འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ

Sanskrit title (Tibetan script, as in the text) པཉྩ་བིཾ་ཤ་ཏ་ས་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མི་ཏ་ཨུ་པ་དེ་ཤ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་ཀཱ་རི་ཀཱ་བརྟི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 81 · folio 170b

མགུར་དང་རྒྱུད་ལེགས་པར་འབྲེལ་ཞིང་ཕྲག་པ་མཛེས་པར་གྲུབ་པས་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། གསེར་གྱི་གཏན་པ་ཕྱིས་པ་ལྟ་འཕྲག་སོ་ལེགས་པར་གྲུབ་པས་ཐལ་གོང་རྒྱས་པ་ཉིད་དང་། རླུང་དང་མཁྲིས་པ་དང་། བད་ཀན་གྱིས་ལྗགས་མ་ཉམས་པ་དང་།

རོའི་དབྱེ་བ་མཁྱེན་པ་ཉིད་དང་རྣམ་པར་ཤེས་པ་འདྲ་བ་མེད་པས་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། སྐུའི་ཆུ་དང་ཞེང་འདོམ་དུ་མཉམ་པས་ན་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་པ་དང་ལྡན་པའི་དབུ་མཉམ་

ཞིང་ལེགས་པར་གྲུབ་ལ་བལྟ་ན་མཛེས་པར་མངའ་བས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། མེ་ཏོག་ཨུཏྤ་ལ་དམར་པོའི་འདབ་མའི་མདོག་ལྟར་འདུག་ཅིང་ཤིན་ཏུ་ཡངས་པས་ལྗགས་རིང་ཞིང་སྲབ་པ་ཉིད་དང་། ཚངས་པ་དང་ཀ་ལ་པིང་ཀ་ལྟ་བུའི་གསུང་མངའ་བས་ཚངས་པའི་དབྱངས་

ཉིད་དང་། འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་མཛེས་པར་འཁྲུངས་ཏེ་བལྟ་ན་སྡུག་པས་འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། མེ་ཏོག་ཀུན་ད་དང་། ཟླ་བ་དང་། དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ཚེམས་མངའ་བས་ཚེམས་དཀར་བ་ཉིད་དང་།

ཚེམས་ལ་མཐོ་དམན་མེད་པས་ཚེམས་མཉམ་པ་ཉིད་དང་། ཚེམས་བར་འཚམས་དོད་པ་མེད་པས་ཚེམས་ཐགས་བཟང་བ་ཉིད་དང་། བླ་འོག་དགྱེ་སྒུ་མེད་པས་ཚེམས་མཉམ་ཤིང་བཞི་བཅུ་ཚང་བ་ཉིད་དང་། དཀར་ནག་གི་ཆ་མ་འདྲེས་པ་དང་ཤིན་ཏུ་རྣམ་པར་

དག་ཅིང་མདོག་དམར་པོས་མ་གཡོགས་པར་སྤྱན་དཀར་ནག་འབྱེས་པས་སྤྱན་མཐོན་མཐིང་ཉིད་དང་། རྫི་མ་སྟེང་འོག་ཏུ་མ་འཛིངས་ཤིང་བའི་རྫི་མ་ལྟ་བུ་མངའ་བས་ན་དེ་བཞིན་གཤེགས་པའི་རྫི་མ་བའི་ལྟ་བུ་ཉིད་དོ། །འདི་ལ་མཚན་ནི་གང་གང་གིས། །འགྲུབ་

པར་བྱེད་པའི་རྒྱུ་གང་ཡིན། །དེ་དང་དེ་ནི་རབ་རྫོགས་པས། །མཚན་ནི་འདི་དག་ཡང་དག་འགྱུར། །ཞེས་བྱ་བ་ལ། ལོངས་སྤྱོད་རྫོགས་པའི་སྐུ་དེའི་མཚན་རྣམས་ཀྱི་སྔོན་གྱི་རྒྱུ་ལས་དེ་དག་ཡང་དག་པར་གྲུབ་པས། མཚན་ཡོངས་སུ་རྫོགས་པར་ཤེས་

Vol. 81 · folio 171a

པར་བྱའོ། །ཡང་མཚན་གང་གིས་སྔོན་རྒྱུ་ཡོངས་སུ་སྦྱངས་པའི་ལས་དེ་དག་གང་ཞེ་ན། བླ་མ་སྐྱེལ་ལ་སོགས་པ་དང་། །ཡང་དག་བླངས་ལ་བརྟན་པ་དང་། །བསྡུ་བ་བསྟེན་དང་གྱ་ནོམ་པའི། །དངོས་པོ་སྦྱིན་དང་གསད་བྱ་བ། །ཐར་པར་བྱེད་པ་དགེ་

བ་ནི། །ཡང་དག་བླངས་པ་སྤེལ་ལ་སོགས། །སྒྲུབ་བྱེད་རྒྱུ་ཡི་མཚན་ཉིད་ནི། །མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་བྱ་བ་ལ། དེ་ལ་མདོ་ལས། བླ་མ་བསུ་བ་དང་སྐྱེལ་བ་དག་དང་། ཆོས་ཉན་པ་ལ་སྡོད་པ་དང་། གཙུག་ལག་ཁང་དང་། མཆོད་རྟེན་ལ་ཕྲེང་བ་དང་།

བཤོས་བུ་དབུལ་བ་དང་། །བསྐོར་བ་ལ་སོགས་བྱས་པ་དང་། །གཡོག་འཁོར་བྱིན་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པར་འགྱུར་ཏེ། དེ་ནི་འཁོར་ཤིན་ཏུ་མངའ་བའི་སྔ་ལྟས་སོ། །ཡི་དམ་ལ་ཤིན་ཏུ་བརྟན་པས་ཞབས་ཤིན་ཏུ་གནས་པ་སྟེ། དེ་ནི་མི་གཡོ་

ཞིང་ཤིན་ཏུ་བརྟན་པའི་སྔ་ལྟས་ཏེ། གང་གིས་རང་གིས་རྟོགས་པའི་ཆོས་ལས་གཞན་གྱིས་གཡོ་བར་མི་ནུས་པའོ། །བསྡུ་བའི་དངོས་པོ་ཀུན་ཏུ་བསྟེན་པས་ཕྱག་དང་ཞབས་དྲ་བར་འབྲེལ་པ་སྟེ། དེ་ནི་མྱུར་དུ་འདུ་བའི་སྔ་ལྟས་ཏེ་གང་གིས་མ་བསྡུས་པའི་སེམས་ཅན་རྣམས་མྱུར་དུ་

སྡུད་པའོ། །བཟའ་བ་དང་། བཅའ་བ་དང་། བཏུང་བ་རོ་ཞིམ་ཞིང་བསོད་པ་བྱིན་པས་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བདུན་ཤིན་ཏུ་མཐོ་བ་སྟེ། དེ་གཉིས་ནི་བཟའ་བ་དང་། བཅའ་བ་དང་། བཏུང་བ་རོ་ཞིམ་ཞིང་བསོད་པ་བྱིན་པའི་སྔ་ལྟས་སོ། །

བཅིངས་པ་བཀྲོལ་བ་དང་། སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། སྐུ་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང་། དགེ་བ་བཟུང་བ་སྤེལ་ཞིང་འགྲིབ་པར་

མ་བྱས་པས། ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང་། སྐུའི་སྤུ་གྱེན་དུ་ཕྱོགས་པ་སྟེ། དེ་ནི་མི་མཉམ་པའི་ཆོས་དང་ལྡན་པའམ། གདུལ་བྱ་རྣམས་འདུལ་བའི་སྔ་ལྟས་སོ། །འདིར་གདུལ་བྱ་ནི་གང་ཞིག་ཡང་དག་པར་བསྡུས་པའི་སེམས་ཅན་གྱི་ཁམས་དེ་ཡོངས་སུ་

Vol. 81 · folio 171b

སྨིན་པར་མཛད་པའོ། །རིག་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པ་དང་། མཆིལ་ལྷམ་བྱིན་པས་བྱིན་པ་རི་དགས་ཨེ་ན་ཡ་ལྟ་བུ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་ཏེ། གང་ཞིག་གཞན་གྱིས་སྨྲས་པའམ། བརྡར་བྱས་པའི་དོན་མྱུར་དུ་འཛིན་པའོ། །ནོར་བདོག་

པ་ལ་སློང་མོའི་སྐྱེ་བོ་ཕྱིར་མ་བཟློག་པར་སྦྱིན་པ་ལ་སོགས་པ་བྱས་པས་ཕྱག་རིང་ཞིང་མཛེས་པ་སྟེ། ཕྱག་རིང་ཞིང་དྲང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དྲང་བ་ནི་ནོར་བདོག་ཅིང་ཡོད་པ་བླངས་པ་ན་སྦེད་པའི་གྱ་གྱུ་མེད་པའི་ཕྱིར་རོ། །རིང་བ་ནི་སླང་མོ་བའི་སྐྱེ་བོ་ཕྱིར་མ་བཟློག་

