་པར་སྒྲུབ་པ་ལ་ཤིན་ཏུ་སྦྱངས་པ་ཤེས་པར་བྱ་བའི་ཕྱིར་དང་། བདུད་ཀྱི་ལས་རྣམས་ལ་ཐབས་ལ་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་པའི་ཕྱིར། རང་གི་ས་ལ་ནེམ་ནུར་མེད་པ་ཉིད་
ཀྱིས་སྦྱོར་བ་འདྲེན་མ་མ་ཡིན་པ་རྣམ་པར་དག་པ་ཤེས་པར་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཡང་དག་པའི་མཐའ་ལ་ནེམ་ནུར་མེད་པའི་ཕྱིར་གཅིག་གམ། གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར། ཚེ་འཕོས་སུ་ཟིན་ཀྱང་ཉན་ཐོས་ལ་སོགས་
པའི་སེམས་མི་སྐྱེད་པའི་ཕྱིར། སྦྱོར་བ་ཐེག་པ་གཞན་དུ་ངེས་པར་འབྱུང་བ་མེད་པས་གཅིག་ཏུ་ངེས་པ་ཉིད་ཤེས་པར་བྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར། སྐྱེ་བའམ། འགག་པ་ལམ་ཆེན་པོའི་ཆེན་པོར་རྟོག་པ་
ཆུང་ངུའི་ཆུང་ངུའི་བར་དུ་སྤོང་བ་ཡིན་ནོ། །དང་པོ་ཉིད་ལམ་ཆེན་པོ་སྐྱེ་བའི་ཕྱིར་དང་། ལམ་ཆེན་པོ་སྐྱེས་པ་ན་ཉོན་མོངས་པ་ཆེན་པོ་ཡོད་པ་མི་སྲིད་པའི་ཕྱིར་ཏེ། དང་པོར་གོས་ཀྱི་དྲི་མ་ཆེན་པོ་བསལ་ནས་ཕྱིས་ཆུང་བ་དག་པར་བྱེད་པ་དང་། མུན་པ་ཆེན་པོ་ནི་སྣང་བ་ཆུང་
Vol. 81 · folio 120a
ངུས་སེལ་ལ། ཆུང་ངུ་ནི་ཆེན་པོས་སེལ་བའི་དཔེས་ཆུང་ངུས་ཆེན་པོ་སེལ་བའི་དཔེ་དེ་རིགས་པ་ཡིན་ནོ། །དཀར་པོའི་ཆོས་ནི་སྟོབས་དང་ལྡན་པ་ཡིན་ལ། ནག་པོ་ནི་ཉམ་ཆུང་བ་ཡིན་པས་འཕགས་པའི་ལམ་གྱི་སྐད་ཅིག་མ་གཅིག་ལ་ཆུང་ངུས་ཀྱང་
འཁོར་བ་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཉོན་མོངས་པ་ཆེན་པོ་བརྟན་པ་རྩ་བ་ནས་འབྱིན་པའི་ཕྱིར་རོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་དུས་མང་པོར་བསགས་པའི་ནད་རྣམས་དུར་བྱིད་ཀྱི་ཁུ་བ་བཏང་བས་ནད་རྣམས་སེལ་བ་དང་མཚུངས་པ་དང་། སྐད་
ཅིག་མ་གཅིག་ལ་སྒྲོན་མེ་ཆུང་ངུན་གྱིས་མུན་པ་ཆེན་པོ་འཇོམས་པ་དང་འདྲའོ་ཞེས་བཤད་དོ། །དེ་ལ་རྣམ་པར་རྟོག་པའི་རྣམ་པ་ཆེན་པོའི་ཆེན་པོ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དཀོན་མཆོག་གསུམ་ལ་ཟང་ཟིང་གི་སྦྱིན་པ་སྦྱིན་
པས་ཞེས་བྱ་བ་ལ་སོགས་པས་སོ་ཞེས་བསྟན་པ་ཡིན་ནོ། །དེའི་གཉེན་པོ་ལམ་གྱི་རྣམ་པ་ཆུང་ངུའི་ཆུང་ངུ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་སོགས་པ་ལ་བརྩོན་པར་བྱེད་ན། དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་འདི་ཡིན་ནོ་ཞེས་འབད་པས་བསྟན་པ་འདི་ཡིན་ནོ། །རྣམ་པར་རྟོག་པ་ཆེན་པོའི་འབྲིང་ནི་གང་དེ་ཉིད་བསྐལ་པ་དེ་སྲིད་དུ། རྒྱུན་ཏུ་ཞུགས་པ་ནས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཟང་ཟིང་གི་ཡོན་ཕུལ་བས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ཉིད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །འདིའི་གཉེན་པོའི་ལམ་ཆུང་ངུའི་འབྲིང་ནི་
གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ན་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ལ་སོགས་པའི་ས་ལས་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་
Vol. 81 · folio 120b
འཐད་པ་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་ཆེན་པོའི་ཆུང་ངུ་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་གནས་ཤིང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བསྒོམས་པས་སོ་ཞེས་བྱ་བས་བསྟན་པ་ཡིན་ནོ། །
འདིའི་གཉེན་པོའི་ལམ་ཆུང་ངུའི་ཆེན་པོ་ནི་གང་ཅིག་ཤོས་ཉིན་ཞག་གཅིག་ལ་སྦྱིན་པ་ལ་སོགས་པ་དང་ལྡན་པ་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་གནས་ན་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་
སེམས་དཔའ་ཆེན་པོ་རྣམས་བསྐྱེད་པའོ་ཞེས་བྱ་བ་ནི་འཐད་པའོ་ཞེས་བསྟན་པ་ཡིན་ནོ། །ཅིག་ཤོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་དང་ལྡན་པ་སྟེ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །རྣམ་པར་རྟོག་པ་འབྲིང་གི་ཆེན་པོ་ནི་གང་ཡང་དེ་ཉིད་བསྐལ་པ་
དེ་སྙེད་དུ་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པས་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེའི་གཉེན་པོའི་ལམ་འབྲིང་གི་ཆུང་ངུ་ནི་གང་ཅིག་ཤོས་ཀྱིས་ཉིན་ཞག་གཅིག་ཆོས་ཀྱི་སྦྱིན་པ་བྱིན་པས་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་
བྲལ་བར་ཡོངས་སུ་བསྔོ་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བར་གནས་པ་ཉིད་འཐད་པའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་འབྲིང་གི་འབྲིང་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་བསམ་གཏན་བཞི་དང་། དྲན་པ་ཉེ་བར་གཞག་པ་རྣམས་ནས་སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅོ་བརྒྱད་ལ་བརྩོན་པར་བྱས་པ་བས་ཞེས་བྱ་བ་བསྟན་པ་ཡིན་ནོ། །འདིའི་གཉེན་པོ་ལམ་འབྲིང་གི་འབྲིང་ནི་ཅིག་ཤོས་ཀྱིས་དེ་རྣམས་ལ་ཉིན་ཞག་གཅིག་མངོན་པར་བརྩོན་པར་བྱས་ན་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་མ་བྲལ་བར་གནས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པའི་གནས་སྐབས་མེད་ཅིང་། གནས་མ་ཡིན་པ་ཉིད་དུའོ་ཞེས་བསྟན་པ་ཡིན་ནོ། །མཐའ་གཅིག་ཏུ་ངེས་པར་འབྱུང་བའི་ཕྱིར་ནི་འཐད་པ་ཡིན་ནོ། །རྣམ་པར་རྟོག་པ་འབྲིང་གི་ཆུང་ངུ་ནི་གང་ཡང་
Vol. 81 · folio 121a
དེའི་བསྐལ་པ་དེ་སྙེད་ཟང་ཟིང་གི་སྦྱིན་པ་དང་། ནང་དུ་ཡང་དག་འཇོག་པ་དང་ལྡན་པ་ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་ཞེས་སྨོས་པས་བསྟན་པ་ཡིན་ནོ། །འདིའི་གཉེན་པོ་ལམ་འབྲིང་གི་ཆེན་པོ་ནི་གང་ཅིག་ཤོས་ཀྱིས་ཉི་མ་
གཅིག་ཟང་ཟིང་གི་སྦྱིན་པ་དེའི་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ནི་མཚན་ཉིད་དོ་ཞེས་བྱ་བས་འཐད་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་ཆེན་པོ་ནི་གང་ཡང་དེ་ཉིད་བསྐལ་པ་དེ་སྙེད་དུ་འདས་པ་དང་། མ་བྱོན་པ་དང་།
ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཅི་ཡོད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བས་ཞེས་བྱ་བ་བསྟན་པ་ཡིན་ནོ། །འདིའི་གཉེན་
པོའི་ལམ་ཆེན་པོའི་ཆུང་ངུ་ནི་གང་ཅིག་ཤོས་ཀྱིས་ཉི་མ་གཅིག་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་ཡི་རང་བའི་བསྔོ་བ་ནི་
མཆོག་ཉིད་ཡིན་ནོ་ཞེས་འཐད་པ་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་འབྲིང་ནི་གང་མངོན་པར་འདུ་བྱས་པ་ནི་ཡོངས་སུ་བཏགས་པ་ཉིད་ཀྱིས་བསོད་ནམས་མང་དུ་སྐྱེ་བ་ན། མངོན་པར་འདུ་བྱས་པས་ཡང་དག་པར་ལྟ་བ་བསྐྱེད་པའམ། སྐྱོན་མེད་པར་འཇུག་པའི་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མི་ནུས་པས་མི་འདོད་པ་བསྐྱེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དེའི་གཉེན་པོའི་ལམ་ཆེན་པོའི་འབྲིང་ནི་གང་རབ་འབྱོར་མངོན་དུ་བྱས་པ་དེ་ཡང་སྟོང་པ་ཉིད་དུ་སྣང་ངོ་། །གསོ་བ་ཉིད་དང་། གསོག་ཉིད་
དང་། སྙིང་པོ་མེད་པ་ཉིད་དུ་སྣང་ངོ་ཞེས་བྱ་བས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་རྣམ་པ་དགུ་པའི་གནས་སྐབས་སུ་སྔ་མ་ལ་ནི་མ་ཡིན་ནོ་ཞེས་དགོངས་པའི་ཕྱིར་རོ། །ལན་རྗོད་པར་བྱེད་པ་སྟེ། དེ་ལ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་
Vol. 81 · folio 121b
མངོན་པར་འདུ་བྱ་བ་སྟོང་པ་ཉིད་དུ་སྣང་བར་བཤད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ནི་མངོན་པར་འདུས་བྱས་པ་གསོག་ཉིད་དུ་སྣང་བར་བཤད་དོ། །འདུས་བྱས་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་
དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱིས་ནི་དེ་དག་གསོབ་ཉིད་དུ་སྣང་བར་བཤད་དོ། །རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྙིང་
པོ་མེད་པ་ཉིད་དུ་སྣང་བར་བཤད་དོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཤིན་ཏུ་བསླབས་པའི་ཕྱིར་རོ་ཞེས་བྱ་བ་ནི་འཐད་པའོ་ཞེས་བསྟན་པ་ཡིན་ནོ། །ཡང་མངོན་པར་འདུ་བྱས་པ་
ནི་གོ་ཆ་དང་། འཇུག་པ་དང་། ཚོགས་དང་། ངེས་པར་འབྱུང་བའི་བསྒྲུབ་པའི་དབང་དུ་མཛད་ནས་སྟོང་པ་ཉིད་དུ་སྣང་བ་ལ་སོགས་པ་རྣམ་པ་བཞིར་བརྗོད་པ་ཡིན་ནོ། །དེ་ཡང་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་གོ་ཆ་ཆེན་པོ་བགོས་པ་ལགས་པར་རིག་པར་བགྱི་སྟེ། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མི་སྐྱེ་བའི་ཆོས་ཉིད་ལགས་པའི་སླད་དུའོ་ཞེས་བཤད་པ་ཡིན་ནོ། །རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྗེས་སུ་མི་མཐོང་བས་
ཉན་ཐོས་ལ་སོགས་པའི་ས་ལ་གོ་བཟློག་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་འཐད་པས་སོ་ཞེས་བསྟན་པ་ཡིན་ནོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་གང་བདག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་པའི་
ངེས་པར་མངོན་པར་བྱང་ཆུབ་པ་དང་མི་འབྲལ་བའི་སྦྱོར་བ་ཤེས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར། དེ་ལྟར་གནས་པ་ནི་རང་གི་ས་ལ་གནས་པ་ནི་ཐམས་ཅད་ཤེས་པ་ཉིད་དོ། །
Vol. 81 · folio 122a
གཞན་གྱི་ལམ་ལ་རག་མ་ལུས་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །གཞན་གྱིས་གཞོལ་བར་མི་ནུས་པ་ནི་རང་གིས་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཡང་བྲལ་བ་ཐོབ་པ་དེ་ནི་བདུད་ཀྱི་ལས་ཡིན་པར་རྟོགས་པའི་དབང་དུ་བྱས་ནས།
དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱིས་ན་འདི་ཉིད་དུ་དགྲ་བཅོམ་པ་ཐོབ་པར་གྱིས་ཤིག །ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །གང་གིས་ཁྱོད་ལུང་བསྟན་པར་འགྱུར་བ་མི་སྐྱེ་བའི་ཆོས་ལ་བཟོད་
པ་ཁྱོད་ཀྱིས་མ་ཐོབ་བོ། །གང་གིས་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་པ་ཞེས་བྱ་བ་ལ་སོགས་པ་བདུད་ཀྱིས་འདུན་པ་བཟློག་པའི་ཚིག་ཐོས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་མ་ཞུམ། མི་འགོང་བ་ལ་སོགས་པ་དང་ལྡན་ན་ལུང་བསྟན་པར་ངེས་པ་ཡིན་ནོ། །འདི་
ལ་གནས་པ་ནི་རྟོགས་པའི་ཆོས་ཀྱི་སྐད་ཅིག་མ་གཅིག་ལུས་ཡིན་པའི་ཕྱིར་ལྟུང་བའམ་ཁྱད་པར་དུ་འགྲོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལུང་བསྟན་པར་འགྱུར་བའི་རྒྱུའི་ཆོས་ཡོད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བྱས་ན་སྐྱོན་མེད་པར་ཞུགས་པ་ནི་ལུང་བསྟན་པའི་རྒྱུ་
ཡིན་པའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པ་ནི་གང་བདུད་ཀྱིས་ཁྱོད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཅི་ཞིག་བྱ། གང་ལ་སྤྱོད་པ་འདི་དག་ནི་བདུད་ཀྱིས་བཤད་པ་ཡིན་ནོ། །ཞེས་ཟེར་ཞིང་རྣམ་པར་འབྱེད་པར་བྱེད་ན། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་དང་བྲལ་བར་བྱེད་པ་ནི་བདུད་སྡིག་ཅན་ཡིན་ནོ་སྙམ་དུ་རིག་པར་བྱེད་པ་ནི་ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །མངོན་པར་བྱང་ཆུབ་པ་དང་མི་འབྲལ་བ་ཐོབ་པར་བྱ་བ་རྙེད་པར་ཤེས་པར་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་སྟོང་པའོ་ཞེས་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་སྲོག་ཡོངས་སུ་གཏོང་བས་ཞེས་གཉི་ག་སྨོས་པས་ནི་བདག་ཉིད་དུ་རྟོགས་པའི་ཕྱོགས་གཅིག་དང་། མ་ལུས་པའི་བདག་ཡོངས་སུ་གཏོང་བ་ཤེས་པར་བྱ་བའི་དོན་དང་། སངས་རྒྱས་
Vol. 81 · folio 122b
ཐམས་ཅད་དང་། བདག་ཉིད་ཀྱང་ཆོས་འདི་ཉིད་ཡིན་ནོ་ཞེས་དོན་གྱི་དབང་གིས་མཐོང་ནས། སྲོག་དང་བྲལ་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སྐལ་བ་མཉམ་པར་ཤེས་པར་བྱ་བའི་ཕྱིར་དང་། ཡང་གཞུང་འཛིན་པའི་གཟུངས་ཐོབ་ནས་སངས་རྒྱས་ཀྱིས་གསུངས་
