བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ
Sanskrit title (Tibetan script, as in the text) བོ་དྷི་ཙཱརྱཱ་བ་ཏཱ་ར་ཏཱ་ཏ་པརྱ་པཉྫི་ཀ་བི་ཤཻ་ཥ་དྱོ་ཏ་ནི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 106 · folio 249a
ཁོ་ན་ལ་བདེ་བའི་མངོན་པར་ཞེན་པ་ཡོད་པས་མ་ངེས་པ་ཡིན་ཞེ་ན། སྨྲས་པ། ཇི་ལྟར་བདག་བདེ་བ་འདོད་པ་དེ་ལྟར་གཞན་དག་ཀྱང་འདོད་པས་དེ་དག་གི་བདེ་བ་ཡང་བསྐྱེད་པར་བྱ་བ་ཡིན་ནོ། །དང་པོའི་གཏན་ཚིགས་ཀྱི་མ་ངེས་པ་སྤང་བར་བཤད་དེ། ཇི་ལྟར་
བདག་ལ་འཇིགས་པ་དང་སྡུག་བསྔལ་མི་འདོད་པས་བཟློག་པར་བྱ་བ་ཡིན་ཏེ། དེ་ལྟར་གཞན་དག་ལ་ཡང་ངོ་། །དགོངས་པ་འདི་ཡིན་ཏེ། བདག་ནི་མེད་པས་ཆོས་འབའ་ཞིག་པ་ཡོད་དེ། དེ་དག་ལ་ནི་ཁྱད་མེད་དོ། །ཐད་ཀར་སེམས་ཅན་དག་མཉམ་པར་བསྒྲུབ་པའི་ཕྱིར། རྒྱུན་གཅིག་
ལ་འདས་མ་འོངས་པ་མཉམ་པར་བཤད་དེ། གཞན་གྱི་སྡུག་བསྔལ་བདག་ལ་མི་གནོད་པས། གལ་ཏེ་གཞན་མི་བསྲུང་ན་དམྱལ་བར་མ་འོངས་པའི་ལུས་ཀྱི་སྡུག་བསྔལ་གྱིས་ད་ལྟ་མི་གནོད་པས་དེ་ཇི་ལྟར་བསྲུང་། མི་དགེ་བ་ལས་ལོག་པས་སོ། །དེའི་ཚེ་བདག་ཁོ་ན་ཡིན་ཞེ་ན་མ་ཡིན་ཏེ།
རྟོག་པ་འདི་ནི་བརྫུན་ཡིན་ཏེ། བདག་མེད་པའི་ཕྱིར་རོ། །ཕུང་པོ་ལྔ་གང་འདིར་འཆི་བ་དེ་ཉིད་ཕྱིས་སྐྱེ་བ་མ་ཡིན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ། ཁ་ཏོན་མར་མེ་མེ་ལོང་དང་། །རྒྱ་དང་བྲག་ཅ་མེ་ཤེལ་དང་། །དེ་ལ་རྟེན་བྱུང་འཕོས་པ་མིན། །ཕུང་པོ་མཁས་པས་ཤེས་པར་
བྱ། །ཞེས་སོ། །གཞན་ཡང་གལ་ཏེ། སྡུག་བསྔལ་གང་གི་ཡིན་པ་དེ་ཉིད་ཀྱིས་དེ་བསྲུང་གི་གཞན་གྱི་མ་ཡིན་ན་དེའི་ཚེ། རྐང་པའི་སྡུག་བསྔལ་ལག་པའི་མ་ཡིན་པས། རྐང་པ་ལ་བྱུང་བའི་གནོད་པ་ལག་པས་ཅི་སྟེ་སྲུང་། གལ་ཏེ་འདི་མི་རིགས་ཀྱང་ལུས་འདི་བདག་ཏུ་བཟུང་བས་རྐང་པ་
བསྲུང་བ་ལ་འཇུག་གོ་ཞེ་ན། འདི་ནི་ལེགས་པ་མ་ཡིན་ཏེ། གང་མི་རིགས་པ་དེ་བཟློག་པར་བྱ་བ་ཡིན། རང་ཡིན་རུང་གཞན་ཡིན་རུང་ནུས་པ་བཞིན་དུའོ། །བདག་མེད་ཀྱང་རྒྱུན་གཅིག་ཡོད། ལག་པ་ལ་སོགས་པ་ཚོགས་པའི་ལུས་བདག་གིས་སྡུག་བསྔལ་ཟློག་པར་བྱེད་པ་ཡོད། །དེས་
ཁྱད་པར་མེད་པ་ཞེས་གཏན་ཚིགས་མ་གྲུབ་པོ། །དང་པོ་ནི་མ་ངེས་པའོ། །སྨྲས་པ། རྒྱུན་ཞེས་མེད་ལ་འོན་ཀྱང་རྒྱུ་འབྲས་ཀྱི་སྐད་ཅིག་གི་རྒྱུན་ཡོད། དེ་ལས་གཞན་མི་དམིགས་པས་སོ། །ཡན་ལག་ཀུན་ལས་ཚོགས་པ་ཡང་མེད་དེ། མི་དམིགས་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་རྒྱུན་ནི་ཕྲེང་
Vol. 106 · folio 249b
བ་བཞིན་ནོ། །ཚོགས་པ་ནི་དམག་བཞིན་ནོ། །སོགས་པའི་སྒྲས་ཕྲེང་བ་དང་ནགས་ལ་སོགས་པའོ། །གྲོག་མོ་ལ་སོགས་པ་སྔ་ཕྱི་ཁོ་ན་ཡོད་ཀྱི་དེ་ལས་གཞན་ཕྲེང་བ་མེད་དོ། །རྟ་དང་གླང་པོ་ལ་སོགས་པ་ཁོ་ན་ཡོད་ཀྱི་དེ་ལས་གཞན་དམག་མེད་དོ། །དེ་བས་ན་བརྫུན་ཡིན་ནོ། །
དེ་ལྟར་མེད་དེ་བདག་ལ་སོགས་པ་མེད་པ། དེ་བས་སྡུག་བསྔལ་གང་གི་ཡིན་པ་དེ་མེད་དེ། སུའི་དེ་བདག་གིར་འགྱུར་ཕུང་པོ་ལྔ་ཙམ་ལ་དགོངས་ཏེ། བདག་བཞིན་དང་བདག་ལུས་བཞིན་ཞེས་པའོ། །དེ་བས་སྡུག་བསྔལ་ཐམས་ཅད་རང་དང་གཞན་གྱི་རྒྱུ་ལས་བྱུང་བ། རིག་བྱེད་
མེད་པས་བདག་མེད་པའོ། །ཁྱད་པར་མེད་པས་སྡུག་བསྔལ་ཡིན་པའི་ཕྱིར་བསལ་བར་བྱ། རང་བཞིན་གྱི་དབྱེ་བ་མ་བྱས་པར་རྒྱུ་འཇོམས་པའི་སྒོ་ནས་སྤང་བར་བྱའོ། །དེ་བས་བདག་གི་ཁོ་ན་བསལ་བ་ཡིན་གྱི་གཞན་གྱི་མ་ཡིན་ཞེས་ངེས་པའི་རྒྱུ་ཅི་ཞིག་ཡོད། དེ་བས་སྡུག་བསྔལ་
ཉིད་ཀྱི་ཕྱིར་ཞེས་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །གལ་ཏེ་སྲིད་པ་ལ་སྡུག་བསྔལ་ཅན་མེད་ན་སྡུག་བསྔལ་བསལ་ནས་ཅི་བྱེད། སྙིང་རྗེའི་སྣོད་མེད་པས་ཤེ་ན། མ་ཡིན་ཏེ། རྒྱང་པན་ལ་སོགས་པ་ཐམས་ཅད་རྩོད་པ་འདིར་མེད་པས་སོ། །སྡུག་བསྔལ་ཅན་སུའང་མི་འདོད་དོ། །བདག་
སྡུག་བསྔལ་བ་ཡིན་ནོ་ཞེས་འཁྲུལ་པ་ཁོ་ན་ཡོད་དེ། དེ་བསལ་བའི་ཕྱིར་འདིར་བརྩོན་པའོ། །དེ་མི་འདོད་པས་གལ་ཏེ་སྡུག་བསྔལ་བར་གྱུར་ན། ཐམས་ཅད་བསལ་བར་བྱའི། ཡང་ན་མི་སེལ་ན་རང་གི་ཡང་མི་སེལ་ཏེ། གཞན་གྱི་སྡུག་བསྔལ་བཞིན་ནོ། །གལ་
ཏེ་སྙིང་རྗེ་བས་གཞན་གྱི་སྡུག་བསྔལ་གྱིས་ཀྱང་སྡུག་བསྔལ་བར་འགྱུར། དེ་བས་སྡུག་བསྔལ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་འབད་པ་ན་དེའི་ཚེ་བཙན་ཐབས་སུ་ཅི་སྟེ་སྙིང་རྗེ་བསྐྱེད་ཅེ་ན། སྨྲས་པ། འགྲོ་བའི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བལྟས་ནས། སྙིང་རྗེའི་སྡུག་བསྔལ་ཅི་སྟེ་
མང་། དེ་ནམ་མཁའ་དང་མཉམ་པ་དང་ཐོག་མཐའ་མེད་པའི་ཕྱིར་རོ། །མང་པོ་ཞིག་གི་སྡུག་བསྔལ་གལ་ཏེ་གཅིག་གི་སྡུག་བསྔལ་གྱིས་མེད་པར་འགྲོ་ན། དེ་ལྟ་བུའི་སྡུག་བསྔལ་བསྐྱེད་པར་བྱ་བ་ཡིན་གྱི། རང་དང་གཞན་ལ་སྙིང་རྗེ་ཅན་གྱིས་སོ། །འདི་དག་མདོ་ལས་མ་བྱུང་སྙམ་པའི་རྟོག་
Vol. 106 · folio 250a
པ་བསལ་བའི་ཕྱིར་བཤད་དེ། དེས་ན་ཞེས་བྱ་བ་ལ་སོགས་པའོ། །དེ་བས་ན་མེ་ཏོག་ཟླ་མཛེས་ཞེས་བྱ་བའི་བྱང་ཆུབ་སེམས་དཔས། རང་དང་རྒྱལ་པོ་ལ་གནོད་པ་ཤེས་ཀྱང་། རང་གི་སྡུག་བསྔལ་མ་བསལ། བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ནས།
རྒྱལ་པོ་ལ་དམྱལ་བའི་སྡུག་བསྔལ་བྱུང་བས་སོ། །དེ་ཅི་སྟེ་ཞེ་ན། སྡུག་བསྔལ་ཅན་མང་པོ་གཅིག་གི་སྡུག་བསྔལ་གྱིས་སྡུག་བསྔལ་ཟད་པའི་ཕྱིར་རོ། །རྒྱལ་པོའི་དམྱལ་བ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་མཐོང་ནས་དེ་དག་ལ་ཡང་དག་པའི་ལྟ་བ་བྱུང་ནས། དམྱལ་བ་ལ་
སོགས་པའི་སྡུག་བསྔལ་མ་བྱུང་བས་སོ། །འདི་ལྟར་འདས་པའི་དུས་སུ་རིན་ཆེན་པདྨ་ཟླ་བའི་རྣམ་པར་དག་པ་ལས་བྱུང་བའི་རྒྱལ་པོ་ཞེས་དེ་བཞིན་གཤེགས་པ་བྱོན་ཏེ། དེས་ཡུན་རིང་པོ་སངས་རྒྱས་ཀྱི་ཕྲིན་ལས་མཛད་ནས། མྱ་ངན་ལས་འདས་ནས་དེའི་བསྟན་པ་ནུབ་པའི་དུས་སུ། དཔའ་
སྦྱིན་ཞེས་པའི་རྒྱལ་པོ་བྱུང་དེའི་ཕོ་བྲང་རིན་ཆེན་ལྡན་ཏེ་དེར་གནས་པ་ཐམས་ཅད་ལྟ་བ་ལོག་པ་སྟེ། དེ་དག་རྗེས་སུ་བཟུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་མང་པོ་བྱོན་རབ་ཏུ་བྱུང་། དེ་དག་གི་བླ་མ་མེ་ཏོག་ཟླ་མཛེས་དེ་ཕོ་བྲང་དུ་གནས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཕྲད་པ་ཀུན་དུ་
བཟང་པོ་ཞེས་བྱ་བའི་ནགས་ལ་གནས། དེ་ལ་མེ་ཏོག་ཟླ་མཛེས་དབེན་པར་གནས་པ་ལ་སེམས་ཅན་དེ་དག་ལ་སྙིང་རྗེས་བསམ་པ་འདི་ལྟར་བྱུང་། བདག་གྲོང་ཁྱེར་དང་གྲོང་རྡལ་དང་། ཕོ་བྲང་དུ་ཕྱིན་ལ་སེམས་ཅན་རྣམས་དགེ་བའི་ལམ་ལ་གནས་པར་བྱའོ་ཞེས་ཚངས་པ་མཚུངས་པར་སྤྱོད་
པ་རྣམས་ལ་ཡང་གསུངས་སོ། །དེ་དག་གིས་བཀག་ཀྱང་རང་ངམ་རྒྱལ་པོ་ལ་གནོད་པར་ཤེས་བཞིན་དུ་ནགས་ལས་བབས་ཏེ། ཆོས་འཆད་ཅིང་ཕོ་བྲང་དུ་སླེབ། རྒྱལ་པོ་དང་བློན་པོ་ལ་སོགས་པ་མང་པོ་བཏུལ་ནས་ལམ་གྱི་བདེན་པ་ལ་གནས་པར་བྱས་ཤིང་། རྒྱལ་པོའི་ལམ་ན་སྟོང་གིས་
ཡོངས་སུ་བསྐོར་བ། བཙུན་མོ་སྟོང་ཕྲག་བརྒྱད་ཅུ་དང་བཅས་པ། ནགས་ཚལ་དུ་འགྲོ་བ་ན་རྒྱལ་པོས་མཐོང་སྐྱེ་བོ་ཐམས་ཅད་དང་བཙུན་མོ་རྣམས་དེ་ལ་མོས་པར་མཐོང་ནས། ཁྲོས་ཏེ་ཕྲག་དོག་གིས་དེ་བསད་པའི་ཕྱིར། བུ་རྣམས་ལ་བཀའ་སྩལ་ཏོ། །དེ་དག་དེ་གསོད་པ་ལ་མི་
Vol. 106 · folio 250b
དགའ་བར་ཤེས་ནས། འཁོར་སྟོང་དང་ལྡན་པའི་གཤེད་མ་ནནྡི་ཞེས་བྱ་བ་འོང་བར་མཐོང་ནས་བཀའ་སྩལ་པ། དེའི་ཚེ་རླུང་གིས་བསྐྱོད་པའི་རྡུལ་བྱང་ཆུབ་སེམས་དཔའི་སྤྱན་ལ་ཕོག །སྤྱན་གྱི་རྣམ་འགྱུར་ཤེས་ནས་བདག་གི་བཙུན་མོ་རྣམས་ལ་ཆགས་ཤིང་འདི་ལྟ་བར་འདུག །མཚན་
དང་དཔེ་བྱད་དང་ལྡན་པས་བདག་པས་ཀྱང་འདི་གཟུགས་བཟང་། དེ་བས་སྐམ་པས་འདིའི་མིག་ཕྱུང་ཤིག །དུམ་བུ་བརྒྱ་རུ་གཏུབས་ཤིག་ཅེས་སྨྲས་ནས་རྒྱལ་པོ་ནགས་ཚལ་དུ་སོང་། ནནྡི་ཀས་རྣ་བ་གཉིས་དང་། སྣ་དང་། མིག་དང་། ལག་པ་དང་། རྐང་པ་ལ་སོགས་པ་བཅད་
པས། དེ་དང་དེ་ལས་འོད་ཟེར་སྣ་ཚོགས་པ་བྱུང་སྟེ། ཁམས་གསུམ་དུ་བསྐོར་ནས་སླར་དེ་ཉིད་དུ་ཞུགས་པར་གྱུར་ཏོ། །དེ་ལྟར་འོ་མའི་རྒྱུན་སྟོང་ཕྲག་དུ་མ་དེ་དང་དེ་ནས་བབ་པོ། །འཁོར་ལོ་ལ་སོགས་པ་ཡང་འཕྲོས་ཏེ་ལུས་ལ་ཞུགས་སོ། །ཤི་ནས་ཞག་བདུན་ལོན་པའི་ཚེ། རྒྱལ་པོ་
ལོག་སྟེ་འོངས་ཀྱང་རྣམ་འགྱུར་མེད་པ་འོད་ཟེར་འཕྲོ་བ་དེ་མཐོང་ནས་དེའི་རྫུ་འཕྲུལ་འཇིག་རྟེན་པ་ལས་ཐོས་ཏེ། འདི་ནི་ངེས་པར་བྱང་ཆུབ་སེམས་དཔའ་ཡིན། བདག་རྨོངས་པ་ཕྱུགས་དང་འདྲ་བས་རྒྱལ་སྲིད་ལ་ཆགས་པས་གནོད་པ་མི་བྱེད་པ། རྒྱུ་མཚན་མེད་པར་བརྩེ་བ་ལ་གནོད་པ་བྱས་ནས་
མནར་མེད་ཀྱི་སྡུག་བསྔལ་བསགས་པ་ཅི། གནས་གཙང་མའི་ལྷ་རྣམས་ཀྱིས་ཀྱང་། དེའི་ཡོན་ཏན་དང་དེ་ལ་གནོད་པ་བྱས་པའི་སྐྱོན་རྣམས་བཤད་པས་ངུ་། སྡིག་པ་བཤགས་པ་བྱས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱས། སྐྱོ་བ་ཆེན་པོ་བསྐྱེད་ནས། ཕྲེང་བ་དང་། ན་བཟའ་
དང་། ཙནྡན་ག་པུར་ལ་སོགས་པས་དེའི་སྐུ་བསྲེགས་ནས། མཆོད་རྟེན་བརྩིགས་ཏེ། རབ་གནས་བྱས་ལ་ཇི་སྲིད་འཚོའི་བར་དུ་ཐུན་གསུམ་དུ་སྡིག་པ་བཤགས་པ་ལ་སོགས་པ་དང་། མཆོད་པ་ནུས་པ་བཞིན་དུ་བྱས་སོ། །སྐྱེ་བོ་ཐམས་ཅད་ཀྱང་སྡིག་པ་ལས་ལོག་ཅིང་། ཡང་དག་
པའི་ལྟ་བ་དང་ལྡན་པར་གྱུར་ཏོ། །རྒྱལ་པོ་ཤི་ནས་མནར་མེད་དུ་སྐྱེས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ། དེའི་དུས་སུ་དཔའ་སྦྱིན་ཞེས་པའི་རྒྱལ་པོ་བདག་ཡིན་ནོ་ཞེས་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་མང་དུ་བཤད་དོ། །གཞན་གྱི་སྡུག་བསྔལ་
Vol. 106 · folio 251a
གྱིས་སྡུག་བསྔལ་ཅན་རྣམས་ལ་སྡུག་བསྔལ་མང་པོའང་མི་གནོད་པར་བཤད་དེ། དེ་ལྟར་བདག་གཞན་མཉམ་པར་རང་གི་རྒྱུད་གོམས་པར་རང་གི་དགའ་བ་དེ་ཡང་གཞན་གྱི་དུཿཁ་དང་མཉམ། སྡུག་བསྔལ་ཁོ་ནར་འགྱུར། གཞན་གྱི་སྡུག་བསྔལ་ཞི་བ་དགའ་
བ་དེ་ལྟ་བུ་མནར་མེད་པར་ཡང་དམྱལ་བའི་སེམས་ཅན་གདོན་པའི་ཕྱིར་ངང་པས་པདྨའི་མཚོ་བཞིན་དུ་སྡུག་བསྔལ་བདེ་བ་ཁོ་ནར་དགོངས་ལ་འཇུག་པར་འགྱུར་རོ། །དེ་ལྟ་བུ་སྡུག་བསྔལ་གཞན་གང་གིས་སྡུག་པར་འགྱུར། གཞན་གྱི་བདེ་བས་ཐུན་མོང་མ་ཡིན་པའི་བདེ་བ་དེ་དག་ལ་
ཡང་འབྱུང་བར་བཤད་དེ། དམྱལ་བ་ལ་སོགས་པ་ལས་སེམས་ཅན་གྲོལ་བ་ན་གང་ལ་དགའ་བའི་རྒྱ་མཚོ་སྐྱེ་བ་དེ་ཉིད་ཀྱིས་ཆོག །བདེ་བ་གཞན་འོག་ཏུ་བཅུག་གོ། །འོ་ན་གྲོལ་བའི་བདེ་བ་ལྷག་ཡོད་ཅེ་ན། སྨྲས་པ། ཉན་ཐོས་ལ་སོགས་པའི་ཐར་པས་སེམས་ཅན་གྱི་དོན་ལ་མི་
དགའ་བས་ཅི་བྱ། སངས་རྒྱས་ཉིད་ཞར་ལ་འབྱུང་བར་འདོད་པས་སོ། །གང་གི་ཕྱིར་ཐར་པ་ལ་ཡང་འདོད་པ་མེད་པ་དེ་བས་གཞན་དོན་བྱས་པ་ལ། རློམ་སེམས་ཀྱང་མེད་ལ་བྱེད་པ་དཀའ་བས་ངོ་མཚར་བའང་མེད་དེ། བྱས་པའི་ལས་ཀྱི་འབྲས་བུ་ལ་རེ་བ་མེད་དེ། ལས་གཞན་དོན་
ལ་མཐའ་གཅིག་ཏུ་སྲེད་པས་སོ། །ཉེ་བར་བསྡུས་ཤིང་བཤད་དེ། དེ་བས་ན་རང་གཞན་ལ་ཁྱད་མེད་པས། ཇི་ལྟར་གནོད་པ་དང་མྱ་ངན་དང་སོགས་པའི་སྒྲས་གྲགས་པ་མ་ཡིན་པ་ལས་བདག་བསྲུང་བ་ལྟར། དེ་ལྟར་གཞན་དག་ལ་ཡང་བསྲུང་བ་དང་སྙིང་རྗེ་བྱའོ། །སེམས་གཟུང་
བས་བསྲུང་བའི་ནུས་པ་མེད་ཀྱང་སེམས་བསྐྱེད་པའི་དོན་དུའོ། །བདག་དང་གཞན་མཉམ་པར་བསྒོམས་ནས། བདག་དང་གཞན་བརྗེ་བ་དེ་བས་ཀྱང་དཀའ་བ་དཔེའི་སྒོ་ནས་བཤད་དེ། བར་དོ་ལས་མའི་མངལ་དུ་འཇུག་པ་ན་ཕ་དང་མའི་ས་བོན་དང་ཁྲག་གི་ཐིག་ལེ་རིམ་པས་ནུར་ནུར་པོ་དང་།
མེར་མེར་པོ་ལུས་པོའི་བར་དུ་ཐོབ་ནས་དེ་ལ་བདག་ཏུ་གཟུང་བས་དེའི་ཡུལ་བདག་མེད་ཀྱང་བདག་ཏུ་འཛིན་པ་འབྱུང་། དེ་བཞིན་གཞན་གྱི་ལུས་པོ་ཡང་བདག་ཏུ་བྱས་ནས་ཅི་སྟེ་མི་བསྒོམ། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཀྱི་ནི་ཡིད་རྣམས་སྦྱར། །དེ་དང་དེ་ཡི་ངོ་བོར་འགྱུར། །
Vol. 106 · folio 251b
སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །ཞེས་གསུངས་པས་སོ། །རང་གི་ལུས་གཞན་གྱི་ཡིན་པར་གྲུབ་པ་ཁོ་ན་སྟེ། ཕ་མའི་འབྲེལ་པ་ཅན་ཡིན་པས་བདག་གཞན་གཞན་བདག་ཏུ་བསྒོམ་པར་བྱའོ། །དེས་སྐྱོན་སྤང་བ་དང་ཡོན་ཏན་བླང་བའི་དགོས་པ་བཤད་དོ། །འོ་ན་གཞན་ལ་མཐར་ཐུག་མེད་
ལ་བདག་ནི་གཅིག་པུ་ཡིན་པས། ཇི་ལྟར་དེ་བདག་ཏུ་བསྒོམ་ཞེ་ན། སྨྲས་པ། གཅིག་ཏུ་ལྷག་པར་ངེས་པའི་ལུས་ཀྱི་ཡན་ལག་ཉིད་དུ། ཇི་ལྟར་ལག་པ་ལ་སོགས་པ་དུ་མ་ཡིན་ཀྱང་འདོད་པ། དེ་བཞིན་དུ་འགྲོ་བ་མཐའ་དག་ངའི་བདག་ཡིན་ཞེས་ལྷག་པར་མོས་ནས། དེའི་ཡན་ལག་སྐྱེ་བོ་
རྣམས་ཡིན་ཞེས་ཅི་སྟེ་མི་འདོད། འོ་ན་ལག་པ་ལ་སོགས་དབྱེ་བ་ཡིས། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན། སླར་བསྐྱར་བ་ཅི། དེ་ནི་བདེན་ཏེ། སྔར་བདག་གཞན་མཉམ་པའི་དཔེ་ཡིན་གྱི་འདིར་ནི་བདག་གཞན་བརྗེ་བ་སྟེ། དོན་གཞན་ལ་བརྟེན་པས་སྐྱོན་མེད་དོ། །གཉིས་ཀྱིས་ཁྱད་
པར་བཤད་དེ། རང་གི་ལུས་འདི་ལ་བདག་མེད་ཀྱང་གོམས་པས་བདག་གི་བློ་སྐྱེ་བ་ལྟར་གཞན་དག་ལ་ཡང་བདག་གི་བློ་གོམས་པས་ཅི་སྟེ་མི་སྲིད། སྲིད་ཀྱང་ཅི་ཞེ་ན། སྨྲས་པ། དེ་ལྟར་བདག་ཏུ་བརྟགས་པས་གཞན་དོན་བྱས་ཀྱང་བདག་གིས་འདི་ལ་ཕན་བཏགས་ཞེས་རློམ་སེམས་མི་སྐྱེ།