པ་དང་སྐབས་རྙེད་པར་བྱ་བའི་ཕྱིར་རོ། །དེ་ནི་ཡོ་བྱད་མང་བ་དང་། དུལ་བའི་སྔ་ལྟས་སོ་ཞེས་བྱ་བ་ནི་སེམས་ལ་དབང་བས་སེར་སྣ་གཞན་གྱི་དབང་དུ་མི་འགྲོ་བའི་ཕྱིར་དང་། ཉོན་མོངས་པ་ཐུལ་བས་རྣམ་པ་ཐམས་ཅད་དུ་མི་མཐུན་པའི་ཕྱོགས་དང་མ་འདྲེས་པའི་ཕྱིར་རོ། །

གྲོགས་པོ་དང་། མཛའ་བཤེས་དང་། གཉེན་འདབ་མ་ཕྱེ་བ་དང་། བྱེ་བར་གྱུར་པའི་སེམས་ཅན་བསྡུམས་པ་དང་། ཚངས་པར་སྤྱོད་པ་ལ་ཡང་དག་པར་བསྐུལ་བ་དང་། གསང་བའི་ཚིག་ཡོངས་སུ་བསྲུངས་པས་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་

མང་བའི་སྔ་ལྟས་སོ་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་པར་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་ཡིན་པའི་ཕྱིར་རོ། །སྟན་དང་། གོས་དང་། ཁང་པ་དང་། གཞལ་མེད་ཁང་དང་། གནས་བཟང་པོ་བྱིན་པས། མདོག་གསེར་དང་འདྲ་བ་དང་། པགས་པ་ཤིན་ཏུ་འཇམ་

པ་སྟེ། དེ་གཉིས་ནི་གདན་དང་། ན་བཟའ་དང་། གཞལ་མེད་ཁང་དང་། གནས་བཟང་པོ་ཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་། ཕུ་ནུ་དང་། སྲིང་མོ་ལ་སོགས་པ་བླ་མ་རྣམས་ལ་ཇི་ལྟར་འཇམ་པར་རིམ་གྲོ་

བྱས་པ་དང་། བཙུན་པར་བྱས་པ་དང་། བཅོལ་བ་ལ་བསྒོ་བ་རྣལ་མ་གཟན་པས། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་དང་། ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི་མཉམ་པ་མེད་པའི་སྔ་ལྟས་སོ། །མི་སྙན་པ་མི་ཟེར་ཞིང་མི་སྨོད་པར་སྙན་པར་སྨྲ་ཞིང་ལེགས་པར་བཤད་པ་ལ་

Vol. 81 · folio 172a

མཐུན་པར་འཛིན་པས་རོ་སྟོད་སེང་གེའི་ལྟ་བུ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པར་གྲུབ་པ་སྟེ། དེ་ནི་ཐུབ་པ་མེད་པའི་སྔ་ལྟས་སོ་ཞེས་བྱ་བ་ནི་ཡེ་ཤེས་དང་མཐུ་ཐོགས་པ་མེད་པའི་ཕྱིར་རོ། །ནད་པ་རྣམས་ལ་སྨན་དང་། རིམ་གྲོ་དང་། སྨན་པ་དང་། ཕན་པའི་ཟས་བྱིན་པ་དང་།

རིམ་གྲོ་བྱས་པས་ཐལ་གོང་རྒྱས་པའོ་ཞེས་བྱ་བ་འདི་ནི་ཕྲག་སོ་གཉིས་ཀྱི་ཕྱོགས་ཤ་རྒྱས་པ་ཡིན་པའི་ཕྱིར་རོ། །རོ་བྲོ་བའི་མཆོག་མཁྱེན་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་བརྙེས་པ་ངེས་པ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ལྗགས་ཀྱི་དབང་པོ་རོ་མི་ཞིམ་པ་དག་དང་། ལྗགས་ཀྱི་དབང་

པོར་ཕྱིན་པ་དང་། རོ་མཆོག་ཉིད་དུ་སོ་སོར་བདར་བར་མཛད་པ་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་། ཀུན་དགའ་ར་བ་དང་། བཏུང་བ་དང་། རྫིང་བུ་དང་། རྒལ་དཀའ་བ་ལ་ཟམ་པ་དང་། ཁ་ཟས་དང་། གཙུག་ལག་ཁང་གི་ཕྲེང་བ་དང་། སྟེགས་དང་།

གཙུག་ལག་ཁང་ལ་སོགས་པ་གཞན་མོས་པར་བྱ་བ་སྔོན་དུ་སོང་ཞིང་བདག་གིས་གཞན་ལ་བྱིན་པས། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཞེས་བྱ་སྟེ། ཕྱག་གི་འདོམ་བརྐྱང་བའི་ཞེང་གི་ཚད་ཇི་ཙམ་པ་ཞབས་ནས་བརྩམས་ཏེ། དབུའི་བར་དུ་དཀྱུས་ཚད་དེ་ཙམ་ཁོ་ན་ཡོད་

པའི་ཕྱིར་རོ། །དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་ཐང་ཆེན་པོ་བརྙེས་པའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་སྙན་ཞིང་འཇམ་པ་དང་། ཡིད་དུ་འོང་བ་གསུངས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པ་ཞེས་བྱ་བ་ནི་བཞེད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

ཁམས་ལྗགས་ཀྱིས་ཁེབས་པར་མཛད་པའི་ཕྱིར་རོ། །གསུང་གཅིག་བརྗོད་པས་རྣམ་པ་དུ་མར་གོ་བར་མཛད་པའི་ཚངས་པའི་དབྱངས་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་མང་པོའི་ནང་ན་བར་ཆད་པས། གནས་པའི་གདུལ་བྱ་རྣམས་ཀྱི་རྣ་བའི་དབང་པོའི་ཡུལ་དུ་མཚུངས་པར་གྱུར་

པའི་གསུང་དབྱངས་མངའ་བའི་ཕྱིར་རོ། །དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟས་སོ། །གསུང་དབྱངས་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་ཤིང་། རྣམ་པར་ཤེས་པར་འགྱུར་བ་དང་། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་ཉིད་དང་།

Vol. 81 · folio 172b

ཟབ་ཅིང་དབྱངས་རྗེས་སུ་འགྲོ་བ་དང་། གཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའོ། །མ་འཁྲུགས་པ་ཞེས་བྱ་བ་ནི་ལེགས་པར་གོ་བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་གསལ་བ་ཞེས་བྱ་སྟེ། གདུལ་བྱའི་སྐྱེ་བོ་རྣམ་པ་སྣ་ཚོགས་ཀྱི་རྒྱུད་ལ་གོ་བར་

མཛད་པ་ཡིན་པའི་ཕྱིར་རོ། །ཡུན་རིང་པོ་ནས་ཚིག་འཁྱལ་པ་སྤོང་ཞིང་དུས་སུ་སྨྲ་བར་གསུངས་པས་ན་འགྲམ་པ་སེང་གེ་འདྲ་སྟེ། དེ་ནི་ཚིག་ཀུན་གྱིས་གཟུང་བར་འོས་པའི་སྔ་ལྟས་སོ། །རིམ་གྲོ་བྱས་པ་དང་། བརྙས་པ་མེད་པ་ཉིད་ཀྱིས་འཚོ་བ་ཡོངས་སུ་དག་པས། ཚེམས་ཤིན་ཏུ་

དཀར་བ་ཉིད་དང་། ཚེམས་མཉམ་པ་སྟེ། དེ་ནི་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཡུན་རིང་པོ་ནས་བདེན་པའི་ཚིག་དང་། ཕྲ་མ་མེད་པའི་ཚིག་ཏུ་སྤྱོད་པས་ཚེམས་ཐགས་བཟང་བ་དང་། ཚེམས་བཞི་བཅུ་མངའ་བ་སྟེ། དེ་ནི་འཁོར་མི་ཕྱེད་པའི་སྔ་ལྟས་སོ། །པང་

གིས་འཁྱུད་པ་བཞིན་དུ་ཉེས་པར་བསམ་པ་མེད་ལ་མ་ཆགས་མི་སྡང་བ་དང་། རྨོངས་པ་མེད་པའི་མིག་གིས་ལྟ་ལྟ་བས་སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ་ཞེས་བྱ་བ་སྤྱན་ཕྱེ་བའི་ཚུལ་དང་ཆོས་མཐུན་པའི་ཕྱིར་རོ། །སྐྱེས་བུ་ཆེན་པོའི་

