འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ

Sanskrit title (Tibetan script, as in the text) པཉྩ་བིཾ་ཤ་ཏ་ས་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་ཀཱ་རི་ཀཱ་བརྟི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 81 · folio 141b

པར་བྱ་བའི་ཕྱིར་རོ། །དེ་ལྟར་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུ་ནི་གསུམ་པོ་དེ་དག་ཡིན་ནོ། །ཡང་བྱང་ཆུབ་ཆེན་པོ་ཞེས་བྱ་བ་འདི་གང་ཡིན་ཞེ་ན། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ། །ཞེས་བསྟན་པ་ལ། ཡང་ཟད་པ་ཤེས་པ་ནི་

གང་ཞིག་ཡིན་མི་སྐྱེ་བ་ཤེས་པ་ནི་ཅི་ཞིག་ཡིན་ཞེ་ན། ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་བསྟན་པ་ནི། གང་ཀུན་དགའ་བོ་ནམ་མཁའ་ཟད་པར་འདོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པ་ཤེས་པའོ། །རྒྱ་ཆེ་བའི་ཡེ་ཤེས་

བརྗོད་པ་དང་། ཆོས་དེ་རྣམས་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་མི་སྐྱེ་བ་ཤེས་པ་བརྗོད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་དགོངས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་ཇི་ལྟར་ཡིད་ཆེས་པར་བྱ་ཞེ་ན། བདེན་པར་མཚོན་པའི་ལྗགས་རྒྱ་ཆེན་པོ་བསྟན་ནས།

འཕགས་པ་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་སོགས་པར་ངེས་པར་སྦྱོར་བ་དང་། དེ་གཟུང་བས་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་གཟུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡང་ཇི་ལྟར་ན་མི་ཟད་པའི་རྣམ་པ་ཟད་པ་ཤེས་པ་ཡིན་ཞིང་དངོས་པོ་

འཇིག་པའི་རྣམ་པ་ཡིན་ཞེ་ན། གང་གི་ཕྱིར་སྦྱོར་བའི་དུས་ཀྱང་། རབ་འབྱོར་གཟུགས་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། སྙིང་པོ་བྱང་ཆུབ་ལ་འདུག་པའི་མ་འདྲེས་པའི་ཆོས་ཏེ། དེ་ལྟར་རྟེན་ཅིང་འབྲེལ་པར་

འབྱུང་བ་ནམ་མཁའ་ལྟར་ཟད་མི་ཤེས་པས་མངོན་པར་བསྒྲུབ་པར་རྣམ་པར་བལྟ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ་ཉིད་ཡིན་པའི་ཕྱིར། དེ་ལྟར་ལྟ་བ་ནི་བདག་དང་། ཆོས་ཐམས་ཅད་དུ་འཛིན་པ་སྤངས་པས་མཐོང་བའི་ལམ་གསལ་བར་བསྟེན་

པའི་དོན་དང་། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་ནི་ཕ་དང་མ་ཤི་བའི་སྐྱེས་བུའི་དཔེས་བདུད་རྣམས་ཀྱི་རང་གི་སྤྱོད་ཡུལ་ལས་འདའ་བར་སེམས་པ་དང་། མྱ་ངན་གྱི་ཟུག་རྔུ་ཟུག་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཟད་པ་དང་། མི་

Vol. 81 · folio 142a

སྐྱེ་བ་ཤེས་པས་ནི་གང་ཡང་ཟད་པའམ། མི་སྐྱེ་བ་མེད་པས། འགག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་བྱ་བ་ལ། དངོས་པོ་གང་འཇིག་པ་ལ་

དགོངས་ནས་ཟད་པ་ལ་ནི་ཟད་པ་ཤེས་པ་ཡིན་པ་ཟད་པ་ཤེས་ཞེས་བརྗོད་ལ། མ་འོངས་པའི་དངོས་པོ་མི་སྐྱེ་བ་ལ་དགོངས་ནས་མི་སྐྱེ་བ་ཤེས་པ་ཞེས་བསྟན་པ་དེ་ལ་ཅི་ཞིག་ནི་ཟད་པའམ། མི་སྐྱེ་བ་མེད་པ་ནི་ཅི་ཞིག་འཐོབ་ཅེས་དྲིས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ཆོས་རྣམས་ཀྱང་

ཡོད་ཅེས་བྱ་བ་དང་། ཤེས་བྱ་ལ་ཡང་སྒྲིབ་ཟད་པར། །སྟོན་པ་གཞན་གྱི་བརྗོད་པ་གང་། །འདི་ལ་ཁོ་བོས་མཚར་དུ་རྩིས། །ཞེས་བསྟན་པ་ལ། དེས་ན་འདི་ཉིད་ཁོ་ན་ལེགས་པ་ཡིན་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །

ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་ལ། སྐད་ཅིག་མ་གཅིག་པོ་འདི་ནི་མཐོང་བའི་ལམ་ཡིན་ཏེ། དེའི་ཕྱིར། སྦྱིན་ལ་སོགས་པ་རེ་རེ་ལ། །དེ་དག་ཕན་ཚུན་བསྡུས་པ་གང་། །སྐད་ཅིག་གཅིག་གི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་བསྟན་

པ་ནི། གང་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་སྦྱིན་པ་ཡོངས་སུ་གཏོང་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཕ་

རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བར་དུ་དྲུག་པོ་རེ་རེ་ཞིང་དྲུག་ཏུ་བྱས་ནས་རྣམ་པ་སུམ་ཅུ་རྩ་དྲུག་གིས་བསྡུས་པ་ཐམས་ཅད་དུ་འཁོར་གསུམ་ཡོངས་སུ་དག་པའི་ཡོངས་

སུ་བསྔོ་བའི་གཙོ་བོ་ཡིན་པའི་ཕྱིར་ཐམས་ཅད་གཅིག་གིས་གཅིག་བསྡུས་པ་ཡིན་ནོ། །འདིའི་མདོ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བ་ནི་སེམས་ཅན་རྣམས་ལ་བྱམས་པའི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཉེ་བར་འགྱུར་བ་ནི་ཚུལ་ཁྲིམས་

Vol. 81 · folio 142b

ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ལ་ལེན་པ་པོ་རྣམ་པར་གཤེ་ཞིང་འཁྱལ་བར་སྨྲ་བ་ལ་སོགས་པ་བཟོད་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སློང་མོའི་མཚང་འདྲུ་བ་དང་། ཡོངས་སུ་སྨྲ་བ་ལ་སོགས་པས་སྦྱིན་པ་ལ་སྤྲོ་བ་མི་འདོར་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །

དེ་ཉིད་ཀྱི་སྦྱིན་པ་དེ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་རྣམ་པར་གཡེངས་པའི་སེམས་མེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཉིད་ཀྱི་སྦྱིན་པ་བྱིན་པ་ན་སྒྱུ་མའི་བློས་གནས་པས་གང་གི་ཡང་ཕན་པ་

དང་། གནོད་པར་བྱ་བ་མ་མཐོང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་བསྲུང་བ་ནས་ཤེས་རབ་བསྒོམ་པའི་བར་དུ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་བསྡུས་པ་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ལྟར་ན་དྲུག་ཚན་ཆ་དྲུག་པོ་འདི་

དག་ནི་རྣམ་པ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །མཐོང་བའི་ལམ་གྱི་བཟོད་པ་འདི་སྐྱེས་པ་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱིས་བསྡུས་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བ་རྣམ་པར་རྟོག་པ་བཞིས་བསྡུས་པ་བརྒྱ་རྩ་བརྒྱད་སྤོང་བར་འགྱུར་

རོ། །དེ་ལ་དབང་དུ་བྱ་བའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། དེ་ནས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་བསྟན་པ་ལ། དེ་ལ་

ལུགས་དང་མཐུན་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་པའོ། །ལུགས་དང་མི་མཐུན་པ་ནི་གང་དེ་རྣམས་མེད་པས། མྱ་ངན་དང་། སྨྲེ་སྔགས་འདོན་པ་ལ་སོགས་པ་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པའོ། །རྩེ་མོའི་མངོན་པར་རྟོགས་པའི་མཐོང་

བའི་ལམ་གྱི་རྣམ་པར་འགྲེལ་པའོ།། །།མཐོང་བའི་ལམ་བསྟན་ནས། ད་ནི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བཞི་བརྗོད་པར་བྱའོ། །དེ་ལ་རེ་ཞིག་བསྒོམ་པའི་ལམ་བསྒོམས་ནས་འདི་ཕྱིས་བརྗོད་པར་བྱའོ། །བསྒོམ་པའི་ལམ་

Vol. 81 · folio 143a

མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་པ་ཡིན་ལ། དེ་ཡང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་པས་དེའི་ཕྱིར་དེ་བསྟན་པའི་སྒོ་ནས་བསྒོམ་པའི་ལམ་མདོར་བསྟན་པའི་དབང་དུ་མཛད་དེ། འགོག་དང་བཅས་པའི་

སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། །

འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བསྟན་པ་ཡིན་ནོ། །རྣམ་པ་གཉིས་སུ་ཞེས་བྱ་བ་ནི་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའོ། །དེ་ནས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་

བརྟགས་པའི་རྗེས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནས་མཉམ་པར་གཞག་པའི་སེམས་དང་། ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་།

བརྒྱད་དང་། དགུ་པོ་ལ་ཐོད་རྒལ་དུ་སྙོམས་པར་འཇུག་པས་མངོན་དུ་བྱེད་པ་ན། ཇི་ལྟར་འདོད་པས་དབང་དུ་བྱ་བ་མང་དུ་ཐོབ་པ་ཡིན་ཏེ། འདིའི་མདོ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་

དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་འདུ་ཤེས་དང་། ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་

གནས་སོ། །དེ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །དེ་ནས་རྣམ་ཤེས་

Vol. 81 · folio 143b

མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །དེ་ནས་ནི་བསམ་གཏན་བཞི་པ་ལའོ། །དེ་ནས་བསམ་གཏན་གསུམ་པ་ལ། དེ་ནས་གཉིས་པ་ལ། དེ་ནས་བསམ་གཏན་དང་པོ་ལ་སྙོམས་

པར་ཞུགས་ཏེ། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་རྣམ་པར་དབྱེ་བ་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ཡང་གང་ཞེ་ན། དེ་ལ་

བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས། དེ་བཞིན་དུ་འགོག་པའི་བར་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ། །

དེ་ནས་ནི་བསམ་གཏན་གཉིས་པ་ལའོ། །དེ་ནས་ནི་འགོག་པ་ལའོ། །དེ་ནས་ནི་གསུམ་པ་ལའོ། །དེ་ནས་ནི་འགོག་པ་ལའོ། །དེ་ནས་ནི་བསམ་གཏན་བཞི་པ་ལའོ། །དེ་ནས་ནི་འགོག་པ་ལའོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་

པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་འགོག་པའི་སྙོམས་པར་

འཇུག་པ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་འདོད་པ་ན་སྤྱོད་པའི་མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས་

འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་

Vol. 81 · folio 144a

ལ་གནས་སོ། །དེ་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་ནི་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་བཞིན་དུ་བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ་ཞེས་བྱ་བའི་བར་དུའོ། །གང་།

ས་བརྒྱད་རྣམ་གཉིས་རྗེས་འབྲེལ་དང་། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིགས་མི་མཐུན་པར་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་མིན། །ཞེས་བསྟན་པ་དེ་ཇི་ལྟར་ཡིན་ཞེ་ན། ཁྭ་དང་འུག་པ་གཉིས་མཚན་ཉིད་མཚུངས་པ་ཡིན་ནམ། །དེའི་

སྐབས་གཞན་མ་ཡིན་ཏེ། ཐབས་ལ་མཁས་པ་དེ་ལྟ་བུ་ཐོབ་པས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་སྙེད་དུ་འཇུག་ཅིང་། སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་བྱེད་པ་ཉིད་ཀྱིས་རྒྱ་ཆེ་བ་ཡིན་པའི་ཕྱིར་བསྒོམ་པའི་ལམ་རྒྱུན་ཆགས་པ་ཉིད་ཡིན་པར་

ཤེས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །བསྒོམ་པའི་ལམ་གྱི་རྣམ་པར་འགྲེལ་པའོ།། །།བསྒོམ་པའི་ལམ་བསྟན་ནས་ད་ནི་དེའི་མི་མཐུན་པའི་ཕྱོགས་རྣམ་པ་བཞི་བརྗོད་པར་བྱའོ། །དེ་ལ་རེ་ཞིག་མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །མགོན་

དང་བཅས་པ་མེད་ཉིད་དང་། །དུས་གསུམ་ཡོན་ཏན་མེད་པ་དང་། །ལེགས་པའི་ལམ་ནི་རྣམ་གསུམ་དང་། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་བསྟན་པ་ལ། དེ་ལ་ཆོས་རྣམས་ཀྱི་མདོར་བསྡུས་པ་མི་ཤེས་པའི་

རྣམ་པར་རྟོག་པ་ནི་གང་། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་པ་དེ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བྱའོ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་

ཅད་མཁྱེན་པ་ཉིད་གསུམ་ཆར་མངོན་པར་རྟོགས་པ་གཅིག་གིས་མདོར་བསྡུས་པ་བསྟན་ནས། མངོན་པར་རྟོགས་པ་རེ་རེ་ཡང་རྒྱས་པར་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ། །ད་ནི་རྩེ་མོའི་མངོན་པར་རྟོགས་པ་ལ་མདོར་བསྡུས་པ་དང་། རྒྱས་པར་བསྒོམ་པའི་ལམ་གྱི་

Vol. 81 · folio 144b

དབང་དུ་མཛད་ནས་ཉེ་བར་བཀོད་པ་དང་། དེས་སྤང་བར་བྱ་བའི་རྣམ་པར་རྟོག་པ་སྤངས་པར་ཤེས་པར་བྱ་བའི་དོན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས་མདོ་དང་རྒྱས་པ་འཚལ་བར་འགྱུར་བ་ལགས་ཞུས་པས། ཆོས་ཐམས་ཅད་

ཀྱི་དེ་བཞིན་ཉིད་མདོར་བསྡུས་པ་ཤེས་པ་དང་། རྒྱས་པ་ཤེས་པ་ཉིད་དང་། བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ལ་སོགས་པ་འཇུག་པ་ཉིད་ཀྱིས་མདོར་བསྡུས་པ་དང་། རྒྱས་པ་བརྗོད་པ་ལ་འཇུག་པའི་རྒྱུ་ཉིད་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །

སངས་རྒྱས་ཀྱིས་དགོངས་པ་མེད་པའི་རྣམ་པར་རྟོག་པ་ནི་གང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ལ་ཇི་སྐད་བསྟན་པ་བཞིན་དུ་སློབ་པ་ནི་བདུད་ཀྱི་ལས་མི་བྱེད་པ་དང་། ཡོངས་སུ་མི་ཉམས་པ་དང་། སངས་རྒྱས་ཀྱི་དགོངས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པས་ཚིམས་པར་བྱ་བ་དང་། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད་པས། གང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་

མོ་འདི་སེ་གོལ་གཏོགས་པ་ཙམ་དུ་བསྒོམས་པའི་བསོད་ནམས་དེ་མང་དུ་འཕེལ་བ་ཉིད་དང་། སངས་རྒྱས་ཀྱི་དགོངས་པའི་རྒྱུ་ཉིད་ཤེས་པར་བྱ་བའི་དོན་གྱི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རྟག་པའི་རྒྱུ་ཅན་ཡིན་པས། སངས་རྒྱས་རྣམས་ཀྱང་

འདི་ལས་འཁྲུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བའི་ལམ་མེད་པའི་རྣམ་པར་རྟོག་པ་ནི་གང་ཇི་སྐད་བཤད་པ་ལ་གནས་པ་ནི་ཕྱིར་མི་ལྡོག་པ་ཡིན་པས་སངས་རྒྱས་ཀྱི་དགོངས་པ་དང་། དེ་ལ་བསྙེན་བཀུར་བྱས་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་།

དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་གཟུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་ཆོས་ཀྱི་རྣམ་པ་དཔག་ཏུ་མེད་པ་བསྒོམ་པ་ནས་བརྩམས་ཏེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་ཕན་ཡོན་འདི་དག་ཡོད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ནི་

Vol. 81 · folio 145a

སྦྱོར་བའི་ལམ་གྱི་དུས་སུའོ་ཞེས་བསྟན་པ་ཡིན་ནོ། །མཐོང་བའི་ལམ་མེད་པའི་རྣམ་པར་རྟོག་པ་ནི། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པའོ་ཞེས་བསྟན་པ་ཡིན་ནོ། །དེ་མཐོང་བའི་ལམ་གྱི་དུས་སུའོ། །བསྒོམ་པའི་ལམ་མེད་

པའི་རྣམ་པར་རྟོག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ལ་བསྒོམ་པའི་ལམ་གྱི་དུས་སུ་སེམས་ཀྱི་ཕན་ཡོན་མང་པོ་ཞིག་བསྟན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བའི་ལམ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་གཟུགས་ལ་སོགས་པ་ཞི་བ་དང་། རག་ལས་

པ་དང་། གསོག་དང་། སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཉིད་སྦྱོར་བའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་དངོས་པོ་རྣམས་འགོག་པས་ན་ཞི་བའོ། །རྐྱེན་གྱི་དབང་གིས་ན་རག་ལས་པའོ། །རང་

བཞིན་སྟོང་པ་ཉིད་ཡིན་པས་ན་གསོག་གོ། །རྣམ་པར་དཔྱད་མི་བཟོད་པས་ན་སྙིང་པོ་མེད་པའོ། །མཐོང་བའི་ལམ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པར་བྱ་བ་ཉིད་ཀྱིས་མཐོང་བའི་ལམ་གྱི་

བདག་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་མི་ཤེས་པའི་རྣམ་པར་རྟོག་པ་ནི་གང་ནམ་མཁའ་སྟོང་པ་ཉིད་དུ་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་། བསྒོམ་པའི་ལམ་གྱི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་

པ་ཡིན་ནོ། །ཡང་ནམ་མཁའ་ཞེས་སྨོས་པ་ནི་བསྒོམ་པའི་ལམ་ནི་མཐོང་བའི་ལམ་ལས་དངོས་པོ་ཐ་མི་དད་པར་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལ་ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབ་པ་ཞེས་བྱ་བ་ནི་ནམ་མཁའ་ཞེས་སྨོས་པས་ནི་གཅིག་ཡིན་ནོ། །ནམ་མཁའ་སྟོང་པ་ཉིད་

བསྒོམ་པ་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ། །དེ་ནི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་གཉིས་བརྗོད་པར་བྱ་སྟེ། དེའི་ཕྱིར། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་བསྟན་པ་ཡིན་ནོ། དེ་ཡང་གང་ཞེ་ན།

Vol. 81 · folio 145b

སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང་། །ཐེག་པ་དམན་པ་ཡིད་བྱེད་དང་། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་བསྒོམ་པ་མེད་པ་དང་། །དེ་དག་ལས་ནི་བཟློག་ཉིད་དང་། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་ལ་ཤེས་པར་

བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་སེམས་མི་སྐྱེ་བའི་རྣམ་པར་རྟོག་པ་ནི་གང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་ནི་གང་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །

ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་ནི་གང་ཐེག་པ་གཞན་གྱི་ཡིད་ལ་བྱ་བ་གོ་སྐབས་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་ནི་གང་རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཡིད་ལ་བྱ་བ་མི་འདོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཉིད་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་སྤྱད་པ་དང་། དེ་ལྟར་མངོན་པར་བསྒྲུབ་པར་གསུངས་པ་དང་། དེའི་སྤྱོད་པ་དང་། མངོན་པར་བསྒྲུབས་པ་དང་།

བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་བཀག་པ་དང་། ཐེག་པ་ཆེན་པོ་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་རྣམ་པར་རྟོག་པ་ནི་དེ་ལྟར་བསྒོམས་པ་ཉིད་ཀྱིས་དེ་ནི་རྒྱུན་ཆགས་

པ་ཉིད་ཡིན་པའི་ཕྱིར་རོ། །འདོད་པའི་དོན་ཡིན་པར་མི་འཐད་པ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པ་མེད་པའི་རྣམ་པར་རྟོག་པ་ནི་གང་དེ་ལྟར་བསྒོམས་པ་ཉིད་ཀྱིས་མི་སློབ་པའི་དུས་སུ་དོར་བའི་སྦྱོར་བ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་

ནོ། །བསྒོམ་པ་ཡང་མེད། བསྒོམ་པ་མ་ཡིན་པ་ཡང་མེད་པའི་རྣམ་པར་རྟོག་པ་ནི་གང་བསྒོམས་པས་ཀྱང་མ་ཡིན། མ་བསྒོམས་པས་ཀྱང་མ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་བར་དུ་ཆོད་པ་དང་། མ་ཆོད་པ་འདྲེན་མར་བསྒོམས་པས་

Vol. 81 · folio 146a

དེའི་རྒྱུ་ཉིད་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ནི་གང་ཞིག་མྱ་ངན་ལས་འདས་པ་ཡང་གཞན་ལ། ཐོབ་པ་ཡང་གཞན་པར་སེམས་པའི་དབང་དུ་མཛད་པ་ནི་དེ་བཞིན་ཉིད་ཇི་ལྟ་

བ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ་ཞེས་བསྟན་པ་ཡིན་ནོ། །ད་ནི་བསྒོམ་པའི་ལམ་གྱི་མི་མཐུན་ཕྱོགས་འཛིན་པའི་རྣམ་པར་རྟོག་པ་བཤད་པར་བྱའོ། །དེ་ལ་རེ་ཞིག །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་། །

ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང་། །དངོས་པོར་བྱེད་དང་ཐེག་གསུམ་དང་། །ཡོན་ནི་དག་པ་མ་ཡིན་དང་། །སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོ་ནི། །ཤེས་པར་བྱ་བ་ཉིད་དང་ནི། །ཞེས་བསྟན་

པ་ལ། དེ་ལ་སེམས་ཅན་དུ་བཏགས་པའི་རྣམ་པར་རྟོག་པ་ནི་གང་སེམས་ཅན་ལ་སོགས་པ་མི་དམིགས་པ་ཉིད་ཀྱི་ཕྱིར། སེམས་ཅན་གྱི་ཁམས་སུ་གཏོགས་པ་བཀག་པའི་ཕྱིར་ཡིན་ནོ། །དེ་ལྟ་ཡིན་ན་སེམས་ཅན་དམྱལ་བ་ནས་བརྩམས་ཏེ། ཡང་དག་པར་རྫོགས་པའི་སངས་

རྒྱས་ཀྱི་བར་དུ་བཏགས་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་དུ་གདགས་པ་དམིགས་སུ་ཡོད་དམ། ཞེས་བྱ་བའི་བར་གྱིས་ནི་སེམས་ཅན་དུ་བཏགས་པ་ནི་དངོས་པོ་མེད་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཆོས་སུ་

བཏགས་པའི་རྣམ་པར་རྟོག་པ་ནི་གང་ཆོས་སུ་བཏགས་པ་ལ་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་བརྗོད་པའི་ཕྱིར། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་ལ་བསླབ་པར་བགྱི་འམ་

ཞེས་བྱ་བས་ཉེ་བར་དམིགས་པ་ལ་བསླབ་པ་ཐམས་ཅད་བཀག་པས་སོ་ཞེས་བསྟན་པ་ཡིན་ནོ། །སྟོང་པ་ཉིད་མ་ཡིན་པའི་རྣམ་པར་རྟོག་པ་ནི་གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབྲི་བ་དང་། བསྣན་པ་མེད་པར་བསླབ་པར་གསུངས་པའི་ཕྱིར། ཆོས་ཐམས་ཅད་

Vol. 81 · folio 146b

རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དུ་མཐོང་བས། དེ་སློབ་པ་ཉིད་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མེད་པར་ཐལ་བར་འགྱུར་བས། རབ་འབྱོར་སྤྱོད་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནས་

བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པ་དེའི་ཚེ། མི་དམིགས་པའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་ལན་གྱི་བར་གྱིས་གཉིས་དང་གཉིས་སུ་མེད་པ་དག་དམིགས་པ་དང་མི་དམིགས་པ་ཉིད་དུའོ་ཞེས་བསྟན་པ་ཡིན་ནོ། །ཆགས་པའི་རྣམ་པར་རྟོག་

པ་ནི་གང་དམིགས་པ་དང་། མི་དམིགས་པ་དག་ལ་ཆགས་པ་བཀག་པས་དེ་ལྟ་ན་ནི་ས་ནས་ས་གཞན་དུ་འཕོ་ཞིང་དེ་ཡོངས་སུ་རྫོགས་པར་འགྱུར་བ་མེད་དེ། དམིགས་པ་ལ་གནས་ན་དེ་ཡོངས་སུ་རྫོགས་པར་མི་ནུས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཡང་དམིགས་སུ་མེད་ཅེས་གང་གསུངས་པའི་ལན་གྱི་འཐད་པས་སོ་ཞེས་བསྟན་པ་ཡིན་ནོ། །ཆོས་རབ་ཏུ་རྣམ་པར་འབྱེད་པའི་རྣམ་པར་རྟོག་པ་ནི་གང་དེ་ལྟར་ཆོས་རབ་ཏུ་རྣམ་པར་འབྱེད་པ་མེད་པས། ཇི་ལྟར་ཉེ་བར་དམིགས་པ་མེད་པ་དེ་ལྟར་ཆོས་རྣམ་པར་འབྱེད་པར་མི་བྱེད་

དོ་ཞེས་མི་དམིགས་པ་རབ་ཏུ་རྣམ་པར་འབྱེད་པ་ཡིན་པར་གནང་ངོ་ཞེས་བསྟན་པ་ཡིན་ནོ། །དངོས་པོའི་ཆེད་དུ་བྱ་བ་བྱེད་པའི་རྣམ་པར་རྟོག་པ་ནི་གང་དེ་ཡིན་ན་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་པར་མི་རིགས་པས་སྤྱོད་པ་དེ་ནི་སུ་ཡང་བྱེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།

དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ་སྟེ། མངོན་པར་མ་བྱས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་རྣམ་པར་རྟོག་པ་ནི་གང་དེ་ལྟ་ཡིན་ན་ཐེག་པ་གསུམ་དུ་རྣམ་པར་གཞག་པ་མེད་པར་འགྱུར་བ་དང་། གཟུགས་ལ་མངོན་པར་ཞེན་

ནས་དེ་རྣམས་ལ་རློམ་སེམས་དང་ལྡན་པའི་ཐེག་པ་གསུམ་དུ་རྣམ་པར་གཞག་པར་འགྱུར་བ་དང་། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་མ་གཟིགས་པ་དང་། དེ་ལྟ་ན་ནི་བཅོམ་ལྡན་འདས་སེམས་ཅན་གྱི་ཕུང་པོ་གསུམ་དུ་ལུང་སྟོན་པར་

Vol. 81 · folio 147a

མཛད་པ་མེད་པ་དང་། རྫས་མ་ཡིན་པ་ལ་རྫས་སུ་འདུ་ཤེས་པ་དེ་ཟློག་པར་བྱེད་པའི་དོན་དང་། དེ་ལྟར་བསྟན་པས་དོན་དམ་པའམ་དེ་ལས་བཟློག་པ་ལ་ཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བཀག་པ་དང་། དེ་བཞིན་

གཤེགས་པའི་སྤྲུལ་པའི་དཔེས་འདུས་བྱས་དང་། འདུས་མ་བྱས་ལ་གནས་པ་བཀག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་པར་གསུངས་པ་དང་། དེ་ལྟ་ན་ནི་དེ་བཞིན་གཤེགས་པ་དང་སྤྲུལ་པ་ལ་ཁྱད་མེད་པར་ཐལ་བར་

འགྱུར་བས། བྱེད་པ་པོའི་སྤྲུལ་པ་དང་བཅས་པའི་དགོངས་པ་ཤེས་པར་བྱ་བའི་དོན་དང་། དེ་གཉི་གའི་དོན་བྱེད་པའི་ཁྱད་པར་བྱེ་བྲག་མེད་པར་གསུངས་པས། དེ་བཞིན་གཤེགས་པ་བཞུགས་པའི་སྨོན་ལམ་གྱི་རྗེས་སུ་བྱེད་པས་དེ་གཉི་གའི་ཁྱད་པར་བརྗོད་པ་དང་།

སྤྲུལ་པར་མཛད་པའི་དེ་བཞིན་གཤེགས་པ་དང་སྤྲུལ་པའི་དཔེས་བྱེད་པ་པོའི་རྣམ་པར་རྟོག་པ་བསལ་བའི་དཔེས་ཞེས་བསྟན་པ་ཡིན་ནོ། ཡོན་མ་དག་པའི་རྣམ་པར་རྟོག་པ་ནི་གང་དེ་ལྟ་ཡིན་ན་ཡོན་ཡོངས་སུ་དག་པ་མེད་པས། དེ་བཞིན་གཤེགས་པ་དང་སྤྲུལ་པ་དེ་དག་ཆོས་

ཉིད་ཀྱི་དབྱེ་བ་མེད་པའི་ཕྱིར། ཡོན་གྱི་གནས་ཁྱད་པར་དུ་འགྱུར་བ་མེད་པ་ཉིད་དང་། དེ་བཞིན་གཤེགས་པ་ལ་དམིགས་པའི་བྱམས་པའི་སེམས་དང་། དེ་ཡིད་ལ་བྱས་ཤིང་ནམ་མཁའ་ལ་མེ་ཏོག་འཐོར་བར་བྱེད་པ་དང་། སངས་རྒྱས་ཡིད་ལ་བྱེད་པ་དག་ཀྱང་ཡོན་ཕུལ་

བ་དེས་སྡུག་བསྔལ་གྱི་མཐར་བྱེད་པ་ཉིད་དོ་ཞེས་བསྟན་པ་ཡིན་ནོ། །དགུ་པ་སྤྱོད་པ་རྣམ་པར་འཁྲུགས་པའི་རྣམ་པར་རྟོག་པ་ནི་གང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཉིད་མི་འཁྲུགས་པའི་སྤྱོད་པ་གསུངས་པ་དང་། དེ་ལྟ་ན་ནི་གཟུགས་ལ་སོགས་པའི་ཆོས་ལ་ངེས་པར་རྟོགས་

པས་དེ་བཞིན་གཤེགས་པའི་ཆོས་ཉིད་རྣམ་པར་འཁྲུགས་པར་འགྱུར་བ་དང་། གཞན་དག་རྣམ་པ་མེད་པ་དེ་ལ་འཇུག་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་ཆོས་རྣམས་ཀྱི་མིང་དང་མཚན་མ་སྟོན་པས་ཆོས་ཉིད་འཁྲུགས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །

Vol. 81 · folio 147b

རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་སྨོས་པས་ཟ་མ་དང་། མ་ནིང་དང་། འབྲས་བུ་སྟོན་པ་ལ་སོགས་པའམ། གཏོགས་པའི་དོན་ཡིན་ནོ། །རིགས་ཀྱི་ཁྱད་པར་སྨོས་པ་ནི་རིགས་བཞི་རྣམ་པར་དག་པ་ཤེས་པར་བྱ་བའི་དོན་ནོ། །

བུ་དང་བུ་མོ་ཞེས་སྨོས་པ་ནི་རབ་ཏུ་བྱུང་བའི་སྐྱེ་བོ་དང་། རྗེས་སུ་མཐུན་པར་སྨྲ་བ་ཤེས་པར་བྱ་བའི་དོན་ཡིན་ནོ། །རིགས་སྨོས་པས་ནི་རྒྱུད་ཕུན་སུམ་ཚོགས་པ་དམ་པའི་ཆོས་ལ་དབང་དུ་བྱ་བ་ཤེས་པར་བྱ་བའི་དོན་ནོ། །ཡང་འམ་ཞེས་སྨོས་པ་ནི་སྐྱེ་གནས་དང་། ལན་གྲངས་གཞན་ལ་

མྱོང་བར་འགྱུར་བའི་དཔེས་ནི་སྐལ་བ་ཅན་དུ་གྱུར་པའི་ཉེས་པས་རིགས་ངན་པར་གྱུར་པ་དག་ཀྱང་འདིར་སྐལ་བ་དང་ལྡན་པའི་དབང་དུ་བྱས་པར་ཤེས་པར་བྱ་བའི་དོན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར། སེམས་

ཅན་བཏགས་པ་དེ་ཡི་རྒྱུའི། །ཡུལ་ཅན་བསྒོམ་པའི་ལམ་འབྲེལ་པ། །དེ་ལ་གནོད་པ་བྱེད་པ་ཡིས། །མི་མཐུན་ཕྱོགས་རྣམས་རྣམ་པ་དགུ། །ཞེས་བསྟན་པ་ལ། གང་རབ་འབྱོར་ཐ་སྙད་དང་། མིང་དང་མཚན་མ་ལ་མངོན་པར་ཆགས་པ་མ་ཡིན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བསྟན་པའི་བར་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། དེའི་ཕྱིར། ཐམས་ཅད་མཁྱེན་ཉིད་གསུམ་དག་གི། །བདག་ཉིད་ཇི་བཞིན་སྒྲིབ་རྣམ་གསུམ། །ཞི་བ་དེ་བཞིན་ཉིད་སོགས་དང་། །མཚུངས་པར་ལྡན་དང་

མི་ལྡན་དང་། །མི་མཉམ་སྡུག་བསྔལ་ལ་སོགས་དང་། །ཉོན་མོངས་རྣམས་ཀྱི་རང་བཞིན་དང་། །གཉིས་སུ་མེད་ལ་ཀུན་རྨོངས་དང་། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་བསྟན་པ་ཡིན་ནོ། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཀུན་དུ་རྨོངས་པ་ནི་གང་ཅིའི་སླད་

དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་གང་དང་། རྟགས་གང་དང་། མཚན་མ་གང་གིས་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས། དེའི་ཕྱིར་རྣམ་པ་ཐམས་ཅད་

Vol. 81 · folio 148a

མཁྱེན་པ་ཉིད་ཅེས་བྱའོ་ཞེས་བསྟན་པ་ཡིན་ནོ། །ལམ་ཤེས་པ་ཉིད་ལ་ཀུན་དུ་རྨོངས་པ་ནི་གང་། རབ་འབྱོར་ལམ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྐྱེད་པར་བྱ་ཞེས་པ་ལ་སོགས་པས་སོ་ཞེས་བསྟན་པ་ཡིན་ནོ། །ཐམས་

ཅད་ཤེས་པ་ཉིད་ལ་ཀུན་དུ་རྨོངས་པ་ནི་གང་། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་ནང་དང་ཕྱིའི་བདག་ཉིད་ཅན་གྱི་ཆོས་འདི་དག་ཡིན་ལ། དེ་དག་ཐམས་ཅད་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཤེས་ཏེ་ཞེས་བྱ་བ་ལ་སོགས་པས་སོ་ཞེས་བསྟན་པ་ཡིན་ནོ། །ལམ་ལ་

ཀུན་དུ་རྨོངས་པ་ནི་གང་ལམ་ལ་གནས་པ་ནས་བརྩམས་ཏེ། འཕགས་པའི་ལམ་གང་ཟག་ཐམས་ཅད་ཀྱི་མྱ་ངན་ལས་འདས་པ་མཆོག་གི་ཕ་རོལ་ཏུ་འགྲོ་བ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དམིགས་པ་ནི་དམིགས་པའོ། །དེ་དག་

དང་ལྡན་པ་དང་། མི་ལྡན་པ་ལ་ཀུན་དུ་རྨོངས་པ་ནི་གང་ཡང་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་འདི་ཁོངས་སུ་ཆུད་པའི་དོན་དང་། ཆོས་གང་གིས་ཀྱང་ལྡན་པ་དང་། མི་ལྡན་པ་ལ་སོགས་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པའི་

ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མི་མཉམ་པ་ཉིད་ནི་ཐུན་མོང་མ་ཡིན་པ་ཉིད་དོ། །དེ་ལ་རྨོངས་པ་ནི་གང་ཡང་ཕྱིར་རྒོལ་བ་དང་། མུ་སྟེགས་པ་དང་། བདུད་དང་། ཐེག་པ་གཞན་ཐམས་ཅད་ཀྱིས་མི་ཆོད་པ་དང་། མི་མཐུན་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་དུ་རྨོངས་པ་ནི་གང་ཡང་སྡུག་བསྔལ་གྱི་དོན་ནམ། སྒྲ་ཇི་བཞིན་པ་ཤེས་པའི་དོན་ལ་སྤྱད་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཉོན་མོངས་པའི་རང་བཞིན་ལ་ཀུན་དུ་

རྨོངས་པ་ནི་གང་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དོན་ལ་སྤྱོད་པ་ཉིད་ཀྱི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དེ་བཞིན་ཉིད་ནི་གང་གི་ཡང་དོན་མི་བྱེད། དོན་མ་ཡིན་པ་ཡང་མི་བྱེད་དོ་ཞེས་འཐད་པ་བསྟན་པ་

Vol. 81 · folio 148b

ཡིན་ནོ། །དེ་ལྟར་ན་ཆོས་ཐམས་ཅད་ཀྱི་དོན་དང་དོན་མ་ཡིན་པ་ལ་སྤྱོད་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་གང་དོན་དུ་བྱ་བའམ། དོན་མེད་པར་བྱ་བ་མ་དམིགས་སྟེ། འདུས་བྱས་ཀྱི་ཆོས་རྣམས་སམ།

འདུས་མ་བྱས་ཀྱི་ཆོས་གང་ཡང་མི་བྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་དོན་མི་བྱེད་པ་བཀག་པས། འཕགས་པ་ཐམས་ཅད་འདུས་མ་བྱས་ཀྱི་དོན་གྱིས་ན་དེའི་དོན་ནམ་མཁའ་དང་འདྲ་བའི་དཔེས་ཕན་པ་དང་། གནོད་པ་མེད་པས་དོན་དང་དོན་མ་ཡིན་པ་གཉིས་སུ་མེད་པའི་

ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གཉིས་སུ་མེད་པ་ནི་གཉིས་སུ་མེད་པ་སྟེ། དོན་དམ་པའོ། །དེ་ལ་ཀུན་དུ་རྨོངས་པ་ནི་གང་གཉིས་སུ་མེད་པའི་ཆོས་ཀྱིས་གཉིས་སུ་མེད་པའི་ཆོས་ཐོབ་པ་བཀག་པ་དང་། གཉིས་ཀྱི་

ཆོས་ཤིག་གཉིས་ཀྱི་ཆོས་ཀྱིས་ཐོབ་པ་བཀག་པ་དང་། གཉིས་དང་གཉིས་སུ་མེད་པའི་ཆོས་མི་དམིགས་པ་ན་ཐོབ་པ་ཡིན་པར་བཤད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གང་གི་ཕྱིར་ཇི་ལྟར་ཡིན་པའི་རྣམ་པར་རྟོག་པའི་དབྱེ་བ་རྒྱ་ཆེར་བཤད་པས་དངོས་པོ་ཐམས་ཅད་ལ་མངོན་པར་ཞེན་

པ་ནི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་ཏེ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམིགས་སུ་མེད་པའོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བྱས་ན་དངོས་པོ་མེད་པ་ལ་དམིགས་པའི་ཡེ་ཤེས་འཐད་པ་ཡིན་ནོ། །འདིར་ལམ་དང་། མྱ་ངན་ལས་འདས་པ་མེད་པ་ཉིད་ཀྱིས་

འཕགས་པའི་གང་ཟག་ཐམས་ཅད་མེད་པར་འགྱུར་ཞེས་ཞུས་པ་ལ། ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། འདུས་མ་བྱས་པ་ནི་འབྱུང་བ་མེད་པ་ཉིད་ཀྱིས་འཇིག་རྟེན་གྱི་མཚན་མར་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ལན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པའི་ཚིག་

གིས་དོན་དུ་བཏགས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །ཕྱི་མའི་མཐའ་ཤེས་པས་མཐའ་ཡོངས་སུ་ཆད་པ་ནི་ཞུས་པ་ཡིན་ལ། རང་གི་མཚན་ཉིད་ཀྱི་ཆོས་རྣམས་ལ་དེའི་མཐའ་མི་ཤེས་པས་མི་ཤེས་པ་དང་ལྡན་པ་ལ་དེ་བསྟན་ཏོ་ཞེས་བྱ་བ་ནི་ལན་ཡིན་ནོ། །དེ་བས་ན་དངོས་པོ་

Vol. 81 · folio 149a

མེད་པ་ལ་དམིགས་པའི་ཡེ་ཤེས་ནི་འཐད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་པ་ལ་སེམས་

ཅན་དུ་བཏགས་པ་ཡང་མི་དམིགས་ཤིང་། སེམས་ཅན་དུ་འཛིན་པ་ལས་ཡོངས་སུ་འབྲེལ་པ་ནི་དཀའ་བ་བྱེད་པའོ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཡིན་ནོ། །ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་དུ་འགྲོ་བ་ཡི། །བདེ་

བསྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་དཔའ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་དུ་རྟེན་པར་བྱེད། །ཅེས་བྱ་བ་ནི། གང་ལྗང་བུའི་སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པའི་

དཔེས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཞིང་ཉིད་ཡིན་པའི་ཕྱིར། འགྲོ་བ་མ་ལུས་པའི་བདེ་བའི་ལོངས་སྤྱོད་མཆོག་མང་ཞིང་། སྣ་ཚོགས་པའི་དོན་གྱིས་ན་སྐྱེད་མོས་ཚལ་བཟང་པོ་དང་འདྲ་བར་འབྲས་བུ་མཆོག་གིས་དཔའ་ཞིང་མཛེས་པ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ཉིད་དུ་

གཟུང་བར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འཐོབ་པའི་འཐད་པ་དང་། དེ་ལྟར་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ན། དབང་པོ་ཡོངས་སུ་རྫོགས་པ་དང་། ལས་

རང་གིས་བྱས་པ་དང་། སྨོན་པའི་ཡེ་ཤེས་དང་། དུས་ཀྱི་ཡེ་ཤེས་རྣམ་པར་དག་པ་དང་། སེམས་ཅན་རྣམས་ཀྱི་དོན་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་

ཡོངས་སུ་མྱ་ངན་ལས་འདའ་བའི་ཕན་ཡོན་ཐོབ་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །འདིའི་མདོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ལ། སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་མ་དམིགས། ཡལ་ག་དང་། སྡོང་བུ་དང་།

Vol. 81 · folio 149b

ལོ་མ་དང་། མེ་ཏོག་དང་། འབྲས་བུ་མ་དམིགས་པར་ལྗང་བུ་དེའི་སྡོང་བུ་བསྐྱེད་དེ། དུས་དུས་སུ་ཆུས་བྲན་ཞིང་། དེའི་སྡོང་བུ་དེ་རིམ་གྱིས་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ཀྱང་སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། དེ་དག་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལྟར་