པ་ཆུད་མི་ཟོས་པའི་ཕྱིར། དེས་ཡོན་ཏན་གྱི་ཁྱད་པར་མངོན་པར་བསྒྲུབ་པ་ཤེས་པར་བྱ་བའི་ཕྱིར་དང་། ཡང་གཟུངས་ཐོབ་པའི་རྒྱུ་ཉིད་ཀྱིས་ཉེན་པ་པོའི་ལྷ་ལ་སོགས་པའི་སྐད་དང་བརྡ་ལ་སོགས་པ་ལ་ངེས་པར་རྙེད་པ་ཉིད་ཀྱིས་དེ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་འགོག་པ་ཐོབ་པས་
སེམས་ཅན་སྨིན་པར་བྱ་བའི་ཐབས་ཀྱིས་བྱེད་པ་ཤེས་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡོན་ཏན་ཆེན་པོ་དང་ལྡན་པའོ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་བཟོད་པ་ཐོབ་པ་དེ་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་ཡིན་ཏེ། གང་འདི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་
པ་དང་འབྲལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཡོན་ཏན་ཚད་མེད་པ་དང་ལྡན་པའོ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཤེས་པ་ཐོབ་པ་ནི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། དུས་གསུམ་རྣམས་ཚད་མེད་པའི་ཕྱིར་དང་། གང་འདི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཡང་མི་སྐྱེ་བར་
བྱེད་པ་ཡིན་པའི་ཕྱིར་རོ། །ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ་ཞེས་བྱ་བ་ནི་དེས་ཕྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་འགྲུབ་པ་ནི་དེའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། གང་འདི་ལྟར་ཚད་བྱ་བར་མི་ནུས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་
ཕྱིར་རོ། །དེ་ལྟར་ཇི་སྐད་དུ། རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཉིད་ཀྱི་ཕྱིར་འདིས་ནི་མཐའ་ལས་འདས་པ་མཐར་ཐུག་པ་མེད་པའི་ཡེ་ཤེས་ཐོབ་པ་དང་། རྟོགས་པར་མི་ནུས་པའི་ཡེ་ཤེས་རབ་ཏུ་ཐོབ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་མི་
འཕྲོགས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་མངོན་སུམ་དུ་མཛད་པ་ཉིད་ཀྱིས་རྗེས་སུ་བཟླས་ནས་གསུངས་སོ། །དེ་ལ་མཐའ་ཡས་པ་ནི་རྣམ་པ་མཐའ་ཡས་པའི་ཕྱིར་རོ། །མཐར་ཐུག་པ་མེད་པ་ནི་ཐམས་ཅད་དུ་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་སྐད་
Vol. 81 · folio 123a
དུ་སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབས་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཐར་གཏུགས་པར་མི་ནུས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་མཁྱེན་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་འདིའི་རྣམ་པ་ལ་སོགས་པར་བསྟན་པར་བཅོམ་
ལྡན་འདས་ཀྱིས་སྤྱོད་མོད་ཀྱི། ཤིན་ཏུ་ཐལ་ཆེས་པའི་ལན་དུ་འགྱུར་བས་བསྒོམ་པའི་ལམ་གྱི་དབང་དུ་མཛད་པར་བཞེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མདོ་འདི་ནི་དོན་རྒྱས་པར་བསྟན་པ་འདིའི་ཚིག་ལེའུར་བྱས་པ་ལྔས་བསྡུས་པར་གྱུར་པ་ཡིན་ཏེ། གཟུགས་
སོགས་འདུ་ཤེས་ལྡོག་པ་དང་། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང་། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་ལ་སྤྱོད་ལ་ཐབས་མཁས་དང་། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང་། །
འཚོ་བ་རྣམ་པར་དག་ཉིད་དང་། །ཕུན་ཚོགས་བར་ཆད་མེད་རྣམས་དང་། །ཚོགས་དང་དབང་ཚོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང་། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་
གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང་། །ཆོས་ཀྱི་དོན་དུ་སྲོག་གཏོང་དང་། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་
རྣམ་པར་འགྲེལ་པའོ།། །།མཐོང་བའི་ལམ་གྱི་གནས་སྐབས་ཀྱི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་བསྟན་ནས་ད་ནི་བསྒོམ་པའི་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་བརྗོད་པར་བྱའོ། །བསྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་བྱ་
བ་ནི། གང་བཅོམ་ལྡན་འདས་གནས་ཟབ་མོ་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱ་བ་ནི་བསྒོམ་པ་ཤེས་པར་བྱ་བའི་ཕྱིར་ཟློས་པའི་སྦྱོར་བས་གསུངས་སོ། །གང་ལ་གནས་པ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་ཞེ་ན། རྒྱུན་ཉིད་ཡིན་
Vol. 81 · folio 123b
པའི་བསྒོམ་པའི་ལམ་ལ་གནས་པ་ཞེས་བསྟན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བགྱིད་པ་ལགས་ཞེས་བྱ་བ་ནི་བསྒོམ་པའི་ལམ་དེ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པར་ཤེས་པར་བྱ་བའི་ཕྱིར་
བསྟན་པ་ཡིན་ནོ། །ཡང་ཇི་ལྟར་བསྒོམ་པའི་ལམ་ཟབ་པ་ཡིན་ཞེ་ན། ཟབ་མོ་སྟོང་པ་ཉིད་ལ་སོགས། །ཞེས་བྱ་བ་ནི་གང་དེ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་
དང་། འགོག་པ་དང་། མྱ་ངན་ལས་འདས་པ་དང་། ཞི་བ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་རྣམས་ནི་ཟབ་མོའི་གནས་ཉིད་ཡིན་པར་བསྟན་པ་ཡིན་ནོ། །ཡང་ཅིའི་ཕྱིར་སྟོང་པ་ཉིད་ལ་སོགས་པ་ལ་ཟབ་མོ་ཞེས་བྱ་ཞེ་ན། ཟབ་མོ་དེ་ནི་སྒྲོ་འདོགས་དང་། །སྐུར་བའི་ལམ་
ལས་གྲོལ་བ་ཉིད། །ཅེས་བྱ་བ་ནི། གང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ཡང་གཟུགས་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་གཟུགས་མེད་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི་ཟབ་པ་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཟབ་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །
ཇི་ལྟར་སྒྲོ་བཏགས་པ་སྤང་ཞེ་ན། གང་གཟུགས་ལས་ཀྱང་མ་ཡིན། དེ་བཞིན་ཉིད་ལ་ཡང་གཟུགས་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་སྐུར་པ་འདེབས་པ་སྤང་ཞེ་ན། གང་མྱ་ངན་ལས་འདས་པ་བསྟན་ཏོ། །གཟུགས་ལས་གཞན་ན་ཡང་དེ་བཞིན་ཉིད་མེད་པའི་ཕྱིར་རོ། །ཆོས་
ཐམས་ཅད་བསལ་ནས་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡང་བསྒོམ་པའི་ལམ་ཇི་ལྟ་བུ་ཞིག་ཅེ་ན། ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་བསྒོམ་པའི་ལམ། །ཞེས་བསྟན་པ་ནི་གང་། གང་གི་ཚེ་གནས་ཟབ་མོ་འདི་དག་དང་ལྡན་པ་ཞེས་ཟློས་པའི་སྦྱོར་བ་
བསྟན་པའི་དོན་གྱིས་ནི་སེམས་ཤིང་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱིས་སོ། །འཇལ་བ་ནི་བསམས་པའི་རང་བཞིན་གྱིས་སོ། །རྟོགས་པར་བྱེད་པ་ནི་བསྒོམས་པའི་རང་བཞིན་གྱི་ཤེས་རབ་བོ། །ཡང་བསྒོམ་པའི་ལམ་གྱི་ཡུལ་ཇི་ལྟ་བུ་ཡིན་ཞེ་ན། ངེས་འབྱེད་ཡན་ལག་དང་མཐོང་བའི། །
Vol. 81 · folio 124a
ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཞེས་བསྟན་པ་ནི་གང་བདག་གིས་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་ཇི་ལྟ་བའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ། །ཇི་ལྟར་བདག་གིས་བསླབ་པར་བགྱི་ཞེས་བྱ་བ་ནི་མཐོང་བའི་ལམ་
ཇི་ལྟ་བའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ། །ཇི་ལྟར་བདག་གིས་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་བསྒོམ་པའི་ལམ་ཇི་ལྟ་བའི་དབང་དུ་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་དང་།
མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱི་དབང་དུ་མཛད་ནས། དེ་བཞིན་དུ་བསྒྲུབ་པ་དང་། དེ་བཞིན་དུ་སེམས་པ་དང་། དེ་བཞིན་དུ་ཡོངས་སུ་རྟོག་པ་དང་། དེ་བཞིན་དུ་ཡང་བརྩོན་པ་དང་། དེ་བཞིན་དུ་འབད་པ་ཞེས་བྱ་བ་ཚིག་དྲུག་གསུངས་སོ། །ཇི་ལྟར་བསྒོམ་པའི་ལམ་
གྱི་ཡུལ་དེ་ཉིད་ཅི་ཡིན་ཞེ་ན། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། ཕྱི་མ་ཕྱི་མའི་ཡུལ་སྔ་མ་སྔ་མ་ཡིན་པས་ཉེས་པ་མེད་དོ། བསྒོམ་པའི་ལམ་གྱི་ཕན་ཡོན་རྣམ་པ་གསུམ་ནི་གང་ཚད་མེད་པའི་དགེ་བའི་རྩ་བ་ཚད་མེད་པ་ཡོངས་སུ་འཛིན་པས། གཞན་གྱི་བུད་མེད་
དང་དུས་བཏབ་ནས་བརྡ་བྱས་པའི་སྐྱེས་བུའི་རྟོགས་པ་མང་པོའི་དཔེས་བསོད་ནམས་ཚད་མེད་པ་སྐྱེ་བས་བསྐལ་པ་དཔག་ཏུ་མེད་པར་འཁོར་བ་སྤོང་ཞིང་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། ལས་ཟད་པ་དང་། བསལ་བ་དང་། སྔར་མ་སྐྱེས་པའི་ཚིག་གིས་ནི་བསྒོམ་པའི་ལམ་གྱི་བྱེད་པ་ཡིན་
པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་དུ་ཞིག་ཡིན་ཞེ་ན། །དེ་ནི་རྒྱུན་ཆགས་པ་ཡི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་འདོད་དོ། །ཞེས་བསྟན་པ་ལ། མི་མཐུན་པ་དང་གཉེན་པོའི་ཕྱོགས་
ཞེས་བྱ་བར་སྦྱར་རོ། འདིར་རྩ་བའི་རྣམ་པར་དབྱེ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་ཡིན་ལ། དེ་རྣམས་རེ་རེ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བ་བྱས་པས་རྣམ་པ་དགུར་འགྱུར་ཏེ། འདི་ལྟར་ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་།
Vol. 81 · folio 124b
ཆུང་ངུའི་ཆེན་པོའོ། །འབྲིང་གི་ཆུང་ངུ་དང་། འབྲིང་གི་འབྲིང་དང་། འབྲིང་གི་ཆེན་པོའོ། །ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆེན་པོས་དགུར་འདོད་དོ། །གཉེན་པོའི་ཕྱོགས་ཇི་ལྟ་བ་བཞིན་དུ་མི་མཐུན་པའི་ཕྱོགས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །
དེ་ལ་ལམ་ཆུང་ངུའི་ཆུང་ངུས་ནི་རྣམ་པར་རྟོག་པ་ཆེན་པོའི་ཆེན་པོ་སྤོང་བ་ནས། ལམ་ཆེན་པོའི་ཆེན་པོས་ནི་རྣམ་པར་རྟོག་པ་ཆུང་ངུའི་ཆུང་ངུ་སྤོང་བའི་བར་དུ་ནི་གྲངས་ཡོད་པ་དང་། དཔག་ཏུ་ཡོད་པ་དང་། ཚད་ཡོད་པའི་རྟོག་པས་བསྡུས་པ་བསྒོམ་པའི་ལམ་གྱི་དབང་དུ་བྱས་ནས་
དགུ་པའི་གཉེན་པོ་ནི་ལམ་གྱི་རྣམ་པ་ཆེན་པོའི་ཆེན་པོ་ནི་གང་སྟོང་པ་ཉིད་ལ་གནས་པའི་ཞེས་བྱ་བ་བསྒོམ་པའི་ལམ་རྣམ་པ་དགུས་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལ་བསོད་ནམས་གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པས་བསྡུས་པས་
ཉེ་བར་བསྡུས་པ་རྣམ་པ་གསུམ་ཆར་དགག་པ་མེད་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གྲངས་མེད་པ་ལ་སོགས་པ་ལ་ཁྱད་པར་ཅི་ཞིག་ཡོད། ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། རང་གི་མཚན་ཉིད་དང་ཉེ་བར་མཚོན་པའི་ཆེད་དུ་ཡོངས་སུ་དྲིས་པ་ཡིན་ལ། གྲངས་
ཡོད་པ་དང་། གྲངས་མེད་པའི་ཁམས་ནི་འཁོར་བ་དང་། མྱ་ངན་ལས་འདས་པའི་མཚན་ཉིད་དག་ཡོད་པ་མ་ཡིན་པའི་ཕྱིར། གྲངས་མེད་པ་ཉིད་ཀྱིས་དེ་མཉམ་པ་ཉིད་རྟོགས་པ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །དུས་རྣམས་ལ་ཚད་མི་དམིགས་པའི་ཕྱིར་དཔག་ཏུ་མེད་པ་ཉིད་ཀྱིས་
དེའི་རྟོགས་པ་འདུས་མ་བྱས་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །གཞལ་བར་མི་ནུས་པའི་ཕྱིར་ཚད་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །དེ་ནི་གྲངས་མེད་པ་ལ་སོགས་པའི་ཉེ་བར་མཚོན་པ་ཡིན་
ནོ། །རང་གི་ངོ་བོས་མཚན་ཉིད་ཀྱི་དབང་དུ་མཛད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར་གྲངས་མེད། དཔག་ཏུ་མེད། ཚད་མེད་པ་སྟོང་པ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །སྟོང་
Vol. 81 · folio 125a
པ་ཉིད་ཀྱི་མཚན་ཉིད་ཐ་དད་པ་མ་ཡིན་པའི་ཕྱིར། རྗོད་པར་བྱེད་པའི་དབྱེ་བ་དང་། དོན་གྱི་དབྱེ་བ་མེད་པར་དགོངས་སོ། །ཀུན་རྫོབ་དེ་དག་ཐུགས་བརྩེ་བའི། །རྒྱུ་མཐུན་གྱུར་པ་ཐུབ་པ་བཞེད། །ཅེས་བྱ་བ་ནི། གང་དོན་ཡིན་པར་ཡི་གེ་ཐ་དད་དུ་བྱ་བ་མི་དམིགས་
མོད་ཀྱི། གྲངས་མེད་པ་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་འདི་ནི་བརྗོད་དུ་མེད་པ་ལས་དེ་བཞིན་གཤེགས་པས་ཐུགས་རྗེའི་རྒྱུ་མཐུན་པར་གྱུར་པས་བསྟན་པ་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཐུགས་རྗེའི་རྒྱུ་མཐུན་པའི་དབང་གིས་འདི་དག་ཐམས་ཅད་ཀྱི་ཡུལ་དུ་གྱུར་