མང་བ་ཡིན་པས་ངོ་མཚར་ཡང་མི་སྐྱེ་དཔེ་བཤད་དེ། ཇི་ལྟར་བདག་ཉིད་ཟན་ཟ་རུ་བཅུག་ནས། འཇིག་རྟེན་ཕྱི་མ་ལ་འབྲས་བུ་ལ་རེ་བ་མེད་པ་བཞིན། བདག་གཞན་བརྗེ་བ་ལ་ཡང་སྟེ། འབྲས་བུ་ཡང་གཏང་བས་སོ། །དེ་ལྟར་མི་ནུས་པའི་སྐྱོན་སྤངས་ཏེ། ལོག་པར་གོམས་པ་ལ་སེམས་
སྦྱར་བར་བཤད་དེ། གནོད་པ་དང་མྱ་ངན་དང་སོགས་པའི་སྒྲས་སྡུག་བསྔལ་གཞན་ལས་བདག་བསྲུང་བ་ལྟར། འགྲོ་བ་ལ་ཡང་བསྲུང་བ་དང་སྙིང་རྗེ་བསྒོམ་པར་བྱའོ། །དཔེ་བཤད་དེ་དེ་བས་ན་འཕགས་པ་སྤྱན་རས་གཟིགས་རང་གི་མཚན་ཉིད་སྤྱན་རས་གཟིགས་ཞེས་བྱ་བ། བྱིན་གྱིས་བརླབས་པ་
གང་ཞིག་སྙིང་རླུང་ཅན་ཡིན་ཀྱང་བདག་གི་མིང་བརྗོད་པ་དེའི་སྡུག་བསྔལ་དང་། ཐ་མར་ཚོགས་པའི་ནང་དུ་སྤོབས་པ་མེད་པའི་འཇིགས་པ་བསལ་བར་བྱ་བའི་ཕྱིར་ཏེ། དགོངས་པ་འདི་ཡིན་ཏེ། བདག་བདག་མ་ཡིན་གྱི་འོན་ཀྱང་འཕགས་པ་སྤྱན་རས་གཟིགས་ཞེས་གང་གིས་དྲན་པ་དེ་ཁོ་ན་བདག་ཡིན།
Vol. 106 · folio 252a
བདག་གིས་དེ་བསྲུང་བར་བྱའོ། །དེས་གསུངས་པ། གང་གིས་རྒུད་ཚེ་བདག་དྲན་ན། །དེ་ཡི་རྒུད་པ་བདག་གིས་བཟློག །རང་གི་ཐོག་མའི་སྨོན་ལམ་འདི། །བདག་ལ་འང་འབྲས་བུ་ལྡན་པར་མཛོད། །ཅེས་སོ། །གཞན་ཡང་བྱེད་པ་དཀའ་བར་སྣང་བ་ཡང་མ་
གོམས་པས་ཏེ། གང་གི་ཕྱིར་གོམས་པས་ནུས་པ་ཐོབ་ན་གང་ཡང་བྱེད་པར་དཀའ་བ་ལས་མི་ལྡོག་གང་གི་ཕྱིར་ལག་པ་ལ་སོགས་པ་སྟེར་བ་ཐོས་ནས་སྔོན་དུ་གང་སྐྲག་པར་འགྱུར། དེ་ཉིད་གོམས་པས་ད་ནི་དེ་མེད་ན་མི་དགར་འགྱུར། དེ་བས་མང་པོ་སྨྲ་མི་དགོས་བདག་དང་གཞན་མྱུར་དུ་སྐྱོབ་
པར་འདོད་པ་གང་ཡིན་པ་དེས་བདག་དང་གཞན་བརྗེ་བ་བསྒོམ་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། དེའི་རིགས་མ་ཡིན་པ་ལས་གསང་བར་བྱ་བ་ཡིན་ཏེ། གཞན་དུ་ན་འདི་ལ་མ་དད་པས་ངན་སོང་དུ་འགྲོ་བ་སྲིད་དོ། །བདག་ཉིད་སྐྱོན་བཅས་ཞེས་བྱ་བ་ལ་སོགས་པ་གང་བཤད་པ་དེས་བདག་གཞན་གྱི་སྐྱོན་
དང་ཡོན་ཏན་བཤད་དེ། བདག་ཅེས་བྱ་བ་ལ་སོགས་པའོ། །བདག་ཏུ་འཛིན་པ་གང་ལས་འཇིགས་པ་ཆུང་བ་གྲིབ་མ་ལ་ཡི་དགས་སུ་རྟོགས་པ་ལས་ཀྱང་འཇིགས་པར་འགྱུར། སེམས་པ་དང་ལྡན་པ་གང་ཞིག་བདག་དེ་ལ་ཁོང་མི་ཁྲོ། དགྲ་བཞིན་དུ་འཇིགས་པའི་རྒྱུ་ཡིན་ནོ། །བདག་འཛིན་
མེད་ན་འཇིགས་པ་མེད་དེ། དཔེར་ན་རོ་བཞིན་ནོ། །བཀྲེས་སྐོམ་དང་ནད་བསལ་བར་བྱ་བའི་ཕྱིར། བྱ་ལ་སོགས་པ་གསོད་པ་དང་ལམ་མ་ཡིན་པ་ལ་འགྲོ་བ་སུ་དེ་འདོད་ཅེས་པ་དང་སྦྱར་རོ། །གང་ཞིག་རྙེད་པ་ལ་སོགས་པའི་དོན་དུ། འདི་བདག་གསོན་ན་བདག་ལ་རྙེད་པ་མི་འོང་བས་
ཕ་མ་ཡང་གསོད་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་གྱི་ནོར་ཡང་འཕྲོག །སྡིག་པ་གང་གིས་མནར་མེད་ཀྱི་མེའི་བུད་ཤིང་དུ་འགྱུར་རོ། །བློ་དང་ལྡན་པ་གང་ཞིག་ཉེས་པའི་འབྱུང་གནས་བདག་དེ་འདོད། །དེ་ལ་བརྩེ་བ་བྱེད་པ་བསྲུང་བ་ལྷ་ལྟར་མཆོད། །སྡུག་བསྔལ་
ཐམས་ཅད་ཀྱི་རྒྱུ་ཡིན་པས་དགྲ་བཞིན་མི་ལྟ། བརྙས་པའི་ཡུལ་ལ་ཕུ་དུད་བྱེད། རང་བཞིན་གྱི་དོན་ལ་ཆགས་པའི་སྐྱོན་དང་ཡོན་ཏན་བཤད་དེ། གལ་ཏེ་སློང་བ་ལ་སྟེར་ན་དེའི་ཚེ་བདག་ཅི་ཟ་འདི་ལྟར་རང་དོན་ལ་ཆགས་པ་དེ་སེར་སྣས་ཤ་ཟར་འགྱུར་རོ། །གལ་ཏེ་བདག་ཉིད་ཀྱིས་ཟན་
Vol. 106 · folio 252b
དེའི་མཆོད་པར་བྱ་བ་དང་རྗེས་སུ་གཟུང་བར་བྱ་བ་ལ་ཅི་སྟེར་ཞེས་གཞན་དོན་ལ་འབད་ན་ལྷའི་དབང་པོར་འགྱུར་རོ། །རང་གི་ཆེད་དུ་གཞན་ལ་གནོད་པ་བྱས་ན་དམྱལ་བ་ལ་སོགས་པའོ། །གཞན་དོན་དུ་བདག་ངལ་བར་བྱས་ན་ཕུན་སུམ་ཚོགས་པ་ཀུན་འབྱུང་ངོ་། །བསམས་པ་ཙམ་
གྱིས་བདག་མཐོ་བར་འདོད། གང་གིས་ངན་སོང་དང་། རིགས་ངན་པར་སྐྱེ་བ་དང་། གླེན་པར་འགྱུར་བ་དེ་ཉིད་གཞན་ལ་སྤོ་བར་བྱས། དེ་མཐོ་བར་བྱས་ན་བདེ་འགྲོ་དང་། རིམ་གྲོ་དང་བཅས་པ་ཉིད་ཐོབ་པར་འགྱུར་རོ། །མཐོ་བར་འདོད་པ་ནི་རིག་པའམ་ནོར་རམ་གཟུགས་
ལ་སོགས་པས་ང་རྒྱལ་ལོ། །རང་དོན་དུ་བཙན་ཐབས་སུ་གཞན་བཀོལ་ན་བྲན་ལ་སོགས་པར་འགྱུར་རོ། །རང་ཉིད་ཀྱིས་གཞན་དོན་བྱས་ན་རྗེ་དཔོན་དང་སོགས་པའི་སྒྲས་སྐྱེ་བ་ཕྱི་མར་རིགས་མཐོ་བ་ལ་སོགས་པའོ། །ཉེ་བར་བསྡུས་ཏེ་བཤད་འཇིག་རྟེན་དུ་སྡུག་བསྔལ་དང་ལྡན་པ་
ཇི་སྙེད་པ་དེ་དག་གི་བདེ་བ་ཞེན་པས་སོ། །བདེ་བ་ལྡན་པ་རྣམས་ནི་གཞན་བདེ་བར་སྨོན་པ་སྟེ། སེམས་ཅན་རྣམས་རང་བཞིན་གྱིས་དག་པ་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པས་སོ། །དཔེ་བཤད་དེ། མང་པོ་བཤད་ཅི་དགོས་རང་དོན་ལ་ཆགས་པ་སོ་སོ་སྐྱེ་བོ་དང་། གཞན་དོན་
འབའ་ཞིག་མཛད་པ་ཤཱཀྱ་ཐུབ་པའི་ཁྱད་པར་ངེས་ལ་བདག་གཞན་བརྗེ་བ་ལ་འབད་པར་བྱའོ། །གང་སངས་རྒྱ་བར་མི་འདོད་ཅིང་སྲིད་པའི་བདེ་བ་ལ་ཆགས་པ། དེས་ཀྱང་རང་གི་བདེ་བས་གཞན་གྱི་སྡུག་བསྔལ་བརྗེ་བར་མ་བྱས་ན། དེ་ལ་ལྷ་དང་མིའི་བདེ་བ་ག་ལ་ཡོད། སྐྱེ་བ་ཕྱི་མ་ལྟ་
ཞོག་འཇིག་རྟེན་འདིར་མཐོང་བའི་དོན་ཡང་མི་འགྲུབ་ཀྱི། རྗེ་དཔོན་གྱིས་གླ་མི་སྟེར་ན་ལས་མིས་ལས་མ་བྱས་ན་གཉི་གའི་དོན་མི་འགྲུབ་བོ། །ཤེས་བཞིན་དུ་མ་རིག་པས་ལོག་པའི་སྤྱོད་པ་བཤད་དེ། ཕན་ཚུན་དུ་བདེ་བ་སྐྱེད་པ་བོར་ནས་དེ་ཇི་ལྟ་བུ་འཇིག་རྟེན་འདི་དང་། ཕྱི་མར་བདེ་བ་
ཕུན་སུམ་ཚོགས་པའི་རྒྱུ་དེ་བཞག་ནས་དམྱལ་བའི་རྒྱུ་ཕན་ཚུན་དུ་གནོད་པ་བྱས་ནས། སྡུག་བསྔལ་ལེན་ཏེ་རྨོངས་པས་སོ། །ཕྱི་དང་ནང་དུ་གནོད་པ་ཇི་སྲིད་པ་དང་། སྡུག་བསྔལ་དང་འཇིགས་པ་ཇི་སྲིད་པ། དེ་ཐམས་ཅད་བདག་ཏུ་འཛིན་པ་ལས་བྱུང་གི །དེ་བས་བདག་ཏུ་འཛིན་པས་ཅི། །
Vol. 106 · folio 253a
དཔེར་ན་རང་གི་ལག་གིས་དུག་ཟ་བས་སོ། །འོ་ན་བདག་ཏུ་འཛིན་པ་འདི་སེམས་ཅན་ཀུན་ཕྱུགས་དང་བྱ་ལ་ཡང་ཡོད་དེ། མདའ་དང་རྡོ་བ་འཕེན་པ་མཐོང་ནས་འབྲོས་པའི་ཕྱིར་རོ། །བདག་འཛིན་ཤེས་པ་ཡིན་པས་དེའི་ཤེས་བྱ་བདག་ཁོ་ནའོ། །འདི་ལ་བརྗོད་པ་
ཤེས་པ་ནི་རྣམ་པ་གཉིས་ཏེ། རྟོག་བཅས་དང་རྟོག་མེད་དོ། །དེ་ལ་རྟོག་མེད་ནི་ཤེས་བྱ་ལ་དམིགས་ནས་སྐྱེ་བའི་ཕྱིར་དེ་མེད་ན་མི་འབྱུང་ངོ་། །བདག་ཏུ་འཛིན་པ་ནི་རྟོག་པ་ཡིན་ཏེ། ཡུལ་མེད་ཀྱང་འབྱུང་། གཞན་དུ་ན་བདག་རྒྱལ་པོ་ཡིན་ཞེས་བརྟགས་པས་རྒྱལ་པོར་འགྱུར་རོ། །དེ་
བས། བདག་ཏུ་འཛིན་པ་མ་སྤངས་ན། །སྡུག་བསྔལ་སྤོང་བར་མི་ནུས་སོ། །དཔེར་ན་མེ་མ་སྤངས་ན་དེའི་དྲོད་སྤོང་མི་ནུས་སོ། །ཉེ་བར་བསྡུས་ཤིང་བཤད་དེ། དེ་བས་རང་དང་གཞན་གྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་བདག་གིས་ལུས་བདག་ཏུ་འཛིན་པའི་རྟེན་
འབུལ་ལོ། །དེས་བདག་འཛིན་བཟློག །བསོད་ནམས་ཀྱི་ཚོགས་འབྱུང་། དུས་ཐོག་མ་མེད་པ་ནས་སེམས་ཅན་ལ་གནོད་པ་བྱས་པའི་སྡིག་པའང་ཟད་དོ། །གཞན་དག་བདག་བཞིན་དུ་གཟུང་བར་བྱའོ། །ལུས་ཕུལ་གནས་རང་གི་སེམས་ལ་གཅེས་པའི་བུ་བཞིན་དུ་བསླབ་པར་བྱའོ། །ཀྱེ་ཡིད་
གཞན་ལ་གཞན་ལ་ལ་ཕུལ་བདག་གཞན་གྱི་ཡིན་ཞེས་མཉེས་པར་གྱིས་ཤིག །དེ་བས་དེ་རིང་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ཁོ་ན་ཁྱོད་ཀྱིས་བསམ་པར་བྱའི། གཞན་མ་ཡིན་ཏེ། བདག་ལ་ཆགས་པས་མི་དགེ་བ་མ་ཡིན་ནོ། །རང་དགའ་བའི་ཕྱིར་ཅི་འང་བལྟ་བར་
མི་བྱ་སྟེ། གང་གི་ཕྱིར་ཡིད་དུ་འོང་བའི་ཡུལ་ལ་རྗེས་སུ་ཆགས་པ་དང་། ཡིད་དུ་མི་འོང་བ་ལ་ཁོང་ཁྲོ་བར་འགྱུར་རོ། །སུས་མི་ལྟ་ཞེ་ན། དེ་དག་གི་སྟེ་དེ་དག་ལ་བྱིན་པའི་ཕྱིར་རོ། །སོགས་པའི་སྒྲས་རྣ་བ་ལ་སོགས་པས་སྒྲ་ལ་སོགས་སོ། །རང་གི་དོན་དུ་ལག་པ་ལ་སོགས་པའི་གཡོ་བ་ཡང་མི་
རིགས་ཏེ། གང་ལ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། འདོད་པ་ལོག་པར་གཡེམ་པ་འབྱུང་བར་འགྱུར་རོ། །གཞན་གྱི་དབང་དུ་གྱུར་པ་དེས་ན་གཞན་གྱི་དོན་དུ་ཉེ་བར་འགྱུར་བ་ལ། རང་གི་ལུས་ལས་གང་གང་མཐོང་བ་དེ་དང་དེ་བླངས་ཤིང་གཞན་དག་ལ་བྱིན། དེས་དངོས་པོ་ལ་སྲེད་པ་དང་
Vol. 106 · folio 253b
རློམ་སེམས་མེད་པར་འགྱུར་རོ། །སྙིང་རྗེ་གཞན་དོན་ལྟ་ཅི་སྨོས། དེ་ལྟར་གོམས་པས་སྐྱོན་ཐམས་ཅད་ཟད་པ་དང་། ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར་རོ། །དེ་ཕྱིར་འགྲོ་བའི་གཉེན་གྱི་ནི། །ཐབས་དང་སྙིང་རྗེ་མཆོག་ཏུ་འགྱུར། །ཞེས་གསུངས་སོ། །ད་ནི་དམན་པའི་སེམས་
ཅན་ལ་སོགས་པ་ལ། རློམ་སེམས་ལ་སོགས་པའི་རྙོག་མ་སྤང་བའི་ཕྱིར་བཤད་དེ། དམན་པ་ལ་རློམ་སེམས་དང་། མཉམ་པ་ལ་འགྲན་པ་དང་། མཆོག་ལ་ཕྲག་དོག་བྱིས་པ་རྣམས་ལ་སྐྱེ་སྟེ། རློམ་སེམས་ལ་སོགས་པ་དེ་ཉོན་མོངས་པའི་ཕྱོགས་ཡིན་ཀྱང་། གཞན་དང་བདག་
བརྗེ་བ་རྣམ་པར་བྱང་བའི་རྒྱུར་འགྲོ་སྟེ། དེ་བས་འཆད་པར་འགྱུར་བའི་རིགས་པས། རྣམ་རྟོག་མེད་པ་ནི་ཐེ་ཚོམ་མེད་པས་སོ། །ཐེ་ཚོམ་མེད་པ་སྒོམས་ཤིག །ཕྲག་དོག་ལ་སོགས་པ་ཁོ་ན་བསྒོམ་པར་བཤད་དེ། འདི་ནི་ཞེས་བྱ་བ་ལ་སོགས་པའོ། །ཚུལ་ཁྲིམས་ལ་
སོགས་པས་བདག་མཆོག་ཏུ་གྱུར་པ་དང་། གཞན་དེ་དང་བྲལ་བས་དམན་པར་མཐོང་ན་རང་ལ་ཕྲག་དོག་བསྒོམས་ཏེ། འདི་ནི་ཞེས་བྱ་བས་བདག་གཞན་དུ་གྱུར་པར་བསྟན་ཏོ། །བདག་ཅེས་བྱ་བས་གཞན་བདག་ཏུ་གྱུར་པ་བསྟན་ཏོ། །དེ་ལྟར་འཆད་པར་འགྱུར་བ་ལ་ཡང་ངོ་། །
ལས་ནི་ཁུར་ཁུར་བ་ལ་སོགས་པའོ། །སེམས་ཁྲལ་མེད་པས་ལེགས་པར་གནས། ཆེ་བ་ནི་གོམས་པ་དང་འབད་པས་བསྒྲུབས་ཏེ། བདག་ལའང་སྲིད། གོང་མ་ལ་ལྟོས་ནས་ཁྱེད་ཀྱང་དམན་ནོ། །ཁྱེད་ཡོན་ཏན་དང་ལྡན་ལ་ཡོན་ཏན་མེད་པས་ཅི་བྱེད། འདིར་ཡོན་ཏན་གྱི་ཆ་ཤས་
མེད་པར་ཡང་མ་གྲུབ་སྟེ། གང་གི་ཕྱིར་ཡོན་ཏན་གང་ཡང་མེད་པའི་སེམས་ཅན་མེད། འོན་ཀྱང་མཐོ་དམན་ལྟོས་པ་ཅན་ཡིན། གང་གི་ཕྱིར་གང་འདི་དམན་པ་དང་དེའང་ཡོད་ལ། བདག་པས་ཀྱང་དམན་པ་ཡོད་དེ། གང་ལ་བདག་མཆོག་ཡིན་ནོ་ཞེས་ཕྲག་དོག་དང་བཅས་པའོ། །
ཚུལ་ལ་སོགས་པ་ཁྱོད་ལ་མེད་ཅེ་ན། ཚུལ་ཁྲིམས་འཆལ་པ་དང་། ལྟ་བ་ལོག་པ་དང་སོགས་པའི་སྒྲས་སྤྱོད་པ་ལོག་པ་སྟེ། འདི་ཐམས་ཅད་ཉོན་མོངས་པའི་མཐུས་འབྱུང་གི །བདག་གི་འདོད་པས་མ་ཡིན། ཁྱོད་སྙིང་རྗེ་ཅན་ཡིན་ན་ནུས་པ་བཞིན་དུ་བདག་གསོ་དགོས། ཟུག་
Vol. 106 · folio 254a
རྔུ་འང་བདག་གིས་དང་དུ་བླང་། འོན་ཏེ་མི་འགྲིབ་པའི་རིགས་པས་གསོ་བར་བྱ་བ་མ་ཡིན། བདག་མཐོ་འདི་དམན་བྱས་ཏེ་ཅིའི་ཕྱིར་བདག་ལ་བརྙས་པ་བྱེད། གལ་ཏེ་གསོ་མི་ནུས་ཀྱང་ཡོན་ཏན་གཞན་གྱིས་ཁྱོད་ལ་ལྷག་པས་ཤེ་ན། སྨྲས་པ། དེའི་ཡོན་ཏན་
གྱིས་བདག་ལ་ཅི། རང་གི་དོན་དུ་ཁོ་ཡོན་ཏན་ཅན་ཡིན་པས་སོ། །སྙིང་རྗེ་གཞན་དོན་ཡིན་ཏེ་དེ་ཁོ་ལ་མེད་པར་བཤད་དེ། གང་གི་ཕྱིར་མི་དགེ་བ་བྱས་པས་ངན་སོང་ཁོ་ན་དུག་སྦྲུལ་ཏེ། དེའི་ཁ་ལ་གནས་པའི་སྐྱེ་བོ་ལ་འདི་སྙིང་རྗེ་མེད་པས་སོ། །དེར་ཡང་མ་ཟད་ཡོན་ཏན་གྱི་
རློམ་པས་མཁས་པ་རྣམས་ལས་རྒྱལ་བར་འདོད་དོ། །མཆོག་ལ་ཕྲག་དོག་བཤད་ནས་མཉམ་པ་ལ་འགྲན་པ་བཤད་དེ། གཞན་ཡང་ཡོན་ཏན་ལ་སོགས་པས་བདག་མཉམ་པར་ཤེས་ནས། གཞན་པས་ལྷག་པར་བྱ་བའི་ཕྱིར། ཡོན་ཏན་འཕེལ་བ་ལ་འབད་པར་གྱིས། རྙེད་པ་
ལ་སོགས་པས་ལྷག་ན་འདི་ལ་ཕྲོགས་ཏེ་ཁྱེར་ཅིག །མི་སྟེར་ན་འཐབ་མོ་བྱས་ནས་ཀྱང་བདག་ལ་རྙེད་པ་དང་བཀུར་སྟི་བསྒྲུབ་པར་བྱའོ། །དགེ་བའི་མཆོག་སྦ་བར་ཤུགས་ཀྱིས་བསྟན་ཏེ། བདག་གིས་དེ་ལྟར་བརྩམ་པར་བྱའི་ཇི་ལྟར་འཇིག་རྟེན་ཀུན་ལ་བདག་གི་ཡོན་ཏན་གསལ་བར་
འགྱུར། གཞན་ཡང་འདིའི་ཡོན་ཏན་གཞན་སུས་ཀྱང་མི་ཐོབ་པའོ། །དེ་ལྟར་བྱའི་ཇི་ལྟར་ཡོད་པའི་སྐྱོན་ཡང་བདག་གིས་སྦ་བ་དང་། ཇི་ལྟར་བདག་ཁོ་ན་ལ་མཆོད་པ་ཡོད་ཅིང་། ཁོ་ལ་མ་ཡིན། དེང་བདག་གིས་རྙེད་པ་ལེགས་པར་རྙེད་ཅིང་། གང་བདག་བཀུར་བར་འགྱུར་གྱི་
འདི་ལ་མ་ཡིན་ནོ། །གོམས་པས་ཤིན་ཏུ་སྤྲོ་བ་བཤད་དེ། ཤིན་ཏུ་དགའ་བའི་སེམས་ཀྱིས་ཡུན་རིང་པོ་ཞིག་ནས་འདི་ལ་མ་རུང་བ་བྱས་པ་རྙེད་པ་ལ་སོགས་པ་ལས་ཕྱིར་ཕྱུང་བ། སྐྱོན་བརྗོད་པས་སྐྱེ་བོ་རྣམས་ཀྱིས་བཞད་གད་བྱས་པ། ཕན་ཚུན་སྨོད་པ་བལྟ་བར་བྱའོ། །དམན་
པ་ལ་རློམ་སེམས་བཤད་དེ། དེ་ལྟར་དམན་པ་ཅིར་ཡང་མི་རུང་བས་བདག་ལ་འགྲན་པར་བྱེད། བསྟན་བཅོས་ལ་སོགས་པའི་ཐོས་པ་དེ་ཙམ་ཁོ་ལ་ཡོད་དམ། བདག་ལ་ཡོད་པ་བཞིན་ཤེས་རབ་དང་། གཟུགས་དང་། རིགས་དང་ནོར་ཏེ་དེ་མེད་དོ། །དེ་ལྟར་བདག་གི་ཡོན་
Vol. 106 · folio 254b
ཏན་ཕྱོགས་ཀུན་ཏུ་སྐྱེ་བོ་རྣམས་ཀྱིས་བསྒྲགས་པ་ཐོས་ནས། སྤུ་ལྡང་ཞིང་དགའ་བ་དགའ་སྟོན་ལ་ལོངས་སྤྱད་པར་བྱའོ། །གལ་ཏེ་འདི་ལ་རྙེད་པ་འགའ་ཞིག་ཡོད་ན་བདག་གིས་བཙན་ཐབས་སུ་ཕྲོགས་ཏེ་ཐམས་ཅད་མ་ཡིན། འོན་ཀྱང་འདི་ལ་འཚོ་བ་ཙམ་བྱིན་ཏེ། བདག་གི་བྱ་བ་བྱེད་
པས་སོ། །དེར་མ་ཟད་འདི་བདེ་བ་ལས་ཀྱང་ཉམས་པར་བྱས་ལ། བདག་གིས་སྡུག་བསྔལ་ལ་སྦྱར་བར་བྱའོ། །བདག་གིས་སྡུག་བསྔལ་གྱི་ཁུར་པོ་འདིའི་མགོ་ལ་གཞག་གི་གང་གི་སྔོན་དུ་འཁོར་གསོད་པ་དང་། འཆིང་བ་དང་། རྡེག་པ་ལ་སོགས་པས་བག་མེད་པའི་ཕྱིར་སྡུག་
