No title in the text — opening words: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 92 · folio 1b

༄༅༅། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་དེ་དག་

དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན་ཞེས་བྱ་བ་ནས། དེ་དག་ལ་བསླབས་ཤིང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་གླེགས་བམ་ཀླག་པའམ། དཔེ་འདྲི་བའམ། ཁ་ཏོན་དུ་བྱེ་བའི་ཕྱིར་གཞན་ལ་བྱིན་པ་བསོད་ནམས་ཆེ་བའི་ཕན་ཡོན་བསྟན་པ་སྟེ། དེ་ལྟར་ཕན་ཡོན་ཆེ་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དུས་

གསུམ་གྱི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཟག་པ་མེད་པའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་

Vol. 92 · folio 2a

བར་ལ་བསླབས་ནས་སོ་སོའི་འབྲས་བུ་ཐོབ་པར་འགྱུར་བ་རྣམས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །དེ་ལ་ཡང་དག་པའི་སྐྱོན་མེད་པར་ཞུགས་པ་ཞེས་བྱ་བ་ནི་ཉན་ཐོས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཞུགས་

པ་ལ་བྱའོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པར་བྱ་བའི་ཕྱིར་ཞུགས་པའོ། །ཀཽ་ཤི་ཀ་སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་ན། རིགས་ཀྱི་བུའམ་

རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་

མཆོད་ཅིང་རིམ་གྲོ་བྱ་བ་ཡིན་ཏེ། འཇིག་རྟེན་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་།

ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་

Vol. 92 · folio 2b

བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས། སེམས་ཅན་གཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པའི་བསོད་ནམས་ཆེ་བ་དང་། འཛམ་བུའི་གླིང་གི་སེམས་ཅན་རྣམས་རྒྱུན་

དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་ལ་བཀོད་པ་བས་ཀྱང་སེམས་ཅན་གཅིག་རང་བྱང་ཆུབ་ལ་བཞག་པ་བསོད་ནམས་ཆེ་བ་དང་། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རང་བྱང་ཆུབ་ལ་བཀོད་པ་བས་ཀྱང་། སེམས་ཅན་གཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་

བཞག་པ་བསོད་ནམས་ཆེ་བ་གཏན་ཚིགས་དང་བཅས་པར་བསྟན་ཏེ། དེའི་གཏན་ཚིགས་ཀྱང་སེམས་ཅན་གཅིག་བླ་ན་མེད་པའི་བྱང་ཆུབ་ལ་བཞག་པས་ནི་སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་རྒྱུན་མི་འཆད་པར་འགྱུར་གྱིས། ཉན་ཐོས་དང་རང་སངས་རྒྱས་རྣམས་སོ་སོའི་འབྲས་བུ་ལ་བཀོད་

པར་དེ་ལྟར་མི་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པ་ཡང་བྱང་ཆུབ་སེམས་དཔའ་ལས་འབྱུང་བའི་ཕྱིར་རོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཛམ་བུའི་གླིང་གི་སེམས་

ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་

ལས་ཀྱི་ལམ་ལ་བཀོད་པ་དང་། གླིང་བཞི་པའི་སེམས་ཅན་རྣམས་དང་། སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་།

ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའི་བསོད་ནམས་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ཀླག་པ་འམ། དཔེ་བྲི་

Vol. 92 · folio 3a

བའམ། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེ་བ་གཏན་ཚིགས་དང་བཅས་པར་བསྟན་པ་སྟེ། དེའི་གཏན་ཚིགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་པ་དང་། ཟག་པ་མེད་པའི་ཆོས་དེ་དག་ཡོད་པས་རྒྱལ་

རིགས་ཆེ་ཞིང་མཐོ་བ་ལ་སོགས་པ་འདོད་པའི་ཁམས་ཀྱི་མི་ཡ་རབས་རྣམས་དང་། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ལ་སོགས་པ་གཟུགས་མེད་པའི་ཁམས་ཀྱི་ལྷ་མན་ཆད་ཁམས་གསུམ་གྱི་ལྷ་རྣམས་འཇིག་རྟེན་ན་ཡོད་པར་འགྱུར་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུག་གི་བར་དུ། རྣམ་པར་བྱང་བའི་ཆོས་ཐམས་ཅད་འཇིག་རྟེན་ན་ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་མི་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་

བསམ་གཏན་བཞི་ལ་བཀོད་དེ། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ་ཞེས་བྱ་བ་ནས།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ་ཞེས་པའི་བར་དུ་ནི་འཛམ་བུའི་གླིང་གི་མི་ཐམས་ཅད་དང་། གླིང་བཞི་པའི་སེམས་ཅན་རྣམས་དང་། སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་། སྟོང་གཉིས་ཀྱི་འཇིག་

རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བསམ་གཏན་བཞི་དང་། ཚད་མེད་པ་

བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་པའི་བསོད་ནམས་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་ཀླག་པ་དང་། དཔེ་བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་པ་བསོད་ནམས་ཆེ་བ་གཏན་

Vol. 92 · folio 3b

ཚིགས་སྔར་བཤད་པ་དང་བཅས་པར་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ན་དེའི་བསོད་ནམས་ཆེས་མང་དུ་

འཕེལ་གྱིས་ཞེས་བྱ་བ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་

ལ་བཀོད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཚུལ་བཞིན་ཡིད་ལ་བྱེད་པ་གཙོ་བོར་བྱ་སྟེ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱས་ན། འཛམ་བུའི་གླིང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ཐུག་གི་

བར་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུ་ལ་སོགས་པ་ལ་བཀོད་པའི་བསོད་ནམས་པས་ཀྱང་བསོད་ནམས་ཆེས་མང་དུ་འཕེལ་བ་བསྟན་པའོ། །དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ། གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་མི་གཉིས་པ་ལ་སྤྱོད་པ་ཡང་མ་ཡིན་པའི་བློས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པའོ་ཞེས་བྱ་བའི་བར་དུ་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་དོན་

བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་གཉིས་སུ་ཡང་མི་འཛིན། ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བར་ཡང་མི་འཛིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་ལ་སྤྱོད་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྣམ་གྲངས་དུ་མར་རྒྱ་ཆེར་བརྗོད་ཅིང་

Vol. 92 · folio 4a

སྟོན་ལ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བདག་ཉིད་ཀྱིས་བཟུང་ཞིང་བཅངས་པ་ལ་སོགས་པ་བྱས་པ་བས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་ཡང་མི་ལྟ། གཉིས་སུ་མེད་པར་ཡང་མི་ལྟ་བ་ལ་སོགས་པའི་དོན་

གཞན་ལ་རྒྱ་ཆེར་བསྟན་ཅིང་བཤད་པ་བསོད་ནམས་ཆེས་མང་དུ་འཕེལ་བའི་ཡོན་ཏན་བསྟན་པ་སྟེ། དེ་ལ་རྣམ་གྲངས་དུ་མར་རྒྱ་ཆེར་བརྗོད་ཅིང་སྟོན་པ་འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ་ཡང་དག་པར་སྟོན་ཅིང་དེའི་དོན་གཏན་ལ་ཕབ་པར་སྟོན་པ་བྱེད་ན་

ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཉིས་སུ་མེད་པ་གཞན་ལ་ཞིབ་ཏུ་སྟོན་ཅིང་འཆད་པའི་རྣམ་གྲངས་སུ་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ལྟ་བ་མ་ཡིན། གཉིས་སུ་མེད་པར་ལྟ་བ་མ་ཡིན་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་རང་བཞིན་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་གཉིས་སུ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བར་ཡང་མི་རྟོག་ན་གཉིས་ཀྱི་ངོ་བོ་ཉིད་དུ་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་ཀྱི་ཚུལ་དུ་ཡང་མི་ལྟ།

གཉིས་སུ་མེད་པའི་ཚུལ་དུ་ཡང་མི་ལྟའོ་ཞེས་བྱ་བའི་དོན་ཏོ། །མཚན་མར་མ་ཡིན་མཚན་མ་མེད་པར་མ་ཡིན་ཞེས་བྱ་བ་ནི་མིག་ལ་སོགས་པའི་ཡུལ་ལ་དམིགས་པའི་ཚེ་གཟུགས་ལ་སོགས་པ་ཀུན་བརྟགས་པའི་དངོས་པོ་རྣམས་ལ་མཚན་མར་མི་འཛིན་པ་དང་། མཚན་མ་མེད་པའོ་

ཞེས་བྱ་བར་ཡང་རྣམ་པར་མི་རྟོག་པའི་ཕྱིར་རོ། །བླང་བར་མ་ཡིན་དོར་བར་མ་ཡིན་ཞེས་བྱ་བ་ནི་ལས་ལེགས་ཉེས་བྱེད་པའི་ཚེ་སྲིད་པའི་ཕྱི་མ་བླང་བའི་རྣམ་པར་རྟོག་པ་མེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཚེ་སྡུག་བསྔལ་ལ་སོགས་པ་དོར་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དབྲི་

བར་མ་ཡིན་བསྣན་པར་མ་ཡིན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ནི་ཤེས་པར་བྱ་བའི་ཆོས་རྣམས་རབ་ཏུ་འབྱེད་པའི་ཚེ་ཡོད་པའི་དངོས་པོ་ལ་མེད་དོ་ཞེས་སྐུར་པ་འདེབས་ཤིང་དབྲི་བར་མི་བྱེད་པ་དང་། མེད་པའི་དངོས་པོ་ལ་ཡོད་དོ་ཞེས་སྒྲོ་འདོགས་ཤིང་བསྣན་པ་མེད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པར་

Vol. 92 · folio 4b

མ་ཡིན་རྣམ་པར་བྱང་བར་མ་ཡིན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་སོ་སོའི་སྐྱེ་བོའི་ཚེ་ཡང་ཀུན་ནས་ཉོན་མོངས་པ་མེད་ལ། འཕགས་པར་གྱུར་པའི་ཚེ་ཡང་རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །

སྐྱེ་བར་མ་ཡིན་འགག་པར་མ་ཡིན་ཞེས་བྱ་བ་ནི་ཤེས་པར་བྱ་བའི་དེ་ཁོ་ན་ཉིད་ཡོངས་སུ་བརྟག་པའི་ཚེ་ཆོས་ཀྱི་ཆོས་ཉིད་ལ་དོན་དམ་པར་སྐྱེ་བ་མེད་པ་དང་འགག་པ་མེད་པར་རྟོགས་པའི་ཕྱིར་རོ། །གཟུང་བར་མ་ཡིན་མི་བཟུང་བར་མ་ཡིན་ཞེས་བྱ་བ་ནི་ཆོས་ཀྱི་དེ་བཞིན་ཉིད་ལ་

སེམས་རྩེ་གཅིག་ཏུ་འཇོག་ཅིང་བསྒོམ་པའི་ཚེ་གཟུང་བ་དང་འཛིན་པ་གཉིས་མེད་པར་གཟུང་བ་དང་མི་བཟུང་བ་གཉིས་ཀར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ལེན་པར་མ་ཡིན་ལ་འདོར་བར་མ་ཡིན་ཞེས་བྱ་བ་ནི་ས་འོག་མ་ནས་ས་གོང་མར་འཕར་བའི་ཚེ་དོན་དམ་པར་ས་གོང་མའི་ཡོན་

ཏན་བླང་བ་དང་། ས་འོག་མའི་སྐྱོན་དོར་བར་མི་རྟོག་པའི་ཕྱིར་རོ། །གནས་པར་མ་ཡིན་མི་གནས་པར་མ་ཡིན་ཞེས་བྱ་བ་ནི་ས་གོང་ནས་གོང་དུ་འཕར་ཞིང་གནས་པར་བྱ་བ་དང་། ས་འོག་མ་ལ་གནས་པར་མི་བྱ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཡང་དག་པར་མ་ཡིན་

ལོག་པར་མ་ཡིན་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་སྒྲུབ་པའི་ཚེ་འདི་ནི་ཡང་དག་པའི་བསྒྲུབ་པའོ། །འདི་ནི་ཡང་དག་པ་མ་ཡིན་པའི་བསྒྲུབ་པའོ་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ལྡན་པར་མ་ཡིན་མི་ལྡན་པར་མ་ཡིན་ཞེས་བྱ་བ་ནི་ཞི་གནས་

དང་ལྷག་མཐོང་ཟུང་དུ་འབྲེལ་བར་སྒྲུབ་ཅིང་ཡིད་ལ་བྱེད་པ་དེ་ཉིད་ཀྱི་ཚེ་འདི་ལ་བྱེད་པ་འདི་ནི་རིགས་པ་དང་ལྡན་པའོ། །ཡིད་ལ་བྱེད་པ་འདི་ནི་རིགས་པ་དང་མི་ལྡན་པའོ་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །འདྲེ་བར་མ་ཡིན་མི་འདྲེ་བར་མ་ཡིན་ཞེས་བྱ་བ་ནི་ཉོན་མོངས་པའི་

སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཕྲ་མོ་མཐར་གྱིས་སྤོང་བ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྐྱོན་རྣམས་དང་འདྲེས་པ་དང་མ་འདྲེས་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །རྐྱེན་དུ་མ་ཡིན་རྐྱེན་མེད་པར་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རབ་ཏུ་རྟོགས་པར་བྱེད་པའི་ཚེ་དོན་དམ་

Vol. 92 · folio 5a

པའི་རང་བཞིན་དེ་དེ་བཞིན་ཉིད་དེ་ལས་དང་པོ་ལ་སོགས་པའི་རིགས་པས་འཇུག་ཀྱང་རྒྱུ་དང་རྐྱེན་གྱི་རང་བཞིན་དུ་སོ་སོར་དབྱེ་བ་དང་། དབྱེ་བ་མེད་པའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་རོ། །ཆོས་སུ་མ་ཡིན་ཆོས་སུ་མ་ཡིན་པར་མ་ཡིན་ཞེས་བྱ་བའི་ཆོས་

ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད་པའི་ཚེ་ཆོས་དང་ཆོས་མ་ཡིན་པའི་དངོས་པོར་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་ཉིད་དུ་མ་ཡིན་དེ་བཞིན་ཉིད་མ་ཡིན་པར་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་བསྒོམ་པའི་ཚེ་འདི་ནི་དེ་བཞིན་ཉིད་དོ། །འདི་ནི་དེ་བཞིན་ཉིད་མ་ཡིན་ནོ་

ཞེས་བྱ་བར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚེ་ཡང་དག་པའི་དོན་གྱི་མཐའོ་ཞེས་བྱ་བའམ། ཡང་དག་པའི་དོན་གྱི་མཐའ་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །རིགས་ཀྱི་བུའམ་

རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་བརྗོད་ཅིང་སྟོན་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོང་དུ་སྨོས་པའི་རིམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་མཐའ་གཉིས་དང་བྲལ་བ་དེ་ལྟ་བུ་བདག་འབའ་ཞིག་གིས་བཟུང་ཞིང་བཅངས་

