No title in the text — opening words: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 91 · folio 313b

ཏམ་ཞེས་བྱ་བ་ནས། དེ་བས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འདོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་འདི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་ཅིང་བཀུར་སྟིར་བྱེད་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་ཆེ་བ་དང་།

ནེམ་ནུར་མེད་པ་དང་། ཤིན་ཏུ་རྟོན་པའི་སེམས་ཅན་དགེ་བ་ནི་ཉུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་ཅིང་རིམ་གྲོར་མི་བྱེད་པ་དང་། དཀོན་མཆོག་གསུམ་ལ་མ་དད་ཅིང་ཐེ་ཚོམ་ཟ་བ་དང་། མི་རྟེན་པའི་སེམས་ཅན་དམན་པ་མང་བ་གཏན་ཚིགས་དང་བཅས་ཏེ་བསྟན་པ་སྟེ། དེ་ལ་ཀུན་དུ་སྦྱོར་བ་གསུམ་ཞེས་བྱ་

བ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་གསུམ་ལ་བྱ་སྟེ། ཉོན་མོངས་པ་དེ་གསུམ་གྱིས་སེམས་ཅན་རྣམས་གྲོལ་ཐར་བར་མི་འགྱུར་ཞིང་འཁོར་བར་ཀུན་དུ་སྦྱོར་བའི་ཕྱིར་ཀུན་དུ་སྦྱོར་བ་ཞེས་བྱའོ། །དམ་པ་མ་ཡིན་པའི་ཆ་ཀུན་དུ་སྦྱོར་བ་ལྔ་ནི་འཇིག་

ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་རྣམས་སོ། །བླ་མའི་ཆ་ཀུན་དུ་སྦྱོར་བ་ལྔ་ནི་གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་ཁམས་ཀྱི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་།

མ་རིག་པ་རྣམས་སོ། །ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མེད་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ནི་སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་

མི་ལྡན་པས་དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མེད་པས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་

གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས་དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་

Vol. 91 · folio 314a

ཐོས་དང་རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན་བརྩོན་འགྲུས་མེད་པ། བསམ་པ་ཞན་པ། མོས་པར་དཀའ་བ། ཤེས་རབ་འཆལ་བ་ཅན་རྣམས་ཀྱིས་བསྒྲུབ་

པར་དཀའོ་ཞེས་བྱ་བའི་བར་དུ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་ཐེག་པ་ཆུང་ངུ་ལ་སྤྱོད་པ་ནི་མང་གི །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་དང་ལྡན་པར་ཐེག་པ་ཆེན་པོ་ལ་སྤྱོད་པ་ཉུང་ཞིང་དཀོན་པ་བསྟན་པའོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་མྱུར་ཞིང་བདེ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན། ཡང་དང་ཡང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཉན་པར་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅོ་བརྒྱད་དང་། གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གང་ཇི་སྙེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་འདུས་པ་དེ་དག་ཀྱང་གཟུང་བར་བྱའོ། །བཅང་བར་བྱའོ། །བཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕན་ཡོན་ཆེ་བའི་ཕྱིར་ཡང་དང་ཡང་དུ་མཉན་པ་དང་གཟུང་བ་དང་། བཅང་བ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་འདི་ལྟར་ཤེས་པར་འགྱུར་ཏེ་ཞེས་བྱ་བ་ནས། རྒྱུན་དུ་

ཞུགས་པ་རྣམས་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕ་རོལ་ཏུ་ཕྱིན་ཏོ། །ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བྱ་བར་ཤེས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉན་པ་ལ་སོགས་པ་བྱ་བའི་གཏན་ཚིགས་བསྟན་པ་སྟེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་

འདས་རྣམས་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་འདིའི་ནང་དུ་གཏོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བསླབས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཐར་ཕྱིན་པར་འགྱུར་བར་ཤེས་པར་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

Vol. 91 · folio 314b

དང་འདིའི་ནང་དུ་འདུས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མཉན་པ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནས། དེ་དག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ།

ལྷ་དང་མི་དང་ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བསྟན་པ་ཡིན་ལ། དམ་པའི་ཆོས་སྤྱོད་པ་

རྣམས་ཀྱི་སྟོན་པ་ཡིན་ཏེ། ཆོས་འདི་དག་ལ་སློབ་སློབ་པས་ཆོས་ཐམས་ཅད་ཀྱི་མཐར་ཕྱིན་པར་གྱུར་པ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་འདི་རྣམས་ལ་བརྟེན་པར་བྱའོ་ཞེས་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་

དཔའ་དང་ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་དུ་བཅས་པའི་རྟེན་ཡིན་པའི་ཕྱིར་གཏན་ཚིགས་དང་བཅས་ཏེ་བསྟན་པའོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འཕང་

དུ་དཔག་ཚད་ཙམ་ལ་རྒྱར་དཔག་ཚད་ཕྱེད་པར་བྱས་ཏེ་ཞེས་བྱ་བ་ནས་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་སྟེ། དེ་ལ་བསླབས་ཤིང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །

ཕྱིན་ཏོ། །ཕྱིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་གཅིག་བྱས་ཏེ། མཆོད་པ་དང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་ལྟ་བུས་འཛམ་བུའི་གླིང་བཀང་སྟེ་མཆོད་པ་བྱས་པ་དང་། སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་བཀང་

Vol. 91 · folio 315a

སྟེ་མཆོད་པ་བྱས་པ་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་བཀང་སྟེ་མཆོད་པ་བྱས་པ་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་བཀང་སྟེ་མཆོད་པ་བྱས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རེ་རེས་མཆོད་རྟེན་དེ་སྙེད་བྱས་

ཏེ་མཆོད་པ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རེ་རེས་ཀྱང་དེ་སྙེད་ཀྱི་མཆོད་རྟེན་བྱས་ཏེ། བསྐལ་པའམ། བསྐལ་པ་བས་ཀྱང་ཡུན་རིང་དུ་མཆོད་པ་སྣ་ཚོགས་བྱས་པ་བས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་

པ་ལ་སོགས་པ་དང་། མཆོད་པ་སྣ་ཚོགས་བྱས་པ་བསོད་ནམས་ཆེ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །

དེ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་མང་དུ་འཕེལ་ལོ་ཞེས་བྱ་བ་ནས། བསོད་ནམས་མངོན་པར་འདུ་བྱ་བ་འདི་ལ། བསོད་ནམས་མངོན་པར་འདུ་བྱ་བ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་

ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེར་ཡང་ཉེ་བར་མི་འགྲོ། །རྒྱུར་ཡང་ཉེ་བར་མི་བཟོད་དོ་ཞེས་བྱ་བའི་བར་དུ་ནི་གོང་དུ་བསོད་ནམས་ཆེ་བར་བཤད་པའི་གཏན་ཚིགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སངས་རྒྱས་ཀྱི་ཆོས་ཐམས་

ཅད་བྱུང་བ་སྨོས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་མང་པོ་བྱས་ཤིང་། མཆོད་པའི་བསོད་ནམས་སྔ་མ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བཅངས་པ་ལ་སོགས་པའི་བསོད་ནམས་རབ་ཏུ་ཆེ་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འདི་ཇི་སྲིད་དུ་འཛམ་བུའི་གླིང་ན་གནས་པ་དེ་སྲིད་དུ་སངས་རྒྱས་དཀོན་མཆོག་ནུབ་པར་མི་འགྱུར་རོ་ཞེས་བྱ་བ་ནས། སེམས་ཅན་ཡོངས་སུ་སྨིན་པ་ཡོད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོད་དོ་ཞེས་བྱ་བའི་བར་དུ་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་ཤིང་བཅང་བ་ལ་སོགས་པའི་བསོད་

Vol. 91 · folio 315b

ནམས་ཆེ་བའི་གཏན་ཚིགས་གཞན་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བཅང་བ་ལ་སོགས་པ་བྱས་ནས་མཆོད་པ་བྱས་ཏེ། ཇི་སྲིད་དུ་འཇིག་རྟེན་ན་གནས་པ་དེ་སྲིད་དུ་དཀོན་མཆོག་གསུམ་ཡང་འཇིག་རྟེན་ན་གནས་ཤིང་ནུབ་པར་མི་འགྱུར་ལ། དགེ་བ་བཅུ་ལ་སོགས་པ་སངས་

རྒྱས་ཀྱི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བ་དང་། རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པ་འཇིག་རྟེན་གྱི་མི་ཡ་རབས་རྣམས་དང་། རྒྱལ་ཆེན་བཞིའི་ལྷ་ལ་སོགས་པ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་འཇིག་རྟེན་ལས་འདས་

པའི་འཕགས་པ་རྣམས་འཇིག་རྟེན་དུ་འབྱུང་ཞིང་གནས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིག་རྟེན་དུ་འབྱུང་བར་འགྱུར་

རོ་ཞེས་བྱ་བའི་བར་དུ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་བཅང་བ་ལ་སོགས་པ་བྱས་ན། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་ན་ཡུན་རིང་དུ་གནས་ཤིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་གྱི།

ཁྱེད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་ལ་སོགས་པ་བྱོས་ཤིག་ཅེས་བསྐུལ་མ་བཏབ་པ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག་ཆོངས་ཤིག་ཅེས་བྱ་བ་ནས།

དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འདུས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅང་བ་ལ་སོགས་པ་བྱས་ན། ལྷ་མ་ཡིན་གྱི་དགྲ་སླར་ལྡོག་པར་འགྱུར་བ་དང་། ལྷའི་བུ་དང་ལྷའི་བུ་མོ་དག་ཚེ་འཕོ་བའི་ཚེ་ངན་སོང་དུ་སྐྱེ་བའི་ལྟས་བྱུང་ན་ཡང་། ངན་སོང་དུ་མི་སྐྱེ་བར་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་ཙམ་གྱི་

Vol. 91 · folio 316a

དགེ་བའི་རྩ་བས་ཀྱང་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་ཕན་

ཡོན་རྣམས་སྨོས་ནས། ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་ཕྱིར་བརྒྱ་བྱིན་ཁྱོད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་བཅང་བ་ལ་སོགས་པ་བྱོས་ཤིག་ཅེས་བརྒྱ་བྱིན་ལ་གཏད་པ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་

