No title in the text — opening words: ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 92 · folio 58a
ཡང་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ལ་འགོ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་མེད་པའི་དོན་བཤད་
པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་གཟུང་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ནམ་མཁའ་ལ་གཟུང་བ་དང་འཛིན་པ་གཉིས་མེད་དེ་ཡོངས་
སུ་དག་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གཟུང་བ་དང་འཛིན་པ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ནམ་མཁའ་ལ་ཐ་སྙད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་
ནམ་མཁའ་ཉིད་སྨྲ་ཞིང་ཐ་སྙད་འདོགས་པའི་རང་བཞིན་ཡང་མ་ཡིན་ལ། ནམ་མཁའ་ལ་གཞན་གྱིས་བརྗོད་ཅིང་ཐ་སྙད་དུ་གདགས་པར་བྱ་བའི་རང་བཞིན་ཡང་མ་ཡིན་ཏེ་ཡོངས་སུ་དག་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་
བའི་ཐ་སྙད་དང་བྲལ་བའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་ལ་ཐ་སྙད་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནི་ནམ་མཁའ་ལ་ཐ་སྙད་མེད་པའི་དཔེ་སྒྲ་
བརྙན་ལ་བླངས་ཏེ་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའི་སྒྲ་བརྙན་གཉིས་ཀྱི་སྒྲ་ལྟར་ནམ་མཁའ་ལ་ཐ་སྙད་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་
ཞེས་བྱ་བ་ནི་མིས་སྒྲ་བརྗོད་པ་དང་། བྲག་ཅ་ལས་སྒྲ་འབྱུང་བ་གཉིས་ཀ་ཡང་ནམ་མཁའ་སྟོང་པ་ལ་གྲག་མོད་ཀྱི། འོན་ཀྱང་ནམ་མཁའ་ནི་སྨྲ་བ་འམ། བརྗོད་པའི་རང་བཞིན་ཡང་མ་ཡིན་སྒྲའི་རང་བཞིན་ཡང་མ་ཡིན་ཏེ། ཡོངས་སུ་དག་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་
Vol. 92 · folio 58b
ཕྱིན་པ་ཡང་ཀུན་རྫོབ་ཏུ་སྨྲ་ཞིང་བརྗོད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་སྨྲ་བར་བྱེད་པ་དང་། སྨྲ་བར་བྱ་བ་གཉིས་ཀའི་རང་བཞིན་མ་ཡིན་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ནམ་མཁའ་བརྗོད་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་དག་པའོ་ཞེས་བྱ་བ་ནི་ནམ་མཁའ་རང་བཞིན་གྱིས་སྟོང་པས་སྨྲ་བའམ། བརྗོད་པའི་བྱ་བ་མི་བྱེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་སྨྲ་བའམ་བརྗོད་པའི་བྱ་བ་མི་བྱེད་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་
པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་བརྗོད་དུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཅེས་བྱ་བ་ནི་བརྗོད་དུ་མེད་པའི་ཕྱིར་ཡོངས་སུ་དག་པའི་དོན་མདོར་སྨོས་པ་དེ་ཉིད་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་
ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་ནི་གང་ཡང་བརྗོད་དུ་མེད་དོ། །རབ་འབྱོར་དེ་བཞིན་དུ་ནམ་མཁའ་བརྗོད་དུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་ནམ་མཁའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་གཉིས་ཀ་རང་བཞིན་གྱིས་སྟོང་ཞིང་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཡོངས་སུ་དག་པའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ནམ་མཁའ་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ནམ་
མཁའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་རང་བཞིན་གྱིས་སྟོང་པས་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དངོས་པོ་མ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ནམ་
མཁའ་དམིགས་སུ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་བྱ་བ་ནི་དོན་གོང་མ་ཉིད་གསལ་བར་བཤད་པའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་གང་ཡང་དམིགས་སུ་མེད་དོ། །
Vol. 92 · folio 59a
རབ་འབྱོར་དེ་བཞིན་དུ་ནམ་མཁའ་བཞིན་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དངོས་པོ་གང་ཡང་མེད་པ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དངོས་པོ་མེད་དེ། གཟུང་བ་དང་འཛིན་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་
པ་དང་། འགག་པ་མེད་པ་དང་ཞེས་བྱ་བ་ནས། རབ་འབྱོར་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་རྣམ་པར་
དག་པའི་ཕྱིར། སྐྱེ་བ་དང་། འགག་པ་ལ་སོགས་པ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་། སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པའི་ཕྱིར་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་
ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཅེས་བྱ་བ་ནས། བསོད་ནམས་ཀྱི་ཕུང་པོ་མང་བ་ཚད་མེད་གྲངས་མེད་པ། བསམ་གྱིས་མི་ཁྱབ་པ་མཚུངས་པ་མེད་པ། གཞལ་དུ་མེད་པ་དཔག་ཏུ་མེད་པ་རབ་ཏུ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཡོངས་སུ་དག་པ་བསྟན་ནས། དེ་ལྟར་ཡོངས་སུ་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་འཁོར་རྣམས་དད་པ་བསྐྱེད་པའི་ཕྱིར་ཚེ་འདི་ལ་ཕན་པ་དང་། བསོད་ནམས་སུ་འགྱུར་བའི་ཡོན་ཏན་རྣམས་བསྟན་པ་སྟེ་གཞན་ནི་རང་ལོག་ཏུ་ཟད།
མི་བདེ་བ་མ་སྤངས་པར་དུས་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་དུག་དང་མཚོན་ལ་སོགས་པ་གློ་བུར་གྱི་སྡུག་བསྔལ་རྣམས་ཀྱིས་ཚེ་འདའ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དག་ལ་ལྷའི་ཚོགས་ཆེན་པོ་འདུ་བར་འགྱུར་རོ་ཞེས་བྱ་བ་ནི་གང་
Vol. 92 · folio 59b
ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་གནས་དེར་དུས་དྲུག་དག་ལ་འཇིག་རྟེན་གྱི་ལྷ་མཐུ་ཆེན་པོ་རྣམས་འགོ་ཞིང་བྱིན་གྱིས་རློབ་པའི་ཕྱིར་འདུ་ཞིང་སྟོང་དུ་འོང་ངོ་ཞེས་བྱ་བའི་དོན་ཏེ། ཚེས་ཉི་ཤུ་གསུམ་ལ་མར་གྱི་ངོའི་ཚེས་བརྒྱད་ཅེས་བྱ། ཚེས་ཉི་ཤུ་དགུ་ལ་མར་གྱི་ངོའི་ཚེས་བཅུ་བཞི་ཞེས་བྱ་
གནམ་སྟོང་ལ་མར་གྱི་ངོའི་ཚེས་བཅོ་ལྔ་ཞེས་བྱ་སྟེ། གཞུང་ལས་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ཞེས་སྨོས་པ་ཟླ་བ་ཡར་གྱི་ངོ་དང་མར་གྱི་ངོ་གཉིས་ཀ་ལ་སྙེགས་པས་དེ་ལྟར་དུས་དྲུག་ཏུ་རིག་པར་བྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་
རིན་པོ་ཆེའོ་ཞེས་བྱ་བ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱིན་པའོ་ཞེས་བྱ་བའི་བར་དུ་ནི་ཚེ་རབས་ཕྱི་མ་ལ་ཕན་པར་འགྱུར་བའི་ཡོན་ཏན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དགེ་བ་བཅུའི་ལས་ཀྱི་ལམ་རྒྱས་པར་བསྟན་ཏེ་ཞེས་
བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ་ཞེས་བྱ་བའི་བར་དུ་ནི་ཚེ་རབས་ཕྱི་མ་ལ་ཕན་པར་འགྱུར་བའི་གཏན་ཚིགས་བསྟན་པའོ། །དེ་ཡང་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་ལ་བསླབས་ན་རྒྱལ་རིགས་ཆེ་ཞིང་མཐོ་བ་
རྣམས་ཡོད་དོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །དེ་བས་ན་དེ་ལ་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཞེས་བྱ་བའོ་ཞེས་བྱ་བའི་བར་དུ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིན་པོ་ཆེ་ཞེས་བཤད་པ་ཇི་ལྟར་རིན་པོ་ཆེ་
ཡིན་པའི་གཏན་ཚིགས་བསྟན་པ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གང་ན་ཡོད་པ་དེར་ནོར་དང་དགོས་པ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འདུ་ཞིང་ཡོད་པར་འགྱུར་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྣམ་པར་བྱང་བའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་
པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་ཕྱིར་རིན་པོ་ཆེ་ཞེས་བྱའོ་ཞེས་བསྟན་པའོ། །ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ།
Vol. 92 · folio 60a
ཡོངས་སུ་གཟུང་བའམ། དོར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཡོངས་སུ་གཟུང་བའམ། དོར་བར་བྱ་བའི་ཆོས་དེ་ལྟ་བུ་མེད་དོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་
བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རིན་པོ་ཆེ་ཡིན་པར་བཤད་པ་ལ། ཁ་ཅིག་དངོས་པོ་ཡོད་པར་འཛིན་པ་བསལ་བའི་ཕྱིར་དོན་དམ་པར་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་།
རྣམ་པར་བྱང་བ་དང་། གཟུང་བ་དང་། དོར་བར་བྱ་བའི་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་ནི་དགེ་བའམ་མི་དགེ་བའམ་ཞེས་བྱ་བ་ནས། རབ་འབྱོར་རྣམ་གྲངས་དེས་ཀྱང་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ནི་དམིགས་སུ་མེད་དོ། །
ཞེས་བྱ་བའི་བར་དུ་ནི་དོན་དམ་པར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་དགེ་བ་དང་། མི་དགེ་བ་ལ་སོགས་པའི་ཆོས་རྣམས་དམིགས་སུ་ཡང་མེད་དོ་ཞེས་དམིགས་སུ་མེད་པའི་ཡོན་ཏན་དང་ལྡན་པར་བསྟན་པའོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ལ་ནི་ཆོས་གང་གིས་ཀྱང་འགོ་བ་མེད་
དོ་ཞེས་བྱ་བ་ནས་འདི་ནི་འགོ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་གྱིས་ནི་ཅིས་ཀྱང་མ་གོས་པའི་ཡོན་ཏན་བསྟན་པའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། སངས་རྒྱས་
ཀྱི་ཞིང་ཡོངས་སུ་སྦྱོང་བ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དམིགས་སུ་མེད་པ་རྟོགས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ནི་འདི་ལྟར་
ཟབ་ཅིང་དམིགས་སུ་མེད་པའོ་སྙམ་དུ་འདུ་ཤེས་མི་སྐྱེ་ཞིང་རྣམ་པར་མི་རྟོག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་ཞིང་སྤྱོད་པར་ཆུད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་
Vol. 92 · folio 60b
ཡོངས་སུ་དག་པར་བྱ་ཡང་ནུས་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྟོན་པའམ་ཞེས་བྱ་བ་ནས། གཟུགས་མེད་པའི་ཁམས་ལས་འདའ་བར་བྱེད་པ་མ་ཡིན་གནས་པར་བྱེད་པ་མ་ཡིན་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཡིན་པས་ཆོས་གང་ཡང་སྟོན་པ་ལ་སོགས་པའི་བྱ་བ་མི་བྱེད་དོ་ཞེས་བསྟན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ་མ་ཡིན་འདོར་བ་མ་ཡིན་ནོ་ཞེས་བྱ་བའི་བར་
དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་བླང་བ་དང་དོར་བའི་རྣམ་པར་རྟོག་པ་མེད་དོ་ཞེས་བསྟན་པའོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདུས་བྱས་ཀྱི་ཁམས་འདོར་བ་མ་ཡིན། འདུས་མ་བྱས་ཀྱི་ཁམས་སྒྲུབ་པ་མ་ཡིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས་འདུས་བྱས་དང་འདུས་མ་བྱས་པ་ལ་བཟང་ངན་དུ་འབྱེད་ཅིང་། བླང་དོར་
ཅན་དུ་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་དེ་ནི་དེ་བཞིན་དུ་
གནས་པ་ཡིན་ཏེ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བླང་དོར་མེད་པའི་གཏན་ཚིགས་བསྟན་པ་སྟེ། ཆོས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཞེས་བྱ་བ་སྟོང་པ་ཉིད་ཀྱི་རྣམ་གྲངས་ཏེ། སྟོང་པ་ཉིད་ལ་བླང་
དོར་དང་བཟང་ངན་དུ་འབྱེད་པའི་རྣམ་པར་རྟོག་པ་མེད་པ་དེ་མི་འགྱུར་བ་ཡོངས་སུ་གྲུབ་པའི་རང་བཞིན་དུ་གནས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། སྟོང་པ་ཉིད་ལ་འགྱུར་བ་མེད་པས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་
Vol. 92 · folio 61a
བྱུང་ཡང་རུང་མ་བྱུང་ཡང་རུང་། སྟོང་པ་ཉིད་ནི་མི་འགྱུར་བའི་རང་བཞིན་དུ་གནས་སོ་ཞེས་བསྟན་པའོ། །དེ་ནི་དེ་བཞིན་གཤེགས་པས་མངོན་པར་སངས་རྒྱས་སོ་ཞེས་བྱ་བ་ནས། གསལ་བར་མཛད་དོ། །ཡང་དག་པར་སྟོན་ཏོ་ཞེས་བྱ་བའི་བར་དུ་ནི་དེ་ལྟ་
བུའི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་སུ་ཆུད་ནས་གཞན་ལ་རྒྱས་པར་སྟོན་གྱི། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །དེ་ནས་ལྷའི་བུ་སྟོང་ཕྲག་མང་པོ་སྟེང་
གི་བར་སྣང་ལ་འཁོད་ནས་ཞེས་བྱ་བ་ནས། འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཐོང་ངོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཟབ་མོ་བཤད་པས་ལྷའི་བུ་མང་པོ་མགུ་སྟེ། ངོ་མཚར་དུ་གྱུར་པའི་ཚིག་སྙན་པའི་སྒྲ་ཕྱུང་ནས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅོམ་ལྡན་འདས་ལ་བསྟོད་པ་སྟེ། ལྷུང་ལྷུང་ལྡེགས་ཀྱི་སྒྲ་ཕྱུང་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའི་ཚིག་སྙན་པ་མཉེན་ཞིང་ཡིད་དུ་འོང་བས་བསྟོད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་བྱ་བ་ནི་བཅོམ་
ལྡན་འདས་དང་པོ་མངོན་པར་སངས་རྒྱས་ནས། ཡུལ་བཱ་རཱ་ཎ་སཱིར་འཕགས་པའི་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་དང་། ད་ལྟར་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཀྱི་ཕུང་པོ་འདི་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཟབ་མོ་འདི་རྒྱ་ཆེར་བསྟན་པ་དང་། ཆོས་ཀྱི་འཁོར་ལོ་ལན་གཉིས་སུ་བསྐོར་བ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཆོས་ཀྱི་འཁོར་ལོ་