པ་ལ་སོགས་པ་བྱས་པ་བས་ཀྱང་གཞན་ལ་རྒྱ་ཆེར་བཤད་ཅིང་བསྟན་པ་བསོད་ནམས་མང་དུ་འཕེལ་བའི་ཕན་ཡོན་མཇུག་བསྡུས་ཏེ་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག །བདག་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཅིང་ཀུན་

ཆུབ་པར་བྱེད་དེ་ཞེས་བྱ་བ་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ནི་ཤིན་ཏུ་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བདག་ཉིད་ཀྱང་འཛིན་ཅིང་འཆང་བ་ལ་སོགས་པའི་ནན་ཏན་བྱེད་ལ། གཞན་ལ་ཡང་གཉིས་སུ་མེད་པའི་དོན་རྒྱ་ཆེར་

བཤད་ན་བསོད་ནམས་སྔ་མ་བས་ཀྱང་ཆེས་མང་དུ་འཕེལ་བའི་ཕན་ཡོན་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་དོན་དང་ལྡན་ལ། ཡི་གེ་དང་ལྡན་པར་བསྟན་པར་བགྱི་འམ་ཞེས་བྱ་བ་ནི་

Vol. 92 · folio 5b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་གཞན་ལ་རྒྱ་ཆེར་བསྟན་པ་བསོད་ནམས་ཆེ་བ་གཞན་དག་ཀྱང་བསྟན་པའི་གླེང་བསླང་བའི་ཕྱིར། ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དེ་ལྟ་བུ་གཞན་ལ་ངེས་པར་བསྟན་འཚལ་ལམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་དོན་དང་ལྡན་པ། ཡི་གེ་དང་ལྡན་པར་བསྟན་པར་བྱ་སྟེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་པ་དང་ལྡན་པར་འགྱུར་རོ་ཞེས་

བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་གཞན་ལ་རྒྱ་ཆེར་བསྟན་ན་བསོད་ནམས་ཚད་མེད་གྲངས་མེད་པ་དང་ལྡན་པར་འགྱུར་གྱིས། ངེས་པར་བསྟན་དགོས་སོ་ཞེས་བཀའ་སྩལ་པ་སྟེ། དེ་ལ་དོན་དང་ལྡན་པ་ནི་མཐའ་གཉིས་དང་བྲལ་བའི་དོན་ཟབ་མོ་དང་ལྡན་པའོ། །

ཡི་གེ་དང་ལྡན་པ་ནི་ཚིག་འབྲུ་གསལ་བ་དང་ལྡན་པའོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནས། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་

ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པའི་ཡོ་བྱད་སྣ་ཚོགས་ཀྱིས་ནམ་འཚོའི་བར་དུ་མཆོད་པ་དང་བཀུར་སྟི་བྱས་པ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚིག་འབྲུ་གསལ་བ་དང་ལྡན་པར་གཞན་ལ་རྒྱ་ཆེར་བསྟན་པ་བསོད་ནམས་ཆེ་བ་དུས་གསུམ་གྱི་སངས་རྒྱས་

བཅོམ་ལྡན་འདས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བའི་གཏན་ཚིགས་དང་བཅས་ཏེ་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་བསྐལ་པ་ཚད་མེད་གྲངས་མེད་པར་དམིགས་པའི་ཚུལ་

གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་ཞེས་བྱ་བ་ནས། ཡང་དག་པར་སྟོན་པར་བྱེད་པ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་དུ་ནི་མཚན་མ་དང་བཅས་པར་བསྐལ་པ་ཚད་མེད་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས་ཀྱང་། མི་དམིགས་པའི་ཚུལ་གྱིས་

Vol. 92 · folio 6a

འཁོར་གསུམ་ཡོངས་སུ་དག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚིག་ཏུ་ལྡན་པར་གཞན་ལ་རྒྱ་ཆེར་བཤད་པ་བསོད་ནམས་ཆེ་བ་བསྟན་པའོ། །དེ་ལ་དམིགས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནས། ཤེས་རབ་ཉིད་དུ་འགྱུར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་

ནོ་ཞེས་བྱ་བའི་བར་དུ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་འཁོར་གསུམ་ཡོངས་སུ་མ་དག་པར་སྤྱོད་པ་ཉིད་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་དེ་ལྟར་དམིགས་པ་ལ་སྤྱོད་པས་ནི་སྦྱིན་པའི་

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དམིགས་པ་དང་བཅས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཉེས་དམིགས་

བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྤྱད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་

དུ་ནི་མི་དམིགས་པའི་ཚུལ་གྱིས་འཁོར་གསུམ་ཡོངས་སུ་དག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་རང་བཞིན་གྱིས་བསྟན་པའོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟར་ཁོང་དུ་ཆུད་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་

བྱའོ་ཞེས་བྱ་བ་ནས་དེ་ལྟར་ཁོང་དུ་ཆུད་པ་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་མི་དམིགས་པའི་ཚུལ་གྱིས་འཁོར་གསུམ་ཡོངས་སུ་དག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བསྟན་པའི་དོན་མཇུག་

བསྡུས་ནས་བསྟན་པ་སྟེ། ཁོང་དུ་ཆུད་པ་མེད་པར་ཞེས་བྱ་བ་ནི་གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་ཅིང་། དམིགས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཤིང་གཞན་ལ་ཡང་དོན་དང་ཚིག་ཏུ་ལྡན་པར་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་

Vol. 92 · folio 6b

ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་སྟེ། དེར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་

པ་དེ་དག་གིས་ཀྱང་གཟུགས་བརྙན་དེ་ཐོས་ནས་ལམ་སྟོན་པར་འགྱུར་ཏེ། དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་རིམ་པས་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱ་

བའི་དགོས་པ་བསྟན་པ་སྟེ། དེ་ལྟར་མི་དམིགས་པའི་ཚུལ་གྱིས་མ་བསྟན་ན། མ་འོངས་པའི་དུས་ན་ཐེག་པ་ཆུང་ངུ་པ་ཁ་ཅིག་དམིགས་པ་ཅན་གྱི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་འབྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མ་ཡིན་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་དོན་ལྟར་བཅོས་ཤིང་སྟོན་པ་དེ་དག་ཐོས་ནས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་གསར་དུ་ཞུགས་པ་རྣམས་ལྟ་བ་ལོག་ཅིང་བྱང་ཆུབ་སེམས་དཔའི་ལམ་ལས་ཉམས་པར་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དམིགས་སུ་མེད་པ་དེ་ལྟ་བུ་

བསྟན་དགོས་སོ་ཞེས་བྱ་བའི་དོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་པ་ལྟར་བཅོས་ཏེ་སྟོན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་

འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གང་ལགས་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཇི་ལྟ་བུ་ཡིན་པ་འཁོར་རྣམས་ལ་ཞིབ་ཏུ་བཤད་པ་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་

ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་དོ་སྙམ་ཞིང་། དེ་དག་གཟུགས་བརྙན་སྟོན་པར་བྱེད་པའོ་ཞེས་བྱ་བ་ནི་ཐེག་པ་ཆུང་ངུ་པ་དག་དམིགས་པ་དང་བཅས་པའི་སེམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ་སྙམ་དུ་སེམས་ཤིང་སྟོན་པ་

Vol. 92 · folio 7a

ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། ཇི་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ལགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་གཟུགས་བརྙན་ཐབས་ཇི་ལྟར་སྟོན་ཅེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏེ། དེ་ལ་འདི་ནི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གང་ཡིན་པ་ཞིབ་ཏུ་བཤད་པའོ། །འདི་ལྟར་གཟུགས་མི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། གཟུགས་བདག་མེད་དོ་ཞེས་བྱ་

བར་སྟོན། གཟུགས་མི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ལ་དམིགས་པ་དང་བཅས་པའི་ཚུལ་དུ། མི་རྟག་པ་དང་། སྡུག་བསྔལ་དང་། བདག་མེད་པ་དང་།

མི་སྡུག་པའི་རང་བཞིན་དུ་བསྒོམ་པ་སྟོན་པ་ཐེག་པ་ཆུང་ངུའི་ཚུལ་ཡིན་ཡང་། གང་དེ་ལྟར་སྟོན་ཅིང་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་འཆད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ཡིན་ནོ་ཞེས་བཤད་པའོ། །ཀཽ་ཤི་ཀ་གཞན་ཡང་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ནས་དེ་ཡང་མཚན་མའི་ཚུལ་དང་། དམིགས་པའི་ཚུལ་གྱིས་སྟོན་ཏེ། དེ་དུས་ཀྱི་འདུ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པར་འགྱུར་ཏེ། ཀཽ་ཤི་ཀ་དེ་ནི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནོ་ཞེས་བྱ་བའི་བར་དུ་ནི་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་ན། ཚེ་རབས་སམ་བསྐལ་པའི་དུས་འདི་ཙམ་ཞིག་གིས་བྱང་ཆུབ་སེམས་དཔའི་ས་བཅུ་ཐོབ་པར་འགྱུར་རོ་ཞེས་དུས་ཀྱི་འདུ་ཤེས་དང་བཅས་

Vol. 92 · folio 7b

པར་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་སྟོན་ན་ཡང་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་སྟོན་པ་ནི་མ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ཡིན་ནོ་ཞེས་

བཤད་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ཤིག །

རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་དང་ཉན་ཐོས་ཀྱི་ས་ལས་འདའ་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ་ཞེས་སྟོན་ཏེ། ཀཽ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནོ་ཞེས་བྱ་བ་ནི་མཚན་མ་དང་བཅས་

ཤིང་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན། དུས་འདི་ཙམ་ཞིག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའ་བར་འགྱུར་རོ་ཞེས་སྟོན་ན་ཡང་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་སྟོན་པས་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

གཟུགས་བརྙན་ཡིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་མ་ཡིན་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

སྟོན་ན་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་སྟོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན་བྱང་ཆུབ་

སེམས་དཔའི་སྐྱོན་མེད་པར་འཇུག་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་། རིམ་གྲོ་ལ་སོགས་པ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་

Vol. 92 · folio 8a

སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ་ཞེས་ཀྱང་སྟོན་ལ་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་ལ་སོགས་པ་བྱེད་ན། བསོད་ནམས་ཀྱི་ཕུང་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པར་

འགྱུར་རོ་ཞེས་སྟོན་ན་ཡང་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་ཉིད་སྟོན་པ་མ་ཡིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ཡིན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ནས། དེ་དག་དེ་ལྟར་སྟོན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི་མཚན་མ་དང་བཅས་ཤིང་

དམིགས་པ་དང་བཅས་པར་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ལ། རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེས་སྟོན་ན་ཡང་མཚན་མ་དང་བཅས་

ཤིང་དམིགས་པ་དང་བཅས་པར་སྟོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པར་སྟོན་པ་མ་ཡིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཡིན་ནོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྟོན་ན་རིགས་ཀྱི་བུའམ་

རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་པ་ལགས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པའི་གཉེན་པོར་མཚན་མར་མི་འཛིན་

ཅིང་མི་དམིགས་པར་སྟོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་ཇི་ལྟ་བ་ཉིད་དུ་བསྟན་པ་བཤད་པ་སྟེ། གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། གཟུགས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་

Vol. 92 · folio 8b

པོ་མེད་པའོ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པའི་ཕྱིར་གཟུགས་མི་རྟག་པ་ཞེས་བྱ་བར་མཚན་མར་མི་བཟུང་ཞིང་དམིགས་པར་བྱ་བའོ་ཞེས་བསྟན་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བ་མི་དམིགས་སོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་གཟུགས་རང་བཞིན་གྱིས་སྟོང་ཞིང་། དངོས་པོ་མེད་པར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ལྟར་རྟོགས་པའི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་དེ་ལ་ནི་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་རྣམ་པར་རྟོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཟུགས་ཉིད་ཀྱང་མེད་ན་རྟག་པའམ་མི་རྟག་པ་ལྟ་ག་ལ་ཡོད་ཅེས་བྱ་བ་ནི་གཟུགས་ཉིད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་

ཞིང་དངོས་པོ་མེད་ན། གཟུགས་ཀྱི་ཆོས་ཉིད་རྟག་པ་དང་མི་རྟག་ཅེས་བྱ་བ་ལྟ་ག་ལ་ཡོད་ཅེས་བསྟན་པ་སྟེ། དེ་ལྟར་སྟོན་ཅིང་འདོམས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་ཉིད་སྟོན་པ་ཡིན་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་མ་

ཡིན་ནོ་ཞེས་བསྟན་པའོ། །གཟུགས་ཇི་ལྟར་བཤད་པ་དེ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་ཡང་སྦྱར་བར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་

ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་བླང་དོར་མེད་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་ཇི་ལྟ་བ་ཉིད་དུ་སྟོན་པ་ཡིན་པར་བཤད་པ་སྟེ། དེ་ལ་ཆོས་གང་ལས་ཀྱང་ཡོངས་སུ་འདའ་བར་མ་བྱེད་ཅིག་ཅེས་བྱ་བ་

ནི་ཐེག་པ་ཆུང་ངུ་པ་ལྟར་འཁོར་བའི་ཆོས་གང་ལས་ཀྱང་ཡོངས་སུ་འདའ་བར་མ་བྱེད་ཅིག་ཅེས་བསྟན་པའོ། །ཆོས་གང་ལ་ཡང་གནས་པར་མ་བྱེད་ཅིག་ཅེས་བྱ་བ་ནི་ཐེག་པ་ཆུང་ངུ་པ་ལྟར་མྱ་ངན་ལས་འདས་པའི་ཆོས་གང་ལ་ཡང་གནས་པར་མ་བྱེད་ཅིག་ཅེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན།

Vol. 92 · folio 9a

དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ལས་འདའ་བར་བྱ་བའམ། གང་ལ་གནས་པར་བྱ་བའི་ཆོས་དེ་མེད་དོ་ཞེས་བྱ་བ་ནི་ཆོས་གང་ལས་ཀྱང་འདའ་བར་མི་བྱ་བ་དང་། ཆོས་གང་ལ་ཡང་གནས་པར་མི་བྱ་བའི་གཏན་ཚིགས་བསྟན་པ་

སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་སྦྱར་ན། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་གཉི་ག་ཡང་མེད་པས་འདའ་བར་བྱ་བའམ་གནས་པར་བྱ་བ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་

པའི་ཆོས་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ནི་འདའ་བར་བྱ་བ་དང་། གནས་པར་བྱ་བའི་ཆོས་གཉིས་ཀ་དངོས་པོ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར་དངོས་པོ་མེད་དོ་

ཞེས་བསྟན་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་དངོས་པོ་མེད་པར་རྟོགས་པ་དེ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་བླང་བར་བྱ་

བའམ། དོར་བར་བྱ་བའམ། སྐྱེ་བར་བྱ་བའམ། འགག་པར་བྱ་བའི་ཆོས་གང་ཡང་མེད་དོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་ནི་མྱ་ངན་ལས་འདས་པའི་ཆོས་བླང་བར་བྱ་བའམ། འཁོར་བའི་ཆོས་དོར་བར་བྱ་བ་རྣམ་པར་རྟོག་པ་ཡང་མེད་ལ་