བསྔལ་བར་བྱས་སོ། །ད་ནི་དྲང་པོར་ཡིད་ལ་གོ་བ་བསྐྱེད་ཅིང་བཤད་དེ། ཀྱེ་ཡིད་རང་དོན་ཤེས་པར་འདོད་པས་འདོད་ཅིང་བསྐལ་པ་གྲངས་མེད་ཁྱོད་ཀྱིས་སོ། །འཁོར་བར་འཁོར་བ་ལ་ཐོག་མ་མེད་པས་སོ། །རང་དོན་དུ་ངལ་བ་ཆེན་པོ་འདིས། ཁྱོད་ཀྱིས་སྡུག་བསྔལ་ཁོ་ན་བསྒྲུབས་
སོ། །ཇི་ལྟར་རང་དོན་ལ་སྔོན་དུ་འཇུག་པ་ལྟར། ད་ལྟ་བདག་གི་ཚིག་གིས་གཞན་དོན་ལ་མ་དཔྱད་མ་བརྟགས་པར་ཞུགས་པ་དང་། མངོན་དུ་མ་གྱུར་པ་ལ་དཔྱད་དུ་མེད་པས་སོ། །ཕྱིས་འདིའི་ཡོན་ཏན་མཐོང་བར་འགྱུར། ཐུབ་པའི་གསུང་བདེན་པས་སོ། །གལ་ཏེ་སྔོན་དུ་
གཞན་གྱི་དོན་ཁྱོད་ཀྱིས་བྱེད་པར་འགྱུར་ན་དེའི་ཚེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མ་ཡིན་པ། འདི་འདྲའི་གནས་སྐབས་ཁྱོད་ལ་འབྱུང་བར་མི་འགྱུར་རོ། །སེམས་བསྟན་ཅིང་ཉེ་བར་བསྡུས་ཏེ། དེ་བས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །སེམས་ཅན་གཞན་གྱི་དོན་དུ་རྟོག་ཆེན་དུ་འགྱུར་ལ། རང་
ལ་གང་མཐོང་བ་དེ་དང་དེ་བླངས་ཤིང་གཞན་དག་ལ་ཕན་པ་གྱིས། ད་ནི་བདག་གཞན་བརྗེ་བ་མ་སྦྱར་བར་ཕྲག་དོག་བསྒོམས་པར་བཤད་དེ། འདི་ནི་སྐྱིད་ནས་གཞན་སྡུག་གོ་ཞེས་བྱ་བ་བདག་ལ་ཕྲག་དོག་གིས། དེ་བཞིན་གཞན་ཡང་ངོ་། །གཉིད་ལ་སོགས་པའི་བདེ་བ་ལས་ཕྲལ་ཏེ།
གཞན་དོན་གྱི་སྡུག་བསྔལ་ལ་སྦྱར་བར་བྱའོ། །དེ་རྗེས་འདིའི་སྐྱོན་བརྟག་པར་བྱ་སྟེ། སྡིག་པ་ལྟ་ཅི་སྨོས། རང་གི་ཡང་འདིའི་སྐྱོན་ཡིན་ནོ། །གཞན་གྱིས་འདི་ལ་གནོད་པ་བྱས་ན་ཡང་། ཁྱོད་ཀྱི་ལས་ངན་གྱིས་འདི་བྱུང་ཞེས་བརྗོད་ནས་ཁོ་རང་གི་སྐྱོན་དུ་བྱེད་དོ། །འདིའི་སྐྱོན་ཆུང་
Vol. 106 · folio 255a
བའང་མི་སྦེད་ཅིང་སྐྱེ་བོ་མང་པོ་ལ་བཤགས་པར་གྱིས། གང་གིས་འདི་འཇིགས། སླར་བྱེད་པར་མི་འགྱུར་རོ། །གཞན་གྱི་གྲགས་པ་འདི་བས་ལྷག་པ་སྒྲོགས་ལ། རང་གི་གྲགས་པ་ཟིལ་གྱིས་གནོན། བྲན་དམན་པ་ལྟར་གཞན་གྱི་དོན་དུ་བཀོལ་བར་གྱིས།
བག་མེད་དུ་མ་གྱུར་པའི་ཕྱིར་རོ། །ཐ་མལ་པའི་ཡོན་ཏན་མི་བརྟན་པས་གློ་བུར་བ་སྟེ། སྟོབས་བཅུ་ལ་སོགས་པ་ཁོ་ན་རང་བཞིན་པ་ཡིན་ནོ། །འགས་ཀྱང་མི་ཤེས་པ་ནི་རྟོགས་པར་བྱ་བའི་ཡོན་ཏན་ཀུན་སྦས་པ་ཁོ་ན་ལས་འཕེལ་ལོ། །མདོར་བསྡུས་ན་འཁོར་བ་ཐོག་མ་མེད་
པ་ནས། བདག་ཏུ་རྨོངས་པས་གཞན་ལ་གནོད་པ་དཔག་མེད་བྱས། དེ་ལས་ཐར་པའི་ཐབས་སེམས་ཅན་གྱི་དོན་ཁོ་ན་ཡིན་ནོ། །དེ་ལ་སྤྲོ་བ་བསྐྱེད་དུ་མི་སྟེར་ཏེ། གང་བྱས་པས་གཞན་གྱི་སྐྱོན་བརྗོད་པར་འགྱུར། བག་མ་གསར་པའི་ཚུལ་བཞིན་དུ། །ངོ་ཚ་ནི་བྱ་བ་མ་ཡིན་པ་
ལས་སོ། །འཇིགས་པ་ནི་དམྱལ་བ་ལས་སོ། །བསྡམས་པ་ནི་དབང་པོ་རྣམས་སོ། །དེ་ལྟར་ནི་འཇུག་པའི་ཚུལ་ཁྲིམས་ཀྱིས་རང་གི་དམིགས་པ་ལ་སྡོད། བཟློག་པའི་ཚུལ་ཁྲིམས་མི་བྱའོ། །དེ་ལྟར་ལུས་དབང་དུ་བྱའི་དེ་ལས་འདས་ན་ཚར་བཅད་དོ། །ལུས་ཚར་བཅད་ནས།
སེམས་ལ་སློབ་ཅིང་བཤད་དེ། འོན་ཏེ་ལ་སོགས་པའོ། །ཀྱེ་སེམས་འདི་མི་བྱེད་ཅེས་བཀག་ཀྱང་བྱེད་པར་འགྱུར་ན་ཁྱོད་ཉིད་ཚར་གཅོད། གང་གི་ཕྱིར་ལུས་བེམས་པོ་ཡིན་པས་སྐྱོན་ཐམས་ཅད་ཁྱོད་ལ་བརྟེན་ནས་འབྱུང་ངོ་། །ཀྱེ་རྩ་བཀྲོལ་ཐབས་མཁས་པ་བདག་གིས་མཐོང་
བཞིན་ཁྱོད་གར་འགྲོ །ཁྱོད་ཀྱི་དྲེགས་པ་ཐམས་ཅད་གཞོམ་པར་བྱའི། ཡིད་ནི་གང་གང་འགྲོ་འགྱུར་བ། །ཤེས་བྱ་ལ་ནི་དེ་ཉིད་སྦྱར། །ཐམས་ཅད་དེ་ཡི་རང་བཞིན་ཕྱིར། སོང་ནའང་གང་དུ་འགྲོ་བར་འགྱུར། །ཞེས་གསུངས་པས་སོ། །ཁྱོད་ཀྱིས་བདག་བརླག་པར་བྱས་པའི་དུས་
གཞན་ཡིན་གྱི། ཐབས་དང་མི་ལྡན་པས་སོ། །ད་དུང་བདག་གི་རང་དོན་ཡོད་ཅེས་པའི་རེ་བ་སྤོངས་ཤིག །གང་གི་ཕྱིར་ཁྱེད་སེམས་ཅན་ཀུན་ལ་བྱིན་པས། མི་དམིགས་པའི་ལྟ་བས་མི་ངལ་ཅིང་། སེམས་ཅན་གྱི་དོན་ལ་ཞོ་ཤ་ཕུལ་ཅིག །བག་མེད་པས་གལ་ཏེ་ཁྱོད་སེམས་ཅན་ལ་མ་བྱིན་ན་
Vol. 106 · folio 255b
དེའི་ཚེ་བྱས་པའི་ལས་ཀྱི་རྣམ་སྨིན་མྱོང་བའི་ཕྱིར། ཁྱོད་ཀྱིས་བདག་དམྱལ་བའི་སྲུང་མ་རྣམས་ལ་བྱིན་པར་འགྱུར། ཁྱོད་དང་རྗེས་སུ་མཐུན་པར་སྤྱད་པས། ཁྱོད་ཀྱིས་བྱིན་པས་ཡུན་རིངས་ངལ་བར་བྱས། ཁོན་ཏེ་དྲན་ཅིང་རང་དོན་གྱི་བྲན་ཁྱོད་གཞོམ་པར་བྱའི། སེམས་ལ་འཇམ་པའི་རིམ་
པས་སློབ་པར་བཤད་དེ། གལ་ཏེ་བདག་ལ་དགའ་བ་ཡོད་ན། དེའི་ཚེ་ཕུང་པོ་ལྔ་འདི་ལ་ཞེན་པར་མི་བྱའོ། །གལ་ཏེ་ངན་སོང་ལས་བསྲུང་བར་འདོད་ན་ལོག་འཚོ་ལ་སོགས་པས་མི་སྐྱོབ་ཅིང་། སེམས་ཅན་གྱི་དོན་དུ་སྦྱར་བར་བྱའོ། །བསྲུངས་ན་སྐྱོན་ཅི་ཞེ་ན། སྨྲས་པ། ཇི་ལྟར་ལ་
སོགས་པའོ། །བཟེ་རེ་ཅན་ནི་ཤིན་ཏུ་སྙི་བའོ། །ལྟུང་བ་ནི་དགེ་བ་ལས་སོ། །ལུས་འདི་བདེ་བ་འདོད་པས་དེ་ལ་ཤིན་ཏུ་ཆགས་ནས་གཞི་ཐམས་ཅད་ཀྱིས་ཀྱང་ཁོའི་འདོད་པ་གང་བར་མི་ནུས་སོ། །ཇི་ལྟར་རྒྱལ་པོ་མཎྜ་ཏའི་འཛམ་བུའི་གླིང་ལ་དབང་སྒྱུར་བས་ཀྱང་ཚིམ་པར་མ་གྱུར་པས།
གླིང་བཞི་དབང་ཐོབ་ཀྱང་སླར་ལྷའི་དབང་པོའི་གདན་ཕྱེད་བྱིན་ཏེ། དེས་ཀྱང་མ་ཚིམ་པ་འདོད་པ་ཤིན་ཏུ་ཆེ་བས་ལྟུང་བར་འགྱུར་རོ། །རྙེད་པར་དཀའ་བ་འདོད་ན་ངལ་བར་འགྱུར་ལ་འདོད་པའི་དོན་ཡང་མི་འགྲུབ། གང་ཞིག་བསྒྲུབ་ནུས་པའམ་མི་ནུས་པ་ཐམས་ཅད་རེ་བ་མེད་པ་དེའི་ཕུན་
སུམ་ཚོགས་པ་ཟད་པ་མེད་དོ། །ཕུང་པོ་ལྔའི་ལུས་ལ་རང་དབང་སྒྱུར་དུ་མི་འཇུག་སྟེ། གཞན་དུ་ན་ཡུལ་ལྔ་ལ་འདོད་པ་འཕེལ་བར་འགྱུར་རོ། །འདོད་པའི་དངོས་པོ་འང་མ་བཟུང་ན་ལེགས་ཏེ། དེ་ལ་ཞེན་པ་མི་འབྱུང་བའི་ཕྱིར་རོ། །རང་ལུས་ལ་མི་ཞེན་པའི་རྒྱུ་བཤད་དེ། གང་
ཞིག་ཤི་ན་མཐར་ཐུག་ཐལ་བར་འགྱུར། རང་ཉིད་གཡོ་བ་མེད་ཅིང་སྲོག་རླུང་གིས་གཡོ་བར་བྱེད། མི་གཙང་བའི་གཟུགས་མི་ཟད་པ་འདི་ལ་ཁྱོད་ཅིའི་ཕྱིར་བདག་ཏུ་ཞེན། གལ་ཏེ་ཆོས་ལ་མི་སྦྱོར་ན་དེའི་ཚེ་ལུས་འདི་བེམས་པོ་ཡིན་པས་བོང་བ་དང་ཁྱད་མེད་པས་གསོན་ནམ་ཤི་ནས་ཀྱང་
འདིས་ཅི་བྱ། ང་རྒྱལ་གྱི་གནས་ཡིན་ཞེ་ན། ཀྱི་ཧུད་ཀྱེ་ང་རྒྱལ་ཁྱོད་ཅིའི་མི་འཆིང་ཡུལ་མ་ཡིན་པ་ལ་འཇུག །ལུས་ལ་ཞེན་པས་དོན་མེད། སྡུག་བསྔལ་བསགས་པ་ཡིན་གྱི། ཁོས་ཆགས་པའམ་སྡང་བ་གང་མི་ཤེས་ཏེ། ཤིང་དང་མཚུངས་པའི་ཕྱིར་རོ། །བདག་གིས་གྱ་ནོམ་པའི་
Vol. 106 · folio 256a
བཟའ་བཏུང་གིས་གསོས་ཀྱང་བདག་ལ་བརྩེ་བ་མེད། བྱ་རྒོད་ལ་སོགས་པས་ཟོས་ཀྱང་དེ་ལ་སྡང་བ་མེད། དེ་ལྟ་བུ་ཅིག་ལ་ཆགས་ནས་ཅི། གང་ལུས་ལ་སྨོད་པ་ལ་བདག་ཁྲོ། དེ་ལ་མཆོད་ན་བདག་དགའ། གལ་ཏེ་དེས་མི་ཤེས་ན་བདག་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པས་
ངལ་བ་སུའི་ཕྱིར། གང་ཞིག་གིས་ལུས་འདི་འདོད་པ་དེའང་བདག་གི་བཤེས་ཡིན་ན་བདག་ལྟ་ཅི་སྨོས། ཐམས་ཅད་རང་ལུས་འདོད་དེ། དེ་དག་ཅི་སྟེ་བདག་གི་བཤེས་མ་ཡིན། གལ་ཏེ་རང་གི་ལུས་འདོད་པའི་རྒྱུ་མཚན་གྱིས་བརྩེ་བ་ཡིན་ན་དེའི་ཚེ་སེམས་ཅན་གཞན་དག་ཀྱང་རང་ལུས་འདོད་
པས་བཤེས་སུ་འགྱུར་བ་དག་མེད་པས་སོ། །བདག་གཞན་བརྗེ་བ་ཉེ་བར་བསྡུས་ཏེ་བཤད་པ། བདག་ལ་བརྩེ་བ་མ་སྤངས་པར་སེམས་ཅན་གྱི་དོན་མི་འབྱུང་བས། བདག་གིས་ལྟོས་པ་མེད་པར་འགྲོ་བ་ལ་ཕན་པའི་ཕྱིར་ལུས་བཏང་ངོ་། །དེ་ཉིད་ཀྱི་ཕྱིར་སྐྱོན་དུ་མའི་འབྱུང་གནས་ཡིན་ཀྱང་བྱ་
བ་བྱེད་པའི་སྣོད་བཞིན་དུ་གཟུང་བར་བྱའོ། །ཏིང་ངེ་འཛིན་མེད་ན་ཉོན་མོངས་པ་འཇོམས་མི་ནུས་པས་འཇིག་རྟེན་གྱི་སྤྱོད་པས་དོན་མེད། མཁས་པ་སངས་རྒྱས་ཀྱི་རྗེས་སུ་འབྲང་གི །དེའི་སྤྱོད་པ་ལ་སྤྱད་པའི་ཕྱིར་རོ། །བག་ཡོད་པའི་གཏམ་ལེའུ་བཞི་པ་ནས་བཤད་པ་དྲན་ཅིང་གཉིད་དང་རྨུགས་
པ་བཟློག་པར་བྱ་ཞིང་ངོ་། །དེ་བས་ཞེས་ཉེ་བར་བསྡུ་བ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཞོམ་པའི་ཕྱིར། དེ་བཞིན་ཉིད་ལ་སེམས་ཡང་དག་པར་གཞག་པར་བྱ་སྟེ། ལམ་མ་ཡིན་པ་རྣམ་རྟོག་གི་དྲ་བ་ལས་ལོག་སྟེ། བཤད་པའི་དམིགས་པ་ལས་བར་མེད་པར་
རོ། །བསམ་གཏན་བསྟན་པའི་ལེའུའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་བརྒྱད་པའོ།། །།གང་ལས་འཕགས་པ་མ་ཡིན་ལྷ་ཡང་ཐམས་ཅད་ལོང་བ་ཁོ་ནར་འགྱུར། །རྒྱ་མཚོར་དྲ་བའི་ཀུ་བ་བཞིན་དུ་ངོ་མཚར་དོན་ཡང་སྤོངས། །ཟབ་མོ་འབྲས་
ཆེན་དེ་ཉིད་ཆོས་གཏེར་དེ་ནི་མེད་པ་ན། །སྡུག་བསྔལ་མི་འཆི་བླ་མའི་དྲིན་གྱིས་བདག་འཇུག་འགྱུར། །ཤེས་རབ་བསམ་གཏན་མེད་མི་འབྱུང་། །ཞི་གནས་མི་འབྱུང་དེ་མེད་ཀྱང་། །གང་ལ་དེ་གཉིས་ཡོད་པ་ན། །དེ་ལ་སྲིད་མཚོ་རྨིག་རྗེས་བཞིན། །ཞེས་བཤད་པས་བསམ་གཏན་
Vol. 106 · folio 256b
བསྟན་ནས་ཤེས་རབ་བཤད་དེ། ཡན་ལག་ལ་སོགས་པའོ། །འདིར་འཆད་པའི་སྦྱིན་པ་ལ་སོགས་པ་འདིས་མཚོན་ཏོ། །ཡན་ལག་བསྐྱེད་པའི་རྒྱུའོ། །འདི་དག་ཤེས་རབ་ཀྱི་དོན་དུ་ཐུབ་པས་གསུངས་སོ། །སྟོང་པ་ཉིད་ལ་དམིགས་པས་ཤེས་པ་རབ་ཡིན་ནོ། །དེའི་སླད་དུ་སྟེ་ཤེས་
རབ་གཙོ་ཆེ་བའི་ཕྱིར་རོ། །གང་གི་ཕྱིར་སྦྱིན་པ་ནི་བསོད་ནམས་ཚོགས་ཀྱི་ཡན་ལག་ཡིན་པས་འཚང་རྒྱ་བའི་རྒྱུའོ། །དེ་འང་ཚུལ་ཁྲིམས་ཀྱིས་བརྒྱན་པར་གྱུར་ན། བདེ་འགྲོ་དང་བདེ་བ་ལ་ལོངས་སྤྱོད་པ་མཁོ་བའི་ཡོ་བྱད་དང་ལྡན་པ་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུའོ། །བཟོད་པ་ནི་
དེའི་མི་མཐུན་ཕྱོགས་ཁོང་ཁྲོའི་གཉེན་པོའོ། །དེ་འང་བརྩོན་འགྲུས་མེད་ན་མི་འབྱུང་ངོ་། །བསམ་གཏན་ནི་ཡེ་ཤེས་ཚོགས་ཀྱི་ཡན་ལག་སྟེ། ཏིང་ངེ་འཛིན་དང་ལྡན་ན་ཇི་ལྟ་བ་བཞིན་དུ་རྟོགས་སོ། །སྦྱིན་པ་ལ་སོགས་པ་ཡང་། ཤེས་རབ་མེད་ན་སངས་རྒྱས་སུ་འདྲེན་མི་ནུས་
ལ་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་མི་འཐོབ་པོ། །དབུ་མ་ལ་ཡང་འཇུག་པ་ནས། མིག་ལྡན་སྐྱེ་བོ་ཞིག་གིས་འདོད་བཞིན་དུ། །ལོང་བའི་ཚོགས་ཀུན་ཡུལ་དུ་ཅི་བདེ་བར། །འདྲེན་པ་བཞིན་དུ་འདིར་ནི་མིག་མེད་རྣམས། །ཡོན་ཏན་ཁྲིད་ནས་ཤེས་རབ་རྒྱལ་བར་འགྲོ། །ཞེས་
གསུངས་སོ། །རྟོག་མེད་ཀྱི་བསྟོད་པ་ལས། སྨོད་མེད་དྲི་མ་མེད་པ་ཡི། །ཁྱོད་ནི་ཕ་རོལ་ཕྱིན་ཀུན་གྱི། །སྐར་མ་རྣམས་ཀྱིས་ཟླ་ཚེས་ལྟར། །རྟག་ཏུ་རྗེས་སུ་འགྲོ་བའོ། །ཞེས་སོ། །ཡང་ན་འདི་ནི་བསམ་གཏན་ཏེ། ཤེས་རབ་བསྐྱེད་པས་སོ། །ཤེས་རབ་ཀྱི་དོན་དུ་སྟེ། ཞི་གནས་
ལྷག་མཐོང་དང་ལྡན་པས། །ཉོན་མོངས་འཇོམས་བྱེད་ཤེས་ནས་སུ། །ཞེས་བྱ་བ་ལ་སོགས་པ་འདིར་གསུངས་པའི་ཕྱིར་རོ། །ལྷག་མ་སྔར་གསུངས་པ་བཞིན་ནོ། །གང་གི་ཕྱིར་སྦྱིན་པ་ལ་སོགས་པའི་ཡན་ལག་གམ། བསམ་གཏན་གྱི་ཡན་ལག་ཤེས་རབ་ཀྱི་དོན་དུ་གསུངས་པ། དེའི་
ཕྱིར་ཤེས་རབ་བསྐྱེད་པར་བྱའོ། །དེ་ནི་གཉིས་ཏེ་རྒྱུ་དང་འབྲས་བུའི་དབྱེ་བས་སོ། །རྒྱུའང་གཉིས་ཏེ། མོས་པ་སྤྱོད་པའི་ས་ལ་སྤྱོད་པ་དང་ས་ལ་འཇུག་པས་སོ། །འབྲས་བུ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་མཚན་མ་མེད་པའི་ཤེས་རབ་པོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་
Vol. 106 · folio 257a
ཀྱི་སྡུག་བསྔལ་ཞི་བར་འདོད་པས་ཏེ། འདི་ལྟར་ལོག་རྟོག་བཞི་ནི་བདག་དང་བདག་གིར་འཛིན་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འདོད་ཆགས་ལ་སོགས་པ་སྐྱེ། དེ་ལས་ལས། དེ་ལས་སྐྱེ་བ་དང་ནད་ལ་སོགས་པའི་སྡུག་བསྔལ་འབྱུང་ངོ་། །དེ་ལྟར་
རིམ་པ་བཞིན་དུ་རྟེན་ཅིང་འབྲེལ་པ་ཤེས་རབ་ཀྱིས་བལྟས་ནས། སླར་དེའི་ཕུང་པོ་ལྔའི་བདག་ཉིད་འབྲས་བུར་གྱུར་པ་སྡུག་བསྔལ་ཏེ། དེ་འང་བདག་མེད་པ། སྒྱུ་མ་ལ་སོགས་པ་ལྟ་བུ་དོན་དམ་པར་རང་བཞིན་མེད་པ། ཤེས་རབ་ཀྱིས་མཐོང་ན་སྲིད་པའི་ཡན་ལག་མ་རིག་པ་ལྡོག་གོ། །དེ་
ནས་འདུ་བྱེད་དང་། རྒ་ཤིའི་བར་རོ། །དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འདི་འགོག་པར་འགྱུར་རོ། །དེ་ལ་མ་རིག་པ་དང་། སྲེད་པ་དང་། ཉེ་བར་ལེན་པའི་ཉོན་མོངས་པའི་ལམ་འཆད་པ་མེད་པའོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་གྱིའོ། །ལྷག་མའི་ཡན་ལག་རྣམས་ནི་
སྡུག་བསྔལ་གྱི་ལམ་གྱིའོ། །དེའི་རིམ་པས་བཤད་དེ། ཀུན་རྫོབ་ནི་མ་རིག་པ་དང་། གཏི་མུག་དང་། མི་ཤེས་པ་དང་། ངའོ་ང་རྒྱལ་དང་། ལོག་རྟོག་དང་འཁྲུལ་པ་སྟེ་རྣམ་གྲངས་སོ། །དེ་ཁོ་ན་ཉིད་སྦས་པས་ན་ཀུན་རྫོབ་པོ། །སཱ་ལུ་ལྗང་པའི་མདོ་སྡེ་ལས་གསུངས་པ། དེ་ཁོ་ན་ཉིད་མ་རྟོགས་པ་
ལོག་པར་རྟོགས་པ་མི་ཤེས་པ་ནི་མ་རིག་པའོ་ཞེས་སོ། །སྣང་བའི་ཕྲེང་བ་ལས། མི་བདེན་དོན་ནི་སྟོན་པར་བྱེད། །བདེན་པའི་དོན་ནི་སྦས་ཏེ་གནས། །མ་རིག་སྐྱེ་དང་དུས་མཉམ་དུ། །མིག་སེར་ནད་ལ་སོགས་པས་བཞིན། །ཞེས་སོ། །དེས་རྟོགས་པའི་དངོས་པོ་ཀུན་རྫོབ་ཀྱི་བདེན་
པ་སྟེ་འཇིག་རྟེན་ཁོ་ནའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ་ཀུན་རྫོབ་ཀྱང་ཡིན་ནོ། །གང་གི་ཕྱིར་བཤད་པ། གཏི་མུག་རང་བཞིན་བསྒྲིབས་པས་ཀུན་རྫོབ་སྟེ། །དེས་སྣང་གང་ཉིད་བཅས་པ་བདེན་པ་ཡིན། །ཀུན་རྫོབ་བདེན་པར་དེ་ཡི་ཐུབ་པས་གསུངས། །བྱས་པའི་ཚིག་དོན་ཡང་ནི་ཀུན་
རྫོབ་པོ། །ཞེས་སོ། །དེ་གཉིས་ཏེ། བདེན་པ་དང་མི་བདེན་པའི་དབྱེ་བས་སོ། །སྔོན་པོ་ལ་སོགས་པ་སྐྱོན་མེད་དབང་པོས་དམིགས་པ་ཡང་དག་པའོ། །སྨིག་རྒྱུ་ལ་སོགས་པ་དང་། མུ་སྟེགས་ཀྱིས་བརྟགས་པ་ལ་སོགས་པ་ལོག་པའོ། །འཕགས་པ་ཀླུ་སྒྲུབ་ཀྱིས། སྣོད་མེད་དབང་པོ་