གཉིས་སུ་བསྐོར་བ་ཡང་མ་ཡིན། གཅིག་ཏུ་བསྐོར་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ལྷའི་བུ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་ཞེས་སྨྲས་པ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་
Vol. 92 · folio 61b
ཡང་མེད་དོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཆོས་གང་ཡང་འཁོར་བའམ་མི་འཁོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་
ངོ་བོ་ཉིད་ཀྱིས་སྟོང་པས་ཆོས་ཀྱི་འཁོར་ལོ་བསྐོར་བའམ། མི་བསྐོར་བའི་བྱ་བ་གཉིས་ཀ་ཡང་མི་བྱེད་དོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་འཁོར་བར་བགྱི་བའམ། མི་འཁོར་བར་བགྱི་བའི་སླད་དུ་
ཉེ་བར་མི་གནས་པའི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་གང་ལགས་ཞེས་བྱ་བ་ནི་གོང་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བའམ། མི་བསྐོར་བ་མེད་དོ་ཞེས་མདོར་སྨོས་པ་ཆོས་གང་དང་གང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་
པ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་
ངོ་ཞེས་བྱ་བའི་བར་དུ་ནི་ཆོས་གང་དང་གང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པར་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་མོ་སྟེ་ཞེས་བྱ་བ་ནས། དེ་དག་གི་ཆོས་གང་ཡང་
ཡོངས་སུ་མཐོང་བའམ། ཡོངས་སུ་མ་མཐོང་བ་མ་མཆིས་པའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་། ཆོས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་ཡང་། ཀུན་རྫོབ་ཏུ་བྱང་ཆུབ་སེམས་དཔའ་
རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་ལ། དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ན་ཡང་དོན་དམ་པར་ཆོས་གང་ཡང་མངོན་པར་རྫོགས་པར་སངས་
Vol. 92 · folio 62a
རྒྱས་པ་ཡང་མེད། ཀུན་རྫོབ་ཏུ་ཆོས་ཀྱི་འཁོར་ལོ་ཡང་བསྐོར་ལ། དོན་དམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མེད། མི་བསྐོར་བ་ཡང་མེད་པ་དང་། ལྷའི་བུ་དེ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཐོང་བ་དང་། མ་མཐོང་བ་གཉིས་ཀ་ཡང་མེད་པར་
སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དེ་ལྟར་ཡོན་ཏན་ཆེ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་འབྱོར་གྱིས་བསྟོད་པའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་འཁོར་བར་བགྱི་བའམ། མི་འཁོར་བར་བགྱི་བའམ། རབ་
ཏུ་འཁོར་བར་བགྱི་བའི་ཆོས་དེ་ལྟ་བུ་དམིགས་སུ་མ་མཆིས་ཏེ། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཀྱང་ཤིན་ཏུ་མངོན་པར་མ་གྲུབ་པའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་དོན་དམ་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མེད་པའི་གཏན་ཚིགས་བསྟན་པའོ། །
དེ་ཅིའི་སླད་དུ་ཞེ་ན། སྟོང་པ་ཉིད་ནི་འཁོར་བར་བགྱིད་པའམ། མི་འཁོར་བར་བགྱིད་པ་མ་ལགས་སོ་ཞེས་བྱ་བ་ནས། སྨོན་པ་མ་མཆིས་པ་ནི་འཁོར་བར་བགྱིད་པའམ། མི་འཁོར་བར་བགྱིད་པ་མ་ལགས་སོ་ཞེས་བྱ་བའི་བར་དུ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།
མི་བསྐོར་བ་དམིགས་སུ་མེད་པ་དང་། ཆོས་ཐམས་ཅད་ཤིན་ཏུ་མངོན་པར་མ་གྲུབ་པའི་གཏན་ཚིགས་སུ་རྣམ་པར་ཐར་པའི་སྒོ་གསུམ་ཅི་ཡང་བྱེད་པ་མ་ཡིན་པ་བསྟན་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་རབ་ཏུ་བསྟན་པ་དང་ཞེས་བྱ་བ་ནས།
ཆོས་བསྟན་པ་འདི་ལ་གང་སུ་ཡང་སྦྱིན་པའི་གནས་སུ་འགྱུར་བ་མ་མཆིས་སོ་ཞེས་བྱ་བའི་བར་དུ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་ལ། དོན་དམ་པར་ཆོས་གང་
ཡང་བསྟན་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡོངས་སུ་དག་པ་ཡིན་པར་བཤད་པ་དང་། དེ་ལྟར་ཡོངས་སུ་དག་པར་བསྟན་པ་དེ་ལ་ནི་དོན་དམ་པར་སྟོན་ཅིང་འཆད་པ་ཡང་མེད། ཉན་ཅིང་འཛིན་པ་ཡང་མེད། འབྲས་བུ་མངོན་སུམ་དུ་ཐོབ་པ་
Vol. 92 · folio 62b
དང་། མངོན་སུམ་དུ་མ་ཐོབ་པ་དང་། མྱ་ངན་ལས་འདས་པར་གྱུར་པ་དང་། སྦྱིན་པའི་གནས་སུ་གྱུར་པ་ཡང་མེད་དོ་ཞེས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་། རབ་ཏུ་བསྟན་པ་དང་། སྒྲུབ་པ་དང་། རབ་ཏུ་བཀོད་པ་ཞེས་བྱ་བ་ལ་སོགས་པ་
ནི་ཞིབ་ཏུ་བཤད་པའི་རྣམ་གྲངས་སུ་ཟད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་ཉི་ཤུ་དགུ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་ཟབ་པའི་རྣམ་གྲངས་བསྟན་པ་སྟེ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡོད་པར་མ་གྲུབ་པའི་ཕྱིར་མ་མཆིས་པའོ་
ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་དཔེས་བཀྲོལ་ཏེ་བཤད་པ་སྟེ། ཇི་ལྟར་ནམ་མཁའ་ལ་དངོས་པོ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་ལ་ཡང་། དོན་དམ་པར་དངོས་པོ་མེད་དེ་ནམ་མཁའ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་རང་བཞིན་གྱིས་སྟོང་ཞིང་ནམ་མཁའ་དང་འདྲ་བས་ཆེ་ཆུང་དང་། མཐོ་དམན་དང་། བཟང་
ངན་ལ་སོགས་པ་མེད་པའི་ཕྱིར་མཉམ་པ་ཉིད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ཐམས་ཅད་ཀྱང་དོན་དམ་པར་སྟོང་ཞིང་རང་བཞིན་མེད་པས། དེ་བཞིན་ཉིད་དུ་རོ་གཅིག་ཅིང་མཉམ་
པ་ཉིད་ཡིན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་འདྲ་བར་མཉམ་པ་ཉིད་ཡིན་ནོ་ཞེས་བསྟན་པའོ། །རྣམ་པར་དབེན་པའི་ཕ་རོལ་ཏུ་ཕྱིན་པའི་ཞེས་བྱ་བ་ནི་ཡོད་པ་དང་། མེད་པ་དང་། རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་གཉིས་དང་བྲལ་བས་དབེན་པ་
Vol. 92 · folio 63a
ཡིན་ནོ་ཞེས་བསྟན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་དབེན་པའི་དོན་དེ་ཉིད་འགྲེལ་པ་སྟེ། ཡོད་མེད་དང་རྟག་ཆད་ལ་སོགས་པའི་མཐའ་ལས་འདས་ཤིང་རང་བཞིན་གྱིས་སྟོང་པའི་ཕྱིར་རྣམ་པར་དབེན་པ་ཡིན་ནོ་ཞེས་
བསྟན་པའོ། །ཐུབ་པ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་ཡོད་པར་མ་གྲུབ་པས་མུ་སྟེགས་ཅན་ལ་སོགས་པ་ཕས་ཀྱི་རྒོལ་བ་རྣམས་ཀྱིས་གླགས་མི་མཐོང་ཞིང་ཅིས་ཀྱང་མི་ཐུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་
ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐུབ་པ་མེད་པའི་དོན་འགྲེལ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོར་དམིགས་སུ་མེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མེད་པའི་ཕྱིར་ཐུབ་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །
གནས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན་གྱི་གནས་སམ་རྟེན་མེད་པའོ་ཞེས་བསྟན་པའོ། །མིང་དང་ལུས་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གནས་མེད་པ་ཉིད་ཀྱི་དོན་འགྲེལ་པ་སྟེ། མིང་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།
རྣམ་པར་ཤེས་པའི་ཕུང་པོ་བཞི་ལ་བྱ་ལུས་ནི་གཟུགས་ཀྱི་ཕུང་པོ་ལ་བྱ་སྟེ། དེ་ལྟར་མིང་དང་གཟུགས་ཀྱི་རང་བཞིན་ཕུང་པོ་ལྔ་པོ་མེད་པ་ལ་གནས་མེད་པའོ་ཞེས་བྱའོ་ཞེས་བསྟན་པའོ། །ནམ་མཁའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དེ་ལྟར་མིང་དང་གཟུགས་ཀྱི་རང་བཞིན་གནས་
ཞེས་བྱ་བ་ཕུང་པོ་ལྔ་མེད་པས་ནམ་མཁའ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་ཕུང་པོ་ལྔའི་རང་བཞིན་མ་ཡིན་པས་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར་ནམ་མཁའ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །བརྗོད་དུ་མ་མཆིས་པའི་
ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་མིང་དང་མཚན་མར་བཟུང་བའི་ཐ་སྙད་དུ་བརྗོད་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་དོན་འགྲེལ་པ་སྟེ། ཚིག་ཏུ་བརྗོད་དོ་ཅོག་ནི་སེམས་ཀྱིས་རྣམ་
Vol. 92 · folio 63b
པར་བརྟགས་དཔྱད་ནས་མཚན་མར་བཟུང་སྟེ། མིང་དང་ཐ་སྙད་དུ་འདོགས་ཤིང་ཚིག་ཏུ་བརྗོད་པ་ལས་འབྱུང་གི། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མེད་ན་ཚིག་ཏུ་བརྗོད་པ་ཡང་མེད་དོ་ཞེས་བསྟན་པའོ། །མིང་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་
ནི་གཟུགས་མེད་པའི་ཕུང་པོ་བཞི་མེད་པའི་རང་བཞིན་ནོ་ཞེས་བསྟན་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མིང་མེད་པའི་དོན་འགྲེལ་པ་སྟེ། མིང་ཞེས་བྱ་བ་ནི་གཟུགས་མེད་པའི་ཕུང་པོ་བཞི་
པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་བྱ་སྟེ། དེ་དག་གི་རང་བཞིན་མ་ཡིན་པ་ལ་མིང་མེད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །མཆི་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་
གྱིས་སྟོང་ཞིང་མི་གཡོ་བས། ཁམས་གསུམ་དང་འགྲོ་བ་རྒྱུད་ལྔ་གང་དུ་ཡང་འགྲོ་བ་མེད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འགྲོ་བ་མེད་པའི་དོན་འགྲེལ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་ཁམས་
གསུམ་དང་འགྲོ་བ་རྒྱུད་ལྔ་གང་དུ་ཡང་འགྲོ་ཞིང་རྒྱུ་བ་མེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དངོས་པོ་མེད་པས་གང་དུ་ཡང་འགྲོ་ཞིང་རྒྱུ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །མི་འཕྲོགས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་རང་བཞིན་གྱིས་སྟོང་པས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ལྟ་བ་ངན་པ་ཅན་རྣམས་ཀྱིས་དབྲོག་ཅིང་བསྒྱུར་དུ་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་བཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་འཕྲོགས་པའི་དོན་འགྲེལ་པ་སྟེ། ཆོས་ཐམས་ཅད་ཀྱང་རང་
བཞིན་གྱིས་སྟོང་པས་མིང་དང་མཚན་མར་བཟུང་དུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་མིང་དང་མཚན་མར་བཟུང་དུ་མེད་པས་མི་འཕྲོགས་པ་ཡིན་ནོ་ཞེས་བསྟན་པའོ། །སྐད་ཅིག་མ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
Vol. 92 · folio 64a
ཕྱིན་པ་རང་བཞིན་གྱིས་སྟོང་པས་སྐད་ཅིག་མའི་རྒྱུན་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་བྱང་ཞིང་ཟད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐད་ཅིག་མ་མེད་པའི་འགྲེལ་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་མེད་པ་ལ་
བྱང་ཞིང་ཟད་པ་ཞེས་བྱ་སྟེ། དེ་ལྟར་སྟོང་ཞིང་མེད་པའི་ཕྱིར་སྐད་ཅིག་མའི་རྒྱུན་ལ་ཡང་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོ་མེད་པས་མི་སྐྱེ་བའི་རང་བཞིན་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་འགྲེལ་པ་སྟེ། དོན་དམ་པར་དངོས་པོ་མེད་པ་ནི་སྐྱེ་བ་དང་འགག་པ་གཉིས་ཀ་ཡང་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྐྱེ་བ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །བྱེད་
པ་པོ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པ་ཅི་འང་མི་བྱེད་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་འགྲེལ་པ་སྟེ། དོན་དམ་
པར་དངོས་པོ་ཡོད་པར་མ་གྲུབ་པས་བྱེད་པ་པོའི་རང་བཞིན་དམིགས་སུ་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྱེད་པ་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་པོ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་པའི་
རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །ཤེས་པ་པོ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་མེད་པའི་ཕྱིར་ཤེས་པ་པོ་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཕོ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པས་འགྲོ་བའི་རྒྱུད་གཞན་དུ་འཕོ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འཆི་བ་དང་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འཕོ་བ་མེད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་དངོས་པོ་མེད་པ་ལ་ཚེ་འཕོ་བ་དང་སྐྱེ་བ་མི་སྲིད་པའི་ཕྱིར་
Vol. 92 · folio 64b
འཕོ་བ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །འཇིག་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པར་མ་གྲུབ་པས། མི་འཇིག་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་འཇིག་པ་
མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་འཇིག་པའི་འགྲེལ་པ་སྟེ། ཆོས་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་མེད་པས་སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་ཉིད་ལ་འཇིག་ཅིང་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འཇིག་པ་མེད་དོ་ཞེས་བསྟན་པའོ། །
རྨི་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དམ་པར་དངོས་པོ་མེད་པ་ལས་ཀུན་རྫོབ་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་མིང་དང་ཐ་སྙད་དུ་བརྗོད་པ་ནི་རྨི་ལམ་གྱི་དངོས་པོ་དང་འདྲའོ་ཞེས་བསྟན་པའོ། །རྨི་ལམ་མཐོང་བ་དམིགས་སུ་
མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྨི་ལམ་དང་འདྲ་བར་བཤད་པའི་གཏན་ཚིགས་བསྟན་པ་སྟེ། རྨི་ལམ་དུ་མཐོང་བའི་དངོས་པོ་རྣམས་ཡང་དག་པར་བརྟགས་ན་དམིགས་སུ་མེད་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་བརྙན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་དངོས་པོ་མེད་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དུ་བཏགས་ཤིང་སྒྲར་བརྗོད་པ་ནི་སྒྲ་བརྙན་ནམ་བྲག་ཅ་དང་འདྲའོ་ཞེས་བསྟན་པའོ། །ཉན་པ་དང་སྒྲར་བརྗོད་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲ་བརྙན་ལྟ་བུར་བཤད་པའི་འགྲེལ་པ་སྟེ། བྲག་ལ་
སོགས་པ་ལས་བྲག་ཅའི་སྒྲ་བྱུང་བ་སྒྲ་ཡང་དག་པ་མ་ཡིན་ཡང་སྒྲ་ལྟ་བུར་གྲག་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་དང་སྒྲར་བརྗོད་པ་ཡང་དངོས་པོ་མེད་པ་ལས་སྒྲར་བརྗོད་པ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །མིག་ཡོར་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་
པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པ་ལས། ཡི་གེའི་འབྲུ་ལ་སོགས་པ་སྣང་བ་ནི་མིག་ཡོར་དང་འདྲའོ་ཞེས་བསྟན་པའོ། །མེ་ལོང་གི་བཞིན་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་ཡོར་དང་འདྲ་བར་བཤད་པའི་འགྲེལ་པ་སྟེ། མེ་ལོང་གི་ནང་ན་བཞིན་གྱི་
Vol. 92 · folio 65a
གཟུགས་བརྙན་སྣང་བ་མིའི་བཞིན་ཡང་དག་པར་མ་ཡིན་ཡང་། བཞིན་དང་འདྲ་བར་སྣང་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དམ་པར་ཡིག་འབྲུའི་རང་བཞིན་མ་ཡིན་པ་ལས་ཀུན་རྫོབ་ཏུ་ཡི་གེའི་འབྲུ་ལྟ་བུར་སྣང་བ་ཙམ་དུ་ཟད་དོ་ཞེས་བསྟན་པའོ། །སྨིག་
རྒྱུའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་མེད་པ་ལས། ཡོད་པ་ལྟ་བུར་སྣང་བ་ནི་འཁྲུལ་པ་སྟེ། སྨིག་རྒྱུ་ལ་ཆུའི་རང་བཞིན་མེད་པ་ལས་ཆུ་འདྲ་བར་སྣང་བ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཆུ་འབབ་པ་དམིགས་སུ་མེད་པའི་ཕྱིར་རོ་
ཞེས་བྱ་བ་ནི་སྨིག་རྒྱུར་བཤད་པའི་འགྲེལ་པ་སྟེ། དོན་དམ་པར་ཆུ་འབབ་པ་ཉིད་ཀྱང་དངོས་པོ་མེད་པ་ཡིན་ནོ། །སྨིག་རྒྱུ་ལ་ཆུ་འབབ་པའི་རང་བཞིན་མེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །སྒྱུ་མའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
དོན་དམ་པར་དངོས་པོ་མེད་པ་ལས་ཡོད་པ་ལྟ་བུར་སྣང་བ་ནི་སྒྱུ་མའི་རྟ་དང་གླང་པོ་ཆེ་ལ་སོགས་པ་རྟ་དང་གླང་པོ་ཆེའི་རང་བཞིན་མ་ཡིན་ཡང་རྟ་དང་གླང་པོ་ཆེ་ལྟ་བུར་སྣང་བ་དང་འདྲའོ་ཞེས་བསྟན་པའོ། །མཚན་མ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུར་བཤད་པའི་
འགྲེལ་པ་སྟེ། སྒྱུ་མ་མཁན་གྱིས་སྒྱུ་མ་བྱས་པའི་གཞི་དང་མཚན་མ། རྟ་དང་གླང་པོ་ཆེའི་དངོས་པོ་དང་སྒྱུ་མ་བྱ་བའི་རྒྱུ་རྐྱེན། སྨན་དང་སྔགས་ལ་སོགས་པའི་མཚན་མ་ཡང་དོན་དམ་པར་དམིགས་སུ་མེད་ན་དེ་ལས་བྱུང་བའི་སྒྱུ་མ་ལྟ་བུ་དངོས་པོ་མེད་པ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །
རྨོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་གྱིས་ཡོངས་སུ་དག་ཅིང་མི་ཤེས་པའི་སྒྲིབ་པ་མེད་པའོ་ཞེས་བསྟན་པའོ། །མ་རིག་པའི་མུན་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྨོངས་པ་མེད་པའི་དོན་འགྲེལ་པ་སྟེ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་རྨོངས་པ་མེད་ཅིང་ཡོངས་སུ་དག་པ་དེ་སྔོན་མ་རིག་པའི་སྒྲིབ་པ་ཡོད་པ་ལས་བསལ་ཏེ། ཡོངས་སུ་དག་པ་ནི་མ་ཡིན་གྱི་མ་རིག་པའི་མུན་པ་ཉིད་དོན་དམ་པར་དམིགས་སུ་མེད་པས། ཐོག་མ་ནས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཉོན་མོངས་
Vol. 92 · folio 65b
པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །ཀུན་ནས་ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་ཉོན་མོངས་པའི་
སྒྲིབ་པ་ཡོངས་སུ་དག་པ་ཡང་སྔོན་ཉོན་མོངས་པ་དང་བཅས་པ་ལས་ཉོན་མོངས་པ་སྤངས་ཏེ། ཕྱིས་ཡོངས་སུ་དག་པར་གྱུར་པ་ནི་མ་ཡིན་གྱི། ཉོན་མོངས་པ་ཉིད་ཀྱང་དོན་དམ་པར་དངོས་པོ་མེད་པས་ཐོག་མ་ནས་ཡོངས་སུ་དག་པ་ཡིན་ནོ་ཞེས་བསྟན་པའོ། །རྣམ་པར་བྱང་བ་མ་
མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་གྱིས་སྟོང་ཞིང་གཟོད་མ་ནས་ཡོངས་སུ་དག་པ་ཡིན་པས། སྔོན་ཉོན་མོངས་པ་དང་བཅས་པ་ལས་ཕྱིས་རྣམ་པར་བྱང་བར་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་མེད་པའི་
ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་བྱང་བའི་གཏན་ཚིགས་བཤད་པ་སྟེ། ཉོན་མོངས་པ་ཞིག་སྔོན་ཡོད་ན་ནི་དེ་སྤངས་པར་རྣམ་པར་བྱང་བ་ཞེས་བྱ་ན་ཉོན་མོངས་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་སྟེ། གཟོད་མ་ནས་དག་པའི་ཕྱིར་རྣམ་པར་བྱང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དམིགས་
སུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དངོས་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དམིགས་
པར་བྱ་བའི་གནས་སམ་ཡུལ་དངོས་པོ་མེད་པས་དམིགས་སུ་བྱེད་པར་ཡང་མེད་པའི་ཕྱིར་དམིགས་སུ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །སྤྲོས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་
རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །སྤྲོས་པ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ་ཡང་། རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་རྟོགས་པའི་ཕྱིར་རོ་ཞེས་བསྟན་པའོ། །རློམ་སེམས་མ་
Vol. 92 · folio 66a
མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། བདག་གི་ཡོན་ཏན་གྱིས་རློམ་ཞིང་བསྙེམས་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །རློམ་སེམས་ཐམས་ཅད་ཡང་དག་པར་བཅོམ་པའི་
ཕྱིར་རོ་ཞེས་བྱ་བ་ནི་སྔོན་རློམ་སེམས་དང་བཅས་པ་ལས་ཕྱིས་རློམ་སེམས་མེད་པར་གྱུར་པ་ནི་མ་ཡིན་གྱི་རློམ་སེམས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པར་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་
པར་མི་རྟོག་ཅིང་རློམ་སེམས་མེད་པའི་རང་བཞིན་ལས་ཉམས་ཤིང་གཡོ་བར་མི་འགྱུར་བ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་ཐ་མི་དད་པས། ཇི་ལྟར་ཆོས་ཀྱི་
དབྱིངས་མི་འགྱུར་བར་ཡོངས་སུ་གྲུབ་པས་གཡོ་ཞིང་འགྱུར་བ་མེད་པར་གནས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཡོ་ཞིང་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་དག་པ་འདིས་ཆོས་ཐམས་ཅད་སྟོང་པའི་ངོ་བོ་ཉིད་དུ་རྟོགས་པས། ཆོས་གང་ལ་ཡང་ཆགས་པ་མེད་པའི་རང་བཞིན་ཅན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་མ་ནོར་བ་ཡང་དག་པ་ཉིད་དུ་མངོན་པར་འཚང་རྒྱ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པའི་ངོ་
བོ་ཉིད་དུ་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། དེའི་ཕྱིར་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ལྡང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
འདོད་ཆགས་ལ་སོགས་པའི་ཡུལ་ལ་མཚན་མར་མི་འཛིན་ཅིང་རྣམ་པར་མི་རྟོག་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀུན་ནས་ལྡང་བའི་རང་བཞིན་ཅན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་
Vol. 92 · folio 66b
ཐམས་ཅད་རང་བཞིན་གྱིས་སྟོང་པས་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང་བཞིན་གྱིས་སྟོང་ཞིང་རྣམ་པར་རྟོག་པ་མེད་པའི་ཕྱིར་ཀུན་ནས་ལྡང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཞི་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། དེ་ལྟར་རྣམ་པར་མི་
རྟོག་ཅིང་ཉོན་མོངས་པ་ཀུན་ནས་ལྡང་བ་མེད་པས་ཞི་བའི་རང་བཞིན་ཅན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་མཚན་མ་མེད་ཅིང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཉོན་མོངས་པ་རྣམས་སྐྱེ་བའི་མཚན་མ་
དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་མེད་པའི་རང་བཞིན་ཅན་ནོ་ཞེས་
བསྟན་པའོ། །འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆགས་པར་བྱ་བའི་དངོས་པོ་མེད་པས་ཆགས་པར་བྱེད་པའི་འདོད་ཆགས་ཀྱང་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞེ་སྡང་མ་མཆིས་པའི་
ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ཅིང་སྐྱོན་མེད་པས་ཞེ་སྡང་མེད་པའི་རང་བཞིན་ཅན་ནོ་ཞེས་བསྟན་པའོ། །ཞེ་སྡང་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཞེ་སྡང་སྐྱེ་བར་འགྱུར་བའི་རྒྱུར་གྱུར་པའི་ཆོས་རྣམས་དངོས་པོ་མེད་པས་ཞེ་སྡང་སྐྱེ་
བར་མི་འགྱུར་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེ་སྡང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཏི་མུག་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་བྱ་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཡོངས་སུ་དག་པའི་རང་བཞིན་ཅན་ཡིན་ནོ་ཞེས་
བསྟན་པའོ། །མི་ཤེས་པའི་མུན་པ་ཐམས་ཅད་སེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏི་མུག་གི་གཉེན་པོ་ཡིན་པའི་ཕྱིར་གཏི་མུག་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
Vol. 92 · folio 67a
ཕྱིན་པ་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་རང་བཞིན་ཡིན་པས་རྣམ་པར་རྟོག་པའི་ཉོན་མོངས་པ་མེད་པ་ཡིན་ནོ་ཞེས་བསྟན་པའོ། །ཡོངས་སུ་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡོངས་སུ་རྟོགས་པ་ཡིན་
ནོ་ཞེས་འབྱུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་རྟོགས་པ་མེད་པའི་ཕྱིར་ཉོན་མོངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱའོ། །སེམས་ཅན་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རང་བཞིན་གྱིས་སྟོང་བས། མུ་སྟེགས་
ཅན་གྱིས་བརྟགས་པའི་བདག་སེམས་ཅན་གྱི་དངོས་པོ་མེད་པ་ཡིན་ཞེས་བསྟན་པའོ། །སེམས་ཅན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་སེམས་ཅན་ཞེས་བྱ་བ་དེ་ཀུན་རྫོབ་ཏུ་ཡང་ཡོད་པར་མ་གྲུབ་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དོན་
དམ་པར་དངོས་པོ་མེད་པའི་ཕྱིར་སེམས་ཅན་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྤངས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉོན་མོངས་པའི་གཉེན་པོ་ཡིན་པས་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །
ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་ཀུན་ནས་ལྡང་བ་རྣམས་དངོས་པོ་ཡོད་པ་ལས་གཉེན་པོ་བསྒོམས་པས་སྤངས་ཏེ་མེད་པར་གྱུར་པ་ནི་མ་ཡིན་གྱི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། ཀུན་ནས་ལྡང་ཞིང་འབྱུང་བ་མེད་པར་རྟོགས་པ་ཉིད་
རབ་ཏུ་སྤངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཐའ་གཉིས་སུ་མི་འགྱུར་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པས། ཡོད་པ་དང་། མེད་པ་དང་། རྟག་པ་དང་། ཆད་པ་ལ་སོགས་པའི་མཐའ་གཉིས་སུ་
རྣམ་པར་རྟོག་པར་མི་འགྱུར་བའོ་ཞེས་བསྟན་པའོ། །མཐའ་རྣམ་པར་སྤོང་བའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་མཐའ་གཉིས་རྣམ་པར་སྤོངས་པའི་རང་བཞིན་ཡིན་པའི་ཕྱིར་མཐའ་གཉིས་སུ་མི་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་མི་དད་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་
Vol. 92 · folio 67b
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་འདྲེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན་འདྲེས་པ་དང་མ་འདྲེས་པ་ཐ་དད་དུ་གྱུར་པ་ཞེས་བྱར་ཡང་རུང་ན། ཆོས་ཐམས་ཅད་དངོས་
པོ་མེད་པས་འདྲེས་པ་དང་མ་འདྲེས་པ་ཡང་མེད་པའི་ཕྱིར་ཐ་དད་དུ་གྱུར་པ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ཉམས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱོན་དང་དྲི་མ་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་བསྟན་པའོ། །ཉན་ཐོས་དང་རང་སངས་རྒྱས་
ཀྱི་ས་ལས་འདའ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་སྐྱོན་དང་དྲི་མ་ནི་ཐེག་པ་དམན་པ་ལས་འདས་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དམན་པ་ལས་འདས་པ་ཉིད་མ་ཉམས་ཤིང་སྐྱོན་དང་བྲལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་མ་མཆིས་
པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་ཡིན་ནོ་ཞེས་བསྟན་པའོ། །རྣམ་པར་རྟོག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་རྟོག་པ་ཉིད་ཀྱང་དམིགས་སུ་མེད་པའི་ཕྱིར་རྣམ་
པར་རྟོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་དངོས་པོ་མེད་པས་ཚད་མས་བརྟག་ཅིང་གཞལ་དུ་མེད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པའི་ཕྱིར་རོ་
ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པས་ཚད་མས་གཞལ་དུ་མེད་པ་དེ་བཞིན་དུ་ཚད་མས་གཞལ་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དམ་པར་དངོས་པོ་མེད་དེ། ནམ་མཁའ་
དང་འདྲ་བར་ཅི་ལ་ཡང་མ་ཐོགས་མ་ཆགས་པ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱང་དོན་དམ་པར་དངོས་པོ་མེད་པས། ནམ་མཁའ་དང་འདྲ་བ་ཅི་ལ་ཡང་མ་ཐོགས་མ་ཆགས་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
Vol. 92 · folio 68a
པ་ཡང་ནམ་མཁའ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །མི་རྟག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི། ཐེག་པ་ཆུང་ངུ་བའི་མི་རྟག་པ་ལྟར་དངོས་པོ་སྐྱེས་པའམ་ཡོད་པ་ལས་འཇིག་པའི་ཕྱིར་མི་རྟག་པ་ནི་མ་ཡིན་གྱི་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་དངོས་པོ་མེད་དེ་
རི་བོང་གི་རྭ་ལ་སོགས་པ་བཞིན་དུ་རྟག་ཏུ་ཡོད་པ་མ་ཡིན་པ་ལ་མི་རྟག་པ་ཞེས་བྱའོ། །ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་རང་བཞིན་གྱིས་སྟོང་ཞིང་རྟག་ཏུ་ཡོད་པ་མ་ཡིན་པ་དེ་ལ་འཇིག་པ་ཡང་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་གྱི་ཕ་
རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་མེད་པའི་རང་བཞིན་ཡིན་པས། དེ་ལ་སྤྱད་ན་བདེ་བའི་འདུ་ཤེས་མེད་པའི་ཕྱིར་སྡུག་བསྔལ་ཞེས་བྱའི། མི་བདེ་བ་དང་ལྡན་པའི་ཕྱིར་སྡུག་བསྔལ་བ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ཚོལ་བར་སྦྱོར་བ་མེད་པའི་
ཕྱིར་རོ་ཞེས་བྱ་བ་ནི་དངོས་པོ་ཞིག་ཡོད་ན་དེ་ཐོབ་པས་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཚོལ་ཞིང་སྦྱོར་བ་ཡང་སྲིད་ན། ཆོས་ཐམས་ཅད་དངོས་པོ་མེད་དེ་དངོས་པོ་མེད་པ་ལ་བདེ་བ་ཐོབ་པར་བྱ་བའི་ཕྱིར་ཚོར་བ་དང་སྦྱོར་བ་ཡང་མེད་དེ། དེ་ལྟར་བདེ་བ་མེད་པ་ལ་སྡུག་བསྔལ་ཞེས་བརྡར་
བཏགས་ཏེ་བཤད་པ་ཡིན་གྱི་སྡུག་བསྔལ་ཉིད་དང་ལྡན་པ་ལ་ནི་མི་བྱའོ། །བདག་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པས། དེའི་བདག་ཉིད་དམ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་
ཐམས་ཅད་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་ལྟར་རང་བཞིན་གྱིས་སྟོང་སྟེ། བདག་མེད་པས་མངོན་པར་ཆགས་པར་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་བདག་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་མཚན་ཉིད་ཀུན་རྫོབ་ཏུ་ཇི་སྐད་དུ་བརྟགས་ཤིང་རྣམ་པར་གཞག་པ་དེ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་དོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་སོ་སོའི་
Vol. 92 · folio 68b
མཚན་ཉིད་ཇི་སྐད་དུ་བརྟགས་ཤིང་རྣམ་པར་གཞག་པ་དེ་དག་གིས་སྟོང་ཞིང་དམིགས་སུ་མེད་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རང་གི་མཚན་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཉིད་རང་བཞིན་གྱིས་སྟོང་པས། དེའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་མངོན་པར་གྲུབ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མ་སྐྱེས་ཤིང་མངོན་པར་གྲུབ་པ་མེད་པའི་ཕྱིར་སོ་སོའི་མཚན་ཉིད་ཀྱང་ཡོད་པ་མ་
ཡིན་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ནང་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི། སྟོང་པ་ཉིད་བཅྭ་བརྒྱད་དང་སྦྱར་ཏེ་དེ་དག་གི་དངོས་པོ་ཡང་ཡོད་པ་མ་ཡིན་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་ཟབ་པ་བསྟན་པ་སྟེ། སྟོང་པ་ཉིད་བཅྭ་བརྒྱད་ཀྱི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །དྲན་པ་ཉེ་བར་གཞག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་བྱང་ཆུབ་
ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་
པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་དོན་དམ་པར་དམིགས་སུ་མེད་པའི་རང་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་བསྟན་པའོ། །དེ་
བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་དང་ཐ་མི་དད་དོ་ཞེས་བསྟན་པའོ། །བརྗོད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་བསྟན་པ་སྟེ། དེ་བཞིན་གཤེགས་པ་ནི་ཅི་གསུངས་སོ་
Vol. 92 · folio 69a
ཅོག་མ་ནོར་བ་དེ་བཞིན་ཉིད་གསུང་གི་གཞན་དུ་མི་གསུང་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཅི་བཤད་དོ་ཅོག་ཀྱང་དེ་བཞིན་ཉིད་དུ་བརྗོད་ཅིང་བཤད་ཀྱི་གཞན་དུ་བརྗོད་པ་དང་བཤད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །རང་བྱུང་གི་ཕ་རོལ་ཏུ་ཕྱིན་པའོ་
ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡིན་ཏེ་གཞན་ལ་རག་མ་ལུས་ཤིང་གཞན་གྱི་རྐྱེན་གྱིས་བྱུང་བ་མ་ཡིན་ནོ་ཞེས་བསྟན་པའོ། །ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དབང་གིས་ཆོས་ཐམས་
ཅད་བསྟན་གྱི་ཆོས་གཞན་རྣམས་ཀྱི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་རང་བཞིན་ཡིན་ནོ་ཞེས་བསྟན་པའོ། །ཆོས་
ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རོ་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་ཤེས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་སུམ་ཅུ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤིན་ཏུ་ཟབ་པ་བརྒྱ་བྱིན་གྱིས་
ཐོས་ནས། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པ་དང་། འཛིན་ཅིང་འཆང་བ་ལ་སོགས་པ་དཀོན་པ་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དཀོན་ཞིང་མོས་པར་དཀའ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིགས་ཀྱི་
བུ་དང་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ་ཞེས་བྱ་བ་ནི། བསོད་ནམས་ཆུང་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མིང་དང་ཚིག་ཙམ་ཡང་རྣ་ལམ་དུ་ཐོས་པར་མི་འགྱུར་གྱི། སྔོན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་
Vol. 92 · folio 69b
རྣམས་ལ་བསྙེན་བཀུར་བྱས་པ་རྣམས་ཀྱིས་མིང་དང་ཚིག་ཙམ་ཐོས་པར་འགྱུར་རོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ་ཞེས་བྱ་བ་ནི། ད་ལྟར་བྱུང་བའི་དེ་བཞིན་
གཤེགས་པ་རྣམས་ལ་བསྙེན་བཀུར་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མིང་དང་ཚིག་ཙམ་ཐོས་པར་འགྱུར་གྱི་གཞན་གྱིས་ཐོས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེམས་ཅན་གང་
གི་རྣ་ལམ་དུ་གྲག་པ་དེ་དག་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པར་འགྱུར་གྱི་གཞན་གྱི་རྣ་
ལམ་དུ་གྲག་པར་ཡང་མི་འགྱུར་རོ་ཞེས་བསྟན་པའོ། །གང་འཛིན་ཅིང་འཆང་བ་དང་ཞེས་བྱ་བ་ནས། དེ་བཞིན་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་བྱེད་པ་ལྟ་ཅི་སྨོས་ཏེ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་མིང་དང་ཚིག་ཙམ་ཐོས་པ་ཡང་དེ་ལྟར་
དཀོན་ན། དོན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཉམས་སུ་ལེན་པ་ལྟ་ཅི་སྨོས་ཞེས་བསྟན་པའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་བ་དག་གིས། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡོངས་སུ་དྲིས་སོ་ཡོངས་སུ་ཞུས་སོ་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་མཉན་ཅིང་ཐེ་ཚོམ་མེད་པར་བྱས་པ་རྣམས་ཀྱིས་ཐོས་ནས་འཇིགས་ཤིང་སྐྲག་པར་མི་འགྱུར་ཏེ། སྨོས་
ཤིང་དད་པར་འགྱུར་གྱི་གཞན་གྱིས་དེ་ལྟར་མི་འགྱུར་རོ་ཞེས་བསྟན་པའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་དོ་ཞེས་བྱ་བའི་བར་དུ་ནི། ཚེ་རབས་སྔ་མ་ལ་བསྐལ་པ་དུ་
Vol. 92 · folio 70a
མར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཅིང་གོམས་པར་བྱེད་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཐོས་ནས། འཇིགས་ཤིང་སྐྲག་པར་མི་འགྱུར་ལ་མོས་ཤིང་དད་པར་འགྱུར་གྱི་གཞན་གྱིས་དེ་ལྟར་མི་ནུས་སོ་ཞེས་བསྟན་པའོ། །
དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཀྱང་མོས་པར་བགྱི་བར་མི་ནུས་སོ་ཞེས་བྱ་བའི་བར་དུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་ཉམས་སུ་ལེན་
པ་དེ་དག་བྱང་ཆུབ་སེམས་དཔའ་ཕལ་པ་མ་ཡིན་གྱི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་འདྲ་སྟེ། ཚེ་རབས་སྔ་མ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ལ་དཔྱོད་ཅིང་མོས་པར་མི་ནུས་སོ་ཞེས་བསྟན་པའོ། །
བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། སྤང་བར་སེམས་པ་དག་གིས་ནི་སྔོན་གྱི་མཐའ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་པར་གྱུར་ཏེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭ་བརྒྱད་ནི་ཇི་ལྟར་བསྒོམ་པར་བགྱི་ཞེས་ཡོངས་སུ་མ་ཞུས་ཡོངས་སུ་མ་དྲིས་སོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན་མ་དད་ཅིང་མ་མོས་ལ་སྐུར་པ་འདེབས་པ་དག་ནི། ཚེ་རབས་སྔ་མ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མ་དད་མ་མོས་
ཤིང་སྐུར་པ་བཏབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་བསྙེན་བཀུར་མ་བྱས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་ཐུག་གི་བར་གྱི་ཆོས་རྣམས་ཇི་ལྟར་སྤྱད་
ཅིང་བསྒོམ་པ་མ་མཉན་མ་དྲིས་པའི་ལན་ཏོ་ཞེས་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མོས་པར་མི་འགྱུར་བ་ལྟ་ངོ་མཚར་ཀྱང་ཅི་ཆེ་ཞེས་བྱ་བའི་བར་དུ་ནི་ཤེས་
Vol. 92 · folio 70b
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རབ་ཏུ་ཟབ་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་ཅིང་གོམས་པར་བྱས་པ་ཉུང་ཟད་ཅིག་དད་ཅིང་མོས་པར་འགྱུར་གྱི། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་སྤྱད་ཅིང་གོམས་པར་མ་བྱས་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་
མོས་ཤིང་དད་པར་མི་འགྱུར་བ་ལྟ་ངོ་མཚར་ཀྱང་ཅི་ཆེ་ཞེས་བསྟན་པ་སྟེ། འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་མོས་པར་དཀའ་བ་བསྟན་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་དུ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཟབ་པའི་དོན་བརྒྱ་བྱིན་གྱིས་རྟོགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་པ་ཆེན་པོ་སྐྱེས་ཏེ་ཕྱག་འཚལ་བའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བའོ་ཞེས་བྱ་བ་ནི་
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར་རྒྱུ་ལ་ཕྱག་བྱས་ན་འབྲས་བུ་ལ་ཡང་ཕྱག་བྱས་པར་འགྱུར་བ་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དོ་ཞེས་བྱ་བའི་བར་དུ་ནི། བརྒྱ་བྱིན་གྱིས་སྨྲས་པའི་དོན་བཅོམ་ལྡན་འདས་ཀྱིས་གསལ་བར་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འབྱུང་ལ། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འབྱུང་བས། འདི་གཉིས་གཅིག་གི་རྒྱུ་གཅིག་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཕྱག་འཚལ་བར་འགྱུར་
བ་བདེན་ནོ་ཞེས་བསྟན་པའོ། །ཀཽ་ཤི་ཀ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བྱ་བ་ནས། དགེ་སློང་གི་དགེ་འདུན་བསྡུ་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་
Vol. 92 · folio 71a
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། ལམ་གྱི་རྣམ་པ་ཤེས་པ་ཐོབ་པར་བྱ་བ་དང་། བག་ཆགས་ཀྱིས་མཚམས་སྦྱོར་བ་ཉོན་མོངས་པ་སྤང་བར་བྱ་བ་དང་།
ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་རྣམས་ཉན་ཐོས་ཀྱི་འབྲས་བུ་བཞི་དང་། རང་བྱང་ཆུབ་དང་། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པ་དང་། ཁམས་གསུམ་གྱི་ཕུལ་དུ་འགྱུར་བར་བྱ་བ་དང་། བདུད་ཕམ་པར་བྱ་བ་དང་། དགེ་སློང་གི་དགེ་འདུན་བསྡུ་བར་བྱ་བའི་རྒྱུ་
ཡིན་པས། དངོས་པོ་དེ་དག་སྒྲུབ་པར་འདོད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱའོ་ཞེས་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཇི་ལྟར་ན་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་བརྩོན་པར་བགྱིད་པ་ལགས་ཞེས་བྱ་བའི་བར་དུ་ནི། གོང་དུ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་
དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་སྒྲུབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གནས་པར་བྱ་བ་དང་། བརྩོན་པར་བྱ་བ་དེ་ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བརྩོན་པར་བྱ་བ་བཅོམ་ལྡན་འདས་ལ་བརྒྱ་བྱིན་
གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཡོངས་སུ་དྲི་བར་སེམས་པ་ལེགས་སོ་ལེགས་སོ། །ཀཽ་ཤི་ཀ་ཁྱོད་ཀྱི་སྤོབས་པ་འདི་ཡང་སངས་རྒྱས་ཀྱི་
བྱིན་གྱི་རླབས་ཀྱིས་བྱུང་ངོ་ཞེས་བྱ་བ་ནི། བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བརྩོན་པར་བྱ་བ་བཅོམ་ལྡན་འདས་ལ་ཞུས་པ་དོན་མ་ནོར་བར་ལེགས་པར་ཞུས་སོ་ཞེས་བསྟོད་པ་སྟེ། དེ་ལྟར་ལེགས་པར་ཞུས་པ་བསྟོད་པ་
