No title in the text — opening words: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 92 · folio 30a

པ། གཟུགས་མངོན་པར་འདུ་བྱ་བ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་གཟུགས་

ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དངོས་པོ་མེད་ཅིང་མངོན་པར་བསྒྲུབ་ཏུ་མེད་པའི་གཏན་ཚིགས་བསྟན་པ་དེ། དོན་དམ་པར་ཆོས་དེ་དག་ཐམས་ཅད་དངོས་པོ་མེད་པས་མངོན་པར་འདུ་བྱ་བ་དང་། སྐྱེ་བ་དང་། འགག་པ་དང་། དམིགས་

པ་དང་། འཇིག་པ་མེད་པའི་ཕྱིར་མངོན་པར་བསྒྲུབ་དུ་ཡང་མེད་དེ། དེ་ལྟར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་

ཐོབ་པར་བགྱིད་ཅེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པའི་རང་བཞིན་ཡིན་ཏེ། ཅི་ཡང་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་ཅིང་བསྒོམས་པའི་འབྲས་བུ་ཅི་ཞིག་ཡོད་ཅེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟར་མངོན་པར་བསྒྲུབས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་དེ་ནམ་ཆོས་གང་ཡང་ཐོབ་པར་མི་བྱེད་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་

ཀྱི་རང་བཞིན་དུ་རྟོགས་པས་ཆོས་གང་ལ་ཡང་མཚན་མར་མི་འཛིན་ཅིང་། མ་ཆགས་ལ་ཐོབ་པར་མི་བྱེད་པ་ཉིད་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པའི་ཤེས་རབ་ཀྱི་མཆོག་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །

གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཐོབ་པར་མི་བགྱིད་པ་གང་ལགས་ཞེས་བྱ་བ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་དོ་ཞེས་གོང་དུ་བཤད་པ་ཆོས་གང་དང་གང་རྣམས་ཐོབ་པར་མི་བྱེད་པའི་དམིགས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་

Vol. 92 · folio 30b

དགེ་བའི་ཆོས་རྣམས་ཐོབ་པར་མི་བྱེད་དེ་ཞེས་བྱ་བ་ནས་འདུས་མ་བྱས་པའི་ཆོས་རྣམས་ཐོབ་པར་མི་བྱེད་དོ་ཞེས་བྱ་བའི་བར་དུ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་ཆོས་དེ་དག་གང་ཡང་ཐོབ་པར་བྱེད་པའི་རྒྱུ་མ་ཡིན་

ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གི་ཕྱིར་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་མི་གནས་ཏེ། དེའི་ཕྱིར་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད་པའི་གཏན་ཚིགས་བསྟན་པ་སྟེ།

ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པས་ཆོས་གང་ཡང་ཐོབ་པར་བྱ་བའི་ཕྱིར་དམིགས་པའི་ཚུལ་གྱིས་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱ་བ་ཡིན་ནོ། །ཅི་དེ་ཡང་ཐོབ་པར་མི་བྱེད་དམ་ཞེས་

ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་དེ་སྐད་དུ་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་དམ་ཞེས་ཟེར་བ་ནི་ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་བྱེད་དམིགས་པར་མི་བྱེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དུ་རོ་གཅིག་པས་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པ་གཉིས་ཐ་དད་དུ་དབྱེ་ཞིང་དམིགས་སུ་མེད་དོ་

ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད། དམིགས་པར་མི་བགྱིད་པ་ལགས་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བྱེད་པའི་

Vol. 92 · folio 31a

གཏན་ཚིགས་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་དང་། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐོབ་

པར་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མིང་དང་མཚན་མ་ལ་སོགས་པར་འཛིན་ཅིང་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་

འདས་འོ་ན་ཇི་ལྟར་ཐོབ་པར་བགྱིད་པ་ལགས་ཞེས་བྱ་བ་ནི་མི་དམིགས་པ་དང་མི་ལེན་པ་ལ་སོགས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་དམིགས་པ་དང་། མི་

ལེན་པ་དང་། མི་གནས་པ་དང་། མི་འདོར་བ་དང་། མངོན་པར་ཆགས་པ་མེད་པ་དེ་ལྟར་ཐོབ་པར་བྱེད་དེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཡིན་ཞིང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་དང་། བླང་དོར་མེད་ཅིང་མཉམ་པ་ཉིད་དུ་གྱུར་པ་ཉིད་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །གང་ཡང་ཐོབ་པར་བྱེད་པ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་མི་རྟོག་པ་ཡིན་པས་མཚན་མ་དང་བཅས་ཤིང་དམིགས་པའི་ཚུལ་གྱིས་ཐོབ་པར་བྱེད་པ་ནི་གང་ཡང་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་

དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་མི་བྱེད་དེ་གང་ཡང་ཐོབ་པར་མི་བྱེད་དོ་ཞེས་བྱ་བ་ནི་གོང་དུ་ཆོས་གང་ཡང་ཐོབ་པར་མི་བྱེད་པའི་གཏན་ཚིགས་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་

ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། དམིགས་པ་མ་མཆིས་པ་དང་། འཇིགས་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ་ཞེས་བྱ་བ་

Vol. 92 · folio 31b

ནི་གོང་དུ་ཆོས་ཐམས་ཅད་སྐྱེ་བ་དང་། འགག་པ་ལ་སོགས་པ་མེད་པར་རྟོགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་ཡིན་ལ། དོན་དམ་པར་ཆོས་གང་ཡང་ཐོབ་པར་བྱེད་པ་མེད་པར་བཤད་པས། བརྒྱ་བྱིན་མགུ་ནས་འཁོར་རྣམས་ཀྱང་མགུ་བ་དང་དད་པ་

བསྐྱེད་པའི་ཕྱིར་དེ་ལྟ་བུ་ངོ་མཚར་ཆེའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བགྱིད་པ་ལགས་སོ་ཞེས་བྱ་བའི་བར་དུ་ནི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཐོབ་པར་བྱེད་པའི་དངོས་པོར་འདུ་ཤེས་ཤིང་རྣམ་པར་རྟོག་གམ། ཆོས་ཐམས་ཅད་ཐོབ་པར་མི་བྱེད་པའི་དངོས་པོར་འདུ་ཤེས་ཤིང་རྣམ་པར་རྟོག་ན་ཡང་ཐོབ་པར་བྱེད་པ་དང་། ཐོབ་པར་མི་བྱེད་པའི་མཐའ་གཉིས་སུ་འཛིན་པས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་འགལ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་ཞིང་རིང་དུ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་བྱེད་པའི་

རྣམ་གྲངས་སོ་ཞེས་བྱ་བའི་བར་དུ་ནི་ཐོབ་པར་བྱེད་པ་དང་། ཐོབ་པར་མི་བྱེད་པའི་མཐའ་གཉིས་སུ་འཛིན་ཅིང་རྣམ་པར་རྟོག་པ་འབའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་ཞིང་རིང་དུ་བྱེད་པར་མ་ཟད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་དངོས་པོ་མེད་པ་དང་།

སྟོང་པ་ཤ་སྟག་ཏུ་སྟོན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གསོག་གསོབ་སྟེ་སྙིང་པོ་མེད་པའོ་སྙམ་དུ་སེམས་ཤིང་དེ་ལྟར་རྣམ་པར་རྟོག་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོར་ཞིང་རིང་དུ་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཆོས་གང་ལ་ཡིད་ཆེས་པར་འགྱུར་བ་ལགས་ཞེས་བྱ་བ་ནས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས། དངོས་པོ་ཡོད་པར་ཡིད་ཆེས་པར་བྱར་མི་རུང་བའི་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླེང་

Vol. 92 · folio 32a

བསླང་བའི་ཕྱིར་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས་གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་ཏེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཡིད་ཆེས་ན་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་

དངོས་པོ་ཡོད་པར་འཛིན་པར་མི་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མི་འགྱུར་བ་ལགས་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་

པར་མི་འགྱུར་བ་ལགས་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་མི་དམིགས་པའི་དོན་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར། བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སུ་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བ་ནས། དེ་

ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པར་རྟོགས་ཏེ། དེ་དག་གང་ལ་ཡང་དངོས་པོ་

ཡོད་པར་མི་དམིགས་ཤིང་མཚན་མར་མི་འཛིན་པར་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་ཡིད་ཆེས་པར་གྱུར་ན། གཟུགས་ལ་སོགས་པ་རྣམ་པ་

Vol. 92 · folio 32b

ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་དངོས་པོ་ཡོད་པས་ཡིད་ཆེས་པར་མི་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་

ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་བཟང་ཞིང་ཆེ་བར་རྣམ་པར་རྟོག་པ་མེད་ལ། ཡོངས་སུ་མ་དག་པའི་ཚེ་ཡང་ངན་ཞིང་ཆུང་བར་རྣམ་པར་རྟོག་པ་མེད་དེ། དེ་ལྟར་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་ཅིང་ཡོན་ཏན་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བསྟོད་པའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྒྱུ་གང་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ཞེས་བྱ་བ་ནི་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་དྲིས་པའོ། །གསོལ་པ། གཟུགས་ཆེ་བར་མི་བགྱིད་

ཆུང་བར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་

པས། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་བཟང་ཞིང་ཆེ་བར་མི་རྟོག་ལ་ཡོངས་སུ་མ་དག་པའི་ཚེ་ཡང་ངན་ཞིང་ཆུང་བར་མི་རྟོག་སྟེ། དེ་ལྟར་མཚན་མར་མི་འཛིན་ཅིང་རྣམ་པར་མི་རྟོག་པའི་ཡོན་ཏན་ཆེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ་

ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་ཆོས་

Vol. 92 · folio 33a

ཀྱི་དབྱིངས་ཉིད་དུ་བསྡུ་བའི་རྣམ་པར་རྟོག་པ་ཡང་མེད་ལ། ཡོངས་སུ་མ་དག་པའི་ཚེ་ཡང་ཀུན་བརྟགས་པའི་རང་བཞིན་དུ་སོ་སོར་འཕྲོས་ཤིང་ཡངས་པའི་རྣམ་པར་རྟོག་པ་ཡང་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་ཡང་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཚད་ཡོད་པ་དང་ཚད་མེད་པའི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་

མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུང་ངུར་མི་བགྱིད་དོ་ཞེས་བྱ་བ་ནས། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུང་ངུར་མི་བགྱིད་པའོ་ཞེས་བྱ་བའི་བར་

དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཚེ་ཡང་རྒྱ་ཆེ་བར་རྣམ་

པར་མི་རྟོག་ལ། ཡོངས་སུ་མ་དག་པའི་ཚེ་ཡང་རྒྱ་ཆུང་བར་རྣམ་པར་མི་རྟོག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མཐུ་དང་ལྡན་པར་མི་བགྱིད། མཐུ་མ་མཆིས་པར་མི་བགྱིད་དོ་ཞེས་བྱ་བ་

ནས་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་མི་བགྱིད། མཐུ་མ་མཆིས་པར་མི་བགྱིད་དོ་ཞེས་བྱ་བའི་བར་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་

Vol. 92 · folio 33b

རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མཐུ་དང་ལྡན་པར་རྣམ་པར་རྟོག་པ་ཡང་མེད་ལ། མཐུ་ཆུང་བར་རྣམ་པར་རྟོག་པ་ཡང་མེད་དེ། དེ་ལྟར་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་

པ་ཆེན་མོ་ཡིན་ནོ་ཞེས་བསྟན་པའོ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་དངོས་པོ་མེད་པར་རྟོག་པས་ཡོངས་སུ་དག་པའི་ཚེ་ཡང་ཡོན་ཏན་དུ་ལྟ་བའི་རྣམ་པར་རྟོག་པ་མེད་ལ། ཡོངས་སུ་མ་དག་པའི་ཚེ་ཡང་སྐྱོན་དུ་ལྟ་བའི་རྣམ་པར་རྟོག་པ་མེད་དེ། རྣམ་པར་མི་རྟོག་པའི་ཡོན་ཏན་ཆེ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཆེན་མོ་ཡིན་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཞེས་བྱ་བ་ནས་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་

ཆོས་རྣམས་མཐུ་དང་ལྡན་པར་མི་བྱེད་མཐུ་མེད་པར་མི་བྱེད་དོ་ཞེས་བགྱི་བར་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི་གལ་ཏེ་ཐེག་པ་ལ་

གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཆེ་བར་མི་བྱེད་ཆུང་བར་མི་བྱེད་པ་དང་། འདུ་བར་མི་བྱེད་ཡངས་པར་མི་བྱེད་པ་དང་། ཚད་ཡོད་པར་མི་བྱེད་ཚད་མེད་

པར་མི་བྱེད་པ་དང་། རྒྱ་ཆེན་པོར་མི་བྱེད། རྒྱ་ཆུང་བར་མི་བྱེད་པ་དང་། མཐུ་དང་ལྡན་པར་མི་བྱེད། མཐུ་མེད་པར་མི་བྱེད་པ་ཡིན་ནོ་སྙམ་དུ་སེམས་ཤིང་དངོས་པོ་དང་མཚན་མར་བཟུང་སྟེ། དེ་ལྟར་འདུ་ཤེས་སུ་གྱུར་ན་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་སྤྱོད་པ་

Vol. 92 · folio 34a

ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ཆུད་དོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། གང་གཟུགས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ་ཞེས་བྱ་བ་ནས། གང་བྱང་ཆུབ་

དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ཏེ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་དངོས་པོར་ལྟ་ཞིང་མཚན་མར་འཛིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པར་མི་ཆུད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ཡོངས་སུ་དག་པའི་རང་བཞིན་དུ་གནས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆེ་བ་དང་། ཆུང་བ་དང་། འདུ་བ་དང་། ཡངས་པ་དང་། ཚད་ཡོད་པ་དང་། ཚད་མེད་པ་དང་

རྒྱ་ཆེན་པོ་དང་། རྒྱ་ཆུང་བ་དང་། མཐུ་དང་ལྡན་པ་དང་། མཐུ་མེད་པར་བྱ་ཞིང་བསྒྱུར་དུ་མེད་པས་དེ་ལྟར་ཆེ་ཆུང་ལ་སོགས་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་དང་འབྲས་བུ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་དུ་གནས་པ་ལ་ཆེ་

ཆུང་ལ་སོགས་པ་བྱེད་ཅིང་རྣམ་པར་རྟོག་པར་འདུ་ཤེས་པར་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །བཅོམ་ལྡན་འདས་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ་ཞེས་