རིག་སྔགས་ཆེན་མོའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་སྔགས་ཀྱི་མཐུས་དུག་དང་མཚོན་ལ་སོགས་པས་མི་ཚུགས་ཤིང་། དགྲ་ལས་རྒྱལ་བར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་ལ་སོགས་པ་བྱས་པའི་

མཐུས་དུག་དང་མཚོན་ལ་སོགས་པས་མི་ཚུགས་ཤིང་། དགྲ་ལས་རྒྱལ་བར་འགྱུར་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་རིག་སྔགས་ཡིན་ཞིང་མཐུ་ཆེ་བའི་ཕན་ཡོན་བསྟན་པ་སྟེ། དེ་ལ་རིག་སྔགས་ཆེན་མོ་ཞེས་བྱ་བ་ནི་ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་དོ། །བླ་ན་མེད་

པའི་རིག་སྔགས་ཞེས་བྱ་བ་ནི་རིག་སྔགས་དེའི་གོང་ན་དེ་དང་འདྲ་བ་གཞན་མེད་པའི་ཕྱིར་རོ། །མི་མཉམ་པ་དང་མཉམ་པའི་རིག་སྔགས་ཞེས་བྱ་བ་ལ། མི་མཉམ་པ་ནི་བླ་ན་མེད་པའི་བྱང་ཆུབ་ལ་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཅི་དང་ཡང་མི་མཉམ་པ་དེ་ཐོབ་པར་བྱེད་ཅིང་། དེ་དང་མཉམ་པར་

འགྱུར་བའི་མཐུ་དང་ལྡན་པའི་ཕྱིར་མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཡོད་ན་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་གདགས་

སུ་ཡོད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་མཐུ་དང་ཡོན་ཏན་ཆེ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་གང་ན་གནས་པའི་ཡུལ་ཕྱོགས་དེ་ན་དགེ་བ་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྤྱོད་ཅིང་

Vol. 91 · folio 316b

དར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ཟླ་བའི་དཀྱིལ་འཁོར་ཡོད་ན་རྩི་དང་རྒྱུ་སྐར་དང་སྐར་མ་ཐམས་ཅད་གདགས་སུ་ཡོད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་པའི་ཐབས་མཁས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བར་

རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཟླ་བའི་དཀྱིལ་འཁོར་གྱི་དཔེས་བྱང་ཆུབ་སེམས་དཔའི་མཐུ་དང་ཡོན་ཏན་ཆེ་བ་བསྟན་པ་སྟེ། ཟླ་བའི་དཀྱིལ་འཁོར་ནི། བདུད་རྩིའི་རང་བཞིན་ཅན་ཡིན་ལ། གཟའ་དང་རྒྱུ་སྐར་ལ་སོགས་པའི་རྒྱལ་པོ་ཡང་ཡིན་པས་ཟླ་བའི་དཀྱིལ་འཁོར་གྱི་མཐུ་དང་བྱིན་གྱིས་རྩི་

དང་སྨན་རྣམས་ཀྱང་མཐུ་ཆེ་བར་འགྱུར་ཞིང་། གཟའ་དང་སྐར་མ་རྣམས་ཀྱང་མཐུ་དང་གཟི་བརྗིད་ཆེ་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་ལྡན་པ་ཡོད་ན་དཀར་པོའི་ཕྱོགས་སུ་གཏོགས་པའི་ཆོས་ཐམས་ཅད་འཇིག་རྟེན་ན་གནས་ཤིང་

དར་བར་འགྱུར་རོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་འདི་དག་དང་། ཚེ་རབས་གཞན་

གྱི་ཡོན་ཏན་འདི་དག་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནས། དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་འདིའི་ཡོན་ཏན་དང་། ཚེ་རབས་གཞན་གྱི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་ནན་ཏན་བྱེད་པ་ཚེ་འདི་ལ་དུག་དང་མཚོན་ལ་སོགས་པའི་གནོད་པས་དུས་བྱེད་པར་མི་འགྱུར་བ་དང་། རྒྱལ་པོའི་ཆད་པའི་འཇིགས་པ་མེད་ཅིང་། རྒྱལ་པོའི་འཁོར་གྱི་མི་རྣམས་དགའ་བར་འགྱུར་བ་ལ་སོགས་པའི་ཕན་ཡོན་ཐོབ་པར་འགྱུར་

བ་དང་། ཚེ་རབས་གཞན་ལ་དགེ་བ་བཅུ་ལ་སོགས་པ་དཀར་པོའི་ཆོས་ཐམས་ཅད་དང་བྲལ་བར་མི་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་དང་། ཡན་ལག་ཉམས་པར་མི་འགྱུར་བ་དང་། མི་དབུལ་པོ་ལ་སོགས་པ་རིགས་དམན་པ་རྣམས་སུ་མི་སྐྱེ་བ་དང་། སྐྱེས་བུ་ཆེན་པོའི་མཚན་ཕུན་

Vol. 91 · folio 317a

སུམ་ཚོགས་པ་དང་། རྫུས་ཏེ་སྐྱེ་བ་དང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་ནུས་པ་ལ་སོགས་པའི་ཡོན་ཏན་རྣམས་ཐོབ་པར་འགྱུར་བའི་ཕན་ཡོན་བསྟན་

པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་པའོ།། །།དེ་ནས་མུ་སྟེགས་ཅན་གཞན་དང་ཀུན་དུ་རྒྱུ་བ་དང་། གླགས་ལྟ་བའི་བསམ་པ་ཅན་བརྒྱ་ཙམ་ཞིག་བཅོམ་ལྡན་འདས་ག་ན་བ་དེ་ལོགས་སུ་དོང་བ་དང་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་

འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་

ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ་ཞེས་བྱ་བའི་

བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་ཁ་ཏོན་དུ་བྱས་ན་མུ་སྟེགས་ཅན་ཆོས་ཀྱི་བར་ཆད་བྱེད་པར་གླགས་ལྟ་བ་རྣམས་ཀྱིས་མི་ཚུགས་པའི་ཕན་ཡོན་གཏན་ཚིགས་དང་བཅས་པ་བསྟན་པའོ། །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་པར་གྱུར་ཏོ་ཞེས་བྱ་བ་ནས། ལྷའི་དབང་པོ་

བརྒྱ་བྱིན་གྱིས་ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསལ་བར་བརྗོད་པ་དེ་ལྟ་དེ་ལྟར་བདུད་སྡིག་ཏོ་ཅན་དེ་དག་ལམ་དེ་ཉིད་དང་སྒོ་དེ་ཉིད་ནས་ཕྱིར་ལོག་གོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་བསམས་ཏེ་ཁ་ཏོན་དུ་བྱས་ན་བདུད་ཀྱིས་བར་ཆད་བྱ་བར་མི་ནུས་པའི་

ཕན་ཡོན་བསྟན་པའོ། །དེ་ནས་འཁོར་དེར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མིན་གྱི་ལྷའི་བར་དུ་ཇི་སྙེད་ཅིག་འཁོད་པ་དེ་དག་གིས་ཞེས་བྱ་བ་ནས། ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་ངས་ཤེས་སོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛམ་

Vol. 91 · folio 317b

བུའི་གླིང་ན་ཇི་སྲིད་དུ་སྤྱོད་པ་དེ་སྲིད་དུ། དཀོན་མཆོག་གསུམ་ནུབ་པར་མི་འགྱུར་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་དར་བར་འགྱུར་བ་དང་། ཡུལ་ཕྱོགས་གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ། འཆང་བའི་ཡུལ་ཕྱོགས་དེ་བཀྲ་

ཤིས་ཤིང་བྱིན་ཅན་དུ་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་མང་པོ་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་གང་ན་བ་དེར་མངོན་པར་གཏོར་ཏེ་འདི་སྐད་ཀྱི་ཚིག་བརྗོད་དོ་ཞེས་བྱ་བ་ནས། དེ་ནི་སྟོན་པའམ་སྟོན་པ་དང་མཚུངས་པ་ཙམ་དུ་བདག་ཅག་སེམས་

སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པའི་མི་ལ་ལྷ་རྣམས་ཀྱིས་སྟོན་པར་འདུ་ཤེས་བསྐྱེད་དེ། རྟག་ཏུ་བསྲུང་ཞིང་བསྐྱབ་པར་ཁས་འཆེས་པའི་ཕན་ཡོན་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པའི་མི་དེ་དགེ་བའི་རྩ་བ་ཅུང་ཟད་ཙམ་གྱིས་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་ནུས་པར་འགྱུར་བ་མ་ཡིན་གྱི། སྔོན་གྱི་རྒྱལ་བ་རྣམས་ལ་དགེ་བའི་རྩ་བ་བསྐྲུན་པ་དང་། སངས་རྒྱས་

མང་པོ་ལ་བསྙེན་བཀུར་བྱས་པ་དང་། སྔོན་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་ནུས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བགྱིའོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གོམས་པར་བྱས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་བགྱིའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་ལ་དམིགས་པ་ལ་ཤེས་རབ་ཡོངས་སུ་དག་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་

Vol. 91 · folio 318a

ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་ཅིང་ཐ་དད་དུ་དབྱེར་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བརྒྱ་བྱིན་གྱིས་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་གི་རྒྱུ་གཅིག་ཡིན་པར་བསྟན་པ་དང་། དོན་དམ་པར་དེ་གཉིས་ཐ་དད་དུ་དབྱེར་མེད་པ་བསྟན་པའི་ཚིག་བཅོམ་ལྡན་

འདས་ཀྱིས་བཟླས་ནས་དེ་དེ་བཞིན་ནོ་ཞེས་བཀའ་སྩལ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་གཅིག་པའོ།། །།དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡོངས་སུ་བརྗོད་པ་མཛད་པ། དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་ཅེས་བྱ་བ་ནས། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་བསྟན་པའི་གླེང་བསླང་བའི་ཕྱིར། བཅོམ་ལྡན་འདས་ལ་ཀུན་དགའ་བོས་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་གི་ཡོན་ཏན་བསྔགས་ལ། སངས་རྒྱས་ཀྱི་ཆོས་གང་གཞན་རྣམས་ཀྱི་ཡོན་ཏན་དེ་ཙམ་དུ་མི་