པ་ཞིག་ན། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་བྱང་ཆུབ་པའི་རྣམ་པས་དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་ནི་བརྗོད་དུ་མ་མཆིས་པའོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། གང་དེ་རྣམས་
ཀྱི་སྟོང་པ་ཉིད་ནི་བརྗོད་པར་མི་ནུས་སོ་ཞེས་བསྟན་པ་ཡིན་ནོ། །དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང་། །བསྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་ཐོབ། །ཅེས་བྱ་བ་ནི་ཇི་སྐད་དུ། རྣམ་པར་རྟོག་པའི་རིགས་ཆེན་པོའི་ཆེན་པོ་
ལ་སོགས་པ་རྣམ་པ་དགུ་ནི་ཅི་ཞིག་ཉམས་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ། ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་རྣམ་པ་དགུ་ནི་ཅི་ཞིག་ཐོབ་ཅེས་བརྒལ་བ་ནི་གང་བརྗོད་དུ་མེད་པའི་དོན་ལ་འཕེལ་བ་དང་། ཡོངས་སུ་འགྲིབ་པ་བཀག་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་འཕེལ་བ་དང་། ཡོངས་སུ་འགྲིབ་པ་བཀག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པ་ཉིད་དོ་ཞེས་བྱ་བས་བསྟན་པ་ཡིན་ནོ། །འདི་ལ་ལན་དུ་བརྗོད་པ་ནི། །བྱང་ཆུབ་ཇི་ལྟ་དེ་
བཞིན་དུ། །དེ་ཡི་འདོད་པ་དོན་སྒྲུབ་བྱེད། །ཅེས་བསྟན་ཏེ། བསྒོམ་པའི་ལམ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཐམས་ཅད་དུ་རྟོགས་པའི་ང་རྒྱལ་བཀག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་ལ་སོགས་པས་ཡོངས་སུ་བསྔོ་
Vol. 81 · folio 125b
བ་དང་ལྡན་པ་དེ་སྣོད་དུ་འགྱུར་བ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱང་ཇི་ལྟ་བུ་ཞིག་ཅེ་ན། བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །ཅེས་བྱ་བ་ནི་གང་། གཟུགས་ནས་མྱ་ངན་ལས་འདས་པའི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་པའི་ཕྱིར། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བ་དང་། ཡོངས་སུ་འགྲིབ་པ་བཀག་པའི་སྦྱོར་བ་རྗེས་སུ་གནང་བ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་རྒྱུ་དང་འབྲས་བུ་དག་གམ། འབྲས་བུ་དང་རྒྱུ་དག་གཅིག་
ལ་གཅིག་རང་བཞིན་གྱིས་རྗེས་སུ་བརྒྱུད་པས། རྒྱུ་དང་འབྲས་བུའི་འབྲེལ་པ་ཕྱིན་ཅི་མ་ལོག་པར་འབྱུང་བར་གྱུར་པ་ཡིན་པར་བཤད་པ་ཡིན་ནོ། །ཡང་དེ་ལྟར་བྱས་ནས་གང་། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་བྱ་བ་ལ། སེམས་
དང་པོ་བསྐྱེད་པ་དང་། །ཕྱིས་སྐྱེད་པ་དག་ནི་གཅིག་ལ་གཅིག་ཕྲད་པ་མེད་པས། བསྐལ་པ་གྲངས་མེད་པ་གསུམ་དུ་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བའི་ཚོགས་སུ་འགྱུར་བ་མེད་པས་སེམས་ཅན་གང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་
འགྱུར་ཞེས་ཞུས་པས་བསྟན་པ་ཡིན་ནོ། །ད་ནི་ཇི་ལྟར་བྱང་ཆུབ་འབྱུང་བར་འགྱུར་ཞེ་ན། འཇིག་རྟེན་དུ་གྲགས་པའི་མར་མེའི་དཔེ་ཚུལ་གྱིས་ནི་ཞེས་བྱ་བ་ནི་གང་སྙིང་པོའི་དཔེས་སེམས་བསྐྱེད་པ་གཉི་ག་འབྲས་བུ་དང་བཅས་པར་ཤེས་པར་བྱ་བའི་ཕྱིར་རོ། །སེམས་བསྐྱེད་པ་དེའི་ཡུལ་
དུ་འགྱུར་བས་ས་བཅུ་ལ་བསླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ཤེས་པ་ནི་སེམས་བསྐྱེད་པ་དང་པོ་དང་། ཕྱི་མ་དག་བསྒོམ་པ་ལ་མ་བརྟེན་པར་མངོན་པར་བྱང་ཆུབ་པ་རྟོགས་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདིར་ཅི་ཞིག་ཤེས་པར་བྱ་ཞེ་ན།
ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་བྱ་བ་བསྟན་པའི་སྐབས་འདིར་རྗེས་སུ་འབྲང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ན་རྣམ་པ་བརྒྱད་ཡིན་ཞེ་ན། ཟབ་མོ་རྣམ་པ་བརྒྱད་དོ། །གང་ཡིན་ཞེ་ན། སྐྱེ་བ་དང་ནི་འགག་པ་དང་། །དེ་བཞིན་ཉིད་དང་ཤེས་བྱ་དང་། །ཤེས་
Vol. 81 · folio 126a
དང་སྤྱོད་དང་གཉིས་མེད་དང་། །ཐབས་ལ་མཁས་པ་ཟབ་པ་ཉིད། །ཅེས་བྱ་བས་བསྟན་པ་ཡིན་ནོ། །དེ་ལ་སྐྱེ་བ་ཟབ་པ་ནི་དེ་དག་མ་ཡིན་ལ། དེ་ལས་གཞན་པ་ལས་ཀྱང་མ་ཡིན་པས་མངོན་པར་རྫོགས་པར་འཚང་བ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་
བ་ཟབ་པ་ཉིད་ཀྱིས་འགགས་པའི་སེམས་སྐྱེ་བ་འགགས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་གང་འགགས་པ་དེ་ཕྱིས་སྐྱེ་བར་འགྱུར་རམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་གསུངས་པ་ཡིན་ནོ། །འགག་
པ་ཟབ་པ་ནི་གང་སེམས་སྐྱེས་པ་ནི་འགགས་པའི་ཆོས་ཉིད་ཡིན་པའི་ཕྱིར། ཆོས་ཅན་དེ་འགག་པ་བཀག་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་སྐྱེས་པ་དེ་འགག་པར་འགྱུར་བའི་ཆོས་ཅན་ཡིན་ནམ། བཅོམ་
ལྡན་འདས་འགག་པའི་ཆོས་ཅན་ལགས་སོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་འགག་པའི་ཆོས་ཅན་ནི་ཡང་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་གསུངས་པ་ཡིན་ནོ། །དོན་ཅི་ཞིག་ཡིན་ཞེ་ན། སྐྱེས་པ་ཙམ་ཉིད་ན་
དེ་འགག་པ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་རོ། །ཡང་ཅི་ཞིག་འགག་པར་འགྱུར་བ་དེ་བཞིན་ཉིད་ཟབ་པ་ནི་གང་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དེ་ལ་གནས་པའི་ཕྱིར་རྣམ་པར་མི་རྟོག་པའི་ཡུལ་ཡིན་པར་དགོངས་པས། ཡང་དག་པའི་མཐའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བ་
ཉིད་ཀྱིས་སོ། །དེ་བཞིན་ཉིད་ཟབ་པོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་དེ་བཞིན་ཉིད་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤེས་བྱ་གང་དེ་ཟབ་པ་ནི་གང་སེམས་དེ་བཞིན་ཉིད་ལས་གཞན་མ་ཡིན་པ་ཉིད་ཀྱི་
ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། དེ་བཞིན་ཉིད་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཤེས་པ་ཟབ་པ་ནི་གང་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མི་མཐོང་བའོ་ཞེས་བསྟན་པ་ཡིན་ནོ། །ཇི་
Vol. 81 · folio 126b
སྐད་དུ་མདོ་ལས། ཡང་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མི་མཐོང་ངོ་ཞེས་གསུངས་པ་ཡིན་ནོ། །སྤྱོད་པ་ཟབ་པ་ནི་གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་ཡང་མི་སྤྱོད་པ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཟབ་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། དེ་ཅིའི་
ཕྱིར་ཞེ་ན། དེ་བཞིན་ཉིད་ལ་གནས་པ་ལ་ལུང་བསྟན་པ་ལ་སོགས་པའི་ཡོངས་སུ་རྒྱུ་བ་མི་འབྱུང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །གཉིས་སུ་མེད་པ་ཟབ་པ་ནི་གང་དོན་དམ་པ་ལ་སྤྱོད་པ་ལ་གཉིས་སུ་ཀུན་དུ་སྤྱོད་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་མཚན་མ་དང་།
མཚན་མ་མེད་པའི་འདུ་ཤེས་ཀྱི་སྦྱོར་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཐབས་ལ་མཁས་པ་ཟབ་པ་ནི་གང་སྟོབས་བཅུ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་ཡོངས་སུ་རྫོགས་པར་མ་བགྱིས་པར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་འཚང་རྒྱ་བ་བཀག་པའི་ཐབས་ལ་མཁས་པ་ཉིད་ཀྱིས་ཆོས་གང་ཡང་དངོས་པོ་དང་། དངོས་པོ་མེད་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་ཤེས་པ་ལ་གནས་པ་ནི་མི་མཐུན་པའི་ཕྱོགས་དེ་དང་དེ་ལ་སྤྱོད་པའི་སེམས་
ཅན་རྣམས། གཉེན་པོའི་ཕྱོགས་དེ་དང་དེ་ལ་རབ་ཏུ་འགོད་ཀྱང་སེམས་ཅན་ཡོངས་སུ་སྨིན་པ་ལ་མཁས་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་ལ་གནས་པ་བྱང་ཆུབ་སེམས་དཔའ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།
སློབ་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་བསྟན་ནས། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བརྗོད་པར་བྱའོ། །མི་སློབ་པའི་དགེ་འདུན་བསྟན་པའི་དོན་ཅི་དགོས་ཤེ་ན། འདི་ཉིད་ཁོ་ན་བསླབ་པར་བྱ་བ་ཡིན་ཏེ། གང་འདི་ལྟར་ཀུན་ནས་ཉོན་
མོངས་པའི་རྟོག་པ་སྤང་བར་བྱ་བ་དང་། རྣམ་པར་བྱང་བའི་རྟོག་པ་སྤང་བར་བྱ་བའི་ཕྱིར། དེ་གཉིས་མཉམ་པ་ཉིད་དུ་རྫོགས་པས་མི་སློབ་པར་འགྱུར་བ་ཡིན་ཏེ། དེ་ཕན་ཆད་བསླབ་པར་བྱ་བ་མེད་པའི་ཕྱིར་རོ། །ཡང་ཇི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་ཡིན་
Vol. 81 · folio 127a
ཞེ་ན། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་བསྟན་པ་ནི་གང་དེ་ནས་མི་མཐུན་པ་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པའི་གནས་སྐབས་དང་བྲལ་བའི་སྦྱོར་བའི་དབང་དུ་མཛད་ནས་གཉི་ག་མཉམ་པར་རྟོགས་པས་
འཁོར་བ་རྨི་ལམ་དང་འདྲ་བར་རྟོགས་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། ཉིན་མོ་བསྒོམས་པས་རྣམ་པར་འཕེལ་བ་བཀག་པའི་ཕྱིར། རྨི་ལམ་གྱི་ནང་དུ་བསྒོམས་པས་རྣམ་པར་འཕེལ་བ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། རྨི་ལམ་དང་།
ཉིན་པར་དུ་རྣམ་པར་རྟོག་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །མི་མཐུན་པ་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །ལས་མེད་ལ་སོགས་ཀླན་ཀ་ཡི། །ལན་ནི་ཇི་ལྟར་བཤད་པར་ཟད། །ཅེས་བྱ་བ་ལ། དེ་ལ་ལས་
མེད་པའི་ཀླན་ཀ་ནི་གང་རྨི་ལམ་དང་འདྲ་བའི་ཆོས་ཉིད་ལ་རྨི་ལམ་ལྟ་བུའི་སྦྱོར་བ་དང་། དངོས་དང་མཇུག་གིས་བསྡུས་པའི་ལས་དེ་ལ་སོགས་པ་དང་། འབྲི་བ་མེད་པར་བསྟན་པ་ཉིད་ཀྱིས་བསྟན་པ་ཡིན་ནོ། །དེའི་ལན་ནི་གལ་ཏེ་སད་ནས། བླ་ན་མེད་པར་ཡོངས་སུ་
ཤེས་པས་རྣམ་པར་རྟོག་པ་ནི་དེ་ལ་སོགས་པའམ། འབྲི་བར་ཡང་འགྱུར་གྱི། མི་རྟོག་པ་ནི་མ་ཡིན་ནོ། །ལས་དང་འབྲས་བུ་འབྲེལ་པ་ནི་བརྡ་ཙམ་དུ་བཤད་པས། གང་ཡང་ཉིན་པར་སྲོག་གཅོད་པར་བྱས་པ་དང་། རྨི་ལམ་ནང་དུ་སྲོག་གཅོད་པ་ཞེས་བྱ་བ་ནི་ཉིན་མོ་དང་།
མཚན་མོ་ཞེས་བྱ་བར་གྲགས་པ་ཡིན་ནོ། །ནང་དུ་སྨོས་པ་ནི་འཁོར་བའི་རྨི་ལམ་ཁྱད་པར་བྱ་བའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཅི་ཟེར་ཞེས་བྱ་བ་ནི་བདེན་པ་དང་། བདེན་པ་མ་ཡིན་པ་དྲིས་པ་ཡིན་ཏེ། གཉེན་པོའི་ཕྱོགས་རྟོགས་སུ་ཟིན་ཀྱང་རྣམ་པར་རྟོག་པ་
རྗེས་སུ་འཇུག་པ་སྐྱེ་བའི་ཕྱིར། དེ་ནི་དོན་དམ་པ་བསྟན་པའི་ཕྱིར་རྒོལ་བ་ཡིན་ནོ། །འདིའི་ལན་ནི་གང་དམིགས་པ་ལས་ལས་སྐྱེ་བར་བཤད་པ་དང་། དམིགས་པ་མེད་པ་ལས་ལས་སྐྱེ་བ་འགག་པ་བསྟན་པ་ཡིན་ནོ། །དེ་ཡང་བརྡ་དང་བཅས་པ་ཡིན་པའི་ཕྱིར། དམིགས་པའི་
Vol. 81 · folio 127b
དངོས་པོ་མེད་པ་ཡིན་ནོ་ཞེས་བརྒལ་བ་ལ། འདིའི་ལན་ནི་ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་བརྟག་པའི་དངོས་པོ་དམིགས་པར་བརྟེན་པའི་ཕྱིར་རོ། །རྨི་ལམ་གྱི་ནང་གི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་ཡང་དག་པའམ། ཡང་དག་པ་མ་ཡིན་པར་བསྔོས་པ་ཡིན་ཞེས་དྲིས་པ་ལ། འདིའི་ལན་ནི་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་བྱམས་པ་འདི་ནི་ཐམས་ཅད་མཁྱེན་པ་གསུམ་གྱི་མངོན་པར་རྟོགས་པ་མངོན་སུམ་དུ་གྱུར་
པ། སྐྱེ་བ་གཅིག་གིས་ཐོགས་པ་ཡིན་པས་དོན་འདི་ལན་ལྡོན་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དོན་ཅི་ཞིག་ཡིན་ཞེ་ན། དྲིས་པ་དེའི་ལན་ལྡོན་པའི་དབང་དུ་མཛད་པས་མ་འོངས་པའི་སངས་རྒྱས་གཅིག་ནས་གཅིག་ཏུ་འབྱུང་ངོ་ཞེས་བྱ་བའི་དྲི་བ་དེ་ནི་ཡོངས་སུ་མ་རྫོགས་པ་
ཡིན་ནོ། །དེ་རྫོགས་པར་གྱུར་ན་ནི་མ་འོངས་པ་ན་སངས་རྒྱས་འབྱུང་བ་དོན་མེད་པར་ཐལ་བར་འགྱུར་རོ། །ཇི་ལྟར་ཡོངས་སུ་མ་རྫོགས་པ་བསྟན་པ་ཡིན་ཞེ་ན། མིང་ནས་བརྩམས་ཏེ། ཆོས་ཐམས་ཅད་ལན་ལྡོན་པར་བྱེད་པའི་དངོས་པོ་དམིགས་སུ་མེད་པ་ཡིན་ནོ། །དེ་ལྟར་འདི་