བྱ་བ་ནས། བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་བགྱིད་པའམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི་དེའི་དམིགས་པ་ཆེན་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཡང་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ཏེ། ཅི་ཡང་མི་བྱེད་པ་ལ་ཆོས་ཐམས་ཅད་ཆེ་བ་དང་། ཆུང་བ་དང་། འདུ་བ་དང་། ཡངས་པ་དང་། ཚད་ཡོད་པ་དང་། ཚད་མེད་པ་དང་། རྒྱ་ཆེ་བ་དང་། རྒྱ་ཆུང་བ་དང་། མཐུ་དང་ལྡན་པ་དང་། མཐུ་མེད་པར་བྱེད་པར་ལྟ་ཞིང་

Vol. 92 · folio 34b

མཚན་མར་འཛིན་ན་དམིགས་པ་ཅན་དུ་གྱུར་པས་བྱང་ཆུབ་སེམས་དཔའ་དེའི་སྐྱོན་ཆེན་པོར་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། དམིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་ཅེས་བགྱི་བ་མ་མཆིས་ཏེ་ཞེས་བྱ་བ་ནི་དེ་ལྟར་དམིགས་པ་དང་བཅས་ཤིང་། མཚན་མར་འཛིན་པ་

སྐྱོན་ཆེན་པོར་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། དེ་ལྟར་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་ལྟའོ་

ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཡོངས་སུ་འགྲུབ་པ་མ་མཆིས་པར་ལྟའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་

པའི་རང་བཞིན་ཡིན་པ་ལ། དངོས་པོ་དང་མཚན་མར་མི་འཛིན་ཅིང་དམིགས་པའི་འདུ་ཤེས་ཅན་དུ་མི་བྱ་བའི་དོན་བསྟན་པ་སྟེ། དེ་ནི་འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་ལྟའོ་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱིས་

བརྟགས་པའི་སེམས་ཅན་དངོས་པོ་མེད་པས་སྐྱེ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་སྐྱེ་བ་མེད་པར་ཤེས་པར་བྱའོ་ཞེས་བསྟན་པའོ། །དེ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པར་ལྟ་བ་བསྟན་པའོ། །

གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་གྱི་ཆོས་རྣམས་སྐྱེ་བ་མེད་པ་བསྟན་པས་ཆོས་ལ་བདག་མེད་པར་

རྟོགས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པར་ལྟ་བ་བསྟན་པའོ། །སྐྱེ་བ་མེད་པའི་འགྲེས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རང་བཞིན་མེད་པའི་འགྲེས་དང་། དངོས་པོ་མེད་པའི་འགྲེས་དང་། སྟོང་པ་ཉིད་ཀྱི་འགྲེས་དང་། དབེན་པའི་འགྲེས་དང་། མེད་པའི་

Vol. 92 · folio 35a

འགྲེས་དང་། བསམ་གྱིས་མི་ཁྱབ་པའི་འགྲེས་དང་། རྣམ་པར་འཇིགས་པ་མེད་པའི་འགྲེས་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་འགྲེས་དང་། སྟོབས་ཡོངས་སུ་འགྲུབ་པ་མེད་པའི་འགྲེས་རྣམས་ལ་ཡང་སྦྱར་བར་བྱ་སྟེ། སྐྱེ་བ་མེད་པ་

དང་། རང་བཞིན་མེད་པ་ལ་སོགས་པའི་ཚིག་བཅུ་པོ་འདི་དག་ཀྱང་དངོས་པོ་མེད་པའི་རྣམ་གྲངས་སུ་རིག་པར་བྱའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ཀྱང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཆེན་མོའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྐྱེ་བ་མེད་ཅིང་རང་བཞིན་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ཞིང་རྣམ་པར་རྟོག་པ་མེད་པས་ཆོས་གང་ལ་ཡང་ཆེ་ཆུང་དང་བཟང་ངན་ལ་སོགས་པར་མི་བྱེད་ཅིང་མཚན་མར་མི་འཛིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན་ནོ་ཞེས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་ཆེ་བའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་དྲུག་གོ། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་

ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱད་པ་ལགས་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོན་ཏན་ཆེ་ཞིང་རྒྱ་ཆེ་བ་ཤཱ་རིའི་བུས་ཐོས་ནས་དད་པ་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་

མོ་འདི་ལྟ་བུ་ལ་དད་ཅིང་མོས་པའི་བྱང་ཆུབ་སེམས་དཔའ་དེ་གནས་གང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡུན་ཇི་སྲིད་ཅིག་ལོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་པ་

དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས་ཡུན་ཇི་སྲིད་ཅིག་ལོན་པར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

Vol. 92 · folio 35b

རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བསྙེན་བཀུར་ནས་འདིར་འོངས་ཤིང་འདིར་སྐྱེས་པ་སྟེ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་དེ་གང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པ་དང་། དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་

བསྙེན་བཀུར་བྱས་པ་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་ཚད་མེད་དཔག་ཏུ་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ་ཞེས་བྱ་

བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ནས་ཡུན་ཇི་སྲིད་ལོན་པ་བསྟན་པའོ། །དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་ཚད་མེད་དཔག་ཏུ་མེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་སྟེ་ཞེས་བྱ་བས་ནི་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡུན་ཇི་སྲིད་ལོན་པར་བསྟན་པའོ། །དེ་སེམས་དང་པོ་བསྐྱེད་ཕྱིན་ཆད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདིར་འོངས་པའོ་ཞེས་བྱ་བའི་བར་དུ་ནི་

ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ཚེ་འཕོས་ཞིང་འདིར་སྐྱེ་བའི་ཚེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བར་བསྟན་པའོ། །དེས་དེ་ནས་བཟུང་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་ཚད་མེད་དཔག་ཏུ་མེད་པ་བསམ་གྱིས་མི་

ཁྱབ་པ་མཚུངས་པ་མེད་པ་བསྙེན་བཀུར་ནས་འདིར་འོངས་ཤིང་འདིར་སྐྱེས་པ་སྟེ་ཞེས་བྱ་བས་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ཚེ་འཕོ་ཞིང་འདིར་སྐྱེ་བའི་ཚེ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་པ་དང་མ་བྲལ་བ་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐོང་ངམ་ཐོས་ནས་ཞེས་བྱ་བ་ནས། དོན་དང་ཚུལ་གྱིས་རྗེས་སུ་འབྲང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཚེ་རབས་སྔ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པའི་རྒྱུས་ཚེ་འདི་ལ་ཡང་ཤེས་

Vol. 92 · folio 36a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐོང་བ་ཙམ་མམ། ཐོས་པ་ཙམ་གྱིས་སངས་རྒྱས་བཅོམ་ལྡན་འདས་མཐོང་ཞིང་ཐོས་པ་དང་འདྲ་བར་དད་པ་སྐྱེ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཇི་ལྟ་བ་དང་། ཚུལ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་རྟོགས་པར་

འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉན་པ་འམ་བལྟ་བར་ནུས་སམ་ཞེས་བྱ་བ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ངམ་ཐོས་ན་སྟོན་པ་

མཐོང་ཞིང་ཐོས་པར་སེམས་པར་འགྱུར་རོ་ཞེས་བཤད་པ་ལ་འཁོར་གྱི་ནང་ནས་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་ཡང་དངོས་པོ་ཡོད་དེ་མཉན་ཅིང་བལྟར་ཡོད་པ་ཞིག་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་པ་མེད་དོ་ལྟ་བ་མེད་དོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་ཉན་མི་ལྟའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས་གཞན་གྱིས་བལྟ་ཞིང་མཉན་པར་བྱ་བའི་

དངོས་པོ་ཡང་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་གཞན་ལས་ཉན་ཅིང་ལྟ་བའི་དངོས་པོ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ལ་སེམས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་ཞེས་བྱ་བ་ནས་ཆོས་ལ་སེམས་པ་མེད་པའི་

ཕྱིར་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས་ཅད་ལ་མཉན་ཅིང་བལྟར་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ལ་སེམས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་དོན་

དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པར་ལྟ་བ་དང་། ཉན་པར་སེམས་པ་ཡང་མི་སྲིད་པའི་ཕྱིར་རོ། །དེ་དག་གིས་མི་ཐོས་མི་མཐོང་ངོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ཤིང་མཐོང་ན། སྟོན་པ་ཐོས་ཤིང་མཐོང་བར་སེམས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་

Vol. 92 · folio 36b

མི་ཐོས་མི་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བགྱིད་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱོད་སྤྱོད་པ་ལགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་

མོ་འདི་ལ་མི་དམིགས་པའི་ཚུལ་གྱིས་སྤྱོད་པའི་ཡོན་ཏན་བསྟན་པ་དང་། དམིགས་པ་དང་བཅས་པར་སྤྱོད་པ་རྣམས་ཀྱི་སྐྱོན་ཞིབ་ཏུ་བསྟན་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་རྣམ་པར་ཕྱེ་ཞིང་བཤད་དགོས་པ་སྟེ་ཞེས་

བྱ་བ་ནི་ཚེ་རབས་སྔ་མ་ཡུན་རིང་པོ་ནས་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་སྤྱོད་པ་དང་། དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་སྐུར་པ་འདེབས་ཤིང་རབ་ཏུ་

སྤོང་བ་དག་ཀྱང་ཡོད་དེ། དེ་དག་ཀྱང་རྣམ་པར་ཕྱེ་སྟེ་བཤད་དགོས་སོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་མི་དམིགས་པའི་ཚུལ་གྱིས་

བརྩོན་པར་བྱེད་པ་དང་ཞེས་བྱ་བ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་བར་དུ་ནི་མི་དམིགས་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་ཡུན་རིང་པོ་ནས་སྤྱོད་སྤྱོད་

པས་དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང་། ཆོས་གང་ལ་ཡང་འཕེལ་བ་དང་འགྲིབ་པ་མེད་པར་མཐོང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་ཡང་སྐུར་པ་མི་འདེབས་མི་སྤོང་ཞིང་སེམས་དང་པོ་བསྐྱེད་པ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དང་མི་

འབྲལ་བའི་ཡོན་ཏན་དང་ལྡན་པ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དག་ཀྱང་ཡོད་དོ། །དེ་དག་ནི་ཚེ་རབས་སྔ་མ་ཡུན་རིང་པོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གོམས་པར་བྱེད་བྱེད་པས། ཚེ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྐུར་པ་མི་འདེབས་ཤིང་བརྩོན་

Vol. 92 · folio 37a

པར་བྱེད་དོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་ཞེས་བྱ་བ་ནས། གང་ན་སངས་རྒྱས་ཀྱི་སྒྲ་མེད་པ་དང་། ཆོས་ཀྱི་སྒྲ་མེད་པ་དང་། དགེ་འདུན་གྱི་སྒྲ་

མེད་པ་དེ་དག་རྟག་ཏུ་སྐྱེ་བར་འགྱུར་བ་ཡིན་ཞེས་བྱ་བའི་བར་དུ་ནི་དམིགས་པ་དང་བཅས་པར་ལྟ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ལ་མ་མོས་ཏེ་སྤོང་ཞིང་སྐུར་པ་འདེབས་པ་རྣམས་བསྟན་པ་སྟེ། དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་། ཕ་རོལ་ཏུ་ཕྱིན་པ་དྲུག་

ལ་སོགས་པ་ལ་སྤྱད་དུ་ཟིན་ཀྱང་དམིགས་པ་དང་བཅས་པའི་ལྟ་བ་ཅན་དུ་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་འཇིགས་ཤིང་སྐྲག་སྟེ། མ་དད་མ་མོས་ནས་སྤོང་ཞིང་སྐུར་པ་འདེབས་ཏེ། འདི་ནི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་གྱིས། བདུད་ཀྱིས་སྨྲས་

པའོ་ཞེས་སྐུར་པ་བཏབ་པའི་ལན་གྱིས་ཡུན་རིང་པོར་ངན་སོང་རྒྱུད་གསུམ་དུ་སྐྱེ་བར་འགྱུར་བ་དང་། ངན་སོང་གསུམ་ནས་ཐར་ཏེ་མིར་སྐྱེས་ན་ཡང་རིགས་ངན་དང་ཡན་ལག་ཉམས་པར་འགྱུར་བ་དང་། དཀོན་མཆོག་གསུམ་གྱི་སྒྲ་ཡང་མི་ཐོས་པར་འགྱུར་བ་དག་ཀྱང་ཡོད་དོ་ཞེས་བསྟན་

པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔས་ནི་ཆོས་འཇིག་པར་འགྱུར་བའི་སུག་ལས་བགྱིས་པ་དང་བསགས་པ་འདིའི་གཟུགས་བརྙན་ཙམ་དུ་ཡང་མ་སྤྱད་དོ་ཞེས་བྱ་བ་ནི་གོང་དུ་བཤད་

པ་དང་སྦྱར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མ་དད་མ་མོས་ནས་སྤོང་ཞིང་སྐུར་པ་བཏབ་པས་ནི་འཇིག་རྟེན་གྱི་ཁམས་དུ་མའི་ངན་སོང་རྒྱུད་གསུམ་གྱི་སྡུག་བསྔལ་མྱོང་བར་འགྱུར་ཞིང་མཚམས་མེད་པ་ལྔ་བྱས་པས་ནི་འཇིག་རྟེན་གྱི་ཁམས་གཅིག་གིས་ངན་སོང་རྒྱུད་གསུམ་གྱི་

སྡུག་བསྔལ་མྱོང་བར་འགྱུར་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤོང་ཞིང་སྐུར་པ་འདེབས་པ་ནི་མཚམས་མེད་པ་ལྔ་བྱས་པ་བས་ཀྱང་སྡིག་པ་ཆེས་ཆེ་བ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 92 · folio 37b

ཟབ་མོ་འདི་བསྟན་ཅིང་བཤད་པའི་ཚེ། ཕྱིར་སྤངས་པར་སེམས་ཤིང་ཞེས་བྱ་བ་ནས་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་པའམ། གཤིན་རྗེའི་འཇིག་རྟེན་གྱི་ཁམས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མ་དད་ཅིང་སྨོད་པའི་ཚིག་ཇི་སྐད་