Vol. 106 · folio 257b
དྲུག་པོ་ཡི། །གཟུང་བྱར་རྟོགས་པ་འཇིག་རྟེན་གྱིས། །དེ་བདེན་འཇིག་རྟེན་ཁོ་ན་ལས། །ལྷག་མ་བརྟགས་པ་ལོག་པའོ། །ཞེས་གསུངས་སོ། །བླ་ན་མེད་པའི་དོན་མ་བྱས་པ་ནི་དོན་དམ་སྟེ། གང་རྟོགས་པས་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་འགོག་པའོ། །ཆོས་
ཐམས་ཅད་རང་བཞིན་མེད་པ་སྟོང་པ་ཉིད་དང་། དེ་བཞིན་ཉིད་བདེན་པའི་མཐའ་ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་གྲངས་སོ། །ཀུན་རྫོབ་རང་བཞིན་མེད་པ་ནི་དོན་དམ་སྟེ། དོན་དམ་པར་མེད་པ་ལ་མ་རིག་པས་སྣང་བའི་ཕྱིར་རོ། །འདི་ནི་བདེན་པ་གཉིས་སུ་འདོད། །རིམ་པས་
འཇིག་རྟེན་དང་འཕགས་པ་རྣམས་ཀྱིའོ། །དངོས་ཀུན་ཡང་དག་བརྫུན་པར་མཐོང་བས་ན། །དངོས་སྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་བས་གང་ཡིན་དོན་དམ་སྟེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །འོ་ན་གཞན་དུ་བདེན་
པ་བཞི་བཤད་པ་མ་ཡིན་ནམ་ཞེ་ན། དེའི་སྐྱོན་མི་འབྱུང་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། ལམ་གྱི་བདེན་པ་ནི་ཀུན་རྫོབ་ཡིན་ལ། འགོག་པའི་བདེན་པ་ནི་དོན་དམ་པ་ཡིན་པས་གཉིས་ཁོ་ནའོ། །དེ་ལ་དོན་དམ་བློའི་སྤྱོད་ཡུལ་མ་ཡིན་ཏེ། རྟོག་བཅས་ཀྱི་བློ་ཇི་སྙེད་པའི་
ཡུལ་མ་ཡིན་ཞིང་ཚིག་གིས་བརྗོད་དུ་མེད་དོ། །དེ་ལྟ་ཡིན་ཀྱང་སྐལ་བ་དང་མི་ལྡན་པའི་སྐྱེ་བོ་རྗེས་སུ་གཟུང་བའི་ཕྱིར་དཔེའི་སྒོ་ནས་བཤད་དེ། ཇི་ལྟར་མིག་ལ་རབ་རིབ་ཡོད་པ་རྣམས་ཀྱིས་ནམ་མཁའ་ལ་སྐྲ་ཤད་མཐོང་། རབ་རིབ་མེད་པས་མི་མཐོང་སྟེ་མེད་པའི་ཕྱིར་རོ། །ནམ་
མཁའ་འབའ་ཞིག་པ་མཐོང་ངོ་། །དེ་ལྟར་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པ་རྣམས་ཀྱིས། ཕུང་པོ་ལ་སོགས་པའི་དངོས་པོ་མཐོང་ལ། སངས་རྒྱས་ཀྱིས་མ་གཟིགས་སོ། །ཇི་ལྟར་སངས་རྒྱས་ཀྱིས་གཟིགག་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དེ་རང་ཡིན་ནོ། །གང་གི་ཕྱིར་
བསྟན་བཅོས་རིག་པས་གསུངས་པ། རབ་རིབ་ཀྱིས་ནི་བརྟགས་པ་གང་། །སྐྲ་ཤད་ལ་སོགས་བརྫུན་དེ་ཉིད། །དག་པའི་མིག་གིས་ཇི་ལྟར་མཐོང་། །དེ་ནི་དེ་ཉིད་འདིར་རྟོགས་བྱ། །ཞེས་གསུངས་སོ། །འཕགས་པ་བརྒྱད་སྟོང་པ་ལས་ཀྱང་གསུངས་པ། ཇི་ལྟར་ཆོས་རྣམས་
Vol. 106 · folio 258a
མེད་པ་དེ་ལྟར་ཡང་དག་པར་ཡོད་དེ། དེ་ལྟར་མེད་པས་མ་རིག་པ་ཞེས་བརྗོད་དོ་ཞེས་སོ། །དེ་ལྟར་ཀུན་རྫོབ་ཀྱིས་དོན་དམ་བསྟན་པའོ། །གང་གི་ཕྱིར་བཤད་པ། རྣམ་རྟོག་འདི་ནི་རང་ཉིད་ཀྱིས། །མ་རིག་པ་ཡི་ཚུལ་དུ་འགྱུར། །ཞེས་སོ། །དོན་དམ་
པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འང་སྤྱོད་ཡུལ་མ་ཡིན་ནོ། །རང་བཞིན་དང་གློ་བུར་གྱི་དྲི་མས་དག་པ་དོན་དམ་པ་ལ་དམིགས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སངས་རྒྱས་ཡིན་ལ། དེ་ལ་རྣམ་པའི་ཆ་ཤས་ཀྱང་མེད་དོ། །རབ་ཏུ་དགའ་བའི་ས་དང་པོ་ཉིད་དུ་དོན་དམ་པ་
མཐོང་བ། དངོས་གཞིའི་ཏིང་ངེ་འཛིན་ཁོ་ན་མཐོང་ལམ་ཡིན་ནོ། །དེ་ནས་བརྩམས་ཏེ་འཕགས་པ་ཡིན་ནོ། །འདི་དག་ལ་ཐམས་ཅད་དུ་གློ་བུར་གྱི་དྲི་མས་དག་པ་མེད་དོ། །བདེན་པ་གཉིས་རྣམ་པར་གཞག་ལ། དེའི་དབང་དུ་བྱས་པ་འཇིག་རྟེན་ཡང་གཉིས་བཤད་དེ། དེ་ལ་
ཞེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་རིག་པ་དང་དོན་དམ་རིག་པའོ། །རང་བཞིན་ནི་མ་རིག་པ་དང་སྲེད་པ་ལ་སོགས་པའོ། །དེ་ལས་བྱུང་བས་ཕལ་པའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཆོས་ཐམས་ཅད་མི་དམིགས་པའོ། །དེ་འདི་ལ་ཡོད་པས་
རྣལ་འབྱོར་པའོ། །དེ་གཉིས་ཀྱི་ནང་ན་ཕལ་པ་ནི་རྣལ་འབྱོར་པས་འཇོམས། དེ་མ་ཡིན་པ་ལ་དེར་གཟུང་བས་འཁྲུལ་པས་སོ། །དེ་བཤད་པ། ཇི་ལྟར་རབ་རིབ་ཅན་ལ་དམིགས་པ་ལྟར། །རབ་རིབ་མེད་པའི་ཡེ་ཤེས་གཞོམ་དུ་མེད། །ཡེ་ཤེས་དྲི་མ་མེད་ཀྱིས་ཟིལ་གནོན་པའི། །བློ་
ནི་འཇོམས་ལ་དྲི་མ་མེད་མི་འཇོམས། །ཞེས་སོ། །དེ་བས་དོན་དམ་པའི་ཡེ་ཤེས་གཞོམ་དུ་མེད་དོ། །འོན་ཀྱང་ཕལ་པའི་བློ་ཁོ་ན་འཇོམས་ཏེ་འཁྲུལ་པའི་ཕྱིར་རོ། །རྣལ་འབྱོར་པའི་དབྱེ་བ་བཤད་དེ། རྣལ་འབྱོར་པ་འང་ཞེས་བྱ་བ་ལ་སོགས་པའོ། །རྣལ་འབྱོར་པ་ཡེ་ཤེས་ཀྱི་ཁྱད་
པར་གོང་མ་གོང་མས་འཇོམས་ཏེ། ཡེ་ཤེས་ཀྱི་ཁྱད་པར་གྱིས་སོ། །སྒྲིབ་པ་དེ་དང་དེས་བྲལ་བའི་ཤེས་རབ་ཀྱིས་སོ། །ཇི་ལྟ་ཞེ་ན། གཉི་ག་འདོད་པའི་དཔེས་ཏེ། རྣལ་འབྱོར་པ་དང་ཕལ་པ་འདོད་པའི་དཔེས་གང་ཡིན་པ་མདོར་གསུངས་པ། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་གཉི་
Vol. 106 · folio 258b
ག་ལ་རང་བཞིན་མེད་པར་གྲུབ་པ་དེ་དང་ཆོས་མཐུན་པས་ཆོས་རྣམས་རང་བཞིན་མེད་པར་བསྟན་པས་སོ། །འདི་ལྟར་བདེན་པར་འདོད་པ་གཟུགས་ལ་སོགས་པ་རྣམས་རྣལ་འབྱོར་པ་ཁོ་ན་ལ་དོན་དམ་པ་རྟོགས་པས་རང་བཞིན་མེད་པར་གྲུབ། སྒྱུ་མ་ལ་སོགས་པ་ནི་ཕལ་པ་ལ་ཡང་ངོ་། །གཉི་
ག་ལ་གྲུབ་པས་དཔེ་ཡིན་ནོ། །རིགས་པ་གྲུབ་པ་ཡང་གཉིས་ཀ་ལ་གྲུབ་པའོ། །དེ་བས་ཐ་མལ་པའི་བློ་དཔེས་འཁྲུལ་པར་བསྟན་ཏོ། དེ་ལྟར་རྣལ་འབྱོར་པ་རྣམས་ལ་ཡང་ཇི་སྲིད་བར་རོ། །འོ་ན་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཡིན་ན་ཇི་ལྟར་སེམས་ཅན་གྲོལ་བའི་ཕྱིར་རོ། །
དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱང་སྦྱིན་པ་ལ་སོགས་པ་འཇུག །སྦྱིན་སོགས་ཀྱང་རང་བཞིན་མེད་པའི་ཕྱིར་རོ། །སྨྲས་པ། འབྲས་བུའི་དོན་དུ་མ་སྤྱད་པའི་ཕྱིར་འབྲས་བུ་ནི་བསྒྲུབ་པར་བྱ་བ་སྟེ། དེའི་དོན་དུ་མ་སྤྱད་ཅིང་དེའི་རྒྱུ་ལ་རབ་ཏུ་འཇུག་པས་སོ། །རང་བཞིན་མེད་པ་ཡང་
འཁོར་གསུམ་དུ་མི་དམིགས་པས་འབྲས་བུའི་རྒྱུར་གྱུར་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་ཐབས་ཡིན་ལ། དོན་དམ་པའི་བདེན་པ་ཐབས་ལས་བྱུང་བ་ཡིན་པས་བདེན་པ་གཉིས་ཁས་བླངས། གཞན་དུ་ན་དགོས་པ་མེད་པས་དེ་ཅི། རྣལ་འབྱོར་པ་ཡང་དང་པོ་ཉིད་དུ་དོན་དམ་པ་མཐོང་བ་མ་
ཡིན་གྱི་འོན་ཀྱང་ཐབས་གོམས་པའི་ཁྱད་པར་གྱིས་ཏེ་འགལ་བ་མེད་དོ། །འོ་ན་དངོས་པོ་གང་དག་རྣལ་འབྱོར་པས་སྒྱུ་མ་ལྟ་བུར་མཐོང་བ་དེ། གལ་ཏེ་དེ་ཉིད་ཕལ་པས་ཀྱང་མཐོང་ན། དེའི་ཚེ་ཇི་ལྟར་རྩོད་ཅེ་ན། སྨྲས་པ། འཇིག་རྟེན་ཕལ་པས་དངོས་པོ་མཐོང་བ་འབའ་ཞིག་མ་ཡིན་གྱི་དངོས་པོ་
ཡོད་པར་དོན་དམ་པར་བརྟགས། དོན་དམ་པ་ཉིད་མངོན་པར་ཞེན་ན་རྣལ་འབྱོར་པ་བཞིན་དུ། སྒྱུ་མ་ལྟ་བུར་མ་ཡིན་ནོ། །དེས་རྣལ་འབྱོར་པ་དང་ཕལ་པ་རྩོད་པ་ཡིན་ནོ། །རྣལ་འབྱོར་པས་བདེན་པར་བཀག་པས་སོ། །ཇི་ལྟར་སྤྲུལ་པའི་གླང་པོ་ལ་སོགས་པའི་ཚུལ་ཁོ་ན་སྐྱེ་བོས་མཐོང་ལ་
སྤྲུལ་མཁན་གྱིས་ཤིང་ལ་སོགས་པ་ཉིད་དུའོ། །འོ་ན་སྐྱེ་བོ་ཐམས་ཅད་ལ་མངོན་སུམ་གྱིས་གྲུབ་པའི་དངོས་པོ་ཇི་ལྟར་སྦས་ཤེ་ན། སྨྲས་པ། གཟུགས་དང་སྒྲ་ལ་སོགས་པ་མངོན་སུམ་དུ་གྱུར་པ་གང་བརྗོད་པ་དེ་ནི། འཇིག་རྟེན་ལ་གྲགས་པ་སྟེ། ཚད་མས་དོན་དམ་པ་རྟོགས་པ་ཡིན། །ཐ་
Vol. 106 · folio 259a
སྙད་པའི་མངོན་སུམ་ལ་སོགས་པས་གྲུབ་པའི་ཕྱིར་རོ། །མཛོད་ལས། བརྟགས་དང་རྗེས་སུ་དྲན་པ་ཡི། །རྟོག་པས་རྟོག་བྲལ་ཞེས་བྱར་བརྗོད། །ཅེས་གསུངས་པས། དབང་པོའི་རྣམ་ཤེས་རྟོག་པ་ཁོ་ནའོ། །གཞན་དུ་ན། དབང་པོ་དག་གི་དམིགས་
པ་གང་། །དེ་དེ་ཉིད་དུ་གྲུབ་པ་ན། །བྱིས་པས་དེ་ཉིད་རིག་པར་འགྱུར། །དེའི་ཚེ་དེ་ཉིད་ཡེ་ཤེས་ཅི། །ཞེས་སོ། །འོ་ན་རྒྱུ་མེད་ན་གྲགས་པ་ཡང་མི་འབྱུང་སྟེ། གྲགས་པ་ནི་ཡོད་པས་ཇི་ལྟར་བརྫུན་ཞེ་ན། སྨྲས་པ། དེ་ནི་མི་གཙང་བ་ལ་གཙང་བ་ལ་སོགས་པར་གྲགས་པ་བཞིན།
བུད་མེད་ཀྱི་གཟུགས་ལ་སོགས་པ་མི་གཙང་བ་ལ། འདོད་པས་འཁྲུལ་པ་རྣམས་ལ་གཙང་བའི་བློ་འབྱུང་སྟེ། དེ་ནི་བརྫུན་ཡིན་ཏེ་དེ་མ་ཡིན་པ་ལ་དེར་ཞེན་པའི་ཕྱིར་རོ། །སོགས་པའི་སྒྲས་མི་རྟག་པ་ལ་སོགས་པ་རྟག་པ་དང་། བདེ་བ་དང་། བདག་གི་བློ་བཞིན་དུ་གཟུགས་ལ་
སོགས་པ་ལ་ཡང་ངོ་། །འོ་ན་བཅོམ་ལྡན་འདས་ཀྱིས་གསུངས་པ། བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དོ། །ཡང་གཞན་དུ། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་བྱ་བ་ལ་
སོགས་པའོ། །སྒྱུ་མ་ལ་སོགས་པའི་རང་བཞིན་ཡིན་ན་སྐད་ཅིག་མའི་རང་བཞིན་ག་ལ་གྲུབ། རང་བཞིན་མེད་པས་དོན་དམ་པར་ཡོད་པ་ཅི་སྟེ་མ་ཡིན་ཞེ་ན། སྨྲས་པ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ལ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་ལ། ཕུང་པོ་ལ་སོགས་པ་
བསྟན་པ་འདི་བདག་དགག་པའི་ཕྱིར་རིམ་གྱིས་སྟོང་པ་ཉིད་ལ་གཞུག་པའི་ཕྱིར་ཏེ། གཞན་དུ་ན་སྐལ་བ་མེད་པས་སྐྲག་པས་ལྡོག་པར་འགྱུར་རོ། །སེམས་ཅན་གྱི་བསམ་པ་མཁྱེན་པས་ཐུགས་རྗེས་བསྟན་པ་ཡིན་གྱི། དོན་དམ་པར་མ་ཡིན་ནོ། །དེས་གསུངས་པ། རྒྱལ་བས་ཇི་
ལྟར་དོན་དབང་གིས། །བདག་དང་བདག་གི་བ་ཞེས་གསུངས། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀྱང་། །དེ་ལྟར་དོན་གྱི་དབང་གིས་གསུངས། །ཞེས་སོ། །འོ་ན་སྐད་ཅིག་མ་ཇི་ལྟར་ཞེ་ན། སྨྲས་པ། སྐད་ཅིག་དེ་བཞིན་ཉིད་མ་ཡིན་ཏེ། རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །སྐད་ཅིག་
Vol. 106 · folio 259b
མ་ལ་སོགས་པ་བསྟན་པ་ནི་གདུལ་བྱའི་དབང་གིའོ། །གཞན་དག་ན་རེ། གལ་ཏེ་དོན་དམ་པར་སྐད་ཅིག་མ་ཡིན་ན། ཀུན་རྫོབ་ཏུ་ཡིན་ནམ། དེ་ལྟར་ན་འཇིག་རྟེན་གྱི་སྣང་བ་དང་འགལ་ལོ། །དངོས་པོ་རྣམས་སྐད་ཅིག་མ་མ་ཡིན་པར་འཇིག་རྟེན་ལ་སྣང་བའི་ཕྱིར་རོ། །ལན་བཤད་
དེ། རྣལ་འབྱོར་ཀུན་རྫོབ་ཉེས་མེད་ཅིང་། །སྣང་བ་དང་འགལ་བའི་སྐྱོན་མེད་དེ། རྣལ་འབྱོར་པའི་ཀུན་རྫོབ་ཀྱིས་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །གང་ཟག་གི་བདག་མེད་པ་བསྒོམ་པའི་རྣལ་འབྱོར་པ་རྣམས་ལ་སྐད་ཅིག་མར་སྣང་བའི་ཕྱིར་རོ། །དེའང་ཀུན་རྫོབ་ཡིན་ཏེ། བློ་ཀུན་རྫོབ་ཡིན་ཞེས་
གསུངས་པས་སོ། །སྣང་བ་དང་འགལ་བ་ཡང་མེད་དེ། དེ་ལྟ་བུའི་སྣང་བ་འདིར་འགོག་པའི་ཕྱིར་རོ། །འོ་ན་སྐད་ཅིག་མ་ལ་སོགས་པ་ཀུན་རྫོབ་པ་ཡིན་ན། ཅིའི་ཕྱིར་རྣལ་འབྱོར་པ་ཁོ་ནས་མཐོང་ཞེ་ན། འཇིག་རྟེན་ལས་དེས་དེ་ཉིད་མཐོང་། སོ་སོའི་སྐྱེ་བོ་ལས་དེས་དབང་པོའི་ཡུལ་ལས་འདས་
པ་མཐོང་། གཞན་དུ་ན་དེ་ལྟར་མི་འདོད་པའི་ཚེ། འཇིག་རྟེན་གྱི་རྣལ་འབྱོར་པ་ལ་གནོད་པར་འགྱུར། བུད་མེད་མི་གཙང་བར་བསྒོམས་པ་ལ་འཇིག་རྟེན་གྱིས་གཙང་བར་བཟུང་བའི་ཕྱིར་རོ། །དེ་ལྟར་ལུང་ལས་ཀྱང་དངོས་པོ་རྣམས་དོན་དམ་པར་མི་འགྱུར་རོ། །དེ་བས་སྒྱུ་མ་ལྟ་བུ་ཁོ་
ནའོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། སངས་རྒྱས་ཀྱང་ཁྱེད་ཀྱི་སྒྱུ་མ་ལྟ་བུར་འགྱུར། དེའི་ཚེ་དེ་ལ་བཀུར་སྟི་དང་གནོད་པ་བྱས་པས་བསོད་ནམས་དང་སྡིག་པ་ཇི་ལྟར་འབྱུང་ཞེ་ན། སྨྲས་པ། ཇི་ལྟར་ཞེས་བཤད་དེ། སྒྱུ་མ་དང་འདྲ་བའི་རྒྱལ་བ་ལས་བསོད་ནམས་ཇི་ལྟར་འབྱུང་ན།
སྒྱུ་མའི་སྐྱེས་བུ་བསད་ཀྱང་མི་བསད་པའི་ཉེས་པ་མི་འབྱུང་བ་བཞིན་ནོ། །འདིའི་ལན་ནི་ཇི་ལྟར་དངོས་པོ་ཡོད་པ་ལ་ཇི་བཞིན་དགོངས་པ་འདི་སྟེ། ཇི་ལྟར་དངོས་པོར་སྨྲ་བ་ལ་རྒྱལ་བ་དོན་དམ་པ་ལས་བསོད་ནམས་དོན་དམ་པ་འབྱུང་། དེ་བཞིན་བདག་གི་སྒྱུ་མ་ལྟ་བུ་ལས་བསོད་ནམས་སྒྱུ་མ་ལྟ་བུ་
བསྒྲུབས་པས་འགལ་བ་མེད་དོ། །གཞན་ཡང་དོན་དམ་ཡིན་ཀྱང་བསོད་ནམས་ལུང་ལས་བཤད་པ་བཞིན་དེ་བཞིན་སྒྱུ་མ་ལྟ་བུ་ཡང་ངོ་། །བྱེ་བྲག་མེད་པར་སྒྱུ་མ་ལྟ་བུར་བསྒྲུབས་པའི་ཕྱིར་རོ། །གལ་ཏེ་སེམས་ཅན་རྣམས་སྒྱུ་མ་ལྟ་བུ་ཡིན་ན། དེའི་ཚེ་རྒྱུ་མཚན་གང་གིས་ཤི་བ་དེ་སྐྱེ་བར་
Vol. 106 · folio 260a
འགྱུར། སྒྱུ་མའི་སྐྱེས་བུ་ཤི་བ་ནི་སླར་སྐྱེ་བ་མེད་ཀྱི་འདི་དག་ནི་སྐྱེ་སྟེ། དེ་བས་དངོས་པོ་ཐམས་ཅད་དོན་དམ་པར་ཡོད་པར་གྲུབ་པོ། །འདིར་ནི་ལན་ཏེ་ཇི་སྲིད་དུ་རྐྱེན་རྣམས་སྔགས་དང་སྨན་ལ་སོགས་པའི་ཚོགས་པ་ཚང་བ་ཡོད་པ། དེ་སྲིད་དུ་སྒྱུ་མའང་རྒྱུན་དུ་ཡོད་
པ་ཉིད་དེ་ལྟར་ཇི་སྲིད་མ་རིག་པ་དང་ལས་དང་སྲེད་པ་ལ་སོགས་པའི་ཚོགས་པ་ཡོད་པ་འཕགས་པའི་ལམ་གྱིས་མ་བཅོས་པ་དེ་སྲིད་དུ་ཕུང་པོའི་རྒྱུན་སྐྱེ་བ་དང་འཆི་བའི་སྒྱུ་མ་ཡང་རྟེན་ཅིང་འབྲེལ་པས་ཡོད་པའོ། །འོ་ན་སྒྱུ་མ་ལྟར་ཡུན་རིངས་མི་གནས་པར་རིགས། ཇི་ལྟར་འཁོར་བ་ན་ཡོད་
པའི་བར་དང་འཇུག་ཅེ་ན། སྨྲས་པ། རྒྱུན་རིངས་ཙམ་གྱིས་ཇི་ལྟ་བར། །སེམས་ཅན་བདེན་པར་ཡོད་པ་ཡིན། །ཡུན་རིངས་གནས་པ་ཙམ་གྱིས་ཡང་དག་པར་ག་ལ་འགྲོ །ཡུན་རིངས་གནས་པའི་རྒྱུན་ཙམ་གྱིས་སེམས་ཅན་དོན་དམ་པར་ཡོད་པར་ཇི་ལྟར་ཁས་ལེན། དེ་ལྟ་ཡིན་
ན་འཁོར་བ་གནས་པའི་བར་སྐབས་སུ་དྲི་ཟའི་གྲོང་ཁྱེར་གྱི་སྣང་བ་དེ་ཡང་དོན་དམ་པར་འགྱུར། གཞན་ཡང་གང་དག་རྒྱུ་ལས་བྱུང་བ་ལ་དེ་མེད་ན་ནི་མེད་པར་འགྱུར། གཟུགས་བརྙན་དང་ནི་མཚུངས་པ་ཉིད། །གསལ་བར་ཅི་ཡི་ཕྱིར་མི་འདོད། །འོ་ན་ཇི་ལྟར་སྒྱུ་མ་མཁན་གྱིས་སྤྲུལ་