བསྔགས་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་དང་། སྟོང་པ་ཉིད་ཐམས་ཅད་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་གི་ཐོག་མར་འགྲོ་བའོ། །ཀུན་དུ་

འདྲེན་པའོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་གི་ཡོན་ཏན་བསྔགས་ཏེ། སངས་རྒྱས་ཀྱི་ཆོས་གཞན་རྣམས་ཀྱི་ཡོན་ཏན་དེ་ཙམ་དུ་མ་བསྔགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པ་འདི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེས་བསྟན་

Vol. 91 · folio 318b

པའོ། །དགའ་བོ་དེ་ཇི་སྙམ་དུ་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་དང་མི་ལྡན་ན་སྦྱིན་པ་ལ་སོགས་པ་བྱས་ཀྱང་འཁོར་གསུམ་ཡོངས་སུ་མ་དག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པས་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ན་གདོད་སྦྱིན་པ་ལ་སོགས་པ་ཡང་ཕ་རོལ་ཏུ་ཕྱིན་པར་འགྱུར་བས་ན།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་གཙོ་བོ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ན། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་བྱ་

བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་བྱ་བའི་བར་དུ་ནི་སྦྱིན་པ་ལ་སོགས་པ་ཇི་ལྟར་འཁོར་གསུམ་ཡོངས་སུ་དག་ཅིང་ཕ་རོལ་ཏུ་ཕྱིན་པར་འགྱུར་བའི་ཐབས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་གཉིས་

སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བ་ནས། མི་སྐྱེ་བའི་ཚུལ་དང་། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་

བའི་བར་དུ་ནི་སྦྱིན་པ་ལ་སོགས་པ་བྱེད་པའི་ཚེ་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་དམིགས་སུ་མེད་པས་སྟོང་པ་ཉིད་དུ་རོ་གཅིག་སྟེ། གཉིས་སུ་མེད་པར་རྟོགས་པས་གཏོང་བ་དང་། ལེན་པ་དང་། སྦྱིན་པའི་དངོས་པོ་དང་གསུམ་ཆར་ལ་མཚན་མར་མི་འཛིན་པར་བྱས་ནས། ཀུན་རྫོབ་དུ་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མི་སྐྱེ་བའི་ཚུལ་དང་། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་

Vol. 91 · folio 319a

རོལ་ཏུ་ཕྱིན་པ་ལགས་ཞེས་བྱ་བ་ནས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མི་སྐྱེ་བའི་ཚུལ་དང་། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་བྱ་བའི་བར་དུ་ནི་དོན་དམ་

པར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་དམིགས་སུ་མེད་པས་གཉིས་སུ་མེད་པར་རྟོགས་པར་བྱ་སྟེ། འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པ་ལ་སོགས་པ་བྱས་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་ཐབས་ཇི་ལྟར་བྱས་ན་འགྱུར་ཞེས་བཅོམ་ལྡན་འདས་ལ་དགའ་བོས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། གཟུགས་གཉིས་སུ་མེད་པའི་ཚུལ་དང་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉིས་སུ་མེད་པའི་ཚུལ་གྱིས་སོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་སྟོང་

པ་ཉིད་དུ་རོ་གཅིག་སྟེ། གཉིས་སུ་མེད་པར་རྟོགས་པར་བྱས་ན། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་ཞེས་བྱ་བ་

ནས། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉིས་སུ་མ་མཆིས་པའི་ཚུལ་གྱིས་ལགས་ཞེས་བྱ་བའི་བར་དུ་གཉིས་སུ་མེད་པའི་ཚུལ་ཞེས་བྱ་བ་ཉིད་ཆོས་གང་དང་གང་དག་སྟོང་ཞིང་། ཇི་ལྟར་གཉིས་སུ་མེད་པའི་དོན་ཞིབ་ཏུ་བཤད་པའི་ཕྱིར། བཅོམ་ལྡན་འདས་ལ་དགའ་བོས་

ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་དུ་ནི། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་གྱིས་ལགས་ཞེས་དགའ་བོས་ཞུས་པའི་

Vol. 91 · folio 319b

ལན་བཀའ་སྩལ་པ་སྟེ། དོན་དམ་པར་གཟུགས་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་ཆོས་དེ་དག་གི་རང་བཞིན་གྱིས་སྟོང་ལ། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པར་རོ་གཅིག་པ་རྣམས་ལ་ཐ་དད་དུ་དབྱེ་

ཞིང་གཉིས་སུ་མེད་པའི་ཕྱིར་ཆོས་དེ་དག་ལ་མཚན་མར་མི་འཛིན་ཅིང་། འཁོར་གསུམ་ཡོངས་སུ་དག་པར་སྦྱིན་པ་ལ་སོགས་པ་བྱས་ནས། ཕ་རོལ་ཏུ་ཕྱིན་པར་འགྱུར་རོ་ཞེས་བསྟན་པའོ། །དགའ་བོ་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཉིད་དོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་གཉིས་སུ་དབྱེར་མེད་པར་རྟོགས་ཏེ། འཁོར་གསུམ་ཡོངས་སུ་དག་པར་སྦྱིན་

པ་ལ་སོགས་པ་བྱེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ཡིན་ནོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ལྷག་པར་བསྔགས་པ་སྔར་བཤད་པའི་དོན་མཇུག་

བསྡུས་ཏེ་བསྟན་པའོ། །དགའ་བོ་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ལ་ས་བོན་བཏབ་པ་རྒྱུ་རྐྱེན་ཚོགས་པར་གྱུར་ན་རྣམ་པར་འཕེལ་བར་འགྱུར་བ་ཡང་ས་ཆེན་པོ་ནི་དེ་དག་གི་གནས་ཏེ། ས་ཆེན་པོ་འདི་ལ་བརྟེན་ཅིང་ས་བོན་དེ་དག་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་།

ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ཏེ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་ཞིང་འཕེལ་བར་འགྱུར་བའི་དཔེ་ས་ཆེན་པོ་ལས་བླངས་ཏེ་བསྟན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་

རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་ཡིན་པར་བསྟན་ཏོ། །དགའ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྟེན་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ལོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་

Vol. 91 · folio 320a

ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པར་བྱ་བའི་ཡུལ་གྱི་ཚུལ་གྱིས་བརྟེན་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་བ་བསྟན་པའོ། །དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཕ་རོལ་

ཏུ་ཕྱིན་པ་ལྔ་པོ་འདི་དག་ཡོངས་སུ་བསྒྲུབས་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བསྒྲུབ་པའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་དང་། ཡོངས་སུ་འདྲེན་པ་དང་། ཡོངས་སུ་སྒྲུབ་པ་ཡིན་ནོ་ཞེས་སྔར་

བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གང་བདག་གིས་བཅོམ་ལྡན་

འདས་ལས་ཐོས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་། ཀློག་པ་དང་ཡོངས་སུ་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་ཡོན་ཏན་གང་ཇི་སྙེད་ཅིག་མཆིས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་གང་ཇི་སྙེད་ཅིག་བདག་

གིས་བཅོམ་ལྡན་འདས་ལས་བཟུང་སྟེ། བཅངས་པ་དང་། བཀླགས་པ་དང་། ཀུན་ཆུབ་པར་བགྱིས་པ་དང་། སྤེལ་བ་དེ་དག་ཐམས་ཅད་བཀའ་མ་སྩལ་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་། ཕན་ཡོན་གོང་དུ་བཤད་པ་ལས་ཀྱང་རྒྱ་ཆེ་ཞིང་གྲངས་མང་བ་དང་། དཔག་ཏུ་མེད་

པ་བཤད་པའི་སྐབས་དབྱེ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་འདིར་ཡང་མ་བས་ན། བཅོམ་ལྡན་འདས་ཀྱིས་ཡོན་ཏན་དེ་དག་ཐམས་ཅད་བདག་ལ་བཀའ་མ་སྩལ་ཏེ། དེ་ཞིབ་ཏུ་བཤད་པའི་རིགས་སོ་ཞེས་བཅོམ་ལྡན་འདས་ལ་བརྒྱ་བྱིན་གྱིས་གླེངས་ཤིང་བསྐུལ་བའོ། །བཅོམ་

ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་། བཅངས་པ་དང་། བཀླགས་པ་དང་། སྤེལ་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

Vol. 91 · folio 320b

སངས་རྒྱས་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་བཅང་བ་ལ་སོགས་པ་བྱས་པའི་ཡོན་ཏན་དང་ཕན་ཡོན་དགེ་བ་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དང་། རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་

སོགས་པ་མི་དང་ལྷའི་རིགས་ཆེན་པོ་རྣམས་འཇིག་རྟེན་ན་ཡོད་པར་འགྱུར་བ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པ་རྣམས་འཇིག་རྟེན་ན་བཞུགས་པར་འགྱུར་བ་རྣམས་བརྒྱ་བྱིན་གྱིས་མགོ་ཙམ་ཞིག་གླེངས་ཏེ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ་

རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་། བཅངས་པ་དང་། བཀླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དེའི་ཡོན་ཏན་ནི་དེར་ཟད་པར་ཡང་མ་བཤད་དེ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཐམས་ཅད་བཀའ་མ་སྩལ་ཏོ་ཞེས་གསོལ་བའི་ལན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ཕན་ཡོན་གོང་དུ་བཤད་པར་ཡང་མ་ཟད་དེ། དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཕུང་པོ་ལྔ་ལ་སོགས་པ་དང་ལྡན་པར་འགྱུར་བའི་ཡོན་ཏན་དང་ཕན་ཡོན་

གཞན་ཡང་ཚད་མེད་གྲངས་མེད་པ་དང་ལྡན་པར་འགྱུར་བ་བསྟན་པ་སྟེ། ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བ་ནས། དེ་དག་ནི་དེ་བཞིན་གཤེགས་པའི་དོན་དུ་ཞུགས་པར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱས་ན་དེ་བཞིན་གཤེགས་པའི་སྤྱོད་པ་ལ་

ཞུགས་པ་ཡིན་པས་དེ་གཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། ཚུལ་ཁྲིམས་ཀྱི་ཕུང་