སེམས་ཅན་ཐམས་ཅད་འཚོ་བར་འགྱུར་རོ། །དེ་ལ་ལོ་མ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བརྟེན་ཅིང་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་སྒྲོལ་བའོ། །མེ་ཏོག་ནི་གང་ལ་བརྟེན་ཅིང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནས། འདུ་ཤེས་མེད་འདུ་ཤེས་

མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེའོ། །དེ་ལ་འབྲས་བུ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་གང་ལ་བརྟེན་ནས། སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རབ་ཏུ་

གནས་སོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་འབྲས་བུ་མཆོག་དུ་འགྱུར་བ་ཞེས་བྱ་བ་ལ་སོགས་པའོ་ཞེས་བསྟན་པ་ཡིན་ནོ། །རྩེ་མོའི་མངོན་པར་རྟོགས་པའི་བསྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པའི་རྣམ་པར་

འགྲེལ་པའོ།། །།སངས་རྒྱས་ཉིད་ཐོབ་པའི་རྩེ་མོའི་དེ་མ་ཐག་བར་ཆད་མེད་པའི་ཏིང་ངེ་འཛིན་ཡིན་པས་དེ་བསྟན་པའི་ཕྱིར། བར་ཆད་མེད་པའི་ཏིང་ངེ་འཛིན། །སྟོང་དང་སྟོང་གཉིས་གསུམ་སྐྱེ་བོ། །སློབ་མའི་ཕུན་སུམ་ཚོགས་པ་དང་། །བྱང་ཆུབ་སེམས་དཔའི་སྐྱོན་མེད་

ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་འཛིན། །ཞེས་བསྟན་པ་ནི། གང་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་

Vol. 81 · folio 150a

ཐམས་ཅད་ཉན་ཐོས་ཀྱི་ས་ལ་གནས་པར་གྱུར་པ་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་པ་བས། དེ་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ཉིད་ཀྱིས་ན། སེམས་ཅན་ཐམས་ཅད་ལ་དམིགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་

བསྐྱེད་པ་ནི། བསོད་ནམས་མང་དུ་འཕེལ་བ་ཉིད་ཡིན་ནོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དཀར་པོ་རྣམ་པར་མཐོང་བའི་ས་ལ་བཀོད་པ་དང་། དེ་བཞིན་དུ་རིགས་ཀྱི་ས་དང་། དེ་བཞིན་དུ་བརྒྱད་པའི་ས་དང་། དེ་བཞིན་དུ་

མཐོང་བའི་ས་དང་། དེ་བཞིན་དུ་བསྲབས་པའི་ས་དང་། དེ་བཞིན་དུ་འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ལ་བཞག་པ་བས་བྱང་ཆུབ་སེམས་དཔའི་བྱང་ཆུབ་ལ་ཞུགས་

པའི་བསོད་ནམས་མང་དུ་སྐྱེ་བ་ཉིད་ཀྱིས་བར་ཆད་མེད་པའི་ཏིང་ངེ་འཛིན་ནི་དེའི་རྗེས་ཐོགས་ཉིད་ལ་འཚང་རྒྱ་བ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་ཞུགས་པ་ནི་འབྲས་བུ་བཞིའི་གནས་ལ་ཞུགས་པར་གྱུར་པ་ཡིན་གྱི་གནས་

བརྒྱད་པ་ལ་ནི་མ་ཡིན་ནོ། །དེ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གང་གི་ཕྱིར་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པའི་ཁྱད་པར་སྨོས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པ་རྣམ་པས་དེ་བཞིན་གཤེགས་པའི་བསོད་ནམས་ཆེས་མང་དུ་རབ་ཏུ་སྡུད་པ་

ཉིད་དོ་ཞེས་བསྟན་པ་ཡིན་ནོ། །ཡང་ཏིང་ངེ་འཛིན་འདིའི་རྗེས་ཐོགས་ལ་དེ་མ་ཐག་པའི་རྒྱུ་ཡིན་པའི་ཕྱིར་འཚང་རྒྱ་བ་ཉིད་དོ། །གང་ཡིན་ཞེ་ན། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་བསྟན་པ་ནི་གང་། རབ་འབྱོར་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའོ། །

ཞེས་བསྟན་པ་ཡིན་ནོ། །འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་ཅེས་བྱ་བ་ནི་གང་དེའི་དམིགས་པ་དང་། བདག་པོ་དང་། རྣམ་པ་ལ་ལན་དུ་དམིགས་པ་ནི་དངོས་པོ་མེད་པ་ཉིད་ཡིན་པ་དང་། བདག་པོ་ནི་དྲན་པ་ཉིད་

Vol. 81 · folio 150b

ཡིན་ནོ། །རྣམ་པ་ནི་ཞི་བ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འགོག་པ་ཤེས་པའང་ཞི་བ་ཉིད་ཡིན་ནོ་ཞེ་ན། མཚན་ཉིད་ནི་མཚན་ཉིད་པ་ཡིན་ཞེས་བྱ་བ་སྨོས་ཏེ། འདིས་ནི་འདིར་རང་བཞིན་གྱིས་ཞི་བ་ཡིན་པར་བཤད་ཀྱི་དངོས་པོ་འགོག་པའི་ཞི་བ་ནི་མ་ཡིན་ནོ་ཞེས་བཤད་དོ། །ད་ནི་ལོག་པར་

རྟོག་པ་བརྗོད་པར་བྱ་བ་ཡིན་པས། འདི་ལ་ནི། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་བསྟན་པ་ལ། འདི་ལ་ཞེས་བྱ་བ་ནི་གནས་འདི་ལའོ། །རབ་ཏུ་སྨྲ་རྣམས་ཞེས་བྱ་བ་ནི་ལོག་པར་ཞུགས་པ་རྣམས་སོ། །གཅིག་ནས་གཅིག་ཏུ་བརྒྱུད་མར་སྣ་ཚོགས་པར་རྒོལ་བའི་

སྒོ་ནས་འཇུག་པའི་རྟོགས་པའམ། དེ་ལ་སེལ་བ་ཙམ་དུ་སྨྲ་བར་རྒོལ་ཞིང་། ཚིག་ཏུ་སྨྲ་བའི་ལམ་མཐར་ཐུག་པ་མེད་པས་ཤས་ཆེར་སྨྲ་བ་རྩོད་པར་བྱེད་དོ། །ཇི་ལྟ་ཞེ་ན། དེའི་ཕྱིར་བརྗོད་པ་ཡིན་ཏེ། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་བཟུང་བ་དང་། །

རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །དམ་པའི་དོན་དང་ཀུན་རྫོབ་དང་། །སྦྱོར་དང་དཀོན་མཆོག་གསུམ་པོ་དང་། །ཐབས་དང་བཅས་པའི་རྟོགས་པ་དང་། །ཕྱིན་ཅི་ལོག་ནི་ལམ་བཅས་དང་། །གཉེན་པོ་མི་མཐུན་ཕྱོགས་དག་དང་། །མཚན་ཉིད་དང་ནི་བསྒོམ་པ་ལ། །

སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་ཉིད་རྟེན་ཅན། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་བསྟན་པ་ལ། དབྱེ་བ་བཅུ་དྲུག་ཏུ་བཞེད་ཅེས་བྱ་བའི་དོན་ནོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་པའི་དམིགས་པ་འཐད་པ་ལ་ལོག་པར་རྟོག་པ་

ནི་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུམ་ཤེས་པར་བྱ་བའི་ཕྱིར་དེ་ཉིད་ནས་བརྩམས་ཏེ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མེད་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ངོ་བོ་ཉིད་མེད་པས་དངོས་པོ་མེད་པའོ་ཞེས་གསུངས་ལ། གཞན་དག་དེ་

ལ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་འདྲི་བར་བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མ་མཆིས་པ་ལགས་ཞེས་ཞུས་པ་གང་ཡིན་པ་ལ། བཅོམ་ལྡན་འདས་ཀྱིས་འདས་པའི་ངོ་བོ་ཉིད་མེད་པར་བསྟན་པས། ཆོས་ཐམས་ཅད་ནི་དངོས་པོ་མེད་

Vol. 81 · folio 151a

པའི་ངོ་བོ་ཉིད་དེ་ཞེས་བསྟན་པ་ཡིན་ནོ། །མི་དམིགས་པའི་ངོ་བོ་ཉིད་ལ་ལོག་པར་རྟོག་པ་ནི་གང་ཡང་དེ་རྣམས་དེ་བཞིན་ཉིད་ལ་སོགས་པའི་ངོ་བོ་ཉིད་དུ་མེད་པ་ཉིད་དང་། དེ་ལྟ་ཡིན་ན་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནས། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་མེད་པར་ཞུས་པ་དང་། རབ་འབྱོར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པ་དེ་ཉིད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་སྟེ་ཞེས་བྱ་བ་དེ་ནི་ལན་ཡིན་ནོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སོགས་པ་ནས་སྟོབས་དང་། མི་འཇིགས་པ་ལ་སོགས་པ་ཐོབ་ཀྱི་བར་དུ་དུས་དེ་སྲིད་དུ་བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དེས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། སྐད་ཅིག་མ་གཅིག་དང་ཡང་དག་པར་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་ནས། བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་མི་སྐྱེ་བར་སྤངས་པས་ཡོངས་སུ་སྤོང་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ལོག་པར་རྟོག་པ་ནི་གང་དེ་ནས་སངས་རྒྱས་

ཀྱི་སྤྱན་གྱིས་གཟིགས་པ་ན། དངོས་པོ་དང་དངོས་པོ་མེད་པ་མ་གཟིགས་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྤྱད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་བར་ལ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དངོས་པོ་དང་དངོས་པོ་མེད་པར་ཡིད་ལ་མི་བྱེད་

དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །འཕགས་པའི་གང་ཟག་ཐམས་ཅད་ཀྱིས་ཀྱང་དགོངས་ཤིང་ཡིད་ལ་མ་བྱས་པ་ཉིད་ཀྱིས་ཆོས་རྣམས་ཆོས་རྣམས་ཉིད་དང་མི་འབྲལ་བའོ། །ཆོས་ཀྱི་ཆོས་ལ་དངོས་པོ་མེད་པའི་བདག་ཉིད་

དང་། །ཆོས་ཀྱིས་ཆོས་ལ་དངོས་པོ་མེད་པར་ཤེས་པར་བྱ་བ་ལ་སོགས་པ་མུ་བཞིའི་ཚུལ་གྱིས། འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་ནས། དངོས་པོ་དངོས་པོ་མེད་ཅེས་བྱ་བར་སྟོན་པར་རྗེས་སུ་གནང་བའི་ཕྱིར་རོ་ཞེས་རྗེས་སུ་བསྟན་པ་ཡིན་ནོ། །བདེན་པ་གཉིས་ལ་

Vol. 81 · folio 151b

ལོག་པར་རྟོག་པ་ནི་གང་ཀུན་རྫོབ་དང་། དོན་དམ་པ་དག་གིས་དེ་བཞིན་ཉིད་མངོན་པར་མི་ཤེས་པ་རྣམས་ཀྱི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་སྟོན་པར་མཛད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །སྦྱོར་བ་ལ་སོགས་པར་རྟོགས་པ་ནི་གང་བྱང་ཆུབ་ཀྱི་སྤྱོད་པ་ཞེས་བྱ་བ་ལ་

གཟུགས་ནས་འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་ལ་སྤྱོད་པ་དང་། རྗེས་སུ་སྤྱོད་པ་དག་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་དཀོན་མཆོག་ལ་ལོག་པར་རྟོག་པ་ནི། གང་སངས་རྒྱས་ཞེས་བྱ་

བ་ནི་ཡང་དག་པའི་དོན་བརྗོད་པ་ལ་འཇུག་པའི་རྒྱུ་ཡིན་པར་བསྟན་པ་དང་། ཡང་དག་པའི་ཆོས་ལ་མངོན་པར་རྟོགས་པ་དང་། ཡང་དག་པའི་དོན་རབ་ཏུ་རྟོགས་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པའི་གོ་རིམས་བཞིན་དུ་ཐམས་ཅད་མཁྱེན་པ་

གསུམ་གྱི་དབང་དུ་མཛད་ནས། སངས་རྒྱས་ཞེས་བརྗོད་པ་འཇུག་པའི་རྒྱུ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཆོས་དཀོན་མཆོག་ལ་ལོག་པར་རྟོག་པ་ནི་གང་བྱང་ཆུབ་ཅེས་བྱ་བའི་ཚིག་བླ་དགས་ལུས་པ་ལ། སྟོང་པ་ཉིད་ལ་སོགས་པ་བྱང་ཆུབ་ཀྱི་ཚིག་བླ་དགས་ཉིད་ཡིན་

པ་དང་། ཡང་བྱང་ཆུབ་ནི་མིང་ཙམ་ཉིད་དང་། ཡང་མི་བྱེད་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཡིན་པ་ཉིད་དང་། ཡང་དེ་བཞིན་ཉིད་ལ་སོགས་པ་བྱང་ཆུབ་ཡིན་པ་དང་། ཡང་མིང་དང་མཚན་མ་ཙམ་བྱང་ཆུབ་ཡིན་པ་དང་། ཡང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་པ།

སངས་རྒྱས་རྣམས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་པས་ན་བྱང་ཆུབ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དགེ་འདུན་དཀོན་མཆོག་ལ་ལོག་པར་རྟོག་པ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནང་བྱང་ཆུབ་ལ་དམིགས་པ་ཉིད་བཀག་པ་དང་། དེ་ལྟ་ཡིན་ན་ཕ་

རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་འཛིན་པ་མེད་ན་དེ་ཉིད་དུ་གཉིས་ཀྱི་སྤྱོད་པ་སྤངས་པ་དང་། དེ་ལྟ་ཡིན་ན་དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱ་བའི་དོན་དུ་གཉིས་སུ་མེད་པ་ལ་བརྟེན་པ་འཕེལ་བར་བསྟན་པ་དང་། བྱང་ཆུབ་སེམས་དཔའ་གཉིས་སུ་མེད་པར་སྤྱོད་པ་ནི།

Vol. 81 · folio 152a

དགེ་བའི་རྩ་བ་རྣམ་པར་འཕེལ་ཞིང་། མི་འཇིགས་པ་ཡིན་པའི་ལན་གྱིས་ཕྱིར་མི་ལྡོག་པའི་དགེ་འདུན་བསྟན་པའི་དོན་དང་། སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང་། གཟུངས་རབ་ཏུ་ཐོབ་པ་དང་ལྡན་པ་དང་། སངས་རྒྱས་དང་།

བྱང་ཆུབ་སེམས་དཔའ་དང་མི་འབྲལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བརྗོད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཐབས་ལ་མཁས་པ་ལ་ལོག་པར་རྟོག་པ་ནི་གང་དེ་ཐོབ་པའི་རྒྱུའི་ཐབས་ལ་མཁས་པ་དང་དེ་བསྟན་པ་ནས་བརྩམས་ཏེ། དང་པོ་སེམས་

བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། སངས་རྒྱས་ལ་སོགས་པ་ལ་སྦྱིན་པ་ཡོངས་སུ་གཏོང་ཞིང་། སྦྱིན་པར་བྱ་བ་དང་། གཏོང་བ་པོ་དང་། ལེན་པ་པོ་མི་དམིགས་པའི་ཐབས་ལ་མཁས་པས་སེམས་

ཅན་ཡོངས་སུ་སྐྱོབ་པ་ཉིད་དང་། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་ལ་མཁས་པ་བརྗོད་པར་རྒྱ་ཆེར་སྦྱར་བར་བྱའོ། །དེ་ལྟར་ཐབས་ལ་མཁས་པ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་དམིགས་པ་ཉིད་ཡིན་པའི་ཕྱིར། རྣམ་པར་

སྨིན་པ་མི་མཛད་པས་བློ་མཆོག་དང་ལྡན་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ནི་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མངོན་པར་རྟོགས་པ་ལ་ལོག་པར་རྟོག་པ་ནི་གང་དངོས་པོ་མེད་པས་དངོས་པོ་མེད་པ་མངོན་པར་བྱང་ཆུབ་པར་བྱ་བར་མི་ནུས་པ་ཉིད་དང་།

དངོས་པོས་དངོས་པོ་མངོན་པར་བྱང་ཆུབ་པར་མི་ནུས་པ་ཉིད་དང་། དངོས་པོས་དངོས་པོ་བྱང་ཆུབ་པ་བཀག་པ་དང་། དེ་བཞིན་དུ་དངོས་པོ་དང་། དངོས་པོ་མེད་པ་དང་། དངོས་པོ་མེད་པས་དངོས་པོ་མེད་པ་མངོན་པར་བྱང་ཆུབ་པར་བཀག་པ་ཡིན་ནོ། །དེ་ལྟ་ན་ནི་མངོན་པར་རྟོགས་པ་

མེད་པར་ཐལ་བར་འགྱུར་བས་མུ་བཞི་ལ་གོ་བཟློག་པ་དངོས་པོ་དང་། དངོས་པོ་མེད་པ་མཉམ་པ་ཉིད་དུ་མཐོང་བ་ནི། མངོན་པར་རྟོགས་པ་ཉིད་ཡིན་པར་དམ་བཅས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ཕྱིན་ཅི་ལོག་གི་ལོག་པར་རྟོག་པ་ནི་གང་གཟུགས་ལ་སོགས་པའི་ཕུང་པོ་རྣམས་རྟག་

Vol. 81 · folio 152b

པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་ཉིད་དང་། མངོན་པར་ཞེན་པའི་སྤྲོས་པ་ཉིད་དང་། དེ་བཞིན་དུ་ཡོངས་སུ་ཤེས་པ་དང་། ཡོངས་སུ་མ་ཤེས་པ་ཉིད་དུ་མངོན་པར་ཞེན་པའི་སྤྲོས་པ་

དང་། དེ་བཞིན་དུ་སྐྱེ་མཆེད་དང་། ཁམས་ལ་སོགས་པ་ནས་རྣམ་པར་ཐར་པའི་སྒོ་གསུམ་དུ་བསྒོམ་པ་བསྒོམ་པར་མངོན་པར་ཞེན་པ་དང་། དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པ་ལ་མངོན་པར་ཞེན་པ་དང་། རྒྱུན་དུ་

ཞུགས་པའི་འབྲས་བུ་ནས་བརྩམས་ཏེ། རང་སངས་རྒྱས་ཀྱི་བྱང་ཆུབ་ལས་འདའ་བའི་བར་ལ་མངོན་པར་ཞེན་པ་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ཡོངས་སུ་རྫོགས་པར་བྱ་བ་ལ་མངོན་པར་ཞེན་པ་ནས་བརྩམས་ཏེ། སྐྱོན་མེད་པར་ཞུགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་

དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་བསྒོམ་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྐྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པ་དང་།

བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ་བ་ལ་མངོན་པར་ཞེན་པ་ནི་སྤྲོས་པ་ཉིད་ཡིན་པ་ཉིད་དུ་ཤེས་པས། བྱང་ཆུབ་སེམས་དཔའ་ཇི་སྐད་དུ་བཤད་པའི་སྤྲོས་པ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ནི་ངོ་བོ་ཉིད་ལ་སྤྲོས་པར་མི་

བྱེད་ལ། དངོས་པོ་མེད་པ་ཡང་དངོས་པོ་མེད་པ་ལ་སྤྲོས་པར་མི་བྱེད་དོ་ཞེས་བྱ་བའི་འཐད་པས་གཟུགས་ལ་སོགས་པ་ནི། གཟུགས་ལ་སོགས་པའི་སྤྲོས་པ་མེད་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྤྲོས་པ་མེད་པར་རྗེས་སུ་གནང་བ་དང་། ཆོས་ཐམས་ཅད་སྤྲོས་པ་མེད་

པའི་ལྟ་བར་ཞུགས་པ་ལ། རབ་འབྱོར་འདི་ལྟར་གཟུགས་ལ་ཡང་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ངོ་བོ་ཉིད་མེད་པ་ཉིད་ཀྱིས་ན་སྤྲོས་པ་མེད་པར་ལྟ་བའི་རྒྱུ་ཉིད་ཡིན་པ་དང་། སྐྱོན་མེད་པར་བརྗོད་པས་དངོས་པོ་མེད་པ་ཉིད་ཡིན་ནོ། བྱང་ཆུབ་སེམས་དཔའ་

Vol. 81 · folio 153a

སྐྱོན་མེད་པ་ལ་འཇུག་པའི་ལམ་མེད་པས། མ་སྐྱེས་པ་ལ་སོགས་པའི་འབྲས་བུའི་ལམ་དགྲ་བཅོམ་པའི་དཔེས་བསྟན་པས་ལམ་ཤེས་པ་ཉིད་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པའི་འབྲས་བུ་ཐོབ་པར་བསྟན་པ་ཡིན་ལ། དེ་ནས་རྡོ་རྗེ་ལྟ་བུའི་

ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ཀྱི་སྐད་ཅིག་མ་གཅིག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ཡིན་ནོ། །འདིའི་མདོ་ནི་རབ་འབྱོར་འདི་ལྟ་སྟེ་དཔེར་ན་དགྲ་བཅོམ་པ་ནི་ལམ་ཐམས་ཅད་ལ་བསླབས་ཤིང་། ཡང་དག་པའི་སྐྱོན་མེད་པར་འཇུག་སྟེ། ནམ་