པའི་སྐྱེས་བུ་བསད་པ་ལ་སོགས་པ་བྱས་ཀྱང་སྲོག་གཅོད་པ་མེད་པ་ལྟར། སྐྱེས་བུ་གཞན་བསད་ཀྱང་མེད་པར་འགྱུར་ཏེ། ཁྱད་མེད་པས་ཤེ་ན། སྨྲས་པ། སྒྱུ་མ་ལ་སོགས་པའོ། །སྒྱུ་མའི་སྐྱེས་བུ་བསད་པ་ན་སོགས་པའི་སྒྲས་དེའི་ནོར་འཕྲོག་པ་ལ་སོགས་པ་ན་རང་བཞིན་མེད་པར་
མཚུངས་པ་ཡིན་ཀྱང་། སྤྲུལ་པ་ལ་རྣམ་ཤེས་མེད་པས་སྡིག་པ་མི་སྐྱེད། སྲོག་གཅོད་པའི་དངོས་གཞི་མི་འབྱུང་སྟེ། སྲོག་མེད་པའི་ཕྱིར་རོ། །རྡེག་པས་སྦྱོར་བའི་སྡིག་པ་ནི་འབྱུང་བའང་ཡོད་དོ། །འོ་ན་སེམས་ཅན་ལ་ཇི་ལྟར་ཞེ་ན། སྨྲས་པ། སེམས་ཁོ་ན་སྒྱུ་མ་སྟེ། དེ་དང་ལྡན་པ་
ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ་གཉི་ག་འབྱུང་ངོ་། །སེམས་དེ་ལ་བདེ་སྡུག་སྐྱེད་པས་སོ། །གཞན་ཡང་དངོས་པོར་སྨྲ་བ་ལ། དངོས་པོ་མཉམ་པ་ཡིན་ཀྱང་གསོན་པའི་ལུས་བཅད་པ་ལྟར། ཤིང་བཅད་པ་ལ་སྲོག་གཅོད་མི་འབྱུང་བ་ལྟར། སྒྱུ་མ་ལྟ་བུར་མཉམ་པ་
Vol. 106 · folio 260b
ལའང་ཤེས་པར་བྱའོ། །སེམས་སྒྱུ་མ་ཞེས་གང་གསུངས་པ། དེ་ལ་གཞན་གྱིས་གནོད་པར་བཤད་དེ། སྔགས་ཞེས་བྱ་བ་ལ་སོགས་པའོ། །ནོར་བུ་དང་སྔགས་དང་སྨན་ལ་སོགས་པས་སེམས་བསྐྱེད་མི་ནུས་པས། སེམས་སྒྱུ་མའི་རང་བཞིན་མ་ཡིན་ལ། སྒྱུ་མ་མཁན་གྱི་གླང་པོ་ལ་སོགས་པ་བཞིན་སེམས་བྱེད་མི་
ནུས་པས། དེ་ཇི་ལྟར་སྒྱུ་མར་འགྱུར་ཞེ་ན། བསམ་པ་འདི་སྟེ། སྔགས་ལ་སོགས་པ་མ་བྱས་པས་སེམས་དོན་དམ་པར་གྲུབ་པོ་ཞེས་སོ། །དེ་ལ་ལན་བཤད་དེ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པའོ། །སྒྱུ་མ་ཞེས་པའི་སྒྲ་མཚུངས་ཀྱང་དེའི་རྒྱུ་རྣམས་གཅིག་མ་ཡིན་ཏེ། འོན་ཀྱང་སྣ་ཚོགས་པ་
ཡིན། དགོངས་པ་འདི་སྟེ། རྒྱུ་ལས་བྱུང་བས་བྱས་པའི་ཕྱིར་སེམས་ལ་སོགས་པ་སྒྱུ་མ་ལྟ་བུར་བཤད་པ་བསྒྲུབ་བྱ་ཡིན་ལ། དཔེ་ནི་སྒྱུ་མ་མཁན་གྱིས་སྤྲུལ་པ་ཡིན། དེ་ལ་སྔགས་ལ་སོགས་པས་མ་བྱས་པས་ཇི་ལྟར་བདེན་པར་གྲུབ། གལ་ཏེ་བྱས་པ་མ་ཡིན་པར་སྒྲུབ་པར་ནུས་ན་བདེན་པ་ཡིན་
ཏེ། དེ་ནི་མེད་དོ། །དེ་ཉིད་བཤད་དེ། སྔགས་ལ་སོགས་པ་གཅིག་གིས་སེམས་ལ་སོགས་པ་ཐམས་ཅད་བསྐྱེད་པར་མི་ནུས་ཏེ། གང་ན་ཡང་ནི་ཡུལ་ལམ་དུས་སོ། །དེ་བས་སྒྱུ་མ་ལ་ལ་ལ་སྔགས་ལ་སོགས་པ་ལས་འབྱུང་། ལ་ལ་སེམས་ལ་སོགས་པ་མ་རིག་པ་ལ་སོགས་པ་ལས་འབྱུང་། དེ་བས་
རྒྱུ་ལས་བྱུང་བའི་ཕྱིར་བྱས་པ་ཡིན་པས་སོ། །རང་བཞིན་གྱིས་མྱ་ངན་ལས་འདས་པ་ཆོས་ཐམས་ཅད་ཅེས་བྱ་བ་མི་བཟོད་ཅིང་གཞན་གྱིས་སྨྲས་ཏེ། གལ་ཏེ་ལ་སོགས་པའོ། །རང་བཞིན་གྱིས་སྟོང་པས་སྐྱེ་བ་ལ་སོགས་པ་དང་བྲལ་བ། དོན་དམ་པར་མྱ་ངན་ལས་འདས་པ་གལ་ཏེ་ཀུན་རྫོབ་ཏུ་
སྐྱེ་བ་དང་འཆི་བའི་རིམ་པས་འཁོར་བར་འཁོར་ན་དེའི་ཚེ་སྒྲིབ་པ་ཐམས་ཅད་སྤངས་ནས་མྱ་ངན་ལས་འདས་པ་སངས་རྒྱས་ཀྱང་དེ་ལྟར་འཁོར་བར་འགྱུར། དེ་བས་ན་ལག་པ་དང་རྐང་པ་ལ་སོགས་པ་འབུལ་བའི་བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ། སྡུག་བསྔལ་ཐམས་ཅད་ཞི་བ་དང་། ཡོན་ཏན་ཐམས་ཅད་
ཐོབ་པའི་ཕྱིར་སྤྱོད་པ་ཡིན་མོད་ཀྱི། དེ་ལྟར་བྱས་ཀྱང་དེས་ཅི་འདི་ལ་ལན་ནི་ཇི་སྲིད་རྐྱེན་རྣམས་ལ་སོགས་པས་ལན་བཏབ་ཏུ་ཟིན་ཀྱང་། གསལ་བར་བྱ་བའི་ཕྱིར་སླར་གསུངས་པ། རྐྱེན་རྣམས་ཞེས་བྱ་བ་ལ་སོགས་པའོ། །དོན་དམ་པར་འཁོར་བ་མེད་པ་ཉིད་འཁྲུལ་པས་འཁོར་བའི་སྣང་བ་ནི་གཏི་མུག་ཡོད་
Vol. 106 · folio 261a
པ་ཇི་སྲིད་དུའོ། །འཕགས་པའི་ལམ་གྱིས་གཏི་མུག་སྤངས་ནས་དེའང་མེད་པར་འགྱུར་རོ། །དགོངས་པ་འདི་སྟེ། དོན་དམ་པར་ཆོས་ཐམས་ཅད་མྱ་ངན་ལས་འདས་ཞེས་བྱ་བར་ཆོས་ཐམས་ཅད་མི་དམིགས་པར་བཤད་དོ། །དེ་ནི་འཕགས་པ་རྣམས་ཀྱིས་དངོས་གཞིའི་ཏིང་ངེ་འཛིན་གྱི་
སྤྱོད་ཡུལ་ལོ། །དེ་ལ་ཆོས་རྣམས་ཀྱང་མེད་འཁོར་བའི་གཏམ་ལྟ་ཅི་སྨོས། གང་གི་དོན་དམ་པ་སྤྱོད་ཡུལ་དུ་མ་གྱུར་པའི་སེམས་ཅན་དེའི་སྤྱོད་ཡུལ་ཀུན་རྫོབ་ཁོ་ན་སྟེ་དེ་ནི་གཏི་མུག་ཡིན། རྨོངས་པ་ལ་སྐྱེ་བ་དང་འཆི་བ་ལ་སོགས་པའི་དུཿཁ་མྱོང་བ་ཡོད་པ་ཉིད། དེ་བས་སྲིད་པ་དང་གཏི་མུག་ལ་སོགས་པ་རྐྱེན་
ཡོད་པའི་བར་དུ། སྐྱེ་བ་ལ་སོགས་པའི་སྒྱུ་མ་འང་མི་ལྡོག་གོ། །གཏི་མུག་ལ་སོགས་པའི་རྐྱེན་རྣམས་འཕགས་པའི་ལམ་གྱིས་བཅད་པ་ན་སྐྱེ་བ་ལ་སོགས་པ་ཀུན་རྫོབ་ཏུ་འང་མི་འབྱུང་བས་སངས་རྒྱས་ཀྱང་ནི་འཁོར་འགྱུར་བ་ཞེས་བྱ་བའི་ཐལ་འགྱུར་ག་ལ་ཡོད། དེ་ལྟར་མདོ་སྡེ་པ་ལ་སོགས་པའི་ཀླན་ཀ །
སྤངས་ནས། རྣལ་འབྱོར་སྤྱོད་པ་པས་བཀོད་པའི་སྐྱོན་བཤད་དེ། གང་ཚེ་ལ་སོགས་པའོ། །གང་གི་ཚེ་འགྲོ་བ་སྒྱུ་མ་ལྟ་བུར་ཁས་བླངས་ནས། གང་དོན་དམ་པའི་བློ་དེ་ནི་ཕྱི་རོལ་གྱི་དངོས་པོ་སྣང་ཞེས་བྱ་བས་འཁྲུལ་པར་གྱུར་པ་ཕྱི་རོལ་བཞིན་དུ་དེ་འང་དབུ་མ་པ་ལ་མེད་ན། དེའི་ཚེ་སྒྱུ་མ་སུས་
དམིགས། གང་ལ་རང་གི་སེམས་དོན་དམ་པར་ཡོད་པ་ཕྱི་རོལ་གྱི་དངོས་པོར་སྣང་ཞེས་འཁྲུལ་པ་ཕྱི་རོལ་གྱི་དངོས་པོའི་ཚུལ་དུ་སྣང་། དེ་ལ་འདི་མེད་དོ། །ལན་ནི་གང་ཚེ་ལ་སོགས་པའོ། །འདི་ནི་མཉམ་སྟེ་གང་གི་ཚེ་གླང་པོ་ཆེ་ལ་སོགས་པའི་རྣམ་པ་གཟུང་བར་བྱ་བའི་སྒྱུ་མ་སེམས་ཙམ་པ་ལ་མེད་པ། སེམས་ཙམ་
དུ་ཁས་བླངས་པས་ཏེ། དེའི་ཚེ་ཅི་དམིགས་ཕྱོགས་ངེས་པ་ལ་སོགས་པ་རྣམ་ཤེས་ལས་ཐ་དད་པ་སྣང་བ་མི་རིགས་སོ། །གང་གི་ཕྱིར་བཤད་པ། འདིར་ནི་ཀུན་བརྟགས་མེད་པའི་ཕྱིར། །གཞན་དབང་ཁོ་ན་ཡོད་པ་སྟེ། །སེམས་ཙམ་ཡོད་པར་སྨྲ་བ་ལ། །མཐའ་གཉིས་སྤངས་པ་མེད་པའོ། །ཀུན་དུ་བརྟགས་
པ་ཕྱི་རོལ་མེད་པས་ཆད་པའི་མཐའ། །ཉོན་མོངས་གཞན་གྱི་དབང་དུ་གྱུར་པའི་རྣམ་ཤེས་ཡོད་པས་རྟག་པའི་མཐའ། །དེ་བས་རྣམ་ཤེས་དོན་དམ་པར་ཡོད་པར་འདོད་པ་སྤང་བར་འཚལ་ལོ། །གལ་ཏེ་ཕྱི་རོལ་མེད་ཀྱང་འཛིན་པའི་རྣམ་པ་ལས་གཞན་སེམས་ཁོ་ནའི་རྣམ་པ་དོན་དམ་པར་ཡོད་ཅེས་སྨྲ་ན། དེ་
Vol. 106 · folio 261b
ནི་མི་རིགས་ཏེ་རྣམ་ཤེས་ཁོ་ན་སྒྱུ་མ་ཡིན་པས་དོན་དམ་པར་ཡོད་པ་དབུ་མ་ལ་མ་གྲུབ་པའི་ཚེ། དེའི་རྣམ་པ་གཞན་དོན་དམ་པར་ཇི་ལྟར་གྲུབ། དེ་མ་གྲུབ་ན་གཟུང་བར་བྱ་བ་གང་ཞིག་འཛིན་པ་གང་གིས་མཐོང་། ཆོས་ཅན་མ་གྲུབ་ན་ཆོས་མི་འགྲུབ་པའི་ཕྱིར་རོ། །གཞན་གྱིས་སྨྲས་ཏེ། འོ་ན་རང་རིག་གི་ཤེས་
པས་རང་རིག་ཅིང་དེ་ལས་ཐ་མི་དད་པ་སྒྱུ་མའི་སྣང་བ་ཡང་རིག་སྟེ། སྔར་བཀོད་པའི་སྐྱོན་མེད་དོ། །ལན་བཤད་དེ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པའོ། །གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། དེས་སེམས་ཀྱི་རྒྱུན་ཚོལ་ཏེ་དེ་ལ་འདི་ལྟར་འབྱུང་། དམིགས་པ་ཡོད་ན་སེམས་སྐྱེའི། འོ་ན་སེམས་ཀྱང་
གཞན་ལ་དམིགས་པའང་གཞན་ཡིན་ནམ། གང་ན་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཏེ། གལ་ཏེ་དམིགས་པའང་གཞན་ལ་སེམས་ཀྱང་གཞན་ཡིན་ན་སེམས་གཉིས་སུ་འགྱུར། གལ་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན། དེ་ཇི་ལྟར་སེམས་ཉིད་ཀྱིས་སེམས་མི་མཐོང་ངོ་། །རལ་གྲིའི་སོ་དེ་
ཉིད་ཀྱིས་སོ་དེ་ཉིད་མི་ཆོད། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་རེག་པར་མི་ནུས་ཞེས་བྱ་བ་ལ་སོགས་པའོ། །དགོངས་པ་འདི་སྟེ། འཇིག་རྟེན་གྱི་སྣང་བ་ཇི་ལྟ་བར་སྤྱད་པ་ཡིན་གྱི། དེ་ལ་ནི་གཟུང་འཛིན་གྱི་སྣང་བ་ཡོད་ཀྱི་དེའང་མ་རིག་པ་ལས་བྱུང་ཕན་ཚུན་དུ་ལྟོས་པ་ཅན་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལས་ཀྱང་གསུངས་པ། དམིགས་པ་དང་བཅས་པ་ཁོ་ན་ལ་སེམས་པ་སྐྱེའི་དམིགས་པ་མེད་པ་ལ་ནི་མ་ཡིན། དམིགས་པ་དང་བཅས་པ་ལ་ལས་སྐྱེའི་དམིགས་པ་མེད་པ་ལ་མ་ཡིན་ནོ་ཞེས་སོ། །དེ་བས་ན་སེམས་ཀྱིས་རང་མི་མཐོང་ཞེས་པ་ལུང་ལས་གྲུབ་པ་ཡང་མ་ཡིན་ལ། འཇིག་རྟེན་གྱི་སྣང་
བས་གྲུབ་པ་ཡང་མ་ཡིན་ཞིང་རིགས་པས་ཀྱང་མི་འགྲུབ་བོ། །གཞན་ཡང་བློ་ཀུན་རྫོབ་རྣམ་རྟོག་ཡིན་ཏེ། རྣམ་རྟོག་ལས་གཞན་པའི་འཁོར་བ་འགའ་ཞིག་ཀྱང་མེད་དོ་ཞེས་གསུངས་པས་གྲོལ་བར་འདོད་ཀྱང་སྲིད་པར་ལྷུང་བའི་ཕྱིར་རོ། །སེམས་ཙམ་པ་རང་རིག་བསྒྲུབ་པའི་ཕྱིར་དཔེ་བཤད་དེ། ཇི་
ལྟར་མར་མེས་བུམ་པ་ལ་སོགས་པ་མུན་པ་ལ་ཡོད་པ་སྣང་བར་བྱས་ཤིང་རང་ཡང་སྣང་བར་བྱེད་པ་དེ་བཞིན་དུ་རང་རིག་ཀྱང་སྣང་ཞེ་ན། ལན་ནི་བུམ་པ་ལ་སོགས་པ་བཞིན་དུ་མར་མེ་སྣང་བར་བྱ་བ་མ་ཡིན་གྱི། གང་གི་ཕྱིར་མུན་པས་བསྒྲིབས་པ་ཡང་མ་ཡིན་ནོ། །བསྒྲིབས་པ་སྣང་བར་བྱ་བ་ཡིན་གྱི་བུམ་པ་ལ་
Vol. 106 · folio 262a
སོགས་པ་བཞིན་ནོ། །མར་མེ་ནི་བསྒྲིབས་པ་མ་ཡིན་ཏེ། མུན་པ་ལ་མར་མེ་མེད་པས་གང་སྣང་བར་བྱེད། མར་མེ་ལ་མུན་པ་མེད་པར་ཅིས་སྣང་བར་བྱེད། གཞན་གྱིས་སྨྲས་ཏེ་གཞན་ལ་མ་ལྟོས་པར་སྣང་བ་ཁོ་ན་བརྗོད་དེ། ཤེལ་བཞིན་ལ་སོགས་པའོ། །ཇི་ལྟར་ཤེལ་རང་གི་
སྔོན་གྱི་སྔོན་པོ་མ་ཡིན་པ་སྔོན་པོ་བྱེད་པ་ལ། ལོ་མ་སྔོན་པོ་ལ་སོགས་པ་ལ་ལྟོས་པ་ཅན་དེ་ལྟར་རང་བཞིན་གྱི་སྔོན་པོའི་དངོས་པོ་ནི་མ་ཡིན་ནོ། །དེ་ལྟར་བུམ་པ་ལ་སོགས་པ་འགའ་ཞིག་གཞན་ལ་ལྟོས་པ་ཅན་ཡིན་ལ་མར་མེ་ལ་སོགས་པ་ནི་ལྟོས་པ་མེད་པར་སྣང་བ་ཞེས་བརྗོད་དོ། །ལན་ནི་སྔོ་ཉིད་མིན་ལ་
ཞེས་བྱ་བ་ལ་སོགས་པའོ། །དཔེ་འདི་འང་མཚུངས་པ་མ་ཡིན་ལ་གང་གི་ཕྱིར་སྔོན་པོ་ཡང་སྔོན་པོ་ཉིད་ལ་མ་ལྟོས་པ་མ་ཡིན་ཏེ། རང་གི་རྒྱུ་ལ་ལྟོས་པའི་ཕྱིར་རོ། །གལ་ཏེ་མི་སྔོ་བར་སྐྱེས་བཞིན་དུ། གཞན་ལ་མ་ལྟོས་པར་རང་གིས་རང་སྔོན་པོར་བྱེད་ན། དེ་ལྟར་འབྱུང་གི་དེ་ནི་མེད་དེ། སྔར་བཞིན་དུ་
རང་ཉིད་ཀྱིས་རང་བྱེད་པ་འགལ་བས་སོ། །གང་བཤད་པ། རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པར་རབ་ཏུ་སྐྱེ་བ་སྟེ། །ཞེས་བྱ་བ་ལ་སོགས་པ་དེས་ཀྱང་རང་རིག་ཏུ་མི་འགྲུབ་སྟེ། བྱས་པ་གཟུགས་བརྙན་ལྟ་བུ་རང་བཞིན་མེད་པའི་ཕྱིར། རང་གི་རང་བཞིན་མེད་ལ་བེམས་པོ་ཡང་མ་གྲུབ་པས་གང་ལས་
ལོག །དེ་ནི་མར་མེ་རང་གིས་གསལ་བར་ཁས་བླངས་ནས། བློ་རང་ཉིད་ཀྱིས་གསལ་བར་མི་རིགས་པར་བཤད་དེ། མར་མེ་ལ་སོགས་པའོ། །མར་མེ་གསལ་བའི་རང་བཞིན་ལྟ་ཞོག །དེ་ལྟ་ཡིན་ཀྱང་རང་རིག་བསྒྲུབ་པའི་དོན་དུ། དཔེ་མི་མཚུངས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མར་མེ་གསལ་བར་བྱེད་དོ་ཞེས་མར་
མེའི་རྣམ་པ་ཅན་ཤེས་པས་ཤེས་ཏེ་བརྗོད། ཤེས་པ་ནི་རྣམ་པ་གང་གིས་སམ་གང་གིས་ཤེས་ནས་བརྗོད་ཅེས་ཕ་རོལ་ལ་འདྲི་བར་འདུག །དང་པོའི་ཤེས་པས་མ་ཡིན་ཏེ། དུས་དེར་མ་སྐྱེས་སོ། །ཕྱིས་འབྱུང་འགྱུར་གྱིས་ཀྱང་མ་ཡིན་ཏེ། འདི་དེའི་ཚེ་འདས་པས་སོ། །དུས་མཉམ་པར་ཡང་མ་ཡིན་ཏེ། དེས་འདི་ལ་ཕན་
མ་བཏགས་སོ། །སྒྱུ་མར་གྱུར་པ་ཡུལ་མ་ཡིན་ཞེས་གསུངས་པས། ཕན་མ་བཏགས་པ་ཡུལ་མ་ཡིན་པའི་ཕྱིར་རོ། །རང་ཉིད་ཀྱིས་ཀྱང་མ་ཡིན་ཏེ། རྩོད་གཞི་ཡིན་པའི་ཕྱིར་རོ། །དེ་བས་རང་རིག་མི་རིགས་ཞེས་བཤད་དེ། །གང་ཚེ་ཞེས་བྱ་བ་ལ་སོགས་པའོ། །མར་མེ་བཞིན་དུ་གསལ་བ་འམ། །བུམ་པ་
Vol. 106 · folio 262b
བཞིན་དུ་མི་གསལ་བའང་རུང་། སྐྱེ་བོ་རྣམས་ཀྱི་ཡུལ་ཁོ་ན་མྱོང་བས་གང་གི་ཚེ་བློ་སུས་ཀྱང་མཐོང་བ། རང་གིས་སམ་ཤེས་པ་གཞན་གྱིས་མཐོང་ན་སྨོས། བློའི་ཁ་དོག་དང་དབྱིབས་གང་ཡིན། དེའི་ཚེ་མོ་གཤམ་གྱི་བུ་མོའི་འགྱིང་བག་བཞིན། རང་རིག་དེ་བརྗོད་ཀྱང་འབྲས་བུ་
མེད་དོ། །ཕ་རོལ་པོས་སྨྲས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་སོ། །གལ་ཏེ་རྣམ་ཤེས་ལ་རང་རིག་མེད་ན་དེའི་ཚེ་རྣམ་ཤེས་ཇི་ལྟར་དྲན། མྱོང་བ་གསལ་ན་དྲན་པ་སྐྱེའི། མ་མྱོང་ན་དྲན་པ་གང་ནས་འབྱུང་། ལན་ནི་གལ་ཏེ་དྲན་པ་ནི་རང་རིག་གིས་བྱེད་པར་ངེས་ན། མེས་དུ་བ་ལྟར་དེའི་ཚེ་དེ་
ལྟ་ཡིན་གྱི། རང་རིག་ནི་མ་གྲུབ་པས། དེ་དང་བྱ་བ་དང་བྱེད་པ་ཇི་ལྟར་འགྲུབ། བདག་ལ་ནི་གཞན་མྱོང་བ་ལ་སོགས་པས་སོ། །འཛིན་པའི་ཤེས་པ་ལས་གཞན་གཟུང་བ་མྱོང་བ་ན། ཤེས་པ་དྲན་པ་སྐྱེའོ། །གཞན་མྱོང་བས་གཞན་དྲན་ན་ཧ་ཅང་ཐལ་བའི་སྐྱོན་ཡང་མེད་དེ་འབྲེལ་པ་ཡོད་པས་སོ། །
ཡུལ་གྱིས་བསྐྱེད་པར་བྱ་བ་ཡིན་ཤེས་པ་དྲན། མྱོང་བ་དང་བཅས་པའི་ཡུལ་དྲན། ཡུལ་མྱོང་བ་ནི་ཤེས་པ་ཉིད་དོ། །དེ་ལྟ་ཡིན་ཀྱང་། ཤེས་པ་མྱོང་བ་མེད་ན་ཇི་ལྟར་དྲན་ཞེ་ན། སྨྲས་པ། དྲན་འགྱུར་བྱི་བའི་དུག་བཞིན་ནོ། །བྱི་བ་ནི་འདིར་བ་བླ་བྱུགས་ཏེ། དེའི་དུག་དེས་རྨུགས་པའི་རྨས་ལུས་ལ་
སྔར་བཀྲམ་པ་དུས་གཞན་དུ་འབྲུག་སྒྲ་གྲག་པའི་དུས་ན་ལྡང་བར་འགྱུར་རོ། །དགོངས་པ་འདི་ལྟ་སྟེ། ཇི་ལྟར་རྨུགས་པའི་དུས་སུ་དུག་མ་ལངས་ཀྱང་དུག་གཞན་དུ་ལྡང་བ་ལྟར། ཡུལ་མྱོང་བའི་དུས་སུ་རྣམ་ཤེས་མ་མྱོང་ཡང་དུས་གཞན་དུ་དྲན་ཏེ། འགྲོ་ཞིང་གྱོ་མོག་ལ་སོགས་པའི་རྨའི་རྣམ་
ཤེས་བཞིན་ནོ། །སེམས་ཙམ་པས་སྨྲས་ཏེ། རྐྱེན་ལ་སོགས་པའོ། །རྐྱེན་གཞན་ནི་ཡེ་ཤེས་དབབ་པ་ལ་སོགས་པ་དང་། གཞན་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་ཤེས་ཏེ། དེ་དག་དང་ལྡན་པ་མཐོང་བས་རང་རིག་ཡོད་ཅེ་ན། ལན་ནི་གྲུབ་པའི་མིག་སྨན་གྱི་ཆོ་གས་མཐོང་བ། ས་འོག་