འཕགས་པའི་ལམ་བསྐྱེད་པར་བྱ་བའམ། འཕགས་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཉོན་མོངས་པའི་ཆོས་རྣམས་འགག་པར་བྱ་བར་རྣམ་པར་རྟོག་པ་ཡང་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་ལ་བླང་དོར་མེད་པར་སྟོན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་དག་པ་ཉིད་སྟོན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་མ་ཡིན་ནོ་ཞེས་བསྟན་

Vol. 92 · folio 9b

པའོ། །ཀཽ་ཤི་ཀ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པར་བྱ་སྟེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་ཆེས་མང་དུ་འཕེལ་གྱི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་

སྔ་མ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་མཚན་མར་མི་འཛིན་ཅིང་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཕྱིན་ཅི་མ་ལོག་པར་བསྟན་ན་བསོད་ནམས་མང་དུ་འཕེལ་གྱི་མཚན་མ་དང་བཅས་པར་དམིགས་པ་དང་བཅས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་ཕྱིར་གཟུགས་བརྙན་གོང་དུ་སྨོས་པ་ལྟ་བུར་བསྟན་ན་བསོད་ནམས་མང་དུ་མི་འཕེལ་ལོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་

ན་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རང་བྱང་ཆུབ་རྣམས་ཡོད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དང་། གླིང་བཞི་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་

རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་

བ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་ལ་བཀོད་པའི་བསོད་ནམས་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་དང་། ཚིག་ཏུ་ལྡན་པར་གཞན་ལ་རྒྱ་ཆེར་བསྟན་ཅིང་ཉམས་སུ་ལེན་དུ་བཅུག་པ་བསོད་ནམས་ཆེ་བའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་

འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་བ་བྱས་ནས་ཞེས་བྱ་བ་ནས། ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་

Vol. 92 · folio 10a

རྟེན་གྱི་ཁམས་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ་ཞེས་བྱ་བའི་བར་གྱིས་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དང་། གླིང་བཞི་པ་དང་། སྟོང་གི་འཇིག་རྟེན་

གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐུལ་བ་བྱས་པའི་བསོད་ནམས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚིག་ཏུ་ལྡན་པར་བཤད་ཅིང་གདམས་ངག་དང་བཅས་པར་བསྟན་ཏེ་ནན་ཏན་བྱེད་དུ་བཅུག་པ་ཆེས་བསོད་ནམས་མང་དུ་འཕེལ་བ་གཏན་ཚིགས་དང་བཅས་

པར་བསྟན་པ་སྟེ། དེའི་གཏན་ཚིགས་དང་། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལས་བྱུང་བ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་བསྐུལ་བར་བྱས་ནས། བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་དེ། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉམ་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཕྱིར། བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐུལ་བ་བྱས་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་རྒྱ་ཆེར་བསྟན་ཏེ་ཉམས་སུ་ལེན་དུ་བཅུག་ན་བསོད་ནམས་ཆེའོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག །རིགས་ཀྱི་བུའམ།

རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཕྱིར་མི་ལྡོག་པའི་ས་ལ་བཀོད་ན་ཞེས་བྱ་བ་ནས། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཞེས་བྱ་བ་དང་། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་བྱང་ཆུབ་སེམས་

Vol. 92 · folio 10b

དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པའི་སའོ་ཞེས་བྱ་བའི་བར་གྱིས་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དང་། གླིང་བཞི་པ་དང་། སྟོང་གཅིག་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་བཀོད་པའི་བསོད་ནམས་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་

དོན་དང་ཚིག་ཏུ་ལྡན་པར་གཞན་ལ་རྒྱ་ཆེར་བསྟན་ཏེ། ཉམས་སུ་ལེན་དུ་བཅུག་པའི་བསོད་ནམས་ཆེ་བའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་

ཞུགས་པར་གྱུར་ཏེ་ཞེས་བྱ་བ་ནས། ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་དང་། གང་གི་ཚེ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་གྱུར་པ་དེའི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྒོ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བྱ་བའི་བར་གྱིས་ནི་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང་།

སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེར་བཤད་ཅིང་། གདམས་ངག་དང་བཅས་པར་བསྟན་ཏེ་ཉམས་སུ་ལེན་དུ་བཅུག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་

Vol. 92 · folio 11a

ཞུགས་པའི་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་ཅིང་། སྐལ་བ་དང་ལྡན་པ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེར་བཤད་ཅིང་ཉམས་སུ་ལེན་དུ་བཅུག་པའི་བསོད་ནམས་སྔ་མ་བས་ཀྱང་ཆེས་མང་དུ་འཕེལ་བ་བསྟན་པའོ། །

ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ་ཞེས་བྱ་བ་ནས། འདི་ནི་འཁོར་བ་ལས་བྱུང་བར་འདོད་ལ། སྙིང་རྗེ་ཆེན་པོས་མནར་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་

འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་པ་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་

གྱུར་པ་ལ་ཆོས་བསྟན་པའི་བསོད་ནམས་པས། དེ་དག་ལས་ལ་ལ་ཞིག་བདག་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ཁས་འཆེ་བ་ཞིག་ཡོད་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚིག་ཏུ་ལྡན་པར་རྒྱ་ཆེར་བཤད་

དེ་ཉམས་སུ་ལེན་དུ་བཅུག་ན་བསོད་ནམས་སྔ་མ་བས་ཀྱང་ཆེས་མང་དུ་འཕེལ་བ་བསྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ངེས་པས་ཏེ་རྫོགས་པའི་བྱང་ཆུབ་ཏུ་གཞོལ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་

ལྡོག་པར་མི་འགྱུར་བས་ན། དེ་དག་ལ་ནི་གདོད་ཆོས་བསྟན་ཀྱང་མི་དགོས་ཀྱི་འདི་ནི་འཁོར་བ་ལས་བྱུང་བར་འདོད་ལ། སྙིང་རྗེ་ཆེན་པོས་མནར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གཞན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

Vol. 92 · folio 11b

ཆུབ་ཏུ་བློ་ངེས་པར་གྱུར་པས་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་བཤད་ཀྱང་ཕྱིར་ལྡོག་པར་མི་འགྱུར་གྱི། བྱང་ཆུབ་སེམས་དཔའ་དེ་དག་གི་ནང་ནས་ཁ་ཅིག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བ་ལས་ཐར་བར་འདོད་

ཅིང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྤྱོད་མི་འདོད་པ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེར་བསྟན་ཏེ་ཉམས་སུ་ལེན་དུ་བཅུག་ན་བསོད་ནམས་སྔ་མ་བས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་

བགྱིའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཆོས་ཀྱིས་བསྡུ་བ་དང་། ཟང་ཟིང་གིས་བསྡུ་བས་རྗེས་སུ་འཛིན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱིས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དག་གི་མ་

ལགས་སོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་རྣམས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་གདམས་ཤིང་རྗེས་སུ་བསྟན་ཏེ།

ཆོས་ཀྱི་སྦྱིན་པས་ཕན་གདགས་པ་དང་། གོས་དང་བསོད་སྙོམས་ལ་སོགས་པ་ཟང་ཟིང་གི་སྦྱིན་པས་ཕན་བཏགས་ན། སྣོད་ཁྱད་པར་ཅན་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་བྱས་པའི་བསོད་ནམས་སྔ་མ་བས་ཀྱང་ཆེས་མང་དུ་འཕེལ་བར་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་

འདས་དེ་ནི་འདི་ལྟར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལགས་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པའོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་པའོ་ཞེས་བྱ་

Vol. 92 · folio 12a

བའི་བར་དུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཇི་ཙམ་དུ་ཉེ་བར་གྱུར་པ་དེ་དག་ལ། ཆོས་དང་ཟང་ཟིང་གི་སྦྱིན་པས་ཕན་གདགས་པར་རིགས་པའི་གཏན་ཚིགས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་

སྨྲས་པ་ཞེས་བྱ་བ་ནས། ཉན་ཐོས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐེག་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གོང་དུ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་གང་ཡིན་པ་དེ་དག་ལ་ཆོས་དང་ཟང་ཟིང་གིས་ཕན་གདགས་པའི་རིགས་པར་བཤད་པ་དེ་ལ་རབ་འབྱོར་རྗེས་སུ་ཡི་རང་བ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་དག་ཡོད་ན། འཕགས་པ་ཉན་ཐོས་རྣམས་ཀྱང་འབྱུང་བར་

འགྱུར་ལ། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་མེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་

དུ་ཡང་སློབ་པར་མི་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་དང་། དེ་ལྟར་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་ཡོད་པར་མི་འགྱུར་བའི་ཉེས་

དམིགས་སྨོས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལ་སློབ་ན། གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ།

དེའི་ཡོན་ཏན་གྱིས་ངན་སོང་རྣམས་རྒྱུན་ཆད་པར་འགྱུར་བ་དང་། ལྷ་དང་མིའི་མཐོ་རིས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཐེག་པ་གསུམ་རྣམས་འཇིག་རྟེན་དུ་འབྱུང་

Vol. 92 · folio 12b

བའི་ཕན་ཡོན་སྨོས་ནས་རྗེས་སུ་ཡི་རང་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས། བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་རབ་འབྱོར་ལ་སྨྲས་པ་ཞེས་བྱ་

བ་ནས། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་གདུལ་བ་དང་ཞི་བར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མི་དམིགས་པའི་

ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ་ཞེས་བྱ་བའི་བར་དུ་ནི་སོ་སོའི་སྐྱེ་བོའི་སེམས་ཅན་རྣམས་ཀྱི་རྗེས་སུ་ཡི་རང་བའི་བསོད་ནམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་བྱས་པའི་བསོད་ནམས་དང་།

ཚུལ་ཁྲིམས་བསྲུངས་པའི་བསོད་ནམས་དང་། བསྒོམ་པ་བྱས་པའི་བསོད་ནམས་པས། བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེ་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པས་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་སྟེ། རབ་དང་། དམ་པ་དང་། གཙོ་བོ་ལ་སོགས་པ་སྨོས་པ་ནི་ཁྱད་པར་དུ་འཕགས་ཤིང་བཟང་བའི་རྣམ་གྲངས་སྨོས་པའོ། །དེ་ལྟར་བསོད་ནམས་ཁྱད་པར་དུ་འཕགས་

པའི་གཏན་ཚིགས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་བསོད་ནམས་ཅི་བྱས་པ་ནི་བདག་འབའ་ཞིག་གི་དོན་དུ་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བའི་བསོད་ནམས་ནི་སེམས་ཅན་གྱི་ཕྱིར་ཡོངས་སུ་བསྔོ་བས། དེའི་ཕྱིར་བསོད་ནམས་ཁྱད་པར་

དུ་འཕགས་པར་ཆེའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། དམིགས་པ་དེ་དག་རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་མཚན་མར་བྱས་པ་དེ་བཞིན་དུ་དམིགས་

Vol. 92 · folio 13a

སུ་ཡོད་པ་ཡིན་ནམ་ཞེས་བྱ་བའི་བར་དུ་ནི་གོང་དུ་བྱང་ཆུབ་སེམས་དཔའ་བྱམས་པས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། དེ་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་

བསྔོས་པ་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་ལ། རབ་འབྱོར་གྱིས་གལ་བཟུང་ནས་དྲིས་པ་སྟེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་དག་གིས་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། མཐའ་ཡོངས་སུ་མྱ་ངན་ལས་འདས་ཤིང་

དམ་པའི་ཆོས་ནུབ་པར་གྱུར་གྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དགེ་བའི་རྩ་བ་ཅི་བསགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་ཡི་རང་བ་དང་། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་སྦྱིན་པ་བྱས་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བསམ་

གཏན་བསྒོམས་པའི་བསོད་ནམས་དང་། འཕགས་པ་ཉན་ཐོས་སློབ་པ་དང་མི་སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་ཟག་པ་མེད་པ་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཕུང་པོ་ལྔ་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་

ཆེན་པོ་སེམས་ཅན་ལ་ཕན་པར་བཞེད་པ་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཚད་མེད་གྲངས་མེད་པ་རྣམས་དང་། བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་དེ་དག་བསྟན་པ་ལ་རྗེས་སུ་ཡི་རང་བ་དང་། དམ་པའི་ཆོས་ཇི་སྐད་

བསྟན་པ་ལ་བསླབས་ནས། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོའི་འབྲས་བུ་ཐོབ་པ་ལ་རྗེས་སུ་ཡི་རང་བ་དང་། སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པ་དང་། མྱ་ངན་ལས་འདས་པ་རྣམས་

ལ་དགེ་བའི་རྩ་བ་གང་ཇི་སྙེད་བསྐྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བླ་ན་མེད་པའི་རྗེས་སུ་ཡི་རང་བས་དེ་ལྟར་རྗེས་སུ་ཡི་རང་བའི་བསོད་ནམས་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་

Vol. 92 · folio 13b

སུ་བསྔོས་པའི་བསོད་ནམས་ཀྱི་དངོས་པོ་དེ་དག་དང་། དགེ་བའི་རྩ་བ་བསྐྱེད་པའི་འཕགས་པ་དེ་དག་དང་རྗེས་སུ་ཡི་རང་ཞིང་བསོད་ནམས་ཡོངས་སུ་སྔོ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཇི་ལྟར་གྲགས་ཤིང་ཐ་སྙད་དུ་བཏགས་པ་དེ་བཞིན་དུ་ཡང་དག་པར་ཡོད་པ་ཡིན་ནམ་ཞེས་

རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་དྲིས་པ་སྟེ། དེ་དག་ཇི་ལྟར་དམིགས་ཤིང་མཚན་མར་བཟུང་བ་བཞིན་དུ་ཡོད་པར་གྱུར་ན་ནི་ཆོས་ཐམས་ཅད་དངོས་པོ་ཡོད་ཅིང་དམིགས་པ་དང་བཅས་པའི་སྐྱོན་དུ་འགྱུར་རོ། །དེ་སྟེ་མེད་ན་ནི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་

རང་ཞིང་ཡོངས་སུ་བསྔོར་ཡང་མེད་དེ། དེ་ལྟར་དངོས་པོ་མེད་པ་ལ་རྗེས་སུ་ཡི་རང་ཞིང་ཡོངས་སུ་བསྔོས་ན། མེད་པ་ལ་ཡོད་པར་སྒྲོ་བཏགས་པས་ཕྱིན་ཅི་ལོག་ཏུ་བལྟས་པར་འགྱུར་རོ་ཞེས་གལ་བཟུང་སྟེ་དྲིས་པའོ། །བྱམས་པས་སྨྲས་པ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་

རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་མཚན་མར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ། དངོས་པོ་དེ་དག་དང་། དམིགས་པ་དེ་དག་དམིགས་སུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བ་ལ་སོགས་པ་གོང་

དུ་སྨོས་པ་དེ་དག་ཀུན་རྫོབ་ཏུ་དམིགས་ཤིང་། ཡོངས་སུ་བསྔོ་བར་ཟད་ཀྱི་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། གལ་ཏེ་དེ་ལྟར་དངོས་པོ་མེད་པ་དང་དམིགས་པ་མེད་པས་ཞེས་བྱ་བ་ནས། དེ་ལྟར་དེའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མ་