དག་རང་ཉིད་ཀྱིས་མངོན་སུམ་དུ་བྱས་པར་དམ་འཆའ་ཞིང་དོན་མངོན་སུམ་དུ་བྱས་ན། དྲིས་པའི་ལན་ཡོངས་སུ་རྫོགས་པའི་ཉེས་པར་སྤང་བར་བྱ་བའི་ཕྱིར་མ་འོངས་པའི་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་མེད་པར་འདོད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་
པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མི་དམིགས་པར་སྤྱོད་པའི་ཕྱིར། ཤེས་རབ་ཟབ་མོ་དང་ལྡན་པ་ཉིད་ཡིན་པས་མ་འོངས་པའི་འཁོར་བ་དང་། མྱ་ངན་ལས་འདས་པའི་དབྱེ་བ་བསྟན་པའི་མཚན་མ་མེད་པ་རྟོགས་པ་ཉིད་དུ་བསྟན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འཁོར་
བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བསྟན་པ་ནི་དུས་དེ་ཉིད་ཀྱི་དགོངས་པའི་དབང་དུ་མཛད་ནས་དམིགས་པ་མེད་པར་སྤྱོད་པ་ཡིན་པའི་ཕྱིར་མི་འཇིགས་པ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ཉིད་དུ་ངེས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་
Vol. 81 · folio 128a
འདས་པ་མཉམ་པ་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་བསྟན་ནས། ད་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བརྗོད་པར་བྱའོ། །དེ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སེམས་ཅན་གྱི་འཇིག་
རྟེན་དང་། སྣོད་ཀྱི་འཇིག་རྟེན་གྱི་བྱེ་བྲག་གིས་ཡིན་ཏེ། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པ་སྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་བཀྲེས་པ་ལ་སོགས་པ་
ནི་ལུས་ཀྱི་མ་དག་པའོ། །དེའི་གཉེན་པོ་ནི་ལྷའི་ལོངས་སྤྱོད་ལ་སོགས་པ་དག་པས་ཉེ་བར་བསྡུས་པའོ། །སྣོད་ཀྱི་འཇིག་རྟེན་ནི་ས་ཆེན་པོ་འདི་ལ་སྡོང་དུམ་དང་། ཚེར་མ་ལ་སོགས་པ་ནི་མ་དག་པའོ། །དེའི་གཉེན་པོ་ནི་ལག་མཐིལ་ལྟར་མཉམ་པ་ལ་སོགས་པ་དག་པས་བསྡུས་པ་སྟེ།
འདི་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མདོར་བསྡུས་པ་ཡིན་ནོ། །རྒྱས་པར་ནི་མདོ་ལས་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་དབང་དུ་མཛད་ནས། སེམས་ཅན་བཀྲེས་པ་ལ་སོགས་པ་མཐོང་ནས། རང་གི་སངས་རྒྱས་ཀྱི་ཞིང་ལྷའི་རིས་དག་གི་ལོངས་སྤྱོད་ལ་སོགས་པ་དང་འདྲ་
བར་འགྱུར་བ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་ཉེ་བར་ལོངས་སྤྱོད་པ་ནི་ཟས་ལ་སོགས་པའོ། །ཡོངས་སུ་ལོངས་སྤྱོད་པ་ནི་ནོར་བུ་དང་། མུ་ཏིག་གི་རྒྱན་ལ་སོགས་པའོ། །དེ་བཞིན་དུ་སྲོག་གཅོད་པ་ལ་སོགས་
པ་དང་། དེའི་འབྲས་བུ་ལས་བཟློག་པས་བསྡུས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །གནོད་སེམས་ལས་བཟློག་པས་བསྡུས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ལེ་ལོ་ལས་བཟློག་པས་བསྡུས་པ་ནི་བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །སྒྲིབ་པ་ལྔ་དང་། བསམ་གཏན་དང་པོ་ལ་སོགས་པ་མ་གཏོགས་པ་ལས་བཟློག་པས་བསྡུས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་།
Vol. 81 · folio 128b
གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་རྣམས་ཡིན་ནོ། །ཤེས་རབ་འཆལ་པ་ལས་བཟློག་པས་བསྡུས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་གྱུར་
པ་དང་། ཡང་རང་གི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ལོག་པར་ངེས་པ་དང་། མ་ངེས་པའི་ཕུང་པོ་གསུམ་དུ་ཤེས་པ་མེད་པ་དང་། ངན་སོང་གསུམ་གྱི་སྒྲ་ཡང་ཤེས་པ་མེད་པ་དང་། ཡང་སྡོང་དུམ་དང་། ཚེར་མ་ལ་སོགས་པ་དང་བཅས་པ་དང་། ས་ཆེན་པོ་འདི་སའི་རྒྱུ་ལས་གྲུབ་
པ་ལས་བཟློག་པས་བསྡུས་པ་དང་། དེ་བཞིན་དུ་བདག་ཏུ་ཡོངས་སུ་འཛིན་པ་ལས་བཟློག་པ་དང་། རིགས་བཞིར་ཡོངས་སུ་འཛིན་པ་ལས་བཟློག་པས་ཉེ་བར་བསྡུས་པ་ཡིན་ནོ། །དེ་དག་ལས་བཟློག་པ་ནི་འདི་ཡིན་ཏེ། གང་ཅི་ནས་བདག་གི་སངས་རྒྱས་ཀྱི་ཞིང་དེ་ན་ཆུང་ངུ་ན་རིགས་
བཞིའི་མིང་ཡང་མི་སྲིད་པ་དང་། ཞེས་བསྟན་པ་ཡིན་ནོ། །དེས་ནི་རིགས་ཀྱི་ཚུལ་གྱི་དོན་མེད་དེ། འདི་ནི་བྲམ་ཟེ་ཞེས་བྱ་བ་དང་། འདི་ནི་དམངས་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་པས་བསྟན་པ་ཡིན་ནོ། །སེམས་ཅན་རབ་དང་། འབྲིང་དང་། ཐ་མ་དང་། ཁ་དོག་
བཟང་བ་དང་། ཁ་དོག་ངན་པ་དང་། ཆོས་གཉིས་པོ་མ་གཏོགས་པ་གཞན་གྱི་དབང་དུ་བྱས་པ་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཉིད་མ་གཏོགས་པ་དང་། འགྲོ་བས་ཕྱེ་བའི་རྫུས་ཏེ་སྐྱེ་བ་མ་གཏོགས་པ་སྐྱེ་གནས་གསུམ་པོ་དང་། མངོན་པར་ཤེས་པ་དང་བྲལ་བ་
དང་། བཤང་གཅི་ལ་སོགས་པ་འཛག་པ་དང་། འོད་དང་མི་ལྡན་པ་དང་། ཉིན་མོ་དང་། མཚན་མོ་དང་། ཉི་མ་དང་། ཟླ་བ་ལ་སོགས་པ་དང་། ཚེ་ཐུང་བ་དང་། སྐྱེས་བུ་ཆེན་པོའི་མཚན་དང་བྲལ་བ་དང་། སངས་རྒྱས་ལ་བསྙེན་བཀུར་བྱེད་པར་ནུས་པའི་དགེ་བའི་རྩ་བ་དང་།
མི་ལྡན་པ་དང་། ཁམས་མི་མཉམ་པས་ཀུན་ནས་ལྡང་བའི་ནད་རྣམས་ལས་བཟློག་པས་ཉེ་བར་བསྡུས་པ་དེ་དག་ལས་བཟློག་པ་ནི་འདི་ཡིན་ཏེ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པས་ཀུན་ནས་དཀྲིས་པའི་ནད་རྣམས་སྐྱེས་པ་དང་། མ་སྐྱེས་པ་དག་གོ་རིམས་
Vol. 81 · folio 129a
བཞིན་དུ་བསལ་བ་དང་། མི་སྐྱེ་བ་དང་། རྗེས་སུ་མཐུན་པའི་གསོ་བས་ཉེ་བར་བསྡུས་པ་དང་། འདོད་ཆགས་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པའི་ཐེག་པ་ལ་མོས་པ་དང་། ང་རྒྱལ་ཅན་ལས་བཟློག་པས་ཅི་རིགས་པར་རང་གི་
སངས་རྒྱས་ཀྱི་ཞིང་དུ་ཕུན་སུམ་ཚོགས་པའི་རྣམ་པ་དེ་དང་དེ་རྣམས་ཀྱིས་བསྡུས་པ་ལ་ཞུགས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་བ་དང་། ཚེ་དང་། འོད་དང་། དགེ་སློང་གི་དགེ་འདུན་ལ་ཚད་ཡོད་པ་ལས་གོ་
བཟློག་པས་དེ་དག་ཚད་མེད་པར་འགྱུར་བ་ཉིད་མངོན་པར་འཚང་རྒྱ་བར་སེམས་བསྐྱེད་པ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་པར་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བསམ་པ་ཉིད་དང་། ནམ་མཁའ་ལྟར་མུ་མེད་པའི་སེམས་ཅན་གྱི་ཁམས་ལ་འཁོར་བ་དང་། མྱ་ངན་ལས་འདས་པ་གང་ཡང་མེད་པར་ཡོངས་སུ་སྤྱོད་པའི་ཡིད་ལ་བྱེད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ནོ། །སྲིང་མོ་གང་གཱའི་ལྷ་མོས་དེ་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་ཁས་བླངས་པའི་དགེ་བའི་རྩ་བའི་རྒྱུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པས་འཁོར་རྣམས་ཇི་སྐད་དུ་བཤད་པའི་
སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ཐོབ་པར་ཡིད་ཆེས་པས་དབང་པོའི་དོན་གྱིས་དབང་པོར་གྱུར་པ་ཡིན་ཏེ་ཞེས་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་རྣམ་པར་འགྲེལ་པའོ།། །།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྟན་ནས་ཐབས་ལ་མཁས་
པ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་དེའི་ཡུལ་དང་སྦྱོར་བ་སྟེ། ཅི་ཞིག་བརྗོད་པར་བྱ་ཞེས་སྦྱར་བར་བྱའོ། །དེ་ལ་ཐབས་ལ་མཁས་པའི་ཡུལ་ནི་གང་ཇི་སྐད་དུ། དེ་དང་དེར་ཐབས་ལ་མཁས་པས་གསུངས་པ་དེ་ལྟར་རང་གི་ཡུལ་གྱི་སྦྱོར་བ་ཐ་དད་པ་བསྟན་པ་ནས་བརྩམས་ཏེ། སྟོང་
Vol. 81 · folio 129b
པ་ཉིད་ལ་སོགས་པ་རྣམས་ནས། བྱང་ཆུབ་ཀྱི་ཕྱོགས་རྣམས་ལ་གོམས་པ་སྙོམས་པར་འཇུག་པ་བསྒོམ་པ་ཡོངས་སུ་འདྲིས་པས་ནི་ཐབས་ལ་མཁས་པའི་ཡུལ་དོན་གྱིས་བསྟན་ཏོ་ཞེས་བསྟན་ཏོ། །ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་ལ་ཇི་ལྟར་འདྲིས་པར་བགྱི་ཞེས་བྱ་བ་ནས་བརྩམས་ཏེ། ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པས་སྙོམས་པར་འཇུག་པར་བགྱི་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །ཐབས་ལ་མཁས་
པའི་སྦྱོར་བ་ནི་གང་གཟུགས་སྟོང་པའོ་ཞེས་སོ་སོར་རྟོག་པར་བྱེད་ཅིང་ཐབས་ལ་མཁས་པ་ལ་ཉེ་བར་འགོད་པའོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་
སོ་སོར་རྟོག་ཅིང་ཞེས་བྱ་བ་ནས་བརྩམས་ཏེ། གོམས་པར་བསྒོམ་ཞིང་མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་པར་ཤེས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་སྦྱིན་པ་དང་བྲལ་བ་མ་ཡིན། ཚུལ་ཁྲིམས་དང་བྲལ་བ་མ་ཡིན།
བཟོད་པ་དང་བྲལ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གཙུག་ན་རིན་པོ་ཆེའི་མདོ་བླང་ངོ་། །ཐབས་ནི་རྣམ་པ་བཅུར་འགྱུར་བས། །དེའི་ཕྱིར། མཚོན་བྱ་རྣམས་ལས་འདས་པ་དང་། །མི་གནས་དེ་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་ཉིད་དང་ནི། །མ་ཆགས་པ་དང་མི་
དམིགས་དང་། །མཚན་མ་སྨོན་ལམ་ཟད་པ་དང་། །དེ་ཡི་རྟགས་དང་ཚད་མེད་དང་། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་བར་ཆད་ཀྱི་ཆོས་ལ་ཡང་དག་པའི་འདའ་བའི་ཐབས་ལ་མཁས་པ་ནི་གང་སྐྱེས་བུ་སྒྱུ་རྩལ་ལ་བྱང་བ་ཞིག །འབྲོག་དགོན་
པར་ཆས་པའི་དཔེས་བདག་གིར་བྱས་པའི་སེམས་ཅན་གྱི་ཁམས་ཕྱིར་རྒོལ་བའི་ཆོས་ལས་ཡང་དག་པར་འདའ་བ་ཤེས་པ་ནི་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་ཏོ་ཞེས་བཤད་དོ། །མི་གནས་པའི་ཐབས་ལ་མཁས་པ་ནི། གང་ཡང་བྱ་བར་སྣང་ལ་རྒྱུ་བ་ས་ལ་མི་ལྷུང་
Vol. 81 · folio 130a
བའི་དཔེས་མི་གནས་པ་རྟོགས་པ་ནི། མི་གནས་པའི་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །ཕྱོགས་ཀྱི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མཚན་ཉིད་དང་། གྲོགས་དང་བཅས་པའི་མཚན་ཉིད་དང་། ཕྱོགས་ཞེས་བྱ་བ་ནི་ཡང་འཇུག་
པས་བྱ་བ་སྨོས་པ་ཡིན་ནོ། །སྔོན་གྱི་ཤུགས་ཀྱིས་འཕགས་པའི་ཐབས་ལ་མཁས་པ་ནི་གང་སྐྱེས་བུ་མཐུ་དང་ལྡན་པ་འཕོང་གི་སློབ་དཔོན་དུ་གྱུར་པས། མདའ་ནམ་མཁར་འཕངས་པ་གཅིག་ལ་གཅིག་ལོང་བཏགས་པའི་དཔེས་སྨོན་ལམ་བཏབ་པའི་ཤུགས་ཀྱིས་ཐབས་
ལ་རྗེས་སུ་འཇུག་པ་ཤེས་པ་ཡིན་པར་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པ་ནི། གང་སེམས་ཅན་ཡོངས་སུ་མི་གཏང་བའི་བསམ་པས་དེ་ལྟར་དགའ་བའི་གནས་ལ་སྦྱོར་བ་ཤེས་པ་ནི། ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་
པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །མ་ཆགས་པའི་ཐབས་ལ་མཁས་པ་ནི། གང་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་མ་ཐོབ་པར་བསམ་གཏན་ལ་སོགས་པའི་དགེ་བའི་ཆོས་ཐམས་ཅད་ལས་ཡོངས་སུ་མ་ཉམས་ཤིང་། མངོན་པར་འབྲེལ་པར་བརྗོད་
པར་ཤེས་པ་ནི་རོ་མྱང་བ་མེད་པར་ཐབས་ལ་མཁས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །མི་དམིགས་པའི་ཐབས་ལ་མཁས་པ་ནི། གང་ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་རྟོགས་པས་མི་དམིགས་པའི་ཐབས་ཤེས་པ་ཡིན་པར་དོན་གྱིས་བསྟན་
པ་ཡིན་ནོ། །མཚན་མ་མེད་པའི་ཐབས་ལ་མཁས་པ་ནི། གང་ཡང་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་ཡོངས་སུ་རྫོགས་པར་རྟོགས་པས་མཚན་མ་མེད་པའི་ཐབས་ལ་མཁས་པ་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །སྨོན་པ་མེད་པའི་ཐབས་ལ་མཁས་པ་ནི།གང་ཡང་
སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྒོམ་པ་ཡོངས་སུ་རྫོགས་པར་རྟོགས་པས་སྨོན་པ་མེད་པའི་ཐབས་ལ་མཁས་པ་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ལ་སོགས་པ་ནི། ཉན་ཐོས་པ་ལ་སོགས་པ་དང་། ཐུན་མོང་ཡིན་དུ་ཟིན་ཀྱང་དེ་ཐབས་ཀྱི་ཁྱད་པར་ཡོད་པའི་
Vol. 81 · folio 130b
དོན་ནི་དེ་ལྟར་སྤྱོད་ན་མངོན་པར་འདུ་བྱ་བ་མེད་པར་ལྟུང་བ་ཁམས་གསུམ་པ་དང་ལྷན་ཅིག་གནས་པ་ནི་གནས་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཕྱིར་མི་ལྡོག་པའི་རྟགས་ཀྱི་ཐབས་ལ་མཁས་པ་ནི་གང་གཞན་གྱིས་དྲིས་པའི་ཕྱིར་མི་ལྡོག་པའི་རྟགས་དང་རྗེས་སུ་མཐུན་པའི་ལུང་བསྟན་པ་ལ་ལུང་མི་