ཏུ་སྦས་པའི་རིན་པོ་ཆེའི་བུམ་པ་མིག་སྨན་དུ་མི་འགྲོ་སྟེ། གང་ཞིག་གང་ལ་སྣང་བ་དེ་དེ་ཉིད་མི་འགྱུར། ཡེ་ཤེས་དབབ་པ་ལ་སོགས་པའི་རྐྱེན་དང་ལྡན་པའི་ཤེས་པས། གཞན་གྱི་སེམས་བུམ་པ་ལ་སོགས་པ་ལྟར་མཐོང་ཡང་དེ་རང་རིག་ཏུ་མི་འགྲུབ། གཞན་གྱི་སེམས་ཤེས་པའི་མངོན་ཤེས་
Vol. 106 · folio 263a
ཀྱིས་མཐོང་བའི་སེམས་གལ་ཏེ་མངོན་ཤེས་སུ་འགྱུར་ན། དེའི་ཚེ་རང་གིས་རང་རིག་པས། རང་རིག་གྲུབ་སྟེ་དེ་ནི་མེད་དོ། །འོ་ན་ཤེས་པ་མ་མྱོང་ན་དོན་མྱོང་བར་མི་འགྱུར། དེ་མ་མྱོང་ན་དོན་གསལ་བར་མི་འགྱུར་བའི་ཕྱིར་རོ། །དེ་བཤད་པ་ཤེས་པ་ནི་རྟོགས་པའི་དོན་ཞེས་
སོ། །དེ་ལྟ་ཡིན་ན་བུམ་པས་རས་ཀྱང་གསལ་བར་བྱེད་དོ། །ཤེས་པ་གཞན་གྱིས་རིག་ན་ཐུག་པ་མེད་དོ། །དེས་གང་བཤད་པ་གཞན་མྱོང་བ་ལ་སོགས་པ་དེ་མི་རིགས་དོན་མྱོང་བ་མེད་པས་སོ། །མཐོང་བ་ལ་སོགས་པའི་ཐ་སྙད་ཀྱང་འཇིག་རྟེན་དུ་མེད་པར་འགྱུར་རོ། །འདིར་ལན་བཤད་དེ།
ཇི་ལྟར་ལ་སོགས་པའོ། །མཐོང་བ་ལ་སོགས་པའི་ཐ་སྙད་ཀྱི་དོན་དམ་པར་མེད་པར་འགྱུར་བའམ། ཡང་ན་ཀུན་རྫོབ་ཏུ་མེད་པར་འགྱུར་རོ། །དེ་ལ་དོན་དམ་པར་མེད་པར་འགྱུར་ཟེར་ན་འདོད་པ་ཉིད། ཀུན་རྫོབ་པ་ཀུན་དེ་ལ་མེད་པའི་ཕྱིར་རོ། །གལ་ཏེ་ཀུན་རྫོབ་ཏུ་ཟེར་ན་དེའི་ཚེ་ཇི་ལྟར་མཐོང་བ་ནི་
མིག་གི་རྣམ་ཤེས་ལ་སོགས་པའོ། །ཐོས་པ་ནི་གཞན་ལས་དང་ལུས་ལས་སོ། །ཤེས་པ་ནི་ཚུལ་གསུམ་པའི་རྟགས་ལས་བྱུང་བའི་རྗེས་དཔག་ལས་སོ། །དེ་ཐམས་ཅད་དགག་པ་ནི་མ་ཡིན་གྱི་མ་དཔྱད་པར་ལེགས་པར་ཞོག །དོན་དམ་པར་མ་ཡིན་ནོ། །གང་གི་ཕྱིར་གསུངས་པ། མཐོང་དང་ཐོས་
སོགས་ཐུབ་པ་ཡིས། །བདེན་དང་བརྫུན་པར་མ་གསུངས་སོ། །ཕྱོགས་ལས་བཟློག་ཕྱོགས་ཡོད་པའི་ཕྱིར། །དེ་གཉིས་དོན་ལ་མེད་པའོ། །ཞེས་སོ། །དེ་ཤེས་པ་མ་རིག་ན་དོན་མི་རྟོགས་པ་ལ་སོགས་པའི་སྐྱོན་དོན་དམ་པར་མེད་དོ། །གཞན་གྱིས་སྨྲས་པ། གལ་ཏེ་ཐ་སྙད་ཁས་ལེན་ན་ཅི་
འགོག་ཅེ་ན། ལན་བཤད་དེ། དོན་དམ་པར་རྟོགས་པ་ནི་སྒྲོ་བཏགས་པ་བཟློག་པར་བྱ་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་རྒྱུ་ཡིན་པས་ཏེ། སྡུག་བསྔལ་གྱི་ཕུང་པོའི་རང་བཞིན་འཁོར་བའི་རྒྱུ་འཇིགས་པ་ལ་སོགས་པའི་རྟོག་པ་རྒྱུ་ཡིན་པས་མི་བདེན་པར་སྒྲོ་བཏགས་པ་ལ་སོགས་པ་
བཟློག་པ་ཡིན་ནོ། །དེ་བས་རིག་པ་རང་རིག་དོན་དམ་པར་མེད་དོ། །དེས་གསུངས་པ། རྟོགས་བྱ་རྟོགས་བྱེད་རྣམ་པ་ཅན། །སེམས་ནི་རྒྱལ་བས་མ་གཟིགས་སོ། །གང་ལ་རྟོགས་བྱ་རྟོགས་བྱེད་ཡོད། །དེར་ནི་བྱང་ཆུབ་མེད་པ་ཉིད། །ཅེས་སོ། །གང་ཞིག་སེམས་ཙམ་གསུངས་པ། དེ་ཕུང་པོ་ལ་
Vol. 106 · folio 263b
སོགས་པ་བཞིན་དུ་རྟོགས་པར་བྱའོ། །གནས་སྐབས་བཤད་དེ། སེམས་ལས་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་སྒྱུ་མ་ནི་སེམས་ལས་གཞན་ནམ། གཞན་མ་ཡིན་པའམ་གཉིས་ཀའི་ཚུལ་ལམ་གཉིས་ཀའི་ཚུལ་མ་ཡིན་པའམ་ཞེས་མུ་བཞིའོ། །དེ་ལ་གཞན་མ་ཡིན་ཏེ། སེམས་ཙམ་དུ་གྲུབ་
པའི་ཕྱིར་རོ། །གཞན་མ་ཡིན་ན་དེ་ལ། གང་ཚོ་ཁྱོད་ལ་སྒྱུ་མ་ཉིད། །ཅེས་བྱ་བ་ལ་སོགས་པས་སྐྱོན་བཤད་དོ། །ཕན་ཚུན་དུ་འགལ་བ་གཉིས་གཅིག་ཏུ་མི་སྲིད་པས་གཉིས་ཀའི་ཚུལ་མེད་དོ། །མུ་བཞི་པ་ལ་བརྟེན་ནས་བཤད་དེ། སེམས་ལས་ཞེས་བྱ་བ་ལ་སོགས་པའོ། །སྒྱུ་མ་སེམས་ལས། །
གཞན་མ་ཡིན་པས་གཞན་ཡིན་པར་འགོག །གཞན་མ་ཡིན་པ་ཡང་མ་ཡིན་པས། དེ་ཉིད་ཡིན་པ་ཡང་འགོག །གཉིས་ཀ་འགོག་པ་འདི་ནི་མི་རིགས་ཏེ། ཕན་ཚུན་དུ་སྤངས་ཏེ། གནས་པ་གཉིས་གཅིག་འཇུག་པར་མ་བྱས་པར་གཞན་ལྡོག་པར་མི་བཏུབ་པས་གཅིག་ཏུ་གནས་པ་མེད་དོ། །
དེ་བཤད་པ། འཇུག་པ་དང་ནི་ལྡོག་པ་དང་། །དེ་གཉིས་ཁོ་ན་ལྷན་ཅིག་དང་། །དེ་གཉིས་ལྷན་ཅིག་འགོག་པ་སྟེ། །ཀུན་ནས་ཀུན་དུ་མི་རྟོགས་སོ། །ཞེས་སོ། །གཞན་ཡང་སྒྱུ་མ་དེ་དངོས་པོ་ཡིན་ན། ཇི་ལྟར་སེམས་ལས་གཞན་མ་ཡིན། གལ་ཏེ་གཞན་མ་ཡིན་ན་དེའི་ཚེ་སེམས་
ཁོ་ན་སྒྱུ་མ་ཡིན་པས་དོན་དམ་པར་མེད་དོ། །སེམས་འབའ་ཞིག་པ་ཁོ་ནའོ། །གང་ཚེ་ཁྱོད་ལ་སྒྱུ་མ་ཉིད། །མེད་ནའང་དེ་ཚེ་ཅི་ཞིག་དམིགས། །ཞེས་བྱ་བ་ཁོ་ན་ད་ནི་འབྱུང་ངོ་། །དེ་ལྟར་རྣམ་པ་བཞིས་སྒྱུ་མ་མེད་དེ། མེད་ཀྱང་གཏི་མུག་གི་གཟུང་བྱ་ཡིན། དེ་ལྟར་སེམས་ཀྱང་འཛིན་པར་
ཤེས་པར་གྱིས་ཤིག །དོན་དམ་པར་ཡོད་པ་སྒྲོ་བཏགས་ནས་རང་གིས་རང་བཅོམ་ནས་ཅི་བྱ་ཞེས་བྱ་བ་བསྡུས་ཤིང་བཤད་དེ། ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པ་ལྟར་རྒྱུ་མེད་ཀྱང་། ཇི་ལྟར་མཐོང་བར་བྱ་བར་གྱུར་པ་དེ་བཞིན་དུ། ཡིད་
མཐོང་བྱེད་དེ། དོན་དམ་པར་མེད་ཀྱང་ཡུལ་མཐོང་བར་འགྱུར་རོ། །དེས། གང་ཚེ་འཁྲུལ་པ་ཡོད་མིན་ན། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་དེ་བསྒྲུབས་སོ། །ཡང་དོན་དམ་པར་ཡོད་པར་འདོད་པའི་སེམས་ཙམ་པ་ལ་སྨྲས་ཏེ། གལ་ཏེ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པ་དང་
Vol. 106 · folio 264a
རྣམ་པར་བྱང་བའི་རྟེན་སེམས་ཡིན་པས། སེམས་ལ་བརྟེན་པའི་འཁོར་བ་འདི། །དངོས་པོ་ཡིན་ནམ་དངོས་མེད་དམ། །དངོས་པོ་འང་སེམས་སམ་དེ་ལས་གཞན། །གལ་ཏེ་སེམས་ཁོ་ན་དངོས་པོ་ཡིན་ན། དེའི་ཚེ་སེམས་ལས་གཞན་དེ་ལ་བརྟེན་པ་འཁོར་བ་མ་ཡིན།
སེམས་ཀྱང་རང་བཞིན་གྱིས་འོད་གསལ་བས་རྣམ་པར་བྱང་བའི་རང་བཞིན་ཏེ། སྤང་བྱ་མ་ཡིན་ནོ། །གལ་ཏེ་སེམས་ལས་གཞན་ཡིན་ན་དེའི་ཚེ་སེམས་ལས་ཐ་དད་པ་ཡོད་པར་ཁས་བླངས་པས་གྲུབ་མཐའ་ཞིག་གོ། །གལ་ཏེ་དངོས་མེད་ཡིན་ན་དེའི་ཚེ་ནམ་མཁའ་བཞིན་དུ། འཁོར་བ་བརྟགས་པ་
དོན་བྱེད་མི་ནུས་པ་ཉིད་དུ་འགྱུར་རོ། །ཡང་ན་རང་བཞིན་མེད་པས་བདག་གི་གྲུབ་མཐའ་ལ་འཇུག་གོ །གལ་ཏེ་དངོས་པོ་མིན་ཀྱང་དངོས་པོར་ཡོད་པའི་སེམས་བརྟེན་པས་དོན་བྱེད་ནུས་པ་ཡིན་ཞེ་ན། སྨྲས་པ། དངོས་པོ་ལ་བརྟེན་པས་དངོས་མེད་ཀྱིས་ཇི་ལྟར་དོན་བྱེད་ནུས། བརྟེན་པར་བྱ་བ་དང་
རྟེན་པར་བྱེད་པ་ཡང་བྱ་བ་དང་བྱེད་པ་ཉིད་དེ། དངོས་པོ་མ་ཡིན་པ་ནི་བྱ་བ་མ་ཡིན་པས་ཇི་ལྟར་བྱེད། གང་གི་ཕྱིར་དངོས་པོའི་མཚན་ཉིད་དོན་བྱེད་ནུས་པའོ། །དེ་ལྟ་ཡིན་ན་སེམས་གཅིག་པུ་དོན་དམ་པར་སྨྲ་བ་ཁྱོད་ཀྱི་སེམས་འདི་གྲོགས་མེད་པར་གཅིག་པུར་འགྱུར་རོ། །གཉིས་སུ་མེད་
པའི་སེམས་འདོད་པ་ཁོ་ན་ཡིན་ཞེ་ན། དེ་ལྟ་ཡིན་ཀྱང་རྒོལ་བ་ལས་མི་གྲོལ་ཞེ་ན། བཤད་དེ། གཟུང་བར་བྱ་བ་དང་བྲལ་བ་ནི་ཉེ་བར་མཚོན་པས་འཛིན་པ་ལ་སོགས་པ་དང་བྲལ་བའོ། །ཡང་ན་འཛིན་པ་ཡང་གཟུང་བར་བྱ་བ་ལ་རག་ལས། དེའང་འཛིན་ནོ། །གང་གི་ཚེ་འགྲོ་བ་མཐའ་དག་གིས་
སེམས་གཉིས་སུ་མེད་པའི་རང་བཞིན་དུ་གྱུར་པ། དེའི་ཚེ་ཐམས་ཅད་སངས་རྒྱས་ཡིན་པར་འགྱུར་རོ། །དེ་བས་ཀུན་ནས་ཉོན་མོངས་པ་སྤང་བའི་ཕྱིར། འཕགས་པའི་ལམ་བསྒོམ་པ་དོན་མེད་དུ་འགྱུར་རོ། །དེ་ནི་མ་ཡིན་ཏེ། དེ་བས་གཟུང་བར་བྱ་བ་ལ་སོགས་པ་དང་བྲལ་ཀྱང་། དངོས་
པོར་མངོན་པར་ཞེན་པ་མཉམ་དུ་ཡོད་པས། ཉོན་མོངས་པ་མ་སྤངས་པར་བཤད་དེ། དེ་ལྟ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཙམ་དུ་ཡོད་པར་བརྟགས་ཀྱང་ཡོན་ཏན་ཅི་ཞིག་ཐོབ། ཉོན་མོངས་པ་ལ་སོགས་པའི་ཀུན་སློང་མཚུངས་པས་སོ། །འོ་ན་ཁྱེད་ལ་ཡང་འདི་མཚུངས་ཤེ་ན། སྨྲས་པ་
Vol. 106 · folio 264b
སྒྱུ་མ་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་སྒྱུ་མ་ལྟ་བུར་ཤེས་ཀྱང་ཇི་ལྟར་ཉོན་མོངས་པ་ཟློག །གང་གི་ཚེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ལ། དེ་སྤྲུལ་མཁན་ལ་ཡང་ཆགས་པ་སྐྱེ་ན་གང་རྨོངས་པར་བྱ་བའི་ཕྱིར་དེ་སྤྲུལ་པ་དེ་ལྟ་ཅི་སྨོས། དེ་བས་སྒྱུ་མ་ལྟ་བུར་ངེས་ཀྱང་སྲིད་པའི་རྒྱུན་གཅོད་
པར་ཇི་ལྟར་འགྱུར། དེ་ལ་ལན་བཤད་དེ། དེ་བྱེད་པ་ནི་ལ་སོགས་པའོ། །འདིའི་སྐྱོན་ནི་མེད་དེ། གང་གི་ཕྱིར་སྐྱེ་བོ་རྣམས་ལ་མཛེས་མ་སྤྲུལ་མཁན་གྱི་ཤེས་བྱ་ལ་རང་བཞིན་དུ་སྒྲོ་བཏགས་པས་ཉོན་མོངས་པ་འདོད་ཆགས་ཀྱི་བག་ཆགས་ཤེས་བྱའི་སྒྲིབ་པ་འཕགས་པའི་ལམ་གྱིས་མ་སྤངས་སོ། །
འོ་ན་སེམས་ཙམ་པར་སྨྲ་བ་ལའང་འདི་མཚུངས་ཏེ། འདི་ལྟར་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཡོད་ཀྱང་གློ་བུར་བ་ཉོན་མོངས་པའི་བག་ཆགས་མ་སྤངས་པས། སེམས་ཅན་ཐམས་ཅད་རྒྱལ་བར་མི་འགྱུར་རོ་ཞེ་ན། མི་མཚུངས་ཏེ་ཁྱོད་ཀྱི་རྣམ་ཤེས་ཁོ་ན་ཡོད་ལ། དྲི་མ་རྣམས་དངོས་པོ་མ་ཡིན་
ཏེ། དོན་བྱེད་མི་ནུས་པས་སྒྲིབ་པར་མི་ནུས་པ་སྟེ། རྣམ་ཤེས་ཁོ་ན་ཡོད་པས་དེ་སྤང་བྱ་མ་ཡིན་ནོ། །བདག་ལ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་གཉིས་རང་བཞིན་མེད་པ་ཉིད། རང་བཞིན་དུ་སྒྲོ་བཏགས་པ་ནི་དེའི་ཚེ། གང་གི་ཕྱིར་མ་སྤངས་པ་དེའི་ཤེས་བྱ་རང་བཞིན་ཅན་དུ་མཐོང་བ་དེའི་ཚེ།
སྒྱུ་མའི་བུད་མེད་མཐོང་ནས་བག་ཆགས་མ་སྤངས་པས་སྟོང་པ་ཉིད་ཀྱི་བག་ཆགས་སྟོབས་མེད་དེ་སྒྲོ་བཏགས་ལ་ཞེན་པས་སོ། །ཇི་ལྟར་དེ་བཟློག་ཅེ་ན། སྨྲས་པ། སྟོང་པ་ཞེས་བྱ་བ་ལ་སོགས་པའོ། །སྒྱུ་མ་རང་བཞིན་མེད་པའི་བག་ཆགས་འབྱེད་པ་འགལ་བའི་རྐྱེན་ལས་ཐོག་མ་མེད་པ་ནས་གོམས་
པ་དངོས་པོའི་བག་ཆགས་བཟློག་སྟེ། སྟོང་པ་ཉིད་དངོས་པོའི་རང་བཞིན་ཡིན་པ་དང་། གཞན་ནི་གློ་བུར་བ་ཡིན་པས་སོ། །སྟོང་པ་ཉིད་ལ་མངོན་པར་ཞེན་པ་ཡང་སྐྱོན་མེད་ཅེ་ན། སྨྲས་པ། དངོས་པོ་འམ། སྟོང་པ་ཉིད་ཅི་འང་མེད་གོམས་པས་ཕྱིས་སྟོང་པ་ཉིད་ཀྱི་བག་ཆགས་ཀྱང་སྤོང་བར་
འགྱུར་རོ། །ཐབས་ནི་གྲུ་ལྟ་བུ་ཡིན་པའི་ཕྱིར་རོ། །འོ་ན་སྟོང་པ་ཉིད་ཀྱི་བག་ཆགས་ཀྱང་ཅིའང་མེད་ཅེས་གོམས་པས་མེད་པའི་རྟོགས་པ་རྒྱུན་དུ་ཡོད་པ་བཟློག་པར་མི་ནུས་ཤེ་ན། སྨྲས་པ། གང་ཚེ་ལ་སོགས་པའོ། །དངོས་པོར་གང་མེད་ཅེས་རྟོག་པ་གང་གི་ཚེ་བརྟགས་པས་རང་བཞིན་མེད་པས་མི་
Vol. 106 · folio 265a
ཐོབ། །རབ་རིབ་ཅན་ལ་སྐྲ་ཤད་བཞིན། །དེའི་ཚེ་དངོས་མེད་རྟེན་དང་བྲལ་བས་བློའི་མདུན་དུ་ཇི་ལྟར་གནས། དངོས་པོ་ལ་བརྟེན་པའི་འགོག་པ་དངོས་པོ་ལོག་པ་ན་རྟེན་མེད་པས་མི་གནས་ཏེ། རྟེན་མེད་པའི་མེ་བཞིན་མདུན་དུ་མི་སྣང་ངོ་། །དེ་ལྟར་རྟོག་པ་ཐམས་ཅད་
འགགས་པས་སྒྲིབ་པ་རྣམས་ལས་གྲོལ་བར་འགྱུར་རོ་ཞེས་བཤད་དེ། གང་ཚེ་ལ་སོགས་པའོ། །གང་གི་ཚེ་དོན་དམ་ཡོད་པའི་དངོས་པོ་མེད་པ་ལ་དངོས་མེད་ཀྱང་མེད། དེ་གཉིས་བློའི་མདུན་དུ་མི་སྣང་དེའི་དངོས་པོ་དང་དངོས་མེད་མ་ཡིན་པའི་ཕུང་པོ་གསུམ་པ་མེད་པས་དམིགས་པ་མེད་
པ་རྟེན་མེད་པ། བུད་ཤིང་ཟད་པའི་མེ་བཞིན་དུ་བློ་མྱ་ངན་ལས་འདའོ། །འོ་ན་བསྐལ་པ་མཐའ་ཡས་པར་འདོད་པའི་གཞན་གྱི་ཐབས་འཚང་རྒྱ་བ་ཉིད་རྟོགས་ནས། གཞན་དོན་ཇི་ལྟར་ཞེ་ན། སྨྲས་པ། ཡིད་བཞིན་ལ་སོགས་པའོ། །བསམས་པའི་དོན་སྟེར་བའི་རིན་པོ་ཆེ་དང་། བསམས་པའི་དོན་ཀུན་
སྒྲུབ་པར་བྱེད་པའི་དཔག་བསམ་གྱི་ཤིང་གིས་ཇི་ལྟར་རྟོག་པ་མེད་ཀྱང་སེམས་ཅན་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་འདོད་པའི་དོན་སྒྲུབ་པར་བྱེད་པ་དེ་བཞིན་དུ་བདུད་བཞི་ཕམ་པར་བྱས་པས་རྒྱལ་བའི་སྐུ་མཚན་དང་དཔེ་བྱད་དང་ལྡན་པ་སྣང་བར་འགྱུར་རོ། །གང་ལས་ཤེ་ན། གདུལ་བྱ་དང་སྨོན་ལམ་ལས་ཏེ།
སངས་རྒྱས་ཀྱི་གདུལ་བྱའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་། བཅོམ་ལྡན་འདས་ཀྱིས་འགྲོ་བའི་དོན་དུ་མཛད་པའི་སྨོན་ལམ་ལྷུན་གྱིས་གྲུབ་པ་ལས་སོ། །ཇི་ལྟར་རོལ་མོའི་འཁྲུལ་འཁོར་གྱིས། །རླུང་གིས་བསྐྱོད་ཚེ་སྒྲ་སྒྲོགས་ལྟར། །དེ་བཞིན་སེམས་ཅན་བསམ་པ་ཡིས། །བསྐྱོད་པས་སངས་
རྒྱས་གསུང་འབྱུང་ངོ་། །དེ་ཉིད་བསམ་གཏན་སྙོམས་ཞུགས་པ། །ཡིད་བཞིན་ནོར་བུ་ལྟར་ཞུགས་ཀྱང་། །འདོད་བཞིན་རྩིག་པ་ལ་སོགས་ལས། །ཆོས་སྟོན་པ་ནི་ངེས་པར་འབྱུང་། །དེ་ནི་ཤེས་པར་འདོད་པའི་དོན། །ཐམས་ཅད་སྐྱེ་བོས་ཤེས་པར་འགྱུར། །སྐལ་བ་བཞིན་དུ་ཕན་པ་ཡང་། །
དེས་ནི་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རྒྱུའི་གནས་སྐབས་ཁོ་ནའི་མཐུས་ལྷུན་གྲུབ་ཏུ་གཞན་དོན་གྱི་དཔེ་ཚིགས་བཅད་གཉིས་ཀྱིས་བཤད་དེ། དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དུག་སེལ་བའི་སྨན་པ་སྔགས་ཀྱི་ནུས་པ་ཐོབ་པ་ཤིང་ལ་སོགས་པའི་སྡོང་སྔགས་ཀྱིས་
Vol. 106 · folio 265b
བསྒྲུབས་ལ། བདག་མེད་ཀྱང་འདིས་དུག་ཐམས་ཅད་སེལ་བར་འགྱུར་སྙམ་དུ་བསམས་ནས་ཤི་བ། སྡོང་དེ་དུག་སེལ་སྨན་པ་ཤི་ནས་ཡུན་རིངས་ལོན་ཀྱང་། དུག་ལ་སོགས་པ་སེལ་བ་ལ་སོགས་པའི་སྒྲས་གདོན་གྱིས་བརླམས་པ་ལ་སོགས་པའོ། །དོན་བཤད་དེ། བྱང་ཆུབ་ལ་སོགས་པའོ། །བྱང་ཆུབ་
ཀྱི་ཆེད་དུ་སྤྱོད་པ་གང་ཡིན་པ་དེའི་མཐུས་འཁོར་བ་ན་གནས་ཀྱི་བར་དུ་འགྲོ་བའི་དོན་རྒྱལ་བའི་སྡོང་ཡོངས་སུ་རྫོགས་པ། བསམས་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་ཀྱང་ངོ་། །འོ་ན་དེ་ལྟར་བཅོམ་ལྡན་འདས་སེམས་པ་མེད་པ་ལ། བྱས་