Vol. 92 · folio 71b
དང་། དེ་ལྟར་ཞུ་བའི་སྤོབས་པ་སྐྱེས་པ་བཅོམ་ལྡན་འདས་ཀྱི་མཐུ་དང་བྱིན་གྱི་རླབས་ཡིན་པར་བསྟན་པ་ཡང་། འཁོར་རྣམས་ཡིད་ཆེས་ཤིང་དད་པ་བསྐྱེད་པའི་ཕྱིར་རོ། །ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ་གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་དོ་ཞེས་བྱ་བ་ནས། གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་གནས་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་བར་དུ་ནི་
ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བརྩོན་པར་བྱ་བ་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། དེ་དག་ལ་
མཚན་མར་མི་འཛིན་ཅིང་དམིགས་པའི་ཚུལ་དུ་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཞིང་། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གང་ལ་གནས་པར་བྱ་བ་དང་། གང་ལ་
བརྩོན་པར་བྱ་བ་དེ་ལྟ་བུའི་གཟུགས་མི་དམིགས་སོ་ཞེས་བྱ་བ་ནས། གང་ལ་གནས་པར་བྱ་བ་དང་། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མི་གནས་པ་ཉིད་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་ཅིང་དམིགས་སུ་མེད་པས། གང་ལ་ཡང་གནས་པར་བྱ་བ་དང་དམིགས་པར་བྱ་བའི་དངོས་པོ་དེ་ལྟ་བུ་ཡོད་པར་མི་ལྟ་
ཞིང་མཚན་མར་མི་འཛིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དང་བརྩོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་སྦྱོར་མི་འབྱེད་དེ།
Vol. 92 · folio 72a
གང་གི་ཚེ་གཟུགས་ལ་མི་སྦྱོར་མི་འབྱེད་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་དོ་ཞེས་བྱ་བ་ནས། གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྦྱོར་མི་འབྱེད་པ་དེའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩོན་པར་བྱེད་དོ་ཞེས་བྱ་བའི་བར་དུ་ནི་གཟུགས་
ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་དེ་དག་བསྒྲུབ་པའི་ཕྱིར་བརྩོན་པར་ཡང་མི་བྱེད། མི་སྒྲུབ་པའི་ཕྱིར་སྤང་བར་ཡང་མི་བྱེད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྔོན་གྱི་མཐར་མི་དམིགས་སོ། །གཟུགས་ཕྱི་མའི་མཐར་མི་དམིགས་སོ། །གཟུགས་དབུས་སུ་མི་དམིགས་སོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབུས་སུ་
མི་དམིགས་སོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་དེ་དག་བསྒྲུབ་པའི་ཕྱིར་བརྩོན་པར་བྱར་མེད་སྤང་བར་ཡང་བྱར་མེད་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་ཞིག་ཡོད་ན་
དུས་གསུམ་ལས་སྔོན་གྱི་མཐའ་འམ། ཕྱི་མའི་མཐའ་འམ། ད་ལྟར་བྱུང་བའི་དུས་ན་ཡོད་ཅིང་དམིགས་པའི་རིགས་ན་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན་དུས་གསུམ་ཆར་དུ་ཡང་དངོས་པོ་ཡོད་པར་མི་དམིགས་པས། དེ་དག་བསྒྲུབ་པའི་ཕྱིར་བརྩོན་པར་ཡང་མི་བྱེད། མི་
སྒྲུབ་པའི་ཕྱིར་སྤང་བར་ཡང་མི་བྱེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ་ཞེས་བྱ་
བའི་བར་དུ་ནི། དེ་ལྟར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དུས་གསུམ་དུ་དམིགས་སུ་མེད་པར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་རྟོགས་པ་དང་ཡིད་ཆེས་པར་དཀའ་བའི་ཕྱིར་ཟབ་བོ་ཞེས་གསོལ་པ་དང་། བཅོམ་
Vol. 92 · folio 72b
ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དེ་བཞིན་ཉིད་ནི་མངོན་སུམ་དུ་མི་འགྱུར་བའི་ཕྱིར། དེ་ལྟར་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་
དཔག་དཀའ་བའོ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བའོ་ཞེས་བྱ་བའི་བར་དུ་ནི། ཟབ་པའི་དོན་ཉིད་རྣམ་གྲངས་གཞན་གྱིས་བསྟན་པའི་ཕྱིར་གཏིང་དཔག་དཀའ་
བ་བཤད་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མ་མཆིས་སོ་ཞེས་བྱ་བ་ནས། ཤ་ར་དྭ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་དོ་ཞེས་བྱ་བའི་བར་དུ་ནི་གཏིང་དཔག་དཀའ་
བའི་དོན་དེ་ཉིད་ཚད་མེད་པས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས། གྲངས་དང་ཚད་འདི་ཙམ་མོ་ཞེས་བརྟག་ཏུ་མེད་པའི་ཕྱིར་གཏིང་དཔག་དཀའོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ་ཟབ་ཅིང་གཏིང་དཔག་དཀའ་བ་དང་། ཚད་མེད་པ་ཡིན་པས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་
འགྱུར་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་དུ་ཟབ་ཅིང་གཏིང་དཔག་དཀའ་ལ་ཚད་མེད་པ་ཡིན་པས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་མི་འགྱུར་ན། བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བྱ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱད་པའི་ཐབས་ཤཱ་རིའི་བུས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཟབ་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་
Vol. 92 · folio 73a
ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་ཅེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་ཟབ་པར་འདུ་ཤེས་ཤིང་རྣམ་པར་རྟོག་
པ་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་པའི་ཚུལ་གྱིས་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཟབ་པ་གང་ཡིན་པ་དེ་ནི་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཟབ་པའི་འདུ་ཤེས་མེད་ཅིང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་
ཅད་ཟབ་ཅེས་བྱ་བ་ནི་དངོས་པོ་མེད་པ་ལ་བྱ་སྟེ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་པས་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་གཏིང་དཔག་དཀའ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏིང་དཔག་དཀའ་ཞེས་བྱ་བར་མི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བའི་བར་གྱིས་ནི།
གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་གཏིང་དཔག་དཀའ་བའི་འདུ་ཤེས་ཀྱང་མེད་ཅིང་རྣམ་པར་མི་རྟོག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་གཏིང་དཔག་དཀའ་བ་གང་ཡིན་པ་དེ་ནི་
གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཏིང་དཔག་དཀའ་བ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་གཏིང་དཔག་དཀའ་བའི་འདུ་ཤེས་མེད་ཅིང་རྣམ་པར་མི་རྟོག་
Vol. 92 · folio 73b
པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་གཏིང་དཔག་དཀའ་ཞེས་བྱ་བ་ནི། དངོས་པོ་མེད་པ་ལ་བྱ་སྟེ་དངོས་པོ་མེད་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་པས་
རྣམ་པར་རྟོག་པའི་ཡུལ་མ་ཡིན་ཏེ། དེ་ལྟར་རྣམ་པར་མི་རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་
ཚད་མེད་དོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མེད་དོ་ཞེས་བྱ་བར་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བའི་བར་དུ་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་
བཞིན་གྱིས་སྟོང་པས་ཚད་མེད་དོ་ཞེས་བྱ་བའི་འདུ་ཤེས་ཀྱང་མེད་ཅིང་རྣམ་པར་མི་རྟོག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་ཚད་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་མེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་ཚད་མེད་པའི་འདུ་ཤེས་མི་འབྱུང་ཞིང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པའི་
གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཚད་མེད་པ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་བྱ་སྟེ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་གཟུགས་ལ་སོགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་པས་རྣམ་པར་རྟོག་པའི་ཡུལ་མ་ཡིན་ཏེ། དེ་ལྟར་རྣམ་པར་
མི་རྟོག་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་ལྟར་ཟབ་པོ་ཞེས་བྱ་བ་ནས། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་
Vol. 92 · folio 74a
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐེག་པ་ཆེན་པོ་ལ་གསར་དུ་ཞུགས་པ་ཐེག་པ་ཆེན་པོའི་དོན་གོམས་པར་མ་བྱས་པ་རྣམས་ལ་བཤད་ན་སྐྱོན་དུ་འགྱུར་བ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་ན་ཡོན་ཏན་དུ་འགྱུར་བ་བསྟན་པ་སྟེ། དེས་ཀྱང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་ཟབ་པས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པར་བསྟན་པའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
འཚང་རྒྱ་བར་ཡང་དཀའ་བ་དེ་ལྟ་བུའི་གནས་ཡོད་དོ་ཞེས་བྱ་བའི་བར་དུ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་ན་སྣོད་དུ་མ་གྱུར་པ་ལ་ཆོས་ཟབ་མོ་བཤད་པའི་ཉེས་པའི་དམིགས་ཞིབ་ཏུ་རྣམ་པར་ཕྱེ་སྟེ་བསྟན་པའོ། །
བརྒྱ་བྱིན་གྱིས་སྨྲས་པ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ལུང་བསྟན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་ལ་དོན་ཟབ་མོ་འདི་མི་བཤད་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པར་བྱའོ་ཞེས་བསྟན་པ་ཐེག་པ་ལ་གསར་དུ་ཞུགས་པ་ཡང་མ་ཡིན། ཕྱིར་མི་ལྡོག་པ་ཡང་མ་ཡིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་བཤད་ན་མི་འཇིགས་མི་སྐྲག་ཅིང་སྣོད་དུ་འགྱུར་བ་
དེ་ལྟ་བུ་ཡོད་དམ་ཞེས་དྲིས་པ་དང་། དེ་ལྟ་བུ་ཡོད་དེ་ཐེག་པ་ལ་གསར་དུ་ཞུགས་པ་ཡང་མ་ཡིན་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡང་མ་ཡིན་པ་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཐོས་ནས་མི་འཇིགས་མི་སྐྲག་ཅིང་མྱུར་དུ་ལུང་བསྟན་པའི་
སྐལ་བ་ཅན་དག་ཀྱང་ཡོད་དོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ་ཞེས་བྱ་བ་ནས། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའོ་ཞེས་བྱ་བའི་བར་གྱིས་ནི་ཐེག་པ་ལ་གསར་དུ་ཞུགས་པ་མ་ཡིན་ལ། ཕྱིར་མི་ལྡོག་
Vol. 92 · folio 74b
པའི་བྱང་ཆུབ་སེམས་དཔའ་ཡང་མ་ཡིན་པའི་བྱང་ཆུབ་སེམས་དཔའ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་སྣོད་དུ་འགྱུར་བ་ཡོད་པའི་དོན་གོང་དུ་བཤད་པ་ཉིད་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཏན་ཚིགས་དང་བཅས་པར་ཞིབ་ཏུ་བཤད་པའོ། །
ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་དེའི་དཔེ་གསལ་བར་བདག་གིས་སྤོབས་སོ་ཞེས་བྱ་བ་ནས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བགྱི་བ་དག་གོ་ཞེས་བྱ་བའི་བར་གྱིས་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་སེམས་ཅན་ཐ་མལ་པ་མ་ཡིན་གྱི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་འབྲོག་དགོན་པ་དཔག་ཚད་བརྒྱ་པ་ཞིག་ནས་བྱུང་བའམ་ཞེས་བྱ་བ་ནས། དེ་ཅིའི་སླད་དུ་ཞེ་ན་
འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་། ཕྱག་བགྱིད་པ་དང་། མཉན་དུ་མཆིས་པ་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྔ་ལྟས་སོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡིད་ཆེས་ཤིང་ནན་ཏན་བྱེད་པ་གདོན་མི་ཟ་
བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲུབ་པར་འགྱུར་བའི་དཔེ་བསྟན་པ་སྟེ། འབྲོག་དགོན་པ་ནི་འཁོར་བའི་དཔེའོ། །གྲོང་དང་གྲོང་ཁྱེར་ལ་སོགས་པ་ནི་མྱ་ངན་ལས་འདས་པའི་དཔེར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་
བཞིན་ནོ། །དེ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་ད་དུང་ཡང་སངས་རྒྱས་ཀྱི་མཐུས་སྤོབས་པ་སྐྱེད་ཅིག་ཅེས་བྱ་བ་ནི་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། དཔེ་སྔ་མ་བསྟན་པ་ཡང་སངས་རྒྱས་ཀྱི་མཐུས་བསྟན་ཏེ། ལེགས་སོ་ཞེས་བསྟོད་ནས། དཔེ་ཕྱི་མ་ཡང་སངས་
རྒྱས་ཀྱི་མཐུས་སྟོན་ཅིག་ཅེས་བཀའ་སྩལ་པའོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་རྒྱ་མཚོ་མཆིང་ནམ་ཆེན་པོ་ལྟ་བར་འཚལ་ནས་ཞེས་བྱ་བ་ནས། ཐོས་ནས་ཀྱང་གཟུང་དུ་ཡོད། བཅང་དུ་ཡོད། ཀླག་ཏུ་ཡོད། ཀུན་ཆུབ་པར་བྱར་ཡོད།
Vol. 92 · folio 75a
ཚུལ་བཞིན་དུ་ཡིད་ལ་བྱར་ཡོད་དོ་ཞེས་བགྱི་བར་རིག་པར་བགྱིའོ་ཞེས་བགྱི་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡིད་ཆེས་ཤིང་ནན་ཏན་དུ་བྱེད་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་སུམ་དུ་ལུང་མ་བསྟན་དུ་ཟིན་ཀྱང་
ལུང་བསྟན་པ་དང་ཉེ་བར་གྱུར་པའི་དཔེ་རྒྱ་མཚོ་ཆེན་པོ་མངོན་སུམ་དུ་མ་མཐོང་དུ་ཟིན་ཀྱང་རྒྱ་མཚོ་དང་ཉེ་བར་གྱུར་པའི་ལྟས་དང་མཚན་མ་རྣམས་མཐོང་བས་རིང་པོར་མི་ཐོགས་པར་རྒྱ་མཚོ་མཐོང་བར་འགྱུར་བར་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་དཔྱིད་ཀྱི་དུས་ལ་བབ་