གྱུར་ཏམ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་དངོས་པོ་མེད་པ་ཡིན་ན་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་གིས་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བའི་བསོད་ནམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

ཡོངས་སུ་བསྔོ་བ་དེ་མི་དམིགས་ན་ནི་བསྔོར་ཡང་མེད། དམིགས་པའི་ཚུལ་གྱིས་བསྔོས་ན་དངོས་པོ་མེད་པ་ལ་ཡོད་པར་རྟོགས་པས། མི་རྟག་པ་ལ་རྟག་པར་ལྟ་བ་དང་། སྡུག་བསྔལ་བ་ལ་བདེ་བར་ལྟ་བ་དང་། བདག་མེད་པ་ལ་བདག་ཏུ་ལྟ་བ་དང་། མི་གཙང་བ་ལ་གཙང་བར་ལྟ་བ་

Vol. 92 · folio 14a

བཞིན་དུ། འདུ་ཤེས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རམ་ཞེས་བརྒལ་བའོ། །དེ་ལྟར་ཡིན་ཡང་ཐམས་ཅད་དངོས་པོ་ཇི་ལྟ་བ་དང་། དམིགས་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་སེམས་ཀྱང་དེ་བཞིན་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་

བརྒྱད་ཀྱང་དེ་བཞིན་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དངོས་པོ་དེ་ནི་གང་ཞིག་ཡིན། དམིགས་པ་དེ་ནི་གང་ཞིག་ཡིན། བྱང་ཆུབ་དེ་ནི་གང་ཞིག་ཡིན། སེམས་དེ་ནི་གང་ཞིག་ཡིན། དགེ་བའི་རྩ་བ་དེ་དག་ནི་གང་ཞིག་ཡིན། རྗེས་སུ་ཡི་རང་

བ་དང་ལྡན་པའི་བསོད་ནམས་དེ་ནི་གང་ཞིག་ཡིན་ཞེས་བྱ་བའི་བར་དུ་ནི་ཇི་ལྟར་ཐ་སྙད་དུ་བཏགས་ཤིང་མཚན་མར་བཟུང་བ་དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་དང་། ཡོངས་སུ་བསྔོ་བའི་སེམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་

བརྒྱད་ལ་ཐུག་གི་བར་དུ་དངོས་པོ་དེ་དག་ཐམས་ཅད་ཇི་ལྟར་ཐ་སྙད་དུ་བཏགས་ཤིང་མཚན་མར་བཟུང་བ་དེ་བཞིན་དུ་དངོས་པོ་ཡོད་པ་ཞིག་ཡིན་ན་ཡོངས་སུ་བསྔོས་པའི་དངོས་པོ་དང་། དམིགས་པ་དང་། བྱང་ཆུབ་དང་། སེམས་དང་། དགེ་བའི་རྩ་བ་དང་། རྗེས་སུ་ཡི་རང་བ་དང་ལྡན་

པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་རང་བཞིན་གྱིས་གྲུབ་ཅིང་ཡོད་པ་གང་ཡིན་ཞེས་དྲིས་པའོ། །བྱམས་པས་སྨྲས་པ། གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་ཞེས་བྱ་བ་ནས། སྐྱེ་བའི་ཚུལ་གྱིས་མ་ཡིན་ནོ། །འགགས་པའི་ཚུལ་གྱིས་མ་ཡིན་

ནོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པར་སྤྱད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་སྐྱེད་པར་གྱུར་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་གོམས་པར་བསླབས་པ་དག་ནི་ཆོས་ཐམས་ཅད་མཚན་མ་མེད་

ཅིང་གཉིས་སུ་མེད་པར་རྟོགས་པས། དེ་ལྟར་མཚན་མར་བྱས་ཤིང་ཡོངས་སུ་བསྔོ་བར་མི་བྱེད་པའི་ཕྱིར་དེ་དག་ལ་ནི་གལ་བཟུང་དུ་མེད་དོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བ་ནས། རང་གི་མཚན་ཉིད་

Vol. 92 · folio 14b

ཀྱིས་སྟོང་པའི་ཆོས་རྣམས་དེ་ལྟར་བསྟན་པ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གསར་དུ་ཞུགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པར་མ་སྤྱད་པ། སངས་རྒྱས་མང་པོ་ལ་བསྙེན་

བཀུར་མ་བྱས་པ་དགེ་བའི་རྩ་བ་ཆེར་མ་བསྐྱེད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པར་བྱ་བ་ལ་ལེགས་པར་མ་བསླབས་པ་ཞིག་ཡིན་ན་ནི་དངོས་པོ་དེ་དག་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་

པར་ཡོངས་སུ་བསྔོ་ཡང་སྲིད་ཀྱིས། དེ་དག་ལ་ཕྱིན་ཅི་ལོག་ཏུ་ལྟ་བའི་སྐྱོན་དུ་འགྱུར་བས། དེ་ལྟར་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པ་ཐེག་པ་ལ་གསར་དུ་ཞུགས་པའི་མདུན་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་

བར་དུ་སངས་རྒྱས་ཀྱི་ཆོས་མིང་གིས་སྨོས་པ་དེ་དག་ཟབ་ཅིང་དམིགས་སུ་མེད་པ་དེ་ལྟ་བུར་བཤད་པར་མི་བྱའོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་ལ་དད་པ་ཙམ་མམ། དགའ་བ་ཙམ་མམ། མོས་པ་ཙམ་མམ། གུས་པ་ཙམ་ཞིག་ཡོད་པ་དེ་ཡང་མེད་པར་གྱུར་པའི་ཕྱིར་ཏེ་

ཞེས་བྱ་བ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཟབ་མོ་བསྟན་ན་སྣོད་དུ་མ་གྱུར་པས་ཡིད་མི་ཆེས་ཤིང་དད་པ་འབྲི་བ་ལ་སོགས་པའི་སྐྱོན་དུ་གྱུར་པ་བསྟན་པའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་

བཤད་ཅིང་བསྟན་ཏོ་ཞེས་བྱ་བ་ནས། དེའི་མདུན་དུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་བཤད་པར་བྱའོ་བསྟན་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྔོན་གྱི་རྒྱལ་བ་

ལ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དེ་ལྟ་བུ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་མཚན་མ་མེད་ཅིང་དམིགས་སུ་མེད་པའི་ཚུལ་དུ་

Vol. 92 · folio 15a

བསྟན་པར་བྱའོ་ཞེས་བཤད་པའོ། །དེས་ནི་དེ་ཐོས་ནས་མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པ། ཆོས་ཟབ་མོའི་སྣོད་དུ་གྱུར་པ་དེ་ལྟ་བུ་དག་ལ་དམིགས་སུ་མེད་

ཅིང་མཚན་མ་མེད་པའི་ཆོས་རྣམས་བསྟན་ན་འཇིགས་ཤིང་སྐྲག་པ་ལ་སོགས་པའི་སྐྱོན་དུ་མི་འགྱུར་རོ་ཞེས་བྱ་བ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡང་། བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། དེ་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

ཡོངས་སུ་བསྔོས་པ་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་གོང་དུ་སྨོས་པའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་ལ་མཚན་མར་མི་འཛིན་ཅིང་དམིགས་སུ་མེད་པར་རྟོགས་པར་བྱས་ལ། ཀུན་རྫོབ་ཏུ་རྗེས་སུ་ཡི་རང་

བ་དང་ལྡན་པའི་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེའོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། བྱམས་པ་སེམས་གང་གིས་རྗེས་

སུ་ཡི་རང་ཞིང་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་སེམས་དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་དང་བཅས་ཤིང་དམིགས་པ་དང་བཅས་པར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་མི་རིགས་པའི་གཏན་ཚིགས་རབ་འབྱོར་

གྱིས་བསྟན་པ་སྟེ། ཡོངས་སུ་བསྔོ་བར་བྱ་བའི་སེམས་དེ་ནི་ཟད་ཅིང་འགགས་པ་མེད་དེ་རྣམ་པར་གྱུར་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་དམིགས་ཤིང་ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་ནི་སྐད་ཅིག་མའི་རང་བཞིན་ཏེ། ཟད་ཅིང་འགགས་ལ་དངོས་པོ་མེད་དེ། རང་བཞིན་

Vol. 92 · folio 15b

གཅིག་ཏུ་གནས་པ་མ་ཡིན་པས་སྔོ་བར་བྱེད་པའི་སེམས་དེ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་དེ་དག་དང་དམིགས་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་ཀྱང་ཟད་ཅིང་འགགས་ལ་མེད་དེ་རྣམ་པར་གྱུར་ན་ཞེས་བྱ་བ་ནི་བསོད་ནམས་བྱ་བའི་དངོས་པོ་སྦྱིན་པ་ལ་སོགས་པ་དང་།

དམིགས་པའི་ཡུལ་གང་དུ་བསྔོ་བར་བྱ་བ་བླ་ན་མེད་པའི་བྱང་ཆུབ་དང་། སྦྱིན་པ་ལ་སོགས་པ་བྱས་པའི་དགེ་བའི་རྩ་བ་དེ་དག་ཀྱང་སྐད་ཅིག་མ་སྟེ། དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་ཟད་ཅིང་འགགས་ལ་མེད་དེ་རྣམ་པར་གྱུར་ན། ཅི་ཞིག་གང་དུ་བསྔོ་ཞེས་བྱ་བའི་དོན་ཏེ།

ཟད་པ་དང་། འགགས་པ་དང་། མེད་པ་དང་། རྣམ་པར་འགྱུར་བ་ཞེས་བྱ་བ་ནི་སྐད་ཅིག་མའི་རང་བཞིན་ཡིན་པས་མི་རྟག་ཅིང་དངོས་པོ་མེད་པའི་རྣམ་གྲངས་སོ། །རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ནི་གང་ཞིག །དངོས་པོ་དེ་དག་ནི་གང་ཞིག །དམིགས་པ་དེ་དག་ནི་གང་ཞིག །

དགེ་བའི་རྩ་བ་དེ་དག་ནི་གང་ཞིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་ཞེས་བྱ་བ་ནི་དེ་ལྟར་རྗེས་སུ་ཡི་རང་བའི་སེམས་དང་། སྦྱིན་པ་ལ་སོགས་པའི་དངོས་པོ་དང་། དམིགས་པར་བྱ་བའི་ཡུལ་བླ་ན་མེད་པའི་བྱང་ཆུབ་དང་། ཡོངས་སུ་

བསྔོ་བར་བྱ་བའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་མེད་པ་ཡིན་ན་ཅི་ཞིག་ཡོངས་སུ་བསྔོར་ཡོད་ཅེས་བྱ་བའི་དོན་ཏོ། །ཅི་སེམས་ཀྱིས་སེམས་ཡོངས་སུ་བསྔོ་འམ། དེ་ལྟར་སེམས་ཀྱིས་སེམས་ཡོངས་སུ་བསྔོ་ན་ནི་སེམས་གཉིས་ཕྲད་པར་འགྱུར་བ་མེད་དེ་ཞེས་བྱ་

བ་ནི་རྗེས་སུ་ཡི་རང་བའི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་གཉིས་ཀ་སྐད་ཅིག་མའི་རང་བཞིན་ཡིན་ཏེ། ཡོངས་སུ་བསྔོ་བའི་སེམས་བྱུང་བའི་ཚེ་རྗེས་སུ་ཡི་རང་བའི་སེམས་འགགས་ཏེ་མེད་པར་གྱུར་པས་སེམས་ཀྱིས་སེམས་ཡོངས་སུ་བསྔོ་བར་ཡང་དེ་ལྟར་མི་རུང་ངོ་ཞེས་བྱ་

བའི་དོན་ཏོ། །སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་སེམས་ཀྱི་རང་བཞིན་ཡོད་པར་མ་གྲུབ་སྟེ་མེད་པས་དངོས་པོ་མེད་པ་ལ་ཡོངས་སུ་བསྔོ་བར་མི་རུང་ངོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་

Vol. 92 · folio 16a

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའོ་ཞེས་བྱ་བ་ནས། གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རོ་ཞེས་

བྱ་བའི་བར་དུ་ནི་དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པར་བྱ་སྟེ། དེ་དག་ལ་མཚན་མར་མི་འཛིན་པར་ཀུན་རྫོབ་ཏུ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བླ་ན་མེད་པའི་

བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བསོད་ནམས་ཡོངས་སུ་བསྔོ་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་ཡོངས་སུ་བསྔོས་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་སྨྲས་པ་ཞེས་བྱ་བ་ནས། ཇི་ལྟར་དེས་རྗེས་སུ་ཡི་རང་བ་དང་ལྡན་

པའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བཟུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱིས་ནི་གོང་དུ་བཤད་པའི་ཚུལ་བཞིན་དུ་ཤེས་རབ་ཀྱིས་དོན་དམ་པར་

ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པར་བྱས་ནས། ཐབས་ཀྱིས་ཀུན་རྫོབ་ཏུ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། བསྔོ་བ་ལ་སྐྱོན་མེད་ཅིང་ཡོངས་སུ་དག་པར་འགྱུར་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐབས་དང་

ཤེས་རབ་ཏུ་མི་ལྡན་པ་རྣམས་ཀྱིས་ཆོས་ཐམས་ཅད་དངོས་པོ་མེད་པར་བསྟན་པ་འདི་ཐོས་ནས། འཇིགས་ཤིང་སྐྲག་པར་འགྱུར་རམ་མི་འགྱུར། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ཐབས་

ཇི་ལྟར་ཡོངས་སུ་བསྔོ་བར་བྱ་བ་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲིས་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་དམིགས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་ཐེག་པ་ལ་གསར་དུ་ཞུགས་

Vol. 92 · folio 16b

པའི་བྱང་ཆུབ་སེམས་དཔའ་རྣམས་ལ། དགེ་བའི་རྩ་བ་དམིགས་སུ་མེད་པ་དང་། མཚན་མ་མེད་པའི་ཚུལ་གྱིས་ཡོངས་སུ་བསྔོ་བའི་ཐབས་བསྟན་པ་འཁོར་ཐམས་ཅད་ཀྱི་ཡིད་ཆེས་པར་བྱ་བའི་ཕྱིར་བྱམས་པ་ལ་དམིགས་ནས་སྨྲས་པ་བསྟན་པ་སྟེ། དེ་ལྟར་བྱམས་པ་ལ་དམིགས་

ནས་རབ་འབྱོར་ཉིད་ཀྱི་མཐུ་དང་སྤོབས་པས་བཤད་པ་མ་ཡིན་གྱིས། འཕགས་པ་བྱམས་པའི་བྱིན་གྱིས་རླབས་ཀྱིས་བཤད་པར་འགྱུར་བ་བསྟན་པའི་ཕྱིར་རོ། །ཀཽ་ཤི་ཀ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད་ཅེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་མི་དམིགས་པའི་ཚུལ་དང་།

མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད་ན་ཞེས་བྱ་བའི་བར་དུ་ནི་དགེ་བའི་རྩ་བ་དང་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ཇི་ལྟར་བསྔོ་བའི་ཐབས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་མེད་པས་དེ་དག་ལ་མི་དམིགས་ཤིང་མཚན་མར་མི་འཛིན་པར་བྱས་ལ། ཀུན་རྫོབ་ཏུ་དེ་དག་ལ་སྤྱོད་ཅིང་ཡོངས་སུ་བཟུང་ནས་དེ་ལྟར་སྤྱོད་པའི་དགེ་བའི་རྩ་བ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་

ན་བསོད་ནམས་བསྔོ་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ་ཞེས་བསྟན་པའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མོས་པ་མང་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་

ཟིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཐབས་དང་ཤེས་རབ་ཏུ་ལྡན་པས་དོན་དམ་པར་མཚན་མ་དང་དམིགས་པ་མེད་པར་ཡང་རྟོགས་ལ། ཀུན་རྫོབ་ཏུ་ཆོས་དེ་དག་ལ་སྤྱོད་ཅིང་དགེ་བའི་རྩ་བ་ཡོངས་སུ་དག་པར་བསྔོ་ན་ཆོས་ཟབ་མོས་འཇིགས་ཤིང་སྐྲག་པ་མེད་པས་ཕ་རོལ་

Vol. 92 · folio 17a

ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ཐེ་ཚོམ་དང་ནེམ་ནུར་མེད་པས་དད་པ་དང་མོས་པ་ཆེ་བར་འགྱུར་བ་དང་། ཆོས་ཟབ་མོའི་སྣོད་དུ་གྱུར་པས་དགེ་བའི་བཤེས་གཉེན་གྱིས་ཡོངས་

སུ་ཟིན་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དགེ་བའི་བཤེས་གཉེན་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་དོན་དང་ལྡན་ཡི་གེ་དང་ལྡན་པར་སྟོན་པར་འགྱུར་ཏེ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་བཅོ་བརྒྱད་དང་བྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཟབ་མོའི་སྣོད་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་དགེ་བའི་བཤེས་གཉེན་རྣམས་ཀྱང་ཡིད་ཆེས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་

ཐུག་གི་བར་དུ་དོན་དང་ཚིག་ཏུ་ལྡན་པར་ལུང་དང་མན་ངག་མ་ནོར་བར་སྟོན་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ལ་བདུད་ཀྱི་ལས་རྣམས་ཀྱང་སྟོན་པར་འགྱུར་ཏེ། དེས་བདུད་ཀྱི་ལས་དེ་དག་ཐོས་ནས་འགྲིབ་པའམ་འཕེལ་བ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། དགེ་བའི་བཤེས་

གཉེན་དེ་དག་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་དགེ་བའི་བར་ཆད་དུ་འགྱུར་བའི་བདུད་ཀྱི་ལས་རྣམས་ཇི་ལྟར་འབྱུང་བ་ཡང་སྟོན་པར་འགྱུར་ལ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་ཀྱི་ལས་དེ་དག་ཐོས་ན་ཡང་དོན་དམ་

པར་བདུད་ཀྱི་ལས་དེ་དག་ཉིད་ཀྱང་དངོས་པོ་མེད་པ་དང་། བདག་ཉིད་ལ་ཡང་བདུད་ཀྱིས་གླགས་བཙལ་བའི་སྐྱོན་མེད་པའི་ཕྱིར་སྐྲག་ཅིང་ཞུམ་པར་ཡང་མི་འགྱུར་ལ་བདུད་ཀྱི་ལས་དངོས་པོ་མེད་པར་རྟོགས་པས་བསྙེམས་ཤིང་ང་རྒྱལ་ཡང་མེད་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་

ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་ཀྱི་ལས་དེ་དག་ལ་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་འགྲིབ་པའམ་འཕེལ་བ་མེད་པའི་གཏན་ཚིགས་བསྟན་པའོ། །དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་ཏེ་ཞེས་བྱ་

Vol. 92 · folio 17b

བ་ལ་སོགས་པ་ནི་དེ་ལྟར་སྣོད་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འགྲོགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་ཅིང་། དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་བའི་རྩ་བ་དེ་དག་གིས་ནམ་

ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་། བྱང་ཆུབ་སེམས་དཔའི་རིགས་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས་ཞེས་བྱ་བ་

ནས། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་

དགེ་འདུན་དང་བཅས་པ་རྣམས་ཀྱི་བསོད་ནམས་ཀྱི་མཛད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་དགེ་འདུན་དེ་དག་ལ་རྒྱལ་རིགས་ཆེ་ཞིང་མཐོ་བ་ལ་སོགས་པ་འོག་མིན་གྱི་ལྷའི་བར་དུ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་མི་དང་ལྷ་རྣམས་ཀྱིས་

དགེ་བའི་རྩ་བ་ཅི་བསགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། བླ་ན་མེད་པའི་རྗེས་སུ་ཡི་རང་བར་བྱས་ལ། དེ་ལྟར་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་

བསྔོ་བར་བྱ་བ་བསྟན་པ་སྟེ། དེ་ལ་སྤྲོས་པའི་ཚུལ་ཆད་པར་གྱུར་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཚིག་གིས་ལམ་ཉམས་པ་མི་མངའ་བ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་རྟོག་པ་མི་མངའ་ཡང་སྔོན་གྱི་

སྨོན་ལམ་གྱི་ཤུགས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་འཆད་པའི་གསུང་རྣམ་པ་སྣ་ཚོགས་རྒྱུན་མི་འཆད་པར་འབྱུང་བ་ལ་བྱའོ། །ཁུར་བོར་བ་ཞེས་བྱ་བ་ནི་ཕུང་པོའི་ཁུར་དང་། ཉོན་མོངས་པའི་ཁུར་དང་། ཡིད་དམ་བཅས་པའི་ཁུར་དང་། བརྩོན་འགྲུས་ཀྱི་ཁུར་རྣམས་བླངས་

Vol. 92 · folio 18a

པ་མཐར་ཕྱིན་ཅིང་བོར་བ་ལ་བྱ་སྟེ། གླེང་གཞིའི་ལེའུ་ལས་ཁུར་བོར་བ་བསྟན་པའི་སྐབས་སུ་བཤད་པ་བཞིན་ནོ། །གྲོང་གི་ཚེར་མ་རབ་ཏུ་བསལ་བ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཕལ་པ་གྲོང་མིའི་ཆོས་ངན་པ་ལུས་དང་ངག་ཡིད་ཀྱིས་ཉེས་པར་སྤྱོད་པ་བདག་དང་གཞན་

ལ་གནོད་པའི་ཆོས་ཅན་ཚེར་མ་དང་འདྲ་བ་རྣམས་སྤངས་པ་ལ་བྱའོ། །སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཆད་པ་ཞེས་བྱ་བ་ནི་ལོག་པར་ལྟ་བ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་ཁམས་གསུམ་དུ་སྐྱེ་ཞིང་སྦྱོར་བར་འགྱུར་བ་རྣམས་སྤངས་ཤིང་རྒྱུན་བཅད་པ་ལ་བྱ་སྟེ།

གླེང་གཞིའི་ལེའུ་ལས་སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་བསྟན་པའི་སྐབས་སུ་ཞིབ་ཏུ་བཤད་པ་བཞིན་ནོ། །ཡང་དག་པར་ཡོངས་སུ་མཁྱེན་པས་ཐུགས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་ཡན་ཆད་མ་ལུས་

པར་སྤངས་ཤིང་ཡེ་ཤེས་རྣམ་པར་དག་པ་ལ་བྱའོ། །རྗེས་སུ་ཡི་རང་བའི་རབ་དམ་པ་མཆོག་ཅེས་བྱ་བ་ལ་སོགས་པ་ནི་དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་དུ་རྟོགས་པར་བྱས་ནས་ཀུན་རྫོབ་ཏུ་དེ་དག་ལ་རྗེས་སུ་ཡི་རང་བ་ནི་བླ་ན་མེད་པའི་རྗེས་སུ་ཡི་རང་བ་ཞེས་བྱ་སྟེ།

རབ་དང་དམ་པ་ལ་སོགས་པ་ནི་བླ་ན་མེད་པའི་རྣམ་གྲངས་སུ་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན་ཞེས་བྱ་བའི་བར་དུ་ནི་ཐེག་པ་ལ་

གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་བྱ་བ་ཞིབ་ཏུ་བཤད་པའི་གླེང་བསླངས་པའི་ཕྱིར་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་རྗེས་སུ་ཡི་རང་

ཞིང་ཡོངས་སུ་བསྔོ་བའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ཉན་ཐོས་ཀྱི་དགེ་འདུན་དེ་དག་དང་། དགེ་བའི་རྩ་བ་དེ་དག་མ་བསམས་པར་ནི་ཡོངས་སུ་བསྔོ་བར་ཡང་མི་རུང་། དེ་དག་བསམས་ཏེ་ཡོངས་སུ་བསྔོས་ན་ནི་དངོས་པོར་དམིགས་ཤིང་མཚན་མར་བཟུང་ན་འདུ་ཤེས་

Vol. 92 · folio 18b

ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་ཇི་ལྟར་མི་འགྱུར་ཞེས་གལ་བཟུང་སྟེ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། བྱམས་པ་གལ་ཏེ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དོ་ཞེས་བྱ་བའི་བར་དུ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་

བྱང་ཆུབ་སེམས་དཔས་ཡོངས་སུ་བསྔོ་བ་སྐྱོན་མེད་པ་བསྟན་པ་སྟེ། ཀུན་རྫོབ་ཏུ་སངས་རྒྱས་དང་ཉན་ཐོས་དང་དགེ་བའི་རྩ་བ་དང་ཡོངས་སུ་བསྔོ་བའི་སེམས་རྣམས་ལ་སེམས་ཤིང་རྟོགས་ཀྱང་། དོན་དམ་པར་དེ་དག་ཐམས་ཅད་དངོས་པོ་མེད་པར་ཁོང་དུ་ཆུད་པས། དགེ་བ་མཛད་

པའི་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་ཉན་ཐོས་དང་། དེ་དག་གི་དགེ་བའི་རྩ་བ་དང་ཡོངས་སུ་སྔོ་བར་བྱེད་པའི་བདག་གིས་སེམས་རྣམས་ལ་དངོས་པོར་ལྟ་ཞིང་མཚན་མར་འཛིན་པའི་འདུ་ཤེས་མེད་པ་ཀུན་རྫོབ་ཏུ་ཐབས་མཁས་པས་ཡོངས་སུ་བསྔོས་ན། འདུ་

ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་ལ་སེམས་ཤིང་མཚན་མར་འཛིན་པ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་

ལོག་ཏུ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། དགེ་བ་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་ཉན་ཐོས་དང་། དེ་དག་གི་དགེ་བའི་རྩ་བ་དང་ཡོངས་སུ་སྔོ་བར་བྱེད་པའི་བདག་གིས་སེམས་རྣམས་དོན་དམ་པར་དངོས་པོ་མེད་པར་མ་རྟོགས་ཤིང་། དེ་དག་མཚན་མར་

འཛིན་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྔོས་ན་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་གང་གིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་དང་། དགེ་བའི་རྩ་བ་དེ་དག་

ལ་སེམས་པའི་སེམས་དེ་ལ་ཡང་དག་པར་སེམས་ཤིང་ཞེས་བྱ་བ་ནས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་སངས་རྒྱས་བཅོམ་ལྡན་འདས་དང་། འཕགས་པ་ཉན་ཐོས་དང་། དགེ་བའི་རྩ་

Vol. 92 · folio 19a

བ་རྣམས་ལ་སེམས་པའི་སེམས་གང་ཡིན་པ་དང་། ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དང་། གང་དུ་བསྔོ་བར་བྱ་བའི་བླ་ན་མེད་པའི་བྱང་ཆུབ་ཀྱང་དོན་དམ་པར་ཟད་ཅིང་དངོས་པོ་མེད་པར་རྟོགས་པར་བྱ་སྟེ། ཀུན་རྫོབ་ཏུ་ཡོངས་སུ་བསྔོ་བར་བྱ་བ་བསྟན་

པ་སྟེ། སེམས་དེ་ཉིད་ཀྱི་ཆོས་ཉིད་ཀྱང་དེ་ཡིན་པ་དང་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བའི་སེམས་དེའི་རང་བཞིན་ཡང་ཟད་ཅིང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་གང་ལ་ཡོངས་སུ་བསྔོ་བའི་ཆོས་དེའི་ཆོས་ཉིད་ཀྱང་དེ་ཡིན་ནོ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བྱང་ཆུབ་

ཏུ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་ནས་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བའི་བླ་ན་མེད་པའོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དང་པོ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། དགེ་བའི་རྩ་བ་ཇི་སྙེད་ཅིག་མཛད་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་དགེ་བའི་རྩ་བ་ཇི་སྙེད་

ཅིག་མཛད་པ་དང་། སོ་སོའི་སྐྱེ་བོ་ལྷ་དང་མི་ལ་སོགས་པའི་རིགས་སུ་གཏོགས་པ་རྣམས་ཀྱིས་འཕགས་པ་དེ་དག་ལ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྗེས་སུ་ཡི་རང་བའི་མཆོག་དམ་པ་བླ་ན་མེད་པས་རྗེས་སུ་ཡི་རང་ནས་དེ་ལྟར་

རྗེས་སུ་ཡི་རང་བའི་བསོད་ནམས་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་དོན་དམ་པར་དགེ་བ་མཛད་པའི་འཕགས་པ་རྣམས་དང་། སོ་སོའི་སྐྱེ་བོ་རྣམས་དང་། དགེ་བའི་རྩ་བ་རྣམས་དང་། རྗེས་སུ་ཡི་རང་བའི་སེམས་དང་། ཡོངས་སུ་བསྔོ་བའི་སེམས་དང་།

གོང་དུ་ཡོངས་སུ་བསྔོ་བའི་བྱང་ཆུབ་ཀྱི་ཆོས་དེ་དག་ཐམས་ཅད་ཟད་ཅིང་འགགས་ལ་དངོས་པོ་མེད་དེ་རང་བཞིན་གྱིས་སྟོང་པར་ཤེས་པར་བྱ་སྟེ། ཀུན་རྫོབ་ཏུ་ཐབས་མཁས་པས་ཡོངས་སུ་བསྔོ་ན་བླ་ན་མེད་པའི་ཡོངས་སུ་བསྔོས་པར་འགྱུར་རོ་ཞེས་བསྟན་པ་སྟེ། ཆོས་ཀྱིས་

Vol. 92 · folio 19b

ཆོས་ཡོངས་སུ་བསྔོ་བར་མི་བྱ་སྟེ་ཞེས་བྱ་བ་ནི་ཡོངས་སུ་བསྔོ་བར་བྱ་བ་དང་། ཡོངས་སུ་སྔོ་བར་བྱེད་པའི་ཆོས་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཕྱིར་སྟོང་པས་སྟོང་པ་ལ་བསྔོར་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱིས་དབེན་པར་ཤེས་ཏེ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་དོན་དམ་པར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་གྱི་ཆོས་རྣམས་