སྟོན་པས་ཕྱིར་མི་ལྡོག་པ་དང་། ཕྱིར་ལྡོག་པ་ངེས་པར་གཟུང་བའི་ཐབས་ལ་མཁས་པ་དེའི་རྟགས་ཤེས་པ་ཡིན་པར་དོན་གྱིས་བསྟན་པ་ཡིན་ནོ། །ཡུལ་ཚད་མེད་པའི་ཐབས་ལ་མཁས་པ་ནི་གང་ཡང་གང་རྣམ་པ་དེ་ལྟར་ལན་ལྡོན་པ་དེ་དག་མི་འཕྲོགས་པ་ཉིད་ཀྱིས་ཐབས་ལ་མཁས་པའི་ཡུལ་ཚད་
མེད་པ་ཉིད་ཤེས་པ་ཡིན་པར་དོན་གྱིས་བསྟན་ཏོ་ཞེས་དོན་གྱིས་བསྟན་པ་ཡིན་ནོ། །ཐབས་ལ་མཁས་པའི་རྣམ་པར་འགྲེལ་པའོ།། །།དེ་དག་དེ་ལྟར་བྱས་ན་རྣམ་པ་དང་བཅས་པ་དང་། སྦྱོར་བ་དང་བཅས་པ་དང་། ཕན་ཡོན་དང་བཅས་པ་དང་། བར་ཆད་དང་
བཅས་པ་དང་། ཡུལ་དང་བཅས་པ་དང་། ཁྱད་པར་དང་བཅས་པ་དང་། བྱེད་པ་དང་བཅས་པ་དང་། ངོ་བོ་ཉིད་དང་བཅས་པ་དང་། འཇུག་པ་དང་བཅས་པ་དང་། ཡོངས་སུ་སྨིན་པ་དང་བཅས་པ་དང་། རྟེན་དང་བཅས་པ་དང་། ཡན་ལག་དང་བཅས་
པ་དང་། ཉེ་བའི་ཡན་ལག་དང་བཅས་པ་དང་། ཡོངས་སུ་གཟུང་བ་དང་བཅས་པ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་གྱུར་པར་བསྟན་པ་ཡིན་ནོ། །དེ་ལ་ཡུལ་ནི་ཤེས་པའི་མཚན་ཉིད་ཀྱི་ཡུལ་གང་ཡིན་པར་ཤེས་པར་བྱའོ། །འཇུག་པ་ནི་ཐར་
པའི་ཆ་དང་མཐུན་པ་རྣམས་ཡིན་ཏེ། དེ་རྣམས་ཀྱི་བསྟན་པ་ལ་འཇུག་པའི་ཕྱིར་རོ། །ཡོངས་སུ་སྨིན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཏེ། དེ་རྣམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །རྟེན་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །
ཡན་ལག་ནི་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དོ། །ཉེ་བའི་ཡན་ལག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་
Vol. 81 · folio 131a
པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཀུན་མཁྱེན་གསུམ་ནི་ཇི་སྐད་བཤད་པའི་རྣམ་པ་རྣམས་སོ་སོར་ངེས་པ་ཡིན་པས་རྣམ་པའི་ཡུལ་རེ་རེར་ངེས་པ་ཡིན་ལ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་རྣམ་པ་མ་ལུས་པ་ཡུལ་དུ་བྱེད་པ་
ཡིན་ཏེ། དེ་ནི་ཁྱད་པར་ཡིན་ནོ། །ཡང་ན་ཀུན་མཁྱེན་གསུམ་དུ་བཞག་པ་ནི་མཚན་ཉིད་དང་ལྡན་པ་ཡིན་ལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་སྦྱོར་བ་དང་ལྡན་པ་ཡིན་ནོ། །ཁྱད་པར་གཞན་ཡང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ནི་མི་མཐུན་
པ་དང་། གཉེན་པོའི་གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་ལྟ་བུ་མ་ཡིན་ཏེ། རྣམ་པ་ནི་ཞི་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་དེ་ལྟར་བྱས་ན། རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཡོན་ཏན་སྐྱོན་ནི་མཚན་ཉིད་བཅས། །ཐར་དང་
ངེས་འབྱེད་ཆ་མཐུན་དང་། །སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །སྲིད་དང་ཞི་བ་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་སྟེ། །དེ་ལྟར་ཐབས་ལ་མཁས་པ་ནི། །རྣམ་ཀུན་མངོན་རྟོགས་རྫོགས་པའོ། །ཞེས་བྱ་བ་ནི་རིམ་གྱིས་འབྱུང་བའི་འབྲེལ་པ་ཡིན་པར་བལྟ་བར་བྱའོ། །
མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་རྣམ་པར་འགྲེལ་པའོ།། །།རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་བསྟན་ནས་ད་ནི་རྩེ་མོའི་མངོན་པར་རྟོགས་པ་བརྗོད་པར་བྱའོ། །
དེ་ལ་རེ་ཞིག་གང་གིས་དེ་མཚོན་པར་འགྱུར་བའི་རྟགས་བརྗོད་པར་བྱ་སྟེ། དེའི་རྟགས་གང་ཡིན་པ་དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུ་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་
བསྟན་པ་ཡིན་ནོ། །དེ་ལ་རྟགས་དང་པོ་ནི། གང་རྨི་ལམ་གྱི་ནང་དུ་ཡང་ཆོས་རྣམས་ནི་རྨི་ལམ་ལྟ་བུར་བལྟའོ་ཞེས་བསྟན་པ་ཡིན་ནོ། །དེའི་མདོ་ནི། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་དུ་ཡང་ཆོས་རྣམས་རྨི་ལམ་ལྟ་བུར་བལྟ་ཞིང་། དེ་
Vol. 81 · folio 131b
བཞིན་དུ་སྒྲ་བརྙན་དང་། སྨིག་རྒྱུ་དང་། སྤྲུལ་པ་དང་། སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་དང་འདྲ་བར་ཆོས་ཐམས་ཅད་ལ་བལྟ་ཞིང་མངོན་དུ་མི་བྱེད་ན་དེ་ནི་རྩེ་མོ་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དོན་ཅི་ཞིག་ཡིན་ཞེ་ན། གང་དེ་ལྟར་ཐབས་
དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་གྱི་ཆོས་བསྒོམས་པས་རྩེ་མོ་ཐོབ་པ་ནི་རྨི་ལམ་གྱི་ནང་དུ་ཡང་རྣལ་འབྱོར་འདི་ངེས་པར་མཐོང་བའི་ཡིད་ལ་བྱེད་པ་གང་ཡིན་པས་སེམས་ཅན་གྱི་ཁམས་ལ་ལྟོས་པ་དང་བཅས་པ་ཉིད་དུ་གནས་པ་ཡིན་ནོ། །དེ་
བཞིན་དུ་མདོ་གཞན་ལས་བསྟན་པ་ཡིན་ནོ། །གཉིས་པ་ནི་གང་དེ་ཉིད་ཉན་ཐོས་ལ་སོགས་པའི་ས་དང་། ཁམས་གསུམ་པོ་འདོར་བའི་སེམས་དང་། དགའ་བའི་སེམས་མི་སྐྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གསུམ་པ་ནི་གང་དེ་ཉིད་དེ་བཞིན་གཤེགས་པ་འཁོར་ཆེན་པོས་
བསྐོར་བ་མཐོང་ཞིང་། དེ་དམ་པའི་ཆོས་སྟོན་པའི་ཆོས་ཀྱི་རྗེས་སུ་སྒྲུབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བཞི་པ་ནི་གང་ཡང་དེ་ཉིད་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་མཐོང་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལྔ་པ་ནི་གང་ཡང་དེ་ཉིད་འཇིགས་
པའི་གནས་ཐམས་ཅད་ལ་ཁམས་གསུམ་པ་རྨི་ལམ་ལྟ་བུར་ཆོས་སྟོན་པས་ཉེ་བར་བསྡུས་པའི་སེམས་བསྐྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དྲུག་པ་ནི་གང་ཡང་སེམས་ཅན་དམྱལ་བ་ལ་སོགས་པ་མཐོང་ནས། རང་གི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤང་བར་བྱ་བ་རྗེས་
སུ་དྲན་པ་ཐོབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་མངོན་པར་རྟོགས་པ་ནི། འཁོར་བ་རྨི་ལམ་དང་། རྨི་ལམ་གང་ཡིན་པ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །བསམ་པས་རྣམ་པ་གཉིས་སུ་དབྱེར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བདུན་པ་ནི་
གང་རྨི་ལམ་སད་པའི་གནས་སྐབས་སུ་གྲོང་ཁྱེར་ལ་སོགས་པ་མེས་ཚིག་པར་གྱུར་པ་བདེན་པའི་བྱིན་གྱི་རླབས་ཀྱིས་རབ་ཏུ་ཞི་བར་ནུས་པས་ཕྱིར་མི་ལྡོག་པ་ཉིད་ཡིན་པ་དང་། དེའི་ཕྱོགས་གཅིག་ཞི་བར་མི་ནུས་པ་ནི་ཆོས་སྤོང་བའི་ལས་བྱས་པ་ཉིད་དང་། ཁྱིམ་ལ་ལ་ནི་ཚིག་
Vol. 81 · folio 132a
ཁྱིམ་ལ་ལ་ནི་མ་ཚིག་པ་ལས། སེམས་ཅན་དེ་དག་གི་ལས་ཚེ་འདི་ལ་རྣམ་པར་སྨིན་པ་ཉིད་དོ་ཞེས་བསྟན་པ་ཉིད་དོ། །བརྒྱད་པ་ནི་གང་ཡང་མི་མ་ཡིན་པས་བྱིན་གྱིས་བརླབས་པ་ལ། དེ་བསལ་བའི་ཕྱིར། ཕྱིར་མི་ལྡོག་པའི་བདེན་པའི་བྱིན་གྱིས་བརླབས་
པ་ལ་འབྱོར་པ་དང་། བདུད་ཀྱིས་བྱིན་གྱིས་བརླབས་ནས་བསལ་བ་དེ་ལ་རང་ཉིད་ང་རྒྱལ་སྐྱེ་བ་དང་། བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པའི་མཚན་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར་དང་། བདུད་ཀྱིས་དེའི་མིང་དང་རུས་
ལ་སོགས་པ་གཏན་ལ་ཕེབས་པར་སྨྲ་བས་སླུ་བ་རྟོགས་པའི་ངག་མ་རྟོགས་པ་དང་། ཡང་བདུད་རང་གིས་བརྟགས་པའི་སླུ་ཚིག་གཏན་པ་བདག་གིར་བྱེད་པ་དང་། ཕས་ཕམ་པ་བཞི་དང་། མཚམས་མེད་པ་ལྔ་བས་ཀྱང་མིང་བསྟན་པའི་རློམ་སེམས་དེ་ཤིན་ཏུ་ལྕི་བའི་ལས་ཉིད་དང་
ཡང་བདུད་ཀྱིས་དབེན་པའི་ཡོན་ཏན་བསྟན་པས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ལ་སོགས་པའི་སེམས་ཀྱི་དབེན་པ་རྗེས་སུ་གནང་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དགུ་པ་ནི་གང་མངོན་པའི་ང་རྒྱལ་ཅན་གྱི་གང་ཟག་སྤངས་པ་དང་། རང་གི་དོན་ལ་སོགས་
པའི་སྦྱོར་བ་ལ་རྗེས་སུ་བརྩོན་པའི་རང་གི་མངོན་པར་ཤེས་པས་ཕ་རོལ་གནོན་པ་ཉིད་དང་། དགེ་བའི་བཤེས་གཉེན་ཆོས་ཐམས་ཅད་ཐོབ་པའི་རྒྱུ་ཡིན་པར་ཤེས་པར་བྱ་བ་ཉིད་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་དགེ་བའི་བཤེས་གཉེན་དུ་གྱུར་པ་
ཉིད་དང་། དེ་རྣམས་དགེ་བའི་ཆོས་ཐོབ་པའི་ལམ་ཤེས་པར་བྱ་བའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །བཅུ་པ་ནི་གང་མངོན་པར་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱ་སྟེ། འདི་ལྟར་ཆོས་ཐམས་
ཅད་རྒྱ་ཆེར་བསྟན་ཏོ་ཞེས་བསྟན་པ་ཡིན་ནོ། །བཅུ་གཅིག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའ་ལྟར་ཆགས་པ་མེད་པའི་མཚན་ཉིད་ཡིན་པས་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པའི་བག་ཆགས་མེད་པ་ཤེས་པར་བྱ་བའི་དོན་དང་། དབེན་པ་དང་། སྟོང་
Vol. 81 · folio 132b
པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དག་གི་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དུ་ཡོད་པ་ཉིད་ཡིན་ནོ། །དེ་ལྟ་ན་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པར་འགྱུར་
བས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གིར་བྱ་བ་ལ་སྤྱོད་དམ་ཞེས་བྱ་བ་ལ་སོགས་པ་དེ་གྲུབ་པོ་ཞེས་བསྟན་པ་ཡིན་ནོ། །བཅུ་གཉིས་པ་ནི་གང་དེ་ལྟར་སྤྱོད་པ་ནི་ཟིལ་གྱིས་གནོན་པར་མི་ནུས་པའི་ཕྱིར། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །རྟགས་ཀྱི་རྣམ་པར་འགྲེལ་པའོ།། །།རྩེ་མོའི་མངོན་པར་རྟོགས་པ་གང་གིས་མཚོན་པར་འགྱུར་བའི་རྟགས་རྣམས་བསྟན་ནས། ད་ནི་དེའི་རྣམ་པར་འཕེལ་བ་གང་ཞིག་ཡིན་
ཞེ་ན། འཛམ་བུའི་གླིང་གི་གྲངས་སྙེད་ཀྱི། །སངས་རྒྱས་མཆོད་པའི་དགེ་ལ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །དེ་ལ་རྣམ་པར་འཕེལ་བ་དང་པོ་ནི། གང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་
ཀྱི་གྲངས་སྙེད་ཀྱི་དེ་བཞིན་གཤེགས་པ་ལ། རིམ་གྲོ་ལ་སོགས་པས་མཆོད་པའི་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་
ལ་བྱེད་པ་དང་། མ་བྲལ་བ་ན་དེའི་བསོད་ནམས་མང་དུ་འཕེལ་བ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཞག་ནས། དགེ་བའི་རྩ་བ་དེ་ཡང་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་བས་ཅིག་ཤོས་ཀྱིས་བསོད་ནམས་ཆེས་མང་དུ་འཕེལ་བ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དེ་བཞིན་གཤེགས་པ་ལས་གཞན་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་
Vol. 81 · folio 133a
པར་བྱ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། དེའི་མདོ་ནི་རབ་འབྱོར་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་དེ་དག་ཐམས་ཅད་མིའི་བདག་ཉིད་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འགའ་ཞིག་གིས་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་ལ་སོགས་པ་བྱས་ཞེས་བྱ་བ་ལ་སོགས་པས་སོ། །དེ་བཞིན་དུ་མདོ་གཞན་ལས་ཀྱང་གསུངས་སོ། །གཉིས་པ་ནི་གང་སྐྱེས་བུ་
འགའ་ཞིག་གིས་ནོར་བུ་རིན་པོ་ཆེ་རྙེད་མ་མྱོང་བ་ཞིག་རྙེད་པ་ལས་ཡང་སྟོར་བའི་དཔེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཅིག་ཏུ་གཏོད་པའི་ཡིད་ལ་བྱེད་པའི་ཕྱིར། ཡིད་ལ་བྱ་བ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་
ཉིད་ཀྱི་དངོས་པོ་བསྐྱེད་པས། འདི་ལྟར་ཆོས་ཐམས་ཅད་རང་བཞིན་དང་བྲལ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་འཕེལ་བ་དང་། འགྲིབ་པ་བཀག་པས་མི་འབྲལ་བ་ཉིད་དུ་རབ་ཏུ་བསྒྲུབས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གསུམ་པ་ནི་གང་རབ་འབྱོར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་འཕེལ་བ་དང་འགྲིབ་པ་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། རབ་འབྱོར་བཟོད་པ་དེ་ལྟ་བུ་དང་
ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་ཞེས་བྱ་བའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དེ་ལ་གཞོལ་བར་འགྱུར་ཞིང་།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། བཞི་པ་ནི། གང་བཅོམ་ལྡན་འདས་ཇི་ལྟར་ལགས། ཆོས་ཐམས་ཅད་མི་སྐྱེ་བ་ཉིད་གང་ལགས་པ་དེ་ལས། བྱང་ཆུབ་སེམས་དཔའ་སེམས་