པའི་མཆོད་པ་ཇི་ལྟར་འབྲས་བུ་ཆེན་པོར་བཤད་ཅེ་ན། སྨྲས་པ། གང་ཞིག་ལ་སོགས་པའོ། །གསུང་རབ་ལས་གནས་པའམ་མྱ་ངན་ལས་འདས་པའི་རྒྱལ་བའི་མཆོད་པའི་འབྲས་བུ་མཚུངས་པར་བཤད་པའི་ཕྱིར་རོ། །བཞུགས་པ་ལ་ནི་གང་གིས་མཆོད། །གང་ཡང་མྱ་ངན་འདས་པ་མཆོད། །
དེ་མཚུངས་སེམས་ནི་དང་བ་ཡིས། །བསོད་ནམས་ཁྱད་པར་མེད་པ་ཉིད། །ཅེས་གསུངས་པས་སོ། །ཡང་ནི་འདིར་རིགས་པ་མི་དགོས་པར་བཤད་དེ། དེར་འབྲས་ལུང་ལས་ཡིན། སྟོན་པ་མྱ་ངན་ལས་འདས་ན་ཁྱད་པར་འདི་ཡིན་ཏེ། དབུ་མ་པའི་ཀུན་རྫོབ་ཏུ་ཁྱེད་ཀྱི་དོན་དམ་པར་རོ། །
འདི་ནི་ཅི་ནས་ཀྱང་ཁས་ལེན་དགོས་པར་བཤད་དེ། དཔེར་ན་ལ་སོགས་པའོ། །སངས་རྒྱས་དོན་དམ་པ་ལ་བྱས་པའི་མཆོད་པ་འབྲས་བུ་ལྡན་པ་ཇི་ལྟ་བུ་ཞེ་ན། འདིར་ལུང་ཁོ་ན་དཔེར་བྱེད་པའོ། །སྟོང་ཉིད་བག་ཆགས་ཞེས་གསུངས་པ་དེར་ཉན་ཐོས་ལ་སོགས་པས་ཆོས་ཐམས་ཅད་སྟོང་པ་མི་བཟོད་
པས་འཕགས་པའི་བདེན་པ་བཞི་མཐོང་བ་ཁོ་ནས་གྲོལ་བར་གསུངས་ཏེ། བདེན་པ་ཞེས་བྱ་བ་ལ་སོགས་པའོ། །སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་རྣམས་མངོན་སུམ་དུ་བྱས་པ་ཁོ་ནས་ཐར་པ་ཐོབ་པས་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ། ལན་བཤད་དེ། གང་
ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ལུང་ལས་སྟོང་པ་ཉིད་མཐོང་བའི་ལམ་མེད་ན། སངས་རྒྱ་བ་མེད་དོ་ཞེས་གསུངས་སོ། །རྒྱལ་བའི་ཡུམ་ལས་གསུངས་པའི་དངོས་པོའི་འདུ་ཤེས་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མེད་དོ། །ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་
Vol. 106 · folio 266a
དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པའི་བར་དུ་མེད་དོ་ཞེས་བྱ་བ་ལ་སོགས་པའོ། །རྟོག་མེད་ཀྱི་བསྟོད་པ་ལས། ཐར་པའི་ལམ་ནི་ཁྱོད་གཅིག་སྟེ། །
གཞན་ནི་ངེས་པར་མེད་པའོ། །ཞེས་སོ། །འདི་ནི་ཐེག་པ་ཆེན་པོ་ཡིན་བྱས་ནས་ལུང་མ་ཡིན་པར་བཤད་དེ། འོ་ན་ཐེག་ཆེན་མ་གྲུབ་པོ། །ཀྱེ་སྟོང་པ་ཉིད་སྨྲ་བ་པོ་ཐེག་པ་ཆེན་པོ་བདག་གི་ལུང་དུ་མ་གྲུབ་པོ་ཞེ་ན་ལན་བཤད་དེ། ཁྱེད་ཀྱི་ལུང་འདི་ཇི་ལྟར་གྲུབ། །འདི་ནི་ཁྱོད་དང་བདག་ལ་མཚུངས་སོ། །
གཞན་གྱིས་སྨྲས་ཏེ། གང་ཕྱིར་ལ་སོགས་པའོ། །བདག་གི་ལུང་འདི་ཁྱོད་དང་བདག་གཉིས་ཀ་ལ་གྲུབ། ཁྱེད་འདིར་མི་རྩོད་པས་སོ། །བདག་ནི་ཐེག་ཆེན་ལ་རྒོལ་བས་སོ། །ལན་ནི་དང་པོ་ཁྱོད་ལ་འདི་མ་གྲུབ། འདིར་མ་ཞུགས་པའི་གོང་དུ་རེ་ཞིག་ཁྱེད་ཀྱི་ལུང་འདི་མ་གྲུབ་པས། གཉིས་
ཀ་ལ་གྲུབ་ཅེས་རྒྱུ་མ་གྲུབ་པོ། །འོ་ན་རྒྱུད་ལས་བྱུང་བའི་སྒྲུབ་བྱེད་འདི་བྱའི། གང་མདོ་སྡེ་ལ་འཇུག་པ་འདུལ་བ་ལ་སྣང་བ། མངོན་པའི་ཆོས་ཉིད་དང་མི་འགལ་བ་ནི་སངས་རྒྱས་ཀྱི་བཀའ་ལས་གཞན་མ་ཡིན། འདིར་བཤད་དེ། རྐྱེན་གང་ཞེས་བྱ་བ་ལ་སོགས་པའོ། །རྐྱེན་གང་གིས་ལུང་དེ་གཟུང་བར་བྱ་
བ་ཡིན། དེ་ནི་ཐེག་པ་ཆེན་པོ་ལའང་གྱིས་ཤིག །རྐྱེན་དེ་འདིར་ཡང་ཡོད་པས་སོ། །གཞན་གྱིས་སྨྲས་ཏེ། གཉི་གའི་ཞེས་གང་བཤད་པ། དེ་ཁྱོད་དང་བདག་ལ་མ་ཡིན་གྱི་འོན་ཀྱང་གཞན་ཡིན་ཏེ། ལན་ནི་གང་ཡང་རུང་བ་འགའ་ཞིག་མི་འགལ་བ་གཉིས་འདོད་པས་བདེན་པར་ཁས་ལེན་ན། རིག་བྱེད་ལ་
སོགས་པ་འང་བདེན་པར་འགྱུར། སོགས་པའི་སྒྲས་གཤག་མ་ཟ་བ་ལ་སོགས་པའི་གང་ཟག་ཀྱང་གཟུང་བར་བྱ་བར་འགྱུར་རོ། །དེ་བས་འདི་ལ་ཁྱད་པར་མ་ཡིན་ནོ། །གལ་ཏེ་བདག་གི་ལུང་ལ་རྩོད་པ་མེད་ཀྱི་ཐེག་པ་ཆེན་པོ་ལ་དེ་ཡོད་དེ་འགའ་ཞིག་གིས་མི་འདོད་པའི་ཕྱིར་རོ། །རྒྱུ་མཚན་
འདིས་གཟུང་བར་བྱ་བ་མ་ཡིན་ཞེ་ན། དེའི་རང་གི་ལུང་ཡང་ཁྱོད་ཀྱིས་དོར་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། མུ་སྟེགས་སྤྱོད་པ་ལ་སོགས་པ་དང་རྩོད་པས་སོ། །གཞན་ཡང་བསྟན་པ་འདི་སྡེ་པ་བཞི་དང་། གྱེས་པའི་སྡེ་བཅོ་བརྒྱད་ཀྱི་དབྱེ་བས་ཐ་དད་པ་ཡང་རང་གི་སྡེ་པ་དང་། སྡེ་པ་གཞན་རྩོད་པ་
Vol. 106 · folio 266b
དང་བཅས་པས་ལུང་གཞན་གྱིས་ཀྱང་མདོ་སྡེ་དང་། འདུལ་བ་དང་། མངོན་པ་ཡང་སྤང་བར་འོས་སོ། །དེ་ལྟར་ཀླན་ཀ་དང་ལན་མཚུངས་པར་བཤད་ནས། གཞན་གྱིས་ཁས་བླངས་པ་ལ་སྐྱོན་གྱི་ཁྱད་པར་བཤད་དེ། བསྟན་རྩ་ལ་སོགས་པའོ། །ལུང་གི་བདག་ཉིད་བསྟན་པའི་རྩ་བ་ནི་དགེ་སློང་ཉིད་དེ།
ལྗོན་ཤིང་གི་རྩ་བ་ཡུན་རིངས་བརྟན་པ་ལ་སོགས་པའི་རྒྱུ་ལྟར་ཉོན་མོངས་པ་ཟད་པའི་དགེ་སློང་ཡིན་ཏེ། དེ་ནི་སྟོང་པ་ཉིད་མ་རྟོགས་པར་བདེན་པ་མཐོང་བ་ཙམ་གྱིས་མི་འགྲུབ། གང་གི་ཕྱིར་འདི་དག་སྡུག་བསྔལ་ལ་སོགས་པའི་བདེན་པ་དང་། ཉོན་མོངས་པ་དང་བྲལ་བ་དངོས་པོ་ཉིད་དུ་དམིགས་པས་མྱ་
ངན་ལས་འདས་པ་དཀའ། དམིགས་པ་མེད་པའི་སེམས་དང་ལྡན་པ་ལ་དེ་མེད། གང་ཕྱིར་གསུངས་པ། སྟོང་ཉིད་རྟོགས་པས་གྲོལ་འགྱུར་བས། །དེ་ཕྱིར་ལྷག་མ་བསྒོམ་པའོ། །ཞེས་སོ། །དེ་ལ་རེ་ཞིག་དགེ་སློང་ཉིད་མི་རིགས་པར་བཤད་དེ། ཉོན་མོངས་ཤེས་པ་ལ་སོགས་པའོ། །གལ་ཏེ་
འཕགས་པའི་བདེན་པ་མཐོང་བས། ཉོན་མོངས་པ་དང་བྲལ། དེ་བས་གྲོལ་ན། དེའི་ཚེ་ཉོན་མོངས་པ་དང་བྲལ་བ་དེ་མ་ཐག་པར་གྲོལ་བར་འགྱུར་ཏེ། དེ་ནི་མ་ཡིན། ཅིས་ཤེ་ན། སྨྲས་པ། ཉོན་མོངས་པ་ལ་སོགས་པའོ། །ཀྱང་གི་སྒྲ་ནི་རྒྱུའི་དོན་ཏོ། །ལུང་ལས་ཉོན་མོངས་པ་དང་བྲལ་བ་
འཕགས་པ་མཽད་གལ་གྱི་བུ་དང་། འཆར་ཀ་ལ་སོགས་པ་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་སྟེར་བ་ལ་ནུས་པ་ཉོན་མོངས་པ་མེད་ཀྱང་མཐོང་ངོ་། །གྲོལ་བའི་རིགས་པ་བཤད་དེ། སྲེད་པ་ཞིག་པ་སླར་སྐྱེ་བའི་རྒྱུ་ཡིན། དེ་སུ་ལ་མེད་པ་སླར་མི་སྐྱེ་ཞེ་ན། སྨྲས་པ། རེ་ཞིག་ལ་སོགས་པའོ། །
མ་རིག་པ་སྤངས་པས། རེ་ཞིག་སྲེད་པ་སླར་སྐྱེ་བའི་རྒྱུ་མེད་པར་ངེས་ན་དེ་ནི་མི་རིགས་ཏེ། དམིགས་པ་དང་བཅས་པ་རྣམས་ལ་མ་རིག་པ་སྤོང་བའི་རིགས་པ་མེད་པས། སྲེད་པ་སྤོང་བ་མེད་དོ། །ཡོད་ཀྱང་ཉོན་མོངས་པ་ཅན་མ་ཡིན་པའི་སྲེད་པ་ཡང་ཁྱེད་ཅག་གི་རྣལ་འབྱོར་པ་ལ་ཉོན་མོངས་པ་ཅན་མ་
ཡིན་པའི་མ་རིག་པ་བཞིན་དུ་ཅི་སྟེ་མེད། གཞན་ཡང་སྲིད་པ་ནི་ཚོར་བའི་རྐྱེན་ཅན་ཏེ། བདེ་སྡུག་གི་ཚོར་བ་ནི་འདི་དག་ལ་ཡོད་པས། རྒྱུ་ཚོགས་ཚང་བ་ཡོད་པས་འབྲས་བུ་ཅི་སྟེ་མི་འབྱུང་། དགེ་སློང་ཉིད་དཀའ་བར་བཤད་ནས་མྱ་ངན་ལས་འདས་པ་དཀའ་བ་ཉིད་དུ་བཤད་དེ། དམིགས་པ་ལ་སོགས་
Vol. 106 · folio 267a
པའོ། །དམིགས་པ་དང་བཅས་པའི་སེམས་འཕགས་པའི་ལམ་ལ་སོགས་པ་འགའ་ཞིག་ཏུ་ཆགས་ནས་གནས་པར་འགྱུར་རོ། །སླར་ཡང་ཆགས་པ་སྐྱེ་སྲིད་པས། མྱ་ངན་ལས་འདས་པ་ལ་ཐེ་ཚོམ་ཟའོ། །དེ་བས་སྟོང་པ་ཉིད་མྱ་ངན་ལས་འདས་པའི་རྒྱུ་ཡིན་པར་བཤད་དེ། སྟོང་པ་ཉིད་
མེད་ན་དམིགས་པ་ལ་ཆགས་པའི་འཆིང་བས་བཅིངས་པའི་སེམས་སྐྱེ་སྟེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུན་རིངས་མྱ་ངན་ལས་འདས་ཀྱང་སྐྱེ་བར་འགྱུར། གར་མཐོང་ཞེ་ན་འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་པའི་སེམས་དང་སེམས་ལས་བྱུང་བ་དེ་སྲིད་དུ་འགོག་ཀྱང་། སླར་སྐྱེ་བ་བཞིན་ནོ། །
འགོག་པ་ལ་སྙོམས་པར་འཇུག་པ་འང་ཤེས་པར་བྱའོ། །གང་གི་ཕྱིར་དགེ་སློང་ཉིད་མྱ་ངན་ལས་འདས་པ་དཀའ་བར་གནས་པ་དེའི་ཕྱིར། མྱ་ངན་ལས་འདས་པའི་དོན་དུ་སྟོང་པ་ཉིད་ཁོ་ན་བསྒོམ་པར་བྱའོ། །དེ་བས་སྟོང་པ་ཉིད་ཁོ་ན་བྱང་ཆུབ་ཀྱི་ལམ་ཞེས་ངེས་པའོ། །ངག་གང་མདོ་སྡེ་ལ་
སོགས་པ་ཚིག་ལེའུར་བྱས་པ་གསུམ་གཞན་གྱིས་བཅུག་པ་སྟེ་མ་ཡིན་པ་ལ་ཡོད་པས་སོ། །རྐྱེན་གང་གིས་ནི་ལ་སོགས་པ་གསུངས་ཟིན་པས་ཀྱང་ངོ་། །འོ་ན་ཇི་ལྟར་དམིགས་པ་དང་བཅས་པ་ཉིད་ཀྱི་ཕྱིར། མི་གྲོལ་བ་བཞིན་དུ། སྟོང་པ་ཉིད་ལ་འཇིགས་པས་ཀྱང་སྟེ། དེ་བས་གཉིས་ཀ་སྤངས་ནས་
སྲིད་པར་གནས་པ་ཁོ་ན་མཆོག་ཅེ་ན། སྨྲས་པ། དོན་དུ་ནི་ཡུལ་ལ་རྨོངས་པས་ཆགས་པའི་ཕྱིར། སྐྱེ་བ་ལ་སོགས་པའི་དུཿཁའི་གནོད་པ་རྣམས་ཆགས་པ་དང་སྟོང་པ་ཉིད་མ་རྟོགས་པས་དེ་ཐོས་ནས་འཇིགས་པས་མ་གྲོལ་ཅིང་འཁོར་བ་ལ་གནས་པ་གྲུབ། དེས་ན་སྟོང་པ་ཉིད་ཀྱི་འབྲས་བུ་འདི་ཡིན་ཏེ།
སླར་ལོག་ནས་སྲིད་པའི་བདེ་བ་དོན་དུ་གཉེར་ཞིང་སྟོང་པ་ཉིད་ལ་འཇིགས་པས་སྲིད་པ་ཁོ་ནར་གནས་སོ། །དེས་ཅི་བསྒྲུབས་ཅི་འང་དེ་མེད་དོ། །གཞན་དག་ན་རེ་སྲིད་པ་ལ་ཆགས་པ་དང་། སྟོང་པ་ཉིད་ལ་འཇིགས་པ་ནི་རྟག་པ་དང་ཆད་པའི་མཐའ་གཉིས་ཏེ། དེ་གཉིས་སྤངས་ནས་དེའང་དོན་དམ་པར་དཔྱད་
པས་རྟག་པའི་མཐའ་སྤངས། ཀུན་རྫོབ་ཁས་བླངས་པས་ཆད་པའི་མཐའོ། །དེ་བས་དབུ་མའི་ལམ་གྱིས་འཁོར་བ་ལ་གནས་པ་གྲུབ་སྟེ། ཤེས་རབ་ཀྱིས་སྲིད་པའི་སྐྱོན་གྱིས་མ་གོས། སྙིང་རྗེས་སྡུག་བསྔལ་བ་རྣམས་ཀྱི་དོན་དུ་སྟེ། འོ་ན་དོན་དམ་པར་སྡུག་བསྔལ་བ་མེད་པས་གནས་ནས་ཅི་བྱ་ཞེ་ན། སྨྲས་
Vol. 106 · folio 267b
པ། རྨོངས་པ་དེ་ཀུན་རྫོབ་ཏུ་སེམས་ཅན་དམིགས་པའི་ཕྱིར་རོ། །དེ་བས་སྙིང་རྗེས་གནས་ཀྱང་ཤེས་རབ་ཀྱིས་སྲིད་པའི་སྐྱོན་གྱིས་མ་གོས་པས། དེ་ཉིད་སྟོང་པ་ཉིད་འབྲས་བུ་ཡིན་པ་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཀྱི་འབྲས་བུ་ཡིན་ནོ། །ཉེ་བར་བསྡུས་ཤིང་བཤད་དེ། དེ་ལྟར་
བཤད་པའི་རིགས་པས་འཇིགས་པས་སྲིད་པ་ཁོ་ནར་གནས་ཞེས་སྐྱོན་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་ཕྱོགས་སུ་མི་འཇུག་སྟེ། དེ་བས་ཐེ་ཚོམ་མི་ཟ་བར་རང་བཞིན་མེད་པ་བསྒོམ་པར་བྱའོ། །སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་ཞེས་གང་གསུངས་པ་དེ་ལ། ལན་ནི། ཉོན་མོངས་པ་ལ་སོགས་པའོ། །
འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། ཤེས་བྱ་ཁོ་ན་སྒྲིབ་པ་སྟེ། དེ་ཉིད་མུན་པ་སྟེ་དོན་དམ་པ་ལ་བསྒྲིབས་པས་སོ། །དེ་སྤོང་བའི་རྒྱུ་སྟོང་པ་ཉིད་ཡིན་པས་མྱུར་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས། སྟོང་པ་ཉིད་ཅི་སྟེ་མི་བསྒོམ་འབད་དེ་བསྒོམ་པར་བྱའོ། །སྟོང་པ་ཉིད་ལ་
འཇིགས་པ་གང་བཤད་པ། །དེ་ལ་ལན་བཤད་དེ། དངོས་གང་ལ་སོགས་པའོ། །དངོས་པོ་གང་སྡུག་བསྔལ་བསྐྱེད་པ་དེ་ལ་འཇིགས་པར་རིགས། སྟོང་པ་ཉིད་ནི་སྲིད་པའི་སྡུག་བསྔལ་ཞི་བར་བྱེད་པས་འཇིགས་པའི་གནས་མ་ཡིན་པ་ལ་ཅི་སྟེ་འཇིགས། ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ལ་དགའ་
བ་ཁོ་ནར་རིགས་སོ། །གཞན་ཡང་འཇིགས་པ་ནི་བདག་འཛིན་གྱིས་དེ་ཁོ་ན་ཉིད་མ་རིག་པ་རྣམས་ལ་འབྱུང་བར་བཤད་དེ། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འཇིགས་པའི་རྒྱུ་གང་ཡང་རུང་བ་ལས་འཇིགས་པ་ལྟ་ཞོག །གལ་ཏེ་བདག་ནི་ང་རྒྱལ་གྱི་ཡུལ་དུ་གྱུར་པ་གང་ཡང་རུང་བ་ཡོད་
ན་འབྱུང་གི །གང་གི་ཚེ་བདག་ཅེས་བྱ་བ་དཔྱད་པས་ཚིག་དང་རྟོག་པ་མ་ཡིན་པ་གཞན་མེད་པ་དེའི་ཚེ། འཇིགས་པ་སུ་ལ་འོང་དེའི་ཚེ་དཔྱད་པས་འཇིགས་པ་ལྡོག་གོ། །དེ་གསུངས་པ། བདག་ནི་ད་ལྟར་འོང་འགྱུར་མེད། །བདག་གི་འང་ད་ལྟར་འོང་འགྱུར་མེད། །དེས་ནི་བྱིས་པ་སྐྲག་པར་འགྱུར། །
མཁས་ལ་འཇིགས་པ་ཟད་པའོ། །ཞེས་སོ། །དེ་ཉིད་དཔྱད་པར་ཚིགས་བཅད་གསུམ་གྱིས་བཤད་དེ། སོ་ལ་སོགས་པའོ། །བདག་མ་ཡིན་ན་ནི་བདག་གི་རྐྱེན་ཡུལ་མ་ཡིན་ནོ། །སྣབས་ནི་སྣ་ལས་བྱུང་བའོ། །བད་ཀན་ནི་ལུད་པའོ། །རྣག་ནི་ཁྲག་སྨིན་པའོ། །བདག་ནི་ཞག་དང་ཞེས་བྱ་བ་ལ་
Vol. 106 · folio 268a
སོགས་པ་གོ་སླའོ། །རྒྱུས་པ་ནི་རུས་ཚིགས་སྦྲེལ་བའོ། །དྲོད་ནི་ལུས་ཀྱིའོ། །རླུང་ནི་འབྱུང་བ་དང་རྔུབ་པ་ལ་སོགས་པའོ། །བུ་ག་དགུ་ནི་རྣ་བུག་གཉིས་དང་། མིག་གཉིས་དང་སྣ་བུག་དང་། ཁ་དང་བཤང་བ་དང་། གཅི་བའི་བུ་གའོ། །རྣམ་ཤེས་དྲུག་ནི་མིག་དང་རྣ་བ་དང་སྣ་དང་
ལྕེ་དང་ལུས་དང་ཡིད་ཀྱི་རྣམ་ཤེས་ཏེ་དྲུག་གོ། །རྣམ་ཀུན་ནི་སོ་སོར་རམ་ཚོགས་པ་བདག་མ་ཡིན། འདི་ལྟར་སོ་ལ་སོགས་པ་ཚོགས་པའི་བདག་ཉིད་ལུས་དམིགས་པ་ལ་སོ་སོར་བདག་འཛིན་གྱི་རྟོག་པའི་ཡུལ་མ་ཡིན་ཏེ། བདག་མ་ཡིན་པའི་ཕྱིར་རོ། །ཚོགས་པ་ཡང་དེ་དག་འབའ་ཞིག་པ་
སྟེ། དེ་དག་ལ་དེ་གཅིག་པུ་མི་སྲིད་དེ། འགོག་པར་འགྱུར་བའི་ཕྱིར་རོ། །དུ་མ་ལ་གཅིག་ཏུ་འཛིན་པ་ཡང་མ་འཁྲུལ་པ་མ་ཡིན། འཁྲུལ་པ་ལ་ཡང་དེ་ཉིད་མེད། །དེ་བས་རྟོག་པ་ཙམ་འདི་ཡིན་ནོ། །ཤེས་རིག་གི་སྐྱེས་བུའི་སྤྱོད་ཡུལ་བདག །རིགས་པ་བས་འདོད་པ་དེའང་མི་རིགས་ཏེ། གང་གི་
ཕྱིར་བདག་སེར་པོ་བདེ་བ་དང་ལྡན་མིག་གཅིག་པ་ལ་སོགས་པའི་བདག་ལུས་ལ་ཡོད་པའི་ཕྱིར་རོ། །སེམས་ཀྱི་རང་བཞིན་བདག་ཏུ་སྨྲ་བ་གྲངས་ཅན་ལ་སོགས་པ་རྣམ་ཤེས་དྲུག་གི་རང་བཞིན་བདག་ཏུ་སྨྲ་སྟེ། དེ་ལ་ལན་བཤད་དེ། གལ་ཏེ་སྒྲའི་ལ་སོགས་པའོ། །གལ་ཏེ་སྒྲའི་རྣམ་ཤེས་ཀྱི་
བདག་ཉིད་ཅན། བདག་ཡིན་ན་དེ་རྟག་པ་ཡིན་པས་སྒྲའི་རྣམ་ཤེས་ཀྱང་རྟག་པར་འགྱུར་རོ། །དེའི་ཚེ་སྒྲ་ཡང་དེ་ཡོད་པ་དང་མེད་པའི་དུས་སུ་རྟག་ཏུ་གཟུང་བར་བྱ་བར་འགྱུར་རོ། །དེ་ལྟར་ཡིན་མོད་ཤེས་པ་རྟག་ཏུ་ཉེ་བར་གནས་ཏེ། སྒྲ་ནི་རེས་འགའ་བ་ཡིན་པས་རྟག་ཏུ་ཡོད་པར་མི་གསལ་ཞེ་ན། སྨྲས་