ཀྱིས་དབེན་པར་ཤེས་ཏེ། ཆོས་དེ་དག་གི་རང་བཞིན་དང་མི་ལྡན་པར་ཞེས་ནས་ཀུན་རྫོབ་ཏུ་ཡོངས་སུ་བསྔོས་ན་སྐྱོན་མེད་པའི་བསྔོ་བ་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་

བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱིས་དབེན་པར་ཤེས་ཏེ་ཞེས་བྱ་བ་ནས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུ་ནི་དོན་དམ་

པར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱེད་པ་དེ་ཉིད་ཀྱང་དེའི་རང་བཞིན་གྱིས་དབེན་ཏེ་སྟོང་པར་ཤེས་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བསྔོ་བར་བྱ་བའི་དགེ་བའི་རྩ་བ་དེ་དག་དང་། སྔོ་བར་བྱེད་པའི་སེམས་དེ་དག་དང་།

གང་དུ་བསྔོ་བའི་བྱང་ཆུབ་དེ་ཉིད་ཀྱང་དེའི་རང་བཞིན་གྱིས་དབེན་ཞིང་སྟོང་པར་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱི་ཆོས་དེ་དག་ཐམས་ཅད་ཀྱང་དེ་དག་གི་རང་བཞིན་གྱིས་དབེན་ཞིང་སྟོང་པར་ཤེས་པས་བྱས་ལ།

Vol. 92 · folio 20a

ཀུན་རྫོབ་ཏུ་ཡོངས་སུ་བསྔོས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འགལ་བར་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་

ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་ན། འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡོངས་སུ་མྱ་ངན་ལས་

འདས་པ་རྣམས་ཀྱིས་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ཡོངས་སུ་བསྔོ་བའི་ཚེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདའ་སྟེ་མངོན་དུ་མི་བཞུགས་ཤིང་དངོས་པོར་མི་སྣང་བ་དེ་

བཞིན་དུ་དགེ་བའི་རྩ་བ་དེ་དག་དང་། ཡོངས་སུ་བསྔོ་བ་དེ་དག་དང་། ཡོངས་སུ་བསྔོ་བའི་སེམས་དེ་དག་ཀྱང་མྱ་ངན་ལས་འདས་པ་དང་འདྲ་བར་དོན་དམ་པར་དངོས་པོ་མེད་པར་རྟོགས་པར་བྱས་ནས། ཀུན་རྫོབ་ཏུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་མཚན་མར་མི་

འཛིན་པས་འདུ་ཤེས་དང་སེམས་དང་ལྡན་པ་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་མའི་ཚུལ་གྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་

དེ་དག་ཡོངས་སུ་ཤེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ནོ་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་སངས་རྒྱས་བཅོམ་ལྡན་འདས་དང་། དགེ་བའི་རྩ་བ་དེ་དག་ལ་མཚན་མར་འདུ་ཤེས་ན་ཡང་ཡོངས་སུ་བསྔོ་

བ་སྐྱོན་མེད་པར་མི་འགྱུར་ལ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མཚན་མ་མེད་པ་དང་། མཚན་མའི་ཡུལ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟར་སེམས་ཤིང་འདུ་ཤེས་སྐྱེ་བ་ཉིད་ཀྱང་མཚན་མར་འཛིན་པ་ཡིན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་

Vol. 92 · folio 20b

སྐྱོན་མེད་པ་མ་ཡིན་ཏེ། འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་ཞེས་བྱ་བ་ནས། ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བྱ་བའི་བར་དུ་

ནི་གོང་དུ་སྨོས་པ་ལྟར་མཚན་མར་མི་འཛིན་ན་བསྔོ་བ་ཡོངས་སུ་དག་པ་སྟེ། ཕྱིན་ཅི་ལོག་ཏུ་མི་འགྱུར་རོ་ཞེས་བསྟན་པའོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ལ་མཚན་མར་མི་བྱེད་ཅིང་། བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཞེས་བྱ་བ་ནི་རྗེས་སུ་ཡི་རང་བའི་བསོད་ནམས་དེ་དག་མཚན་མར་མ་བཟུང་ན་ནི་ཡོངས་སུ་བསྔོར་ཡང་མེད། ཡོངས་སུ་བསྔོ་བ་ནི་མཚན་མར་མི་བཟུང་དུ་ཡང་མི་རུང་ན། འདི་གཉིས་ཇི་ལྟར་འགལ་བར་མི་འགྱུར་

ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐབས་མཁས་པ་དེ་དག་བསླབ་པར་བྱ་སྟེ་ཞེས་བྱ་བ་ནི་དངོས་པོ་རྣམས་མཚན་མར་ཡང་མི་འཛིན་ལ། ཡོངས་སུ་བསྔོ་བ་སྐྱོན་མེད་པར་ཡང་འགྱུར་

བ་ནི། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔས་ནུས་ཏེ། དེ་ལྟ་བུའི་ཐབས་ལ་མཁས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པས་བསླབ་དགོས་སོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་

མཁས་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ལྟ་བུའི་ཐབས་མཁས་པ་བསླབ་པ་གཞན་དུ་མི་བཙལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བཙལ་བར་བྱ་བའི་གཏན་ཚིགས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བར་

མི་ནུས་སོ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མཚན་མ་མེད་པར་མ་རྟོགས་པས་བསོད་ནམས་ཡོངས་སུ་བསྔོས་ཀྱང་། བསྔོ་བ་ཡོངས་སུ་དག་པར་མི་འགྱུར་རོ་ཞེས་བསྟན་པའོ། །བྱམས་པས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

Vol. 92 · folio 21a

པ་ལ་མེད་དེ་མི་དམིགས་སོ་ཞེས་བྱ་བ་དང་ཞེས་བྱ་བ་ནས། ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དེ་དག་ཀྱང་མེད་དེ་མི་དམིགས་སོ་ཞེས་བྱ་བ་འདི་སྐྱོན་དུ་སྨོས་པར་མི་འགྱུར་རམ་སྙམ་ན་ཞེས་བྱ་བའི་བར་དུ་ནི་མཚན་མ་མེད་ཅིང་མི་དམིགས་པར་ཡོངས་སུ་བསྔོ་བ་

གོང་དུ་བཤད་པ་ལ་མེད་པར་ལྟ་བའི་སྐྱོན་དུ་འགྱུར་བར་དོགས་པ་སྐྱེ་བ་འཕགས་པ་བྱམས་པས་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ་ཞེས་བྱ་བ་ནས། མི་དམིགས་ཤིང་

མཚན་མ་མེད་པར་བྱ་སྟེ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་མེད་པར་ལྟ་བའི་སྐྱོན་དུ་མི་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ་ཡོངས་སུ་བསྔོ་བར་བྱ་བའི་དགེ་བའི་རྩ་བ་ལ་སོགས་པ་དེ་དག་ཐམས་ཅད་དོན་དམ་པར་འགགས་ཤིང་མེད་པར་གྱུར་པ་ལ་ཡོད་པར་ལྟ་ཞིང་མཚན་

མར་འཛིན་པ་ནི་ལྟ་བ་ལོག་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཀྱང་སྨད་པ་ཡིན་གྱིས། དོན་དམ་པར་མེད་ཅིང་མི་དམིགས་པ་ལ་མེད་ཅིང་མི་དམིགས་པར་རྟོགས་ནས་མཚན་མར་མི་འཛིན་པ་ནི་སྐྱོན་དུ་མི་འགྱུར་རོ་ཞེས་བསྟན་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་དམིགས་པའི་འདུ་ཤེས་ཅན་དང་། མཚན་མའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་དོན་ཆེ་བར་མ་གསུངས་སོ་ཞེས་བྱ་བ་ནི་དེ་ལྟར་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་ཡོངས་སུ་བསྔོ་བ་དེ་བཞིན་གཤེགས་པས་ཀྱང་དོན་ཆུང་

ཞིང་སྨད་པ་ཡིན་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་བསྔོ་བ་དེ་ནི་དུག་ཅན་ཟུག་རྔུ་ཅན་ཏེ་ཞེས་བྱ་བ་ནས། དེ་བཞིན་དུ་འདི་ལ་ལོག་པར་རིག་པ་དང་། ལོག་པར་ཤེས་པ་དང་། ལོག་པར་བསླབས་པ་ལ་ལ་དོན་མ་རྟོགས་པར་མི་ཤེས་ཤིང་འདི་སྐད་དུ་སྟོན་ཏེ་ཞེས་བྱ་བའི་བར་དུ་ནི་

དེ་ལྟར་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་ཡོངས་སུ་བསྔོ་བ་སྐྱོན་དུ་འགྱུར་བའི་དཔེ་ཁ་ཟས་དུག་ཅན་ཟ་བ་ལས་བླངས་ཏེ་བསྟན་པའོ། །ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས་ཉེ་

Vol. 92 · folio 21b

བར་བཟུང་སྟེ་ཞེས་བྱ་བ་ནས། དེ་དེ་ལྟར་ཡོངས་སུ་བསྔོ་ན། དེ་བཞིན་གཤེགས་པ་ལ་སྐུར་པར་འགྱུར། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་ཡང་མ་ཡིན། ཆོས་བཞིན་དུ་སྨྲ་བ་ཡང་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་

རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། མི་མཉམ་པའི་ཆོས་ཉིད་དང་རྟག་ཏུ་བཏང་སྙོམས་སུ་གནས་པ་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱད་ཅིང་བསྒོམས་པའི་དགེ་བའི་རྩ་བ་ལ་མཚན་མར་བཟུང་ཞིང་དམིགས་པ་དང་

བཅས་པར་བདག་ཀྱང་རྗེས་སུ་ཡི་རང་ཞིང་ཡོངས་སུ་བསྔོ་བ་དང་། གཞན་ཡང་དེ་ལྟར་རྗེས་སུ་ཡི་རང་ཞིང་ཡོངས་སུ་བསྔོར་འཇུག་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་ཟད་པ་མེད་པ་དང་། སོ་སོའི་སྐྱེ་བོ་རྣམས་ཀྱིས་དགེ་བའི་

རྩ་བ་ཅི་བསྐྱེད་པ་རྣམས་ལ་མཚན་མར་འཛིན་ཅིང་། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོར་འཇུག་ན་ཁ་ཟས་དུག་ཅན་ཟ་བ་དང་འདྲ་བར་བསྔོ་བ་སྐྱོན་ཅན་དུ་འགྱུར་ཞིང་དེ་བཞིན་གཤེགས་པའི་བཀའ་དང་འགལ་བར་འགྱུར་བ་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་

རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཇི་ལྟར་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་སྟེ་ཞེས་བྱ་བ་ནས། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་སྙམ་

དུ་བསླབ་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྐྱོན་དུ་འགྱུར་བས། དེའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དུས་གསུམ་དུ་བཞུགས་པའི་སངས་རྒྱས་བཅོམ་

ལྡན་འདས་རྣམས་ཀྱིས་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པ་ལ་སོགས་པ་ལ་ཇི་ལྟར་རྗེས་སུ་ཡི་རང་སྟེ་ཡོངས་སུ་བསྔོས་ན། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་སྙམ་དུ་དམིགས་པ་དང་བཅས་ཤིང་མཚན་

Vol. 92 · folio 22a

མ་དང་བཅས་པར་ཡོངས་སུ་བསྔོ་བས་བསླབ་པར་མི་བྱའོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་བཞིན་གཤེགས་པ་ལ་

སྐུར་པར་འགྱུར་བ་མེད་པར་འདོད་པས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་བྱ་བ་ནས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་དེ་དུག་མེད་ཅིང་བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ཡོངས་སུ་

དག་པར་བྱ་བའི་ཐབས་བསྟན་པ་སྟེ། དེའི་ཐབས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་དེ་དག་དོན་དམ་པར་རང་བཞིན་གྱིས་སྟོང་པར་ཐུགས་སུ་ཆུད་ལ། ཀུན་རྫོབ་ཏུ་ཐབས་མཁས་པས་དེ་ལ་མ་ཆགས་པར་ཡོངས་སུ་བསྔོ་བ་མཛད་པ་དེ་བཞིན་

དུ་བདག་ཀྱང་ཡོངས་སུ་བསྔོའོ་ཞེས་དེ་བཞིན་གཤེགས་པ་ཚད་མར་བྱས་ཏེ་ཡོངས་སུ་བསྔོས་ན་བསྔོ་བ་ཡོངས་སུ་དག་པར་འགྱུར་རོ་ཞེས་བསྟན་པའོ། །དེ་ལ་དགེ་བའི་རྩ་བ་དེ་དག་གི་ངང་ཚུལ་གང་ཡིན་པ་དང་། རང་བཞིན་གང་ཡིན་པ་དང་། མཚན་ཉིད་གང་ཡིན་པ་ཞེས་བྱ་བ་ནི་རང་

བཞིན་གང་ཡིན་པ་ཞེས་བྱ་བའི་རྣམ་གྲངས་ཏེ། དོན་དམ་པར་དེ་དག་གི་རང་བཞིན་མེད་པ་ཡིན་ཡང་ཀུན་རྫོབ་ཏུ་ཇི་ལྟར་བསྔོས་པའི་འབྲས་བུ་འཐོབ་པར་འགྱུར་བ་ཐུགས་སུ་ཆུད་དེ་མཁྱེན་ལ་ཞེས་བྱ་བ་དང་སྦྱར་རོ། །ཆོས་ཉིད་གང་གིས་ཡོད་པ་དེ་བཞིན་དུ་ཞེས་བྱ་བ་ནི་དོན་དམ་པར་

སྟོང་པ་ཉིད་ཀྱི་ཆོས་ཉིད་ཡིན་ལ་ཀུན་རྫོབ་ཏུ་ཇི་ལྟར་བསྔོས་པའི་འབྲས་བུ་ཐོབ་པར་བྱེད་པ་དེ་ལྟ་བུའི་ཆོས་ཉིད་དུ་ཡོད་པ་ལ་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་དང་སྦྱར་རོ། །ཡོངས་སུ་བསྔོ་བ་དེ་དུག་མེད་ཅིང་བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ་ཞེས་བྱ་བ་ལ་བདུད་རྩི་ཞེས་བྱ་བ་ནི་མྱ་ངན་ལས་

འདས་པ་ལ་བྱ་སྟེ། དེ་ལྟར་ཡོངས་སུ་བསྔོས་ན་བསྔོ་བ་སྐྱོན་མེད་པ་ཡིན་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

Vol. 92 · folio 22b

དགེ་བའི་རྩ་བ་རྣམས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་བྱ་བ་ནས། རང་སངས་རྒྱས་དེ་དག་ཀྱང་ཁོངས་སུ་ཆུད་པ་མ་ཡིན། དེ་དག་གི་དགེ་བའི་རྩ་བ་དེ་དག་ཀྱང་ཡོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་

ལྟར་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྟག་ཏུ་བཏང་སྙོམས་སུ་གནས་པ་ལ་ཐུག་གི་བར་གྱིས་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་ཁམས་གསུམ་གང་ན་ཡང་མེད་ལ། དུས་གསུམ་གང་དུ་ཡང་མ་གཏོགས་པ་དེ་བཞིན་དུ་ཡོངས་སུ་བསྔོ་བ་དང་གང་