Vol. 91 · folio 321a

པོ་ལ་སོགས་པའི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །ཀཽ་ཤི་ཀ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཞེས་བྱ་བ་ནས། དཔེར་ཡང་ཉེ་བར་མི་འགྲོ། །རྒྱུར་ཡང་མི་བཟོད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པའི་

རྒྱུས་དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཕུང་པོ་ལྔ་ཐོབ་པར་གྱུར་པ་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཟག་པ་མེད་པའི་ཕུང་པོ་ལྔས་བརྒྱ་སྟོང་དུ་མའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། ཤིན་ཏུ་ཁྱད་པར་ཆེ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཉན་ཐོས་དང་རང་

སངས་རྒྱས་ཀྱི་ས་ལས་སེམས་རྣམ་པར་གྲོལ་ཡང་ཆོས་གང་ཡང་ཡོངས་སུ་ཤེས་པ་མེད་དེ་ཞེས་བྱ་བ་ནི་ཤིན་ཏུ་ཁྱད་པར་ཆེ་བའི་གཏན་ཚིགས་བསྟན་པ་སྟེ། དེ་དག་ཀུན་རྫོབ་ཏུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བ་དམན་པ་ལས་ཀྱང་སེམས་རྣམ་པར་གྲོལ་ལ། དོན་དམ་པར་ཐེག་པ་ཆེན་པོའི་ཆོས་ལ་ཡང་

མཚན་མར་མི་འཛིན་པའི་ཕྱིར། དེ་ལྟར་ཁྱད་པར་ཆེ་བར་གྱུར་ཏོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་ལ་སོགས་པ་བྱེད་པའི་མི་དེ་དག་ལ། མཆོད་ཅིང་

བཀུར་སྟིར་བྱེད་པའི་མི་དེ་དག་ཀྱང་འཛིན་ཅིང་འཆང་བ་ལ་སོགས་པས་ཐོབ་པར་འགྱུར་བའི་ཡོན་ཏན་དེ་དག་ཉིད་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་ཞེས་བྱ་བ་ལ་སོགས་

པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་འཆང་བ་ལ་སོགས་པའི་མི་དེ་དག་ལ་བརྒྱ་བྱིན་གྱིས་རྟག་ཏུ་བསྲུང་བ་ལ་སོགས་པ་བྱ་བར་ཡི་དམ་བཅས་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་དོན་དུ་བྱེད་པའི་ཚེ་

ཞེས་བྱ་བ་ནས། ཚེ་འདིའི་ཡོན་ཏན་འདི་ཡང་ཡོངས་སུ་ཟིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པའི་ཚེ་ལྷའི་བུ་བརྒྱ་སྟོང་མང་པོ་དག་སྤོབས་པ་སྐྱེ་བར་མཐུ་གཏོང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་སྨྲ་ཞིང་སྟོན་ནུས་པ་རྣམས་སྙོམ་ལས་

Vol. 91 · folio 321b

བྱེད་ཅིང་འཆད་མི་འདོད་པར་གྱུར་ན་ཡང་ལྷའི་བུ་མང་པོ་དེ་དག་ཆོས་ཀྱི་མཁན་པོ་དེ་ལ་སྤོབས་པ་སྐྱེད་ཅིང་ཆོས་འཆད་པར་སྤྲོ་བའི་མཐུ་སྟོན་པའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་འཁོར་བཞི་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཚེ་ཞེས་བྱ་བ་ནས།

དེ་ལ་སུས་ཀྱང་གླགས་ལྟ་བ་མེད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པའི་མཁན་པོ་ལ་བདུད་དང་མུ་སྟེགས་ཅན་ལ་སོགས་པས་གླགས་མི་རྙེད་པའི་ཕན་ཡོན་བསྟན་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་བྱིན་གྱིས་བརླབས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདིའི་ནང་དུ་ཆོས་ཐམས་ཅད་འདུས་པ་དང་། ཆོས་བསྟན་པའི་མི་དེ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་གླགས་ཚོལ་བ་དང་། གླགས་ལྟ་བའི་སྐྱོན་དང་། གླགས་ལྟ་བར་བྱ་བའི་མི་དེ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་གླགས་ལྟ་བར་འགྱུར་དུ་འོང་ངོ་ཞེས་

བྱ་བར་སེམས་ཞུམ་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་འཆང་བ་དང་། ཀློག་པ་དང་ཞེས་བྱ་བ་ནས། དེ་དག་གིས་ཚེ་འདིའི་ཡོན་ཏན་འདི་དག་ཡོངས་སུ་ཟིན་པར་འགྱུར་ཞེས་བྱ་བའི་བར་དུ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པ་དང་། གླེགས་བམ་དུ་བྲིས་ཏེ་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱེད་པ་དེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དམན་པ་ལ་འཇུག་པའི་སེམས་ཞུམ་པ་མི་སྐྱེ་བའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་

རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། དེས་ཚེ་འདིའི་ཡོན་ཏན་འདི་དག་ཀྱང་ཡོངས་སུ་ཟིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པ་ལ་ཕ་མ་

དང་གཉེན་བཤེས་དང་། རྒྱལ་པོ་དང་བློན་པོ་ལ་སོགས་པ་བྱམས་པར་འགྱུར་བ་དང་། ཕྱོགས་བཅུའི་འཕགས་པ་རྣམས་ཀྱི་སྤྱན་རས་ཀྱིས་བཙའ་བར་འགྱུར་བ་དང་། འཇིག་རྟེན་གྱི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་འགོ་བར་འགྱུར་བ་དང་། སྤོབས་པ་ཕུན་སུམ་ཚོགས་པ་དང་།

Vol. 91 · folio 322a

ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱིས་བར་ཆད་བྱ་མི་ནུས་པ་དང་། བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཕས་ཀྱི་རྒོལ་བ་ཐམས་ཅད་ཐུབ་པར་འགྱུར་བའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བའི་ཕན་ཡོན་བསྟན་

པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཆང་བ་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

ཡང་དག་པར་ཞུགས་པ་དང་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ། སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་

པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་ཉེ་བར་གནས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ན་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བ་དེར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་རྣམས་དང་། ཕྱོགས་བཅུའི་འཇིག་

རྟེན་གྱི་ཁམས་ཀྱི་ལྷ་རྣམས་ལྷགས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླག་པ་དང་། བཟུང་བ་ལ་སོགས་པ་བྱས་ནས་སླར་འདོང་བར་སེམས་པའི་ཕན་ཡོན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་འཇོག་པའི་མི་དེས་ཀྱང་ལྷ་དེ་དག་ལ་ཆོས་ཀྱི་སྦྱིན་པ་བྱ་བའི་བསམ་པ་བསྐྱེད་

པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཆང་བའི་མི་དེ་ལ་ལྷ་དེ་དག་བསྲུང་བ་བྱ་བར་སེམས་པ་དང་། གནོད་པ་བྱེད་པ་རྣམས་ཀྱིས་གླགས་མི་ཐོད་པའི་ཕན་ཡོན་ཚེ་འདི་ལ་ཐོབ་པར་འགྱུར་བ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ།

རིགས་ཀྱི་བུ་མོ་དེས་འདིར་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླག་པ་དང་། གཟུང་བ་དང་ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། འདུད་པ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པའི་ཕྱིར་རྒྱལ་

Vol. 91 · folio 322b

ཆེན་བཞིའི་རིས་ཀྱི་ལྷ་རྣམས་འོངས་སོ་ཞེས་བགྱི་བ་དང་ཞེས་བྱ་བ་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་འདིར་ནི་ལྷ་མཐུ་བོ་ཆེ་རྫུ་འཕྲུལ་ཆེ་བ་གཟི་བརྗིད་ཆེ་བ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀླག་པ་དང་། བཅང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། འདུད་

པ་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟི་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པའི་ཕྱིར་ལྷགས་སོ་ཞེས་བྱ་བར་ངེས་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་གཞག་པའི་ཕྱོགས་དེར་ཕྱོགས་བཅུའི་ལྷ་མཐུ་ཆེན་པོ་རྣམས་ཀློག་

ཅིང་མཆོད་པ་བྱེད་དུ་འོང་བའི་ལྟས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཙང་སྦྲའི་སྤྱོད་པ་དང་ལྡན་ན་དེའི་གཙང་སྦྲའི་སྤྱོད་པ་དེས་ལྷ་དེ་དག་ཀྱང་ཉེ་བར་འོངས་ཤིང་ཞེས་བྱ་བ་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ནི་སེམས་བདེ་བ་དང་། སེམས་ཡང་བ་

དང་སེམས་གསལ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀློག་པའི་མི་དེ་ཁྲུས་དང་གཙང་སྦྲ་བྱས་ཏེ་བཀླགས་ན་ལྷ་མཐུ་ཆེན་པོ་རྣམས་འོང་ཞིང་འགོ་བར་འགྱུར་བ་དང་། ལྷ་ཕྲ་མོ་གནོད་པར་སེམས་པ་རྣམས་གུད་དུ་འདོང་བར་

འགྱུར་བ་དང་། ལྷ་མཐུ་ཆེན་པོ་རྣམས་ལྷགས་ན་དེར་མ་ཀློག་པར་མི་མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀློག་པའི་ས་ཕྱོགས་གཙང་སྦྲ་ཆེར་བྱས་ཏེ་མཆོད་པ་དང་། རྒྱན་སྣ་ཚོགས་བྲི་བ་དང་། ལྷ་རྣམས་ལྷགས་ཤིང་གཙང་སྦྲ་དང་། མཆོད་

པ་དེ་ལྟར་བྱས་ན་ཀློག་པའི་མི་དེ་ལུས་དང་སེམས་ལས་སུ་རུང་བའི་ཕན་ཡོན་རྣམས་བསྟན་པའོ། །དེ་ནས་ནུབ་མོ་ཉལ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསམ་པས་མོས་པར་བྱས་ན་སྡིག་ཏོའི་རྨི་ལམ་མཐོང་བར་མི་འགྱུར་རོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུའམ།