འབྲས་བུའི་ལམ་མ་གྲུབ་ཀྱི་བར་དུ་ཐོབ་པར་མི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལམ་བསྒྲུབས་ཤིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། ནམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཐོབ་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལམ་ལ་ལོག་པར་རྟོག་པ་ནི་གལ་ཏེ་ལམ་ཤེས་པ་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་ན་བརྒྱད་པ་ལ་སོགས་པའི་ལམ་ནི་གཞན་ཡིན་པའི་ཕྱིར། ལམ་

དེ་ཡོངས་སུ་རྫོགས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་དེ་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བས་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཕ་རོལ་ཏུ་ཕྱིན་

པ་དྲུག་ལ་སྤྱོད་པའི་ཚེ། ཤེས་པ་དང་མཐོང་བ་དག་གིས་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པའི་ས་བརྒྱད་པོ་ལས་ཡོངས་སུ་འདས་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ཀྱི་ཡེ་ཤེས་ཐོབ་པར་བཤད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བརྒྱད་པ་ལ་སོགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་། སྤོང་བ་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་བཟོད་པའི་མཚན་ཉིད་ཡིན་པའི་ཕྱིར་དང་པོ་ཁོ་ནར་ཉན་ཐོས་ཀྱི་ལམ་གྱིས་དེའི་རྟོགས་པ་

Vol. 81 · folio 153b

ཐོབ་པ་མངོན་དུ་མི་བྱེད་པའི་དོན་གྱིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་འཐད་པས། རིམ་པ་འདིས་མངོན་པར་རྫོགས་པར་སངས་རྒྱས་ཤིང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚེ་བར་འགྱུར་རོ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་སྐལ་བ་

ཇི་ལྟ་བ་བཞིན་དུ་འབྲས་བུ་ཉེ་བར་འཚོ་བའི་རྒྱུ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་ལ་སོགས་པའི་ལམ་དང་། ཐ་དད་པའི་བསམ་པས་ལམ་གྱི་རྣམ་པ་ཤེས་པའི་ལམ་ལ་ཞུགས་པས། ལམ་ཐམས་ཅད་ཀྱི་རྣམ་པ་དང་། རྟགས་དང་། མཚན་མ་རྣམས་ཀྱིས་མངོན་པར་

རྫོགས་པར་འཚང་རྒྱ་ཞིང་། དེ་གཞན་དག་ལ་བརྗོད་པ་དང་། བསྟན་པ་ལ་སོགས་པ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ལམ་ཉིད་ཡིན་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་གོ་བར་འགྱུར་བ་དང་། རྗེས་སུ་མཐུན་པའི་སྐད་དང་།

བརྡ་བྱ་བའི་སྒྲ་ནི་སྒྲ་བརྙན་དང་འདྲ་བར་ཤེས་པར་བྱ་བའི་དགོས་པ་བསྐྱེད་པར་བྱ་བའི་ཕྱིར། གཞན་གྱི་དོན་གྱི་ཐབས་ཕུན་སུམ་ཚོགས་པར་ཤེས་པར་བྱ་བའི་དོན་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་

པས་གཞན་གྱི་དོན་གྱི་སྦྱོར་བ་དོན་ཡོད་པར་བྱ་བ་ཉིད་ཤེས་པར་བྱ་བའི་དོན་དང་། དམྱལ་བ་ལ་སོགས་པའི་ངན་འགྲོ་རྣམས་ཀྱི་ལམ་དང་། དེའི་འབྲས་བུ་ཤེས་ནས་དེའི་རྒྱུ་དང་འབྲས་བུ་ལས་བཟློག་པ་ནས་བརྩམས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་

དང་། འབྲས་བུ་ལ་སོགས་པ་ཤེས་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ནས་སྙིང་རྗེ་ཆེན་པོའི་བར་དུ་ཤེས་པར་བྱ་བ་ཉིད་ཀྱི་ཕྱིར། སེམས་ཅན་ལམ་ཇི་ལྟ་བ་བཞིན་དུ་འབྲས་བུ་ལ་བཀོད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་སྐྱེས་པའི་དབང་པོ་ཤེས་པར་བྱ་བའི་ཕྱིར་

ཞེས་བྱ་བའི་འཐད་པས་སོ། །ཤིན་ཏུ་ཤེས་པར་བྱས་པ་ཞེས་བྱ་བ་ནི་རིགས་ཀྱི་བུ་རྣམ་པར་དབྱེ་བས་རབ་ཏུ་རྣམ་པར་ཤེས་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །སྐྱེས་པ་སྨོས་པ་ནི་བུད་མེད་ཀྱང་དགག་པ་ཡོད་པ་མ་ཡིན་ཏེ། སྒྲ་ལས་སྐྱེས་པ་སྨོས་པར་བུད་མེད་ཀྱང་སྡུད་པ་ཡིན་

Vol. 81 · folio 154a

པའི་ཕྱིར་རོ། །དབང་པོ་དེ་དག་ཀྱང་དད་པ་ལ་སོགས་པ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་བྱང་ཆུབ་པའི་ཆོས་དེ་དག་ནི་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ། བསྟན་དུ་མ་མཆིས་པ། མཚན་

ཉིད་གཅིག་པ་ལགས་ན་ཇི་ལྟར་བྱང་ཆུབ་འགྲུབ་པར་འགྱུར་བ་ལགས་ཞེས་ཞུས་པ་ལ་སེམས་ཅན་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་མི་ཤེས་པ་དེ་དག་གི་དོན་དུ་འདི་སྐད་དུ། འདི་དག་བདག་གིས་བཤད་པ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མི་མཐུན་པའི་

ཕྱོགས་དང་། གཉེན་པོའི་ཕྱོགས་ལ་ལོག་པར་རྟོག་པ་ནི་གང་རབ་འབྱོར་དེ་ནི་འདིར་གཟུགས་གང་ཡིན་པ་དང་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་གྱི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ནི་འཕགས་པའི་ཆོས་འདུལ་བ་འདི་

ལ་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པ་ཉིད་ཀྱིས་སེམས་ཅན་རྣམས་གཟུང་བར་བྱ་བའི་དོན་དུ་འཇིག་རྟེན་གྱི་ཐ་སྙད་ཀྱིས་བརྗོད་དོ། །དེ་རྣམས་ཀྱིས་བཏགས་པས་ཉན་ཐོས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་པ་དང་། མཐོང་བ་དག་གིས་རྟོགས་

པར་མི་བྱ་བ་དང་། རྟོགས་པར་བྱ་བ་ཉིད་ཀྱིས་སོ། །འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། ཉོན་མོངས་པ་འདུལ་བ་ལ་ནི་འཕགས་པའི་ཆོས་འདུལ་བ་ཞེས་བྱ་བ་ཉིད་དང་། བསམ་གཏན་བཞི་དང་

ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ཞེས་བྱ་བ་ནས་བརྩམས་ཏེ། རྟོགས་པའི་ཆོས་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་

པ་མེད་པ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་སྟེ། དེ་དག་ནི་གཟུགས་མེད་པ་དང་། བསྟན་དུ་མེད་པ་ལ་སོགས་པ་དང་། གཟུགས་མེད་པ་དང་། བསྟན་དུ་མེད་པ་ལ་སོགས་པ་དག་དང་ལྷན་ཅིག་ལྡན་པ་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་

Vol. 81 · folio 154b

འཐད་པས་སོ་ཞེས་བསྟན་པ་ཡིན་ནོ། །མཚན་ཉིད་ལ་ལོག་པར་རྟོག་པ་ནི་གང་འདིར་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་མེད་པར་མཚན་ཉིད་གཅིག་པར་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད་པས་

ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་བསླབ་པར་བྱ་བ་ཡིན་ན་ནི་ཉན་ཐོས་ལ་སོགས་པའི་ས་ལས་འདའ་བར་བྱ་བ་མེད་པར་འགྱུར་རོ། །ཆོས་ཐམས་ཅད་མཚན་ཉིད་མེད་པ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པའི་མཚན་ཉིད་ཀྱིས་མཚན་ཉིད་མེད་པ་ལ་ཡང་བསླབ་པར་མི་

བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྔོན་མཚན་ཉིད་མེད་པར་གྱུར་པ་དེ་ཕྱིས་མཚན་ཉིད་ཡོད་པར་འགྱུར་བ་ནི་མ་ཡིན་གྱི་ཞེས་བྱ་བའི་འཐད་པས་མཚན་ཉིད་དང་། མཚན་ཉིད་མེད་པར་བསླབ་པ་བཀག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་།

དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མེད་པའི་དབྱིབས་འདི་ནི་དེ་བཞིན་དུ་གནས་པའི་ཕྱིར་རོ་ཞེས་བྱ་བའི་འཐད་པས་སོ་ཞེས་བསྟན་པ་ཡིན་ནོ། །བསྒོམ་པའི་ལམ་ལ་ལོག་པར་རྟོག་པ་ནི་གང་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་

ན་ནི་དེ་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་མི་འཐད་པས་ཉན་ཐོས་ལ་སོགས་པའི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་ལ་སོགས་པ་མེད་པར་འགྱུར་ཏེ། མཚན་ཉིད་གཅིག་པ་དང་། མཚན་ཉིད་ཐ་དད་པ་གཉིས་ཀ་བཀག་པས་དེ་

ལྟར་བསྒོམ་པ་ནི་མཚན་ཉིད་མེད་པའོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན་ཞེས་བྱ་བ་ནི་ཞུས་པའོ། །གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པ་དང་། དེ་བཞིན་དུ་ཚོར་བ་ལ་སོགས་པ་དང་། གཟུགས་ལ་སོགས་པ་དང་། མིག་གི་རྣམ་པར་

ཤེས་པ་ལ་སོགས་པ་དང་། དེའི་འདུས་ཏེ་རེག་པ་ལ་སོགས་པ་དང་། དེའི་རྐྱེན་གྱིས་ཚོར་བ་ལ་སོགས་པ་དང་། ས་ལ་སོགས་པའི་ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དེའི་ཡན་ལག་མྱ་ངན་ལ་སོགས་པ་དང་། སྒྲུབ་པ་དང་། སྤང་བའི་མཚན་ཉིད་བླང་བ་

Vol. 81 · folio 155a

དང་། དོར་བ་དང་། དང་པོ་ལ་སོགས་པའི་བསམ་གཏན་རྣམས་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྗེས་སུ་དྲན་པ་དྲུག་ནས་བཟུང་སྟེ།

ཐབས་རྗེས་སུ་དྲན་པ་རྣམས་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་འདུ་ཤེས་དང་། བདག་དང་། སེམས་ཅན་ལ་སོགས་པའི་འདུ་ཤེས་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཞི་བ་དང་། མ་ཞི་བའི་འདུ་ཤེས་དང་།

དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པ་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ་

དང་། རྟོག་པ་མེད་ཅིང་དཔྱོད་པ་ཙམ་དང་། རྟོག་པ་མེད་ཅིང་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་དང་། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་དང་། རྗེས་སུ་འགྲོ་བ་

དང་། ཀུན་རྫོབ་དང་། འདྲིས་པ་དང་། སྒྲ་ཇི་བཞིན་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་

དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། གཟུངས་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བག་ཆགས་

ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་བསྒོམ་པ་རྣམ་པར་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཉིད་ཡིན་ནོ། །བསྒོམ་པ་སྨོས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མདོར་བསྡུས་པ་དང་། རྒྱས་པའི་མངོན་པར་རྟོགས་པའི་དབང་

Vol. 81 · folio 155b

དུ་མཛད་པའི་ཕྱིར། ཇི་སྐད་དུ་བསྟན་པའི་བསྒོམ་པའི་ལམ་ཤེས་པར་བྱ་བའི་ཕྱིར་རོ། །རྣམ་པར་བསྒོམ་པ་སྨོས་པ་ནི་བསྒོམ་པའི་ལམ་གྱི་བདག་ཉིད་ཇི་ལྟ་བ་བཞིན་ཤེས་པར་བྱ་བའི་ཆེད་དུ་ཡིན་ནོ། །གཟུགས་ལ་སོགས་པ་སྤྱིའི་མཚན་ཉིད་དང་། རང་གི་མཚན་ཉིད་ཀྱི་དབྱེ་

བ་མང་པོ་སྨོས་པ་ནི་སྔར་བསྒོམ་པའི་ལམ་གྱི་ཡུལ་དུ་ཤེས་པར་བྱ་བའི་ཆེད་ཡིན་ནོ། །ཇི་ལྟ་ཞེ་ན་ཞེས་དྲིས་པ་ལ་ཇི་སྐད་དུ་བཤད་པའི་གཟུགས་ལ་སོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེའི་མི་མཐུན་པའི་ཕྱོགས་ཀྱི་བག་ཆགས་ལ་སོགས་པའི་བསྒོམ་པ་མེད་པ་

ཡིན་པས་དངོས་པོ་མེད་པ་རྒྱ་ཆེར་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོའི་འདུ་ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་དངོས་པོ་ལ་ནི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་ཆགས་པའི་ཕྱིར་རོ་ཞེས་བྱ་

བའི་འཐད་པས་སོ། །གཉེན་པོའི་ཕྱོགས་ཐམས་ཅད་བསྒོམ་པ་མེད་པ་ལ་དངོས་པོ་ཡོད་པ་དང་། དངོས་པོ་མེད་པའི་མཚན་ཉིད་ཞུས་པ་ལ། གཉིས་པོ་དེ་དག་ལ་ནི་གཉིས་ཀྱི་མཚན་ཉིད་ཡིན་པར་བསྟན་པ་དང་། གཉིས་དང་གཉིས་མ་ཡིན་པ་ཞུས་པ་དང་། གཟུགས་ཀྱི་

འདུ་ཤེས་ནས་འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་ཀྱི་འདུ་ཤེས་ཀྱི་བར་དུ་གོ་རིམས་བཞིན་དུ་གཉིས་དང་གཉིས་མེད་པ་བསྟན་ནས། ཇི་ཙམ་དུ་གཉིས་པ་དེ་ཙམ་དུ་དངོས་པོའོ། །ཇི་ཙམ་དུ་དངོས་པོ་ཡོད་པ་དེ་ཙམ་དུ་འདུས་བྱས་སོ། །ཇི་ཙམ་དུ་འདུས་བྱས་པ་དེ་ཙམ་དུ་སེམས་

ཅན་རྣམས་ཀྱི་དགེ་བའི་རྩ་བ་ཅན་གྱི་སྡུག་བསྔལ་ལས་མི་འགྲོལ་ལོ། །གཉིས་ཀྱི་འདུ་ཤེས་ཅན་ནི་སྦྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་མེད་དོ། །གལ་ཏེ་དེ་ལྟ་ཡིན་ན་དངོས་པོ་མེད་པའི་འདུ་ཤེས་ཅན་ལ་རྣམ་པར་བྱང་བའི་ཆོས་ཐམས་ཅད་མེད་པར་འགྱུར་

བས། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ་ཞེས་ཞལ་གྱིས་བཞེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའ་ནི་དངོས་པོ་ཐམས་ཅད་ཡོད་པ་དང་མེད་པའི་འདུ་ཤེས་བཀག་པས་མཐུན་པའི་བཟོད་པའི་ལམ་དང་། འབྲས་བུ་བསྟན་པས་ལམ་དང་།

Vol. 81 · folio 156a

དངོས་པོར་རྟོག་པ་མེད་པ་ཉིད་ཀྱི་རྣམ་གྲངས་ཀྱི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས། མངོན་པར་རྟོགས་པའི་ཡེ་ཤེས་དམིགས་པ་ལས་ཐ་དད་པའི་ཆོས་མེད་པར་ཤེས་པར་བྱེད་པའི་དོན་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་དེ་བཞིན་གཤེགས་པ་

ཆོས་ཐམས་ཅད་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ལ་དབང་བསྒྱུར་བའི་ཡུལ་བརྙེས་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདོད་པ་རྣམས་ལས་དབེན་སྡིག་པ་

མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་དང་ལྡན་པའི་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་

བསྟན་པར་གྱུར་ཏོ་ཞེས་བྱ་བ་ནས་བརྩམས་ནས། ང་ཉིད་དབང་དུ་གྱུར་པས་དངོས་པོ་མེད་པའི་ངོ་བོ་ཉིད་ཐུགས་སུ་ཆུད་པའི་ཆོས་བསྟན་པ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པ་ཐུགས་སུ་ཆུད་པར་ཞུས་པའོ། །རབ་འབྱོར་གལ་ཏེ་འདོད་པ་རྣམས་ལ་སོགས་པ་

དངོས་པོ་ཞིག་ཡོད་དེ། ངོ་བོ་ཉིད་ཡོད་པའམ་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་འདོད་པའི་ཐུགས་སུ་ཆུད་པ་བསྟན་པ་ཡིན་ནོ། །དེ་ལ་དངོས་པོ་ནི་གང་གི་དངོས་པོའི་ངོ་བོ་ཉིད་ནི་བྱ་བའོ། །མེད་པ་ནི་དངོས་པོའི་རྒྱུན་ཆད་པའོ། །དེ་ལྟར་འདི་དག་ནི་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཀྱི་རྟེན་དུ་བྱས་ནས་རབ་ཏུ་སྨྲ་བ་རྣམས་ཀྱི་མ་ངེས་པ་དང་བཅས་པའི་སྐབས་རྒྱས་པར་འཕྲོས་པའི་ལོག་པར་བསྒྲུབ་པའི་གནས་རྣམ་པ་བཅུ་དྲུག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་བྱས་ནས། དེ་ཡི་རྟགས་དང་རྣམ་འཕེལ་དང་། །བརྟན་དང་སེམས་ཀུན་གནས་པ་དང་། །

མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །བར་ཆད་མེད་པའི་ཏིང་ངེ་འཛིན། །ལོག་པར་བསྒྲུབ་དང་བཅས་པ་ནི། །རྩེ་མོའི་མངོན་པར་རྟོགས་ཞེས་བསྟན་པ་དེ་བཤད་པ་ཡིན་པར་ཤེས་

Vol. 81 · folio 156b

པར་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས་རྩེ་མོའི་མངོན་པར་རྟོགས་པའོ།། །།ད་ནི་མཐར་གྱིས་གནས་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། གལ་ཏེ་དེ་ལྟར་རྟོགས་པའི་ཆོས་ནི་དངོས་པོ་མེད་

པའི་ངོ་བོ་ཉིད་ཡིན་ན། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་བར་འཚལ་ཞིང་ཞེས་ཞུས་པ་གསུངས་པ་ནི། མཐར་གྱིས་པའི་མངོན་པར་རྟོགས་པ་ཉེ་བར་

དགོངས་པའི་དོན་ཡིན་ནོ། །དེ་ལ་སེམས་བསྐྱེད་པ་ཤེས་པར་བྱ་བའི་དོན་དུ་སྤྱོད་པ་སྨོས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ། ཤེས་པར་བྱ་བའི་དོན་དུ་ནི་བསླབ་པ་སྨོས་སོ། །མཐོང་བའི་ལམ་དང་བསྒོམ་པའི་ལམ་ཤེས་པའི་དོན་ནི་ནན་ཏན་དུ་བྱ་བ་སྨོས་སོ། །

མངོན་པར་རྟོགས་པའི་གོ་རིམས་ཤེས་པར་བྱ་བའི་ཕྱིར། གསུམ་ཆར་སྨོས་པ་ཡིན་ནོ། །རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོག་མར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཞེས་བྱ་བ་ནས་བརྩམས་ཏེ། གལ་ཏེ་བདག་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་རུང་མ་རྒྱས་ཀྱང་རུང་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་ཀྱིས་ཞེས་ངེས་པར་བཟུང་བ་ལ། སེམས་ཅན་དངོས་པོའི་འདུ་ཤེས་ཅན་ལ་སྤྱོད་པ་ཐམས་ཅད་དེ་ལས་བཟློག་པར་བྱ་བའི་ཕྱིར།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་ཅིང་མཐར་གྱིས་སྤྱོད་པ་ལ་སོགས་པ་བརྩོན་པར་བསྟན་པས། མངོན་པར་རྟོགས་པའི་གོ་རིམས་ཀྱིས་གཞན་གྱི་དོན་བྱ་བའི་ཐབས་ཡིན་པར་བརྡར་བྱས་པའི་དངོས་པོའི་དངོས་པོ་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །

མཐར་གྱིས་པའི་མངོན་པར་རྟོགས་པ་དེ་ཡང་རྣམ་པ་བཅུ་གསུམ་དུ་ཤེས་པར་བྱའོ། །ཇི་ལྟ་ཞེ་ན། སྦྱིན་དང་ཤེས་རབ་བར་དག་དང་། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་ཏེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་བསྟན་པ་ཡིན་ནོ། །དེ་ལ་

Vol. 81 · folio 157a

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མངོན་པར་རྟོགས་པ་ནི། གང་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་ཞེས་བྱ་བ་ནས་བརྩམས་ཏེ། སྦྱིན་པ་མཐར་གྱིས་སྤྱོད་པའི་བྱ་བ་ལ་འཇུག་པ་ཤེས་པས་

སོ་ཞེས་བསྟན་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཚུལ་ཁྲིམས་ཀྱིས་མཐར་གྱིས་སྤྱོད་པ་ལ་འཇུག་པ་ལ་སོགས་པ་ལ་ཤེས་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བཟོད་པའི་ཕ་

རོལ་ཏུ་ཕྱིན་པ་ནི་གང་བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས་བརྩམས་ཏེ། བཟོད་པས་མཐར་གྱིས་སྤྱོད་པའི་ཤེས་པ་ལ་འཇུག་པ་དང་། དེ་བཞིན་དུ་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རེ་རེ་ཞིང་