ཟེར་བ་རྣམས་སྨོས་ནས་མཚམས་མེད་པ་ལྔ་བྱས་པའི་སྡིག་པ་བས་ཆེས་ཤིན་ཏུ་ཆེ་སྟེ། བརྗོད་ཀྱིས་ཀྱང་མི་ལང་ངོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ལ་སྐྱོན་འདོགས་པའི་གང་ཟག་དེར་སྐྱེས་པ་དེའི་ལུས་ཀྱི་ཚད་ད་དུང་མ་གསུངས་སོ་ཞེས་བྱ་བ་ནི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མ་དད་ནས་སྨོད་ཅིང་སྐྱོན་འདོགས་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་པའི་སྡུག་བསྔལ་ཆེ་བ་རྣམ་པ་གཞན་དག་ཀྱང་བསྟན་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ལ་སྐྱོན་

འདོགས་པའི་གང་ཟག་དེར་སྐྱེས་པའི་ལུས་ཀྱི་ཚད་མ་གླེང་ཤིག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་ཤ་ར་དྭ་ཏིའི་བུ་ལ་སྐབས་དབྱེ་བ་མ་མཛད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྨོད་ཅིང་སྐྱོན་འདོགས་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་པའི་ལུས་

ཀྱི་ཚད་སྨོས་སུ་མི་རུང་བ་བསྟན་པས། ཆོས་ཟབ་མོ་འདི་ལ་སྨོས་པ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བའི་སྐྱོན་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ་ཞེས་བྱ་བ་ནས། སྲོག་གི་དོན་དུ་ཡང་དམ་པའི་ཆོས་མི་སྤོང་ངོ་ཞེས་བྱ་བའི་བར་དུ་ནི་

ཆོས་ཟབ་མོ་ལ་སྨོད་པའི་གང་ཟག་སེམས་ཅན་དམྱལ་བར་སྐྱེས་པའི་ལུས་ཀྱི་ཚད་བཤད་ན། མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ཆེས་སྐྲག་ནས། དེ་ལྟ་བུའི་ལས་མི་བྱེད་པ་ལ་ཕན་བགྱི་བ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱིས་

དེའི་ལུས་ཀྱི་ཚད་མ་བཤད་ཀྱང་། ངན་སོང་རྒྱུད་གསུམ་དུ་སྡུག་བསྔལ་རྣམ་པ་མང་པོ་མྱོང་བར་བཤད་པ་ཉིད་ཀྱིས། མ་འོངས་པའི་དུས་ཀྱི་སེམས་ཅན་དཀར་པོའི་ཆོས་ལ་ཕྱོགས་པ། བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་རྣམས་སྐྲག་ནས། དེ་ལྟ་བུའི་སྡིག་པའི་ལས་

Vol. 92 · folio 38a

བྱེད་པར་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས། གང་ཟག་དམ་པའི་ཆོས་སྤོང་བའི་ནོངས་པ་བརྗོད་པ་ནི་ཐོས་ནས་ཞེས་བྱ་བ་ནས།

ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་བསྡམ་པར་བགྱིའོ་ཞེས་བྱ་བའི་བར་དུ་ནི་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ལུས་དང་ངག་དང་ཡིད་གསུམ་གྱི་སྒོ་ནས་ཆོས་ལ་ངན་དུ་མི་བྱ་བའི་དམིགས་པ་བསྟན་པའོ། །ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ཇི་

སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། སྡུག་བསྔལ་དང་ཡིད་མི་བདེ་བ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཚིག་གི་ལས་འབའ་ཞིག་གིས་ཆོས་ཟབ་མོ་ལ་སྐུར་པ་བཏབ་ཅིང་སྐྱོན་བཏགས་ན་ཡང་དཀོན་མཆོག་གསུམ་ཆར་ལ་སྐྱོན་བཏགས་པར་

འགྱུར་ཞིང་། དེའི་ལས་ཀྱིས་ངན་སོང་རྒྱུད་གསུམ་དུ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ན་ལུས་དང་ངག་དང་ཡིད་གསུམ་ཆར་གྱི་སྒོ་ནས་ཆོས་ལ་ངན་དུ་བྱས་ན་ལྟ་སྨོས་ཀྱང་ཅི་དགོས་ཀྱི། ལུས་དང་ངག་དང་ཡིད་ཀྱི་ལས་གསུམ་ཤིན་ཏུ་བསྡམ་པར་བྱའོ་ཞེས་བསྟན་

པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སླར་སྤོང་བ་དེ་དག་རྣམ་པ་དུ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླར་སྤོང་བར་འགྱུར་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་བཞི་པོ་དེ་དག་གིས་

སྐྱེས་བུ་གླེན་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་སྤོང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མ་དད་མ་མོས་ནས། སྐྱོན་འདོགས་ཤིང་སྐུར་པ་འདེབས་པའི་རྒྱུ་རྣམ་པ་བཞི་བསྟན་པ་སྟེ། དེ་དག་ཤེས་པར་བྱས་ནས་

བག་བྱ་ཞིང་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྩོན་འགྲུས་ཆུང་བ་དང་། དགེ་བའི་རྩ་བ་དང་མི་ལྡན་ཞིང་སྡིག་པའི་གྲོགས་པོའི་སུག་པར་མཆིས་པ་རྣམས་ཀྱིས་མོས་པར་དཀའོ་ཞེས་བྱ་བ་ལ་སོགས་

Vol. 92 · folio 38b

པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སེམས་ཅན་བསོད་ནམས་ཆུང་ངུ་སྣོད་དུ་མ་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་བསྟན་པ་སྟེ། ཐེག་པ་ཆེན་པོའི་ཆོས་ལ་མངོན་པར་བརྩོན་པ་དང་། དགེ་བའི་རྩ་བ་བསྐྱེད་ཅིང་བསོད་ནམས་ཀྱི་ཚོགས་བསགས་པ་དང་། དགེ་བའི་

བཤེས་གཉེན་ལ་བརྟེན་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་མོས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཇི་ཙམ་དུ་ཟབ་པ་ལགས་ཞེས་བྱ་བ་ནི་ཆོས་ཐམས་ཅད་མ་

བཅིངས་མ་གྲོལ་བར་བཤད་པ་དང་། རྣམ་པར་དག་པར་བཤད་པ་དང་། ཀུན་ཏུ་མཐའ་ཡས་པར་བཤད་པ་དང་། ཆགས་པ་དང་མ་ཆགས་པར་བཤད་པའི་སྒོ་ནས་ཟབ་པ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རང་བཞིན་མེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་བསྟན་པ་སྟེ།

དེ་ལ་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ལ་རང་བཞིན་མེད་པ་ནི་གཟུགས་སོ་ཞེས་བྱ་བ་ནི་དོན་དམ་པར་ཀུན་བརྟགས་པའི་གཟུགས་ཀྱི་རང་བཞིན་མེད་པའི་ཕྱིར་ཡོངས་སུ་མ་དག་པའི་ཚེ་ཡང་ལས་དང་ཉོན་མོངས་པ་ལ་སོགས་པས་བཅིངས་

པར་གྱུར་པ་ཡང་མེད་ལ། ཡོངས་སུ་དག་པའི་ཚེ་ཡང་དེ་དག་ལས་གྲོལ་བར་གྱུར་པ་ཡང་མེད་དེ། དེ་ལྟར་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པར་རྟོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ནི་དམིགས་པ་དང་བཅས་ཤིང་

མཚན་མར་འཛིན་པ་རྣམས་ཀྱིས་རྟོགས་པར་མི་ནུས་ཤིང་གཏིང་དཔག་དཀའ་བའི་ཕྱིར་ཟབ་མོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །རབ་འབྱོར་གཟུགས་

Vol. 92 · folio 39a

ནི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ་ཞེས་བྱ་བ་ནས། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བར་བསྟན་པ་དེ་ཉིད་གསལ་བར་བཤད་པའི་ཕྱིར་དུས་

གསུམ་དང་སྦྱར་ནས་བསྟན་པ་སྟེ། དམིགས་པ་ཅན་ཁ་ཅིག་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་འདས་པའི་དུས་ན་ནི་བྱ་བ་བྱས་ཟིན་པའི་རང་བཞིན་དུ་ཡོད། ད་ལྟར་བྱུང་བའི་དུས་ན་ནི་བྱ་བ་བྱེད་པའི་རང་བཞིན་དུ་ཡོད། མ་འོངས་པའི་དུས་ན་ནི་བྱ་བ་བྱེད་པར་འགྱུར་བའི་

རང་བཞིན་དུ་ཡོད་པར་ལྟ་བ་ལས་བཟློག་པའི་ཕྱིར་དོན་དམ་པར་གཟུགས་ཉིད་ཀྱང་དངོས་པོ་མེད་པའི་རང་བཞིན་ཡིན་ལ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བའི་དུས་ཀྱང་གཟུགས་ཉིད་ཞིག་པ་དང་། མ་བྱུང་བ་དང་། གནས་པ་ལས་གདགས་སུ་ཟད་ཀྱི་དེ་ལས་གུད་ན་

སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་ཞེས་བྱ་བའི་དངོས་པོ་མེད་དེ་དུས་གསུམ་ཆར་ཡང་རང་བཞིན་གྱིས་སྟོང་ཞིང་དེ་བཞིན་ཉིད་དུ་རོ་གཅིག་སྟེ། མི་འགྱུར་བ་ཡོངས་སུ་རྫོགས་པའི་ཕྱིར་བཅིངས་པ་དང་གྲོལ་བ་མེད་དོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་

པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཆུང་བ། དགེ་བའི་རྩ་བ་མ་བསྐྱེད་པ། སྡིག་པའི་གྲོགས་པོའི་སུག་པར་ལྷུང་བ། བདུད་

ཀྱི་དབང་དུ་གྱུར་པ། ལེ་ལོ་ཅན་བརྩོན་འགྲུས་བཏང་བ། དྲན་པ་ཉམས་པ་ཤེས་བཞིན་དང་མི་ལྡན་པ་རྣམས་ཀྱིས་མོས་པར་དཀའོ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཐམས་ཅད་རྣམ་པར་དག་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མོས་པར་དཀའ་ཞིང་ཟབ་པར་བཤད་

པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་གླེངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་

Vol. 92 · folio 39b

པར་དག་པའོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་རྣམ་པར་དག་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མོས་པར་དཀའ་ཞིང་ཟབ་པར་བསྟན་པ་སྟེ། དེ་ལ་རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བ་ནི་དོན་དམ་པར་གཟུགས་ཀྱི་

རང་བཞིན་སྟོང་ཞིང་། རྣམ་པར་དག་པ་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཐའི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་འབྲས་བུ་ཡིན་གྱིས་དེ་ལས་གུད་ན་འབྲས་བུ་གཞན་མེད་དེ། དེ་བས་ན་དོན་དམ་པར་གཟུགས་ལ་སོགས་

པའི་ཆོས་ཐམས་ཅད་རྣམ་པར་དག་པ་དང་། མྱ་ངན་ལས་འདས་པ་འབྲས་བུ་ཞེས་བྱ་བ་དེ་དག་དེ་བཞིན་ཉིད་དུ་རོ་གཅིག་སྟེ། རྣམ་པར་དག་པའི་རང་བཞིན་དུ་ཐ་མི་དད་དོ་ཞེས་བསྟན་པའོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་

སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་གཟུགས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་གཟུགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཟུགས་ཡོངས་སུ་དག་པ་དང་། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ནས། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་

མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གཉིས་དོན་དམ་པར་རང་བཞིན་གྱིས་སྟོང་པ་ཉིད་དུ་རོ་གཅིག་སྟེ། ཐ་མི་དད་པར་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། དེ་ལ་གཉིས་སུ་མེད་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །གཉིས་སུ་བྱར་མེད་པ་ནི་དེ་ལྟར་སྟོང་པ་ཉིད་དུ་རོ་གཅིག་པ་ལ་ཐ་དད་དུ་དབྱེར་མེད་པའི་ཕྱིར་རོ། །སོ་སོ་མ་ཡིན་པ་ནི་དེ་ལྟར་སྟོང་པ་ཉིད་དུ་རོ་གཅིག་པ་ལ་བྱེ་

Vol. 92 · folio 40a

བྲག་དབྱེར་མེད་པའི་ཕྱིར་རོ། །ཐ་མི་དད་པ་ནི་དེ་ལྟར་སྟོང་པ་ཉིད་དུ་རོ་གཅིག་པ་ལ་གཞན་གྱིས་བར་མི་ཆོད་པའི་ཕྱིར་རོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་

བྱའོ། །རབ་འབྱོར་གཞན་ཡང་བདག་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་

བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ནས། དེ་ལྟར་མཐོང་བ་པོ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་དང་།

སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། བདག་རྣམ་པ་བཅུ་གཉིས་པོ་དེ་དག་རང་བཞིན་གྱིས་སྟོང་པའི་ཕྱིར་རྣམ་པར་དག་པ་དང་།

གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་རྣམ་པར་དག་པ་རེ་རེ་དང་སྦྱར་ཏེ། རྣམ་པར་དག་པའི་རང་བཞིན་དུ་ཐ་མི་དད་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །རབ་འབྱོར་

གཞན་ཡང་བདག་ཡོངས་སུ་དག་པས་གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། བདག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བདག་ཡོངས་སུ་དག་པ་དང་། གཟུགས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ནས།

དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྣམ་པ་བཅུ་གཉིས་པོ་རེ་རེ་དང་། གཟུགས་ལ་

Vol. 92 · folio 40b

སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དང་སྦྱར་ཏེ། བདག་རྣམས་ཡོངས་སུ་དག་པར་རྟོགས་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པར་རྟོགས་པ་དང་། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པར་

རྟོགས་པས་བདག་རྣམས་ཡོངས་སུ་དག་པར་རྟོགས་པ་ངོ་བོ་ཉིད་ཀྱིས་སྟོང་ཞིང་ཡོངས་སུ་དག་པའི་རང་བཞིན་དུ་ཐ་མི་དད་པར་བཤད་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅིང་མོས་པར་དཀའ་བར་བསྟན་པའོ། །རབ་འབྱོར་གཞན་ཡང་འདོད་ཆགས་རྣམ་པར་དག་པས་གཟུགས་རྣམ་པར་དག་

པ་གཟུགས་རྣམ་པར་དག་པས་འདོད་ཆགས་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་རྣམ་པར་དག་པ་དང་གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ནས། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་ཀུན་བརྟགས་པའི་རང་བཞིན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་དོན་དམ་པར་དངོས་པོ་མེད་དེ། རང་བཞིན་གྱིས་རྣམ་པར་དག་པས་རྟོགས་ན་ཀུན་བརྟགས་