དུ་བསྔོ་བར་བྱ་བའི་བླ་ན་མེད་པའི་བྱང་ཆུབ་དང་། ཡོངས་སུ་བསྔོ་བར་བྱ་བའི་དགེ་བའི་རྩ་བ་དང་། དགེ་བའི་རྩ་བ་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་ཀྱང་དོན་དམ་པར་ཁམས་གསུམ་གང་ན་ཡང་མེད་པ་དུས་གསུམ་གང་དུ་ཡང་མ་

གཏོགས་པར་ཤེས་པར་བྱ་སྟེ་ཡོངས་སུ་བསྔོས་ན་བསྔོ་བ་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས་དེ་ལྟར་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

བསྔོ་བ་དུག་མེད་པ་ཡིན་ཏེ། བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྟག་ཏུ་བཏང་སྙོམས་སུ་གནས་པ་ལ་ཐུག་གི་བར་གྱིས་ཆོས་དེ་དག་ཐམས་ཅད་གོང་དུ་སྨོས་པའི་ཚུལ་དུ་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཁམས་གསུམ་གང་ན་

ཡང་མེད་ལ། དུས་གསུམ་གང་དུ་ཡང་མ་གཏོགས་པར་དེ་དག་ཐམས་ཅད་མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་རུང་བའི་གཏན་ཚིགས་ཞིབ་ཏུ་བསྟན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་དོ་ཞེས་བྱ་བ་ཁམས་གསུམ་གང་ན་ཡང་

མེད་ཅིང་། དུས་གསུམ་གང་དུ་ཡང་མ་གཏོགས་པ་དེ་ལ་སོ་སོའི་རང་གི་མཚན་ཉིད་མེད་དོ་ཞེས་བསྟན་པའོ། །གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་རང་གི་མཚན་ཉིད་མེད་པ་དེ་ལ་དོན་དམ་པར་སྤྱིའི་མཚན་ཉིད་ཀྱང་མེད་དེ། དངོས་པོ་ཡོད་པར་མ་

Vol. 92 · folio 23a

གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནི་ཇི་ལྟར་བསྔོ་བར་བྱ་བ་དངོས་པོ་མེད་པ་དེ་བཞིན་དུ་སྔོ་བར་བྱེད་པ་ཡང་དངོས་པོ་མེད་པའི་ཕྱིར་མེད་པས་མེད་པ་ཡོངས་སུ་བསྔོ་བར་མི་རུང་ངོ་ཞེས་བསྟན་པ་སྟེ།

ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་ན་དེ་ནི་ལོག་པར་ཡོངས་སུ་བསྔོ་བ་ཡིན་གྱིས། ཡང་དག་པར་ཡོངས་སུ་

བསྔོ་བ་མ་ཡིན་ནོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པ་ལ་དངོས་པོ་ཡོད་པར་དམིགས་ཤིང་། མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོ་ན་ལོག་

པར་ཡོངས་སུ་བསྔོ་བ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བསྔགས་པ་མ་ཡིན་ལ་དེ་ལྟར་མི་བསྔགས་པའི་ཡོངས་སུ་བསྔོ་བ་དེས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་

རྫོགས་པར་མི་འགྱུར་ཏེ། བདག་གི་དོན་ཕུན་སུམ་ཚོགས་པར་མི་འགྱུར་བའི་ཕྱིར་ཁ་ཟས་དུག་ཅན་ཟ་བ་དང་འདྲའོ་ཞེས་བསྟན་པའོ། །གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་བ་དང་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་དུག་དང་

བཅས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་ཐུག་གི་བར་དུ་ཡོངས་སུ་རྫོགས་པར་མ་གྱུར་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་ཡང་མི་ནུས་ཏེ། གཞན་

གྱི་དོན་ཕུན་སུམ་ཚོགས་པར་མི་འགྱུར་བའི་སྐྱོན་བསྟན་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། བདག་གིས་ཀྱང་ཆོས་ཉིད་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་

Vol. 92 · folio 23b

སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བསྔོ་བ་ཡོངས་སུ་དག་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་ཅིང་ཐབས་མཁས་པའི་ཆོས་ཉིད་ཀྱིས་ཡོངས་སུ་བསྔོས་པ་དེ་བཞིན་དུ། བདག་གིས་ཀྱང་དོན་དམ་པར་ཆོས་ཐམས་ཅད་

རང་བཞིན་གྱིས་སྟོང་ཞིང་། དམིགས་པ་དང་མཚན་མ་མེད་པར་རྟོགས་པར་བྱས་ལ། ཀུན་རྫོབ་ཏུ་དེ་ལ་མ་ཆགས་པར་བྱ་སྟེ། དགེ་བའི་རྩ་བ་ཡོངས་སུ་བསྔོས་ན་ཐབས་མཁས་པའི་ཆོས་ཉིད་དང་ལྡན་པའི་ཡོངས་སུ་བསྔོ་བར་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བ་ནས། རབ་འབྱོར་ཁྱོད་སྟོན་པའི་བྱ་བ་བྱེད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་བསྔོ་བ་རབ་འབྱོར་གྱིས་གོང་དུ་བཤད་པ་མཚན་མ་མེད་ཅིང་མི་

དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་བསྟན་པ་དེ་ལེགས་སོ་ཞེས་བསྟོད་པ་སྟེ། མཚན་མ་མེད་པ་དང་། དམིགས་པ་མེད་པ་དང་། སྐྱེ་བ་མེད་པ་ལ་སོགས་པའི་ཚིག་རྣམས་སྨོས་པ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་ཟད་དོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་

པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་གྱུར་ཞེས་བྱ་བ་ནས། བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་

དག་ཐམས་ཅད་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་པའི་བསོད་ནམས་པས་ཀྱང་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་རྣམས་

དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པའི་སྐྱོན་གྱིས་མ་ཆགས་མ་གོས་པར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་སྟེ། རབ་དང་།

Vol. 92 · folio 24a

གཙོ་བོ་དང་། དམ་པ་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་དུ་འཕགས་པར་ཆེ་བའི་རྣམ་གྲངས་སོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་

པར་གྱུར་ཞེས་བྱ་བ་ནས། བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་།

དགྲ་བཅོམ་པར་གྱུར་པ་རྣམས་ལ་གོས་དང་། ཟས་དང་། མལ་སྟན་དང་། ན་བའི་སྨན་གྱི་ཡོ་བྱད་རྣམས་ཀྱིས་རིམ་གྲོ་དང་བཀུར་སྟི་ལ་སོགས་པ་བྱས་པའི་བསོད་ནམས་པས་ཀྱང་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་མཚན་མར་འཛིན་པའི་སྐྱོན་གྱིས་མ་ཆགས་མ་

གོས་པར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བར་བསྟན་པའོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་

ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་ཏེ་ཞེས་བྱ་བ་ནས། བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རང་སངས་རྒྱས་

སུ་གྱུར་པ་ལ་གོས་དང་། ཟས་དང་། མལ་སྟན་དང་། ན་བའི་སྨན་གྱི་ཡོ་བྱད་རྣམས་ཀྱིས་རིམ་གྲོ་དང་བཀུར་སྟི་ལ་སོགས་པ་བྱས་པའི་བསོད་ནམས་པས་ཀྱང་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་མཚན་མར་འཛིན་པའི་སྐྱོན་གྱིས་མ་ཆགས་མ་གོས་པར་སེམས་ཅན་

ཐམས་ཅད་དང་ཐུན་མོང་དུ་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བར་བསྟན་པའོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་

Vol. 92 · folio 24b

དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ་ཞེས་བྱ་བ་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཀྱང་དམིགས་པའི་འདུ་ཤེས་ཅན་ནོ་ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་

ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བསྐལ་པའི་གྲངས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གོས་དང་། ཟས་དང་།

མལ་སྟན་དང་། ན་བའི་སྨན་དང་ཡོ་བྱད་མང་པོས་རིམ་གྲོ་དང་བཀུར་སྟི་བྱས་པའི་བསོད་ནམས་པས་ཀྱང་། རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་མཚན་མར་འཛིན་པའི་སྐྱོན་གྱིས་མ་ཆགས་མ་གོས་པར་བྱ་སྟེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་སྔ་མ་བས་ཀྱང་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་སྟེ། དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ཐོབ་པ་ཡན་ཆད་ལ་བྱའོ། །དེ་ནས་

རྒྱལ་པོ་ཆེན་པོ་བཞི་ལ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷའི་བུ་སྟོང་ཕྲག་ཉི་ཤུ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་ཡོངས་སུ་བཟུང་བ་དེ་དག་གིས། རིགས་ཀྱི་བུ་དང་།

རིགས་ཀྱི་བུ་མོ་སྔ་མ་ཐབས་མཁས་པ་དང་མི་ལྡན་པ། དམིགས་པའི་སྤྱོད་པ་ཅན་དེ་དག་གིས་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ་ཞེས་སྒྲར་བསྒྲགས་ཏེ་དབྱངས་སུ་བརྗོད་དོ་ཞེས་བྱ་བའི་བར་དུ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་

ཀྱི་དེ་ལྟར་དམིགས་སུ་མེད་པ་དང་། ཆགས་པ་མེད་པ་དང་། མཚན་མ་མེད་པ་དང་། རྩོལ་བ་མེད་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཐབས་མཁས་པ་དང་ལྡན་པས་མཐའ་གཉིས་དང་བྲལ་བར་དངོས་པོ་དེ་ཡོངས་

Vol. 92 · folio 25a

སུ་བསྔོ་བའི་མཆོག་ཡིན་ལ། དམིགས་པ་ཅན་གྱིས་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་མནན་པའི་ཡོན་ཏན་སྨོས་ཏེ་རྗེས་སུ་ཡི་རངས་ནས་མཆོད་པར་བྱས་པ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་ཞེས་བྱ་

བ་ནས། མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་

སེམས་དཔར་གྱུར་པ་རྣམས་ཀྱིས་ཕྱོགས་བཅུ་དུས་གསུམ་དུ་ཞུགས་པ་རྣམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་སུ་བཅས་པ་རྣམས་ཀྱིས་དང་པོར་སེམས་བསྐྱེད་པ་ནས། དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་

རྒྱས་ཀྱི་ཆོས་ཐམས་ཅད་ལ་སྤྱད་དེ། དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རངས་ནས་དམིགས་པ་དང་བཅས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་པས་ཀྱང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་

ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བྱང་ཆུབ་སེམས་དཔར་གྱུར་པས། ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་སུ་བཅས་པ་རྣམས་ཀྱིས་དང་པོ་སེམས་བསྐྱེད་པ་ནས། དམ་

པའི་ཆོས་མ་ནུབ་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྤྱད་དེ། དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པ་དེ་དག་ལ་དམིགས་སུ་མེད་པ་དང་གཉིས་སུ་མེད་པ་ལ་སོགས་པའི་ཚུལ་གྱིས་རྗེས་སུ་ཡི་རངས་ནས། རྗེས་སུ་ཡི་རང་བའི་དགེ་

བའི་རྩ་བ་དེ་ཡང་དམིགས་སུ་མེད་པ་དང་གཉིས་སུ་མེད་པ་ལ་སོགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེའི་བསོད་ནམས་དམིགས་པ་ཅན་གྱི་བསྔོ་བ་སྔ་མའི་བསོད་ནམས་པས་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པ་སྟེ། རབ་

Vol. 92 · folio 25b

དང་གཙོ་བོ་ལ་སོགས་པ་ནི་ཁྱད་པར་དུ་འཕགས་པའི་རྣམ་གྲངས་སུ་ཟད་དེ་སྔ་མ་བཞིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། མི་མཉམ་པ་དང་མཉམ་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་མཚན་མ་མེད་པ་དང་དམིགས་སུ་

མེད་པའི་རྗེས་སུ་ཡི་རང་བ་དེ་རབ་དང་། གཙོ་བོ་དང་། དམ་པ་དང་། མཆོག་ལ་སོགས་པ་ཇི་ཙམ་གྱིས་འགྱུར་བ་བསྟན་པ་སྟེ། དོན་དམ་པར་དགེ་བའི་རྩ་བ་དེ་དག་རང་བཞིན་གྱིས་སྟོང་ཞིང་དེ་བཞིན་ཉིད་དུ་རོ་གཅིག་པས་བླང་དོར་མེད་པ་དང་། སྐྱེ་བ་དང་། འགག་པ་ལ་སོགས་

པ་མེད་པ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་ལ་སོགས་པའི་རང་བཞིན་དུ་རོ་གཅིག་པར་རྟོགས་པར་བྱ་སྟེ་ཀུན་རྫོབ་ཏུ་རྗེས་སུ་ཡི་རངས་ནས། དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་རབ་དང་

གཙོ་བོ་ལ་སོགས་པར་འགྱུར་ཏེ། དམིགས་པ་ཅན་གྱིས་རྗེས་སུ་ཡི་རང་བས་དེ་ལ་བརྒྱ་སྟོང་དུ་མའི་ཆར་ཡང་མི་ཕོད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཞེས་བྱ་བ་ནས། རབ་འབྱོར་རྗེས་སུ་ཡི་རང་

བ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། སེམས་

ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་སྐྱོན་མེད་ཅིང་ཡོངས་སུ་དག་པར་བྱ་བའི་ཐབས་བསྟན་པ་སྟེ། དེའི་ཐབས་ཀྱང་གཟུགས་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་རྣམ་པར་གྲོལ་ཞིང་

ཡོངས་སུ་དག་པར་རོ་གཅིག་པ་དང་། ཆོས་ཐམས་ཅད་མ་ཆགས་པ་དང་། མ་བཅིངས་པ་དང་། མ་གྲོལ་བ་ལ་སོགས་པའི་རང་བཞིན་དུ་རྟོགས་པར་བྱ་སྟེ། ཀུན་རྫོབ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེ་ལྟར་རྗེས་སུ་ཡི་རངས་ནས་ཡོངས་

Vol. 92 · folio 26a

སུ་བསྔོ་བ་དེ་ནི་རྗེས་སུ་ཡི་རང་བའི་རབ་དང་གཙོ་བོ་ལ་སོགས་པ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་

གཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཞེས་བྱ་བ་ནས། ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ། ནམ་

འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ཅིང་། བཀུར་སྟི་ལ་སོགས་པ་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ལ་མཆོད་པ་སྣ་ཚོགས་བྱས་པ་དང་། དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་

པའི་བསོད་ནམས་པས་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ་ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཁྱད་པར་དུ་འཕགས་པར་ཆེ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ཡོངས་སུ་བསྔོ་བའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་

ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་པ་དང་། བཀླགས་པ་དང་། གཞན་ལ་སྦྱིན་པ་ལ་སོགས་པ་བྱས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་

བའི་བསོད་ནམས་ཆེ་བའི་ཕན་ཡོན་ཆེན་པོ་བསྔགས་པ་ཤཱ་རིའི་བུས་ཐོས་ནས་དད་པ་ཆེན་པོ་སྐྱེས་ཏེ་འཁོར་གཞན་རྣམས་ཀྱང་དད་པ་བསྐྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བསྟན་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་དག་པའི་