མཐར་གྱིས་པའི་རྣམ་པར་འཕེལ་བ་རེ་རེས་མཐར་གྱིས་པའི་མངོན་པར་རྟོགས་པའོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་རྗེས་སུ་དྲན་པའི་མངོན་པར་རྟོགས་པ་ནི་གང་ཡང་དེ་སེམས་དང་པོ་བསྐྱེད་པ་ཉིད་ཀྱི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས།

ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ལྷག་པར་མོས་ཤིང་། དེ་བཞིན་གཤེགས་པ་ལ་གཟུགས་ཀྱི་སྐུ་ལ་སོགས་པར་བྱེད་པ་ལ་མི་བྱེད་པས། སངས་རྒྱས་རྗེས་སུ་དྲན་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་ངོ་བོ་ཉིད་མེད་པས་དངོས་པོ་

མེད་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ཉིད་ཡིན་པ་དང་། དེ་བཞིན་དུ་རེ་རེ་ཞིང་རྒྱུའི་དྲུག་པའི་སྦྱོར་བ་གཉིས་ཡིན་ནོ། །དེ་ནི་མཚན་དང་དཔེ་བྱད་ལ་སོགས་པའི་ཡིད་ལ་མི་བྱེད་པའི་སངས་རྒྱས་རྗེས་སུ་དྲན་པ་

དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་དང་། དེ་བཞིན་དུ་སྟོབས་བཅུ་ལ་སོགས་པ་ཡིད་ལ་མི་བྱེད་པས་དེ་རྗེས་སུ་དྲན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མི་བྱེད་པས། དེ་རྗེས་སུ་དྲན་པ་ཞེས་བསྟན་པའི་

Vol. 81 · folio 157b

སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔས་དེ་བཤད་པ་བྱས་པ་ཡིན་ནོ། །དེ་ལ་དང་པོས་ནི་སེམས་བསྐྱེད་པའོ། །ལྷག་མ་བཞིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིས་ཡིན་ཏེ། དེ་ལྟར་བསླབས་ཤིང་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་

རྫོགས་ཏེ། མཐོང་བའི་ལམ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པ་ནི་བསྒོམ་པའི་ལམ་ཞེས་བྱ་སྟེ། དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ནི་ཡོད་དུ་ཟིན་ཀྱང་ཐར་པའི་སྤྱོད་པ་ལ་སོགས་པ་རབ་ཏུ་ཤེས་པ་ནི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་

པར་རྟོགས་པར་བྱའོ། །དེ་བཞིན་དུ་དགེ་བ་དང་། མི་དགེ་བ་དང་། ལུང་མ་བསྟན་ལ་སོགས་པའི་ཆོས་ཡིད་ལ་མི་བྱེད་པ་ནི་ཆོས་རྗེས་སུ་དྲན་པའོ། །སྐྱེས་བུ་ཟུང་བཞི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རབ་ཏུ་བསྒོམས་པས་དངོས་པོ་མེད་པ་ཉིད་དུ་ཡིད་ལ་བྱེད་པས་རྗེས་སུ་དྲན་པ་ཡིད་

ལ་བྱ་བ་མེད་པ་ནི་དགེ་འདུན་རྗེས་སུ་དྲན་པའོ། །དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། མ་རལ་བ་དང་། མ་ཞིག་པ་དང་། མ་འདྲེས་པ་དང་། སྐྱོན་མེད་པ་དང་། མ་ཉམས་པ། མཐུ་དང་ལྡན་པ། མཁས་པས་བསྔགས་པ། ཤིན་ཏུ་རྟོགས་པ་ཏིང་ངེ་འཛིན་ཡོངས་སུ་

བསྒྲུབ་པའི་ཚུལ་ཁྲིམས་ལ་གནས་པ་ཡིན་ཏེ། དེ་ཚུལ་ཁྲིམས་དེ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པའི་རྗེས་སུ་དྲན་པ་ཡིད་ལ་མི་བྱེད་པ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པའོ། །དེ་ལ་ཐེག་པ་གཞན་ལ་མི་རྟེན་པ་ཉིད་ཀྱིས་ན་མ་རལ་པའོ། །ཡང་སྲིད་པར་སྐྱེ་བ་རྣམ་པར་

སྤངས་པས་རྣམ་པར་མ་ཞིག་པའོ། །སྐྱེ་བོ་ངན་པ་དང་། ཉོན་མོངས་པ་དང་། མ་འདྲེས་པ་ཉིད་ཀྱིས་ན་མ་འདྲེས་པའོ། །དཀར་པོའི་ཆོས་ཀྱི་ཆ་གཅིག་ཏུ་རྣམ་པར་འཕེལ་བ་ན་སྐྱོན་མེད་པའོ། །སྐྱེ་བར་སྨོན་ལམ་མི་འདེབས་པ་ཉིད་ཀྱིས་ན་མ་ཉམས་པའོ། །ཇི་ལྟར་

འགྲོ་བར་འདོད་པ་ཉིད་ཀྱིས་ན་མཐུ་དང་ལྡན་པའོ། །མཁས་པ་རྣམས་ཀྱིས་མ་སྨད་པས་ན་མཁས་པས་བསྔགས་པའོ། །དཔང་པོ་རྣམས་བསྲུངས་པས་ན་ཤིན་ཏུ་རྟོགས་པའོ། །བསམ་གཏན་གྱི་ཡན་ལག་གི་ཚོགས་རྒྱས་པ་ཉིད་ཀྱིས་ན་ཏིང་ངེ་འཛིན་ཡོངས་སུ་བསྒྲུབ་

Vol. 81 · folio 158a

པའོ། །ཆོས་དང་ཟང་ཟིང་གི་སྦྱིན་པ་བདག་ལ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་མེད་པ་ནི་གཏོང་བ་རྗེས་སུ་དྲན་པའོ། །འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ཏུ་སྐྱེས་པའི་རྒྱུན་དུ་ཞུགས་པ་དང་། གཟུགས་དང་

གཟུགས་མེད་པ་ན་སྤྱོད་པའི་ཕྱིར་མི་འོང་བ་དག་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་པས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་མེད་པ་ནི་ལྷ་རྗེས་སུ་དྲན་པ་སྟེ། མཐར་གྱིས་པའི་སྤྱོད་པ་ལ་སོགས་པ་ཤེས་པས་སོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན། མདོ་སྡེ་གཞན་ལས་

ལྷའི་རིས་གཉིས་རྗེས་སུ་དྲན་པར་བྱས་ཏེ། དགའ་ལྡན་དང་། གཙང་མའོ་ཞེས་གསུངས་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་མ་འདྲེས་པའི་གང་ཟག་ལ་དགོངས་ནས་གསུངས་པ་ཡིན་པས་ཉེས་པ་མེད་དོ། །ཆོས་རྣམས་ལ་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པས་མཐར་གྱིས་པའི་མངོན་པར་

རྟོགས་པ་ནི། དེ་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་

པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་དང་། སྙིང་རྗེ་ཆེན་པོ་ལ་སློབ་པ་ན་དངོས་

པོ་མེད་པའི་ངོ་བོ་ཉིད་ཀྱིས་མཐར་གྱིས་སྤྱོད་པ་ལ་སོགས་པ་ཤེས་པས་སོ་ཞེས་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན་ནི་གང་ཐམས་ཅད་མེད་པའི་ཕྱིར་གཅིག་ཏུ་ཆད་པར་སྨྲ་བར་ཐལ་བར་འགྱུར་བ་དང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་

བོ་ཉིད་ལ་ཡོད་པའམ། མེད་པ་མི་དམིགས་པར་དེའི་ལན་གསུངས་པ་དང་། རང་ཉིད་ལ་ནེམ་ནུར་མེད་ཀྱང་མ་འོངས་པའི་འགྲོ་བ་ལ་ལྟོས་ནས་གནས་བརྟན་རབ་འབྱོར་གྱིས་ཞུས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན་ནི་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ། བླ་ན་མེད་

Vol. 81 · folio 158b

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་མེད་པ་དང་། དེ་ཉིད་ཀྱིས་ཡང་དག་པར་འགྲུབ་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དམིགས་པའི་འདུ་ཤེས་ཅན་ལ་ཐོབ་པ་དང་མངོན་པར་རྟོགས་པ་བཀག་པ་དང་མི་དམིགས་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་འཁྲུགས་པ་མེད་པ་དང་།

དེ་ཐོབ་པ་དང་མངོན་པར་རྟོགས་པ་ཉིད་ཡིན་པ་དང་། དེ་ལྟ་ཡིན་ན་ས་བཅུ་ལ་སོགས་པ་གཞག་པ་མེད་པ་དང་། དེ་ཉིད་ཀྱི་ཕྱིར་མངོན་པར་འདོད་པ་ཡང་དག་པར་འགྲུབ་པ་དང་། མ་དམིགས་པ་ལ་སྦྱིན་པ་ལ་སོགས་པ་ཐ་དད་དུ་བྱ་བ་བཀག་པ་དང་། དེ་མི་དམིགས་པར་

སྒོམ་པར་བྱེད་པའི་ཁྱད་པར་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་དེ་ལྟར་བྱས་ན། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་བསྟན་པ་དེ་འཐད་པ་དང་བཅས་

པར་ཤེས་པར་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས། མཐར་གྱིས་པའི་མངོན་པར་རྟོགས་པའི་རྣམ་པར་འགྲེལ་པའོ།། །།ད་ནི་སེམས་ཀྱི་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ།

གང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས་ཞེས་ཞུས་པས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པར་

རྟོགས་པར་ཉེ་བར་བཀོད་པའི་དོན་གྱིས་སོ་ཞེས་བསྟན་པ་ཡིན་ནོ། །སྐད་ཅིག་མ་གཅིག་གི་མངོན་པར་བྱང་ཆུབ་པ་དེ་ཡང་རྣམ་པ་བཞིར་ཤེས་པར་བྱ་སྟེ། སྦྱིན་པ་ལ་སོགས་པ་ཟག་པ་མེད་པ་གང་ཡང་རུང་བའི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་བསྡུས་

པའི་མཚན་ཉིད་གང་ཡིན་པའི་དབང་དུ་མཛད་ནས། སྦྱིན་པ་ལ་སོགས་པ་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཞེས་བསྟན་པས་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་

Vol. 81 · folio 159a

ཟིན་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ནས། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་ཡོངས་སུ་འཛིན་པ་དང་། གཉིས་སུ་མེད་པའི་འདུ་ཤེས་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པའི་ཕྱིར་རོ། །དཀར་པོའི་ཆོས་ཐམས་

ཅད་ཁོངས་སུ་འདུས་པ་ཉིད་ཀྱིས་ཟག་པ་མེད་པའི་ཆོས་ལ་གནས་པ་ནི་ཅི་ཞིག་གིས་སྦྱིན་པར་བྱ་ཞེས་མཚན་མ་དེ་མི་མཐོང་བར་སྦྱིན་པ་གཏོང་བ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པའི་རྣམ་པས་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པ་ཉིད་ཡིན་པ་དང་།

དེ་ལྟ་ཡིན་ན་མཚན་མ་མེད་པ་དང་། མངོན་པར་འདུས་མ་བྱས་པ་ལ་སོགས་པས་ནི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་མེད་པར་ཐལ་བར་འགྱུར་བ་དང་། ཁྱེད་ཀྱི་སྦྱིན་པ་དེ་ལྟར་ཕན་པ་མེད་པ། མི་བརྟེན་པ་དེས་ཅི་ཞིག་བྱ་ཞེས་ཟེར་ན་ཞེས་བྱ་བ་

སླུ་བ་ཡིན་དུ་ཟིན་ཀྱང་མི་དམིགས་པར་ཡོངས་སུ་བསྔོ་བ་དང་། སྦྱིན་པ་ལ་སོགས་པ་ལས་ཡོངས་སུ་ལྡོག་པར་མི་བྱེད་པར་ནི་གཞན་འཕྲུལ་དབང་བྱེད་ཀྱི་དཔེས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སོགས་པ་རྣམ་པར་བྱང་བའི་ཕྱོགས་ཡོངས་སུ་རྫོགས་པར་གསུངས་པས་དེའི་ལན་བཏབ་

པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྒྱ་ཆེར་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །འདིའི་མདོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བསམས་པ་ཙམ་

གྱིས་འབྱུང་ངོ་། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་བསམས་པ་ཙམ་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་སོ་ཞེས་བསྟན་པ་ཡིན་ནོ། །ཡང་ཇི་

ལྟར་ན་ཟག་པ་མེད་པའི་ཆོས་གཅིག་དམིགས་ནས་བསྒོམ་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་སྡུད་པ་ཡིན་ཞེ་ན། དོན་འདི་ལ་འཇིག་རྟེན་པའི་དཔེ་བྱད་ཀྱང་རེ་ཞིག་བསྟན་དགོས་སོ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་བརྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་

Vol. 81 · folio 159b

ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་བསྟན་པ་ནི་སྔོན་གྱི་འཕེན་པའི་ཤུགས་ཀྱིས་ཞེས་བྱ་བ་ནི་དེའི་དགོངས་པ་ཡིན་ནོ། །རྣམ་པར་སྨིན་པའི་ཆོས་ཉིད་གནས་སྐབས་ཀྱི་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་

མངོན་པར་རྫོགས་པར་བྱང་ཆུབ་པའི་དབང་དུ་མཛད་ནས། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་བསྟན་པ་ནི་གང་རབ་འབྱོར་འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཡང་དག་པའམ། ཡོངས་སུ་གྲུབ་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མེད་དེ་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་ཕྱོགས་ཐམས་ཅད་ཆོས་ཉིད་ཀྱི་གནས་སྐབས་

སུ་མཚན་མ་མེད་པའི་སྦྱོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར། སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་ཉིད་ཀྱིས་ན། རྣམ་པར་སྨིན་པ་དུས་གཅིག་ཏུ་སྐྱེས་པ་དང་མི་འགལ་བར་ཤེས་པར་བྱེད་པའི་ཕྱིར་ཞེས་རྒྱ་ཆེར་གསུངས་སོ་ཞེས་བསྟན་པ་ཡིན་ནོ། །

མཚན་མ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་གང་ཡིན་པའི་དབང་དུ་མཛད་ནས། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །

ཞེས་བསྟན་པ་ནི་ཇི་སྐད་དུ་བཤད་པའི་ཕན་ཚུན་ཐ་དད་པའི་ཆོས་ཀྱི་མཚན་ཉིད་ཆོས་གཅིག་གི་ཁོངས་སུ་འདུས་པ་མི་འཐད་པས། སྐད་ཅིག་མ་གཅིག་མངོན་པར་རྟོགས་པ་མེད་པར་ཐལ་བར་འགྱུར་ལ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་པས། ཆོས་ཐམས་ཅད་མཚན་མ་

Vol. 81 · folio 160a

མེད་པར་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཉིད་ཡིན་པའི་ཕྱིར་རོ། །རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་རྨི་ལམ་གྱི་རང་བཞིན་ནོ། །མཚན་ཉིད་མེད་པ་ཞེས་བྱ་བ་ནི་དངོས་པོ་མེད་པ་སྟེ། འདི་ལྟར་ཆོས་མཐུན་པའི་དཔེ་དོན་ཡིན་ནོ། །སྦྱིན་པ་ལ་སོགས་

པ་དེའི་དུས་སུ་བར་ཆད་དང་བཅས་པ་དང་། བར་ཆད་མེད་པར་སྟོང་པ་ཉིད་ཡིད་ལ་བྱེད་པས་ཀུན་དུ་སྤྱོད་པའི་ཕྱིར་ཏེ། ཆོས་བསགས་པ་ཡང་དགོས་པར་ཤེས་པར་བསམ་པ་དང་བཅས་པ་དང་། རྟོགས་པའི་གནས་སྐབས་སུ་ནི་ཆོས་རྣམས་རོ་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །

དབྱེ་བ་མེད་པ་ཉིད་ཀྱི་ཕྱིར་ངོ་བོ་ཉིད་ཀྱི་དོན་རྟོགས་པར་འགྱུར་རོ། །དེ་ཕུང་པོ་རྣམས་ནི་ཤིན་ཏུ་མྱ་ངན་ལས་འདས་པའོ། །བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་ཤིན་ཏུ་མྱ་ངན་ལས་འདས་པ་ཞེས་ཇི་སྐད་གསུངས་པ་ལྟ་བུ་ཡིན་པས། ཕུང་པོ་རྣམས་དང་བྱང་ཆུབ་ནི་གཉིས་སུ་མེད་ཅིང་གཉིས་

སུ་བྱར་མེད་དོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་རྨི་ལམ་ལ་སོགས་པའི་དཔེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་པོ་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །གཉིས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པའི་

དབང་དུ་མཛད་ནས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས་བསྟན་པ་ནི་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་མི་མཐོང་། རྨི་ལམ་མཐོང་བ་མི་མཐོང་ངོ་ཞེས་བྱ་བ་ནས་བརྩམས་ཏེ། དེ་ནི་ཆོས་དེ་དག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས་བརྩམས་ཏེ། ཆོས་ཐམས་ཅད་གཉིས་སུ་མེད་

པའི་མཚན་ཉིད་ཀྱིས་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་ཉིད་དང་། ཆོས་ཐམས་ཅད་དབྱེར་མེད་ན་མི་དགེ་བའི་ཆོས་བསྟན་པ་མེད་པར་ཐལ་བར་འགྱུར་བ་དང་། དེ་བརྗོད་པ་དེ་འཇུག་པའི་རྒྱུ་བཙལ་བའི་དོན་དང་། ཆོས་རྣམས་ཀྱི་ཆོས་ཉིད་བརྗོད་དུ་མེད་

Vol. 81 · folio 160b

པ་ཉིད་ཀྱི་ཕྱིར་ཏེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པ་ནི་ཆོས་ཀྱི་སྐུར་བརྟགས་པ་འབྱོར་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བྱས་ན་སྐད་ཅིག་མ། །གཅིག་གིས་མངོན་རྫོགས་བྱང་ཆུབ་པ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་བསྟན་

པ། དེ་འདས་པའི་འབྲེལ་པ་ཡིན་པར་བལྟ་བར་བྱའོ། །སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པའི་དོན་ནི་འཕགས་པ་ཉན་ཐོས་ཀྱི་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་པ་དང་། ཀུན་འབྱུང་ལ་ཀུན་འབྱུང་ཞེས་བྱ་བ་ནས། ལམ་ལ་ལམ་དུ་ཡིད་ལ་བྱེད་པའི་བར་དུ་ཟག་

པ་མེད་པའི་ཡིད་ལ་བྱེད་པ་དང་། ཡང་དག་པར་ལྡན་པའི་ཆོས་རྣམས་ལ་རྣམ་པར་དཔྱད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་མདོ་དང་འགལ་ལོ་ཞེ་ན། དེ་ནི་འཕགས་པ་ཉན་ཐོས་ཀྱི་ཡིན་པར་བཤད་པས་ཁོ་བོ་ཅག་དང་འགལ་བ་མེད་དེ། འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་

རྟོགས་པ་ཡིན་ནོ། །འདིར་མཁས་པ་རྣམས་ཀྱིས་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་བདག་གིས་ཉེ་བར་སྦྱར་བའི་རྗེས་སུ་འབྲངས་ཏེ། དེ་ལྟ་བུའི་འཁོར་བ་ཐོག་མ་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་པར་གོམས་པས་རབ་ཏུ་

ཞེན་ཅིང་བསྔགས་པའི་ཉེ་བར་དམིགས་པ་ལ་མངོན་པར་ཞེན་པའི་དུག་གིས་ཟིན་པ་ལས་བཟློག་པ་ལ་འབད་པར་བྱ་བའི་རིགས་སོ། །མངོན་པར་རྟོགས་པའི་དོན་ཅི་ཞིག་ཡིན་ཞེ་ན། མངོན་པར་རྟོགས་པ་ཞེས་བྱ་བ་ནི་མངོན་དུ་འཕགས་པའོ། །སམ་གྱི་སྒྲ་ནི་ངེས་པར་བརྗོད་པའོ། །ཨའི་

སྒྲ་ནི་འགྲོ་བའི་དོན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། མངོན་དུ་ཕྱོགས་པས་ཡང་དག་པ་ཇི་ལྟ་བར་ངེས་པར་འགྲོ་བའི་ཡེ་ཤེས་རྟོགས་པ་ནི་མངོན་པར་རྟོགས་པ་ཞེས་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་ལས། སྐད་ཅིག་མ་གཅིག་

གིས་མངོན་པར་རྟོགས་པའི་རྣམ་པར་འགྲེལ་པའོ།། །།ད་ནི་ཆོས་ཀྱི་སྐུ་བརྗོད་པར་བྱ་སྟེ། དེ་ཡང་སྐུ་གསུམ་དུ་ཤེས་པར་བྱ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །གང་གི་ཕྱིར་ངོ་བོ་ཉིད་ཀྱི་སྐུའི་དབང་དུ་མཛད་ནས། ཐུབ་པའི་

Vol. 81 · folio 161a

ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་ཆོས་རྣམ་ཀུན་དུ། །རྣམ་པར་དག་འགྱུར་གང་དག་ཡིན། །དེ་དག་དེ་ཡི་རང་བཞིན་ཅན། །ཞེས་བསྟན་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་ཆོས་དབྱིངས་ཡང་དག་པའི་

རང་བཞིན་ཏེ། ངོ་བོ་ཉིད་གང་ཡིན་པ་འདི་ནི་བཅོས་མ་མ་ཡིན་པའི་དོན་གྱིས་ན། བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་ཤེས་པར་བྱ་སྟེ། ངོ་བོ་ཉིད་ཅེས་བྱ་བ་ནི་བཅོས་མ་མ་ཡིན་པར་འཇིག་རྟེན་ལ་གྲགས་སོ། །འཇིག་རྟེན་ལས་འདས་པའི་ལམ་ནི་དེ་ཐོབ་པར་བྱེད་