པའི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་རྣམ་པར་དག་པར་རྟོགས་པ་དང་། ཀུན་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྣམ་པར་དག་པར་རྟོགས་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་

རྣམ་པར་དག་པར་རྟོགས་པར་འགྱུར་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་རྣམ་པར་དག་པ་རེ་རེ་དང་། གཟུགས་ལ་སོགས་པ་ཆོས་ཐམས་ཅད་རྣམ་པར་དག་པ་དང་སྦྱར་ཏེ། དེ་ལྟར་རང་བཞིན་གྱིས་སྟོང་ཞིང་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པར་

བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་འདོད་ཆགས་ཡོངས་སུ་དག་པས་གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས་འདོད་ཆགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདོད་ཆགས་

Vol. 92 · folio 41a

ཡོངས་སུ་དག་པ་དང་། གཟུགས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ནས། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའི་འདི་ལ་གཉིས་སུ་

མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་ཆོས་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོངས་སུ་དག་པར་རྟོགས་ན་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་

ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོངས་སུ་དག་པར་རྟོགས་པ་དང་། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོངས་སུ་དག་པར་རྟོགས་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་ཡོངས་སུ་དག་པར་རྟོགས་པར་འགྱུར་ཏེ། འདོད་ཆགས་དང་། ཞེ་སྡང་དང་།

གཏི་མུག་གསུམ་ཡོངས་སུ་དག་པ་རེ་རེ་དང་། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཡོངས་སུ་དག་པ་དང་སྦྱར་ཏེ། དེ་ལྟར་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པ་ལ་ཐ་དད་དུ་དབྱེར་མེད་པར་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་

པའོ། །རབ་འབྱོར་གཞན་ཡང་མ་རིག་པ་རྣམ་པར་དག་པས་འདུ་བྱེད་རྣམ་པར་དག་པ། འདུ་བྱེད་རྣམ་པར་དག་པས་མ་རིག་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་མ་རིག་པ་རྣམ་པར་དག་པ་དང་། འདུ་བྱེད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་

ཡིན་ཐ་མི་དད་དོ་ཞེས་བྱ་བ་ནས། དེ་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་མ་རིག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་གཅིག་རྣམ་པར་དག་པར་རྟོགས་པས་དེའི་འོག་མ་ཡང་རྣམ་པར་དག་པར་རྟོགས་པར་འགྱུར་ཏེ། དེ་ལྟར་ཆོས་དེ་དག་རྣམ་པར་དག་ཅིང་རང་བཞིན་གྱིས་སྟོང་པ་ལ་ཐ་དད་དུ་དབྱེར་མེད་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་

Vol. 92 · folio 41b

ཅིང་མོས་པར་དཀའ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་

པ་དང་། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལས་

ཆོས་རེ་རེ་རྣམ་པར་དག་པ་དང་། གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང་། རྣམ་པར་ཤེས་པ་དྲུག་དང་། འདུས་ཏེ་རེག་པ་དྲུག་དང་། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་རྣམས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པར་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། རྣམ་པར་ཤེས་པ་དྲུག་དང་། འདུས་ཏེ་རེག་པ་

དྲུག་དང་། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་སྦྱར་ཏེ། ཆོས་གསུམ་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པ་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲེས་ཐ་མ་ལ་ལྟག་འོག་གཉིས་ཀ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོས་པ་གོང་མ་ནི་ཀུན་བརྟགས་པའི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་དུ་མཁྱེན་པ་

ཉིད་ལ་བྱའོ། །འོག་མ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱ་སྟེ། དོན་དམ་པར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་ཅིང་ཐ་མི་དད་པར་ཐུགས་སུ་ཆུད་པ་ལ་བྱ་བར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་

Vol. 92 · folio 42a

པ་ཉིད་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་ནས་དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་

ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཐོག་མར་སྨོས་ནས། གཟུགས་ལ་སོགས་པ་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། རྣམ་པར་ཤེས་པ་དྲུག་དང་། འདུས་ཏེ་

རེག་པ་དྲུག་དང་། འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དྲུག་ལ་ཐུག་གི་བར་དུ་ཆོས་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་རེ་རེ་དང་སྦྱར་ཏེ། ཆོས་དེ་དག་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །རབ་འབྱོར་

གཞན་ཡང་འདུས་བྱས་རྣམ་པར་དག་པས་འདུས་མ་བྱས་རྣམ་པར་དག་པ་སྟེ་ཞེས་བྱ་བ་ནས། དེ་ལྟར་ན་དེ་ལྟར་བྱུང་བ་རྣམ་པར་དག་པ་དང་། འདས་པ་དང་། མ་འོངས་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བའི་བར་དུ་ནི་འདུས་

བྱས་དང་། འདུས་མ་བྱས་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པ་དང་། དུས་གསུམ་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤེད་

པ་ལས་ལེའུ་ཉི་ཤུ་བདུན་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་ཆོས་ཐམས་ཅད་རྣམ་པར་དག་པ་ལ་ཐ་དད་དུ་དབྱེར་མེད་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 92 · folio 42b

འདི་ཟབ་ཅིང་མོས་པར་དཀའ་བ་བཤད་པའི་དོན་ཤཱ་རིའི་བུས་རྟོགས་ནས་རྣམ་པར་དག་ཅིང་ཟབ་པའི་དོན་དེ་ཉིད་འཁོར་རྣམས་ལ་གསལ་ཞིང་ཞིབ་ཏུ་བཤད་པའི་གླེང་བསླང་བ་དང་། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་པ་བསྟན་པ་སྟེ། བཅོམ་

ལྡན་འདས་རྣམ་པར་དག་པ་འདི་ཟབ་པོ་ཞེས་བྱ་བ་ནི་གོང་དུ་རྣམ་པར་དག་པ་བཤད་པ་དེ་དམིགས་པ་ཅན་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་ཟབ་པོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་བྱ་དང་ཉོན་མོངས་

པའི་སྒྲིབ་པ་ཐམས་ཅད་བག་ཆགས་ཀྱང་མ་ལུས་པར་སྤངས་ཤིང་ཅིས་ཀྱང་མ་གོས་ཏེ། ཤིན་ཏུ་རྣམ་པར་དག་པ་དེ་རྟོག་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟབ་པོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུས་གསོལ་པ། གང་རྣམ་པར་དག་པའི་སླད་དུ་ཞེས་བྱ་བ་ནི་གཟུགས་ལ་སོགས་

པའི་ཆོས་ཐམས་ཅད་རྣམ་པར་དག་པ་བཤད་པའི་གླེང་བསླང་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་རྣམ་པར་དག་པ་ཟབ་པོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཟབ་པོ་ཞེས་བྱ་བའི་བར་

དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་རྣམ་པར་དག་པ་སྟེ། ཅིས་ཀྱང་མ་གོས་པ་དེ་མཚན་མར་འཛིན་ཅིང་རྟོག་པ་ཅན་རྣམས་ཀྱིས་རྟོགས་ཤིང་ཡིད་ཆེས་པར་དཀའ་བའི་ཕྱིར་ཟབ་པོ་

ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་སྣང་བའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་སྣང་བའོ་ཞེས་བྱ་བའི་བར་དུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཡོངས་སུ་དག་ཅིང་ཅིས་ཀྱང་མ་བསྒྲིབས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ནི་སྣང་བའོ་ཞེས་བཤད་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིང་གི་མཚམས་སྦྱོར་བ་མ་མཆིས་པའོ་ཞེས་བྱ་བ་

Vol. 92 · folio 43a

ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཕོ་བ་མེད་ཅིང་ཉིང་གི་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་རང་བཞིན་གྱིས་སྟོང་ཞིང་རྣམ་པར་དག་

པས་ཕུང་པོ་འདི་བོར་ཏེ། ཕ་རོལ་ཏུ་འཕོ་བ་ཡང་མེད་ལ། ཕུང་པོ་ཕྱི་མ་ལེན་པའི་ཉིང་མཚམས་སྦྱོར་བ་ཡང་མེད་པ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བཞིན་

གྱིས་འོད་གསལ་བའི་ཕྱིར་རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་ཡོངས་སུ་དག་ཅིང་རང་བཞིན་གྱིས་འོད་གསལ་བ་སྟེ། འདོད་ཆགས་ལ་སོགས་པའི་

ཉོན་མོངས་པ་རྣམས་ཀྱིས་མ་གོས་པའི་ཕྱིར་རྣམ་པར་དག་པ་ལ་ཀུན་ནས་ཉོན་མོངས་པ་མེད་པ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཐོབ་པར་བགྱི་བ་དང་། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ཐོབ་པར་བྱ་བ་མེད་པ་དང་། མངོན་པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་རྣམ་པར་དག་པ་ཡིན་པས་དེ་ལས་འབྲས་བུ་ཐོབ་པར་

བྱ་བ་དང་། རྟོགས་པར་བྱ་བ་གང་ཡང་མེད་པ་ཉིད་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ་ཞེས་བྱ་བའི་

བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པས་མངོན་པར་བསྒྲུབ་པར་བྱ་བ་དང་། མངོན་པར་སྒྲུབ་པར་བྱེད་པ་གཉིས་ཀ་དངོས་པོ་ཡོད་པར་མ་གྲུབ་པ་ཉིད་རྣམ་པར་དག་པ་ཡིན་ནོ་

Vol. 92 · folio 43b

ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་གཟུགས་མེད་པའི་ཁམས་རང་བཞིན་གྱིས་མི་དམིགས་པའི་ཕྱིར་རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་ངོ་

བོ་ཉིད་ཀྱིས་སྟོང་ཞིང་རྣམ་པར་དག་པའི་རང་བཞིན་དེ་བཞིན་ཉིད་དེ་ནི་ཁམས་གསུམ་གང་དུའང་སྐྱེ་བ་མེད་པ་བསྟན་པ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཞེས་བྱ་བ་ཡང་ཀུན་བརྟགས་པ་ཙམ་དུ་ཟད་དེ་དོན་དམ་པར་ཁམས་གསུམ་

ཉིད་ཀྱང་རང་བཞིན་གྱིས་སྟོང་སྟེ། དམིགས་སུ་མེད་པ་དེར་སྐྱེ་བར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ལྟར་གང་དུ་སྐྱེ་བའི་གནས་དང་། སྐྱེ་བར་འགྱུར་བ་གཉིས་ཀ་མི་དམིགས་པ་ཉིད་རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་

པ་ནི་འཚལ་བ་མ་མཆིས་པའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཤེས་སོ་ཞེས་བྱ་བའི་བར་དུ་ནི་རྣམ་པར་དག་པ་ཞེས་བྱ་བ་རང་གི་མཚན་

ཉིད་ཀྱིས་སྟོང་ཞིང་དངོས་པོ་མེད་པ་ཡིན་པས་ཤེས་པར་བྱེད་པའི་རང་བཞིན་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཤེས་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་སྟེ། ཆོས་ལ་སེམས་མེད་པའི་ཕྱིར་རྣམ་པར་དག་

པ་ལ་ཤེས་པ་མེད་དོ་ཞེས་བྱ་བ་ནི་རྣམ་པར་དག་པའི་ཆོས་ཉིད་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་རྣམས་ལ་མཚན་མར་འཛིན་པའི་ཤེས་པ་མེད་དོ་ཞེས་བྱ་བའི་དོན་ཏེ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་

མི་བགྱིད་གནོད་པར་མི་བགྱིད་དོ་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་བཞིན་ཉིད་དུ་རོ་གཅིག་ཅིང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཅིག་གི་རྒྱུ་གཅིག་མ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་

Vol. 92 · folio 44a

ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་གཉིས་ཀ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་དུ་རོ་གཅིག་ཅིང་། ཤིན་ཏུ་རྣམ་པར་དག་པའི་ཕྱིར་

གཅིག་གི་རྒྱུ་གཅིག་མ་ཡིན་ནོ་ཞེས་གོང་དུ་བཤད་པའི་དོན་དེ་ཉིད་བསྣན་ཏེ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད་ཅིང་གནོད་པར་མི་བགྱིད་པ་ལགས་ཞེས་བྱ་བ་ནི་གོང་དུ་ཤཱ་རིའི་

བུས་བཤད་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། འཁོར་རྣམས་བརྟན་པར་ཡིད་ཆེས་པར་འགྱུར་བའི་ཕྱིར་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་མི་བྱེད་གནོད་པར་མི་བྱེད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་གཉིས་ཀ་ཡང་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རོ་གཅིག་སྟེ། ཐ་མི་དད་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་མི་

འགྱུར་བ་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ཡིན་པས་ཕན་པ་དང་གནོད་པའི་ཁར་མ་(ལས་‚ལུས་)པའི་ཕྱིར་རོ་ཞེས་བསྟན་པ་སྟེ། དེས་ཀྱང་རྣམ་པར་དག་པ་ལ་ཕན་པ་དང་། གནོད་པ་བྱེད་པ་མེད་པའི་མཚན་ཉིད་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་

དཀའ་བ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཆོས་གང་ཡང་ཡོངས་སུ་ལེན་པ་མ་མཆིས་སོ་ཞེས་བྱ་བ་ནི་དོན་དམ་པ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅིང་ཤིན་ཏུ་རྣམ་པར་དག་པ་ཡིན་

པས་ཆོས་གང་ལ་ཡང་རྣམ་པར་རྟོག་ཅིང་མཚན་མར་འཛིན་པའི་རང་བཞིན་མ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གཟུང་བ་དང་།

Vol. 92 · folio 44b

འཛིན་པ་གཉིས་ཀའི་སྐྱོན་གྱིས་མ་གོས་ཤིང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་གང་ཡང་ཡོངས་སུ་ལེན་པ་མེད་དོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། ཆོས་གང་ཡང་ཡོངས་སུ་ལེན་པ་མ་མཆིས་པ་ལགས་

ཞེས་བྱ་བ་ནི་གོང་དུ་བཤད་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། འཁོར་རྣམས་བརྟེན་པར་ཡིད་ཆེས་པར་བྱ་བའི་ཕྱིར་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ཀྱི་དབྱིངས་མི་གཡོ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་རྣམ་པར་དག་པ་ཆོས་གང་ཡང་ཡོངས་སུ་ལེན་པ་མེད་དོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དེ་ཆོས་ཀྱི་དབྱིངས་མི་འགྱུར་བ་ཡོངས་སུ་རྫོགས་པའི་རང་བཞིན་ཡིན་པས་གཟུགས་ལ་སོགས་པའི་ཆོས་གང་ལ་ཡང་རྣམ་པར་རྟོག་ཅིང་