སྟེ་རྩི་ཤིང་གི་ལོ་མ་དང་འདབ་མ་ལྷགས་ནས་ཁ་དོག་གྱུར་པའི་ཚེ་ཞེས་བྱ་བ་ནས། སྔོན་གྱི་དགེ་བའི་རྩ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ་ཞེས་བགྱི་བར་འཚལ་བར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི། དཔྱིད་ཀྱི་དུས་ན་རྩི་ཤིང་གི་ལོ་མ་རྙིང་པ་ལྷགས་
ཤིང་ལོ་མ་དང་། མེ་ཏོག་དང་། འབྲས་བུ་གསར་པ་བྱུང་བའི་སྔ་ལྟས་རྩི་ཤིང་གི་ཁ་དོག་འགྱུར་ཞིང་ཁ་འབུ་བ་མཐོང་ནས། རིང་པོར་མི་ཐོགས་པར་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བར་རིག་པར་འགྱུར་ཞིང་དགའ་བ་དང་། ཉམས་བདེ་བར་འགྱུར་
བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྟ་ཞིང་མཉན་པ་ལ་སོགས་པའི་སྒོ་ནས་སྤྱད་དུ་ཡོད་པ་ཉིད་སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་ཅིང་། བླ་ན་མེད་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའི་ལྟས་ཡིན་པར་རིག་པར་བྱའོ་ཞེས་བསྟན་པའོ། །
དེ་ན་ལྷའི་བུ་སྔོན་ཡང་སངས་རྒྱས་མཐོང་བ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ཞེས་བྱ་བ་ནས་དགའ་ཞིང་སྤྲོ་ལ་ཡིད་བདེ་ཞིང་ཉམས་བདེ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའི་ལྟས་
གོང་དུ་བཤད་པར་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་ལྷའི་བུ་རྣམས་དཔང་དུ་གྱུར་པ་བསྟན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་བུད་མེད་སྦྲུམ་མ་ནི་ཞེས་བྱ་བ་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་རིང་པོར་མི་ཐོགས་པར་བླ་
Vol. 92 · folio 75b
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་ནི། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་མོས་ནས་ཉམས་སུ་ལེན་པ་ནི་སྔོན་དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་
མང་པོ་ལ་བསྙེན་བཀུར་བྱས་པ་དང་། ལེགས་པར་སྤྱད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་སྟེ། དེ་དག་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ནས། ཆོས་ཀྱི་སྐུའི་འབྲས་བུ་ཐོབ་པར་
འགྱུར་བའི་དཔེ་བུད་མེད་སྦྲུམ་མས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱི་སྤོབས་པ་དེ་ནི་སངས་རྒྱས་ཀྱི་མཐུས་སྐྱེས་སོ་ཞེས་བྱ་བ་ནི། ཤཱ་རིའི་བུས་དཔེ་དང་དོན་གོང་དུ་བཤད་པ་དེ་ཉིད་
འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་ལེགས་སོ་ཞེས་བསྟོད་ནས། དེ་ལྟར་དཔེ་དང་དོན་དུ་ལྡན་པར་སྟོན་ནུས་པ་དེ་ཡང་། དེ་བཞིན་གཤེགས་པའི་མཐུ་དང་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་ལྟར་ལེགས་པར་ཡོངས་སུ་བསྟན་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི། གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཡོན་ཏན་ཐོབ་པར་འགྱུར་བ་དཔེ་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏེ། སྤྲོ་བ་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་སྨན་ཡོན་ཆེན་པོ་བཏགས་སོ་ཞེས་བསྟོད་པའོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་ཞེས་བྱ་བ་ནས། བདག་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ལ། གཞན་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ཡང་དག་པར་བསྐུལ་ལོ་ཞེས་བྱ་བའི་
Vol. 92 · folio 76a
བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་སེམས་ཅན་མང་པོའི་དོན་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དང་། བདག་ཀྱང་བསམ་གཏན་བཞི་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་
ལ་ཐུག་གི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱད་པ་སྤྱོད་ལ། སེམས་ཅན་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱད་པ་དེ་དག་ལ་བསྐུལ་ཞིང་རབ་ཏུ་འགོད་པར་བྱེད་དེ། དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར།
དེ་བཞིན་གཤེགས་པས་སྤྲོ་བ་བསྐྱེད་ཅིང་ཕན་བཏགས་སོ་ཞེས་བསྟོད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནས། བདེ་བར་གཤེགས་པ་ངོ་མཚར་ཏོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་བདག་གི་དོན་ཕུན་སུམ་ཚོགས་
པའི་ཡོན་ཏན་མང་པོ་དང་ལྡན་པར་བགྱིད་པ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལགས་ཏེ། དེ་ཡང་ངོ་མཚར་ཆེའོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་བྱ་བ་ནི་དེ་ཡང་གོང་དུ་བཤད་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་དུ་ལུང་བསྟན་པར་འགྱུར་བའི་ཡོན་ཏན་བསྟན་ན། བླ་ན་མེད་
པའི་བྱང་ཆུབ་ཐོབ་པར་འགྱུར་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་མ་བྱས་པར། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་ཇི་ལྟར་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་གཟུགས་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་མ་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
Vol. 92 · folio 76b
པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཐབས་བསྟན་པ་སྟེ། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་དོན་དམ་པར་
དངོས་པོ་མེད་པས་འཕེལ་བ་དང་འགྲིབ་པ་ཡོད་པར་མི་ལྟ་ཞིང་རྣམ་པར་མི་རྟོག་པར་གྱུར་ན། དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཀྱང་། ནམ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་མཚན་ཉིད་དུ་དངོས་པོ་ཡོད་པར་མི་ལྟ་ཞིང་རྣམ་པར་མི་རྟོག་པར་གྱུར་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བསྟན་
པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པར་རྗེས་སུ་མི་མཐོང་ཞིང་རྣམ་པར་མི་རྟོག་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་
ཉིད་དང་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་ཕྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་ལྡོག་པ་དང་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡོངས་སུ་དག་པ་དེ་ནི་མི་འགྱུར་
བར་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པས་ནམ་ཡང་འགྱུར་ཞིང་ལྡོག་པ་མེད་དོ་ཞེས་བསྟན་པའོ། །གསོག་དང་གསོབ་དང་སྙིང་པོ་མེད་པ་ཞེས་བྱ་བ་ནི་སྟོང་པའི་རྣམ་གྲངས་ཏེ། དེ་ལྟར་སྟོང་ཞིང་དངོས་པོ་མེད་པས་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
Vol. 92 · folio 77a
དབང་དུ་གྱུར་པ་དང་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་དེ་རང་བཞིན་གྱིས་སྟོང་པ་དེ་ནི། རྒྱུ་དང་རྐྱེན་གཞན་གྱི་དབང་དུ་མི་འགྱུར་ཞིང་རང་བཞིན་ཐོབ་པ་ཡིན་པའི་ཕྱིར་མཚན་མར་བཟུང་ཞིང་རྣམ་པར་བརྟག་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །བྱེད་པ་མེད་
པ་དང་སྲོག་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་ཅིང་རང་བཞིན་གྱིས་སྟོང་པས། མུ་སྟེགས་ཅན་གྱིས་བརྟགས་པའི་བྱེད་པ་པོ་དང་སྲོག་ལ་སོགས་པ་ལྟ་བུའི་དངོས་པོར་ཡང་ཡོད་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །
གསོལ་པ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་བསྟན་ཏོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པས་གང་ལ་ཡང་དངོས་པོར་མི་ལྟ་ཞིང་རྣམ་པར་མི་རྟོག་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་
རྫོགས་པར་འགྱུར་རོ་ཞེས་བསྟན་པ་དེ་ཟབ་སྟེ། སེམས་ཀྱི་སྤྱོད་ཡུལ་མ་ཡིན་པས་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ་ཞེས་
བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བསྟན་ཏོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས། སེམས་ཀྱིས་བསམ་ཞིང་རྣམ་པར་བརྟག་པའི་
ཡུལ་མ་ཡིན་ནོ་ཞེས་བསྟན་པ་སྟེ། དེ་ལྟར་རྟོགས་ཤིང་བསྒོམས་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། གལ་ཏེ་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བ་ནས། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་ཅེས་བྱ་བར་འདུ་ཤེས་པ་མེད་ན། ཤེས་
Vol. 92 · folio 77b
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པས་སེམས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་བོ་སྙམ་དུ་སེམས་པའི་འདུ་ཤེས་ཙམ་ཞིག་བྱུང་ན་ཡང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་མི་ཆུད་ཀྱི། དེ་ལྟ་བུའི་འདུ་ཤེས་དང་རྟོག་པ་ཕྲ་མོ་ཡང་མེད་ན། གདོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་ཆུད་དོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་ལ་སུ་ཞིག་མོས་པར་འགྱུར་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བརྟགས་པ་དང་། བསམས་པའི་སྤྱོད་ཡུལ་མ་ཡིན་པ། དེ་ལྟ་བུ་ལ་དད་ཅིང་ཡིད་ཆེས་ནས། སྤྱོད་པར་འགྱུར་བ་སུ་མཆིས་ཞེས་ཞུས་པའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་ཞེས་བྱ་བ་ལ་སོགས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་གྱི། སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ། དགེ་བའི་རྩ་
བ་ཆེར་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་རྣམས་སྔོན་གྱི་དགེ་བའི་འཕྲོ་ཡོད་ཅིང་སྣོད་དུ་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་ཡིད་ཆེས་ནས་སྤྱོད་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་
པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང་ཞེས་བྱ་བ་ལ་སོགས་པས་ནི། ཇི་ཙམ་གྱིས་ན་སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་
བསྙེན་བཀུར་བྱས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་ཆུད་པའི་ཚད་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སུ་མི་རྟོག་རྣམ་
Vol. 92 · folio 78a
པར་མི་རྟོག་གོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་བར་གྱིས་ནི། སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། དགེ་བའི་
བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་ཚད་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་གྱུར་པ་ཉིད་སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། དགེ་བའི་བཤེས་གཉེན་
གྱིས་ཡོངས་སུ་བཟུང་བའི་རྟགས་དང་མཚན་མ་ཡིན་ནོ་ཞེས་བསྟན་པའོ། །གཟུགས་སུ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པའི་གཟུགས་སྤྱིར་རྣམ་པར་མི་རྟོག་པ་ལ་བྱའོ། །གཟུགས་ཀྱི་མཚན་མར་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་
བ་ནི། གཟུགས་ཀྱི་མཚན་ཉིད་གཟུགས་སུ་སྤྱོད་པ་ལ་རྣམ་པར་མི་རྟོག་པ་ལ་བྱའོ། །གཟུགས་ཀྱི་རང་བཞིན་དུ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་བྱ་བ་ནི། གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཡང་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་
ཚོར་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་དུ་ཆོས་ཐམས་ཅད་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་བསམ་གྱིས་མི་ཁྱབ་བོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་བོ་ཞེས་
བྱ་བའི་བར་གྱིས་ནི། རྣམ་པར་མི་རྟོག་པའི་གཏན་ཚིགས་བསྟན་པ་སྟེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ་རང་བཞིན་གྱིས་སྟོང་པས་རྣམ་པར་བརྟག་ཅིང་བསམ་པའི་སྤྱོད་ཡུལ་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱི་མ་རྣམ་པར་མི་
རྟོག་གོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ་
Vol. 92 · folio 78b
ཞེས་བྱ་བ་ནི་གོང་དུ་ཇི་ཙམ་གྱིས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལ་སོགས་པ་ལགས་ཞེས་ཞུས་པའི་ལན་མཇུག་བསྡུས་ཏེ་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཞེས་བྱ་བ་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་
དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པར་རྟོག་པའི་སྤྱོད་ཡུལ་མ་ཡིན་ལ་བསམ་གྱིས་མི་ཁྱབ་པ་ཡིན་པས་སུས་ཀྱང་རྟོགས་པར་མི་ནུས་པའི་ཕྱིར་ཟབ་བོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་པོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ་རང་བཞིན་གྱིས་སྟོང་པས། རྣམ་པར་རྟོག་པ་དང་བསམ་པའི་སྤྱོད་ཡུལ་
མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་ཐ་མི་དད་པའི་ཕྱིར་ཟབ་པོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེའི་ཕུང་པོ་སྟེ། ཆོས་རིན་པོ་ཆེའི་ཕུང་པོ་རྣམས་སྒྲུབ་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
དེ་ལྟར་གོང་དུ་བཤད་པའི་རིམ་པས་དོན་དམ་པར་དངོས་པོ་མེད་དེ། བསམ་གྱིས་མི་ཁྱབ་ཅིང་ཟབ་ཀྱང་ཀུན་རྫོབ་ཏུ་དགེ་བ་བཅུ་ལ་སོགས་པའི་ཆོས་རིན་པོ་ཆེ་རྣམས་བསྒྲུབ་པའི་ཕྱིར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་བསྐོང་བ་ཡིན་ནོ་