པ་པོ་ནི་མ་ཡིན་ནོ། །གང་ཡང་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་ངོ་བོ་ཉིད་དེ། ཆོས་ཀྱི་སྐུ་ཟག་པ་མེད་པའི་ཆོས་རྣམས་ཀྱང་གང་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་

བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བ་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མེད་དང་། །མངོན་མཁྱེན་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་

དང་། །བསྲུང་བ་མེད་པ་གསུམ་དག་དང་། །དྲན་པ་ཉེར་གཞག་རྣམ་གསུམ་དང་། །བསྙེལ་བ་མེད་པའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་

པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བསྟན་པ་ལ། བདག་ཉིད་ཕྱིས་པས་ཆོས་ཀྱི་སྐུ་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །གཞན་དུ་ན་ཆོས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ་ཞེས་བྱས་པ་ན་ངོ་བོ་ཉིད་བཀག་པར་གྱུར་པ་དང་། སྐུའི་དོན་བསགས་པ་ལ་ཡང་འགྲོ་

བས་འདུས་བྱས་སུ་འགྱུར་བའི་ཉེས་པ་ཡོད་དོ། །དེ་བས་ན་སྐུ་ཞེས་བརྗོད་པ་དེ་ལ་སྔོན་གྱི་གནས་སྐབས་ཀྱི་རྗེས་སུ་འབྲངས་པའི་ཉེ་བར་གདགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་བཤད་པ་དང་བཅས་པའི་སྐབས་

Vol. 81 · folio 161b

རྒྱས་པར་ལམ་གྱི་ཚོགས་ལས། ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཤེས་པར་བྱའོ། །ཚད་མེད་པ་ནི་བྱམས་པ་ལ་སོགས་པ་སྟེ། ཚད་མེད་པ་ལ་འཇུག་པ་ལས་ཇི་སྐད་དུ་བཤད་པའོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་ལ་བལྟ་བ་འདི་ནི་དང་པོའོ། །

ནང་དུ་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟ་བ་འདི་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས། རྫོགས་པར་བྱས་ཏེ་གནས་པ་འདི་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་པ་དང་། །རྣམ་ཤེས་མཐའ་

ཡས་པ་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱ་བའི་རྣམ་པར་ཐར་པ་བཞི་དང་། འདུ་ཤེས་དང་། ཚོར་བ་འགོག་པའི་ཞེས་བྱ་བ་གཅིག་ཏེ། དེ་ལྟར་ན་བརྒྱད་དུ་འགྱུར་རོ། །དེ་ལ་ཟད་པ་དང་། ཡོངས་སུ་ཆད་པ་དང་། ཀུན་དུ་བསྐོར་

བས་འདིའི་མཐའ་ཡོད་པ་མ་ཡིན་པས། ནམ་མཁའ་མཐའ་ཡས་པའི་ཕྱིར། ནམ་མཁའ་མཐའ་ཡས་པ་སྟེ། འདི་ནི་ནམ་མཁའ་རྒྱུར་བྱས་པའོ། །ནམ་མཁའ་མཐའ་ཡས་པ་དེ་ལ་བསམ་གཏན་བརྟེན་པའི་དོན་གྱིས་ནི་སྐྱེ་མཆེད་དེ། ལྷ་རྣམས་ཀྱི་གནས་དང་འདྲ་བས་ན་ནམ་མཁའ་མཐའ་ཡས་

སྐྱེ་མཆེད་དོ། །རྣམ་པར་ཤེས་པ་མཐའ་ཡས་པ་ཉིད་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །དེ་ཡོངས་སུ་ཆད་པ་དང་། ཀུན་དུ་བསྐོར་བས་འདིའི་མཐའ་ཡས་པ་མ་ཡིན་པས་རྣམ་ཤེས་མཐའ་ཡས་སོ། །མིང་ནས་ནམ་མཁར་རྣམ་པར་ཤེས་པ་འཇུག་པ་སྟེ་སྔ་མ་བཞིན་ནོ། །

འདིའི་རྣམ་པར་ཤེས་པ་མཐའ་ཡས་པ་ཡིན་པས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །འདི་ལ་ཡན་ལག་ཙམ་ཡང་ལུས་པ་མེད་པས་ན་ཅི་ཡང་མེད་པ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། རྣམ་པར་ཤེས་པ་དང་བྲལ་བ་ལ་དེ་སྐད་ཅེས་མིང་བཏགས་པ་

ཡིན་ནོ། །བསམ་གཏན་འདི་ཡང་མེད་པ་ལ་བརྟེན་པས་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྒྱ་ཆེ་བའི་འདུ་ཤེས་ནི་མེད་ལ་ཕྲ་མོ་ནི་ཡོད་པས་ན། འདུ་ཤེས་མེད་འདུ་ཤེས་མེད་མིན་ཏེ། དེ་དང་ཡང་དག་པར་ལྡན་པའི་

Vol. 81 · folio 162a

བསམ་གཏན་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་ཡང་ཡིན་ལ། དེ་ནི་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་ཉིད་ཀྱི་སྐྱེ་མཆེད་ཀྱང་ཡིན་པས་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཅེས་བྱའོ། །འདི་དག་

ཐམས་ཅད་ཀྱང་དམིགས་པ་ལས་ཡང་དག་པར་འདའ་བ་ཉིད་ཀྱིས་འཐོབ་ཀྱི། ཡན་ལག་ལས་འདས་པ་ནི་མ་ཡིན་ནོ། །དཔེར་ན་བསམ་གཏན་དང་པོ་ལ་སོགས་པ་དང་། ཟད་པར་ས་ལ་སོགས་པ་དམིགས་པ་གཅིག་ལ་དམིགས་པ་མ་སྤངས་པར་རྟོགས་པ་ལ་སོགས་

པའི་ཡན་ལག་ལས་ཡང་དག་པར་འདས་པར་གྱུར་པ་ཡིན་ན། འདི་རྣམས་ནི་དེ་ལྟ་མ་ཡིན་ནོ། །གང་གཟུགས་ཀྱི་མཚན་མ་ལས་འདས་པ་དང་པོའོ། །ནམ་མཁའ་ལས་འདས་པ་ནི་གཉིས་པའོ། །ནམ་མཁར་ཞུགས་པའི་རྣམ་པར་ཤེས་པ་ལས་འདས་པ་ནི་གསུམ་

པའོ། །ནམ་མཁར་ཞུགས་པའི་རྣམ་པར་ཤེས་པ་དངོས་པོ་མེད་པ་ལས་འདས་པ་ནི་བཞི་པའོ། །དེ་ལྟར་ན་འདི་དག་ཐམས་ཅད་དམིགས་པ་འདི་ལས་འདས་པ་ཉིད་ལས་ཐོབ་ཀྱི་ཡན་ལག་ལས་འདས་པས་ནི་མ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་བཏང་སྙོམས་དང་།

སེམས་རྩེ་གཅིག་པ་ཉིད་ལ་རག་ལས་པ་ཡིན་པས་དེ་དག་གི་ཡན་ལག་གཉིས་པའོ། །ཇི་ལྟར་སྤོམ་པ་དང་། ཕྲ་བ་དང་། རབ་ཏུ་ཕྲ་བ་དང་། ཤིན་ཏུ་ཕྲ་བའི་དོག་པ་ལས་ཆུ་དང་། ཞེང་མཉམ་པའི་རས་གོས་བཞི་པོ་ལ་ཚད་ཀྱི་ཁྱད་པར་མེད་དུ་ཟིན་ཀྱང་། བདེ་བའི་རེག་པ་དང་

བྲལ་བའི་ངོ་བོ་དང་། ཆེ་བ་ཉིད་ཀྱིས་སྔ་མ་ལས་ཅིག་ཤོས་དང་། ཕྱི་མ་ལས་ཕྱི་མ་ཕུལ་དུ་བྱུང་བར་གྱུར་པ་ཡིན་ནོ། །དེ་བཞིན་དུ་འདི་དག་གི་ཁྱད་པར་མེད་དུ་ཟིན་ཀྱང་བསྒོམ་པའི་ཁྱད་པར་གྱིས་ཕྲ་བ་དང་། ཞི་བའི་ངོ་བོ་ཉེ་བར་དམིགས་པའི་ཕྱིར་སྔ་མ་ལས་ཕྱི་མ་ཅིག་ཤོས་

དག་ཏུ་ཕུལ་དུ་བྱུང་བ་དང་། མཆོག་ཏུ་ཕུལ་དུ་བྱུང་བ་ཉིད་ཡིན་པར་ཤེས་པར་བྱའོ། །རྣམ་པར་ཐར་པའི་ལྷག་མ་བཤད་པ་ནི། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་ཇི་སྐད་བཤད་པ་བཞིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསམ་གཏན་

Vol. 81 · folio 162b

བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་སྟེ་ཟད་པར་བརྒྱད་དང་།

ཟད་པར་རྣམ་པར་ཤེས་པ་དང་། ཟད་པར་ནམ་མཁའ་ཞེས་བྱའོ། །དེ་ལ་ཟད་པར་ས་ནི་རྣལ་འབྱོར་གོམས་པ་གང་ཞིག་དབང་དུ་གྱུར་པས་བསམ་གཏན་དང་ཏིང་ངེ་འཛིན་ལས་འདས་ནས་སྒྲིབ་པ་ཅུང་ཟད་ལུས་པས་སྙོམས་པར་འཇུག་པས་ན་རྣམ་པར་རྟོག་པ་རགས་པའི་ཕྱིར། ཡན་

ལག་ཉམ་ཆུང་བ་ཞེས་བྱ་བའི་ཉེས་པ་དེ་མཐོང་ནས། བསམ་གཏན་གཉིས་པ་ཞི་བ་ཉིད་དུ་ཡིད་ལ་བྱེད་པས་དེ་གཉིས་པ་རྟོགས་པར་བྱ་བའི་ཕྱིར། དང་པོ་ལ་འདོད་པ་མེད་པ་ཡོངས་སུ་བཟུང་ནས་བསམ་གཏན་གྱི་ཡན་ལག་ལ་སོ་སོར་རྣམ་པར་རྟོག་པ་ན་རྣམ་པར་རྟོག་པ་ཙམ་གྱི་རགས་

པ་ལམ་སྤྱོད་པ་ལ་སོགས་པ་ཞི་བ་ཉིད་དུ་ཉེ་བར་གནས་སོ། །དེའི་ཚེ་རགས་པའི་ཡན་ལག་སྤང་བར་བྱ་བའི་ཕྱིར་དང་། མཚན་མ་དེ་ཉིད་ས་ཡིན་ནོ་ཞེས་ཡང་དང་ཡང་དུ་ཡིད་ལ་བྱེད་པས་ཟད་པར་ས་ལ་རྣམ་པར་འཇོག་གོ། །དེ་བཞིན་དུ་ཟད་པར་ཆུ་ལ་སོགས་པ་དགུ་པོ་ལ་ཡང་ཚུལ་དེ་

ཉིད་ལྟར་བལྟ་བར་བྱའོ། །སྔར་བསྒོམས་པ་གོམས་པ་དང་། ཆུ་བོ་དང་། རྫིང་བུ་དང་། མཚོ་ལ་སོགས་པ་ལས་ནི་མ་བྱས་པ་ཉིད་དུ་ཟད་པར་ཆུ་འབྱུང་བ་དང་། དེ་བཞིན་དུ་ནགས་ཀྱི་མེ་འབར་བའི་དུ་བའི་རྩེ་མོ་ལ་སོགས་པ་ལས་ནི་ཟད་པར་མེ་འབྱུང་ངོ་། །རླུང་གིས་ཕྱོགས་པའི་

འོད་མ་དང་། ལྗོན་ཤིང་གི་ལོ་མ་ལ་སོགས་པ་ལ་རླུང་འདི་གནས་ཏེ། འདི་རབ་ཏུ་འཇིག་པར་བྱེད་དོ་ཞེས་པ་ལས་ནི་ཟད་པར་རླུང་འབྱུང་ངོ་། །མེ་ཏོག་དང་། ནོར་བུ་དང་། གོས་ལ་སོགས་པ་སྔོན་པོ་བཏིང་བ་ལས་ནི་ཟད་པར་སྔོན་པོའོ། །དེ་ལྟར་སེར་པོ་དང་། དམར་པོ་དང་། དཀར་

པོ་ལས་ནི་ཟད་པར་སེར་པོ་ལ་སོགས་པ་དང་། ཚོན་སྟེང་དང་། དངུལ་དང་། ཟླ་བའི་དཀྱིལ་འཁོར་ལ་སོགས་པ་ལས་ནི་ཟད་པར་དཀར་པོའོ། །སྐར་ཁུང་གི་ནང་དུ་ཞུགས་པའི་ཟླ་ཟེར་དང་། ཉི་མའི་འོད་ཀྱི་ས་དང་། རྩིག་པའི་ཕྱོགས་ཀྱི་སྣང་བའི་ཚོགས་བྱུང་བ་དང་། ཤིང་གི་

Vol. 81 · folio 163a

ལོ་མའི་ཚོགས་ཀྱི་གསེབ་ནས་བྱུང་བའི་སྣང་བ་དང་། རླུང་གིས་བསྐྱོད་པའི་ཟླ་བའི་འོད་ཟེར་ལྟ་བ་ལས་ནི་ཟད་པར་རྣམ་པར་ཤེས་པའོ། །སྐར་ཁུང་གི་ནང་གི་བུ་ག་དང་། རྩིག་ཁུང་དང་། ཁུང་བུ་ལ་སོགས་པ་ལས་ནི་ཟད་པར་ནམ་མཁའ་སྐྱེ་བར་འགྱུར་རོ། །

གང་ཡང་བསྒོམ་པ་མ་བྱས་པའི་ལས་དང་པོ་པ་ལ་ནི་རྣལ་འབྱོར་འདི་ལྟ་བུ་སྐྱེ་བར་མི་འགྱུར་བས། དེ་ཡོངས་སུ་སྦྱང་བའི་ཁྱད་པར་ཤེས་པར་བྱའོ། །དེས་སྔོན་པོ་ལ་སོགས་པའི་ཁ་དོག་གི་དབྱེ་བ་དང་བྲལ་བའི་བར་སྣང་ངམ། གོས་གཙང་མ་ལས་འཛག་པའི་གཞོང་པ་ལ་སོགས་པའི་སྣོད་

གང་ཡང་རུང་བ་ཆུས་བཀང་བ་གནས་ཤིན་ཏུ་བཟང་པོར་བཞག་ལ་བདེ་བར་འདུག་ནས་ཡིད་ལ་བྱེད་པ་བརྩམས་པར་བྱ་སྟེ། དེ་ནི་ཟད་པར་ཆུ་ལ་ཡོངས་སུ་སྦྱང་བའོ། །ཡང་སྙིང་པོ་དང་ལྡན་པ་དུམ་བུར་གཏུབས་ལ་ཤིང་དྲུང་ངམ། སྟེགས་བུ་ཟླ་མེད་པ་ལ་ལྷུང་བཟེད་རྩི་བཏང་བའི་

ཚུལ་གྱིས་འབར་བར་བྱས་ལ་བུག་པ་མཐོ་གང་བའམ། སོར་བཞི་པ་ཞིག་བཏོད་དེ། པགས་པའམ། རེ་ལྡེ་གང་ཡང་རུང་བའི་སྟན་མདུན་དུ་བཞག་པ་ལ་བདེ་བར་འདུག་ནས་འོག་རྫ་དང་། ཤིང་རྣམས་ལ་སྟེང་ན་དུ་བའི་རྩེ་མོ་ཡོད་པ་ཡིད་ལ་བྱས་ལ། དབུས་སུ་མེ་འབར་བའི་ཕུང་

པོ་སྟུག་པོའི་མཚན་མ་གཟུང་བར་བྱ་བ་ནི་ཟད་པར་མེའི་ཡོངས་སུ་སྦྱང་བའོ། །རྩིག་པའི་བུ་ག་ཕུག་པའམ། མེད་ན་ཡང་བུག་པའི་སྐར་ཁུང་གི་ནང་ཁོང་སེང་བྱས་པ་དང་། ཉེ་བར་འདུག་པ་ལ་ཡན་ལག་གི་ཕྱོགས་གང་དུ་རླུང་གིས་རེག་པ་དེར་དྲན་པ་གཏད་པར་བྱ་སྟེ། དེ་ནི་ཟད་

པར་རླུང་གི་ཡོངས་སུ་སྦྱང་བའོ། །ཨུཏྤ་ལ་སྔོན་པོའམ། གི་ནི་ག་ན་རི་ཀ་ལ་སོགས་པའི་སྡོང་བུ་ལ་སོགས་པ་དང་། གེ་སར་བསལ་ལ་རས་སྔོན་པོའམ། ཟ་མ་ཏོག་ཁ་སྦྱར་ལ་སོགས་པ་སྣོད་གང་ཡང་རུང་བ་བཏིང་ཞིང་ཁེངས་པར་བྱས་ལ། རས་སྔོན་པོ་དེ་རྔ་བོ་ཆེའི་ཁ་ལྟར་

གཡོགས་པའམ། གཞན་ཁ་དོག་འབར་བའི་གཡའ་འམ། པ་ཤ་ལ་སྔོན་པོའམ། མིག་སྨན་སྔོན་པོ་ལ་སོགས་པའམ། ཚོན་གྱི་རིགས་གང་ཡང་རུང་བ་བསྐུ་ཞིང་རྩིག་ངོས་ལ་དཀྱིལ་འཁོར་བྱས་ཤིང་། བསྐུ་བ་ཟླུམ་པོ་བྱས་ཤིང་ཁ་དོག་མི་མཐུན་པ་གང་ཡང་རུང་བས་ཡོངས་

Vol. 81 · folio 163b

སུ་ཆོད་པར་བྱས་ལ། དེ་དང་ཉེ་བར་སྟན་བདེ་བ་ལ་འདུག་སྟེ། ཡིད་ལ་བྱེད་པ་ལ་འཇུག་པར་བྱེད་པ་འདི་ནི་ཟད་པར་སྔོན་པོ་ལས་སུ་རུང་བར་བྱའོ། །ཟད་པར་སེར་པོ་དང་། དམར་པོ་དང་། དཀར་པོ་ཡང་ཚུལ་དེ་ཉིད་དེ་ཁྱད་པར་ནི་འདི་ཡིན་ཏེ། གང་དང་གང་དུ་སྔོན་

པོ་ཡིན་པ་དེ་དང་དེར་སེར་པོ་ལ་སོགས་པའི་ཁ་དོག་ཏུ་སྦྱར་བར་བྱའོ། །ཡང་བུམ་པའི་ནང་དུ་མར་མེ་བཏང་ལ་དེའི་ཁ་བཀབ་སྟེ། བུ་ག་ཧ་ཅང་མི་ཆེ་བ་ཞིག་བྱས་ལ། རྩིག་པ་ལ་མངོན་དུ་ཕྱོགས་པར་བཞག་ནས་མར་མེ་དེ་ལས་བྱུང་བའི་སྣང་བས་རྩིག་ངོས་ལ་ཕོག་པའི་འོད་ཀྱི་དཀྱིལ་

འཁོར་ཡུན་རིང་དུ་གནས་པར་གྱུར་པ་ལ། དེ་ལ་ཡིད་གཏོད་པར་བྱེད་པ་དེ་ནི་ཟད་པར་རྣམ་པར་ཤེས་པ་ལས་སུ་རུང་བར་བྱ་བའོ། །ཡང་སྟེགས་བུ་དང་། རྩིག་པ་དང་། རྩྭ་སྟན་དང་། གོས་ལ་སོགས་པས་མ་བཀབ་པའམ། ཀུན་ནས་མ་བཀབ་པའམ། ཀུན་ནས་བཀབ་པ་དེར་

བུ་ག་མཐོ་གང་བ་འམ། སོར་བཞི་པ་བྱས་པ་དེ་ལ་ཡིད་གཏད་པར་བྱ་སྟེ། ཡོངས་སུ་བཅད་པ་འདི་ནི་ཟད་པར་ནམ་མཁའ་ལས་སུ་རུང་བར་བྱ་བའོ། །དེ་ལྟར་ན་རེ་ཞིག་དེ་དག་ནི་ཡོངས་སུ་སྦྱང་བའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །དེ་ཡང་རྣམ་པ་དགུ་ཆར་ཡང་ཟད་པར་བྱས་

པའམ། མ་བྱས་པ་ལ་འཛིན་པ་དང་། སོ་སོར་སྣང་བ་ཞེས་བྱ་བའི་མཚན་ཉིད་གཉིས་སུ་འབྱུང་བར་འགྱུར་རོ། །ཟད་པར་ཆུ་གང་ཡིན་པར་འཛིན་པའི་མཚན་མ་ནི་རབ་ཏུ་གཡོ་བའི་རྣམ་པ་སྟེ། ལྦུ་བ་དང་། ཆུ་བུར་དང་། འདྲེས་པའི་ཆར་སྣང་བ་དེ་ལྟ་བུ་ཁོ་ནར་གྱུར་ནས་ཉེ་བར་གནས་