མཚན་སུམ་ཅུ་རྩ་གཉིས་བསྟན་ནས། དཔེ་བྱད་བཟང་པོ་བརྒྱད་ཅུ་བསྟན་པར་བྱ་བའི་ཕྱིར་གསུངས་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། གཉེན་བཤེས་བྱམས་པ་དང་འདྲ་བར་སེམས་

ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བ་སྟེ་སེན་མོ་མདོག་སྣུམ་པ་དང་། རིགས་རྒྱུད་མཐོན་པོ་འབྱུང་བ་སྟེ་སེན་མོ་མཐོ་བ་ཡིན། སྤྱོད་ཚུལ་ཁ་ན་མ་ཐོ་བ་མི་མངའ་བ་སྟེ་སོར་མོ་ཟླུམ་པ་ཡིན། དགེ་བའི་རྩ་བ་ཤིན་ཏུ་བསགས་པ་ཉིད་ཀྱིས་སོར་མོ་རྒྱས་པ་དང་། དགེ་

བའི་རྩ་བ་རིམ་གྱིས་ཞུགས་པ་ཉིད་ཀྱིས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཀྱི་མཐའ་དང་འཚོ་བ་རབ་ཏུ་བསྲུངས་པས་རྩ་མི་མངོན་པ་དང་། ཉོན་མོངས་པའི་མདུད་པ་འགྲོལ་བར་མཛད་པ་ཉིད་ཀྱིས་རྩ་མདུད་པ་མེད་པ་དང་། ཆོས་ཤིན་ཏུ་

Vol. 81 · folio 173a

གཙང་བའི་བློ་གྲོས་ཅན་ཉིད་ཀྱིས་ལོང་བུ་མི་མངོན་པ་ཉིད་དང་། བགྲོད་དཀའ་བའི་གནས་ཐམས་ཅད་ལས་སྒྲོལ་བར་མཛད་པ་ཉིད་ཀྱིས་ཞབས་མི་མཉམ་པ་མེད་པ་དང་། མིའི་སེང་གེ་ཉིད་ཀྱིས་ནི་སེང་གེའི་སྟབས་སུ་བཞུད་པ་ཉིད་དང་། མིའི་

གླང་པོ་ཉིད་ཀྱིས་གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་གཤེགས་པ་ཉིད་ཀྱིས་ངང་པའི་རྒྱལ་པོའི་སྟབས་སུ་གཤེགས་པར་མཁས་པ་ཉིད་དང་། མིའི་ཁྱུ་མཆོག་ཏུ་གྱུར་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། སྐོར་ཕྱོགས་ཀྱི་

ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་། བལྟ་ན་མཛེས་པ་སྟེ་མཛེས་པར་གཤེགས་པ་ཉིད་དང་། རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ་དྲང་པོར་གཤེགས་པ་ཉིད་དང་། ཡོན་ཏན་ཡང་དག་པར་བརྗོད་པ་ཉིད་ཀྱིས་སྐུ་འཁྲིལ་བག་ཆགས་

པ་ཉིད་དང་། སྡིག་པའི་ཆོས་དང་མ་སྦགས་པ་ཉིད་ཀྱིས་སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། གདུལ་བྱ་དང་འཚམ་པར་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་སྐུ་རིམ་པར་འཚམ་པ་ཉིད་དང་། སྐུ་དང་། གསུང་དང་། ཐུགས་ཀྱི་ཀུན་ཏུ་སྤྱོད་པ་གཙང་བའི་ཕྱིར་སྐུ་གཙང་བ་ཉིད་དང་། རང་

བཞིན་གྱིས་ཐུགས་འཇམ་པ་དང་ལྡན་པའི་ཕྱིར་སྐུ་འཇམ་པ་ཉིད་དང་། ཐུགས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་སྐུ་རྣམ་པར་དག་པ་ཉིད་དང་། ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་མཚན་རྫོགས་པ་ཉིད་དང་། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པའི་

ཕྱིར་སྐུ་ཡངས་ཤིང་བཟང་བ་ཉིད་དང་། ཐམས་ཅད་ལ་ཐུགས་སྙོམས་པའི་ཕྱིར། གོམ་པ་སྙོམས་པ་ཉིད་དང་། རྣམ་པར་དག་པའི་ཆོས་སྟོན་པའི་ཕྱིར། སྤྱན་རྣམ་པར་དག་པ་ཉིད་དང་། ཆོས་ཤིན་ཏུ་གོ་སླ་བ་སྟོན་པའི་ཕྱིར། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་

དང་། ཐུགས་རྟག་ཏུ་མ་ཞུམ་པའི་ཕྱིར། སྐུ་ཞུམ་པ་མེད་པ་ཉིད་དང་། དགེ་བའི་རྩ་བ་ཡང་དག་པར་འཕགས་པའི་ཕྱིར། སྐུ་རྒྱས་པ་ཉིད་དང་། ཡང་སྲིད་པ་ཟད་པ་ཉིད་ཀྱིས་སྐུ་ཤིན་ཏུ་གྲིམས་པ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་རྣམ་པར་ཕྱེ་བ་རབ་

Vol. 81 · folio 173b

ཏུ་སྟོན་པར་མཛད་པ་ཉིད་ཀྱིས། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་ཉིད་དང་། ཚིག་དོན་རྣམ་པར་དག་པ་སྟོན་པས་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་། སློབ་མ་ཕུན་སུམ་ཚོགས་པར་གྱུར་པ་ཉིད་ཀྱིས་དཀུ་ཟླུམ་པ་ཉིད་དང་། འཁོར་བའི་སྐྱོན་གྱིས་

མ་སྦགས་པ་ཉིད་ཀྱིས་དཀུ་སྐབས་ཕྱིན་པ་ཉིད་དང་། ང་རྒྱལ་གྱིས་འགྱིང་བ་བཅོམ་པ་ཉིད་ཀྱིས་དཀུ་མ་རྙོངས་པ་ཉིད་དང་། ཆོས་ཟད་པ་རྣམ་པར་ལྡོག་པ་ཉིད་ཀྱིས་ཕྱལ་ཕྱང་བ་ཉིད་དང་། ཆོས་ཟབ་མོ་རྟོགས་པ་ཉིད་ཀྱིས་ལྟེ་བ་ཟབ་པ་ཉིད་དང་། སློབ་མ་མཐུན་

པར་མཛད་པ་ཉིད་ཀྱིས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང་། སློབ་མའི་ཚོགས་ཀུན་ནས་མཛེས་པར་གྱུར་པ་ཉིད་ཀྱིས་ཀུན་ནས་མཛེས་པ་ཉིད་དང་། ཐུགས་ཤིན་ཏུ་གཙང་བ་ཉིད་ཀྱིས་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་། དུས་མ་ཡིན་པའི་ཆོས་འདུལ་བ་ཉིད་དང་

བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་གནག་བག་མེད་པ་ཉིད་དང་། ལུས་ལ་སོགས་པ་ཟོ་མདོག་བདེ་བ་ཉིད་ཀྱིས་ཕྱག་ཤིང་བལ་ལྟར་འཇམ་པ་ཉིད་དང་། རང་གི་སྐྱེ་བོ་དང་སྐྱེ་བོ་ཕལ་པ་ལ་བྱམས་པ་ཉིད་ཀྱིས་དགེ་སྦྱོང་ཆེན་པོ་བརྙེས་པ་ཉིད་ཀྱི་ཕྱིར་ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་།

མཆོག་ཏུ་ཟབ་པའི་ཆོས་ལ་གནས་པ་ཉིད་ཀྱིས་ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱི་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱིས་ཕྱག་གི་རི་མོ་རིང་བ་ཉིད་དང་། བསླབ་པ་ཧ་ཅང་མི་རིང་བར་འཆའ་བ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་ཉིད་དང་། འཇིག་རྟེན་

ཐམས་ཅད་གཟུགས་བརྙན་དང་འདྲ་བར་གཟིགས་པ་ཉིད་ཀྱིས་མཆུ་བིམ་པ་ལྟར་དམར་བ་ཉིད་དང་། ཚིག་འཇམ་པོ་སྔོན་དུ་འགྲོ་བས་འདུལ་བ་ཉིད་ཀྱིས་ལྗགས་མཉེན་པ་ཉིད་དང་། ཡོན་ཏན་འཐད་པ་མང་པོ་མངའ་བ་ཉིད་ཀྱིས་ལྗགས་སྲབ་པ་ཉིད་དང་། ཆོས་འདུལ་བ་ལ་བྱིས་པ་

ལྟར་ཆགས་པ་ཉིད་ཀྱི་གཏིང་དཔག་དཀའ་བ་ཉིད་ཀྱིས་ལྗགས་དམར་བ་ཉིད་དང་། གླང་པོའི་སྒྲ་དང་། འབྲུག་གི་སྒྲ་ལྟ་བུས་བསྙེངས་པ་མི་མངའ་བ་ཉིད་ཀྱིས་གླང་པོ་ཆེའི་ང་རོ་དང་། དབྱངས་དང་ལྡན་པ་ཉིད་དང་། སྙན་ཅིང་འཇམ་ལ་ཡིད་དུ་འོང་བར་སྨྲ་བའི་སློབ་མ་མངའ་བ་