ཞེས་བསྟན་པའོ། །འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་སྒྲུབ་པའོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པའོ་ཞེས་བྱ་བའི་བར་གྱིས་ནི་ཆོས་རིན་པོ་ཆེ་ཞེས་བྱ་བ་གང་དང་གང་ཡིན་པའི་དམིགས་པ་བསྟན་པ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་སོགས་པ་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་རྣམ་པར་བྱང་བའི་ཆོས་དཀོན་ཞིང་རྙེད་པར་དཀའ་བ་རྣམས་སྒྲུབ་ཅིང་རྙེད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིན་པོ་ཆེ་དང་འདྲ་བར་དཀོན་ཞིང་རྙེད་པར་དཀའ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་
Vol. 92 · folio 79a
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ་ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ་འབྱུང་བས་ན། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །བཅོམ་ལྡན་འདས་གཟུགས་དག་པ་དང་། ཚོར་བ་དག་པ་དང་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པའི་ཕུང་པོའོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུགས་ལ་སོགས་པའི་ཆོས་
ཐམས་ཅད་དོན་དམ་པར་དངོས་པོ་མེད་ཅིང་ཡོངས་སུ་དག་པའི་རང་བཞིན་ཡིན་པའི་ཕྱིར་དག་པའི་ཕུང་པོ་ཡིན་ནོ་ཞེས་བསྟན་པ་སྟེ། དག་པའི་ཕུང་པོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་མང་པོ་རྣམས་དག་པར་འདུས་པའི་ཕྱིར་ཕུང་པོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་ལྟ་བུ་བསྟན་པའི་ཚེ་བར་ཆད་དུ་མི་འགྱུར་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། བདུད་ལ་སོགས་པས་བར་ཆད་བྱ་མི་ནུས་པ་འཁོར་རྣམས་ལ་ཞིབ་ཏུ་བསྟན་པའི་སྐབས་དབྱེ་བའི་ཕྱིར་
རབ་འབྱོར་གྱིས་སྨྲས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བར་ཆད་མང་དུ་འབྱུང་སྟེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་
བར་ཆད་མང་དུ་འབྱུང་ངོ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཙལ་ཞིང་སྒྲུབ་པ་ལ། བགེགས་དང་བར་ཆད་མང་པོ་འབྱུང་བ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རིན་པོ་ཆེ་སྤྱད་པ་ལ་ཡང་བདུད་ལ་སོགས་པའི་བར་ཆད་འབྱུང་ཡང་སྲིད་ཀྱིས་
བྲི་བ་དང་། ཀླག་པ་དང་། བསྟན་པ་དང་ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པ་ཟླ་གྲངས་དང་ལོ་གྲངས་ཇི་ཙམ་གྱིས་ཟིན་པར་བྱ་བར་ཡིད་དམ་བཅས་ཤིང་ཁས་འཆེས་པ་དེ་བཞིན་དུ་བར་ཆད་དུ་མི་འགྱུར་བར་བྲི་བ་དང་ཀླག་པ་ལ་སོགས་པ་བྱའོ་ཞེས་བསྟན་པའོ། །གསོལ་པ།
Vol. 92 · folio 79b
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཅི་ནས་ཀྱང་མི་འདྲི་བ་དང་། མི་ཀླག་པ་དང་། མི་བསྟན་པ་དང་། ཁ་ཏོན་མི་བགྱིད་པ་དང་། ཡིད་ལ་མི་བགྱིད་པ་དང་། མི་བསྒོམ་པའི་སླད་དུ་བདུད་སྡིག་ཏོ་ཅན་དག་བར་ཆད་མི་བགྱིད་པ་ངོ་མཚར་ཆེའོ་ཞེས་བྱ་བ་ནི་བདུད་ཀྱིས་
བར་ཆད་བྱ་མི་ནུས་པར་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་སྨྲས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས་བར་ཆད་བྱ་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་ནན་ཏན་བྱེད་པ་ལ། བདུད་སྡིག་ཅན་བར་
ཆད་མི་བྱེད་པ་ཡང་མ་ཡིན་མོད་ཀྱི་བར་ཆད་བྱེད་པར་བྱས་ཀྱང་བར་ཆད་བྱ་མི་ནུས་པའི་མཐུ་དང་ལྡན་པའི་ཡོན་ཏན་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། བདུད་སྡིག་ཏོ་ཅན་གྱིས་བར་ཆད་བྱ་མི་ནུས་སོ་ཞེས་
བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ལ་སངས་རྒྱས་བཅོམ་ལྡན་འདས་བྱིན་གྱིས་རློབ་ཅིང་མཐུ་གཏོང་བས། བདུད་ཀྱིས་བར་ཆད་བྱ་མི་ནུས་པའི་ཡོན་ཏན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ན་སངས་རྒྱས་བཅོམ་
ལྡན་འདས་གང་ཇི་སྙེད་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གི་མཐུས་ཀྱང་ཞེས་བྱ་བ་ནས་ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །བསྒོམ་མོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་
བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉག་གཅིག་བདུད་ཀྱིས་བར་ཆད་བྱ་མི་ནུས་པར་བྱིན་གྱིས་རློབ་ཅིང་མཐུ་གཏོང་བར་མཛད་པར་མ་ཟད་ཀྱི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བདུད་ཀྱིས་བར་ཆད་བྱ་མི་ནུས་པར་བྱིན་གྱིས་རློབ་ཅིང་མཐུ་གཏོང་བའི་ཡོན་ཏན་བསྟན་པའོ། །
གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ་ཞེས་བྱ་བ་ནས། དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་གཟུངས་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། འཁོར་གྱི་ནང་ན་སེམས་ཅན་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་
Vol. 92 · folio 80a
སེམས་དཔའ་རྣམས་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱིན་གྱིས་རློབ་ཅིང་དེ་ལྟར་མཐུ་གཏོང་ན། མ་འོངས་པའི་དུས་ཀྱི་སེམས་ཅན་ཕལ་པའི་ནང་ནས་གང་སུ་ཡང་རུང་བ་དག་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་ན། དེ་དག་ལ་ཡང་
སངས་རྒྱས་བཅོམ་ལྡན་འདས་བྱིན་གྱིས་རློབ་ཅིང་མཐུ་གཏོང་ངམ། མི་གཏོང་སྙམ་དུ་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར་མ་འོངས་པའི་དུས་ཀྱི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ན་དེ་དག་ཐམས་ཅད་ལ་ཡང་སངས་རྒྱས་
བཅོམ་ལྡན་འདས་རྣམས་བྱིན་གྱིས་རློབ་ཅིང་མཐུ་གཏོང་ངོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་ཞེས་བྱ་བ་ནས། འདི་ལྟར་བདག་ཅག་ནི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། མ་འོངས་པའི་དུས་ཀྱི་སེམས་ཅན་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ཞིག་ཡོད་ན། དེ་དག་ཐམས་ཅད་ཀྱང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་
སུམ་དུ་གཟིགས་ཤིང་ཐུགས་སུ་ཆུད་པར་འགྱུར་བའི་ཡོན་ཏན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་གང་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བ་དེ་དག་ཀྱང་ཞེས་བྱ་བ་ནས། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་ནམ་ཡང་བྲལ་བར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཀློག་པ་དང་། སྟོན་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་ཡིད་ལ་བྱ་བ་དང་། བསྒོམ་མི་ནུས་པ་དག་གིས་བྲིས་ཤིང་གླེགས་
བམ་དུ་བྱས་ནས་བཅངས་ཏེ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ཅིང་བཀུར་སྟི་བྱས་པ་ཙམ་གྱི་དགེ་བའི་རྩ་བས་ཀྱང་ཕྱིར་མི་ལྡོག་པའི་ས་ནོན་གྱི་བར་དུ་ངན་སོང་དུ་མི་སྐྱེ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་བྲལ་བར་མི་འགྱུར་བའི་ཕན་ཡོན་དང་བླ་ན་མེད་པ་
Vol. 92 · folio 80b
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་རྣམ་པར་བྱང་བའི་ཆོས་རྣམས་དང་བྲལ་བར་མི་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་འདས་ནས། ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ་ཞེས་བྱ་བ་ནས། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་པའི་
འོག་ཏུ་བྱང་ཆུབ་ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་པའི་ས་ཕྱོགས་ནས། ལྷོ་ཕྱོགས་ཀྱི་ཡུལ་རྒྱུད་ཨོ་ཌའི་ཡུལ་དང་སིང་ག་ལའི་ཡུལ་ལ་སོགས་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པར་འགྱུར་བ་འདི་ངན་སོང་དུ་མི་ལྟུང་བ་དང་། ལྷ་དང་མིའི་ཕུན་སུམ་ཚོགས་
པ་མྱོང་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གོང་ནས་གོང་དུ་འཕར་ཞིང་མངོན་པར་འཕགས་པར་འགྱུར་བ་དང་། ཐེག་པ་གསུམ་གྱིས་མཐར་གྱིས་ཉོན་མོངས་པ་སྤངས་ནས། མྱ་ངན་ལས་འདའ་བར་འགྱུར་བའི་ཕན་ཡོན་དང་བཅས་པར་བསྟན་པ་སྟེ། དེ་ལྟར་བསྟན་པ་
ཡང་ཡུལ་དེ་ཕྱོགས་ན་སྔོན་དགེ་བའི་རྩ་བ་བསྐྲུན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་སྐལ་བ་དང་ལྡན་པ་མང་བ་བསྟན་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ནས་ཡུལ་བར་ཏ་ནི་ན་སྤྱོད་པར་
འགྱུར་ཏེ་ཞེས་བྱ་བ་ནས། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་སུ་དར་བ་ལས་ནུབ་ནས། ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་ཀྱི་བར་རྒྱ་གར་ཡུལ་གྱི་དབུས་ན་
སྤྱོད་པར་འགྱུར་བ་ཕན་ཡོན་དང་བཅས་པར་བསྟན་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡུལ་བར་ཏ་ནི་ནས་བྱང་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ་ཞེས་བྱ་བ་ནས། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་
Vol. 92 · folio 81a
བའི་བར་གྱིས་ནི། བྱང་ཆུབ་ཆེན་པོར་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་སངས་རྒྱས་པའི་ས་ཕྱོགས་ནས། བྱང་ཕྱོགས་ལོགས་ཀྱི་ཡུལ་ཕྱོགས་ན་སྤྱོད་ཅིང་དར་བར་འགྱུར་བ་ཕན་ཡོན་དང་བཅས་པར་བསྟན་པ་སྟེ། བྱང་ཕྱོགས་ཀྱི་རྒྱུད་ཅེས་བྱ་བ་ཡང་
བོད་ཡུལ་ཡན་ཆད། ཨུ་རྒྱན་ཡུལ་དང་ཁ་ཆེ་ཡུལ་མན་ཆད་ལ་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་དང་བྱང་ཕྱོགས་ཀྱི་རྒྱུད་ན་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་
གོང་དུ་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ། དམ་པའི་ཆོས་ནུབ་ཏུ་ཉེ་བའི་ཚེ་ལྷོ་ཕྱོགས་དང་བྱང་ཕྱོགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དར་བར་འགྱུར་ཏེ། དེ་ལ་སྤྱོད་སྤྱོད་པ་རྣམས་ནམ་ཡང་ངན་སོང་དུ་མི་ལྟུང་བ་དང་། ལྷ་དང་
མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་ནས། ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བསྟན་པ་སྟེ། དེ་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི།
དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་སྟོང་གི་བར་དུ་དམ་པའི་ཆོས་གནས་པར་འགྱུར་ཏེ། ལོ་ལྔ་སྟོང་ལ་ལོ་ལྔ་བརྒྱ་ཕྲག་བཅུ་ཡོད་དེ། དེ་ལ་ལྔ་བརྒྱ་དང་པོ་ལ་དམ་པའི་ཆོས་སྤྱོད་སྤྱོད་པ་རྣམས་ཕལ་ཆེར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར། ལྔ་
བརྒྱ་གཉིས་པ་ལ་ཕལ་ཆེར་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར། ལྔ་བརྒྱ་གསུམ་པ་ལ་ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་མང་སྟེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་གི་ཚེ་ནི་ཆོས་རྟོགས་ཤིང་འབྲས་བུ་ཐོབ་པ་མང་བའི་ཚིགས་
ཞེས་བྱའོ། །ལྔ་བརྒྱ་བཞི་པ་ལ་ནི་ལྷག་མཐོང་གི་ཤས་ཆེ་ཞིང་ཤེས་རབ་རྣོ་བ་མང་ངོ་། །ལྔ་བརྒྱ་ལྔ་པ་ལ་ཞི་གནས་ཀྱི་ཤས་ཆེ་སྟེ། ཏིང་ངེ་འཛིན་བསྒོམ་པ་མང་ངོ་། །ལྔ་བརྒྱ་དྲུག་པ་ལ་ནི་ཚུལ་ཁྲིམས་དང་ལྡན་པ་མང་སྟེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་གི་ཚེ་ནི་ཞི་གནས་དང་ལྷག་
Vol. 92 · folio 81b
མཐོང་བསྒོམ་ཞིང་ཚུལ་ཁྲིམས་དང་ལྡན་པ་མང་བས་སྒྲུབ་པ་དང་ལྡན་པའི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བདུན་པ་ལ་ཆོས་མངོན་པ་དར་བར་འགྱུར། ལྔ་བརྒྱ་བརྒྱད་པ་ལ་མདོ་སྡེ་དར་བར་འགྱུར། ལྔ་བརྒྱ་དགུ་པ་ལ་འདུལ་བ་དར་བར་འགྱུར་ཏེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་
ལ་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་སྡེ་སྣོད་གསུམ་ལ་བརྟེན་ཅིང་། ལུང་ལ་སྤྱོད་པ་མང་བས་ལུང་གི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བཅུ་པ་ལ་སྡེ་སྣོད་གསུམ་ཡང་བརྩན་པར་མི་བྱེད། ཆོས་སྤྱོད་པ་རྣམས་ཀྱང་གཞུང་ལས་འབྱུང་བ་བཞིན་དུ་ལེགས་པར་ཉམས་འོག་
ཏུ་མི་ཆུད་དེ། མཚན་མ་ཙམ་ཞིག་སྤྱོད་པ་མང་བས། མཚན་མ་ཙམ་གྱི་ཚིགས་ཞེས་བྱ་སྟེ། དེ་ལ་ལྔ་བརྒྱ་ཕྲག་བཅུའི་ཐ་མ་འདི་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་དགོངས་པ་གང་ཡིན་པ་དེ་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དགོངས་པའོ་ཞེས་བྱ་བ་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་བའི་གཏན་ཚིགས་བསྟན་པ་སྟེ། དེ་བཞིན་
གཤེགས་པ་རྣམས་ཀྱི་དགོངས་པ་ནི། སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཡོངས་སུ་སྨིན་པར་མཛད་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་མཛད་པར་དགོངས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་བཅངས་པ་དང་། བཀླགས་ཤིང་
ཀུན་ཆུབ་པར་བྱས་པ་ལ་སོགས་པའི་དགེ་བའི་རྩ་བས་ཀྱང་ངན་སོང་དུ་མི་ལྟུང་ཞིང་། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་བ་དང་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་མཛད་ཅིང་དགོངས་
པ་དང་མཐུན་པའི་ཕྱིར་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་ཆོས་དང་འདུལ་བ་རྒུད་པར་གྱུར་པའི་ཚེ། དམ་པའི་ཆོས་ནུབ་པར་མི་འགྱུར་ཏེ། ཆོས་དེ་ཡང་གང་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའོ་ཞེས་བྱ་བས་ནི། ཕྱི་མའི་དུས་
Vol. 92 · folio 82a
ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་དང་འདུལ་བ་འདྲི་ཞིང་ཀློག་པ་ལ་སོགས་པའི་སྒོ་ནས་སྤྱོད་ཅིང་ཉམས་སུ་ལེན་པ་ཉུང་སྟེ། རྒུད་ཅིང་ཉམས་པར་གྱུར་པའི་ཚེ། ལྷོ་ཕྱོགས་དང་། བྱང་ཕྱོགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། འཆང་བ་དང་