པ་ནི་ཟད་པར་གྱི་ཉེས་པ་ཡིན་པར་ཤེས་པར་བྱའོ། །སོ་སོར་སྣང་བའི་མཚན་མ་ནི་ནམ་མཁའ་ལ་བཀབ་པའི་གཡོ་འགུལ་མེད་པ་ནི་ནོར་བུའི་རླུང་གཡབ་འདྲ་བའམ། ནོར་བུ་ལས་བྱས་པའི་མེ་ལོང་གི་དཀྱིལ་འཁོར་ལྟ་བུར་གྱུར་ནས་གནས་སོ། །ཟད་པར་མེའི་འཛིན་པའི་མཚན་

མ་ནི་རྩེ་མོའི་ཆ་གཡོ་བའམ། ཆད་པ་ལྟར་གནས་པའོ། །འདིར་མ་བྱས་པ་ལ་ཟད་པར་གྱི་ཉེས་པར་ཤེས་པར་བྱ་བ་ནི་མགལ་མེ་དང་། མེ་མདག་གི་དུམ་བུ་དང་། ཐལ་བ་དང་། དུ་བ་ལ་ཅུང་ཟད་གནས་ནས་སོ། །སོ་སོར་སྣང་བའི་མཚན་མ་ནི་ནམ་མཁའ་ལྟར་བཞག་པའི་

Vol. 81 · folio 164a

ལ་བ་དམར་པོ་ལྟ་བུའམ། གསེར་གྱི་རྔ་ཡབ་ལྟ་བུའམ། གསེར་གྱི་ཀ་བ་འདྲ་བར་ཉེ་བར་གནས་སོ། །ཟད་པར་རླུང་གི་འཛིན་པའི་མཚན་མ་ནི་འོ་མ་བསྐོལ་བ་ཕོག་མ་ཐག་པའི་རླངས་པའི་རྩེ་མོ་བཞིན་དུ་གནས་སོ། །སོ་སོར་སྣང་བའི་མཚན་མ་ནི་ལེགས་པར་

འདུག་པ་ལྟར་མི་གཡོ་བར་འགྱུར་རོ། །ཟད་པར་སྔོན་པོ་ནི་མེ་ཏོག་གེ་སར་སྡོང་བུ་མེད་པ་དང་། གེ་སར་སྡོང་བུ་བཅས་པ་དག་ཅིག་ཤོས་འདབ་མ་ཕྱེ་བ་ལྟ་བུ་དེ་ཟད་པར་གྱི་ཉེས་པར་ཤེས་པར་བྱའོ། །སོ་སོར་སྣང་བའི་མཚན་མ་ནི་ཟད་པར་དཀྱིལ་འཁོར་གྱེན་དུ་འཕགས་ཏེ། ནམ་

མཁའ་ལ་ནོར་བུའི་རྡུལ་ཡབ་ལྟ་བུར་སྣང་བའོ། །ཟད་པར་སེར་པོ་ལ་སོགས་པ་ལ་ཡང་ཚུལ་འདི་ཉིད་ཡིན་ནོ། །ཟད་པར་རྣམ་པར་ཤེས་པའི་འཛིན་པའི་མཚན་ཉིད་ནི་ས་རྩིག་པ་ལས་གྱེན་དུ་འཕགས་ཏེ། ཟླུམ་པོ་ལྟ་བུ་ཉིད་དུ་འགྱུར་རོ། །སོ་སོར་སྣང་བའི་མཚན་མ་ནི་སྡུག་ཅིང་

དངས་པ་དང་། སྣང་བའི་ཚོགས་ལྟ་བུའོ། །ཟད་པར་ནམ་མཁའི་འཛིན་པའི་མཚན་མ་ནི་རྩིག་པའི་མཐའི་བུ་ག་དང་འདྲ་བ་ཉིད་དུ་འགྱུར་ལ། བསྐྱེད་ན་ཡང་འཕེལ་བར་མི་འགྱུར་རོ། །སོ་སོར་སྣང་བའི་མཚན་མ་ནི་ནམ་མཁའི་དཀྱིལ་ཉིད་དུ་གྱུར་ནས་གནས་ལ། བསྐྱེད་ན་ཡང་འཕེལ་

བར་མི་འགྱུར་རོ། །དེ་ལྟར་འདིར་བྱང་བ་དང་། མ་བྱང་བའི་ཟད་པར་འཛིན་པ་དང་། སོ་སོར་སྣང་བའི་མཚན་མ་དག་གི་ཁྱད་པར་ཤེས་པར་བྱའོ། །མཚན་མ་དེ་དགུ་ཆར་ལ་ཡང་བདེ་བར་འདུག་ནས་ཁ་དོག་ལ་བརྟག་པའི་ཡིད་ལ་བྱེད་པ་སྤངས་ནས། ཟད་པར་ས་ཞེས་བྱ་བ་ལ་

མིག་གིས་མ་བལྟས་པར་བརྟགས་པ་ཙམ་ལ་སེམས་གཞག་པར་བྱའོ། །ཆུ་ཆུ་མེ་མེ་ཞེས་བྱ་བ་དང་། དེ་དང་དེའི་མིང་གསལ་བའི་དབང་ཉིད་ཀྱིས་བསླབ་པར་བྱའོ། །དེ་ལྟར་དེ་རྣམས་ཀྱི་དེ་དང་དེ་ལ་བསླབས་པའི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །དེ་ལྟར་བསླབས་པ་ན་

དེ་རྣམས་ལ་སྔ་མ་ལྟར་ཉེ་བར་སྤྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དེ་རྣམས་འབྱུང་བར་འགྱུར་རོ། །ཡང་གང་ཟད་པར་ས་ཞེས་བྱ་བ་འདི་ལ་དབང་ཐོབ་པ་ནི་མངོན་པར་ཤེས་པ་ཐོབ་པ་ཡང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། ནམ་མཁའ་འམ། ཆུ་ལ་སར་སྤྲུལ་ནས་

Vol. 81 · folio 164b

རྐང་པ་གཉིས་ཀྱིས་འགྲོ་བ་ལ་སོགས་པ་དང་། གཡོ་བ་ལ་སོགས་པའི་ཁྱད་པར་འདི་འབྱོར་པར་འགྱུར་རོ། །ཡང་ཟད་པར་ཆུ་ལ་དབང་ཐོབ་པས་ས་ལ་བྱི་ཟུལ་བྱེད་པ་དང་། སྟེང་དུ་འབྱུང་བ་དང་། ཆུའི་ཚོགས་ཀྱི་ཆར་འབེབས་པ་དང་། ཆུ་བོ་དང་རྒྱ་མཚོ་ལ་སོགས་

པར་སྤྲུལ་པ་དང་། ས་དང་རི་བོ་ལ་སོགས་པར་སྟོན་པར་ནུས་པར་འགྱུར་རོ། །ཟད་པར་མེ་ལ་དབང་ཐོབ་པ་ནི་དུ་བ་འཐུལ་བ་དང་། མེ་རབ་ཏུ་འབར་ཞིང་མེ་མདག་གི་ཆར་རབ་ཏུ་འབེབས་པ་དང་། མེ་དང་མེ་རྣམས་ཟིལ་གྱིས་གནོན་ཅིང་གང་དང་གང་འདོད་པ་དེ་དང་དེ་

བསྲེག་པར་ནུས་པ་ཉིད་དང་། ལྷའི་མིག་གི་ཡུལ་གྱི་སྣང་བ་བསྐྱེད་པར་ནུས་པ་དང་། སྣང་བར་བྱེད་པ་དང་། ཡོངས་སུ་མྱ་ངན་ལས་འདས་པའམ། དུས་སུ་ལུས་བསྲེག་པ་ལ་སོགས་པ་ལ་འབྱོར་པར་འགྱུར་རོ། །ཟད་པར་རླུང་ལ་དབང་ཐོབ་པ་ནི་རླུང་གི་འགྲོས་ལྟར་འགྲོ་

བ་དང་། རླུང་གི་ཚོགས་བསྐྱེད་པར་ནུས་པ་ལ་སོགས་པའོ། །ཟད་པར་སྔོན་པོ་ལ་དབང་ཐོབ་པས་ནི་གཟུགས་སྔོན་པོར་སྤྲུལ་ཞིང་མུན་པར་བྱེད་པ་ལ་སོགས་པའོ། །ཟད་པར་སེར་པོ་ལ་དབང་ཐོབ་པས་ནི་གཟུགས་སེར་པོར་སྤྲུལ་པ་དང་། གསེར་དུ་བསྒྱུར་ནུས་པ་ལ་སོགས་

པའོ། །ཟད་པར་དམར་པོ་ལ་དབང་ཐོབ་པས་ནི་གཟུགས་དམར་པོར་སྤྲུལ་པ་ལ་སོགས་པའོ། །ཟད་པར་དཀར་པོ་ལ་དབང་ཐོབ་པས་ནི་གཟུགས་དཀར་པོར་སྤྲུལ་ནུས་པ་དང་། གཉིད་དང་རྨུགས་པ་ཐག་རིང་དུ་སྤོང་བ་དང་། མུན་པར་རྣམ་པར་འཇིག་པ་དང་། ལྷའི་མིག་གི་ཡུལ་

སྣང་བར་བྱེད་པ་ལ་སོགས་པའོ། །ཟད་པར་རྣམ་པར་ཤེས་པ་ལ་དབང་ཐོབ་པས་ནི་གཟུགས་འོད་གསལ་བར་སྤྲུལ་པ་དང་། གཉིད་དང་རྨུགས་པ་རྒྱང་རིང་དུ་བྱེད་པ་དང་། མིག་གི་ཡུལ་གྱི་སྣང་བ་བསྐྱེད་པ་ལ་སོགས་པའོ། །ཟད་པར་ནམ་མཁའ་ལ་དབང་ཐོབ་པས་ནི་སྒྲིབ་གཡོགས་

རྣམས་སྒྲིབ་གཡོགས་མེད་པར་བྱེད་པ་དང་། ས་དང་རི་ལ་སོགས་པའི་བར་ནམ་མཁར་སྤྲུལ་ནས། སྤྱོད་ལམ་སྟོན་པར་བྱེད་པ་དང་། རྩིག་པ་ལ་སོགས་པ་ལ་ཐད་ཀར་ཐོགས་པ་མེད་པར་འགྲོ་བ་ལ་སོགས་པར་འབྱོར་པར་འགྱུར་རོ། །རྒྱུན་མི་འཆད་པར་ཟད་པར་སྤྲོས་པ་ན་ཟད་པར་

Vol. 81 · folio 165a

སྐྱེ་མཆེད་དོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་བརྒྱད་དོ། །ནང་གཟུགས་སུ་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་ཁ་དོག་ཕྲ་མོ་སྡུག་པ་དང་། ཁ་དོག་མི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ནས་མཐོང་

ཞིང་དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རགས་པ་སྟེ། དེ་བཞིན་དུ་འདི་ལ་བཞིར་བྱ་བའམ། ནང་གཟུགས་མེད་པར་འདུ་ཤེས་པ་ཉིད་ལ་སྔོན་པོ་དང་། སེར་པོ་དང་། དམར་

པོ་དང་། དཀར་པོ་མཐོང་སྟེ། རྣམ་པ་བརྒྱད་དུ་འགྱུར་བ་ཡིན་ནོ། །དེ་སྔོན་པོ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྔོན་པོ་ཉེ་བར་གཟུང་བའི་ཕྱིར་རོ། །སྔོན་པོར་སྣང་བ་ཞེས་བྱ་བ་ནི་སྦྱར་བ་ལས་བྱུང་བའི་སྔོན་པོ་ཉེ་བར་གཟུང་བའོ། །

མདོག་སྔོན་པོ་ཞེས་བྱ་བ་ནི་དེ་གཉི་གའི་འོད་འཕྲོ་བར་འོང་བ་དེ་ཉེ་བར་གཟུང་བའི་ཕྱིར་རོ། །ཟིལ་གྱིས་མནན་ཞེས་བྱ་བ་ནི་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །ཟིལ་གྱིས་མནན་ཏེ་ཞེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ། །ཟིལ་གྱིས་མནན་ཏེ་མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་

སོ། །དེ་ལྟར་འདུ་ཤེས་པ་ཞེས་བྱ་བ་ནི་ཟིལ་གྱིས་མནན་པ་དང་། ཟིལ་གྱིས་མནན་པ་མ་ཡིན་པ་དེ་ལ་མངོན་པའི་ང་རྒྱལ་མེད་པའི་འདུ་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །དཔེ་གཉིས་ལས་གཅིག་ནི་ལྷན་ཅིག་སྐྱེས་པའོ། །གཉིས་པ་ནི་སྦྱར་བའི་མདོག་ལས་བྱུང་བར་བསྟན་

པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན། ཞེས་བྱ་བ་མེ་ཏོག་དང་། གོས་དག་ཁ་དོག་སྔོ་བ་ཉིད་དུ་བསྟན་པའི་ཐ་ཚིག་གོ། །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་གི་དབང་དུ་བྱས་པ་སྟེ། དེའི་སྔོ་བ་ནི་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར། །སྔོན་པོར་སྣང་བ་ཞེས་བྱ་བ་ནི་གོས་ཀྱི་དབང་དུ་བྱས་པ་

སྟེ། དེའི་སྔོན་པོ་ནི་སྦྱར་བ་ལས་བྱུང་བའི་ཕྱིར་རོ། །མདོག་སྔོ་བར་མཐོང་ཞེས་བྱ་བ་ནི་མེ་ཏོག་དང་གོས་གཉི་གའི་དབང་དུ་བྱས་པ་སྟེ། གཉི་ག་ཡང་མདོག་ཏུ་སྣང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་དཔེར་བྱས་པ་བས་ཀྱང་འདི་ལྟ་སྟེ། ཨོ་མ་ཀ་ལྟ་བུའི་མེ་ཏོག་ཕུན་སུམ་

Vol. 81 · folio 165b

ཚོགས་པ་དང་། ཡུལ་བཱ་རཱ་ཎ་སཱིའི་གོས་ལྟར་སྔོ་བ། ཁ་དོག་སྔོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་རིགས་པ་ཡིན་ནོ། །སེར་པོ་ལ་ཀར་ནི་ཀའི་མེ་ཏོག་དང་། དམར་པོ་ལ་བན་དུ་ཛི་བ་ཀའི་མེ་ཏོག་དང་། དཀར་པོ་ལ་སྐར་མ་པ་བ་སངས་ཀྱི་འོད་ཕུན་སུམ་ཚོགས་པ་དང་།

གོས་ཞེས་བྱ་བ་དམིགས་པ་ཟིལ་གྱིས་མནན་པ་དེའི་དབང་དུ་གྱུར་པ་ཡིན་པའི་ཕྱིར་རོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་དོ། །ཉོན་མོངས་པ་མེད་པ་གང་ཞེ་ན། བསམ་གཏན་ལ་གནས་ནས་ཕ་རོལ་པོ་ཉོན་མོངས་པ་མི་སྐྱེ་ཞིང་རྗེས་སུ་བསྲུང་བར་གནས་པའི་རྣལ་འབྱོར་པའི་ཏིང་ངེ་

འཛིན་གང་ཡིན་པའི་ཤེས་རབ་དེ་དང་ཡང་དག་པར་ལྡན་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ནི་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་དགྲ་མི་བསྐྱེད་པས། ཉོན་མོངས་པ་མེད་པའོ། །དེ་ལ་ཉན་ཐོས་རྣམས་ལས་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཁྱད་པར་ནི་

འདི་ཡིན་ཏེ། ཇི་སྐད་དུ། ཉན་ཐོས་ཉོན་མོངས་མེད་པའི་ལྷ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །རྒྱལ་བའི་གྲོང་སོགས་དེ་དག་ནི། །ཉོན་མོངས་རྒྱུན་གཅོད་ཉོན་མོངས་མེད། །ཅེས་བསྟན་པ་ཡིན་ནོ། །འདི་ལྟར་ཉན་ཐོས་རྣམས་ནི་གྲོང་ལ་སོགས་པར་སེམས་ཅན་

གང་དག་མཐོང་ནས་ཉོན་མོངས་པ་སྐྱེ་བར་འགྱུར་ན་མི་རུང་ཞེས་མིའི་ཉོན་མོངས་པ་ཡོངས་སུ་སྤོང་བར་འདོད་པ་ཡིན་གྱི། དེ་རྣམས་ལ་ལྟ་བ་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་ལ་དམིགས་ནས་ཉོན་མོངས་པའི་རྒྱུར་འབྱུང་བར་མ་གྱུར་ཅིག་སྙམ་དུ་དགོངས་

ཏེ། ཤིན་ཏུ་དེ་དག་ལྟ་བར་བཞེད་ནས་གཟིགས་ནས་ཉོན་མོངས་པའི་རྒྱུ་དྲུངས་ནས་འབྱིན་པར་མཛད་པ་ཡིན་ནོ། །སྨོན་ནས་མཁྱེན་པ་གང་ཞེ་ན། བསམ་གཏན་ལ་དེ་གནས་ཏེ་འདི་ཤེས་པར་བྱའོ་ཞེས་སྨོན་ལམ་འབྱོར་པས་སྔ་མ་བཞིན་དུ་ཐོབ་སྟེ་དུས་གསུམ་ཤེས་པའམ།

ཤེས་པར་གང་དང་གང་འདོད་པར་འགྱུར་བ་དེ་དང་དེ་ལ་ཤེས་པར་བྱའོ་ཞེས་ཡིད་ཀྱིས་སྨོན་པར་བྱས་ནས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་ནས་ལྡང་བ་དང་། སྨོན་ལམ་དེ་འགྲུབ་པར་འགྱུར་ཞིང་ཤེས་བྱ་དེ་ཡང་ཤེས་སོ། །དེ་ལ་ཉན་ཐོས་རྣམས་ལས་སངས་རྒྱས་ཀྱི་

Vol. 81 · folio 166a

སྨོན་གནས་མཁྱེན་པའི་ཁྱད་པར་འདི་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་བག་ཆགས་སྤངས། །ཐོགས་པ་མེད་དང་རྟག་གནས་དང་། །འདྲི་ལ་ཀུན་ལན་འདེབས་པར་བཞེད། །ཅེས་བསྟན་པ་ཡིན་ནོ། །

དེ་ལ་ལྷུན་གྱིས་གྲུབ་པ་ཞེས་བྱ་བ་ནི་རང་གི་ངང་གིས་འཇུག་པའོ། །བག་ཆགས་སྤངས་ཞེས་བྱ་བ་ནི་རྒྱུན་མི་འཆད་པའོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་ཤེས་བྱ་ཐམས་ཅད་ལ་འཇུག་པའོ། །རྟག་གནས་ཞེས་བྱ་བ་ནི་རྟག་ཏུ་མཉམ་པར་གཞག་པ་ལ་འཇོག་པའོ། །འདྲི་བ་ལན་ཀུན་

འདེབས་པར་བཞེད་པ་ནི་ཞུས་པའི་ལན་ཐམས་ཅད་འདེབས་པར་མཛད་པའོ། །ཉན་ཐོས་རྣམས་ཀྱི་སྒོ་ནས་ཞེས་པ་ནི་དེ་ལས་བཟློག་པ་ཡིན་པར་ཤེས་པར་བྱའོ། །མངོན་པར་ཤེས་པ་དྲུག་གང་ཞེ་ན། རྫུ་འཕྲུལ་གྱི་ཡུལ་མངོན་པར་ཤེས་པ་དང་། ལྷའི་མིག་དང་། ལྷའི་རྣ་བ་དང་།

ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པས་མངོན་པར་ཤེས་པའོ། །འདི་དག་བཤད་པ་ནི་གདམས་ངག་རྣམ་པར་འགྲེལ་པ་ལས་ཇི་སྐད་བཤད་པ་ཉིད་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ནི་

བསམ་གཏན་ལ་གནས་ཏེ། འདི་ལྟར་རྣམ་གྲངས་མ་རིག་པ་ནས་བརྩམས་ཏེ། མི་ཤེས་པ་དང་། མི་མཐོང་བ་དང་། མངོན་པར་མི་རྟོག་པ་ཞེས་བྱ་བ་ལ་སོགས་པ་ཐོགས་པ་མེད་པར་བྱོན་པའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི་ཐམས་ཅད་དོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་རང་དང་

སྤྱིའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱི་དོན་གཞན་ལ་སོགས་པའི་དགོངས་པ་ལ་ཐོགས་པ་མེད་པར་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ལ་རྒྱས་པར་བསྟན་པ་ཡིན་ནོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། གང་ཡུལ་སྐྱེ་བོ་རྣམས་ཀྱི་སྐད་ཀྱིས་སོ་སོའི་ཡུལ་དང་། རང་དང་

སྤྱིའི་འདུ་ཤེས་ཐ་དད་པའི་ཐ་སྙད་ཀྱི་ཆོས་ཀྱི་ངེས་པའི་ཚིག་སྟེ། འདི་ལྟར་འཇིག་ཅིང་རབ་ཏུ་འཇིག་པས་དེའི་ཕྱིར་འཇིག་རྟེན་ཞེས་བྱ་བ་དང་། གཟུགས་སུ་རུང་བས་གཟུགས་སོ་ཞེས་བྱ་བ་ལ་སོགས་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་གང་ཆོས་ཀྱི་རབ་ཏུ་དབྱེ་

Vol. 81 · folio 166b

བ་ལ་ཐོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལ་རབ་ཏུ་དབྱེ་བ་ནི་རྫས་སུ་ཡོད་པ་དང་། བཏགས་པར་ཡོད་པ་དང་། དོན་དམ་པར་ཡོད་པ་ཞེས་བྱ་བ་སྟེ་དེ་དག་ལ་སོགས་པའོ། །རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་གང་ཞེ་ན། རྟེན་གྱི་ལེན་