Vol. 81 · folio 174a

ཉིད་ཀྱིས་གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། སྲིད་པ་ཀུན་དུ་བསྡམས་པ་བཅད་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་ཉིད་དང་། སྐྱེ་བོ་གདུལ་བར་དཀའ་བ་རྣམས་འདུལ་བ་ལ་མཁས་པ་ཉིད་ཀྱིས་མཆེ་བ་རྣོ་བ་ཉིད་དང་། ཆོས་འདུལ་བ་ཤིན་ཏུ་

དཀར་བས་ན་མཆེ་བ་དཀར་བ་ཉིད་དང་། མཉམ་པའི་ས་ལ་བཞག་པ་ཉིད་ཀྱིས་མཆེ་བ་མཉམ་པ་ཉིད་དང་། མཐར་གྱིས་མངོན་པར་རྟོགས་པ་ཡང་དག་པར་སྟོན་པར་མཛད་པ་ཉིད་ཀྱིས་མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་། ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་ཉིད་ཀྱིས་ཤངས་

མཐོ་བ་ཉིད་དང་། འདུལ་བའི་སྐྱེ་བོ་གཙང་མ་ཕུན་སུམ་ཚོགས་པ་ཉིད་ཀྱིས་ཤངས་གཙང་བ་ཉིད་དང་། སངས་རྒྱས་ཀྱི་ཆོས་ཤིན་ཏུ་རྒྱ་ཆེ་བ་མངའ་བ་ཉིད་ཀྱི་སྤྱན་ཡངས་པ་ཉིད་དང་། སེམས་ཅན་གྱི་ཚོགས་དྲངས་པ་ཉིད་ཀྱིས་རྫི་མ་སྟུག་པ་ཉིད་དང་། སྤྱན་དཀར་ནག་འབྱེས་པ་དང་།

པདྨའི་འདབ་མ་རྒྱས་པ་ལྟར་འདུག་པའི་སྤྱན་གྱིས་ལྷ་དང་། ལྷ་མ་ཡིན་དང་། སྐྱེས་པ་དང་། ན་ཆུང་མཆོག་མངོན་པར་དགའ་བར་མཛད་པ་ཉིད་ཀྱིས་སྤྱན་དཀར་ནག་འབྱེས་པ་དང་། པདྨའི་འདབ་མ་རངས་པ་ལྟ་བུ་ཉིད་དང་རྟག་ཏུ་ཕྱི་རྗེས་སུ་གཟིགས་པ་ཉིད་ཀྱིས་སྨིན་མཚམས་

རིང་བ་ཉིད་དང་། ཆོས་འདུལ་བ་དཀར་པོ་ལ་མཁས་པ་ཉིད་ཀྱིས་འཇམ་པ་ཉིད་དང་། ཀུན་གཟིགས་པ་ཉིད་ཀྱིས་སྨིན་མའི་སྤུ་མཉམ་པ་ཉིད་དང་། དགེ་བའི་རྩ་བའི་སྣུམ་གྱིས་བསྐུས་པར་གྱུར་པའི་སྐྱེ་བོ་འདུལ་བ་ཉིད་ཀྱིས་སྨིན་མ་སྣུམ་པར་གྱུར་པ་ཉིད་དང་། མཆོག་ཏུ་གནོད་པ་

བཟློག་པར་མཛད་པ་ཉིད་ཀྱིས་ཕྱག་རིང་ཞིང་རྒྱས་པ་ཉིད་དང་། ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱིས་སྙན་མཉམ་པ་ཉིད་དང་། སེམས་ཅན་བསམ་པ་མ་ཉམས་པ་ཐམས་ཅད་འདུལ་བར་མཛད་པ་ཉིད་ཀྱིས་སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། ལྟ་བས་

བྱས་པ་ཐམས་ཅད་ཀྱི་གཞན་དུ་མི་འགྱུར་བ་ཉིད་ཀྱིས་དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང་། ཕས་ཀྱི་རྒོལ་བའི་དགེ་སྦྱོང་དང་། བྲམ་ཟེ་རབ་ཏུ་འཇོམས་པ་ཉིད་ཀྱིས་དཔྲལ་བའི་དབྱེས་ཆེ་བ་ཉིད་དང་། སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱིས་དབུ་ཤིན་ཏུ་རྒྱས་པ་ཉིད་

Vol. 81 · folio 174b

དང་། ཡུལ་གྱི་བུང་བའི་དགའ་བ་བཟློག་པར་མཛད་པ་ཉིད་ཀྱིས་དབུ་བུང་བ་ལྟར་གནག་པ་དང་། མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི་བག་ལ་ཉལ་སྤངས་པ་ཉིད་ཀྱིས་དབུ་སྐྲ་སྟུག་པ་ཉིད་དང་། བསྟན་པ་ཐུགས་འཇམ་པས་ཐུགས་སུ་ཆུད་པ་ཉིད་ཀྱིས་དབུ་སྐྲ་འཇམ་པ་ཉིད་

དང་། འདོད་ཆགས་ལ་སོགས་པས་མ་འཁྲུགས་པ་ཉིད་ཀྱིས་དབུ་སྐྲ་མ་འཛིངས་པ་ཉིད་དང་། རྟག་ཏུ་ཚིག་མི་རྩུབ་པ་ཉིད་ཀྱིས་དབུ་སྐྲ་མི་བཤོར་བ་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གཡས་སུ་ཕྱོགས་ནས་བཀྲམ་པ་ཉིད་ཀྱིས་དབུ་སྐྲ་དྲི་ཞིམ་པ་ཉིད་དང་། རྣམ་

པ་ཐམས་ཅད་མཛེས་པར་གྱུར་པ་ཉིད་ཀྱིས་ཕྱག་དང་ཞབ་ལ་དཔལ་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་དང་། གཡུང་དྲུང་འཁྱིལ་པས་བརྒྱན་པ་ཉིད་ཡིན་ནོ། །མདོ་ལྷུག་པ་འདི་བསྡུ་བར་བྱ་བའི་དོན་དུ་ཚིག་ལེའུར་བྱས་པ་སྦྱར་བ་ནི་འདི་ཡིན་ཏེ། ཐུབ་པའི་སེན་མོ་ཟངས་

མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་

དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་སྤྱན་ནི་དག་པ་དང་། །ཤིན་ཏུ་གཞོན་མདོག་སྤྱན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་

པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་མུན་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་

གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིང་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་

Vol. 81 · folio 175a

མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་དཀྱུས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །

ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་ཆེ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་འཇམ་མ་འཛིངས་ངོ་བོ་དང་། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་

དང་བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས་སྤྲུལ་པའི་སྐུ་ཇི་ལྟ་བུ་ཞིག་ཅེ་ན། གང་གིས་འཁོར་བ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པ་སྤྲུལ་སྐུ་རྒྱུན་མི་འཆད། །དེ་བཞིན་ལས་ཀྱང་རྒྱུན་

མི་འཆད། །འཁོར་བར་ཇི་སྲིད་བཞུགས་པར་འདོད། །ཅེས་བསྟན་ཏོ། །དེ་བས་ན་དེ་ལས་གཞན་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུའི་འབྲས་བུ་གནས་སྐབས་པས་འཁོར་བ་ཇི་སྲིད་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པ་ལྷུན་གྱིས་གྲུབ་པར་འཇུག་ཅིང་།

སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་སྣ་ཚོགས་མཛད་པའི་སྒོ་ནས་གནས་གྱུར་པས་ཡོངས་སུ་གྱུར་པའི་ལས་ཀྱི་དབང་དུ་མཛད་དེ། བཅོམ་ལྡན་འདས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་དངོས་པོ་མ་མཆིས་པ་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་དགེ་བ་དང་།

མི་དགེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་ལ་སོགས་པ་ཞེས་བགྱི་བ་ཇི་ལྟར་རྣམ་པར་གཞག་པར་འགྱུར་ཞེས་ཞུས་པ་ནི་བྱེད་པ་དེ་ཉེ་བར་དགོངས་པ་བྱེད་པའི་ཕྱིར། རབ་འབྱོར་འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི། རྨི་ལམ་ཡང་མི་དམིགས་ཞེས་བྱ་བ་ནས་བརྩམས་

ཏེ། འཁོར་བ་རྨི་ལམ་ལྟ་བུར་དགོངས་ནས་རྨི་ལམ་མཐོང་བ་མི་དམིགས་སོ་ཞེས་བྱ་བ་དང་། དེ་སད་པའི་འཕགས་པའི་གང་ཟག་ལ་དགོངས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་ཉེ་བར་མ་དམིགས་པའི་དཔེས། རྨི་ལམ་ལྟར་བཤད་པས་གོ་རིམས་བཞིན་དུ་ཉོན་