Vol. 92 · folio 26b

སླད་དུ་སྣང་བར་བགྱིད་པའོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བ། སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་སྣང་བར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱག་བགྱི་བར་འོས་པའོ་ཞེས་བྱ་བ་ནི་ཡོན་ཏན་ཐམས་

ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་འཕགས་པ་དང་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་བྱ་བར་འོས་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལོ་ཞེས་བྱ་བ་ནི་དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་

ཡིན་ལ། སྐྱེ་བོ་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་བྱ་བར་འོས་པའི་ཕྱིར། ཤཱ་རིའི་བུ་བདག་ཉིད་ཀྱང་ཕྱག་འཚལ་ལོ་ཞེས་དད་པའི་ཤུགས་ཀྱིས་སྨྲས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་པ་ཐམས་ཅད་ཀྱིས་མ་གོས་པའོ་ཞེས་བྱ་བ་ནི་

ཁམས་གསུམ་གང་དུ་ཡང་མ་གཏོགས་ལ་ཁམས་གསུམ་པོ་དེ་དག་གི་སྐྱོན་གང་གིས་ཀྱང་མ་གོས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་བསལ་བ་ལ་རབ་རིབ་མ་མཆིས་པར་བགྱིད་པའོ་ཞེས་བྱ་བ་ནི་སེམས་

ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་རྣམས་དང་། འཇིག་ཚོགས་སུ་ལྟ་བ་ལ་སོགས་པ་ལྟ་བ་ངན་པ་རྣམས་བསལ་ཅིང་། སེམས་ཅན་རྣམས་ཡང་དག་པའི་ལྟ་བ་སྐྱོན་མེད་པ་ལ་འཛུད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ན་མཆོག་ཏུ་བགྱིད་པའོ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་པ་དང་གནོད་པ་དང་འཚེ་བ་ཐམས་ཅད་རབ་ཏུ་བྱང་

བའི་སླད་དུ་བདེ་བར་བགྱིད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བཀླག་པ་དང་མཆོད་པ་ལ་སོགས་པའི་སྒོ་ནས་བསྟེན་ན། གནོད་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་བདེ་བ་ཐམས་ཅད་དང་ལྡན་པར་འགྱུར་བའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 92 · folio 27a

ནི་སེམས་ཅན་ཐམས་ཅད་ཀྱིས་མིག་ལྔ་ཡོངས་སུ་ཐོབ་པར་བགྱི་པ་ལ་སྣང་བར་བགྱིད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་ན་ཤའི་སྤྱན་དང་། ལྷའི་སྤྱན་ལ་སོགས་པ་དེ་བཞིན་གཤེགས་པའི་སྤྱན་ལྔ་ཐོབ་ཅིང་། འཇིག་རྟེན་

དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གསལ་བར་སྣང་བར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཤུལ་གོལ་བར་ཞུགས་པ་རྣམས་མཐའ་ལས་བཟློག་པའི་སླད་དུ་ཤུལ་སྟོན་པའོ་ཞེས་བྱ་བ་ནི་རྟག་པ་

དང་མི་རྟག་པ་ལ་སོགས་པའི་མཐའ་གཉིས་སུ་ལྟུང་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ཡང་དག་པའི་ལམ་ལས་ཉམས་ནས་ལམ་ལོག་པར་འགྱུར་པ་རྣམས་ལས་བཟློག་སྟེ། ཡང་དག་པའི་ལམ་དུ་འཛུད་པའི་ཆོས་རྣམས་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་བགྱིད་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པས་འཁོར་བར་སྐྱེ་ཞིང་སྦྱོར་བའི་བག་ཆགས་ཐམས་ཅད་སྤངས་ནས།

ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་བསྐྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་

བསླབས་ན་བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུད་ལ་འབྱུང་ཞིང་ཆོས་དེ་རྣམས་དང་ལྡན་ན་བྱང་ཆུབ་སེམས་དཔར་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔར་འགྱུར་བའི་རྒྱུའམ།

གཞི་ཡིན་པས་མ་དང་འདྲ་བའི་ཕྱིར་བྱང་ཆུབ་སེམས་དཔའི་མ་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་མ་སྐྱེས་མ་འགགས་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པར་མ་གྲུབ་སྟེ།

Vol. 92 · folio 27b

སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་རྟག་མི་འཇིག་པའི་སླད་དུ་འཁོར་བའི་གཉེན་པོའོ་ཞེས་བྱ་བ་ནི་འཁོར་བའི་ཆོས་རྟག་པ་དང་མི་རྟག་པའི་མཐའ་

གཉིས་ལས་བཟློག་པའི་ཕྱིར་འཁོར་བའི་གཉེན་པོ་ཞེས་བྱའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་རིན་པོ་ཆེ་ཐམས་ཅད་སྟོབས་པའི་སླད་དུ། སེམས་ཅན་མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པའོ་ཞེས་བྱ་བ་ནི་སེམས་ཅན་ཉོན་མོངས་པའི་

དབང་དུ་གྱུར་ཅིང་། འཁོར་བའི་བཙོན་ར་ནས་མ་ཐར་བ་རྣམས་ལ་རྣམ་པར་བྱང་བའི་ཆོས་རིན་པོ་ཆེ་རྣམས་བསྟན་པས་སེམས་ཅན་རྣམས་འཁོར་བའི་བཙོན་ར་ནས་ཐར་བར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མ་མཆིས་པའི་

སླད་དུ་སྟོབས་བཅུ་བགྱིད་པའོ་ཞེས་བྱ་བ་ནི་བདུད་དང་མུ་སྟེགས་ཅན་ཕས་ཀྱི་རྒོལ་བ་རྣམས་ཀྱིས་མི་ཐུབ་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འགྲོ་བ་དང་ལྡོག་པ་མ་མཆིས་

པའི་སླད་དུ་རྣམ་པ་བཅུ་གཉིས་རྒྱུད་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མི་བསྐོར་བ་ཞེས་བྱ་བ་ཡང་མེད་ལ་ཀུན་རྫོབ་ཏུ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བའི་རང་བཞིན་ཅན་ནོ་

ཞེས་བསྟོད་པ་སྟེ། དེ་ལ་རྣམ་པ་བཅུ་གཉིས་ལན་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་ཀྱི་རང་བཞིན་སྟོན་པའི་ཚེ། ཕུང་པོ་ལྔ་ལ་འདི་ནི་སྡུག་

བསྔལ་བ་ཡིན་ནོ་ཞེས་བྱ་བ་དང་། ཕུང་པོ་ལྔ་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པ་ལ་འདི་ནི་ཕུང་པོ་ཀུན་འབྱུང་བ་ཡིན་ནོ་ཞེས་བྱ་བ་དང་། སྡུག་བསྔལ་གྱི་ཕུང་པོ་འགགས་པའི་རང་བཞིན་མྱ་ངན་ལས་འདས་པ་ལ་འདི་ནི་སྡུག་བསྔལ་འགོག་པའོ་ཞེས་བྱ་བ་དང་། མྱ་ངན་ལས་

Vol. 92 · folio 28a

འདས་པ་ཐོབ་པར་བྱེད་པའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ནི་མྱ་ངན་འདས་པ་ཐོབ་པར་བྱེད་པའི་རྒྱུ་འམ་ལམ་ཡིན་ནོ་ཞེས་བྱ་བར་བདེན་པ་བཞི་པོ་དེ་དག་ནི་རང་བཞིན་ཉི་ཚེ་བསྟན་པའི་རྒྱུད་གཅིག་གོ། །སྡུག་བསྔལ་ནི་ཡོངས་སུ་ཤེས་པར་

བྱའོ། །ཀུན་འབྱུང་བ་ནི་སྤང་བར་བྱ་བའོ། །འགོག་པ་ནི་མངོན་སུམ་དུ་བྱ་བའོ། །ལམ་ནི་བསྒོམ་པར་བྱ་བའོ་ཞེས་སྟོན་པ་ནི་རྒྱུད་གཉིས་པའོ། །སྡུག་བསྔལ་ནི་བདག་གིས་ཤེས་སོ། །ཀུན་འབྱུང་བ་ནི་བདག་གིས་སྤངས་སོ། །འགོག་པ་ནི་བདག་གིས་མངོན་སུམ་

དུ་བྱས་སོ། །ལམ་ནི་བདག་གིས་བསྒོམས་སོ་ཞེས་བྱ་བར་སྟོན་པ་ནི་རྒྱུད་གསུམ་པ་སྟེ། དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དེ་དག་ལ་རྣམ་པ་གསུམ་དུ་ཕྱེ་སྟེ་བསྟན་པ་རྣམ་པ་བཅུ་གཉིས་རྒྱུད་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །བཅོམ་

ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ་ཞེས་བྱ་བ་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །བཅོམ་

ལྡན་འདས་བྱང་ཆུབ་སེམས་དཔའ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་སམ། ཉན་ཐོས་ཀྱིས་ཐེག་པ་པའམ། རང་སངས་རྒྱས་སམ། རང་སངས་རྒྱས་ཀྱི་ཐེག་པ་པས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི་ཞེས་བྱ་བ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས་པའི་ཚུལ་གྱིས་གནས་པར་བྱ་བའི་ཐབས་ནི་སྔར་བཤད་ཟིན་པས་སྐབས་འདིར་ཇི་ལྟར་གནས་པར་བགྱི་ཞེས་བྱ་བ་ནི་གོང་དུ་སྨོས་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་དུ་མ་དང་ལྡན་པའི་སྒོ་ནས་བསྟོད་པ་དེ་ལྟ་བུ་ལ་

གུས་ཤིང་རིམ་གྲོ་བྱ་བའི་ཐབས་ཇི་ལྟ་བུར་བགྱི་ཞེས་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སྟོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །སྟོན་པ་ལ་ཇི་ལྟར་ཕྱག་བྱ་བ་

Vol. 92 · folio 28b

དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཕྱག་བྱའོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལྷ་དང་མི་རྣམས་ཀྱིས་སྟོན་པ་ལ་གུས་པ་དང་རིམ་གྲོ་ལ་སོགས་པ་ཇི་ལྟར་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གུས་པ་དང་རིམ་གྲོ་ལ་སོགས་པ་བྱའོ་ཞེས་

བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་སྟོན་པ་ལ་ཇི་ལྟར་གུས་པར་བྱ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གུས་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཡང་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དང་། སྟོན་པ་གཉིས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་པ་དང་། ཀུན་རྫོབ་ཏུ་ཡང་སྟོན་པའི་བྱ་བ་བྱེད་པར་འདྲ་བའི་ཕྱིར། སྟོན་པ་ལ་མཆོད་པ་དང་བཀུར་སྟི་བྱ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མཆོད་ཅིང་བཀུར་སྟི་བྱའོ་ཞེས་བསྟན་པའོ། །

དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འབྱུང་ངོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་ངོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་བྱ་བ་བྱེད་པའི་གཏན་

ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་རོ། །སྟོན་པ་དང་འདྲ་བར་མཆོད་ཅིང་བཀུར་སྟི་བྱའོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་འགྱུར་ཏེ།

བཙུན་པ་ཤ་ར་དྭ་ཏིའི་བུའི་ཞུ་བ་འདི་གང་ལས་སྐྱེས་ཅིའི་རྒྱུ་སྙམ་པ་དང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གཞན་དག་ཀྱང་བསྟན་པའི་གླེང་བསླང་བའི་ཕྱིར། ཤཱ་རིའི་བུས་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི་ཞེས་ཞུས་པ་དེ་ཅི་ལས་བསམས་

ཏེ་ཞུས་སྙམ་དུ་རྟོག་པ་བསྐྱེད་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ན། བདག་གིས་ཞུ་བ་སྐྱེས་སོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་སེམས་དཔའ་

Vol. 92 · folio 29a

རྣམས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་ཡང་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་ཕྱིར་ཐབས་མཁས་པས་ཡོངས་སུ་བསྔོ་བར་གྱུར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་དེ་ལ་ཇི་ལྟར་གནས་པར་བགྱི་ཞེས་བདག་གིས་ཞུས་སོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་བོ་ཞེས་བྱ་བའི་བར་དུ་ནི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཀུན་གྱི་གཙོ་བོ་ཡིན་པར་དམུས་ལོང་དང་དམིགས་བུའི་དཔེ་དང་བཅས་ཏེ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། ཕ་རོལ་ཏུ་ཕྱིན་པ་ལྔ་ནི་བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་པོ་ཞེས་བྱ་བའི་བར་དུ་ནི་སྔར་གཞུང་འདི་ཉིད་ལས་ཕ་རོལ་ཏུ་ཕྱིན་པ་གཅིག་ལ་སྤྱོད་པའི་ཚེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ཡོངས་སུ་རྫོགས་པར་འགྱུར་བར་བཤད་ལ། སྐབས་འདིར་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་འབའ་ཞིག་གཙོ་བོ་ཡིན་པར་བཤད་པ་ལ་འཁོར་རྣམས་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་གཅིག་གི་རྒྱུ་གཅིག་ཡིན་ཏེ། གང་ཡང་རུང་བ་གཅིག་གིས་ཡོངས་སུ་བཟུང་ན་ཡང་གཞན་རྣམས་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་

པར་འགྱུར་ན། ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་གཙོ་བོ་ཡིན་པར་བཤད་ཅེས་བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ་བརྒལ་བའོ། །སྨྲས་པ་དེ་ལྟ་མ་ཡིན་ཏེ། ཀཽ་ཤི་ཀ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནས། ཀཽ་ཤི་ཀ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་

Vol. 92 · folio 29b

རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་རབ་ཅེས་བྱའོ། །གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱའོ་ཞེས་བྱ་བའི་བར་དུ་ནི་སྔར་ཕ་རོལ་ཏུ་ཕྱིན་པ་གཅིག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། དྲུག་ཅར་

ཡོངས་སུ་རྫོགས་པར་འགྱུར་བར་བཤད་པ་ནི་གྲོགས་བྱེད་པའི་རྒྱུར་འགྱུར་བ་ཙམ་དུ་བསྟན་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་རྣམ་པ་ཐམས་ཅད་དུ་རྒྱུའི་གཙོ་བོ་ཡིན་པར་བསྟན་པ་མ་ཡིན་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་

ཐམས་ཅད་ཀྱི་ནང་ན་མཆོག་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་བཞིན་དུ་ཆོས་ཐམས་ཅད་མངོན་པར་བསྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་མཆོག་དམ་པ་ཡིན་ན། ཇི་ལྟར་མངོན་པར་བསྒྲུབ་ཅིང་ཐོབ་པར་བགྱི་ཞེས་ཞུས་པ་དང་། དེ་ཇི་ལྟར་མངོན་པར་བསྒྲུབ་པའི་ཐབས་བསྟན་པ་སྟེ།

གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་མེད་པས་དེ་དག་མངོན་པར་བསྒྲུབ་ཏུ་མེད་པར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་

བཅོམ་ལྡན་འདས་ཇི་ལྟར་གཟུགས་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་ནས། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཇི་ལྟར་དངོས་པོ་མེད་ཅིང་མངོན་པར་བསྒྲུབ་པ་མེད་པའི་གཏན་ཚིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words