པ་དང་། གནས་པ་དང་། ཡང་དག་པར་ཕན་འདོགས་པར་མཛད་པ་ལ་ཇི་ལྟར་བཞེད་པར་བཞུགས་པས་ན་རྟེན་ཡོངས་སུ་དག་པའོ། །དམིགས་པས་སྤྲུལ་པ་དང་། ཡོངས་སུ་བསྒྱུར་བ་ལ་ཇི་ལྟར་བཞེད་པའི་སྤྱོད་པས་འཇུག་པའི་ཕྱིར་དམིགས་པ་ཡོངས་སུ་དག་པའོ། །ཡེ་

ཤེས་ལ་མངའ་བརྙེས་པ་དང་། ཏིང་ངེ་འཛིན་ལ་མངའ་བརྙེས་པས་ན་ཐུགས་ཡོངས་སུ་དག་པ་དང་། ཡེ་ཤེས་ཡོངས་སུ་དག་པའོ། །དབང་བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེ་ལ་དབང་བ་ནི་འཚོ་བ་བཞེད་པ་ལ་རག་ལས་པས་བསྡུས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

རྫོགས་པས་ཐོབ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལོངས་སྤྱོད་བྱིན་པས་སེམས་ཅན་རྣམས་ཚེ་དང་ངེས་པར་འབྲེལ་པ་ཡིན་པའི་ཕྱིར་རོ། །སེམས་ལ་དབང་བ་ནི་ཇི་ལྟར་མངོན་པར་འདོད་པར་སེམས་པས་ཡང་དག་པར་བསྡུས་པའི་ངོ་བོ་ཉིད་དེ། ལོངས་སྤྱོད་བྱིན་པས་སེམས་ཅན་རྣམས་

ཀྱི་བསམ་པ་ཇི་ལྟ་བའི་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར་རོ། །ཡོ་བྱད་ལ་དབང་བ་ནི། ཇི་ལྟར་མངོན་པར་འདོད་པའི་མཆོག་གི་ཡང་དག་པར་ཉེ་བར་བསྡུས་པ་དེ་ཐོབ་པ་ཉིད་ཡིན་ཏེ། སེམས་ཅན་རྣམས་ལ་ཡོ་བྱད་ཇི་ལྟར་འདོད་པ་བཞིན་དུ་ཡང་དག་པར་བྱིན་པའི་ཕྱིར་རོ། །

ལས་ལ་དབང་བ་ནི། ལུས་དང་། ངག་གི་ལས་ཇི་ལྟར་འདོད་པ་བཞིན་དུ་ཉེ་བར་གནས་པ་ཡང་དག་པར་བསྡུས་པ་ཉིད་ཀྱིས་ཐོབ་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སྨོན་ལམ་ཡོངས་སུ་རྫོགས་པས་ཐོབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་

ལས་དང་། ངག་གི་ལས་ཁ་ན་མ་ཐོ་བ་མེད་པས་མངོན་པར་འདོད་པའི་སྦྱོར་བའི་ཕྱིར་རོ། །སྐྱེ་བ་ལ་དབང་བ་ནི་ཇི་ལྟར་མངོན་པར་འདོད་པའི་འགྲོ་བའི་སྐྱེ་བས་ཡང་དག་པར་བསྡུས་པ་ཉིད་ཀྱིས་ཐོབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་གྲུབ་པ་ཡིན་པའི་

Vol. 81 · folio 167a

ཕྱིར་རོ། །མོས་པ་ལ་དབང་བ་ནི་ས་ལ་སོགས་པ་གསེར་ལ་སོགས་པར་དངོས་པོ་ཇི་ལྟར་མོས་པ་དེའི་རྗེས་སུ་འཇུག་པས་ཡང་དག་པར་བསྡུས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་ཚེ་

རབས་སུ་དེ་བཟོད་པས་སེམས་ཅན་གྱི་མོས་པའི་རྗེས་སུ་ཞུགས་པ་ཡིན་པའི་ཕྱིར་རོ། །སྨོན་ལམ་ལ་དབང་བ་ནི་ཇི་ལྟར་སྨོན་པ་བཞིན་དུ་གྲུབ་པས་ཡང་དག་པར་བསྡུས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེས་

སྔོན་སེམས་ཅན་ཐམས་ཅད་ཀྱི་བརྩོན་འགྲུས་ཉམས་པ་མེད་པར་སྤྱད་པའི་ཕྱིར་རོ། །མངོན་པར་ཤེས་པ་ལྔས་ཡང་དག་པར་བསྡུས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པ་ཡིན་ཏེ། སྔོན་སེམས་ཅན་རྣམས་ཀྱི་དགོས་པ་ཇི་ལྟ་བ་བཞིན་བསམ་གཏན་ལ་

སྙོམས་པར་ཞུགས་པའི་ཕྱིར་རོ། །ཡེ་ཤེས་ལ་དབང་བ་ནི། ཇི་ལྟར་འདོད་པ་བཞིན་དུ་ཡེ་ཤེས་མངོན་དུ་བྱེད་པས་ཡང་དག་པར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐོབ་པ་ཡིན་ཏེ། སྔོན་ཆད་སེམས་ཅན་རྣམས་ཇི་ལྟར་མངོན་པར་འདོད་པ་

བཞིན་དུ་མདོ་ལ་སོགས་པའི་ཆོས་ལ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །སྟོབས་བཅུ་ནི་འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་

པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་

དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་རྣམས་ཀྱི་དོན་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས་རྒྱ་ཆེར་བལྟའོ། །མི་འཇིགས་པ་རྣམ་པ་བཞི་སྟེ། ཀྱེ་མ་བདག་ནི་ཡང་དག་པར་རྫོགས་པར་སངས་

Vol. 81 · folio 167b

རྒྱས་ཞེས་དམ་བཅས་ན། དེ་ལ་ཆོས་འདི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བས་བདག་ལ་གང་གིས་ཀྱང་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བས་བདག་བདེ་བ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་

པ་ཐོབ་པ་འདི་ནི་དང་པོའོ། །དེ་བཞིན་དུ་ཀྱེ་མ་བདག་གི་ཟག་པ་ཐམས་ཅད་ཟད་དོ་ཞེས་དམ་བཅས་པ་ལ། དེ་ལ་ཟག་པ་འདི་རྣམས་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་འདིར་བདག་ལ་གང་གིས་ཀྱང་། ཆོས་དང་ལྡན་པར་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་

བས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ཏེ། དེ་ནི་གཉིས་པའོ། །ཡང་གང་བདག་གིས་ཉན་ཐོས་རྣམས་ངེས་པར་འབྱུང་བའི་ལམ་སྟོན་པ་ན་དེ་འགགས་པར་བྱེད་ཅིང་། སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ཕྱིར་ངེས་པར་འབྱུང་བ་མ་ཡིན་ནོ། །ཞེས་དམ་བཅས་

པ་དེ་ལ་སྡུག་བསྔལ་གྱི་མཐར་བྱེད་པ་མ་ཡིན་ནོ་ཞེས་གང་ཡང་རྒོལ་བར་མི་འགྱུར་བ་ནི་སྔ་མ་བཞིན་ཏེ། དེ་ནི་གསུམ་པའོ། །ཡང་གང་ཞིག་བདག་གིས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་བསྟན་པ་ལ་དེ་འགེགས་པར་བྱེད་ཅིང་བར་དུ་གཅོད་པ་ནི་མ་ཡིན་ནོ་ཞེས་བདག་ལ་

སུས་ཀྱང་འདིར་ཆོས་དང་ལྡན་པར་རྒོལ་བར་མི་འགྱུར་རོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ནི་མི་འཇིགས་པ་བཞི་པའོ། །བསྲུང་བ་མེད་པ་གསུམ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་

སུ་མ་དག་པ་མི་མངའ་བས་ཞེས་གང་ཞིག་བཅས་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མི་མངའ་སྟེ། དེ་ནི་བསྲུང་བ་མེད་པ་དང་པོའོ། །སྐུའི་ཕྲིན་ལས་ཇི་ལྟ་བ་བཞིན་དུ་གསུང་དང་། ཐུགས་ཀྱི་ཕྲིན་ལས་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ། །དགོངས་པ་ཉེ་བར་གཞག་པ་

གསུམ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚེ་ལ་ལ་རྣ་བ་བཏུད་དེ་གུས་པར་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་འཇོག་པ་དང་། ཆོས་དང་དོན་དུ་གཉེར་བའི་ཆོས་ནན་ཏན་དུ་བྱེད་པ་དང་དེས་དེ་བཞིན་གཤེགས་པ་དགྱེས་པར་ཡང་མི་འགྱུར། ཡིད་བདེ་

Vol. 81 · folio 168a

བར་མི་འགྱུར། ཐུགས་ཡེང་ཡེང་པོར་མི་འགྱུར་བ་ཉིད་དང་། གཞན་དག་རྣ་བ་བཏུད་དེ་གུས་པར་ཉན་པ་ལས་གོ་བཟློག་པ་རྒྱས་པར་གསུངས་པ་དེས། དེ་བཞིན་གཤེགས་པའི་ཐུགས་ཁོང་ཁྲོ་བར་མི་འགྱུར། མི་བཟོད་པར་མི་འགྱུར་

ཐུགས་མི་ཆེས་པར་མི་འགྱུར་བ་ཉིད་དང་། ལ་ལ་གཅིག་ཏུ་གུས་པར་ཉན་པ་དང་། གཅིག་ཏུ་གུས་པར་མི་ཉན་པ་དེ་དག་ལ་དེ་བཞིན་གཤེགས་པ་དགྱེས་པའམ། ཐུགས་ཁོང་ཁྲོ་བའམ། གཉིས་སུ་མི་འགྱུར་ཏེ། ཐམས་ཅད་དུ་བཏང་སྙོམས་སུ་རྣམ་པར་སྤྱོད་པ་འདི་ནི་

དགོངས་པ་ཉེ་བར་གཞག་པ་གསུམ་པའོ། །བསྙེལ་བ་མེད་པའི་ཆོས་ཉིད་ནི་སངས་རྒྱས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་དུས་ལས་མི་འདའ་སྟེ། དེ་ཉིད་ཀྱི་ཕྱིར་འདི་ནི་བྱ་བ་མཛད་པ་གཞན་མི་མངའ་བར་འཐད་པ་ཡིན་ནོ། །བག་ཆགས་ཡང་དག་པར་

བཅོམ་པ་ནི་འདི་ན་ཉོན་མོངས་པ་སྤངས་པ་ཡོངས་སུ་ཟིན་ཀྱང་། ཉོན་མོངས་པ་མ་སྤངས་པ་ལྟར་སྤྱོད་པ་ནི་ཉོན་མོངས་པའི་བག་ཆགས་ཡིན་པར་བཤད་དོ། །སངས་རྒྱས་བཅོམ་ལྡན་འདས་འདི་ནི་དེ་ཡང་སྤངས་ཤིང་མི་མངའ་བས། ཉོན་མོངས་པའི་བག་ཆགས་མི་མངའ་ཞེས་

བསྟན་ཏོ། །ཐུགས་རྗེ་ཆེན་པོ་ནི་ཕན་པར་དགོངས་པ་ཉིད་དེ། གང་གིས་དུས་ཐམས་ཅད་དུ་བཅོམ་ལྡན་འདས་འཇིག་རྟེན་ལ་ཉིན་ལན་གསུམ་མཚན་ལན་གསུམ་རྟོག་པར་མཛད་དོ། །ཇི་ལྟར་རྟོག་པར་མཛད་ཅེ་ན། །སུའི་དགེ་བའི་རྩ་བ་ནི་ཡོངས་སུ་མ་སྨིན། སུའི་དགེ་

བའི་རྩ་བ་ནི་ཡོངས་སུ་སྨིན། སུ་ཞིག་མངོན་པར་མཐོ་བ་བསྟན་པའི་སྣོད་ཡིན། སུ་ཞིག་ནི་ངེས་པར་ལེགས་པ་བསྟན་པའི་སྣོད་ཡིན། སུ་ཞིག་ནི་སངས་རྒྱས་སུ་འབྱོར་པའི་སྣོད་ཡིན། གང་ཞིག་ལ་ཅི་ཞིག་བྱ་ཞེས་རྟོག་པར་མཛད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི།

དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །དགོངས་པ་ཉམས་པ་མི་མངའོ། །འདུ་ཤེས་སྣ་ཚོགས་མི་མངའོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའོ། །འདུན་པ་ཡོངས་སུ་ཉམས་པ་

Vol. 81 · folio 168b

མི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། །དྲན་པ་ཡོངས་སུ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་

ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་

ཡེ་ཤེས་གཟིགས་པ་འཇུག་གོ། །མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །མ་འདྲེས་པའི་བཤད་པ་ནི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པར་རྣམ་པར་འགྲེལ་པ་ལས་ཇི་སྐད་བསྟན་པ་བཞིན་ནོ། །རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། ལ་ལ་ནི་བདེན་པ་བཞི་ལ་དམིགས་པའི་རྣམ་པར་ཤེས་པ་རྣམ་པ་བཅུ་དྲུག་གིས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་དེ་དག་དང་ཡང་ཆོས་ཐམས་ཅད་དངོས་པོ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་

མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པའི་རྣམ་པའི་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་འདིར་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་རྣམ་པར་འཆད་པར་འདོད་པ་ནི་མ་ཡིན་ཏེ། དེ་ལྟ་མོད་ཀྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པ་

ཉིད་དུ་འཆད་དེ། དེ་བས་ན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཁ་ན་མ་ཐོ་བ་མེད་པ་འགྲུབ་པར་འགྱུར་རོ་ཞེས་ཟེར་རོ། །ཡང་གཞན་དག་ནི་རྣམ་པ་ཐམས་ཅད་སྤངས་པའི་དབང་དུ་བྱས་པ་ཉིད་ཡིན་པའི་ཕྱིར་དེ་ནི་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཅེས་བྱའོ་ཞེས་ཟེར་རོ། །དེ་ཡང་འདི་ལྟར་གཞན་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་སྤངས་པ་རྣམ་པ་གསུམ་ཆར་ཡང་མངའ་བ་ཡིན་ནོ་ཞེས་ཟེར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་པ་འདི་

Vol. 81 · folio 169a

དག་ཐམས་ཅད་ཀྱང་ལེགས་མོད་ཀྱི། སྐབས་ཀྱི་ཤེས་བྱའི་གནས་སྐབས་ལ་སོགས་པ་རྣམ་པ་བཅུ་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པས་བསྡུས་པའི་སྙིང་པོ་ཡོད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་ལེགས་

སོ་ཞེས་སློབ་དཔོན་བཟང་སྐྱོང་གིས་བཤད་དོ། །འདི་ཉིད་ནི་ཤིན་ཏུ་ལེགས་པ་ཡིན་ཏེ། དམིགས་པ་ཡོངས་སུ་གྲུབ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་དབང་དུ་མཛད་ནས། རབ་འབྱོར་གང་ལ་དམིགས་པའི་ངོ་བོ་ཉིད་མེད་པ་དང་། བདག་པོའི་རྐྱེན་དྲན་

པ་ཡིན་པ་དང་། རྣམ་པ་ཞི་བ་དང་ལྡན་པའི་མཚན་ཉིད་མེད་པའི་མཚན་ཉིད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་དྲན་པ་བདག་པོའི་རྐྱེན་ཅེས་བྱ་བ་ནི། གང་དེ་དང་དེར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རབ་ཏུ་ལྡན་

པའི་ཡིད་ལ་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་འདིར་ངོ་བོ་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་བྱ་བ་ནི་སྤྲུལ་པ་སྣང་ངོ་ཞེས་དགོངས་པ་ཡིན་ནོ། །

དེ་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་ཇི་ལྟར་བྱ་ཞེས་པའི་ཚུལ་དུ་གནས་ཏེ། སེམས་ཅན་དམན་པ་རྣམས་ལམ་ལ་གནས་སུ་ཟིན་ཀྱང་རང་གི་རྒྱུ་ཡོངས་སུ་སྨིན་པ་དང་བྲལ་བས་ད་རུང་ཡང་དགེ་བའི་རྩ་བ་

ཅན་གྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་མ་གྱུར་པས་འཐད་པ་ཡིན་ནོ། །དེ་ལྟར་ཡང་། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་

རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །དགོངས་པ་འདིས་སངས་རྒྱས་ནི་ཐམས་ཅད་དུ་སོན་པ་དང་། རྟག་པ་ཡིན་པར་བཤད་པས་སྤྲོས་པ་དང་འགལ་བར་གྱུར་པ་མ་ཡིན་ནོ། །ངོ་བོ་ཉིད་ཀྱི་སྐུ་

Vol. 81 · folio 169b

བསྟན་ནས། །ད་ནི་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པར་བྱ་བའི་ཕྱིར་རོ། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་བསྟན་པ་ལ། སྐུ་དེས་སངས་རྒྱས་

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་ཞུགས་པ་རྣམས་དང་། ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་། བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས་སྤྱོད་པར་མཛད་པ་ཡིན་ནོ། །ཡང་སྐྱེས་བུ་ཆེན་པོའི་

མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་ཀྱང་གང་ཞེ་ན། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་པ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་

ཡངས་སྐུ་ཆེ་དྲང་། །ཞབས་ལོང་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་པར་འཁྲུངས། །ཞལ་མཛོད་སྤུས་

བརྒྱན་རོ་སྟོད་སེང་གེའི་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་ཡར་འཕགས་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །

ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟངས་དང་། །གྲངས་ནི་བཞི་བཅུ་ཐམ་པར་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་བྱ་བ་ལ། དེ་ལ་ཕྱག་ཞབས་འཁོར་ལོའི་མཚན་དང་ཞེས་བྱ་བ་ནི། དེ་བཞིན་

གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ། མུ་ཁྱུད་དང་ལྡན་པ། ལྟེ་བ་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། རུས་པའམ། བ་སོ་ལ་བརྐོས་པ་དང་འདྲ་བ་སྐྱེས་པར་གྱུར་པ་མངའ་བར་གྱུར་པ་ཡིན་ནོ། །ཞབས་གཉིས་ཀྱི་

Vol. 81 · folio 170a

མཐིལ་ས་ལ་མཉམ་པར་འཇོག་ཅིང་ཞབས་འཁུམས་པ་མེད་པས་ཞབས་ཤིན་ཏུ་གནས་པ་དང་། ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་ཤིང་བལ་གྱི་འདབ་མ་ལྟར་ཤིན་ཏུ་འཇམ་

ཞིང་གཞོན་ཤ་ཆགས་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། ཕྱག་དང་། ཞབས་དང་། དཔུང་མགོ་གཉིས་དང་། ལྟག་པའི་ཕྱོགས་མཐོ་བའི་ཕྱིར་བདུན་ཤིན་ཏུ་མཐོ་བ་དང་། ཕྱག་དང་ཞབས་ཀྱི་སོར་མོ་རིང་བས་སོར་མོ་རིང་བ་དང་། རྟིང་པ་རིང་བས་

རྟིང་པ་ཡངས་པ་དང་། མཐོ་ཞིང་མདུན་དུ་འཕགས་ལ་སྐུ་དྲང་བས་སྐུ་ཆེ་ཞིང་དྲང་བ་ཉིད་དང་། པུས་མོའི་ལྷ་ང་དང་། ལོང་བུ་མཛེས་པར་ནུབ་པས་ན་ཞབས་ལེགས་པར་མཐོ་བ་དང་། སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བས་ན་སྤུ་གྱེན་དུ་ཕྱོགས་པ་དང་། རི་དགས་

ཤར་བ་དང་ཨེ་ན་ཡའི་བྱིན་པ་ལྟ་བུ་ནི་དྲང་ཞིང་མཉམ་ལ་རིམ་གྱིས་གཞོལ་བར་གྲུབ་ཅིང་བྱིན་པ་ཟླུམ་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གཉིས་ཀྱིས་པུས་མོའི་ལྷ་ང་ལ་སླེབ་པས་ཕྱག་རིང་ཞིང་མཛེས་པ་ཉིད་དང་། གླང་པོ་ཆེ་

དང་རྟ་ཅང་ཤེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་པར་སྦུབས་སུ་ནུབ་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་དང་ལྡན་པས་གསེར་གྱི་ཁ་དོག་དང་འདྲ་བ་ཉིད་དང་། གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་

སྙོམས་པའི་མདོག་ཏུ་འདུག་པ་དང་། སྐུ་ལ་རྡུལ་མི་གོས་པ་དང་། པགས་པ་འཇམ་པ་ཉིད་དང་། ཤིན་ཏུ་རྣམ་པར་ཕྱེ་བའི་སྡུ་རེ་རེ་ནས་སྐྱེས་ཤིང་གཉིས་སུ་མེད་པས་སྡུ་རེ་རེ་ནས་ཕྱོགས་གཡས་སུ་འཁྱིལ་པ་ཉིད་དང་། མེ་ཏོག་ཀུན་ད་དང་། ཁ་བ་དང་། འོ་མ་

དང་། ཟླ་བ་བརྒྱ་ལས་འཕགས་པའི་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་སུ་བརྒྱན་པས་ཞལ་མཛོད་སྤུས་བརྒྱན་པ་ཉིད་དོ། །མཛོད་སྤུས་ཞེས་བྱ་བ་ནི་སྤུ་འཇམ་ཞིང་དཀར་བ་གཡས་ཕྱོགས་སུ་འཁྱིལ་པས་གནས་པ་ཉིད་དོ། །སྐུའི་རོ་སྟོད་སེང་གེ་དང་འདྲ་བ་ཉིད་དང་།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words