Vol. 81 · folio 175b

མོངས་པ་དང་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉེ་བར་དམིགས་སུ་མེད་པ་ཤེས་པར་བྱ་བའི་ཕྱིར། ཆོས་རྣམ་པར་བཞག་པ་དཀའ་བ་བྱེད་པ་ཡིན་ཏེ་ངོ་མཚར་ཆེའོ་ཞེས་བསྟན་ཏོ། །ཡང་ཆོས་ཀྱི་སྐུའི་ཕྲིན་ལས་རྣམ་པ་དུ་ཞིག་ཡིན་ཞེ་ན། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་བ་རྣམ་བཞི་ལ་

འགོད་པ། །ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང་། །སེམས་ཅན་རྣམས་དོན་ཇི་བཞིན་དུ། །དོན་དང་ཕ་རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་པ་དང་། །ལུས་ཅན་རྣམས་ནི་

ཡོངས་སྨིན་དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཟློག་པ་དང་། །བྱང་ཆུབ་ཐོབ་དང་སངས་རྒྱས་ཤིང་། །རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་ནི་ཚད་མེད་དང་། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང་། །བྱང་ཆུབ་ཡན་ལག་ལས་དང་ནི། །ཆུད་མི་

ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤངས་པ་དང་། །དེ་གཞི་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་འདུས་མ་བྱས་པ་ལས། །ཐ་དད་ཡོངས་སུ་མི་ཤེས་དང་། །མྱ་ངན་འདས་ལ་དགོད་པ་དང་། །སངས་རྒྱས་སྐུ་ཡི་ཕྲིན་ལས་འདི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །

ཅེས་བསྟན་ཏོ། །དེ་ལ་འགྲོ་བ་རྣམ་པར་ཞི་བའི་ལས་ནི་འགྲོ་བ་ལྔས་བསྡུས་པ་ཡིན་ཏེ། གང་གི་ཕྱིར་དམྱལ་བའི་འགྲོ་བ་ཞི་བའི་དབང་དུ་མཛད་ནས། རབ་འབྱོར་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་

སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆེད་དུ་བསམས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སོང་ནས་ཞེས་བྱ་བ་དེ་དག་ནས་འཕོས་ཏེ། ལྷ་དང་མི་དག་དང་སྐལ་བ་མཉམ་པར་སྐྱེས་ཤིང་རིམ་གྱིས་ཐེག་པ་གསུམ་གྱིས་སྡུག་བསྔལ་མཐར་འབྱིན་པ་མཐོང་

ངོ་ཞེས་བྱ་བའི་བར་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཡོངས་སུ་གཏོང་བ་ལ་སོགས་པས་བྱོལ་སོང་གི་སྐྱེ་གནས་ཞི་བའི་ལས་དང་། དེ་བཞིན་དུ་ཡི་དགས་ཀྱི་ཡུལ་དེ་དག་ན་སྡུག་བསྔལ་ཇི་སྙེད་ཡོད་པ་

Vol. 81 · folio 176a

དེ་དག་རབ་ཏུ་འཇོམས་ཤིང་གཤིན་རྗེའི་སྡུག་བསྔལ་ཞི་བའི་ལས་དང་། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་ལ་ཆོས་བསྟན་པའི་རིམ་གྱིས་ཐེག་པ་གསུམ་གྱི་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། ཚངས་པའི་ལྟ་བ་ལ་མངོན་

པར་ཞེན་པ་དེ་དག་ལ་ཆོས་བསྟན་པས་ལྷའི་འགྲོ་བ་ཞི་བའི་ཕྲིན་ལས་ཡིན་ཏེ། རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ་ཞེས་བྱ་བ་ནས་

བརྩམས་ཏེ། སེམས་ཅན་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཐོབ་པར་མཛད་པ་དེ་ནི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ལ་རབ་ཏུ་འགོད་དོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་པ་འདི་ནི་མིའི་འགྲོ་བ་ཞི་བའི་ཕྲིན་ལས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཡང་

སེམས་ཅན་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་ན་དེ་ལྟ་ན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཁྱད་པར་མེད་པར་འགྱུར་རོ་ཞེས་བརྒལ་བ་ལ། གཉི་ག་ཡང་གཅིག་ཏུ་བསྟན་པས་མངོན་སུམ་དུ་མཛད་པ་དང་། མ་མཛད་པ་དག་ལ་ཁྱད་པར་མེད་པར་ཁས་བླངས་

པ་མ་ཡིན་པས་ལན་བཏབ་པ་ཡིན་ནོ། །བསྡུ་བ་རྣམ་པ་བཞི་ལ་འགོད་པ་ནི་གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་རྣམས་ཀྱིས་ཞེས་བྱ་བ་ནས་སྟོང་པ་ཉིད་ལ་སོགས་པས་རྗེས་སུ་བཟུང་བ་ནི་ངོ་

མཚར་རྨད་དུ་བྱུང་བའི་ཆོས་ཉིད་ཡིན་ནོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་འགོད་པ་ནི་རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །བྱང་ཆུབ་སེམས་དཔའ་གཞན་དག་ལ་འདི་སྐད་འདེམས་ཤིང་འདི་

སྐད་བསྟན་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཡི་གེ་བསྒྲུབ་པའི་གཟུངས་ལ་མཁས་པའི་དབང་དུ་མཛད་ནས་ཞུས་པ་དང་། ལན་རྒྱ་ཆེར་གསུངས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེ་དང་བཅས་པས། ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བ་ཉིད་ཀྱིས་གནས་པ་མེད་

Vol. 81 · folio 176b

པའི་ཚུལ་དང་། འཕགས་པའི་གང་ཟག་ཐམས་ཅད་སྐྱོན་མེད་པ་པ་ནས་ཆོས་ཀྱི་དབྱིངས་སམ། དེ་བཞིན་ཉིད་དམ། ཡང་དག་པའི་མཐའ་ལས་འདས་པ་མེད་པ་ཡིན་ནོ། །མི་ལྡོག་པར་བརྗོད་དོ། །གལ་ཏེ་ཆོས་ཀྱི་དབྱིངས་ལ་སོགས་པ་འདའ་བ་མེད་པ་ཉིད་ཡིན་ན་དེ་ཇི་སྙམ་

དུ་སེམས། ཆོས་ཀྱི་དབྱིངས་ཀྱང་གཞན་ལ་གཟུགས་ཀྱང་གཞན་ནམ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་གཞན་མ་ཡིན་པར་ཞུས་པས། དེ་གཞན་མ་ཡིན་པ་དགོངས་ནས་གཟུགས་ལ་སོགས་པ་ལ་ཡང་ལྡོག་པ་མེད་པར་ཐལ་བར་འགྱུར་བས་ཀུན་ནས་ཉོན་མོངས་

པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་དུ་བསྟན་པར་བྱ་བའི་དོན་གྱིས་རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཚད་མར་བྱས་ནས། དེ་རྣམ་པར་གཞག་པ་དང་འབྲས་བུ་རྣམ་པར་གཞག་པ་ཀུན་རྫོབ་ཡིན་གྱི། དོན་དམ་པ་མ་ཡིན་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་

ཐོབ་པར་ཐལ་བར་འགྱུར་བ་དང་། དེ་རྣམས་གཉི་ག་ཡོངས་སུ་ཤེས་པར་ཡང་དག་པ་ནས་བརྩམས་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་རིས་སུ་གཅད་ཅིང་འབྲས་བུ་རྣམ་པར་དགོད་པ་མེད་ན། ཆོས་ཀྱི་དབྱིངས་ལ་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་འབྲས་བུ་དང་པོ་དང་། འདོད་པའི་

འདོད་ཆགས་དང་གནོད་སེམས་སྲབས་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཐ་མའི་ཆ་དང་ལྡན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའི་འབྲས་བུ་དང་། གོང་མའི་ཆ་དང་ལྡན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་དགྲ་བཅོམ་པའི་འབྲས་བུ་ཉིད་ནས་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱ་ཆེར་གསུངས་པའི་འབྲས་བུ་རྣམ་པར་གཞག་པ་མ་མཆིས་པར་ཞུས་པ་དང་། དུས་གང་གི་ཚེ་སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་རྟོགས་པ་ན་དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེས། ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་ཇི་སྙེད་པ་ཁོང་

དུ་ཆུད་དོ་ཞེས་ལན་གསུངས་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རབ་ཏུ་རྫོགས་པར་ཞུས་པ་ལ་དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེས་དེ་བསྟན་པ་སྤྲུལ་ལམ་བསྒོམ་པ་ལ་བརྟེན་ཀྱང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་འགྱུར་བ་དང་འདྲ་བར་དངོས་པོ་མེད་པའི་