མཚན་མར་མི་འཛིན་པའི་སྒོ་ནས་གཡོ་བ་མེད་པའི་ཕྱིར་རོ་ཞེས་བསྟན་པ་སྟེ། འདིས་ཀྱང་ཡོངས་སུ་ལེན་པ་མེད་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་གཟུགས་རྣམ་པར་དག་པའོ་ཞེས་བྱ་བ་ནས། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་ཉིད་རྣམ་པར་དག་པ་ཡིན་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། ཇི་ལྟར་མུ་

སྟེགས་ཅན་གྱིས་བརྟགས་པའི་བདག་རྣམས་ཀུན་རྫོབ་ཏུ་ཡང་ཡོད་པར་མ་གྲུབ་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་ཤིན་ཏུ་

Vol. 92 · folio 45a

རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །སྐབས་འདིར་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་ཐུག་གི་བར་དུ་ནི་ཚིག་གི་མཇུག་ལས་ཤིན་ཏུ་རྣམ་པར་དག་པའི་གཏན་ཚིགས་སུ་བདག་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་བཅྭ་བརྒྱད་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ་ཞེས་སྨོས་ལ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མན་ཆད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ནི་ཤིན་ཏུ་རྣམ་པར་དག་པའི་གཏན་ཚིགས་སུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་སྨོས་པ་ནི་ཉན་ཐོས་དང་རང་སངས་

རྒྱས་ལ་སོགས་པ་ཁ་ཅིག་རང་གི་མཚན་ཉིད་ལ་མངོན་པར་ཞེན་པ་རྣམས་བསལ་བའི་ཕྱིར་ཏེ། གང་ཟག་དང་ཆོས་གཉིས་ཀའི་རང་གི་མཚན་ཉིད་ཡོད་པར་མ་གྲུབ་སྟེ། སྟོང་པ་ཉིད་ཀྱི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བདག་རྣམ་པར་དག་པས་ཆོས་རྣམས་ཀྱང་རྣམ་

པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་གཉིས་སུ་མ་མཆིས་ཤིང་རྣམ་པར་དག་པ་ནི་ཐོབ་པར་བགྱི་བ་མ་ལགས། མངོན་པར་རྟོགས་པར་བགྱི་བ་མ་ལགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ནས་ཉོན་མོངས་

པ་མེད་ཅིང་རྣམ་པར་བྱང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་དག་ཅིང་དེ་བཞིན་དུ་རོ་གཅིག་པས་སྔོན་ཡང་ཀུན་ནས་ཉོན་མོངས་པ་མེད་ལ། ཕྱིས་ཀྱང་རྣམ་པར་བྱང་བར་འགྱུར་བ་མེད་དེ། དེ་ལྟར་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་

སུ་མེད་པ་ལ་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱ་བ་ཡང་མེད་ལ། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སོགས་པ་མངོན་པར་རྟོགས་པར་བྱ་བ་མེད་པར་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །གསོལ་པ།

བཅོམ་ལྡན་འདས་བདག་ཀུན་ཏུ་མཐའ་ཡས་པའི་སླད་དུ་གཟུགས་ཀུན་ཏུ་མཐའ་ཡས་པའོ་ཞེས་བྱ་བ་ནས། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བདག་ཀུན་ཏུ་མཐའ་ཡས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀུན་ཏུ་མཐའ་ཡས་པ་རྣམ་པར་དག་པ་ལགས། བཅོམ་ལྡན་

Vol. 92 · folio 45b

འདས་ཀྱིས་བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྣམས་དངོས་པོ་ཡོད་པར་མ་གྲུབ་པས་རྟག་པ་དང་ཆད་པའི་མཐའ་ལས་འདས་པ་དང་ཐོག་མ་

དང་ཐ་མ་མེད་པ་མཐའ་ལས་འདས་པ་དེ་བཞིན་དུ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀྱང་དོན་དམ་པར་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་ཀུན་ཏུ་མཐའ་ཡས་པ་

རྣམ་པར་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་གང་དེ་ལྟར་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་གོང་དུ་བཤད་པ་དེ་ལྟ་བུའི་རྣམ་པར་དག་པ་ཟབ་ཅིང་མོས་པར་དཀའ་བ་དེ་ལྟ་བུའི་

དོན་རྟོགས་ཤིང་ཡིད་ཆེས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་དག་པ་ཡིན་ནོ་ཞེས་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་མདོར་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་

དག་པའི་ཆོས་ཟབ་མོ་རྟོགས་པའི་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་བག་ཆགས་ཡན་ཆད་མ་ལུས་པར་སྤངས་ཤིང་། རྣམ་པར་དག་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་མདོར་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་

ཅིའི་སླད་དུ་གང་དེ་ལྟར་རྟོགས་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་ཞེས་བྱ་བ་ནི་གོང་དུ་མདོར་བཤད་པའི་དོན་དེ་ཉིད་འཁོར་རྣམས་ཀྱིས་ཞིབ་ཏུ་རྟོགས་པར་བྱ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་གྱི་རྣམ་པ་ཤེས་པའི་ཤེས་རབ་ཀྱིས་དེ་ལྟ་བུའི་ཆོས་ཟབ་མོ་རྟོགས་པར་འགྱུར་བའི་ཕྱིར་གང་དེ་ལྟར་རྟོགས་པ་དེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

Vol. 92 · folio 46a

པ་ཡིན་ནོ་ཞེས་བསྟན་པ་སྟེ། འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱིས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའི་སྒོ་ནས་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །

གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀྱི་དབུས་ན་མི་གནས་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུ་རོལ་དང་ཕ་རོལ་དང་གཉིས་ཀའི་དབུས་ན་ཡང་མི་གནས་པར་བསྟན་པའི་སྒོ་ནས་ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། ཚུ་རོལ་གྱི་འགྲམ་ཞེས་བྱ་བ་ནི་འདུས་བྱས་ཀྱི་མཐའོ། །ཕ་རོལ་གྱི་འགྲམ་ཞེས་བྱ་བ་ནི་

འདུས་མ་བྱས་ཀྱི་མཐའ་ལ་བྱ་སྟེ། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་དངོས་པོ་མེད་པས་དེ་གཉིས་གང་གི་མཐའ་ལ་ཡང་མི་གནས་ཤིང་དེ་ལྟར་མཐའ་གཉིས་མེད་པས་དེ་གཉིས་ཀྱི་དབུས་ཀྱང་མེད་པའི་ཕྱིར། དབུས་ན་ཡང་མི་གནས་པ་དེ་ནི་

བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐའ་གཉིས་ལ་གནས་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །

གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུ་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀའི་དབུས་ན་མི་གནས་ཤིང་ཤིན་ཏུ་རྣམ་པར་དག་པ་ལགས་ཞེས་བྱ་བ་ནི་གོང་

དུ་མདོར་སྨོས་པའི་དོན་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། འཁོར་རྣམས་བརྟན་པར་ཡིད་ཆེས་པར་འགྱུར་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་

Vol. 92 · folio 46b

གྱིས་སྟོང་ཞིང་སྐྱེ་བ་དང་། འགག་པ་མེད་པ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ཀྱང་མེད་དེ། དེ་ལྟར་དུས་གསུམ་མཉམ་པ་ཉིད་དང་འདུས་བྱས་དང་འདུས་མ་བྱས་གཉིས་ཀ་ཡང་སྟོང་པ་ཉིད་དུ་རོ་གཅིག་སྟེ་མཉམ་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚུ་རོལ་དང་ཕ་རོལ་དང་གཉིས་ཀའི་དབུས་ན་ཡང་མི་གནས་སོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་འདི་ལ་དམིགས་པའི་ཚུལ་དུ་འདུ་ཤེས་སུ་བགྱིད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འབྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་བའོ་ཞེས་བྱ་བ་ནི་ཆགས་པ་དང་མ་ཆགས་པ་བསྟན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་

པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་གསོལ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་ཅིང་དམིགས་པ་མེད་པ་དང་། མཚན་མ་མེད་པ་ལ་དམིགས་པའི་ཚུལ་དུ་རྟོག་ཅིང་ཤེས་པར་བྱེད་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུན་འབྱིན་ཅིང་སྙིང་པོ་མེད་པར་བྱེད་པ་

ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་མཐུན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་བ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་ནི་མིང་དུ་ཡང་

ཆགས་པ་ཡིན་མཚན་མར་ཡང་ཆགས་པ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་དུ་འདུ་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འབྱིན་ཅིང་རིང་དུ་སྤོང་བ་ཡིན་པར་བཤད་པ་དེ་དེ་བཞིན་ཏེ་ལེགས་སོ་ཞེས་བསྟོད་ནས། དེ་

ལྟར་དམིགས་པའི་ཚུལ་དུ་འདུ་ཤེས་སུ་བྱེད་ན་ཆོས་ཐམས་ཅད་ལ་མིང་དང་མཚན་མར་འཛིན་ཅིང་ཆགས་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་མིང་དུ་ཡང་ཆགས་ཤིང་མཚན་མར་ཡང་ཆགས་པ་ལགས་ཞེས་བྱ་བ་ནི་མིང་དང་

Vol. 92 · folio 47a

མཚན་མར་འཛིན་ཅིང་ཆགས་པའི་དོན་གོང་དུ་མདོར་བཤད་པ་དེ་ཞིབ་ཏུ་བཤད་པའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

མིང་དུ་འཛིན་ཏམ་མཚན་མར་འཛིན་ན་ཞེས་བྱ་བ་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འབྱིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་ངོ་ཞེས་བྱ་བའི་བར་དུ་ནི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་དུ་འདུ་ཤེས་སུ་བྱེད་ན་མིང་དང་མཚན་མར་འཛིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་མཐུན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འབྱིན་ཅིང་རིང་དུ་སྤོང་བ་ཡིན་པར་བསྟན་པ་དང་། དེ་ལྟར་མིང་དང་མཚན་མར་

འཛིན་པ་ཉིད་ཡང་དག་པ་ཡིན་གྱི་གཞན་ནི་ལོག་པ་ཡིན་ནོ་ཞེས་དོན་དེ་ཉིད་བསྙེམས་ཤིང་རློམ་སེམས་སུ་བྱེད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འབྱིན་ཅིང་རིང་དུ་སྤོང་བ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དེ་ལྟར་ལེགས་པར་བཤད་ཅིང་ལེགས་པར་བསྟན་པ་ལ་ཆགས་པ་དང་མ་ཆགས་པ་དེ་དག་ཀྱང་མཆིས་པ་ངོ་མཚར་ཆེའོ་ཞེས་བྱ་བ་ནི་ཆགས་པ་དང་མ་ཆགས་པའི་མཚན་ཉིད་འོག་ནས་ཞིབ་ཏུ་བཤད་པའི་

སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་གསོལ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་སྦྱར་ན་དོན་དམ་པར་ཆགས་པ་དང་མ་ཆགས་པ་ཡང་བརྗོད་དུ་མེད་པའི་རིགས་པ་ལས་ཀུན་རྫོབ་ཏུ་འདི་དག་ནི་ཆགས་པའོ། །འདི་དག་ནི་མ་ཆགས་པའོ་ཞེས་སོ་སོར་ཕྱེ་སྟེ་བཤད་པ་ངོ་

མཚར་ཆེ་སྟེ་ལེགས་སོ་ཞེས་གསོལ་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ་ཞེས་བྱ་བའི་བར་དུ་ནི་ཤཱ་རིའི་བུས་རབ་འབྱོར་ལ་ཆགས་པ་

Vol. 92 · folio 47b

དང་མ་ཆགས་པའི་མཚན་ཉིད་གང་ཡིན་པ་དྲིས་པ་དང་། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པའི་ཚུལ་གྱིས་སྟོང་པ་ཞེས་བྱ་བར་འདུ་ཤེས་ན་ཡང་སྟོང་པའི་མཐའ་ལ་ཆགས་པ་

ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་སྤྱོད་ན་ཆགས་པའོ་ཞེས་བྱ་བའི་བར་དུ་ནི་དུས་གསུམ་གྱི་ཆོས་རྣམས་དམིགས་པའི་ཚུལ་གྱིས་ཡོད་པར་འཛིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་དམིགས་པ་དང་བཅས་ཤིང་

མཚན་མ་དང་བཅས་པའི་ཚུལ་གྱིས་སྤྱོད་ན་ཡང་ཡོད་པའི་མཐའ་ལ་ཆགས་པ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་ཀྱི་ཆགས་པ་མེད་པ་གང་ཞེས་ཟེར་

བ་ནི་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཆགས་པ་མེད་པ་དག་གོ་ཞེས་བྱ་བའི་བར་དུ་ནི་ཕུང་པོ་ལྔ་དང་དུས་གསུམ་ལ་དམིགས་པའི་ཚུལ་གྱིས་མཚན་མར་

མི་འཛིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་སྟོང་པ་ཉིད་བཅྭ་བརྒྱད་དང་སྦྱར་ཏེ། དེ་དག་ལ་དམིགས་པ་དང་བཅས་པས་མཚན་མར་མི་འཛིན་ཅིང་འཁོར་གསུམ་ཡོངས་སུ་དག་པར་སྤྱོད་པ་ནི་ཆགས་པ་མེད་པ་ཡིན་ནོ་ཞེས་བསྟན་

པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས་ཆགས་པ་དེ་དག་ལ་ཆགས་པར་གྱུར་ན། ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ནུས་སོ་ཞེས་བྱ་བའི་བར་དུ་ནི་གོང་དུ་ཡོད་པ་དང་མེད་པའི་

Vol. 92 · folio 48a

མཐའ་ལ་ཆགས་པའི་མཚན་ཉིད་བསྟན་པའི་དོན་དེ་ཉིད་འཁོར་རྣམས་ལ་རྣམ་པ་གཞན་གྱིས་ཞིབ་ཏུ་བསྟན་པའི་ཕྱིར་ཆགས་པའི་མཚན་ཉིད་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲིས་པ་དང་། རབ་འབྱོར་གྱིས་བྱང་ཆུབ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་

པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་འདུ་ཤེས་ན་ཡང་བྱང་ཆུབ་སེམས་དཔའི་ཆགས་པ་ཡིན་ཏེ། དེ་ལྟར་ཆགས་པར་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་མཐུན་པས་ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མ་ནུས་སོ་ཞེས་ཆགས་པའི་ཉེས་དམིགས་དང་བཅས་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་