ཀློག་པ་ལ་སོགས་པའི་སྒོ་ནས་སྤྱོད་པ་མང་སྟེ་ནུབ་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་
ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་ལ་ནི་ངས་དགོངས་སོ་ཞེས་བྱ་བ་ནས། སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ་ཞེས་བྱ་བའི་བར་གྱིས་ནི།
ཕྱི་མའི་དུས་ལྔ་བརྒྱ་ཐ་མ་འདི་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་ནན་ཏན་བྱེད་པ་དང་། སྤྱོད་ཅིང་ནན་ཏན་བྱེད་མ་ནུས་ན་ཡང་བྲིས་ནས་གླེགས་བམ་དུ་བཅངས་ཏེ་མཆོད་ཅིང་བཀུར་སྟི་བྱེད་ན་ཡང་། ཕྱོགས་བཅུའི་དེ་བཞིན་གཤེགས་
པ་རྣམས་ཀྱིས་དགོངས་ཤིང་གཟིགས་པར་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་དང་། ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་ཅིང་བསྔགས་པར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་
འཕགས་པར་འགྱུར་བ་དང་། ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཕན་ཡོན་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླད་མའི་དུས་སླད་མའི་ཚེ་ན་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ་ཞེས་བྱ་བ་ནི། ཕྱི་མའི་
Vol. 92 · folio 82b
དུས་ལྔ་བརྒྱ་ཐ་མའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་རྣམས་སྔོན་ཐེག་པ་ཆེན་པོ་ལ་སྤྱོད་སྤྱོད་པའི་འཕྲོ་ཡོད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་། དགེ་བའི་རྩ་བ་བསྐྱེད་པ་རྣམས་སྤྱོད་པར་འགྱུར་གྱིས། གཞན་དེ་ལྟར་སྤྱོད་པར་མི་འགྱུར་བ་བསྟན་
པའི་སྐབས་དབྱེ་བའི་ཕྱིར་ཤཱ་རིའི་བུས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་། དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི། ཕྱི་
མའི་དུས་ལྔ་བརྒྱ་ཐ་མ་ལ་བབ་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དཀོན་ཏེ། སྔོན་ཐེག་པ་ཆེན་པོ་ལ་སྤྱོད་སྤྱོད་པའི་ལས་ཀྱི་འཕྲོ་ཡོད་པ་དང་། སྔོན་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་།
དགེ་བའི་རྩ་བ་བསྐྱེད་བསྐྱེད་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དད་ཅིང་མོས་ནས། ཉན་པ་དང་། འདྲི་བ་དང་། འཆང་བ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པར་འགྱུར་ཏེ་སྔོན་གྱི་ལས་ཀྱི་འཕྲོ་མེད་པ་རྣམས་དེ་ལྟར་སྤྱོད་པར་འགྱུར་བ་
དཀོན་ནོ་ཞེས་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་ཐོས་ནས་མོས་པར་བགྱིད་པ་དང་མོས་
པར་བགྱིས་ནས་འདྲི་ཞིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བགྱིད་པ་དེ་ལྟ་བུ་ཇི་སྙེད་ཅིག་འབྱུང་བར་འགྱུར་ཞེས་བྱ་བ་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་ལ་ཉན་ཅིང་མོས་པར་བྱེད་པ་ལ་སོགས་པའི་སྒོ་ནས་སྤྱོད་པའི་ནང་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་བསྟན་པའི་ཚེ། སེམས་ཞུམ་པར་མི་འགྱུར་བ་དང་། སྐྲག་པར་མི་འགྱུར་བ་དཀོན་ཞིང་ཉུང་བ་བཤད་པའི་སྐབས་དབྱེ་བའི་ཕྱིར་ཤཱ་རིའི་བུས་
Vol. 92 · folio 83a
ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། མི་འཇུམ་ཡོངས་སུ་མི་འཇུམ། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་བ་དེ་ལྟ་བུ་ནི་མི་མང་ངོ་ཞེས་བྱ་བའི་བར་གྱིས་ནི། ཕྱི་མའི་དུས་ལྔ་བརྒྱ་ཐ་མའི་ཚེ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་ཤིང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་ཞིང་ཀློག་པ་ལ་སོགས་པ་ཙམ་གྱི་སྒོ་ནས་སྤྱོད་ཅིང་མོས་པ་ནི་མང་མོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཐོས་ནས། སེམས་ཞུམ་པར་མི་འགྱུར་བ་དང་འཇིགས་ཤིང་སྐྲག་པར་མི་འགྱུར་བ་དེ་ལྟ་བུ་ཉུང་བ་
བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་རྗེས་སུ་འབྲངས་པ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོ་ལ་ཡོངས་སུ་ཞུས་ཡོངས་སུ་དྲིས་པའི་ཕྱིར་རོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཐོས་ནས་སེམས་ཞུམ་པར་མི་འགྱུར་བ་དང་འཇིགས་ཤིང་སྐྲག་པར་མི་འགྱུར་བ་ཉུང་བའི་གཏན་ཚིགས་བསྟན་པ་སྟེ། དེ་ལྟར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་བསྟན་པའི་ཚེ། སེམས་ཞུམ་པར་མི་འགྱུར་བ་དང་། འཇིགས་ཤིང་སྐྲག་པར་མི་འགྱུར་བ་དང་། སྔོན་དེ་བཞིན་གཤེགས་པ་མང་པོའི་ཞབས་འབྲིང་ན་འདུག་ཅིང་བསྙེན་བཀུར་བྱེད་བྱེད་པ་དང་། དེ་བཞིན་གཤེགས་པ་མང་པོ་ལ་ཆོས་
ཟབ་མོའི་དོན་ཞུས་ཤིང་ཐེ་ཚོམ་མེད་པར་གྱུར་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ཐོས་ནས་སེམས་ཞུམ་པར་མི་འགྱུར་བ་དང་། འཇིགས་ཤིང་སྐྲག་པར་མི་འགྱུར་ཏེ། དེའི་ཕྱིར་དེ་ལྟ་བུ་དག་ཉུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་
དང་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཐོས་ནས་མི་འཇིགས་མི་
Vol. 92 · folio 83b
སྐྲག་པ་ཉུང་བའི་གཏན་ཚིགས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཐོས་ནས་མི་འཇིགས་མི་སྐྲག་པའི་ཕན་ཡོན་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དེ་ལྟ་བུ་བསྟན་པའི་ཚེ། སེམས་ཞུམ་པར་མི་འགྱུར་བ་དང་། འཇིགས་ཤིང་སྐྲག་པར་མི་
འགྱུར་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཕྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་ཐུག་གི་བར་དུ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ལྟ་བུའི་ཕན་ཡོན་ཆེན་པོ་ཅན་ནི་དཀོན་ཞིང་ཉུང་
ངོ་ཞེས་བྱ་བའི་དོན་ཏོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བས་ཉེ་བར་བསྟན་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ཡང་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་ཅིང་སྤྱོད་པ་རྣམས། ཚེ་འདི་ལ་ཕན་ཡོན་ཅི་འབྱུང་
བ་དང་། ཚེ་རབས་སྔ་མ་ལ་ཡོན་ཏན་ཅི་བསགས་པ་དང་། ཚེ་རབས་ཕྱི་མ་ལ་ཕན་ཡོན་ཅི་འབྱུང་བ་རྣམས་བསྟན་པ་སྟེ། དགེ་བའི་རྩ་བས་ཉེ་བར་བསྟན་པར་འགྱུར་ཏེ་ཞེས་བྱ་བ་ནི་ཚེ་རབས་སྔ་མ་ལ་དགེ་བའི་རྩ་བ་བསྐྱེད་པའི་རྒྱུས། ཚེ་འདི་ལ་བདག་གི་དོན་ཕུན་སུམ་ཚོགས་
པར་འགྱུར་རོ་ཞེས་བསྟན་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བས་ནི། ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་ནུས་པའི་ཡོན་ཏན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་
འདི་ལྟར་ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ནི་ངས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་དོ། །འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བའི་སངས་རྒྱས་བཅོམ་
ལྡན་འདས་དེ་དག་གིས་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་དེ་ཞེས་བྱ་བ་ནས། ཚེ་རབས་སྔ་མ་ལ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའི་ཡོན་ཏན་བསྟན་པའོ། །དེ་དག་ཚེ་འདས་ཀྱང་འདི་ལྟ་སྟེ། བླ་ན་
Vol. 92 · folio 84a
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཉིད་དུ་འགྱུར་ཏེ་ཞེས་བྱ་བས་ནི་ཚེ་རབས་ཕྱི་མ་ལ་བདག་གི་དོན་ཕུན་སུམ་ཚོགས་པར་བྱེད་ནུས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །དེ་དག་གཞན་ལ་ཡང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་རྣམ་པ་དེ་ལྟ་བུ་ཉིད་བརྗོད་པར་འགྱུར་རོ་ཞེས་བྱ་བས་ནི་ཚེ་རབས་ཕྱི་མ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་ནུས་པའི་ཕན་ཡོན་བསྟན་པ་སྟེ། རྣམ་པ་དེ་ལྟ་བུ་ཉིད་བརྗོད་པར་འགྱུར་རོ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་
དོན་ཏོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཉམ་པར་གཞག་པར་འགྱུར་ཏེ་ཞེས་བྱ་བས་ནི། ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་འདོད་ཆགས་ལ་སོགས་པའི་ཡུལ་གྱི་དབང་དུ་མི་འགྱུར་བར་བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ནུས་པའི་ཕན་ཡོན་བསྟན་
པའོ། །དེ་དག་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་ན་སྡིག་ཏོ་ལ་མོས་པ་དང་། སྡིག་ཏོའི་སྤྱོད་པ་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤོང་བ་གཞན་གྱིས་ལྟ་ཅི་སྨོས་ཞེས་བྱ་བ་ནི་བདུད་
ལ་སོགས་པས་དགེ་བའི་བར་ཆད་བྱ་མི་ནུས་པའི་ཕན་ཡོན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་དགའ་ཞིང་ཉམས་བདེ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ་ཞེས་བྱ་བས་ནི།
ཆོས་ཟབ་མོ་རྟོགས་ནས་དད་པ་ཆེན་པོ་སྐྱེ་བར་འགྱུར་བའི་ཕན་ཡོན་བསྟན་པའོ། །འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོ་ཡང་དགེ་བའི་ཆོས་ལ་དགོད་པར་འགྱུར་རོ་ཞེས་བྱ་བས་ནི། སེམས་ཅན་གཞན་ཡང་དམ་པའི་ཆོས་ལ་དད་པ་བསྐྱེད་ནུས་
པའི་ཕན་ཡོན་བསྟན་པའོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ནི་ངའི་མདུན་དུ་འདི་སྐད་དུ་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ་ཞེས་བྱ་བའི་བར་གྱིས་ནི། ཚེ་རབས་སྔ་མ་ལ་དེ་བཞིན་གཤེགས་པའི་སྤྱན་སྔར་གཞན་གྱི་དོན་ཕུན་
Vol. 92 · folio 84b
སུམ་ཚོགས་པར་བྱ་བར་ཡིད་དམ་བཅས་པའི་ཡོན་ཏན་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ཚིག་ནི་སེམས་ལ་སེམས་ཀྱིས་རྣམ་པར་བལྟས་ཏེ། ངས་རྗེས་སུ་དགྱེས་པར་མཛད་དོ་ཞེས་བྱ་བས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པར་
བྱ་བར་ཡིད་དམ་བཅས་ཤིང་ཁས་འཆེས་པ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་ནུས་པ་དེ་བཞིན་གཤེགས་པས་ཐུགས་ཆེས་པའི་ཡོན་ཏན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཡང་ཞེས་བྱ་བ་ནས།
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ཚིག་ནི་སེམས་ལ་ཐུགས་ཀྱིས་རྣམ་པར་གཟིགས་ཏེ་རྗེས་སུ་དགྱེས་པར་མཛད་དོ་ཞེས་བྱ་བའི་བར་གྱིས་ནི། ཚེ་རབས་སྔ་མ་ལ་འདས་པའི་སངས་རྒྱས་མང་པོའི་སྤྱན་སྔར་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བའི་ཁས་འཆེ་བ་དང་། དེ་ལྟར་
ཁས་འཆེས་པ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཆེས་པའི་ཡོན་ཏན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཞེས་བྱ་བ་ནས། ཕྱིར་མི་ལྡོག་པར་ལུང་སྟོན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི།
ཚེ་རབས་སྔ་མ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱ་བར་ཡིད་དམ་བཅས་པ་ཚེ་འདི་དང་ཚེ་རབས་ཕྱི་མ་ལ་གདོན་མི་ཟ་བར་དེ་བཞིན་དུ་འགྱུར་བའི་ཕན་ཡོན་བསྟན་པའོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ལ་མོས་
པ་རླབས་པོ་ཆེར་འགྱུར་ཏེ་ཞེས་བྱ་བ་ནས། ཡང་དག་པར་དཀའ་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི། འདོད་པའི་ཡོན་ཏན་ལྔ་ལ་མོས་པ་རླབས་པོ་ཆེས་མ་ཆགས་པར་སྤྱོད་ཅིང་སྦྱིན་པ་ལ་སོགས་པའི་བསྡུ་བ་རྣམ་པ་བཞིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ནས། བདག་དང་
སེམས་ཅན་གཉིས་ཀ་རྣམ་པར་སྨིན་པ་རླབས་ཆེན་པོ་དང་ལྡན་པར་བྱ་སྟེ། སངས་རྒྱས་ཀྱི་ཞིང་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་སྟོན་པ་ལས་མངོན་སུམ་དུ་ཆོས་མཉན་ཏེ། སངས་རྒྱས་ཀྱི་ཞིང་དེར་ཡང་སེམས་ཅན་གྱི་དོན་ཕུན་
Vol. 92 · folio 85a
སུམ་ཚོགས་པ་བྱེད་ནུས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལས་ཆོས་གང་
ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་སོ་ཞེས་བྱ་བ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ་ཞེས་བྱ་བའི་བར་གྱིས་ནི། དེ་ལྟར་གོང་དུ་བཤད་པའི་རིམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་
རྣམས་ཚེ་རབས་སྔ་མ་ལ་དགེ་བ་ཅི་སྤྱད་པའི་ཡོན་ཏན་དང་། ཚེ་འདི་དང་ཚེ་རབས་ཕྱི་མ་ལ་ཕན་ཡོན་ཅི་དང་ཅིར་འགྱུར་བ་རྣམས། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཤཱ་རིའི་བུས་ཐོས་ནས་འཁོར་རྣམས་ཀྱང་ཡིད་ཆེས་ཤིང་དད་པ་བསྐྱེད་པའི་ཕྱིར། དེ་ལྟར་བཅོམ་ལྡན་འདས་ཀྱིས་
དུས་གསུམ་གྱི་དངོས་པོ་ཐམས་ཅད་ཅིར་གྱུར་པ་དང་། ཅིར་འགྱུར་བ་མ་ལུས་པར་ཐུགས་སུ་ཆུད་པ་ངོ་མཚར་ཆེའོ་ཞེས་བསྟོད་པ་བསྟན་པའོ། །བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་པར་བགྱིད་
ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་། ཡོངས་སུ་ཚོལ་བའི་ཚེ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་ཡོངས་སུ་ཚོལ་བ་ལས། ལ་ལས་ནི་བཙལ་བ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐོབ་པར་འགྱུར། ལ་ལས་ནི་ཐོབ་པར་མི་
འགྱུར་རོ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བཤད་པའི་རིམ་པས། སྔོན་དགེ་བ་སྤྱོད་སྤྱོད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་འདྲི་བ་ལ་སོགས་པའི་སྒོ་ནས་སྤྱོད་ནུས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words