Vol. 81 · folio 177a

ཆོས་རབ་ཏུ་རྟོགས་པ་དང་། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་ན་ཡང་། བྱང་ཆུབ་སེམས་དཔའ་སྒྱུ་མ་ལྟ་བུའི་ཆོས་མཐོང་བའི་སྐྱེས་བུ་བྱེད་པ་ཉིད་དང་། དེ་ལྟ་ཡིན་ན་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ལ་འཇུག་པ་དོན་མེད་པར་འགྱུར་བ་དང་། སེམས་ཅན་

རྣམས་ཀྱིས་དེ་ལྟར་མ་ཤེས་པས་དེ་འབྲས་བུ་དང་བཅས་པ་ཡིན་པར་བསྟན་ཏོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་འོག་མ་འོག་མ་རྣམས་ལ་བརྒལ་བ་དང་། ལན་རྗེས་སུ་སྦྱར་ཏེ། གཅིག་ནས་གཅིག་ཏུ་བརྗོད་པའི་གནས་མདོ་ལས་ཇི་སྐད་གསུངས་པ་བཞིན་དུ་རྒྱ་ཆེར་བརྗོད་

པར་བྱ་སྟེ། ཁོ་བོས་ནི་གཞུང་མངས་ཀྱི་དོགས་པའི་ཕྱིར་བསྡུ་བ་ཙམ་བྱས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་བཀོད་པ་ནི་གང་སྒྱུ་མ་མཁན་གྱི་དཔེས་སེམས་དང་པོ་བསྐྱེད་པ་དང་། བསྒྲུབ་པ་དང་། རྟོགས་པའི་མཚན་ཉིད་ཅན་ཐོག་མ་དང་བར་དང་། ཐ་མ་རྣམས་སུ་

ཆོས་ཀྱི་དབྱིངས་འཁྲུག་པ་མེད་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། གཞན་རྣམས་ཡང་དག་པའི་མཐའ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་དོ་ཞེས་བསྟན་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པ་ནི་གང་དེའི་རྗེས་ལ་ཕ་རོལ་ཏུ་ཕྱིན་པ་

དྲུག་ལ་རབ་ཏུ་ཞུགས་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་ལམ་ལ་དགོད་པ་དང་། གང་དེའི་འོག་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་ནས་བརྩམས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་

ཡིན་ནོ། །རང་བཞིན་གྱིས་སྟོང་པ་ཉིད་ལ་འགོད་པ་ནི་གང་དེའི་འོག་ཏུ་དེའི་རང་བཞིན་གྱིས་སྟོང་པ་ཉིད་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་རྒྱ་ཆེར་བསྟན་པ་ཡིན་ནོ། །གཉིས་སུ་མེད་པའི་ཆོས་ལ་འགོད་པ་ནི་གང་དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྤྲུལ་པའི་དགྲ་

བཅོམ་པ་དང་། རྨི་ལམ་གྱི་ནང་གི་དཔེ་གཉིས་ཀྱིས་གཉིས་སུ་མེད་པ་ལ་མངོན་པར་རྟོགས་པ་ལ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །བརྡར་བཏགས་པ་ཤེས་པ་ལ་འགོད་པ་ནི་གང་དེའི་འོག་ཏུ་གནས་བརྟན་རབ་འབྱོར་བདག་ཉིད་དབང་དུ་གྱུར་པའི་

Vol. 81 · folio 177b

དཔེས་ཆོས་ཐམས་ཅད་ཐ་སྙད་དུ་བཏགས་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད་པ་ནི་གང་དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་

པའོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལམ་ལ་འགོད་པ་ནི་གང་དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་སྤང་བ་ལ་འགོད་པ་ནི་གང་

དེའི་རྗེས་ལ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པ་ནི་གང་དེའི་འོག་ཏུ་བྱང་ཆུབ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །

སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་པ་ནི་གང་དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་འཇོག་པ་ནི་གང་དེའི་འོག་ཏུ་སེམས་དང་པོ་བསྐྱེད་

པ་དང་ཕྱིར་མི་ལྡོག་པ་དང་སྲིད་པ་ཐ་མར་སོ་སོར་ངེས་པ་ལ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །སེམས་ཅན་གྱི་དོན་ཚད་མེད་པ་ལ་འགོད་པ་ནི་གང་དེའི་འོག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པའི་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་མཛད་

པའོ་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་དང་། བསྙེན་བཀུར་བྱ་བ་ལ་སོགས་པ་ལ་དགོད་པ་ནི་གང་དེའི་རྗེས་ཐོགས་ལ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སངས་རྒྱས་ཀྱི་དྲུང་དུ་ཉེ་བར་འགྲོ་བ་དང་། བསྙེན་བཀུར་བྱ་བ་ནས་བརྩམས་ཏེ། མངོན་

པར་ཤེས་པ་བསྒྲུབས་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་རྣམ་པར་སྤོང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ངེས་པར་སྦྱོར་བར་འགོད་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་ལ་དགོད་པ་ནི་གང་དེའི་འོག་

Vol. 81 · folio 178a

ཏུ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པ་སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་ལ་རབ་ཏུ་འཇོག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ལས་དང་འབྲས་བུ་འབྲེལ་པ་ཆུད་མི་ཟ་བ་ལ་དགོད་པ་ནི་གང་དེའི་རྗེས་ལ་ལས་དང་འབྲས་བུ་འབྲེལ་པའི་ཐ་

སྙད་འགྲོ་བ་ལྔའི་འཁོར་བ་རྣམ་པར་འཇིག་པ་ལ་རབ་ཏུ་འཇིག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །བདེན་པ་མཐོང་བ་ལ་དགོད་པ་ནི་གང་དེའི་རྗེས་ལ་འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་རྗེས་སུ་རྟོགས་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་

པ་ཡིན་ནོ། །ཕྱིན་ཅི་ལོག་སྤང་བ་ལ་དགོད་པ་ནི་གང་དེའི་རྗེས་ལ་ཕྱིན་ཅི་ལོག་བཞི་སྤང་བ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཕྱིན་ཅི་ལོག་བཞི་མེད་པ་སྤང་བའི་ཡེ་ཤེས་ལ་དགོད་པ་ནི་གང་དེའི་རྗེས་ལ་སྐུའི་ཆ་ཤས་ཙམ་གྱིས་དངོས་པོ་

བཀག་པ་དང་རྨི་ལམ་དང་གཟུགས་བརྙན་དང་སྒྲ་བརྙན་དང་སྨིག་རྒྱུ་དང་སྒྱུ་མ་དང་སྤྲུལ་པའི་དཔེས་ཕྱིན་ཅི་ལོག་བཞི་མེད་པ་སྤོང་བའི་ཡེ་ཤེས་ལ་རབ་ཏུ་དགོད་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་བྱང་བ་ལ་རབ་ཏུ་འཇོག་པ་ནི་གང་དེའི་རྗེས་སུ་ཐ་

སྙད་ལ་བརྟེན་ཏེ། རྣམ་པར་བྱང་བ་ལ་རབ་ཏུ་འགོད་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །དེའི་ཚོགས་ལ་ཉེ་བར་འགོད་པ་ནི་གང་དེའི་རྗེས་ལ་ཚོགས་ཡོངས་སུ་རྫོགས་པ་ལ་རབ་ཏུ་འཇོག་པ་ནས་བརྩམས་ཏེ། མཐའ་གཉིས་མཉམ་པ་ཉིད་དུ་རྟོགས་

པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་ཐ་མི་དད་པར་ཡོངས་སུ་ཤེས་པ་ལ་འགོད་པ་ནི་གང་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་དག་གཅིག་ལ་གཅིག་ཐ་དད་པ་ཉེ་བར་དམིགས་པར་སྔོན་དུ་སོང་

བའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་སུ་རྟོགས་པའི་དུས་སུ་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཉིད་དང་། དོན་དམ་པ་རྟོགས་པ་ནས་འདུས་བྱས་དག་རྣམ་གྲངས་གཞན་མེད་པས་ཞེས་གསུངས་པ་དང་། ཆོས་རྣམས་སྟོང་པ་ཉིད་ཡིན་པས་གང་ལ་ཡང་ཅི་ཡང་བྱེད་པ་

Vol. 81 · folio 178b

ཡང་མེད་པས་སེམས་ཅན་རྣམས་སུ་འདུ་ཤེས་པ་ཐམས་ཅད་དང་བྲལ་བར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐྱེས་བུ་བྱེད་པ་ཡིན་པར་བསྟན་པས་སོ་ཞེས་བསྟན་པ་ཡིན་ནོ། །ཉི་ཤུ་བདུན་པ་མྱ་ངན་ལས་འདས་པ་ལ་དགོད་པའི་ཕྲིན་ལས་ནི་གང་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་