Vol. 81 · folio 133b
དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པར་བྱ་བ་དང་། རྟོགས་པར་བྱེད་པའི་ཆོས་ཉེ་བར་མི་དམིགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་སྤྱོད་
པའི་བྱང་ཆུབ་སེམས་དཔའ་ལ་རྣམ་པར་རྟོག་པ་དེ་ལྟ་བུ་ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་མངོན་པར་རྟོགས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའོ་ཞེས་བསྟན་པ་ཡིན་ནོ། །ལྔ་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་
བརྩོན་པ་ལས། དགེ་བའི་རྩ་བ་མི་བརྟན་པ་དང་ལྡན་པ་བཀག་པས། དེ་ལ་སློབ་པ་བསོད་ནམས་མང་བར་བཤད་པའི་ཕྱིར། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པས། ཆོས་
འདི་ལ་མངོན་པར་བརྩོན་པ་དང་ལྡན་པ་བསོད་ནམས་མང་དུ་འཕེལ་བའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པ་ཐམས་ཅད་དང་། ཉན་ཐོས་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་ཐམས་ཅད་ཟིལ་གྱིས་མནན་ཏེ། ངེས་པར་འབྱུང་
བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དྲུག་པ་ནི་གང་དེ་ལྟར་སྤྱོད་པ་ལ་ལྷའི་ཚོགས་ཐམས་ཅད་ཉེ་བར་འདོང་བ་དང་། སེམས་པར་འགྱུར་བ་དང་། གཞན་གྱིས་གནོད་པ་བྱས་པ་རྣམས་ལ་ཡང་ཁམས་མི་མཉམ་པས། ཀུན་ནས་བསླངས་པའི་ནད་ལ་སོགས་པ་བཀག་པ་ཉིད་ཀྱི་
ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བདུན་པ་ནི་གང་བྱང་ཆུབ་སེམས་དཔའ་སློབ་པའི་དུས་སུ་ཉན་ཐོས་ལ་སོགས་པ་སློབ་པའི་སར་ལྟུང་བ་བྱས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལས་གཞན་དུ་འགྲོ་བར་བྱ་བའི་ཕྱིར་སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྣམས་དོགས་པ་སྐྱེ་བར་བྱེད་པ་དང་། དེ་མྱ་ངན་གྱི་ཟུག་རྔུ་ཟུག་པར་འགྱུར་བ་དང་། ཡང་དེ་རྣམས་སྐར་མདའ་ལྟུང་བ་གཏོང་བ་ལ་སོགས་པ་དང་། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་
Vol. 81 · folio 134a
མདུན་དུ་བདུད་སྡིག་ཅན་འཚེ་བའི་བསམ་པས་འོང་བ་མ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། སྔོན་གྱི་ཚེ་རབས་སུ་ཆོས་འདི་ལ་ལྷག་པར་མོས་པ་དང་། ཐེ་ཚོམ་ཟ་བར་གྱུར་པ་དང་། དགེ་བའི་བཤེས་གཉེན་དང་བྲལ་བ་དང་། འཇིག་རྟེན་རྒྱང་
པན་ལ་སོགས་པའི་ཆོས་མ་ཡིན་པ་འཛིན་པར་བྱེད་པ་དང་། དེའི་བསྔགས་པ་བརྗོད་པ་ལ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པས་ཅི་ཞིག་བྱ་ཞེས་ཟེར་ཞིང་རྣམ་པར་འབྱེད་པ་དང་། བྱང་ཆུབ་སེམས་དཔའ་གཞན་ལ་བརྙས་པ་དང་། ཉན་ཐོས་དང་། བྱང་ཆུབ་
སེམས་དཔའི་གང་ཟག་རྣམས་དང་ལྷན་ཅིག་འཐབ་ཅིང་རྩོད་པ་ལ་སོགས་པ་དང་། ལུང་མ་བསྟན་པ་དང་། ལུང་བསྟན་པ་གཞན་དག་ལ་གནོད་སེམས་དང་ལྡན་པ་ལ་ནི་བདུད་ཀྱིས་གླགས་རྙེད་པར་འགྱུར་བས། དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཏང་བ་དང་
ལྡན་པ་ནི། དེ་སྲིད་ཀྱི་དུས་སུ་དམྱལ་བར་གནས་པར་གོ་ཆ་བགོ་བར་ཁས་བླངས་པ་ཉིད་དང་། འཆགས་ཤིང་སྡོམ་པར་བརྩོན་གྱི་སྡོམ་པ་ལ་གནས་པས་ལས་ཀྱི་སྒྲིབ་པ་དེ་ལས་ལྡང་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་ཡིན་ནོ། །བརྒྱད་པ་ནི་གང་སྟོན་པ་ལ་ཇི་ལྟར་གནས་པ་དེ་
བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་དང་གནས་པར་བྱ་བ་དང་། བསླབ་པ་མཚུངས་པ་ཉིད་ཀྱིས་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་ནས། བྱང་ཆུབ་ཀྱིས་སྟོང་ཞེས་བྱ་བའི་བར་དུ་བསླབ་པ་མཉམ་
པ་ཉིད་ཀྱིས་ཡུལ་ཉེ་བར་དགོད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དགུ་པ་ནི་གང་བཅོམ་ལྡན་འདས་ཇི་ལྟར་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས་སམ་ཞེས་བྱ་བ་
ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་དང་ལྡན་པ་གང་གིས་བསམ་གཏན་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་སྟེ། དེ་རྣམས་ཀྱི་དབང་གིས་ཀྱང་མི་སྐྱེའོ་ཞེས་བྱ་བའི་བར་དང་། ཡོངས་སུ་དག་པའི་བསླབ་པ་བརྗོད་པ་ནས་བསླབ་པ་རྣམ་པར་འཕེལ་བ་
Vol. 81 · folio 134b
ཤེས་པར་བྱ་བའི་ཕྱིར་དང་། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་དེ་མི་ཤེས་པའི་འཐད་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པར་བྱེད་པའི་འཐད་པས་སོ་ཞེས་
བསྟན་པ་ཡིན་ནོ། །བཅུ་པ་ནི་གང་གསེར་ས་ལེ་སྦྲམ་འབྱུང་བའི་གནས་དྲུག་པའི་དཔེས་སངས་རྒྱས་ཀྱི་རིགས་རྩེ་མོའི་མངོན་པར་རྟོགས་པ་མངོན་པར་འཕེལ་བ་ཐོབ་པའི་སྣོད་དུ་རུང་བ་ཤིན་ཏུ་ཉུང་བ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བཅུ་གཅིག་པ་ནི་གང་
འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ། གནས་པ་ཉུང་བའི་དཔེས་རྩེ་མོའི་མངོན་པར་རྟོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཉིད་ཐོབ་པ་རྙེད་པ་ནི་ཆེས་ཉུང་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བཅུ་གཉིས་པ་ནི་གང་ཡང་
ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱི་སེམས་མི་སྐྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བཅུ་གསུམ་པ་ནི་གང་གཟུགས་ལ་སོགས་པ་དང་ལྡན་པའི་སེམས་མི་སྐྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རྩེ་མོའི་མངོན་པར་རྟོགས་པའི་མཚན་ཉིད་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །བཅུ་བཞི་པ་ནི་གང་འཇིག་ཚོགས་ལ་ལྟ་བའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཐམས་ཅད་དུ་འདུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །
བཅོ་ལྔ་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་རོ་ཞེ་ན། དེའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་
སུམ་ཚོགས་པ་རྣམས་ཤེས་པ་དང་། མཐོང་བས་དེ་དག་བལྟས་ཏེ་འདའ་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །རྗེས་སུ་དཔག་པའི་ཤེས་པ་བསལ་བའི་ཕྱིར་མཐོང་བ་ཞེས་སྨོས་པ་ཡིན་ལ། འཁྲུལ་པར་སྣང་བ་བསལ་བའི་ཕྱིར་ཤེས་པ་སྨོས་པ་ཡིན་ནོ། །ཤེས་པ་དང་མཐོང་
Vol. 81 · folio 135a
བའི་ཚིག་ནི་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ནི་བྱང་ཆུབ་སེམས་དཔའི་བསྒོམ་པའི་ལམ་དུ་ཤེས་པར་བྱ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་དེ་དག་འདིའི་བསྒོམ་པའི་ལམ་དུ་བཀག་ཅེ་ན། རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་
དང་། སྤངས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །གཙོ་བོ་གཞན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་འདའ་བར་བྱེད་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་ལ་འཇུག་པའོ། །རྣམ་པར་འཕེལ་བ་བཅུ་དྲུག་པ་ནི་གལ་ཏེ་ཡང་འདི་སྙམ་
དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས་བརྩམས་ཏེ། དེའི་ཡུལ་གྱི་རྣམ་པར་རྟོག་པ་བཀག་པ་ལ་སློབ་པར་རྗེས་སུ་གནང་ངོ་ཞེས་བསྟན་པ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་
འཕེལ་བའི་འགྲེལ་པའོ།། །།རྩེ་མོའི་མངོན་པར་རྟོགས་པའི་རྣམ་པར་འཕེལ་བ་ཇི་ལྟ་བ་བཞིན་དུ། བོགས་དབྱུང་བ་བསྟན་ནས། ད་ཇི་ལྟར་འགྱུར་བའི་ངེས་པ་བརྗོད་པའི་ཕྱིར། སེམས་ཅན་དོན་ཡོངས་མི་གཏོང་བ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱིས། །ཡོངས་
སུ་རྫོགས་པ་བླ་ན་མེད། །ངེས་པ་ཞེས་ནི་མངོན་པར་བརྗོད། །ཅེས་བསྟན་པ་ནི་གང་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་ཅིང་། སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ན། བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ནས། ལྟ་ཅི་སྨོས་ཞེས་བྱ་བའི་བར་དང་། ཐམས་ཅད་ཀྱི་ཡིད་དུ་འོང་བ་ཡིན་ནོ། །ཞེས་བྱ་བ་ནི་རྩེ་མོའི་མངོན་པར་རྟོགས་པ་ལ། ངེས་པའི་གནས་སྐབས་ཐོབ་པ་ནི་རྙེད་པར་དཀའ་བར་ཤེས་
པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་སྟོན་པ་ལྷའི་མེ་ཏོག་མན་ད་ར་བ་ཉེ་བར་གཏོར་བ་དང་། མངོན་དུ་ཕྱོགས་ནས་གཏོར་བ་དང་། རབ་ཏུ་ཁྱབ་པར་གཏོར་ནས་མཆོད་པའི་དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་
Vol. 81 · folio 135b
བསྔོས་པའི་ཚིག་གིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་དང་། རང་འབྱུང་གི་ཆོས་རྣམས་དང་། ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བྱ་བ། ཐམས་ཅད་མཁྱེན་པ་གསུམ་ཡོངས་སུ་རྫོགས་པར་བསྔོས་པས་དེ་བཤད་པའི་ཕྱིར་རོ་
ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ན་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་ཡིན་ཞེ་ན། དེ་ལྟ་བུའི་རྟོགས་པ་དང་ལྡན་པའི་གནས་སྐབས་སུ་མྱ་ངན་ལས་འདས་པ་སྤང་བའི་ཕྱིར་དང་། ཐུགས་རྗེ་ཆེན་པོ་མངོན་དུ་བྱ་བའི་དགོངས་པས་སེམས་ཅན་མ་བསྒྲལ་བ་བསྒྲལ་བ་ལ་སོགས་པའི་སེམས་
བསྐྱེད་པས། ཐེག་པ་ལ་གསར་དུ་ཞུགས་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས། ཅི་རིགས་པར་རྟོགས་པ་བཞིའི་གཉེན་པོའི་ཕྱོགས་མཐོང་བ་དང་བསྒོམ་པའི་ལམ་རྟོགས་པའོ། །རྣམ་པ་བཞི་བསྟན་པས་བཞི་པོ་
དེ་དག་བཤད་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ངེས་པའི་རྣམ་པར་འགྲེལ་པའོ།། །།ཏིང་ངེ་འཛིན་བསྟན་པའི་ཕྱིར། གླིང་བཞི་པ་ནི་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་
པ་ཡིན། །ཞེས་བསྟན་པ་ནི་གང་རྗེས་སུ་ཡི་རང་བའི་བསོད་ནམས་མང་པོ་ནས་བརྩམས་ཏེ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སྲང་གིས་གཞལ་བའི་དཔེ་དང་། དེ་བཞིན་དུ་སྟོང་ཆེན་པོ་དང་། སྟོང་གཉིས་པ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་ཇི་སྙེད་ཡོད་པ་དེ་དག་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་གཅིག་གིས། ཆུའི་ཐིགས་པ་བླངས་པའི་ཚད་གཟུང་བའི་དཔེས། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་མང་བ་ཉིད་
དང་། སེམས་བསྐྱེད་པ་འདི་དག་དང་ལྡན་པ་དག་ནི། གང་དང་གང་དུ་སྐྱེས་པ་དེ་དག་ཏུ་ཞེས་བྱ་བ་ནས་བརྩམས་ཏེ། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །སེམས་མ་ཡིན་པ་
Vol. 81 · folio 136a
གཞན་ཡང་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་ཕན་ཡོན་རྣམ་པ་མང་པོ་ཞིག་བསྟན་པའོ་ཞེས་བསྟན་པ་ཡིན་ནོ། །རྟག་པ་ལ་སོགས་པ་དེ་དག་ནི་དྲོ་བ་ལ་སོགས་པ་ངེས་པར་འབྱེད་པའི་ཆ་དང་
མཐུན་པ་བཞི་དང་འདྲ་བའི་མཚན་ཉིད་དུ་གོ་རིམས་བཞིན་དུ་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་རྣམ་པར་འགྲེལ་པའོ།། །།ད་ནི་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་དང་། གཉེན་པོར་བཅས་པ་རྣམ་པ་བཞི་པོ་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་བསྟན་
པའི་ཕྱིར། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་ཏེ། །དགུ་ཡི་བདག་ཉིད་ཡིན་ཞེས་བྱ། །ཞེས་བྱ་བ་ལ། དེ་ལ་གཟུང་བའི་རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། མ་ལུས་པ་ལ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་དང་པོ་ནི། གང་གཉིས་དང་གཉིས་སུ་
མེད་པའི་འདུ་ཤེས་དང་བྲལ་བའི་སེམས་བསྐྱེད་པ་དེ་ལྟ་བུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་ངེས་པར་སྦྱོར་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མ་ལུས་པ་ལས་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་རྣམ་པ་གཉིས་ནི། གང་ཚེ་དང་ལྡན་པ་ཤཱ་རིའི་བུ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་རྣམ་པར་མི་རྟོག་པའོ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རྣམ་པར་མི་རྟོག་པའི་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་རྣམ་པར་བྱང་བའི་ཡུལ་གྱི་རྣམ་པར་རྟོག་པ་བཀག་པའི་
ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡང་རྒྱུ་གང་གིས་དེ་དག་རྣམ་པར་རྟོག་པ་ཞེས་བསྟན་ཅེ་ན། གང་གི་ཕྱིར། ཇི་ལྟ་བ་བཞིན་ཡུལ་མིན་བདག །ཅེས་བྱ་བ་སྨོས་ཏེ། ཕྱིན་ཅི་ལོག་ཏུ་རྟོག་པས་ན་རྣམ་པར་རྟོག་པ་ཞེས་བྱའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་བསྟན་པའི་ཕྱིར།
སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །སོ་སོར་དེ་དག་དགུ་དག་ཉིད། །ཅེས་སྨོས་ཏེ། དེ་ལ་སོ་སོའི་སྐྱེ་བོའི་རྫས་སུ་ཡོད་པའི་རྟེན་ཅན་འཛིན་པའི་རྣམ་པར་རྟོག་པ་དང་པོ་ནི་གང་། ཀྱེ་མ་ཚེ་དང་ལྡན་པ་རབ་
Vol. 81 · folio 136b
འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གང་སྙིང་པོ་ལ་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་དབེན་པར་བཤད་པ་ལ་མི་ཞུམ། ཡོངས་སུ་ཞུམ་པར་མི་འགྱུར་བ་ལ་སོགས་པས། སྐྱེས་བུ་
རྫས་ཡོད་པའི་རྟེན་ཅན་གྱི་རྣམ་པར་རྟོག་པ་བཀག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་པའི་ཤེས་པ་འདི་ནི་སོ་སོའི་སྐྱེ་བོ་ལ་ཡོད་པའི་ཕྱིར། འཛིན་པའི་རྣམ་པར་རྟོག་པའི་སྐབས་སུ་བཞག་པ་དང་པོ་འདི་ནི་ཁྱད་པར་མ་ཡིན་ནོ་ཞེ་ན། དེ་རྣམས་ཀྱི་དེ་ཁོ་ན་ཉིད་
ཡིད་ལ་བྱེད་པ་དེ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་པར་འདིར་བཤད་པའི་ཕྱིར་སྙིང་པོ་མེད་པའོ། །བརྟགས་པར་ཡོད་པ་འཕགས་པའི་གང་ཟག་གི་རྟེན་ཅན་གྱི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་ནི་གང་སེམས་ཞུམ་པ་དེའི་རྒྱུ་དྲིས་པ་ལ། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཆིས་
པའི་སླད་དུ་ཞེས་བྱ་བ་ནས་བརྩམས་ཏེ། གང་དུ་སྐྱེ་བ་དང་། གནས་པ་དང་། གཞན་དུ་འགྱུར་བར་མི་དམིགས་ན་སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
རྒྱ་བར་འགྱུར་བའམ། ཆོས་སྟོན་པར་འགྱུར་ཞེས་འཕགས་པའི་གང་ཟག་ཐམས་ཅད་དུ་རྣམ་པར་རྟོག་པ་བཀག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འཕགས་པའང་དེ་ལྟ་བུ་ཡོད་དེ། དགེ་སློང་དག་མཚན་མོ་འདས་ནས་ནང་པར་གྱི་དུས་སུ་ངས་སྲོག་ཆགས་ཅེ་སྤྱང་སྒྲ་འབྱིན་པའི་
སྐད་ཐོས་སོ། །དེ་བཞིན་དུ་ང་ནི་དེའི་ཚེ་དེའི་དུས་སུ་རི་དགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པ་ཡིན་ནོ། །ཚིག་དེ་དག་ནི་ཐ་སྙད་ཡིན་གྱི། དོན་དམ་པ་མ་ཡིན་པས་སྙིང་པོ་མེད་དོ། །འཛིན་པའི་རྣམ་པར་རྟོག་པའི་སྐབས་སུ་བཞག་པར་གྱུར་པ་ནི་ཁྱབ་
པ་ཅན་མ་ཡིན་ནོ། །ཅིའི་ཕྱིར་འདི་དག་རྣམ་པར་རྟོག་པ་ཞེས་བརྗོད་ཅེ་ན། གང་གི་ཕྱིར། གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་མཚན་ཉིད་དོ། །དེ་ལྟར་རྣམ་པར་རྟོག་པ་འདི་བཞི་ཡང་།
Vol. 81 · folio 137a
རེ་རེ་ཡང་རྣམ་པ་དགུ་དགུར་ཤེས་པར་བྱའོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་དགུ་པོ་གང་ཞེ་ན། ངོ་བོ་ཉིད་རིགས་དེ་དང་ནི། །ཀུན་ནས་ཡང་དག་བསྒྲུབ་པ་དང་། །ཤེས་པའི་དམིགས་པ་མ་འཁྲུལ་དང་། །མི་མཐུན་པ་དང་གཉེན་པོ་དང་། །རང་
གིས་རྟོགས་དང་བྱེད་པ་དང་། །དེ་ཡི་ལས་བྱའི་འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྟོག་པ་དེ་ནི་རྣམ་དགུར་འདོད། །ཅེས་བསྟན་པ་ལ། དེ་ལ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ནི་གང་། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་སྒྱུ་མ་ལྟ་བུའི་སེམས་དེ་
ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་ལྟར་དབེན་པས་དབེན་པ་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་བར་གྱིས་འཚང་རྒྱ་བར་ཡང་མི་འཐད་པ་དང་། རབ་འབྱོར་དེ་དེ་བཞིན་ནོ། །རབ་འབྱོར་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་ཕྱིར་ཞེས་བྱ་བ་ནས་
བརྩམས་ཏེ། རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་མ་གྱུར་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབེན་པར་མ་གྱུར་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་འགྱུར་རོ་
ཞེས་བྱ་བའི་བར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེའི་མཚན་ཉིད་ཅན་ཡིན་པར་བསྟན་པའི་ཕྱིར། དེ་ལྟར་སྤྱོད་པ་ནི་དོན་ཟབ་མོ་ལ་སྤྱོད་པའོ་ཞེས་བསྟན་པ་ཡིན་ནོ། །རིགས་ཀྱི་རྣམ་པར་རྟོག་པ་ནི་གང་ཡང་ནམ་མཁའི་དཔེས་རིགས་སུ་རྣམ་པར་རྟོག་པ་བསལ་བའི་
ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡང་དག་པར་བསྒྲུབ་པའི་རྣམ་པར་རྟོག་པ་ནི་གང་ཡང་སྒྱུ་མའི་སྐྱེས་བུའི་དཔེས་བསྒྲུབ་པའི་ཡང་དག་པར་འགྲུབ་པའི་རྣམ་པར་རྟོག་པ་བཀག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དམིགས་པའི་རྣམ་པར་རྟོག་པ་ནི་གང་ཡང་གཟུགས་བརྙན་གྱི་དཔེས་
དམིགས་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་དང་གཉེན་པོའི་རྣམ་པར་རྟོག་པ་ནི་གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཔེས་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བསལ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་
Vol. 81 · folio 137b
ནོ། །རང་གིས་རྟོགས་པའི་རྣམ་པར་རྟོག་པ་ནི་གང་ཡང་དེའི་དཔེས་རང་རང་གིས་རྟོགས་པའི་རྣམ་པར་རྟོག་པ་བཀག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བྱེད་པ་པོའི་རྣམ་པར་རྟོག་པ་ནི་གང་ཡང་དེའི་སྤྲུལ་པའི་དཔེས་སྤྲུལ་པའི་རིགས་བྱེད་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར།
ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་རིང་བ་དང་ཉེ་བ་བཀག་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །བྱ་བའི་རྣམ་པར་རྟོག་པ་ནི་གང་ཡང་དེ་བཞིན་གཤེགས་པའི་སྤྲུལ་པའི་བྱ་བའི་དཔེས་ལས་ཀྱི་རྣམ་པ་བཀག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བྱ་བ་འབྲས་བུ་དང་
བཅས་པའི་རྣམ་པར་རྟོག་པ་ནི་གང་ཡང་ཤིང་གི་འཁྲུལ་འཁོར་གྱི་དཔེས་བྱ་བ་འབྲས་བུ་དང་བཅས་པའི་རྣམ་པར་རྟོག་པ་བསལ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པ་དགུ་གང་ཞེ་ན། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །
རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང་། །ལམ་གྱི་རྣམ་པ་མ་ཚང་དང་། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། །ཆེད་དུ་བྱ་བ་ལོག་པ་དང་། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང་། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་
རྟོག་དགུ་ཡི་བདག་ཉིད་ནི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །མདོ་ལས་ཇི་སྐད་གསུངས་པ་བཞིན། །ཞེས་བསྟན་པ་ལ། དེ་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བ་ཞིག་ཏུ་ལྟུང་བ་ཉིད་ཀྱིས་དམན་པའི་རྣམ་པར་རྟོག་པ་ནི་གང་རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཉི་མ་
དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་རྗེས་སུ་འགྲོའོ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་དང་སྙིང་རྗེ་དག་གིས་ཕ་རོལ་ཏུ་ཕྱིན་པ་ལྔ་པོས་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བར་ལྟུང་བར་མི་བྱེད་པའི་ཕྱིར། འཁོར་ལོས་སྒྱུར་
བའི་དཔེས་རྟོགས་པ་མ་ལུས་པ་ལ་བྱེད་པའི་ཡུལ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡོངས་སུ་འཛིན་པའི་རྣམ་པར་རྟོག་པ་ནི་གང་བུད་མེད་ཁྱིམ་ཐབ་མེད་པའི་དཔེས་ཡོངས་སུ་འཛིན་པའི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྒྲུབ་པ་མ་ཚང་
Vol. 81 · folio 138a
བའི་རྣམ་པར་རྟོག་པ་ནི་གང་ཡང་གཡུལ་དུ་ཞུགས་པའི་མི་དཔའ་བོའི་དཔེས་བསྒྲུབ་པའི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གཞན་གྱི་རྐྱེན་གྱིས་འགྲོ་བའི་རྣམ་པར་རྟོག་པ་ནི་གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། ཁམས་ཀྱི་
རྒྱལ་པོ་རྗེས་སུ་འབྲང་བའི་དཔེས་རྟོགས་པའི་དབང་དུ་གྱུར་པ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཆེད་དུ་བྱ་བ་ལོག་པའི་རྣམ་པར་རྟོག་པ་ནི་གང་ཡང་ཆུ་བོ་རྣམས་གང་གཱའི་ཆུ་བོ་དང་ལྷན་ཅིག་རྒྱ་མཚོ་ཆེན་པོར་འགྲོ་བའི་དཔེས། གྲོགས་གཙོ་བོ་རྣམས་དང་ལྷན་ཅིག་
ཏུ་འགྲོ་བའི་ཚུལ་གྱིས་ཕྱིར་མི་ལྡོག་པར་འགྲོ་བ་དང་། ཐེག་པ་གཞན་དུ་འགྲོ་བ་མེད་པས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་བྱ་བ་ལས་ཡོངས་སུ་ཉམས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཉི་ཚེ་བ་བྱེད་པའི་རྣམ་པར་རྟོག་པ་ནི་གང་སྐྱེས་བུའི་ལག་པ་གཡས་པ་དང་། གཡོན་པའི་
དཔེས་ཉི་ཚེ་བ་མ་ཡིན་པའི་བྱེད་པ་ཤེས་པར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །རྟོགས་པ་ཐ་དད་ཉིད་ཀྱི་རྣམ་པར་རྟོག་པ་ནི་གང་ཆུ་ཀླུང་ཕྲ་མོ་དང་། ཆུ་ཀླུང་ཆེན་པོའི་ཆུ་རྣམས་རྒྱ་མཚོ་ཆེན་པོར་ཕྱིན་ན་རོ་གཅིག་པར་འགྱུར་བའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་དེའི་བདག་ཉིད་ཅན་དུ་
འགྱུར་བར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གནས་པ་དང་འཇུག་པ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་ཡང་འཁོར་ལོ་རིན་པོ་ཆེ་གནས་པ་དང་། འགྲོ་བའི་དཔེས་གནས་པ་དང་། འགྲོ་བ་དག་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་དེའི་རྗེས་སུ་འབྲང་བར་ཤེས་པར་བྱ་བའི་ཕྱིར་
རོ་ཞེས་བསྟན་པ་ཡིན་ནོ། །རྗེས་ལ་འགྲོ་བའི་རྣམ་པར་རྟོག་པ་ནི་གང་ཡང་དེ་ཉིད་དཔུང་གི་ཚོགས་ཀྱིས་མདུན་དུ་འགྲོ་བའི་དཔེས་དེའི་རྗེས་སུ་འབྲང་བར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པའི་
ཕྱིར་ཕ་རོལ་ཏུ་ཕྱིན་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་ནི་མེད་དོ་ཞེས་བརྒལ་བ་ལ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་འདི་སྙམ་དུ་འཇིག་རྟེན་ན་གནས་པ་འདི་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ་ཞེས་བྱ་བ་
Vol. 81 · folio 138b
ནས་བརྩམས་ཏེ། ཤེས་རབ་ཀྱི་དོན་གྱི་དབང་མ་གཏོགས་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་མི་ནུས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱི་ལན་ཡིན་ནོ། །ཐ་དད་དུ་བྱེད་པ་མེད་པ་ཐམས་ཅད་ལས་གཅིག་གཙོ་བོར་
གྱུར་པ་ཡོད་པ་མ་ཡིན་ནོ་ཞེས་བརྒལ་བ་ལ། ལུས་ཐ་དད་པ་རྣམས་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་པའི་དཔེས་ལྔ་པོ་དེ་ནི་ཁྱད་པར་མེད་པའི་ཐོབ་པ་འདིས་གཙོ་བོར་འཐད་པའི་ལན་གྱིས་གསུངས་ལ། ཡང་དོན་རྗེས་སུ་ཞུགས་ནས་ཁྱད་པར་དུ་ཤེས་པ་མེད་པས། ཞེས་བྱ་བ་ནི་དོན་དམ་པ་
དང་འབྲེལ་བ་བྱེ་བྲག་ཏུ་རྣམ་པར་རྟོག་པ་ལ་ཀུན་ཏུ་སྤྱོད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་དང་བརྡར་བྱས་ན་ཞེས་བྱ་བ་ནས་བརྩམས་ཏེ། བུད་མེད་རིན་པོ་ཆེའི་དཔེས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བསྡུས་ཤིང་མི་གནས་པའི་ཚུལ་གྱིས་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ག་ན་བ་དེར་མི་གནས་པའི་ཚུལ་གྱིས་གནས་པར་དགོངས་པ་མཆོག་ཉིད་ཡིན་པར་འཐད་པའི་ལན་གསུངས་པ་ཡིན་ནོ། །ད་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པོ་རེ་རེ་ཞིང་དབྱེ་བ་རྣམ་པར་དགུར་འགྱུར་བར་བརྗོད་པར་བྱའོ། །དེ་ལ་རེ་ཞིག །འཛིན་པ་