རིགས་ཀྱི་བུ་མོ་དེ་དག་གིས་རྨི་ལམ་བཟང་པོ་དེ་ལྟ་བུ་དག་མཐོང་བར་འགྱུར་ཏེ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཙང་སྦྲ་དང་མཆོད་པ་དང་། བཀུར་སྟི་ཆེར་བྱས་ཏེ། བསམ་པ་དག་པས་བཀླགས་ན་རྨི་ལམ་ངན་པ་མི་རྨི་ཞིང་། རྨི་ལམ་བཟང་པོ་མཐོང་བར་

Vol. 91 · folio 323a

འགྱུར་བའི་ཕན་ཡོན་བསྟན་པ་སྟེ། རྨི་ལམ་བཟང་པོ་ཡང་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དམ་པའི་ཆོས་སྟོན་པ་མཐོང་བ་དང་། དེ་བཞིན་གཤེགས་པ་དེ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་

ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་མདོར་བཤད་པ་དང་། རྒྱས་པར་བཤད་པ་བདག་གིས་ཐོས་པ་རྨི་ལམ་དུ་མཐོང་བ་དང་། བྱང་ཆུབ་ཀྱི་ཤིང་དང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་མངོན་པར་འཚང་རྒྱ་བ་དང་།

མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོས་རྣམ་པ་སྣ་ཚོགས་བགྲོ་བ་མཛད་པ་རྨི་ལམ་དུ་མཐོང་བ་དང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པའི་སྒྲ་ཐོས་པར་འགྱུར་བ་དང་། ཕྱོགས་བཅུའི་སངས་རྒྱས་མང་པོ་ཡོངས་སུ་མྱ་ངན་ལས་

འདའ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མཆོད་པ་བྱེད་པ་དེ་དག་རྨི་ལམ་དུ་མཐོང་བར་འགྱུར་བ་བསྟན་པའོ། །དེ་དག་བདེ་བར་ཉལ་ཞིང་བདེ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀློག་ཅིང་འཆང་བའི་མི་ལུས་ཀྱི་ཉམས་བདེ་

བ་མང་པོ་མྱོང་བར་འགྱུར་བ་དང་། ཟས་དང་གོས་ལ་སོགས་པའི་ཡོ་བྱད་རྣམས་ལ་ཆགས་པའི་ཤས་ཆུང་བར་འགྱུར་བ་དང་། ཤར་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་བར་དུ་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་ཀླུ་ལ་སོགས་པ་མཐུ་གཏོང་ཞིང་གཟི་མདངས་

སྐྱེད་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཚེ་འདི་ཉིད་ལ་ཡོན་ཏན་འདི་དག་ཡོངས་སུ་བཟུང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕན་ཡོན་

ཆེ་བས་བཀླག་པ་དང་མཉན་པ་ལ་སོགས་པ་ནན་ཏན་དུ་བྱའོ་ཞེས་གདམས་ངག་ཏུ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་

Vol. 91 · folio 323b

ཁྱོད་ཀྱིས་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུས་གང་བ་ཞིག་ཀྱང་རྙེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་ལ་ལས་བྱིན་ན། དེ་ལས་གང་བླང་བར་བྱ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྐུ་གདུང་འདི་དག་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ལགས་པས་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རིམ་གྲོར་བགྱི་བ་ལགས། བཀུར་སྟིར་བགྱི་བ་ལགས། ཕུ་དུད་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས། བསྲུང་ཞིང་རིམ་གྲོ་དང་བཀུར་སྟི་དང་ཕུ་དུད་དང་། མཆོད་

པར་བགྱིད་དོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་གང་བ་རྙེད་དེ། དེ་ལ་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱས་པའི་བསོད་ནམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ལ་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱས་པའི་བསོད་

ནམས་ཆེ་བ་བསྟན་པ་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པའི་རྒྱུ་མ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པའི་རྒྱུའི་གཙོ་བོ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར་སྐུ་གདུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱ་བྱིན་གྱིས་གདམས་པ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསྒྲུབ་པ་མ་ཡིན་ནོ་ཞེས་

བྱ་བའི་བར་དུ་ནི་གོང་དུ་བརྒྱ་བྱིན་གྱིས་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་གང་བ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གདམས་ལ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ། བཟང་ངན་དུ་འབྱེད་ཅིང་བླང་དོར་མེད་པ་ལས།

བརྒྱ་བྱིན་གྱིས་བླང་དོར་ཅན་གྱི་ཆོས་སུ་བྱས་པ་མི་རིགས་པར་གལ་བཟུང་ནས། ཅིའི་ཕྱིར་དེ་ལྟར་བླང་དོར་ཅན་དུ་སེམས་ཞེས་དྲིས་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་

Vol. 91 · folio 324a

བ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མི་གཉིས་པའོ་ཞེས་བྱ་བའི་བར་དུ་ནི་གོང་དུ་ཤཱ་རིའི་བུས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ལ་ཡང་བཟང་ངན་མི་ཕྱེད་ཅིང་། བླང་དོར་མེད་པའི་ཡོན་ཏན་བསྟན་པའི་ཚིག་བརྒྱ་བྱིན་གྱིས་བཟླས་

ཏེ། དེ་དེ་བཞིན་ནོ་ཞེས་སྨྲས་ནས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་སྟོང་པ་ཉིད་དུ་རོ་གཅིག་པ་ལ་གཉིས་སུ་མེད་དེ་བཟང་ངན་དབྱེ་ཞིང་བླང་དོར་ཅན་དུ་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་

ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀཽ་ཤི་ཀ་ལེགས་སོ་ལེགས་སོ་དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལ་

གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཟང་ངན་དུ་དབྱེར་མེད་པ་དང་། བླང་དོར་མེད་པའི་དོན་བརྒྱ་བྱིན་གྱིས་བཤད་པ་ལ་བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་བསྟོད་ནས་དེའི་དོན་འཁོར་རྣམས་ཀྱིས་བསྟན་པར་ཤེས་པར་

བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམས་ལ་གཉིས་སུ་དབྱེར་མེད་དེ། སྟོང་པ་ཉིད་དུ་རོ་གཅིག་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ལ་ཡང་གཉིས་སུ་མེད་པའི་

ཕྱིར་བླང་དོར་མེད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་བརྣན་ཏེ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་

པ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བླང་དོར་དང་བཟང་ངན་དུ་འབྱེད་པ་མེད་དུ་ཟིན་ཀྱང་། ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ན། བྱང་ཆུབ་སེམས་དཔའ་རྣམས་དུས་གསུམ་དུ་མངོན་པར་རྫོགས་

Vol. 91 · folio 324b

པར་འཚང་རྒྱ་བར་འགྱུར་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ལ་ལྷ་རྣམས་མཆོད་ཅིང་རིམ་གྲོ་བྱེད་དུ་འོང་བའི་དཔེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ན་བྲིས་ཤིང་འཆད་པ་ལ་སོགས་པ་བྱེད་པའི་ཕྱོགས་དེར་ཕྱོགས་བཅུའི་ལྷ་དང་ཀླུ་ལ་སོགས་པ་ཡང་དེ་བཞིན་གཤེགས་པ་དང་། ཉན་ཐོས་

དང་རང་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ལ། སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ངོ་ཞེས་ནས་མཆོད་ཅིང་ཕྱག་འཚལ་བར་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་

མཆོད་པར་འོས་པར་འགྱུར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་མཆོད་པར་འོས་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པར་གྱུར་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསླབས་པ་ལས་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་བྲིས་ཤིང་བཅངས་པ་ལ་སོགས་པ་བྱ་བ་དང་། མཆོད་ཅིང་རིམ་གྲོ་ལ་སོགས་པ་བྱ་བར་རིགས་པའི་གཏན་ཚིགས་བསྟན་པ་སྟེ། བཅོམ་ལྡན་འདས་དེ་ལྟ་བས་ན་ཆ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ་ཞེས་བྱ་བ་ནི་གོང་དུ་འཛམ་བུའི་གླིང་དེ་བཞིན་

གཤེགས་པའི་སྐུ་གདུང་གིས་བཀང་བ་ཞིག་ཀྱང་རྙེད་ལ། ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ་བྱིན་ན་དེ་གཉིས་ལས་གང་བླང་ཞེས་དྲིས་པའི་ལན་མཇུག་བསྡུས་ཏེ། དེ་གཉིས་ལས་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ་ཞེས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བཟུང་བ་ལ་སོགས་པ་བྱས་ནས་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གང་གི་ཚེ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཏེ་ཆོས་ཀྱི་ཁོངས་སུ་གཏོགས་པའི་ཡིད་ཀྱིས་ཁ་ཏོན་བགྱིད་པ་དེའི་ཚེ་

འཇིགས་པའམ་བག་ཚ་བའི་མཚན་མ་ཙམ་ཡང་། ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཏེ་ཆོས་ཟབ་མོ་ལ་དད་ཅིང་ཡིད་ཆེས་པའི་བསམ་པས་བཀླགས་ཤིང་ཁ་ཏོན་བྱས་ན་འཇིགས་ཤིང་བག་ཚ་བར་འགྱུར་བའི་རྒྱུའམ་མཚན་

Vol. 91 · folio 325a

མ་ཙམ་ཡང་མི་འབྱུང་བའི་ཕན་ཡོན་བསྟན་པ་སྟེ། དེ་ལྟར་འཇིགས་ཤིང་བག་ཚ་བ་ཙམ་ཡང་མི་འབྱུང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དོན་དམ་པར་མཚན་མ་དང་། རྟགས་དང་། བརྗོད་པ་དང་། སྨོས་པ་མེད་པའི་ཕྱིར་ཏེ། དེ་ལ་མཚན་མ་མེད་པ་ནི་རྣམ་པར་

རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །རྟགས་མེད་པ་ནི་དངོས་པོའི་རང་བཞིན་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །བརྗོད་དུ་མེད་པ་ནི་ཚིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །སྨོས་སུ་མེད་པ་ནི་སྒྲའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་

ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མཆིས་པ་ཞིག་ལགས་ཏེ་མཚན་མ་མཆིས་པ་ལགས་ན་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སོགས་པའི་ཆོས་ཐམས་ཅད་མཚན་མ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་གཤེགས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་ནས་སངས་རྒྱས་ལ། སེམས་ཅན་རྣམས་ལ་ཡང་མཚན་མ་མེད་