ཡིན་པ་ཉིད་ཀྱིས་སྐྱེ་བ་དང་འགག་པ་ལས་རྣམ་པར་གྲོལ་བ་དང་། མ་འདུས་པའི་ཆོས་མྱ་ངན་ལས་འདས་པར་སྤྲུལ་པ་ཉིད་ཡིན་པ་དང་། རང་བཞིན་གྱིས་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཉིད་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ཇི་ལྟར་རྫོགས་པར་རྙེད་པའི་

ཚིག་གིས་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇོག་པའི་ཕྲིན་ལས་མཛད་པའོ་ཞེས་བསྟན་པ་ཡིན་ནོ། །ཕྲིན་ལས་འདི་རྣམས་ཀྱི་ནི་སོ་སོའི་རང་གི་ངོ་བོའི་ཁྱད་པར་དེ་དང་ཕྲིན་ལས་ཀྱི་མཚན་ཉིད་ཀྱི་རྗེས་སུ་འབྲང་སྟེ་དཔྱད་པར་བསྟན་ཏོ། །དོན་ཡོངས་སུ་གསལ་

བས་ཁོ་བོ་ཅག་གི་རྣམ་པར་མ་ཕྱེ་སྟེ། བཏགས་ཟིན་པ་བཏགས་པས་ཅི་ཞིག་བྱ། དེ་ལྟར་བྱས་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་ནི་སྤྲུལ་པ་དང་། །སངས་རྒྱས་སྐུ་མཛད་བཅས་པ་སྟེ། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་བསྟན་པ་གང་ཡིན་པ་དེ་བཤད་

པ་ཡིན་པར་ཤེས་པར་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མན་ངག་གི་བསྟན་བཅོས་ལས་ཆོས་ཀྱི་སྐུའི་རྣམ་པར་འགྲེལ་པའོ།། །།དེ་ནས་ད་ནི་གླེང་གཞིའི་ལེའུ་གང་ཡིན་པ་ལས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་རྣམས་

ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་པ་ལ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་པདྨ་སྐྱེས་སུ་བསྐུར་བ་དེ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། སེམས་བསྐྱེད་པ་ནས་བརྩམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་ཀྱི་བར་དུ་བསྟན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱིན་གྱིས་བརླབས་

པ་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་སེམས་ཅན་ཐམས་ཅད་རྣམས་བསྡུ་བས་སེམས་ཅན་གྱི་བསྡུ་བས་བསྡུས་པ་སེམས་ཅན་གྱི་ཁམས་བརྗོད་དུ་མེད་པ་ལ་དམིགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཤེས་པར་བྱ་བའི་དོན་དང་། ཆོས་ཡོངས་སུ་རྫོགས་པར་མཉམ་

Vol. 81 · folio 179a

པའི་བྱང་ཆུབ་སེམས་དཔའ་རྣམས་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་སྲིད་པས། སངས་རྒྱས་མང་པོ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་དང་། འཇིག་རྟེན་གྱི་

ཁམས་གཅིག་ནས་གཅིག་ཏུ་སངས་རྒྱས་བལྟ་བའི་ཕྱིར་འགྲོ་བ་དང་། ཆོས་ཉན་པ་དང་། མཆོད་པ་དང་། བསྙེན་བཀུར་བྱེད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྣམ་པར་རོལ་པ་དང་། སེམས་ཅན་གྱི་ཁམས་ཡོངས་སུ་སྨིན་པར་བྱ་བའི་

ཕྱིར་དང་། རང་གི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཇི་ལྟར་མངོན་པར་འདོད་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཡང་དག་པར་ཡོངས་སུ་གཟུང་བའི་དགོས་པ་ལ་སོགས་ཡིན་པར་བསྟན་ཏོ། །གང་གི་ཕྱིར་དང་པོ་འདི་སྐད་བདག་གིས་ཞེས་བྱ་བའི་སྐབས་ནས་བརྩམས་

ཏེ། ཉི་ཁྲི་ལྔ་སྟོང་པའི་གཞུང་འདི་ཡོངས་སུ་རྫོགས་པའི་བར་འདི་ནི་དངོས་པོ་གཅིག་ཏུ་བྱས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པས་ན། ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་བར་དུ་དངོས་པོ་བརྒྱད་དུ་གྱུར་པ་ཡིན། དེའི་ཕྱིར། ཤེས་རབ་ཕ་

རོལ་ཕྱིན་པ་ལ། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །ཐམས་ཅད་མཁྱེན་པ་ཉིད་དང་གསུམ། །རྣམ་ཀུན་རྩེ་མོར་བཅས་པ་དང་། །མཐར་གྱིས་པ་དང་སྐད་ཅིག་བདག །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བརྒྱད་དུ་བསྡུས་

པ་ཡིན། །ཞེས་བསྟན་པ་ཡིན་ནོ། །ཡང་མཚན་ཉིད་དང་ལྡན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་གསུམ་མོ། །སྦྱོར་བ་དང་ལྡན་པ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའོ། །རབ་ཀྱི་མཐར་འགྲོ་བ་ནི་རྩེ་མོའི་མངོན་པར་རྟོགས་པའོ། །གོ་རིམས་དང་ལྡན་

པ་ནི་མཐར་གྱིས་པའི་མངོན་པར་རྟོགས་པའོ། །མཐར་ཐུག་པ་ནི་སྐད་ཅིག་མ་གཅིག་པའི་མངོན་པར་རྟོགས་པའོ། །རྣམ་པར་སྨིན་པ་ནི་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ཡིན་ནོ། །དེ་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ། །མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་

Vol. 81 · folio 179b

གོ་རིམས་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དེ་བསྡུས་གཞན་དེ་རྣམ་པ་དྲུག །ཅེས་བསྟན་པ་ཡིན་ནོ། །གཞན་ཡང་དངོས་པོ་གསུམ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པར་གྱུར་པ་ཡིན་ཏེ། དངོས་པོ་གསུམ་ནི་རྒྱུ་དང་། འབྲས་བུ་དང་། ལས་ཀྱིས་སོ། །ཐམས་ཅད་

མཁྱེན་པ་གསུམ་ནི་ཡུལ་ཡིན་ནོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་ལ་སྦྱོར་བ་བཞི་པོ་དག་ནི་རྒྱུ་ཡིན་ནོ། །ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་གསུམ་ནི་འབྲས་བུ་ཡིན་ནོ། །ལས་ནི་འགྲོ་བ་ཞི་བ་ལ་སོགས་པ་རྣམ་པ་ཉི་ཤུ་རྩ་བདུན་ནི་ཆོས་

ཀྱི་སྐུའི་ཕྲིན་ལས་ཡིན་ཏེ། རྣམ་གྲངས་གཞན་ནོ། །དེ་བས་ན། ཡུལ་ནི་གསུམ་ཡིན་རྒྱུ་རྣམས་ཏེ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །སངས་རྒྱས་སྐུ་འབྲས་ཕྲིན་ལས་དང་། །དོན་བསྡུས་གཞན་ཡིན་རྣམ་པ་གསུམ། །དེ་ལྟར་བསྟན་པ་ཡིན་ནོ། །དེ་ལ་གང་འདིར་དེ་དང་དེར་ངེས་པར་འབྱེད་པའི་

ཆ་དང་མཐུན་པ་དུ་མ་བསྟན་པ་ལས་དེ་རྣམས་ཀྱི་སོ་སོའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པ་དེ་ནི། ཉན་ཐོས་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་

མཐུན་པའི་ལས་ཀྱི་ཁྱད་པར་གྱི་མཚན་ཉིད་རྣམ་པ་དྲུག་གིས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱད་པར་ནི་འཕགས་པའི་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་ལ་དམིགས་པ་ཡིན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་

ཉིད་ཡིན་པའི་ཕྱིར་རོ། །རྒྱུའི་ཁྱད་པར་ནི་ཐེག་པ་གསུམ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པར་འཛིན་པའི་ཁྱད་པར་ནི་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཡང་དག་པར་སྦྱོར་བའི་ཁྱད་པར་ནི་རྣམ་པར་རྟོག་པ་རྣམ་པ་

བཞི་དང་ཡང་དག་པར་ལྡན་པ་ཡིན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་རྣམ་པ་རྣམས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཅིག་ཤོས་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས་ཇི་སྐད་དུ་དམིགས་པ་དང་

Vol. 81 · folio 180a

ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ལམ་ཤེས་པ་ཉིད་གང་ཡིན་པའི་དབང་དུ་མཛད་ནས། ཉན་ཐོས་ཀྱི་ལམ་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པར་བསྟན་པ་དེ་རྣམས་ཀྱི་ཡང་དམིགས་