ནུས་སོ་ཞེས་བྱ་བའི་བར་དུ་ནི་ཆགས་པ་དང་བཅས་ཤིང་འདུ་ཤེས་དང་བཅས་པའི་ཡོངས་སུ་བསྔོ་བ་མི་རིགས་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ།

སྟོང་པའི་རང་བཞིན་ལ་དམིགས་པ་དང་བཅས་པའི་འདུ་ཤེས་ཀྱིས་ཡོངས་སུ་བསྔོ་བ་མེད་དོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཞན་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྟན་ཏམ་ཞེས་བྱ་བ་

ནས། དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བདག་ཉིད་ཆགས་པ་མེད་པར་བྱ་བ་བསྟན་ནས། གཞན་ལ་ཆོས་སྟོན་པའི་ཚེ་ཡང་

ཆགས་པ་མེད་པར་བསྟན་ཅིང་བསྐུལ་བའི་ཐབས་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་ཆོས་དེ་རྣམས་ལ་སྤྱོད་དོ་སྙམ་དུ་སེམས་པའི་རྣམ་པར་

Vol. 92 · folio 48b

རྟོག་པ་དེ་ལྟ་བུ་མི་འབྱུང་བར་གཞན་རྣམས་ལ་ཡང་དག་པར་བསྟན་ཅིང་ཡང་དག་པར་བསྐུལ་བ་དང་། ཡང་དག་པར་སྤྲོ་བ་བསྐྱེད་པ་དང་། ཡང་དག་པར་དགའ་བ་བསྐྱེད་པར་བྱའོ་ཞེས་བསྟན་པ་སྟེ། དེ་ལ་ཡང་དག་པར་བསྟན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

འཇུག་པའི་ལམ་མི་ཤེས་པ་ལ་ལམ་ཕྱིན་ཅི་མ་ལོག་པར་བསྟན་པའོ། །ཡང་དག་པར་བསྐུལ་བ་ནི་ལམ་ལོག་པར་ཞུགས་པ་རྣམས་ཀྱི་ཁ་ལོ་སྒྱུར་ཞིང་འཆོས་པའོ། །ཡང་དག་པར་སྤྲོ་བ་བསྐྱེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཏུ་མི་རེ་ཞིང་སེམས་ཞུམ་པ་

རྣམས་ལ་གཟེངས་བསྟོད་ཅིང་སྤྲོ་བ་བསྐྱེད་པའོ། །ཡང་དག་པར་དགའ་བར་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་བསྔགས་ཤིང་བསྟོད་ནས་དགའ་བར་བྱེད་པའོ། །ཡང་དག་པའི་རྗེས་སུ་སོང་བའི་ཡིད་ཀྱིས་

ཞེས་བྱ་བ་ནི་དམིགས་པ་དང་། མཚན་མར་འཛིན་པའི་རྣམ་པར་རྟོག་པ་མེད་པའི་སེམས་ཀྱིས་གཞན་ལ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རྨ་བྱུང་བར་མི་འགྱུར་ཞིང་སངས་རྒྱས་ཀྱིས་གནང་བའི་ཡང་དག་པར་བསྐུལ་བས་ཡང་དག་པར་བསྐུལ་བ་

ཡིན་ཏེ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱོད་པའི་ཚེ། ཆོས་དེ་རྣམས་ལ་སྤྱོད་པའི་རྣམ་པར་རྟོག་པ་མི་འབྱུང་བར་གཞན་རྣམས་ལ་ཆོས་བསྟན་ན་སྐྱོན་དུ་མི་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དང་མཐུན་པར་ཡང་དག་པར་སྟོན་ཅིང་

བསྐུལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཆགས་པའི་མཐའ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ་ཡང་དག་པར་བསྟན་ན་དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པར་ལྟ་བའི་

སྐྱོན་དང་། ཡོད་པ་དང་མེད་པའི་མཐའ་ལ་ཆགས་པའི་སྐྱོན་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རབ་འབྱོར་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་

Vol. 92 · folio 49a

ཆེན་པོ་རྣམས་ལ་ཆགས་པའི་རྣམ་པ་དེ་ལྟ་བུ་དག་སྟོན་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་ཆགས་པ་མེད་པའི་དོན་བསྟན་པ་ལ། འཁོར་རྣམས་བརྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རངས་ནས་ལེགས་

སོ་ཞེས་བྱ་བ་གནང་བ་བསྟན་པའོ། །རབ་འབྱོར་དེ་བས་ན་ཁྱོད་ལ་ཆགས་པའི་རྣམ་པ་དེ་བས་ཀྱང་ཕྲ་བ་དག་བསྟན་པར་བྱས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ལ་མཚན་མར་ཡིད་ལ་བྱེད་པ་ཡང་བྱང་ཆུབ་སེམས་དཔའི་ཆགས་པ་ཡིན་ཏེ། ཆགས་པ་

གོང་དུ་བཤད་པ་བས་ཀྱང་ཟབ་ཅིང་ཕྲ་བ་དག་བཤད་པར་བྱས་ཉོན་ཅིག་ཅེས་སྐབས་ཕྱེ་བའོ། །རབ་འབྱོར་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནས། གང་ཡང་དེ་བཞིན་གཤེགས་པའི་ཉན་

ཐོས་དེ་དག་དང་། དེ་མ་ཡིན་པའི་སེམས་ཅན་གཞན་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་མཚན་མར་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པའོ་

ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་དང་། མཚན་དང་། དཔེ་བྱད་ལ་སོགས་པ་ལ་མཚན་མར་འཛིན་ཅིང་ཡིད་ལ་བྱེད་པ་དང་། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ལ་མཚན་མར་ཡིད་ལ་བྱེད་ཅིང་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང་། འཕགས་པ་ཉན་ཐོས་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ལ་མཚན་མར་བྱ་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་རྣམས་བྱང་ཆུབ་སེམས་དཔའི་ཆགས་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་

ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེ་དག་ནི་མཚན་མར་ཡིད་ལ་བྱ་བ་མ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་དག་གི་དགེ་བའི་རྩ་བ་ཡང་མཚན་མར་ཡིད་ལ་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་མཚན་མར་ཡིད་ལ་བྱ་བའི་མི་རིགས་པའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་གཤེགས་

Vol. 92 · folio 49b

པ་རྣམས་དང་། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་མཚན་མར་ཡིད་ལ་བྱར་མེད་དོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་དུ་མཚན་མར་

ཡིད་ལ་བྱེད་པ་ཐམས་ཅད་ཆགས་པ་ཡིན་པར་བཤད་པའི་དོན་ཟབ་མོ་རབ་འབྱོར་གྱིས་རྟོགས་ནས། འཁོར་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པར་ཡིད་ཆེས་པར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དབེན་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་མཚན་མར་འཛིན་པ་ལ་སོགས་པའི་སྐྱོན་གང་གིས་ཀྱང་མ་ཆགས་མ་གོས་ཏེ་ཡོངས་སུ་དག་ཅིང་དབེན་པའི་ཕྱིར་ཟབ་བོ་ཞེས་

བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་རབ་འབྱོར་དད་པ་སྐྱེས་ནས། འཁོར་གཞན་རྣམས་ཀྱང་དད་པ་བསྐྱེད་པའི་ཕྱིར་

གུས་ཤིང་རིམ་གྲོ་བསྐྱེད་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བྱས་མངོན་པར་འདུས་མ་བྱས་པ་སྟེ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས་རྒྱུ་དང་རྐྱེན་གང་གིས་

ཀྱང་མ་བྱས་ཤིང་མ་བསྐྱེད་ལ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་དངོས་པོས་ཡོངས་སུ་དག་པ་དང་མ་དག་པར་མངོན་པར་འདུ་བྱ་ཞིང་བཅོས་སུ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་སུས་ཀྱང་མངོན་པར་འཚང་རྒྱ་བར་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་མངོན་པར་

སངས་རྒྱས་པར་བྱེད་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། མངོན་པར་སངས་རྒྱས་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་པས་ཤེས་པར་བྱ་བ་དང་། ཤེས་པར་བྱེད་པ་གཉིས་ཀ་མེད་པའི་ཕྱིར་སུས་ཀྱང་མངོན་པར་སངས་རྒྱས་པར་བྱ་

Vol. 92 · folio 50a

མི་ནུས་སོ་ཞེས་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་སངས་མ་རྒྱས་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་མངོན་པར་འཚང་རྒྱ་བར་བྱ་བར་མི་ནུས་པར་མ་ཟད་ཀྱི། ཆོས་ཐམས་ཅད་ཀྱང་དོན་དམ་པར་

རང་བཞིན་གྱིས་སྟོང་པས་ཤེས་པར་བྱེད་པ་དང་། ཤེས་པར་བྱ་བ་གཉིས་ཀ་མེད་པའི་ཕྱིར་མངོན་པར་སངས་མ་རྒྱས་པའོ་ཞེས་བཤད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཀྱི་རང་བཞིན་ནི་གཉིས་མ་ཡིན་ཏེ། རབ་འབྱོར་ཆོས་ཀྱི་རང་

བཞིན་ནི་གཅིག་ཏུ་ཟད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་དུ་རོ་གཅིག་སྟེ། དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཟད་པས་ཤེས་པར་བྱེད་པ་དང་། ཤེས་པར་བྱ་བ་གཉིས་སུ་དབྱེར་མེད་དོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་ཆོས་ཀྱི་རང་བཞིན་གཅིག་པོ་གང་ཡིན་པ་དེ་ནི་རང་

བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་གོང་དུ་ཆོས་ཀྱི་རང་བཞིན་ནི་གཅིག་ཏུ་ཟད་དོ་ཞེས་བཤད་པ་ལ་ཁ་ཅིག་དེ་བཞིན་ཉིད་དམ་སྟོང་པ་ཉིད་ཀྱི་རང་བཞིན་གཅིག་པུ་ཞིག་ཡོད་པར་འཛིན་པ་བསལ་བའི་ཕྱིར་དེ་ཡང་དོན་དམ་པར་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །གང་རང་བཞིན་མ་ཡིན་

པ་དེ་ནི་མ་བྱས་པའོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་རང་བཞིན་ཡོད་པ་མ་ཡིན་པ་དེ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་མ་བྱས་པ་དེ་ནི་མངོན་པར་འདུས་མ་བྱས་པའོ་ཞེས་བྱ་བ་ནི་དེ་ལྟར་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་ཅིང་དངོས་པོ་མེད་པ་དེ་ལ་ནི་བསོད་ནམས་དང་

བསོད་ནམས་མ་ཡིན་པས་བཟང་པོ་དང་ངན་པར་བཅོས་ཤིང་མངོན་པར་འདུ་བྱར་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་རང་བཞིན་གཅིག་པོ་རང་བཞིན་མ་ཡིན་པ་མ་བྱས་པ། མངོན་པར་འདུ་མ་བྱས་པ་ཤེས་ན་

ཆགས་པའི་རྣམ་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་སྟེ། མ་བྱས་ཤིང་མངོན་པར་འདུ་མ་བྱས་པར་ཤེས་ན། མཚན་མ་དང་དམིགས་པ་དང་བཅས་པའི་སྐྱོན་ཐམས་ཅད་སྤངས་པ་ཡིན་

Vol. 92 · folio 50b

ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའ་བའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་མ་མཐོང་། མ་ཐོས་མ་རྟོགས། རྣམ་པར་མ་ཤེས་མངོན་པར་སངས་མ་རྒྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་པས་མིག་གི་རྣམ་པར་ཤེས་པས་མཐོང་བར་བྱ་བ་ཡང་མ་

ཡིན། རྣ་བའི་རྣམ་པར་ཤེས་པས་ཐོས་པར་བྱ་བ་ཡང་མ་ཡིན། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པས་རྟོགས་པར་བྱ་བ་ཡང་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མངོན་པར་སངས་རྒྱས་

པར་བྱ་བ་ཡང་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་པས་མཐོང་ཞིང་ཐོས་པ་

ལ་སོགས་པས་མངོན་སུམ་དུ་བྱར་མི་རུང་ཡང་། སེམས་ཀྱིས་རྗེས་སུ་དཔག་ཏུ་མེད་དམ་སྙམ་དུ་སེམས་པའི་ཐེ་ཚོམ་བསལ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་སེམས་ཀྱིས་མ་ཤེས་སོ་

ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མ་ཤེས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་གྱིས་མི་ཁྱབ་པའི་དོན་ཞིབ་ཏུ་བཤད་པ་སྟེ། སེམས་དང་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་

ཐམས་ཅད་ཀྱིས་ཤེས་པར་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་བརྒྱད་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

Vol. 92 · folio 51a

གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྱིད་པ་མ་མཆིས་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་ཅིང་ཅི་ཡང་བྱེད་པ་མ་ཡིན་པ་བསྟན་པའི་སྒོ་ནས་ཟབ་ཅིང་མོས་པར་དཀའ་བ་བསྟན་པ་སྟེ། དོན་དམ་པར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་པས་བྱེད་པ་པོའི་རང་བཞིན་མ་ཡིན་ལ། ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པས་བྱ་བའི་དངོས་པོ་མ་ཡིན་ཏེ། དེ་ལྟར་བྱ་བ་དང་བྱེད་པ་གཉིས་ཀ་དོན་དམ་པར་ཡོད་པར་མ་གྲུབ་པས་ཅིས་ཀྱང་མི་བྱེད་

པའོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་རང་བཞིན་གྱིས་སྟོང་པས་བྱེད་པ་པོའི་དངོས་པོ་དམིགས་སུ་མེད་པའི་ཕྱིར་ཅི་ཡང་མི་བྱེད་པ་ཡིན་ནོ་ཞེས་བསྟན་

པའོ། །རབ་འབྱོར་དེ་བཞིན་དུ་གཟུགས་མི་དམིགས་པ་དང་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་

སྟོང་པས་བྱ་བའི་དངོས་པོར་ཡོད་པ་མ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་ཡང་བྱེད་པ་མ་ཡིན་པ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རྣམ་པ་ཇི་ལྟར་སྤྱད་པར་

བགྱི་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་པོའི་དངོས་པོར་ཡང་མེད་ལ། བྱ་བའི་དངོས་པོར་ཡང་མེད་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཐབས་ཇི་ལྟར་སྤྱད་པར་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། གང་རྟག་པའམ་མི་རྟག་པ་འམ། བདེ་