པའི་ཆོས་བསྟན་པ་དང་སྦྱར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཚན་མ་མེད་པར་མངོན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་

གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཚན་མ་མེད་པ་ཡིན་པས་འདི་འཛིན་ཅིང་ཀློག་པ་ལ་སོགས་པ་བྱེད་པ་ལ། འཇིགས་ཤིང་བག་ཚ་བའི་མཚན་མ་ཙམ་ཡང་མི་འབྱུང་བ་སྟེ། དེའི་ཕྱིར་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱ་བར་འོས་པའི་

ཡོན་ཏན་དང་ལྡན་པ་བསྟན་པའོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱས་པ་དང་།

Vol. 91 · folio 325b

གླེགས་བམ་དུ་བྲིས་ཏེ་མཆོད་ཅིང་བཀུར་སྟི་བྱས་ན་ངན་སོང་རྒྱུད་གསུམ་དུ་མི་ལྟུང་བ་དང་། ཐེག་པ་དམན་པའི་ལྟ་བ་ཅན་དུ་མི་འགྱུར་བ་དང་། དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བར་འགྱུར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་པའི་མཐུ་དང་ལྡན་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་རྣམས་ལ་

མཆོད་པ་དང་། བཀུར་སྟི་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ནུས་པའི་མཐུ་དང་ལྡན་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམས་པ་ཞིག་ཀྱང་སྩལ་ལ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་སྩལ་ན། བཅོམ་ལྡན་འདས་དཀོན་མཆོག་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བཀང་སྟེ་མཆོད་པའི་བསོད་ནམས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་བྲིས་ཏེ་མཆོད་པའི་བསོད་ནམས་ཆེ་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན་འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཏེ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་བཞིན་གཤེགས་པ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་

མཆིས་སོ་ཞེས་བྱ་བའི་བར་དུ་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་མཆོད་པར་འོས་པར་གྱུར་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་མཆོད་པར་འོས་པར་གྱུར་ལ་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་བྱེད་པའི་རིགས་ཀྱི་བུའམ། རིགས་ཀྱི་

བུ་མོ་དེ་དག་ཀྱང་ངན་སོང་དུ་མི་ལྟུང་ཞིང་མཐོ་རིས་ཀྱི་ལོངས་སྤྱོད་མྱོང་ནས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་འདའ་བར་འགྱུར་ན། དེ་དག་འབྱུང་བའི་རྒྱུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་ཅིང་རིམ་གྲོ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་དང་འདྲ་བའི་ཕན་

ཡོན་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་རྣམ་པ་གསུམ་ལ་ཞུགས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པས་གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་ཞིང་ཀུན་ཆུབ་པར་བྱས་ཏེ།

Vol. 91 · folio 326a

གཞན་ལ་བསྟན་པའི་བསོད་ནམས་དང་ཡོན་ཏན་མཚུངས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། དེ་ལ་ཆོ་འཕྲུལ་གསུམ་ནི་གཞན་གྱི་ཡིད་ལ་ཅི་སེམས་པ་མཁྱེན་ནས་དེ་དང་རྗེས་སུ་མཐུན་པར་ཆོས་སྟོན་པ་དང་། རྫུ་འཕྲུལ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཡིད་ཆེས་པར་བྱ་སྟེ་ཆོས་སྟོན་པ་དང་། བདེན་པ་གཉིས་

ཀྱི་སྒོ་ནས་ཆོས་ཐམས་ཅད་གཏན་ལ་དབབ་པར་བཀྲོལ་ཏེ་གདམས་པ་དང་ཚར་བཅད་པའི་ཚུལ་གྱིས་ཕན་པ་ལ་གཟུད་པ་དང་གནོད་པ་ལས་བཟློག་པའི་ཕྱིར་ཆོས་སྟོན་པ་སྟེ། རྣམ་པ་འདི་གསུམ་ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བས་སེམས་ཅན་མང་པོ་དད་ཅིང་འདུན་པར་མཛད་པས་ན་ཆོ་འཕྲུལ་གསུམ་ཞེས་བྱའོ། །བཅོམ་ལྡན་

འདས་གཞན་ཡང་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཆོ་འཕྲུལ་གསུམ་ལ་གནས་ཏེ། གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་དང་། རིགས་

ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བཟུང་ཞིང་ཀུན་ཆུབ་པར་བྱས་ཏེ། གཞན་ལ་བསྟན་པ་གཉིས་བསོད་ནམས་མཚུངས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་

འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་

དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་མཆོད་པ་སྣ་ཚོགས་བྱས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་ཏེ་མཆོད་པ་སྣ་ཚོགས་བྱས་པ་གཉིས་བསོད་ནམས་མཚུངས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བགྱིད་ཅིང་གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེས་ནི་སེམས་ཅན་དམྱལ་བའི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ་ཞེས་བྱ་བ་ནས། ནད་ཐམས་ཅད་རབ་ཏུ་སེལ་བའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་

Vol. 91 · folio 326b

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་པ་མི་ཐ་མལ་པ་མ་ཡིན་གྱི། སྔོན་གྱི་དགེ་བའི་རྩ་བ་བསགས་པས་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ངན་སོང་རྒྱུད་གསུམ་དང་ཐེག་པ་དམན་པར་མི་ལྟུང་ཞིང་འཇིགས་པ་ཐམས་ཅད་དང་ནད་ཐམས་ཅད་སེལ་བའི་ཕན་ཡོན་

བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ་རིགས་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་ཞེས་བྱ་བ་ནས། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟེ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་བྲིས་ཤིང་འཛིན་པ་ལ་སོགས་པ་བྱས་ན་འཇིགས་པ་མེད་པར་འགྱུར་བའི་དཔེ་མི་ཕྱུག་པོ་རྒྱལ་པོ་ལ་བསྟན་པ་ལས་བླངས་ཏེ་བསྟན་པ་དང་། དེ་བཞིན་གཤེགས་པའི་སྐུ་གདུང་དང་དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་

བྱུང་བར་མཆོད་པའི་གནས་སུ་གྱུར་པའི་ཕྱིར་དེ་དག་གང་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཆོག་ཏུ་གྱུར་པའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་གྲོང་ངམ་གྲོང་ཁྱེར་རམ། གྲོང་རྡལ་ལམ་ཞེས་བྱ་བ་ནས། འཇིག་རྟེན་གྱི་ཁམས་དེར་ནི་སངས་རྒྱས་འབྱུང་བ་དང་འདྲ་བར་

བལྟའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡུལ་ཕྱོགས་གང་ན་བྲིས་ཏེ་འཆང་བ་ལ་སོགས་པ་བྱེད་པའི་ཡུལ་ཕྱོགས་དེར་མིའམ་མི་མ་ཡིན་པ་ལ་སོགས་པའི་གནོད་པ་མི་འབྱུང་བ་དང་། འཛིན་ཅིང་འཆང་བའི་མི་དེ་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་ཅན་དུ་

འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་དོན་སྒྲུབ་པར་མཛད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་ན་བཞུགས་པའི་འཇིག་རྟེན་གྱི་ཁམས་དེ་ན་སངས་རྒྱས་མངོན་སུམ་དུ་བཞུགས་པ་དང་འདྲ་བའི་ཕན་ཡོན་རྣམས་བསྟན་པའོ། །

བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཆེན་པོ་མི་དཔོགས་རིན་ཆེན་བགྱི་བ་མཆིས་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དང་འདྲ་བར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྟེ་སྡིག་

Vol. 91 · folio 327a

པ་ཐམས་ཅད་སེལ་བའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང་འདྲ་བར་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པར་འགྱུར་བའི་དཔེ་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ལས་བླངས་ཏེ་

བསྟན་པ་སྟེ། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་དེ་གང་དུ་བཞག་པའི་ས་ཕྱོགས་དེར་མི་མ་ཡིན་པའི་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པ་དང་། ནོར་བུ་རིན་པོ་ཆེ་དེ་མཐོང་ན་ནད་རྣམ་པ་སྣ་ཚོགས་དང་། མི་དགེ་བ་རྣམ་པ་སྣ་ཚོགས་མེད་པར་འགྱུར་བ་དང་། ནོར་བུ་རིན་པོ་ཆེ་དེ་གང་དུ་བཞག་པར་མུན་པ་ལས་

སྣང་བར་འགྱུར་བ་དང་། ཚ་བ་ལས་བསིལ་བར་འགྱུར་བ་དང་། གྲང་བ་ལས་དྲོ་བར་འགྱུར་བ་དང་། སེམས་ཅན་གདུག་པ་རྣམས་མེད་པར་འགྱུར་བ་དང་། ཆུའི་ནང་དུ་བཅུག་ན་ཡང་ཆུའི་རྙོག་མ་ཐམས་ཅད་དངས་པར་འགྱུར་བ་དང་། ནོར་བུ་རིན་པོ་ཆེ་དེ་གོས་སྣ་ཚོགས་ཀྱིས་དཀྲིས་ཏེ་ཆུར་

བཅུག་ན་ཡང་ནོར་བུ་རིན་པོ་ཆེ་དེའི་མཐུ་དང་བྱིན་གྱིས་ཆུ་དེ་གོས་དེ་དང་ཁ་དོག་འདྲ་བར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་སེལ་བ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་

ཞེས་བྱ་བ་ནས། འཛམ་བུའི་གླིང་གི་ནོར་བུ་རིན་པོ་ཆེ་དེ་དག་གིས་ནི་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་དེའི་གྲངས་སམ་ཆའམ། བགྲང་བར་རམ། དཔེའམ་རྒྱུར་ཉེ་བར་མི་འགྲོའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་ཕུན་སུམ་ཚོགས་པའི་དཔེ་ནོར་བུ་རིན་པོ་ཆེ་ལས་བླངས་པ་མི་ཡུལ་གྱི་

ནོར་བུ་རིན་པོ་ཆེ་ཕལ་མ་ཡིན་གྱི་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་སྟེ། ནོར་བུ་རིན་པོ་ཆེ་དེ་ཕལ་ལས་ཁྱད་པར་དུ་འཕགས་པ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཤིང་། སེམས་ཅན་ཐམས་