པ་དང་རྣམ་པའི་ཁྱད་པར་དག་སྔ་མ་ལས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱད་པར་ནི་གཟུགས་ལ་སོགས་པའི་ཕུང་པོ་ལ་སྟོང་པ་ཉིད་དུ་དམིགས་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་གཟུགས་སྟོང་པ་ཉིད་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །དེ་ལ་

ཇི་སྐད་དུ། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །གང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ལམ་གྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པ་དེ་དག་གི་ཡང་

དམིགས་པ་དང་། རྣམ་པའི་ཁྱད་པར་དག་སྔ་མ་ལས་ཁྱད་པར་དུ་འཕགས་ཏེ། དམིགས་པའི་ཁྱད་པར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་དམིགས་པ་ཡིན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ནི་བཏགས་པ་དང་མི་འགལ་བར་ཆོས་ཉིད་བསྟན་པ་ནི་རྣམ་པ་ཡིན་

པའི་ཕྱིར་ཏེ། དེ་ཉིད་ལས་ཇི་སྐད་དུ་བཏགས་པའི་ཆོས་ཉིད་མི་འགལ་བར། སྟོན་པའི་རྣམ་པར་དྲོ་གྱུར་པ། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །གང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསྟན་པ་དེ་ནི་སེམས་ཅན་

ཐམས་ཅད་བརྟེན་པའི་སྦྱོར་བའི་ལམ་གྱིས་བསྡུས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཁྱད་པར་དང་། དེ་དག་ཉིད་སེམས་ཅན་མཉམ་པ་ལ་སོགས་པ་རྣམ་པའི་ཁྱད་པར་གྱིས་ཅི་རིགས་པར་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། དྲོ་བ་རྣམས་ཀྱིས་

དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །དེ་ནི་རེ་ཞིག་ངེས་པར་འབྱེད་པའི་ཆ་རྣམས་ཀྱིས་མཚན་ཉིད་ཀྱི་ཁྱད་པར་ཡིན་ནོ། །དེ་ལ་གང་

Vol. 81 · folio 180b

འདིར་དེ་དང་དེར་མཐོང་བའི་ལམ་རྣམ་པ་མང་པོ་ཞིག་བསྟན་པ་ལ་ཐ་དད་པའི་ཁྱད་པར་ཅི་ཞིག་ཡོད་ཅེ་ན། གང་རེ་ཞིག་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་མཐོང་བའི་ལམ་གང་ཡིན་པ་དེ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དག །གང་ཡང་རུང་བར་མི་ལྟུང་བའི་ཕྱིར་མི་གནས་པའི་ལམ་ཡིན་

ནོ། །ཡང་དེ་ཉིད་ཇི་སྐད་དུ། རབ་འབྱོར་བྱང་ཆུབ་སེམས་དཔས་ལམ་ཐམས་ཅད་བསྐྱེད་པར་བྱ་སྟེ། དེས་ཡང་དག་པའི་མཐའ་མངོན་དུ་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐམས་ཅད་ཤེས་པའི་མཐོང་བའི་ལམ་གང་ཡིན་པ་དེ་ནི་ཐེག་པ་དམན་པ་ལས་

འདའ་བའི་ལམ་ཡིན་ནོ། །ཡང་དེ་ཉིད་ལས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་བྱའོ་ཞེས་གསུངས་པ་དང་། ཡང་རྒྱུན་ཏུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་།

སྤངས་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ཞེས་གསུངས་སོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་ཁྱད་པར་གྱི་མཚན་ཉིད་ཀྱི་དབང་དུ་མཛད་ནས། མཐོང་བའི་ལམ་བསྟན་པ་གང་ཡིན་པ་དེ་ནི་ཁྱད་པར་གྱི་ལམ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། བསམ་

གྱིས་མི་ཁྱབ་ཁྱད་སོགས་ཀྱིས། །ཁྱད་ཞུགས་བདེན་པའི་སྤྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གི །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་བསྟན་པ་ཡིན་ནོ། །གང་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དབང་དུ་མཛད་ནས། སློབ་མ་དང་བཅས་པའི་

ལམ་སློབ་མའི་གནས་སྐབས་སུ་གྱུར་པ་ཡིན་ཏེ། དེ་ཉིད་ལས་ཇི་སྐད་དུ། མཐོང་བའི་ལམ་དང་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་བསྟན་པ་ཡིན་ནོ། །སྐད་ཅིག་མ་སྨོས་པ་ཐམས་

ཅད་ཀྱང་བྱ་བ་རྫོགས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་སྟེ། ཇི་སྲིད་ཀྱིས་ཞེས་བྱ་བ་ཤེས་པ་སྐྱེ་བར་འགྱུར་བ་དེ་སྲིད་དོ། །ཡང་རྩེ་མོའི་མངོན་པར་རྟོགས་པའི་མཐོང་བའི་ལམ་བཤད་པ་དེ་ནི། གཉེན་པོའི་ཕྱོགས་ཀྱི་ལམ་ཡིན་པར་ཤེས་པར་བྱ་སྟེ། དེ་ཉིད་ལས་ཇི་སྐད་དུ།

Vol. 81 · folio 181a

མཐོང་ཞེས་བྱ་དང་བསྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོའི་རྣམ་པ་བཞི་དང་ནི། །ཞེས་བསྟན་པ་ཡིན་ནོ། །དེ་ལྟར་དེ་དག་གིས་མཐོང་བའི་ལམ་གྱི་ཁྱད་པར་ཡིན་པར་ཤེས་པར་བྱའོ། །དེ་ནི་ཕྱོགས་ཙམ་ཡིན་ཏེ། ཕྱོགས་

དེ་ཐམས་ཅད་ཤེས་པ་ཉིད་དང་། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་བསྒོམ་པའི་ལམ་གྱི་སྦྱོར་བ་བསྟན་པ་དེ་དང་དེའི་རྣམ་པར་རྟོག་པའི་རབ་ཏུ་དབྱེ་བའི་ཁྱད་པར་གྱི་མཚན་ཉིད་བརྟགས་ཤིང་བཤད་པར་བྱའོ། །མངོན་པར་རྟོགས་པའི་རྒྱན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་

ངག་གི་བསྟན་བཅོས་ལས། ཁྱད་པར་གྱི་མཚན་ཉིད་ཀྱི་རྣམ་པར་འགྲེལ་པའོ།། །།ཇི་ལྟར་གྲགས་པའི་ལམ་བཟུང་ནས་ནི་འཇིག་རྟེན་པ་ཡི་ལམ་གྱི་རྗེས་སུ་འཇུག་པ་ཡིན། །སངས་རྒྱས་ལམ་ནི་གང་ཕྱིར་བློ་སྦྱོངས་ལྡན་པའི་མཁས་ལའང་འདི་ནི་མངོན་སུམ་ལས་

ལྡོག་གྱུར། །དེ་ཕྱིར་བདག་གིས་འདི་ནི་སྔོན་གྱི་མཁས་པས་ཉམས་སུ་མྱོང་བ་མེད་པ་འགྲོ་ལ་ཕན་པའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ་ནི་གང་ཡིན་ཕྱོགས་ཙམ་མཁས་ལ་གསལ་བར་བྱས་པ་ཡིན། མཆེ་ལྡན་གླང་པོའི་རྒྱལ་པོ་ཁྲོ་བ་དང་བཅས་གནོད་པ་གང་གིས་བཟློག་པར་ནུས། །སྟོབས་

ཆེན་གང་གིས་གནོད་པ་བྲག་རི་འཕེན་མེད་སྟོབས་ཀྱིས་བཟོད་པར་བྱེད་ནུས་པ། །དེ་ལྟར་བདག་དང་འགལ་བའི་སྐྱེ་བོས་རབ་ཏུ་གནོད་པ་ཕྲ་མོ་ཡང་ནི་མེད། །ས་ལས་མཁའ་ལྟར་སྐྱེ་བོ་དམ་པ་དག་ནི་ཐག་རིང་ཁྱད་པར་འཕགས། །ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་དག་གི་ངལ་སོའི་

གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། །རིང་མོ་ཞིག་ནས་མཐོང་བ་ཡིན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་འགྲེལ་པ། མཁས་པ་ཆེན་པོ་མོས་པས་སྤྱོད་པའི་ས་བརྙེས་པ། སློབ་དཔོན་རྣམ་

པར་གྲོལ་བའི་སྡེས་མཛད་པ་རྫོགས་སོ།། །།རྗེ་བཙུན་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས། །བལ་ཡུལ་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཤཱནྟི་བྷ་དྲའི་ཞལ་སྔ་ནས་དང་། འབྲོ་སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར། འདི་ལ་ཤོ་ལོ་ཀ་ལྔ་སྟོང་བཞི་བརྒྱ་ཡོད།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words