Vol. 92 · folio 51b

བ་འམ། སྡུག་བསྔལ་བ་འམ། བདག་གམ། བདག་མེད་པ་འམ། སྡུག་པའམ་མི་སྡུག་པར་འགྱུར་བ་དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་པའི་ཐབས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཀྱི་རང་བཞིན་ལ་སྤྱིར་ཡང་མཚན་མར་འཛིན་ཅིང་མི་སྤྱོད་ལ། ཁྱད་པར་དུ་ཡང་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་ཡང་མི་སྤྱོད། བདེ་ཞེས་བྱ་བའམ། སྡུག་བསྔལ་ཞེས་བྱ་བར་ཡང་མི་སྤྱོད། བདག་ཅེས་བྱ་བའམ། བདག་མེད་ཅེས་བྱ་བར་

ཡང་མི་སྤྱོད། སྡུག་ཅེས་བྱ་བའམ་མི་སྡུག་ཅེས་བྱ་བར་མི་སྤྱོད་ན། གདོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ལ་སོགས་པས་

ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་བསྟན་པ་སྟེ། གལ་ཏེ་གཟུགས་ཡོངས་སུ་མ་རྫོགས་སོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་དངོས་པོ་ཡོད་པར་མ་གྲུབ་པས་ཡོངས་སུ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བར་

རྣམ་པར་རྟོག་པ་ཡང་མེད་ན། གདོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡོངས་སུ་མ་རྫོགས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཡང་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་དེ་

ལྟར་ཀུན་བརྟགས་པའི་གཟུགས་ཡོངས་སུ་མ་གྲུབ་ཅིང་། ཡང་དག་པ་མ་ཡིན་པ་དེ་དོན་དམ་པར་གཟུགས་ཀྱི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཡང་རྣམ་པར་མི་རྟོག་ན། གདོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་རྟོགས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་

ཆུད་དོ་ཞེས་བསྟན་པ་སྟེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་

Vol. 92 · folio 52a

ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ལ་ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་པ་འདི་ངོ་མཚར་ཏོ་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་ཟབ་མོ་ཆགས་པ་དང་མ་ཆགས་པའི་རྣམ་

པར་རྟོག་པའི་མཐའ་གཉིས་སྤངས་པ་བཤད་པ་ལེགས་སོ་ཞེས་བསྟོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །རབ་འབྱོར་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་

སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ལ་ཆགས་པ་དང་མ་ཆགས་པ་ལེགས་པར་བསྟན་ཏོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་གསོལ་པའི་ཚིག་འཁོར་ཐམས་ཅད་ཀྱིས་བསྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་གཞན་

ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཆགས་པ་འམ་མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཆགས་

པ་འམ་མ་ཆགས་པ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ཆགས་པར་བྱ་བའི་གནས་ཀྱང་མ་ཡིན་ནོ་སྙམ་མམ་ཆགས་པ་མེད་པའི་རང་བཞིན་ནོ་སྙམ་དུ་ཡང་མི་སེམས་

ཤིང་རྣམ་པར་མི་རྟོག་ན་གདོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་གཟུགས་ཆགས་པའམ་མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཆགས་པ་འམ་མ་ཆགས་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་ལ་ཆགས་པ་དང་མ་ཆགས་པ་ཞེས་བྱ་བར་རྣམ་པར་རྟོག་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྒོམས་ན། དེའི་ཡོན་ཏན་

Vol. 92 · folio 52b

གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཆགས་པ་དང་མ་ཆགས་པ་ཞེས་བྱ་བར་མཚན་མར་འཛིན་པ་དང་འདུ་ཤེས་སྐྱེ་བར་མི་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མི་འགྲིབ། མ་བསྟན་ཀྱང་ཡོངས་སུ་མི་འགྲིབ།

བསྟན་ཀྱང་མི་འཕེལ། མ་བསྟན་ཀྱང་མི་འཕེལ་བ་ངོ་མཚར་ཆེའོ་ཞེས་བྱ་བས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་དེ་བཞིན་ཉིད་ཀྱི་རང་བཞིན་མི་འགྱུར་བ་ཡོངས་སུ་གྲུབ་པ་ཡིན་པར་བསྟན་པ་སྟེ། དེ་ལ་བསྟན་ཀྱང་ཡོངས་སུ་མི་འགྲིབ་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཟབ་མོ་དེ་བཞིན་ཉིད་ཀྱི་རང་བཞིན་མི་འགྱུར་བ་ཡོངས་སུ་གྲུབ་པ་དེ་ཆོས་སྟོན་པས་ཉན་པ་རྣམས་ལ་ཆོས་ཀྱི་སྦྱིན་པ་བྱ་སྟེ། རྣམ་པ་དུ་མར་བསྟན་པས་ཀྱང་དེ་བཞིན་ཉིད་ལ་འབྲི་བའམ་གདོད་པར་གྱུར་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །མ་བསྟན་ཀྱང་ཡོངས་སུ་མི་འགྲིབ་ཅེས་བྱ་བ་ནི་

གཞན་ལ་མ་བསྟན་མ་སྤེལ་ན་སུས་ཀྱང་མ་མཉན་མ་བསམ་མ་བསྒོམས་པས་ནུབ་སྟེ་མེད་པར་ཡང་མི་འགྱུར་རོ་ཞེས་བསྟན་པའོ། །བསྟན་ཀྱང་མི་འཕེལ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཆོས་ཟབ་མོ་མི་འགྱུར་བ་ཡོངས་སུ་གྲུབ་པ་ཡིན་པས་སེམས་ཅན་མང་པོ་ལ་བསྟན་ཏེ་

སྤེལ་ཀྱང་སེམས་ཅན་རྣམས་ཀྱིས་སོ་སོར་རྟོགས་ཤིང་གོ་བ་ཙམ་དུ་ཟད་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ལ་ནི་འཕེལ་ཞིང་རྒྱས་པར་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །མ་བསྟན་ཀྱང་མི་འཕེལ་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་མི་འགྱུར་བ་ཡོངས་སུ་གྲུབ་པ་ཡིན་པས། གཞན་ལ་མ་བསྟན་ཏེ།

མ་གོད་ཀྱང་འཕེལ་ཞིང་རྒྱས་པར་འགྱུར་བ་ཡང་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །རབ་འབྱོར་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རབ་འབྱོར་གྱིས་གསོལ་པའི་ཚིག་དང་དོན་འཁོར་རྣམས་ཀྱིས་བརྟན་པར་ཡིད་ཆེས་པར་བྱ་བའི་ཕྱིར་

བཅོམ་ལྡན་འདས་ཀྱིས་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས། རབ་འབྱོར་དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་བསྟན་ཀྱང་དེ་བཞིན་མ་བསྟན་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་མི་

Vol. 92 · folio 53a

འགྱུར་བ་ཡོངས་སུ་གྲུབ་པ་ཡིན་པས་རྐྱེན་གྱི་ཁར་མ་ལས་པའི་དཔེ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནས། དཀའ་བ་བགྱིད་པའོ་ཞེས་བྱ་བའི་བར་དུ་ནི་

དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་མི་འགྱུར་བ་ཡོངས་སུ་གྲུབ་ཅིང་། རྐྱེན་གྱི་ཁར་མ་ལས་པ་མོས་པ་དང་ཡིད་ཆེས་པར་དཀའ་བ་དེ་ལྟ་བུ་ལ་སྤྱོད་ཅིང་བསྟན་པའི་ཚེ། སེམས་ཞུམ་པ་དང་གཡེང་བར་ཡང་མི་འགྱུར་ལ། བརྩོན་འགྲུས་མི་གཏོང་ཞིང་ཕྱིར་མི་ལྡོག་པར་ནུས་

པའི་ངོ་མཚར་ཆེ་སྟེ་དཀའ་བ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་འདི་ནི་ནམ་མཁའ་བསྒོམ་པ་སྟེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་དོན་ཟབ་མོ་བསྒོམ་ཞིང་ཉམས་སུ་ལེན་པ་དཀའ་བ་སྤྱོད་པའི་གཏན་ཚིགས་བསྟན་པ་སྟེ། ཇི་ལྟར་ནམ་མཁའ་དངོས་པོ་མེད་ཅིང་མཚན་མ་ཐམས་ཅད་དང་བྲལ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཡང་དངོས་པོ་མེད་ཅིང་མཚན་མ་མེད་པ་ལ་སྤྱོད་ཅིང་བསྒོམ་

ཡང་སྐྱོ་ཞིང་ཡིད་འབྱུང་བར་མི་འགྱུར་བ་དཀའ་བ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལ་ནི་གཟུགས་མ་མཆིས་སོ། །ཚོར་བ་མ་མཆིས་སོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི་ནམ་མཁའ་ལ་དངོས་པོ་དང་།

མཚན་མ་མེད་པའི་གཏན་ཚིགས་བསྟན་པ་སྟེ། ནམ་མཁའ་ནི་གཟུགས་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐུག་གི་བར་དུ་ཆོས་དེ་དག་ཐམས་ཅད་ཀྱི་དངོས་པོ་མ་ཡིན་ཞིང་རང་བཞིན་གྱིས་སྟོང་སྟེ། དེ་ལྟ་བུ་རང་བཞིན་གྱིས་སྟོང་པ་ལ་བསྒོམ་པར་

དཀའ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡང་དཀའ་བ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་གོ་ཆ་འདི་འཚལ་བ་དེ་དག་ནི་ཕྱག་བགྱི་བར་འོས་པའོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་དུ་

Vol. 92 · folio 53b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ནམ་མཁའ་དང་འདྲ་བ་ལ་སྤྱོད་ཅིང་བསྒོམ་ཡང་སེམས་ཞུམ་པར་མི་འགྱུར་ཞིང་ཕྱིར་ལྡོག་པར་མི་འགྱུར་ལ། དཀའ་བ་སྤྱོད་པ་དེ་ལྟ་བུ་དཀོན་ཞིང་ངོ་མཚར་ཆེ་སྟེ། གོ་ཆ་ཆེན་པོ་བགོས་པ་ཡིན་པས་ལྷ་དང་མི་རྣམས་ཀྱིས་མཆོད་ཅིང་ཕྱག་བྱ་བར་

འོས་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་གང་གིས་གོ་ཆ་འདི་འཚལ་བ་དེ་དག་ནི་ནམ་མཁའི་དོན་དུ་བརྩོན་པར་མོས་འབད་པར་མོས་རྩོལ་བར་མོས་པ་དག་སྟེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྒོམ་ཞིང་ཡིད་ཆེས་པར་དཀའ་བ་ལ་བསྒོམ་ཡང་སེམས་

ཞུམ་པར་མི་འགྱུར་ཞིང་ཕྱིར་མི་ལྡོག་པའི་གོ་ཆ་བགོས་པ་དེ་དག་དཀའ་བ་སྤྱོད་པའི་དཔེ་ནམ་མཁའ་ལ་རྩོལ་ཞིང་འབད་པ་དང་འདྲ་བར་དཀའ་བ་བསྟན་པའོ། །བཅོམ་ལྡན་འདས་གང་གིས་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་དག་ནི་ནམ་མཁའ་ཡོངས་སུ་སྨིན་པར་འཚལ་

ཞིང་ཡོངས་སུ་གྲོལ་བར་འཚལ་བའོ་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་གོ་ཆ་བགོས་པ་དེ་དག་ཀྱང་དོན་དམ་པར་སེམས་ཅན་དངོས་པོ་མེད་དེ། ནམ་མཁའ་དང་འདྲ་བ་ལ་ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་

བར་བྱེད་པ་ནི་ནམ་མཁའ་ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བར་བྱ་བར་འདོད་དུ་ཟད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ལྟ་བུའི་ཆོས་རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་དེ་དག་ནི་གོ་ཆ་ཆེན་པོ་འཚལ་བའོ་ཞེས་

བྱ་བ་ནི་ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་གྲོལ་བར་བྱ་བའི་སེམས་ཅན་རྣམས་དང་། མངོན་པར་རྟོགས་པར་བྱ་བ་དང་། ཐོབ་པར་བྱ་བའི་རྣམ་པར་བྱང་བའི་ཆོས་རྣམས་དང་། ཡོངས་སུ་སྤང་ཞིང་ཟད་པར་བྱ་བའི་ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་ཐམས་

ཅད་དོན་དམ་པར་དངོས་པོ་མེད་ཅིང་རང་བཞིན་གྱིས་སྟོང་སྟེ། ནམ་མཁའ་དང་འདྲ་བ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བར་བྱ་བར་བརྩོན་པ་དང་རྣམ་པར་བྱང་བའི་ཆོས་རྣམས་མངོན་པར་རྟོགས་ཤིང་ཐོབ་པར་བྱ་བར་བརྩོན་པ་དང་། ཉོན་མོངས་པའི་

Vol. 92 · folio 54a

ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཡོངས་སུ་སྤང་ཞིང་ཟད་པར་བྱ་བར་བརྩོན་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་དཀའ་བ་སྤྱོད་པ་སྟེ། གོ་ཆ་ཆེན་པོ་བགོས་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཚལ་བ་དེ་དག་ནི་

ནམ་མཁའ་བར་སྣང་ལ་གདེག་པར་འཚལ་བའོ་ཞེས་བྱ་བ་ཡང་དོན་དམ་པར་སེམས་ཅན་དངོས་པོ་མེད་དེ། ནམ་མཁའ་དང་འདྲ་བ་ལ་སེམས་ཅན་གྱི་དོན་བྱ་བར་རྩོལ་བ་དེ་དག་ཀྱང་དཀའ་བ་སྤྱོད་པའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

གང་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཡང་དོན་དམ་པར་

སེམས་ཅན་དང་བླ་ན་མེད་པའི་བྱང་ཆུབ་གཉིས་ཀ་དངོས་པོ་མེད་དེ། ནམ་མཁའ་དང་འདྲ་བ་ལ་མི་སྐྱོ་ཞིང་སླར་མི་ལྡོག་པར་རྩོལ་ཞིང་འབད་པ་ནི་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་དོན་

དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་དག་ནི་གོ་ཆ་ཆེན་པོ་འཚལ་བའོ་ཞེས་བྱ་བ་ནི་བརྩོན་འགྲུས་ཆེན་པོ་ཐོབ་པའི་དོན་གོང་དུ་བཤད་པ་ཉིད་བསྟན་པར་བྱ་བའི་ཕྱིར་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ནམ་