དང་ནི་འདོང་བ་དང་། །ཡིད་ལ་བྱེད་དང་ཁམས་གསུམ་ནི། །གསུམ་ཆར་ཉེ་བར་འབྲེལ་པ་དང་། །གནས་དང་མངོན་པར་ཞེན་པ་དང་། །ཆོས་ཀྱི་དངོས་པོ་བཏགས་པ་དང་། །ཆགས་པ་དང་ནི་གཉེན་པོ་དང་། །ཇི་ལྟར་འདོད་བཞིན་འགྲོ་ཉམས་དང་། །འཛིན་པ་དང་
པོར་ཤེས་པར་བྱ། །ཞེས་བྱ་བ་ལ་དེ་ལ་འཛིན་པ་དང་ཐར་པའི་རྣམ་པར་རྟོག་པ་ནི། གང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་འཛིན་པའམ་གཏོང་བ་མ་མཆིས་སོ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ནི།
གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པས། ཡོངས་སུ་མ་བཟུང་མ་བཏང་བ་ཉིད་ཀྱིས་ཡིད་ལ་བྱེད་པ་མེད་པར་དགེ་བའི་རྩ་བ་རྣམས་རྣམ་པར་འཕེལ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
Vol. 81 · folio 139a
ཐོབ་པར་བྱེད་པ་མེད་པ་ཐལ་བར་འགྱུར་བས། གང་རབ་འབྱོར་ནམ་གཟུགས་ཡིད་ལ་མི་བྱེད་ཅེས་བྱ་བ་ནས་བརྩམས་ཏེ། དེའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། ཡིད་ལ་མི་བྱེད་པ་ནི་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ་ཞེས་བྱ་བའི་འཐད་པའི་ལན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །ཁམས་གསུམ་པ་དང་ཉེ་བར་འབྲེལ་པའི་རྣམ་པར་རྟོག་པ་ནི་གང་བཅོམ་ལྡན་འདས་ཅིའི་སླད་དུ་དེ་ལྟར་གཟུགས་ཡིད་ལ་མ་བགྱིས་ཞེས་བྱ་བ་
ནས་འདྲེན་མར་འགྱུར་བའི་ཡིད་ལ་བྱེད་པས་ཁམས་གང་དུ་ཡང་འདྲེ་བར་མི་འགྱུར་བ་ཉིད་ཀྱི་བར་དུའོ་ཞེས་བསྟན་པ་ཡིན་ནོ། །གནས་པའི་རྣམ་པར་རྟོག་པ་ནི་གང་དེ་ལྟར་སྤྱོད་པ་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་གནས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་
རོ་ཞེས་བསྟན་པ་ཡིན་ནོ། །དངོས་པོ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་ནི་གང་བཅོམ་ལྡན་འདས་ཅིའི་སླད་དུ་མངོན་པར་ཆགས་པར་མི་འགྱུར། མངོན་པར་ཆགས་པར་བྱ་བའི་གནས་ཀྱི་རྒྱུ་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དངོས་པོར་བརྟགས་པའི་རྣམ་
པར་རྟོག་པ་ནི་གང་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ཆོས་གང་ཡང་མ་གཟིགས་པས་འདོགས་པར་མ་མཛད་དོ། །དེ་བཞིན་གཤེགས་པས་ཐུགས་སུ་ཆུད་
པ་ནི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་བརྟགས་པར་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པས་ནི་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་དོ་ཞེས་བྱ་བ་དངོས་པོ་ཉིད་དུའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མངོན་
པར་ཞེན་པ་ལ་སྤྱོད་པ་ལས་ཉམས་པའི་ཚིག་གིས་ན་མངོན་པར་ཞེན་པ་མེད་པ་གཙོར་བྱ་བར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཆགས་པའི་རྣམ་པར་རྟོག་པ་ནི་གང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཇི་ལྟར་སྦྱིན་
Vol. 81 · folio 139b
པ་སྦྱིན་པ་ལ་སོགས་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་བ་ལགས། རབ་འབྱོར་གང་གི་ཚེ་འདི་ལྟར་ཆོས་ཐམས་ཅད་ལ་ཆགས་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པར་ཤེས་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །གཉེན་པོའི་རྣམ་པར་
རྟོག་པ་ནི་གང་གཉེན་པོའི་ཕྱོགས་ཀྱི་ཆོས་རྣམས་དེ་ལ་དམིགས་པ་དང་། མཉམ་པ་ཉིད་ཀྱི་དབང་དུ་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་དང་མ་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་འདོད་པ་
བཞིན་དུ་འགྲོ་བ་ལ་ཐོགས་པའི་རྣམ་པར་རྟོག་པ་ནི་གང་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་དག་དབྱེར་མེད་པས་མངོན་པར་རྟོགས་པ་བསྒྲུབ་པ་མེད་ན། མངོན་པར་རྟོགས་པ་དང་། མངོན་པར་སྒྲུབ་པ་མེད་པར་ཐལ་བར་འགྱུར་བས་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
གཟུགས་ཞེའམ། འདི་ནི་གཟུགས་སོ། །འདིའི་གཟུགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་འདོད་པར་འགྲོ་བའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ནི་ཉན་ཐོས་ལ་སོགས་པའི་ལམ་དུ་ཇི་ལྟར་འདོད་པར་འགྲོ་བའི་རྒྱུ་ཉིད་ཡིན་པའི་བར་གྱིས་རྗེས་སུ་འབྲང་
བ་གཞན་དབང་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ད་ནི་འཛིན་པའི་རྣམ་པར་རྟོག་པ་དགུ་པ་གཉིས་པ་བསྟན་པའི་ཕྱིར། ཆེད་བཞིན་ངེས་པར་མི་འབྱུང་དང་། །ལམ་ལ་ལམ་མིན་ངེས་འཛིན་དང་། །འགོག་དང་བཅས་པའི་སྐྱེ་བ་དང་། །དངོས་པོ་ལྡན་དང་མི་ལྡན་
དང་། །གནས་དང་རིགས་ནི་འཇིག་པ་དང་། །དོན་དུ་གཉེར་དང་རྒྱུ་མེད་དང་། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་བྱ་བ་ལ། ཆེད་དུ་བྱ་བ་ལ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བའི་རྣམ་པར་རྟོག་པ་ནི་གང་ཡང་ཁ་ལོ་བསྒྱུར་
བའི་དཔེས། དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མཆོག་གིས་རབ་ཏུ་ཁྲིད་པ་དེས་རང་དབང་དུ་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལམ་ལ་ལམ་མ་ཡིན་པར་ངེས་པར་འཛིན་པའི་རྣམ་པར་རྟོག་པ་ནི་གང་ཉན་ཐོས་ལ་སོགས་པའི་ལམ་དང་། རྣམ་པ་ཐམས་
Vol. 81 · folio 140a
ཅད་མཁྱེན་པ་ཉིད་ཀྱི་ལམ་ནི། བྱང་ཆུབ་སེམས་དཔའི་ལམ་མ་ཡིན་པ་དང་ལམ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྐྱེ་བ་དང་། འགོག་པའི་རྣམ་པར་རྟོག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཀྱི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་པ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྐྱེ་བ་མ་ཡིན་འགོག་པ་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཉིད་ཚད་མར་བྱ་བའི་ཕྱིར་རོ། །དེ་ལྟ་ན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་པར་མི་འདོད་པར་མི་
འདོད་དོ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པར་བྱས་ནས། དགེ་བའི་རྩ་བ་དེ་དག་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་། འཁོར་གསུམ་མི་དམིགས་པའི་རྣམ་པར་བསྒོམས་པས། ཕ་
རོལ་ཏུ་ཕྱིན་པ་དྲུག་ལ་མངོན་པར་བརྩོན་པར་ཡང་དག་པར་བརྩོན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དངོས་པོ་དང་ལྡན་པ་དང་། མི་ལྡན་པའི་རྣམ་པར་རྟོག་པ་ནི་གང་དེའི་རྒྱུ་ཡོངས་སུ་ཞུས་ནས། ལན་བཀའ་སྩལ་པ་ནས་བརྩམས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་དུ་ལྡན་པ་བཀག་པས་མངོན་པར་བརྩོན་པར་བྱ་བ་བསྟན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གཟུགས་ལ་སོགས་པ་ལ་གནས་པའི་རྣམ་པར་རྟོག་པ་ནི་གང་ཡང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་བྱའོ་ཞེས་བརྩོན་པར་
མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཆར་ནི་གང་ན་ཡང་མི་གནས་སོ་ཞེས་བྱ་བ་ནི་འཐད་པའོ་ཞེས་བསྟན་པ་ཡིན་ནོ། །རིགས་རྣམ་པར་འཇིག་པའི་རྣམ་པར་རྟོག་པ་ནི་གང་ཨ་མྲ་ལ་
སོགས་པའི་འབྲས་བུའི་དཔེས། ཆོས་རྣམ་པར་མི་འཇིག་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དོན་དུ་མི་གཉེར་བའི་རྣམ་པར་རྟོག་པ་ནི་གང་ཆོས་ཐམས་ཅད་ཀྱི་བར་ལ་དབང་དུ་གྱུར་པ་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་
Vol. 81 · folio 140b
བྱ་བ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །རྒྱུ་མེད་པའི་རྣམ་པར་རྟོག་པ་ནི་གང་དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོ་ཆེན་པོ་ནི་འཛམ་བུའི་གླིང་གི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་དཔེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་གང་ཟག་གིས་རྟོགས་པའི་རྒྱུ་ཉིད་ཡིན་པའི་འཐད་
པས་སོ་ཞེས་བསྟན་པ་ཡིན་ནོ། །ཕྱིར་རྒོལ་བའི་ཆོས་ལ་དམིགས་པའི་རྣམ་པར་རྟོག་པ་ནི་གང་ཡང་འཕོང་གི་སློབ་དཔོན་གྱི་དཔེས། ཕྱིར་རྒོལ་བའི་ཆོས་ཐུབ་པར་དཀའ་བར་སྟོན་ཅིང་། དེ་བཞིན་དུ་མི་དམིགས་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་
ཐམས་ཅད་ཀྱིས་མི་དམིགས་པའི་རྣམ་པར་དགོངས་པ་མཛད་པ་དང་། འཛིན་པའི་རྣམ་པར་རྟོག་པ་གཉིས་པོའི་གཉེན་པོའི་ཕྱོགས་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མུ་བཞི་ལས་དང་པོ་ནི་གཟུང་བའི་རྣམ་པར་རྟོག་པ་ཡིན་ལ། འཛིན་པའི་རྣམ་པར་
རྟོག་པ་མ་ཡིན་པ་ནི་གཟུགས་ལ་སོགས་པའི་ཡུལ་དག་གོ། །གཉིས་པ་ནི་རྣམ་པར་ཤེས་པའི་སྐད་ཅིག་མ་གཅིག་གོ། །གསུམ་པ་ནི་རྣམ་པར་ཤེས་པའི་སྐད་ཅིག་མ་གཞན་ནོ། །བཞི་པ་ནི་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་གཉིས་ཡིན་ལ། རིགས་
ཀྱི་རྣམ་པར་རྟོག་པ་མ་ཡིན་པ་ཞེས་བྱ་བ་ནི་ཚིག་ཕྱི་མ་ཅན་ནོ། །གང་དེ་ལས་རེ་ཞིག་རིགས་ཀྱི་རྣམ་པ་དེ་ཉིད་རིགས་ཡིན་ནོ། །འདི་ལྟར་འདི་ལྟ་སྟེ། གཉེན་པོའི་ཕྱོགས་ཡང་དག་པར་རྟོགས་པའི་དུས་ནི་རིགས་ཏེ། དེ་རིགས་ཉིད་ཡིན་གྱི། རིགས་
ཀྱི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །འདི་ལྟ་སྟེ། ཡང་དག་པར་རྟོགས་པའི་དུས་མ་ཡིན་པ་ནི་རིགས་ཙམ་ཉིད་དོ། །ཡང་དག་པར་རྟོགས་པའི་རྣམ་པར་རྟོག་པ་ཡིན་ལ། དམིགས་པའི་རྣམ་པར་རྟོག་པ་མ་ཡིན་པ་ནི་ཚིག་སྔ་མ་ཅན་ནོ། །གང་དེ་ལས་རེ་ཞིག་ཡང་དག་པར་
རྟོགས་པའི་རྣམ་པར་རྟོག་པ་ཡིན་ལ། དམིགས་པའི་རྣམ་པར་རྟོག་པའང་ཡིན་པ་ནི་འདི་ལྟ་སྟེ། ཡང་དག་པར་རྟོགས་པར་བྱེད་པ་ནི་དམིགས་པ་ལ་ཡང་སྦྱོར་བ་ཡིན་ནོ། །ཡང་དག་པར་རྟོགས་པའི་རྣམ་པར་རྟོག་པ་ཡིན་ལ། དམིགས་པའི་རྣམ་པར་རྟོག་པ་མ་ཡིན་པ་ནི་འདི་
Vol. 81 · folio 141a
ལྟར་དམིགས་པ་ཡོངས་སུ་མ་རྫོགས་པའོ། །ཕྱོགས་འདིས་ལྷག་མ་རྣམས་ཀྱང་རྗེས་སུ་དཔག་པར་བྱའོ། །རྩེ་མོའི་མངོན་པར་རྟོགས་པ་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་འགྲེལ་པའོ།། །།ཡང་ཅིའི་ཕྱིར་དེ་ལ་མཐོང་
བའི་ལམ་དུ་འདོད་ཅེ་ན། བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་རོ། །དེ་ཐོབ་པ་ཡང་རྒྱུ་གསུམ་གྱིས་ཡིན་ཏེ། ཡང་རྒྱུ་གསུམ་ནི་བྱང་ཆུབ་གཞན་ལ་སྟོན་པ་དང་ཞེས་སྨོས་པ་ནི། གང་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་
དག་ནི་དཀའ་བ་བགྱིད་པ་ལགས་སོ་ཞེས་བྱ་བ་ནས་བརྩམས་ཏེ། མཐོང་བའི་ལམ་ཐོབ་པ་དགེ་སློང་བརྒྱ་དྲུག་ཅུ་ལུང་བསྟན་པ་ཉིད་ཀྱིས་སོ་ཞེས་བསྟན་པ་ཡིན་ནོ། །དེའི་རྒྱུ་ནི་ཡོངས་སུ་གཏོད་དང་ཞེས་བྱ་བ་ནི་གང་འཕགས་པ་ཀུན་དགའ་བོ་ལ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མང་དུ་གཏད་པས་
གསུངས་སོ་ཞེས་བསྟན་པ་ཡིན་ནོ། །དེའི་མདོ་ནི་ཀུན་དགའ་བོ་ངས་ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཏད་དོ། །ཅི་ནས་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མའི་དུས་སུ་རྒྱས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་
པོའི་མཚན་ཉིད་དོ། །ཞེས་བྱ་བ་ནི་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཅིང་། དེ་དག་ལ་སྦྱིན་པ་ལ་སོགས་པའི་བསོད་ནམས་བྱ་བའི་དངོས་པོ་དཔེར་བྱ་བ་ནས་བརྩམས་ཏེ། རྒྱ་ཆེར་སྐད་ཅིག་དང་ཡུད་
ཙམ་དང་། ཐང་ཅིག་ཙམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པར་བྱེད་པ་བསོད་ནམས་མང་དུ་འཕེལ་ལོ་ཞེས་བསྟན་པ་ཡིན་ནོ། །སྐད་ཅིག་ལ་སོགས་པ་སྨོས་པས་ནི་གོ་རིམས་བཞིན་དུ་གང་ཟག་དབང་པོ་རྣོན་པོ་དང་། འབྲིང་དང་། ཐ་མ་ཤེས་པར་བྱ་བའི་ཕྱིར་ཏེ། བྱ་བ་
ཡོངས་སུ་རྫོགས་པ་འདིར་སྐད་ཅིག་མར་ཤེས་པར་བྱ་སྟེ། ཐ་སྙད་གཅིག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་མཐོང་བར་འགྱུར་བའི་རྫུ་འཕྲུལ་མངོན་དུ་མཛད་པའི་དཔེས་ནི་རྣམ་པར་རྟོག་པ་རྣམས་ནི་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་ཡུལ་མ་ཡིན་པ་ཉིད་དུ་ཤེས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words