ཅད་ཀྱི་དོན་སྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་དེ་སྣོད་ལ་ལ་ཞིག་ཏུ་སྩལ་བ་ལས། སྣོད་དེ་ནས་བྱུང་ཡང་སྣོད་དེ་ནི་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་གྱིས་ཡད་དུ་མཆི་བར་འགྱུར་ཏེ།

Vol. 91 · folio 327b

གཞན་ཡང་སྣོད་དེ་ལ་མོས་པ་སྐྱེད་དོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་སྣོད་དེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྟག་ཏུ་

བཏང་སྙོམས་ལ་གནས་པ་དང་། མི་ཉལ་བའི་ཆོས་ཉིད་ལ་ཐུག་གི་བར་གྱི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡོན་ཏན་ཚད་མེད་ཅིང་བརྗོད་ཀྱིས་མི་ལང་བས་ཆོས་དེ་དག་གི་གཞི་དང་སྣོད་དུ་གྱུར་པ་དེ་བཞིན་གཤེགས་པའི་སྐུ་གདུང་ཡང་མཆོད་པར་འོས་པ་ཡིན་ན་ཆོས་དེ་དག་ཉིད་ལྟ་སྨོས་ཀྱང་ཅི་དགོས་

ཞེས་ནོར་བུ་རིན་པོ་ཆེའི་སྣོད་ལས་དཔེ་བླངས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཆེ་བ་བསྟན་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་སྣོད་དེ་ཞེས་བྱ་བ་ནས། དེ་བས་

ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་པ་དང་། སྐྱེ་བ་དང་འགག་པ་མེད་པ་དང་། བླང་

བ་དང་དོར་བ་མེད་པ་དང་། དབྲི་བ་དང་བསྣན་པ་མེད་པ་དང་། འོང་བ་དང་འགྲོ་བ་མེད་པ་དང་། ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཟབ་མོ་དེ་ལྟ་བུའི་སྣོད་དང་གཞི་ཡིན་ཞིང་ཆོས་ཟབ་མོ་དེ་ལྟ་བུའི་བག་ཆགས་ཡོད་པའི་ཕྱིར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་སྐུ་གདུང་དེ་དག་ལ་མཆོད་པའི་གནས་སུ་

གྱུར་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་གཉིས་སུ་མེད་པའི་ཡོན་ཏན་བསྟན་པའོ། །གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་ཡོངས་སུ་བལྟམས་པ་ལྟ་ཞོག་གི་ཞེས་བྱ་བ་ནས། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་

རིམ་གྲོ་དང་། བཀུར་སྟི་དང་ཕུ་དུད་དང་མཆོད་པ་བགྱིས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བཀང་སྟེ། མཆོད་ཅིང་བཀུར་སྟི་བྱས་པ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅངས་པ་ལ་

Vol. 91 · folio 328a

སོགས་པའི་བསོད་ནམས་དང་ཕན་ཡོན་ཆེ་བ་གཏན་ཚིགས་དང་བཅས་པར་བསྟན་པ་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཡིན་ལ། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་ཅིང་བཀུར་སྟི་བྱས་པས་ནི། ལྷ་དང་མིའི་བདེ་བ་ཕུན་

སུམ་ཚོགས་པ་མྱོང་ནས། དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར་མྱ་ངན་ལས་འདའ་བར་གྱུར་པ་ཙམ་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅང་པ་ལ་སོགས་པའི་ཕན་ཡོན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་ལྷ་དང་མིའི་བདེ་

བ་ཕུན་སུམ་ཚོགས་པ་མྱོང་ནས། སེམས་ཅན་ཡོངས་སུ་སྨིན་པར་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་ས་ལ་འཇུག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་ཤེས་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་ཅིང་སངས་རྒྱས་

ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཤིན་ཏུ་བསྩགས་པ་དང་། ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་ལ། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་མཆོད་ཅིང་བཀུར་སྟི་བྱས་པར་འགྱུར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ཞིང་བཅངས་པ་ལ་སོགས་

པའི་ཕན་ཡོན་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་ཆེའི་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་ཅིང་བཀུར་སྟི་བྱས་པ་ནི་བདག་འབའ་ཞིག་གི་དོན་དུ་འགྱུར་བས། དེ་ལྟ་མ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་

འདས་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་དག་ན་ཞེས་བྱ་བ་ནས། དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅང་བ་

ལ་སོགས་པ་བྱས་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་རྣམས་མཐོང་བ་དང་། མཆོད་པ་བྱས་པར་འགྱུར་བའི་ཕན་ཡོན་བསྟན་པ་སྟེ། དེ་ལ་ཆོས་ཀྱི་སྐུ་ནི་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་རང་བཞིན་ནོ། །གཟུགས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་

Vol. 91 · folio 328b

སྤྲུལ་པའི་སྐུའོ། །ཡེ་ཤེས་ཀྱི་སྐུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བགྱིའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྒོམས་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང་། ཡེ་ཤེས་

ཀྱི་སྐུ་བསྒོམ་པར་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་འཚལ་བས་ཞེས་བྱ་བ་ནས། འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བྱ་བའི་བར་དུ་ནི་གོང་དུ་ཆོས་ཉིད་དུ་སངས་རྒྱས་རྗེས་

སུ་དྲན་པ་བསྒོམ་པར་བགྱིའོ་ཞེས་བརྒྱ་བྱིན་གྱིས་སྨྲས་པ་ཆོས་ཉིད་གང་ཡིན་པ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་བརྒྱ་བྱིན་གྱིས་སྨྲས་པའོ། །བཅོམ་ལྡན་འདས་གཉིས་པོ་འདི་དག་ནི་ཆོས་ཉིད་དེ་གཉིས་གང་ཞེ་ན། འདུས་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དང་། འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ནི་ཆོས་ཉིད་

ཅེས་བྱ་བ་དེ་ཡང་ཡེ་ཤེས་ཀྱི་རང་བཞིན་གྱི་འདུས་བྱས་ཀྱི་མཚན་ཉིད་དང་། ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་མདོར་བསྟན་པའོ། །བཅོམ་ལྡན་འདས་དེ་ལ་འདུས་བྱས་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཞེས་བྱ་

བ་ནས་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ཡེ་ཤེས་གང་ལགས་པ་དེ་ནི་འདུས་བྱས་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱའོ་ཞེས་བྱ་བའི་བར་དུ་ནི་ཡེ་ཤེས་ཀྱི་རང་བཞིན་འདུས་བྱས་ཀྱི་ཆོས་ཉིད་བསྟན་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། དགེ་བ་དང་མི་དགེ་བ་དང་། ཟག་པ་དང་

བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་དམིགས་པའི་ཡེ་ཤེས་རྣམ་པར་རྟོག་པ་དང་བཅས་པ་ལ་འདུས་བྱས་ཀྱི་ཆོས་ཉིད་ཅེས་བྱའོ་ཞེས་བསྟན་པའོ། །དེ་ལ་འདུས་མ་བྱས་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན་ཞེས་བྱ་བ་ནས་འདི་ནི་འདུས་མ་བྱས་ཆོས་རྣམས་ཀྱི་

ཆོས་ཉིད་ཅེས་བགྱིའོ་ཞེས་བྱ་བའི་བར་དུ་ནི་འདུས་མ་བྱས་ཀྱི་ཆོས་ཉིད་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པ་ཉིད་འདུས་མ་བྱས་ཀྱི་ཆོས་ཉིད་ཅེས་བྱའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། རང་བྱང་ཆུབ་

Vol. 91 · folio 329a

ཐོབ་པོ་འཐོབ་པོ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ཞིང་བཅངས་ན་ཆོས་ཉིད་དུ་སངས་རྒྱས་རྗེས་སུ་དྲན་པར་འགྱུར་བ་དེ་བདེན་ཏེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སོ་སོའི་

འབྲས་བུ་ཐོབ་པར་འགྱུར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་ཐོབ་པར་གྱུར་ཏོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཐམས་ཅད་རྒྱ་ཆེར་བསྟན་ཏེ་ཞེས་བྱ་བ་ནས། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱིས་བསྟན་གྱི་དོན་དམ་པར་

ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ་སོ་སོའི་འབྲས་བུ་ཐོབ་པར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་མཚན་མ་མེད་པ་དང་། དམིགས་སུ་མེད་པ་ལ་སོགས་པར་རྟོགས་ནས་སོ་སོའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་

བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་སོང་བ་མ་ཡིན་ཞེས་བྱ་བ་ནས། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་ཕ་རོལ་དང་ཚུ་རོལ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་

པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་པའི་ཚུལ་དུ་ཉེ་བར་གནས་པ་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་བས་ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཐམས་

ཅད་ཀྱང་ཤེས་ལ། དོན་དམ་པར་སེམས་ཅན་དང་། སེམས་ཅན་དུ་གདགས་པའི་ཐ་སྙད་ལ་སོགས་པར་ཡང་དམིགས་པ་མེད་པར་འགྱུར་ཏེ། དེ་ལྟར་བདག་དང་སེམས་ཅན་ལ་སོགས་པ་མུ་སྟེགས་ཅན་གྱིས་བརྟགས་པའི་གང་ཟག་རྣམས་ལ་བདག་མེད་པར་རྟོགས་ཏེ། གང་ཟག་དུ་མི་དམིགས་པ་དང་གཟུགས་ལ་

སོགས་པའི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པས་ཆོས་སུ་མི་དམིགས་ཏེ། དེ་ལྟར་གང་ཟག་དང་ཆོས་གཉི་ག་ལ་བདག་མེད་པར་རྟོགས་ཤིང་། མི་དམིགས་པའི་རྒྱུ་ཡང་ཡིན་ལ། ཀུན་རྫོབ་ཏུ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཐམས་ཅད་ཤེས་པར་འགྱུར་བའི་རྒྱུ་ཡང་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པ་གཉི་