མཁའ་ལྟ་བུའི་ཆོས་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་དཔའ་བོ་བསམ་གྱིས་མི་ཁྱབ། མཚུངས་པ་མ་མཆིས་པའི་གོ་ཆ་འཚལ་བའོ་ཞེས་བྱ་བ་ནི་གོང་དུ་བརྩོན་འགྲུས་ཆེན་པོ་བརྩམས་ཤིང་

གོ་ཆ་ཆེན་པོ་བགོས་པ་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་སྟེ། དཔེར་ན་འདམ་བུའི་ཚལ་ལམ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་

Vol. 92 · folio 54b

ན་བདག་འདི་སྐད་དུ་སེམས་ཅན་རྣམས་ཀྱི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི། ནམ་མཁའ་ཡོངས་སུ་སྨིན་པར་བགྱི་བར་འཚལ་ཞིང་ཡོངས་སུ་དགྲོལ་བར་འཚལ་བ་ལགས་ཞེས་མཆིའོ་ཞེས་བྱ་

བའི་བར་དུ་ནི་གོང་དུ་ཡང་སེམས་ཅན་གྱི་དོན་དུ་བརྩོན་པ་དེ་དག་ནམ་མཁའི་དོན་དུ་བརྩོན་དུ་ཟད་དེ་དཀའ་བ་སྤྱོད་པ་ཡིན་ནོ་ཞེས་བཤད་པའི་གཏན་ཚིགས་དང་དཔེ་བསྟན་པའོ། །དེ་ནས་དགེ་སློང་གཅིག་ཅིག་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་མ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་སྙམ་པ་དང་ཞེས་བྱ་བའི་བར་དུ་ནི་དོན་དམ་པར་ཆོས་གང་ལ་ཡང་སྐྱེ་བ་དང་འགག་པ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་ཟག་པ་མེད་པའི་ཕུང་པོ་ལྔ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་མེད་པ་ཡང་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་

འབད་ཅིང་རྩོལ་བའི་དོན་མེད་པར་མི་འགྱུར་ཞིང་ཐབས་དང་ཤེས་རབ་ཏུ་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ལ་བསླབ་པར་སེམས་པ་དེ་ནི་ནམ་མཁའ་སྟོང་པ་ལ་བརྩོན་པའོ་ཞེས་བྱ་བའི་བར་དུ་ནི་གོང་དུ་ཀུན་རྫོབ་ཟག་པ་མེད་པའི་ཕུང་པོ་ལྔ་ལ་སོགས་པ་ཡོད་པར་བསྟན་པ་ལ་ཆགས་ཤིང་མཚན་མར་འཛིན་པ་བསལ་བའི་ཕྱིར། དོན་དམ་པར་ཆོས་ཐམས་ཅད་ནམ་མཁའ་སྟོང་པ་དང་འདྲ་

བར་རིག་པར་བྱའོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཇི་

སྐད་དུ་བསྟན་པ་ལ་མོས་ཤིང་ཡིད་ཆེས་ལ། དམིགས་པ་དང་བཅས་ཤིང་མཚན་མ་དང་བཅས་པའི་འདུ་ཤེས་ཅན་དུ་མ་གྱུར་ན། མི་དང་མི་མ་ཡིན་པ་ལ་སོགས་པས་གླགས་བཙལ་བའི་དམིགས་མེད་དེ། དེ་ཉིད་དེའི་བསྲུང་བ་དང་། བསྐྱབ་པ་ཡིན་པས་མཚན་མ་དང་

Vol. 92 · folio 55a

བཅས་པའི་བསྲུང་བ་བྱ་མི་དགོས་སོ་ཞེས་བསྟན་པ་སྟེ། དོན་དམ་པར་གང་ལ་བསྲུང་བར་བྱ་བའི་དངོས་པོ་དེ་ལྟ་བུ་ཡོད་པར་མ་གྲུབ་པས་དངོས་པོ་མེད་པ་ལ་འབད་ཅིང་རྩོལ་བ་ནི་དོན་ཡོད་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་

ཁྱོད་ཀྱིས་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བསྙན་དང་། མིག་ཡོར་དང་། སྤྲུལ་པ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་ནུས་སམ་ཞེས་བྱ་བ་ནས། ཀཽ་ཤི་ཀ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་།

དེ་བཞིན་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་ནུས་སམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མི་ནུས་སོ། །སྨྲས་པ་ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་གང་སེམས་པ་དེ་ནི་བསམ་པ་ལྟར་མི་འགྲུབ་ཅིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དོན་དམ་པར་དངོས་པོ་མེད་

པས་བསྲུང་ཞིང་བསྐྱབ་པར་བྱ་མི་ནུས་པ་སྒྱུ་མ་ལ་སོགས་པ་ལ་དཔེ་བླངས་ཏེ་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། སྤྲུལ་པ་ལ་རློམ་སེམས་སུ་མི་བྱེད་པ་ཡིན་ཞེས་བྱ་བའི་བར་དུ་ནི། གོང་དུ་རྨི་ལམ་དང་

སྒྱུ་མ་ལ་སོགས་པ་སྨོས་པ་ཇི་ཙམ་གྱིས་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་འདྲ་བར་རྟོགས་པར་འགྱུར་བ་དང་། དེ་ལྟར་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པར་རྟོགས་ནས་ཀྱང་། རྨི་ལམ་དང་སྒྱུ་མ་ལ་སོགས་པའི་རློམ་སེམས་སུ་མི་འགྱུར་བ་འཁོར་རྣམས་ལ་ཞིབ་ཏུ་བསྟན་

པའི་སྐབས་དབྱེ་བའི་ཕྱིར་བརྒྱ་བྱིན་གྱིས་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་

Vol. 92 · folio 55b

སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ན་ཞེས་བྱ་བ་ལ་སོགས་པས་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པར་རྟོགས་ནས། དེ་དག་ལ་རྣམ་པར་མི་རྟོག་ཅིང་མཚན་མར་མི་འཛིན་ན་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་འདྲ་

བར་རྟོགས་པར་ཡང་འགྱུར་ལ། དེ་དག་གིས་རློམ་སེམས་སུ་ཡང་ཇི་ལྟར་མི་འགྱུར་བ་བསྟན་པ་སྟེ། དེ་ལ་གཟུགས་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་དོན་དམ་པར་གཟུགས་དངོས་པོ་མེད་པར་རྟོགས་པས་འདི་ནི་གཟུགས་ཡིན་ནོ་སྙམ་དུ་གཟུགས་ལ་མཚན་མར་མི་འཛིན་ཅིང་

མི་སེམས་པའོ། །གཟུགས་ཀྱིས་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་གཟུགས་འདིས་དངོས་པོ་འདི་ལྟ་བུ་ཞིག་སྒྲུབ་པོ་སྙམ་དུ་ཡང་མི་སེམས་པ་ལ་བྱའོ། །གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་གཟུགས་ལ་ཕན་པའམ། གནོད་པ་འདི་ལྟ་བུ་ཞིག་བྱའོ་སྙམ་དུ་ཡང་

མི་སེམས་པ་ལ་བྱ་སྟེ། དེ་ལྟར་གཟུགས་ལ་རློམ་སེམས་སུ་མི་བྱེད་ན་རྨི་ལམ་ལ་སོགས་པ་ཡང་དངོས་པོ་མེད་པར་རྟོགས་པས་རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། སྤྲུལ་པ་རྣམས་ལ་ཡང་རློམ་སེམས་སུ་མི་བྱེད་པར་འགྱུར་རོ་

ཞེས་བསྟན་པ་སྟེ། གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རེ་རེ་ལ་ཡང་རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། སྒྲ་བརྙན་དང་། མིག་ཡོར་དང་། སྤྲུལ་པ་རྣམས་དང་སྦྱར་ཏེ་རློམ་སེམས་སུ་མི་འགྱུར་བ་བསྟན་པར་

རིག་པར་བྱའོ། །དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་སངས་རྒྱས་སྟོང་ཡི་གེ་འདི་དག་ཉིད་ཀྱིས་ཆོས་སྟོན་པ་མཚན་འདི་དག་ཉིད་མངའ་བ་དགེ་སློང་

རབ་འབྱོར་ཅེས་བྱ་བ་ཤ་སྟག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་བ་དེ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཞུ་ཞིང་ཡོངས་སུ་དྲི་བ་སེམས་ལ་སྣང་བར་གྱུར་ཏོ་ཞེས་

Vol. 92 · folio 56a

བྱ་བའི་བར་དུ་ནི་འདོད་པའི་ཁམས་ཀྱི་ལྷ་རྣམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ལྷག་པར་དད་པ་བསྐྱེད་པའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡང་སངས་རྒྱས་བཅོམ་ལྡན་འདས་མང་པོ་མཚན་ཤཱཀྱ་

ཐུབ་པ་ཞེས་བྱ་བ་ཤ་སྟག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཀྱི་ཆོས་སྟོན་པ་དང་། ཐེ་ཚོམ་ཞུ་ཞིང་རྟོགས་པ་ཡང་དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུ་ཞིང་ཡོངས་སུ་རྟོགས་པ་ཤ་སྟག་བཞུགས་པར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་

དང་མཐུས་ལྷ་མང་པོ་དེ་དག་གིས་མཐོང་བར་གྱུར་པ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ཡང་འཁོར་

རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ལྷག་པར་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉག་གཅིག་ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་མ་ཟད་ཀྱི། མ་འོངས་པའི་དུས་ན་ཡང་བྱམས་པ་བྱང་ཆུབ་སེམས་དཔའ་དང་བསྐལ་པ་བཟང་པོ་འདི་ལ་མངོན་

པར་རྫོགས་པར་སངས་རྒྱས་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་ཅིང་འཆད་པར་འགྱུར་བ་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་གང་དང་། རྟགས་གང་དང་། མཚན་མ་གང་གིས་ཞེས་བྱ་བ་ལ་སོགས་པ་ནི་

མ་འོངས་པའི་དུས་ན། བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐབས་ཇི་ལྟར་སྟོན་པ་ཞུས་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི། མ་འོངས་པའི་

དུས་ན་བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཟབ་མོ་འདི་ཐབས་ཇི་ལྟར་སྟོན་པ་བཤད་པ་སྟེ། དོན་དམ་པར་གཟུགས་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་པར་རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་

Vol. 92 · folio 56b

མེད་པ་དང་། སྡུག་པ་དང་། མི་སྡུག་པ་དང་། ཞི་བ་དང་། མ་ཞི་བ་དང་། བཅིངས་པ་དང་། གྲོལ་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བར་མི་དམིགས་ཤིང་མཚན་མ་དང་བཅས་པར་ཆོས་མི་སྟོན་ཏོ་ཞེས་བཤད་པ་སྟེ། གཟུགས་ལ་ཇི་ལྟར་བཤད་

པ་དེ་བཞིན་དུ་ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

རྫོགས་པར་སངས་རྒྱས་ནས་ཆོས་ནི་ཇི་ལྟར་སྟོན་པར་འགྱུར་སྟོན་ན་ནི་ཅི་ཞིག་སྟོན་པར་འགྱུར་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་དེ་དག་ལ་རྟག་པ་དང་མི་རྟག་པ་ལ་སོགས་པར་ཆོས་

མི་སྟོན་ན་ཐམས་ཅད་ཇི་ལྟར་སྟོན། དེ་ལྟར་གཟུགས་ལ་སོགས་པ་རང་བཞིན་གྱིས་སྟོང་སྟེ། མེད་ན་ཅི་ཞིག་སྟོན་པར་འགྱུར་ཞེས་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་

རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་སྟེ། ཅིས་

ཀྱང་མ་གོས་མ་ཆགས་པས་ཤིན་ཏུ་རྣམ་པར་དག་པའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་སྟོན་གྱི་གཟུགས་ལ་སོགས་པ་ལ་དངོས་པོ་ལ་དངོས་པོར་དམིགས་ནས་རྟག་པ་དང་མི་རྟག་པ་ལ་སོགས་པའི་མཚན་མར་འཛིན་ཅིང་ཆོས་སྟོན་པ་ནི་མ་ཡིན་ནོ་ཞེས་བཤད་པའོ། །

གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཡིན་པར་བཤད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་དེ་དག་ཤིན་ཏུ་རྣམ་པར་དག་པ་ལས་

Vol. 92 · folio 57a

གུད་ན་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་དག་པ་ཡིན་ནོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནས་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ནི། རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་གསོལ་པའི་དོན་དེ་ཉིད་ཞིབ་ཏུ་བསྟན་པ་སྟེ། གཟུགས་ལ་

སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་ཞིང་ཡོངས་སུ་དག་པ་གཉིས་ཡོངས་སུ་དག་པར་རོ་གཅིག་ཅིང་ཐ་མི་དད་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་

ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནས། ཇི་ལྟར་ན་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བའི་བར་དུ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཇི་ལྟར་ན་གཟུགས་ལ་སོགས་

པའི་ཆོས་ཐམས་ཅད་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་

དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་གཟུགས་ཡོངས་སུ་དག་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ནི་

Vol. 92 · folio 57b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ཉིད་ལ་ཡོངས་

སུ་དག་པ་ཞེས་བྱ་བའི་བར་དུ་ནི་དངོས་པོ་ཡོད་པ་ཞིག་ལས་སྐྱོན་ནམ་དྲི་མ་དང་བྲལ་བའི་ཕྱིར་ཡོངས་སུ་དག་པ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ནམ་མཁའ་ལ་དཔེ་བླངས་ཏེ་བསྟན་པ་སྟེ། ཇི་ལྟར་ནམ་མཁའ་ལ་གློ་བུར་གྱི་སྤྲིན་དང་ཁུག་རྣ་ལ་སོགས་པས་བསྒྲིབས་ཀྱང་ནམ་མཁའི་རང་བཞིན་ཡོངས་སུ་དག་པ་ལས་མ་དག་པར་འགྱུར་བ་མེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཡང་ཀུན་བརྟགས་པའི་ཆོས་རྣམས་ཀྱིས་བསྒྲིབས་ཀྱང་རང་བཞིན་ཡོངས་སུ་དག་པ་ལས་མ་དག་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་

ལགས་ཞེས་བྱ་བ་ནི་ནམ་མཁའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་དོན་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་

ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ནམ་མཁའ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ནམ་མཁའ་ལ་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་དེ་ཡོངས་སུ་དག་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་

ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ནམ་མཁའ་ལ་འགོ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ནམ་མཁའ་རང་བཞིན་གྱིས་དག་པས་སྐྱོན་དང་དྲི་མ་ཅིས་ཀྱང་མ་གོས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words