Vol. 91 · folio 329b

གའི་ཡོན་ཏན་ཆེ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་གིས་དམིགས་པར་བགྱི་བ་དང་། གང་ལ་དམིགས་པར་བགྱི་བ་དང་། གང་དུ་དམིགས་པར་བགྱི་བ་དེ་ལྟ་བུའི་ངོ་བོ་ཉིད་དེ་ལ་མ་མཆིས་སོ་ཞེས་བྱ་བ་ནི་གང་ཟག་དང་

ཆོས་གཉི་ག་ལ་མི་དམིགས་པའི་གཏན་ཚིགས་བསྟན་པ་སྟེ། མཚན་མར་འཛིན་ཅིང་དམིགས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། གང་ལ་དམིགས་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འཇིག་རྟེན་གྱི་ཁམས་གང་དུ་དམིགས་པར་བྱ་བའི་དངོས་པོ་དེ་ལྟ་བུ་དོན་དམ་པར་མེད་

པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་པའི་ཚུལ་དུ་ཉེ་བར་གནས་པ་མ་ལགས་སོ་ཞེས་བྱ་བ་དང་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་མི་དམིགས་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུན་རིང་པོར་སྤྱད་

པས་དེས་བྱང་ཆུབ་ཀྱང་མི་དམིགས་ན། སངས་རྒྱས་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཆོས་ལྟ་ཡང་ཅི་སྨོས་ཞེས་བྱ་བ་ནི་གོང་དུ་བརྒྱ་བྱིན་གྱིས་ཆོས་ཐམས་ཅད་དམིགས་སུ་མེད་པའི་དོན་བཤད་པ་དེ་བདེན་ནོ་ཞེས་བསྟོད་ནས། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ཚེ་རབས་སྔ་མ་ལ་ཡང་དམིགས་སུ་མེད་པའི་

དོན་ཡུན་རིང་དུ་བཤད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་དུ་གཉེར་བའི་མཆོག་བླ་ན་མེད་པའི་བྱང་ཆུབ་ཀྱང་མི་དམིགས་ན། དེ་ལས་གཞན་ཡང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ལ་སོགས་པ་གཞན་ལ་མི་དམིགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཆོས་ཐམས་ཅད་ལ་མི་དམིགས་པའི་དོན་མཇུག་བསྡུས་ཏེ་བསྟན་

པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱི། དེ་མ་ལགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་མི་སྤྱོད་དམ་ཞེས་བྱ་བ་ནི། གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཆེར་བཤད་པ་བརྒྱ་བྱིན་གྱིས་ཐོས་ནས། འཁོར་རྣམས་

ཀྱི་ཐེ་ཚོམ་བསལ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་འཁོར་གསུམ་ཡོངས་སུ་དག་པར་སྤྱད་པའི་གླེང་བསླང་བའི་ཕྱིར་བརྒྱ་བྱིན་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཀུན་ལ་ཡང་དེ་མི་དམིགས་པའི་ཚུལ་གྱིས་སྤྱོད་དོ་ཞེས་བྱ་བ་

Vol. 91 · folio 330a

ནས་ཤེས་རབ་ཀྱང་མི་དམིགས། ཤེས་རབ་དང་ལྡན་པ་ཡང་མི་དམིགས། ཤེས་རབ་འཆལ་བ་ཡང་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ལ་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་སྤྱོད་པ་མ་ཡིན་ནོ་ཞེས་བརྒྱ་བྱིན་གྱིས་ཞུས་པའི་ལན་

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །ཀཽ་ཤི་ཀ་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མི་དམིགས་པའི་ཚུལ་དང་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམ་པར་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ་ཞེས་

བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་འཁོར་གསུམ་ཡོངས་སུ་དག་པས་ཡོངས་སུ་རྫོགས་པར་བྱེད་པ་ཡང་ཤེས་རབ་ཀྱིས་ཆོས་ཐམས་ཅད་མི་དམིགས་པར་རྟོགས་པར་འགྱུར་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་གཙོ་བོ་ཡིན་པར་བསྟན་པའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་གི་ཤིང་རྣམས་ལོ་

མ་སྣ་ཚོགས་ཅན་ཞེས་བྱ་བ་ནས་ཁྱད་པར་རམ་བྱེ་བྲག་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཕ་རོལ་ཏུ་ཕྱིན་པ་གཞན་པས་གཙོ་བོ་ཡིན་པའི་དཔེ་ཤིང་དང་གྲིབ་མ་ལས་བླངས་ཏེ་བསྟན་པ་སྟེ། ཤིང་གི་ཁ་དོག་དང་དབྱིབས་ལ་སོགས་པ་སྣ་ཚོགས་ལས་ནི། ཤིང་གི་མིང་དང་། རིགས་བྱེ་བྲག་ཏུ་དབྱེར་

རུང་གི །ཤིང་དེ་དག་ལ་བརྟེན་ཏེ་འབྱུང་བའི་གྲིབ་མ་རྣམས་ལ་ནི། ཤིང་གི་རིགས་དང་མིང་གི་བྱེ་བྲག་དབྱེར་མི་རུང་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིང་དང་འདྲ་སྟེ་གཙོ་བོ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ནི་གྲིབ་མ་དང་འདྲ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བའོ་ཞེས་བསྟན་པའོ། །

བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པའི་སླད་དུ། ཡོན་ཏན་ཆེན་པོ་དང་ལྡན་པའོ་ཞེས་བྱ་བ་ནས། ཡོན་ཏན་ཀུན་དུ་མཐའ་ཡས་པ་དང་ལྡན་པའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་

གཙོ་བོ་ཡིན་པས། ཡོན་ཏན་ཆེན་པོ་དང་ལྡན་པ་དང་། ཡོན་ཏན་ཚད་མེད་པ་དང་ལྡན་པ་དང་། ཡོན་ཏན་ཀུན་དུ་མཐའ་ཡས་པ་དང་ལྡན་པ་བསྟན་པའོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ་ཞེས་བྱ་བ་ནས། གང་ལ་ལས་ཤེས་

Vol. 91 · folio 330b

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། ཆོས་ཀྱི་དགའ་བས་གཞན་ལ་བྱིན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེར་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། བདག་གིས་བཅངས་ཤིང་སྤྱད་པ་བས་ཀྱང་། གླེགས་བམ་དུ་བྲིས་ཏེ་

གཞན་ལ་བྱིན་པ་བསོད་ནམས་ཆེ་བ་དེ་བཞིན་གཤེགས་པའི་སྐུ་གདུང་ལ་བདག་གིས་མཆོད་པ་བྱས་པ་བས། གཞན་ལ་བྱིན་ཏེ་མཆོད་པ་བྱེད་དུ་བཅུག་ན། བསོད་ནམས་ཆེ་བ་ལས་དཔེ་བླངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་བྱིན་ཏེ་སྤྱོད་དུ་བཅུག་པ་བསོད་ནམས་ཆེ་བ་བསྟན་པའོ། །ཀཽ་ཤི་ཀ་གཞན་

ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བསྟན་པ་བཞིན་དུ་གཞན་གྱི་དྲུང་དུ་སོང་སྟེ། བཤད་ཅིང་བསྟན་པ་དང་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་

མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱས་པ་དང་། གླེགས་བམ་དུ་བྲིས་ཏེ། གཞན་ལ་བྱིན་པའི་བསོད་ནམས་དང་ཕན་ཡོན་སྔ་མ་བས་

ཀྱང་དོན་དང་ཚིག་གཞན་ལ་བསྟན་ཅིང་བཀྲོལ་ཏེ་གསལ་བར་བྱས་པའི་ཕན་ཡོན་བསོད་ནམས་དང་ཕན་ཡོན་ཆེ་བ་བསྟན་པ་སྟེ། དེ་ལྟར་སྟོན་པ་ཕན་ཡོན་ཆེ་བའི་གཏན་ཚིགས་ཀྱང་དེ་ལྟར་སྟོན་པའི་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བར་སྟོན་པའི་བྱ་བ་བྱེད་པ་དང་། དོན་དམ་

པར་བསྟན་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་གཉིས་ཐ་མི་དད་པ་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་པས། དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་

སོ་སོའི་འབྲས་བུ་ཐོབ་པར་གྱུར་པ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་ཅིང་བཤད་པ་ལས་ཐོབ་པར་གྱུར་པའི་ཕྱིར། དེ་ལྟར་བཤད་པ་བསོད་ནམས་ཆེར་འཕེལ་ལོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་ངས་དོན་དེ་ཉིད་ཀྱི་དབང་ཡང་དག་པར་མཐོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་

Vol. 91 · folio 331a

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ནས། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་

སྨོས་ཞེས་བྱ་བའི་བར་དུ་ནི། དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པས་ཆོས་གང་ལ་མཆོད་ཅིང་བརྟེན་པར་བྱ་སྙམ་དུ་དགོངས་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། བདག་གིས་མངོན་པར་སངས་རྒྱས་པར་གྱུར་པས། འདི་ཉིད་ལ་ངས་རིམ་གྲོ་དང་།

བཀུར་སྟི་ལ་སོགས་པ་བྱའོ་སྙམ་དུ་བསམས་ཏེ། འཇིག་རྟེན་ན་ང་དང་འདྲ་བའམ། ང་ལས་ལྷག་པ་སུ་ཡང་མེད་དེ། ང་ལྟ་བུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོ་དང་། བཀུར་སྟི་བྱ་བར་སེམས་ན་དེ་ལས་གཞན་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་

པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་མཆོད་ཅིང་། བཀུར་སྟི་ལ་སོགས་པ་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་དོན་ཆེན་པོ་གཟིགས་ནས། དོན་དེ་ཉིད་དབང་དུ་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། མཆོད་ཅིང་རིམ་གྲོ་ལ་སོགས་པ་ལྷག་

པར་བྱ་བ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ་ཞེས་བྱ་བ་ནས། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ་འཐོབ་བོ། །འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐེག་པ་གསུམ་ཆར་གྱི། རྒྱུའི་གཙོ་བོ་ཡིན་པས། དེའི་ཕྱིར་མཆོད་ཅིང་བཀུར་སྟི་ལ་སོགས་པ་བྱས་ན་བསོད་ནམས་ལྷག་པར་ཆེའོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་གསུམ་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words