པ། ཤེས་བྱ་ལ་སོགས་པའོ། །དེ་མེད་པའི་དུས་སུ་ཤེས་པར་བྱ་བ་སྒྲ་མེད་པས་ཅི་ཤེས། གང་གི་ཤེས་བྱས་སྟོང་ཡང་ཤེས་པ་ཞེས་བརྗོད་དོ། །དེ་གཉིས་བཤད་དེ། གལ་ཏེ་ཡུལ་མི་ཤེས་ཀྱང་ཤེས་པ་ཡིན་ན། དེའི་ཚེ་ཤིང་ཡང་ཤེས་པར་འགྱུར། དེ་ནི་མ་ཡིན་ཏེ། དེ་བཞིན་དུ་གཞན་ཡང་མ་ཡིན་ཞེས་
བཤད་དེ། རྒྱུ་མཚན་གང་གིས་ཡུལ་མེད་པ་ཤེས་པ་མ་ཡིན། དེས་ཤེས་པར་བྱ་བ་རིང་དུ་གྱུར་པས་ཤེས་པ་ཡང་མེད་པར་ངེས་སོ། །གལ་ཏེ་སྒྲའི་ཤེས་པ་ཁོ་ན་བདག་ཡིན་ན། དེའི་ཚེ་དེ་འཛིན་པའི་བདག་ཉིད་ཅན་ཡིན་པས་གཟུགས་འཛིན་པར་མི་འགྱུར་རོ། །དེ་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་ཀྱིས་ཞེས་
Vol. 106 · folio 268b
བྱ་བ་ལ་སོགས་པའོ། །གལ་ཏེ་སྒྲའི་རྣམ་ཤེས་ཉིད་གཟུགས་ཤེས་པར་འདོད་ན་དེའི་ཚེ་ཅི་སྟེ་མི་ཐོས། གཟུགས་འཛིན་ཅིང་སྒྲ་ཡང་འཛིན་པར་འགྱུར་རོ། །སྒྲ་མེད་པས་མི་འཛིན་ཞེ་ན། དེ་བས་སྒྲའི་རྣམ་ཤེས་ཀྱང་མེད་དེ། སྒྲའི་རྣམ་ཤེས་དེ་མ་ཡིན་ཞེས་པའི་དོན་ཏོ། །གཞན་ཡང་སྒྲ་འཛིན་པའི་
རྣམ་ཤེས་གང་ཡིན་པ་དེ་ཉིད་གཟུགས་འཛིན་པའི་བདག་ཉིད་དུ་ག་ལ་འགྱུར། ཆ་ཤས་མེད་པ་གཅིག་ལ་རང་བཞིན་གཉིས་མི་སྲིད་པས་སོ། །འོ་ན་ཇི་ལྟར་གཅིག་ཁོ་ན་གཉིས་ལ་ལྟོས་ནས་ཕ་ཡང་ཡིན་ལ་བུ་ཡང་ཡིན་པ་ལྟར་དེ་ལྟར་ཡིན་ཞེ་ན། དེ་ནི་རྟོག་པས་གཞག་པ་ཡིན་གྱི་གཅིག་གཉིས་ཀའི་
བདག་ཉིད་མ་ཡིན་ནོ། །འདིར་ནི་གཅིག་དོན་དོན་དམ་པར་ཚུལ་གཉིས་པ་བརྗོད་པར་བྱ་བ་སྟེ། དེ་ནི་མེད་དོ། །འདི་ལས་ཀྱང་དོན་དམ་པར་འདི་མ་ཡིན་པར་བཤད་དེ། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །གྲངས་ཅན་པ་ལ་འགྲོ་བ་ཡོན་ཏན་གསུམ་གྱི་བདག་ཉིད་དེ། དེ་ཉིད་སོ་སོའམ་ཚོགས་པ་རང་
རང་གི་རང་བཞིན་དུ་གནས་པས། དོན་དམ་པར་ཕ་མ་ཡིན་ལ་བུའང་ཡིན། རྟག་ཏུ་ཡོན་ཏན་ཁོ་ན་ཡིན། གལ་ཏེ་གཟུགས་དང་སྒྲ་འཛིན་པའི་རྣམ་ཤེས་གཅིག་ཡིན་ན། དེའི་ཚེ་དེ་ལྟར་དམིགས་པར་འགྱུར། དེ་ནི་མེད་པར་བཤད་དེ། གཟུགས་འཛིན་པའི་རྣམ་ཤེས་སྒྲ་འཛིན་པའི་རང་བཞིན་
དང་ལྡན་པར་མི་དམིགས་སོ། །དེ་བས་མེད་པར་ངེས་སོ། །གལ་ཏེ་སྒྲའི་རྣམ་ཤེས་དེ་ཉིད་གཟུགས་འཛིན་པའི་རང་བཞིན་གྱིས་གཟུགས་འཛིན། དཔེར་ན་གར་མཁན་གཅིག་པུ་ཚུལ་དུ་མ་ལྟར་འཛིན་ཞེ་ན། འདིར་ལན་དེའང་མི་རྟག་སྟེ། དང་པོའི་ཚུལ་སྤངས་ནས་གཞན་ཚུལ་འཛིན་ཏེ། དཔེ་བསྒྲུབ་བྱ་
དང་མི་མཚུངས་སོ། །གལ་ཏེ་དངོས་པོ་དེ་ཉིད་ཡིན་ལ། རང་གཞན་པ་ཅན་ཡིན་ཞེ་ན། སྨྲས་པ། གལ་ཏེ་ལ་སོགས་པའོ། །བདག་ཉིད་དེའམ་གར་མཁན་དེ་ཉིད་ཡིན་ལ། རང་བཞིན་གཞན་བརྗོད་ན་དེའི་ཚེ་འདི་ལྟ་བུ་གཅིག་ནི་དེ་སྔར་མེད་པ་ཡིན་ནོ། །དེ་ཉིད་དུ་གཞན་ཐ་དད་པས་འགལ་ཚབས་ཅན་
ཡིན་ནོ། །གལ་ཏེ་ཤེས་པ་ཉིད་དང་གཟུགས་ལ་སོགས་པ་འཛིན་པ་ཉིད་དེ། དེ་ཚུལ་གཉིས་པ་ཡིན་ལ་དེ་རང་གི་ཚུལ་མ་ཡིན་པ་གཞན་དེ་ཁོ་ན་ཉིད་མ་ཡིན་ཞེ་ན། སྨྲས་པ། ཚུལ་གཞན་དེའི་ཡུལ་ལ་ལྟོས་པ་ཅན་ཤེལ་གྱི་བཞིན་དུ་མི་བདེན་ཞེ་ན། འོ་ན་དེའི་རང་བཞིན་གྱི་ཚུལ་གང་ཡིན། དེ་སྨྲོས་དང་།
Vol. 106 · folio 269a
སྨྲས་པ། ཤེས་པ་དེ་ཉིད་གཞན་ཡོད་ཅེ་ན། འོ་ན་སྐྱེས་བུ་ཐམས་ཅད་གཅིག་ཏུ་ཐལ་ཏེ། སྒྲ་དང་གཟུགས་ཀྱི་ཤེས་པ་ཐ་དད་པ་གཅིག་པར་འདོད་པ་ལྟར། སྐྱེས་བུ་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་ཏེ། ཤེས་པ་ཉིད་དུ་ཐ་མི་དད་པའི་ཕྱིར་རོ། །གཞན་ཡང་དབྱེ་བ་དོར་ནས་ཚུལ་
གང་རུང་གཅིག་གིས་གཅིག་ཏུ་བྱེད་ན། སེམས་པ་ན་སྐྱེས་བུའི་ཆོས་ཡིན་ལ། སེམས་པ་མ་ཡིན་པ་ནི་རང་བཞིན་ལ་སོགས་པའི་ཆོས་ཡིན། དེ་གཉིས་ཐ་དད་དུ་འགྱུར་ཏེ་གང་གི་ཕྱིར། དེ་གཉིས་ཀ་ཡོད་པ་མཚུངས་པའི་ཕྱིར་རོ། །འདོད་པ་ཁོ་ན་ཡིན་ཞེ་ན། སྨྲས་པ། དངོས་པོ་རྣམས་ཀྱི་བྱེ་བྲག་གང་ཚེ་
བརྫུན་ཡིན་པ། དེའི་ཚེ་འདྲ་བའི་རྟེན་གང་ཡིན། དངོས་པོ་ཐ་མི་དད་པ་འདྲ་བ་མང་པོ་ཡོད་ན། འདྲ་བའི་སྒོ་ནས་གཅིག་ཏུ་བྱེད་པ་ཡིན་ཏེ། དེ་ནི་མེད་དོ། །རིགས་པ་པ་ལ་སོགས་པའི་བདག་སེམས་པ་མེད་པ་འགོག་པ་སྟེ། རེ་ཞིག་སེམས་པ་ཅན་བཤད་པའི་རིམ་པས་མི་རིགས་པར་བསྟན། སེམས་
པ་མེད་པ་ཡང་མི་རིགས་ཏེ། སེམས་ལ་མེད་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །ཇི་ལྟར་བུམ་པ་ལ་སོགས་པ་སེམས་པ་མེད་པ་ཁྱོད་ཀྱིས་བདག་ཏུ་མི་འདོད་པ་ལྟར། ལས་བྱེད་པ་པོ་དེའི་འབྲས་བུ་ལ་ལོངས་སྤྱོད་པ་པོའི་བདག་ཀྱང་སེམས་པ་མེད་པ་མི་རིགས་ཏེ། ཤིང་དང་
མཚུངས་པའི་ཕྱིར་རོ། །རང་ཉིད་སེམས་པ་ཅན་མ་ཡིན་ཀྱང་བློ་དང་སེམས་པ་དང་སྦྱོར་བས་སེམས་ཅན་ཡིན་ཞེ་ན། སྨྲས་པ། འོན་ཏེ་ལ་སོགས་པའོ། །གལ་ཏེ་བདག་ཤེས་པ་དང་སྦྱོར་བས་སེམས་པ་ཅན་ཡིན་པར་འདོད་ན། འོ་ན་མི་ཤེས་པ་དེ་འཇིག་པར་ཐལ། །བརྒྱལ་བ་ལ་སོགས་པས་སེམས་
པ་མེད་པ་ན་ཡང་མི་ཤེས་པ་སྟེ། མི་རྟག་པར་འགྱུར་རོ། །གལ་ཏེ་སེམས་པ་ཡོད་པ་དང་མེད་པའི་གནས་སྐབས་ཀྱིས་འགྱུར་བ་མེད་པར་བདག་འདོད་ན། འོ་ན་སེམས་པས་འདི་ལ་ཁྱད་པར་ཅི་བྱས། དངོས་པོའི་རང་བཞིན་ལས་མ་འདས་པའི་ཕྱིར་རོ། །དེ་བས་ཁྱོད་ཀྱིས་ཕན་པ་དང་གནོད་པ་མི་ཤེས་པ་
བྱ་བ་མེད་པ། ལས་ཐམས་ཅད་བྱེད་པའི་ནུས་པ་དང་བྲལ་བ། གནས་སྐབས་ཀྱི་དོན་ལ་མ་ཕོག་པས། ནམ་མཁའ་ལྟ་བུར་བདག་རྣམ་པར་གཞག་གོ། །ཕ་རོལ་པོས་སྨྲས་པ། ཕ་རོལ་དུ་འགྲོ་བའི་བདག་གཅིག་པུ་མེད་ན། ལས་དང་འབྲས་བུའི་འབྲེལ་པ་མི་རིགས་ཏེ། གང་གིས་ལས་བྱས་པ་དེ་ཉིད་ཀྱི་འབྲས་བུ་ལ་
Vol. 106 · folio 269b
ལོངས་སྤྱོད་པས་སོ། །དེ་ནི་འདོད་ཇི་ལྟར་མི་འགྱུར་ཞེ་ན། ལས་བྱས་ནས་བྱེད་པ་པོ་ཞིག་ན་འབྲས་བུ་སུ་ལ་སྨིན། དེས་བདག་མེད་ན་བྱས་པ་ཉམས་ཤིང་མ་བྱས་པ་འབྱུང་བ་དང་། དྲན་པ་དང་དེ་ཉིད་འདི་ཡིན་ཞེས་བྱ་བའི་མངོན་ཤེས་དང་། དང་པོའི་ཐེ་ཚོམ་ལ་ངེས་པ་དང་། རང་ཉིད་ཀྱིས་གཞག་
པ་ལེན་པ་དང་། མྱོང་བའི་དོན་ལ་ངོ་མཚར་མེད་པ་དང་། རྒྱུ་འབྲས་རྒྱུན་འཛིན་པ་དང་། དེ་རྟོགས་པའི་ཚད་མ་དང་། བཅིངས་པ་དང་གྲོལ་བ་ལ་སོགས་པ་མེད་པར་འགྱུར་རོ། །དེ་ནི་མི་རིགས་པར་ལན་འདེབས་པ་པོས་བཤད་དེ། བྱ་བ་ལ་སོགས་པའོ། །བདག་ཏུ་སྨྲ་བ་ཁྱོད་དང་། བདག་མེད་པར་སྨྲ་
བ་གཉིས་ཀ་ལ་ལས་འདིར་འབྲས་བུར་སྐྱེ་བ་ཕྱི་མར་འབྱུང་བས་ཕུང་པོ་ཐ་དད་པས་ལུས་གང་གིས་དགེ་བ་དང་མི་དགེ་བའི་ལས་བྱས་པ་དེ་ལས་ལུས་གཞན་གྱི་འབྲས་བུ་ལ་ལོངས་སྤྱོད་པས་བྱ་བ་དང་འབྲས་བུ་རྟེན་ཐ་དད་པར་གཉིས་ཀ་ལ་གྲུབ། དེ་ལ་བདག་ནི་ལས་བྱེད་པ་དང་། ལོངས་སྤྱོད་པ་ལ་བྱེད་པ་མེད་
དེ། དེ་ལ་བྱེད་པ་དང་བྲལ་བ་དང་། སེམས་པ་མེད་པས་རྩོད་པ་དོན་མེད་དེ། གང་གི་ཕྱིར་བདག་ཁས་བླངས་པ་དེ་མི་ནུས་པའི་ཕྱིར་རོ། །བྱས་པ་དོན་མེད་ལ་བརྗོད་དེ། རྒྱུ་དང་ལྡན་པ་ནི་ལས་བྱེད་པ་པོ་སྟེ། དེ་ཉིད་འབྲས་བུ་དང་ལྡན་པར་མཐོང་བ་མི་སྲིད། གང་གི་ཕྱིར་འཇིག་རྟེན་དུ་འཆི་བའང་
གཞན་ཡིན་ལ་སྐྱེ་བའང་གཞན་ཡིན། དེ་བས་བྱ་བ་དང་བྱེད་པ་ཉིད་དུ་རབ་ཏུ་འཇུག་པའི་རྒྱུན་གཅིག་ཏུ་སྒྲོ་བཏགས་ཏེ། དེ་ལ་བརྟེན་ནས་བྱེད་པ་པོ་གང་ཡིན་པ་ལོངས་སྤྱོད་པ་པོའང་དེ་ཡིན་ཞེས་སྟོན་པས་བསྟན་ཏོ། །བཤད་པ་ཡང་། གང་ཕྱིར་རྒྱུན་ནི་གང་ཉིད་དུ། །ལས་ཀྱི་བག་ཆགས་རྣམ་གཞག་
པ། །དེ་ཉིད་དུ་ནི་འབྲས་སྨིན་བྱེད། །རས་བལ་ལ་ནི་དམར་པོ་བཞིན། །ཞེས་སོ། །རས་བལ་གྱི་ས་བོན་ཚོས་ཀྱི་ཁུ་བས་ཡང་དང་ཡང་དུ་བྱུགས་པའི་མྱུ་གུ་ནས་བརྩམས་ཏེ། འབྲས་བུའི་བར་དམར་པོ་ཁོ་ནར་སྐྱེ་བ་ལྟར། ཐ་དད་ཡིན་ཀྱང་སེམས་ཀྱི་རྒྱུན་གང་གིས་ལས་བྱས་པ་དེ་ཉིད་དུ་འབྲས་བུ་སྨིན་པར་
བྱས་པའི་ཀླན་ཀ་གང་ཡང་མི་འབྱུང་ངོ་། །ལང་ཀར་གཤེགས་པ་ལས་གང་གསུངས་པ། གང་ཟག་རྒྱུན་དང་ཕུང་པོ་རྣམས། །ཕྲ་རབ་རྡུལ་དང་རྐྱེན་དག་དང་། །གཙོ་བོ་དབང་ཕྱུག་བྱེད་པ་པོ། །སེམས་ཙམ་ཉིད་དུ་བདག་གིས་བཤད། །ཅེས་བྱ་བ་དེའང་གང་ཟག་ལ་སོགས་པ་ལ་མངོན་པར་ཞེན་པ་
Vol. 106 · folio 270a
སྤང་བའི་ཕྱིར་ཏེ། དེས་སེམས་དོན་དམ་པར་མི་གྲུབ། གྲུབ་ཀྱང་ང་རྒྱལ་གྱི་ཡུལ་མ་ཡིན་པར་བཤད་དེ་འདས་ལ་སོགས་པའོ། །སེམས་ནི་རྣམ་པ་གསུམ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བའོ། །དེ་ལ་འདས་པ་དང་མ་འོངས་པ་འགགས་པ་དང་མ་སྐྱེས་པའི་ཕྱིར། ང་
རྒྱལ་གྱི་ཡུལ་མ་ཡིན་ཏེ། གང་གི་ཕྱིར་ད་ལྟར་མེད་པའོ། །ད་ལྟར་བ་བདག་ཏུ་འགྱུར། འོན་ཏེ་སྐྱེ་སེམས་བདག་ཡིན་ན། དེའང་བདག་མ་ཡིན་ཏེ། གང་གི་ཕྱིར་སྐད་ཅིག་གཉིས་པ་ལ་དེ་ཞིག་ན་བདག་མེད་དོ། །དེ་བས་སེམས་ལ་དམིགས་པའང་བདག་མ་ཡིན་ནོ། །ཉེ་བར་བསྡུས་
ཤིང་བཤད་དེ་དཔེར་ན་ལ་སོགས་པའོ། །ཆུ་ཤིང་གཤགས་པ་ལྟར་བདག་ཀྱང་མོ་གཤམ་གྱི་བུ་བཞིན་དུ་བདེན་པ་མ་ཡིན་རྣམ་པར་དཔྱད་པས་བཙལ་ཀྱང་མ་རྙེད་པའོ། །ཕ་རོལ་པོས་སྨྲས་ཏེ། གལ་ཏེ་ལ་སོགས་པའོ། །གལ་ཏེ་བདག་གམ་གང་ཟག་ཐམས་ཅད་དུ་མེད་ན་གང་ལ་སྙིང་རྗེ་
ཞེ་ན། ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ། འཕགས་པ་སྤྱན་རས་གཟིགས་ཀྱིས་ཏེ། བྱང་ཆུབ་སེམས་དཔས་ཆོས་མང་པོ་ལ་མི་བསླབ་ཀྱི་འོན་ཀྱང་སྙིང་རྗེ་ཁོ་ན་ལས་ཏེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་གང་དུ་འགྲོ་བ་དེར་དཔུང་ཐམས་ཅད་འགྲོ་བ་ལྟར། སྙིང་རྗེ་
གང་ལ་ཡོད་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་སོ། །དེ་ནི་སེམས་ཅན་མེད་ན་མི་འབྱུང་བར་བཤད་དེ། འབྲས་བུ་ནི་སྐྱེས་བུའི་དོན་ཏེ། དེའི་ཕྱིར་འདོད་པ་རྨོངས་པ་ནི་ཀུན་རྫོབ་ཏུ་བརྟགས་པའི་སེམས་ཅན་ལ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ཀྱིས་དཔྱད་པས་སེམས་ཅན་མེད་ཀྱང་
ཀུན་རྫོབ་ཏུ་ཕུང་པོ་ལ་སོགས་པ་ཡོད་པ་ཉིད་དོ། །འོ་ན་སེམས་ཅན་མེད་ན་སུའི་འབྲས་ཞེས་བཤད་དེ། སེམས་ལ་སོགས་པའོ། །སེམས་ཅན་མེད་ན་གཅིག་རྟག་པ་མེད་པ་དང་། གཟུགས་ལ་སོགས་པ་འཇིག་པའི་རང་བཞིན་ཡིན་པས་འབྲས་བུ་སུའི་ཡང་མ་ཡིན་པར་འགྱུར། དེ་ནི་བདེན་ཏེ་
དོན་དམ་པར་འབྲས་བུ་སུའི་ཡང་མ་ཡིན་ཏེ་རྨོངས་པས་འདོད། སངས་རྒྱ་བ་ལ་འབད་པའི་རྨོངས་པ་སྟེ། བདག་ཁོ་ན་འཚང་རྒྱ་བ་ཡིན་ཞེས་གཅིག་ཏུ་ལྷག་པར་ངེས་པས་སོ། །འོ་ན་རྨོངས་པ་ཐམས་ཅད་དུ་སྤངས་པ་མ་ཡིན་ནམ་ཇི་ལྟར་ལེན་ཞེ་ན། སྨྲས་པ། སྡུག་བསྔལ་ལ་སོགས་པའོ། །
Vol. 106 · folio 270b
རྨོངས་པ་གཉིས་ཏེ་སྲིད་པ་ལ་འཇུག་པའི་རྒྱུ་དང་། ལྡོག་པའི་རྒྱུའོ། །དེ་ལ་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཞི་བའི་ཆེད་དུ་དོན་དམ་པ་རྟོགས་པའི་ཕྱིར་གཏི་མུག་གང་ཡིན་པ་དེ་ནི་མི་འགོག་གོ། །འོ་ན་འབྲས་བུའི་རྨོངས་པ་བཞིན་དུ་བདག་ཀྱང་ཡོད་དུ་ཆུག །ཅི་སྟེ་འགོག་ཅེ་ན།
སྨྲས་པ། སྡུག་བསྔལ་ལ་སོགས་པའོ། །བདག་ཏུ་རྨོངས་པ་ཡོད་ན་ང་རྒྱལ་ཟད་པར་མི་འགྱུར། བདག་ཏུ་འཁྲུལ་པས་ང་རྒྱལ་འཕེལ་བ་ཉིད། དེས་གསུངས་པ། གང་ཞིག་བདག་མཐོང་དེ་ཡིས་འདིར། །བདག་ལ་བརྩེ་བ་རྟག་པར་འགྱུར། །བརྩེ་བས་བདེ་ལ་སྲེད་པར་འགྱུར། །སྲེད་པས་
སྐྱོན་རྣམས་སྦེད་པར་འགྱུར། །ཡོན་ཏན་མཐོང་བས་ཡོངས་སུ་སྲེད། །དེ་ཡི་རྒྱུ་དག་ཉེ་བར་ལེན། །དེས་ནི་བདག་ཏུ་ཞེན་ཡོད་པར། །དེ་སྲིད་འཁོར་བར་འཁོར་བའོ། །ཡོན་ཏན་མཐོང་བ་ནི་གཟུགས་དང་ལྔ་ཚོར་བ་ལ་སོགས་པའོ། །ཡོངས་སུ་སྲེད་ན་ནི་བདག་ལ་སྲེད་པས་སོ། །དེ་
བས་བདག་མཐོང་བ་ཁོ་ན་ལས་ང་རྒྱལ་བཟློག་པར་མི་ནུས་པར་འགྱུར་རོ། །དེ་བས་གང་ཟག་དང་ཆོས་ཀྱི་བདག་མེད་བསྒོམ་པ་མཆོག་ཡིན་ནོ། །བདག་མེད་མངོན་སུམ་དུ་མཐོང་ན་འཇིག་ཚོགས་ཀྱི་ལྟ་བ་ལྡོག་ལ་འདོད་ཆགས་ལ་སོགས་པ་ཡང་ལྡོག་སྟེ་ཡུལ་མ་མཐོང་བས་སོ། །ལུས་
རྗེས་སུ་དྲན་པ་བསྟན་པའི་ཕྱིར་ལུས་ཀྱི་ཡན་ལག་ཅན་ང་རྒྱལ་གྱི་ཡུལ་ཡིན་ཞེ་ན། སྨྲས་པ། ལུས་ལ་སོགས་པའོ། །དཔྱད་པས་ལུས་གཅིག་པུ་ནི་མེད་དོ། །དེ་བཤད་པ། དེ་དང་དེ་ཡི་ཡན་ལག་ཏུ། །ཆ་ཤས་ཁོ་ན་སྣང་བ་ལ། །དེ་དག་དང་ལྡན་ཆ་མེད་པ། །གཞན་ནི་གང་ཡང་མི་སྣང་
ངོ་། །ཞེས་སོ། །ལག་པ་ལ་སོགས་པ་ལུས་མ་ཡིན་ཏེ། ཕྱོགས་གཅིག་བཅད་ཀྱང་ལུས་ཉམས་པས་འཆི་བར་འགྱུར་རོ། །དེ་ནི་མ་ཡིན་རྐང་པ་ལ་སོགས་པ་ཡན་ལག་སོ་སོ་ཡིན། དེ་དག་ལ་ཡན་ལག་ཅན་གཅིག་དཔྱད་པས་མེད་དོ། །གལ་ཏེ་ལག་པ་ལ་སོགས་པ་རེ་རེ་ལུས་མ་ཡིན་
གྱི་འོན་ཀྱང་ཡན་ལག་ཐམས་ཅད་ལ་ཁྱབ་པ། ཡན་ལག་ཅན་ཡན་ལག་ཀུན་ལ་ཡོད་ཅེ་ན། སྨྲས་པ། འདི་ལ་ཞེས་བྱ་བ་ལ་སོགས་པའོ། །ཕྱོགས་གཅིག་གིས་ཁྱབ་བམ་ཐམས་ཅད་ཀྱིས་དེ་ལ་གལ་ཏེ་ཡན་ལག་གང་རུང་གིས་ཡན་ལག་གང་རུང་ལ་ཁྱབ་པར་འདོད་ན། དེ་ནི་མ་ཡིན་
Vol. 106 · folio 271a
ཏེ་ཡན་ལག་རྣམས་ལ་ཡན་ལག་ཅན་གྱི་ཆ་གནས་པས། ཡན་ལག་ཅན་རང་དགར་གནས་དེ་མི་ཤེས་སོ། །ཕྱོགས་གཉིས་པ་ལ་གལ་ཏེ་བདག་ཉིད་ཀུན་གྱི་ལག་པ་ལ་སོགས་པ་ལ་ལུས་ཡན་ལག་ཅན་གྱིས་ཁྱབ་ན། དེའི་ཚེ་ལག་པ་ལ་སོགས་པ་ཇི་སྙེད་
པ་ལུས་ཀྱང་དེ་ཙམ་དུ་འགྱུར་རོ། །དེ་བས་ནང་ན་མ་ཡིན་ཏེ། ཤེས་རིག་གི་སྐྱེས་བུ་སྔར་བཀག་པའི་ཕྱིར་རོ། །ཤ་ལ་སོགས་པ་བཅད་པས་ལུས་ནང་དུ་མ་ཡིན་ནོ། །དེ་ལྟར་ཡན་ལག་ཅན་བཀག་པས། ཕྱི་རོལ་དུ་མངོན་སུམ་ལ་སོགས་པའི་སྤྱོད་ཡུལ་ཀྱང་ལུས་མ་ཡིན་ནོ། །
ལག་པ་ལ་སོགས་པར་ལུས་ཇི་ལྟར་རྣམ་པར་གཞག །གལ་ཏེ་ལག་པ་ལ་སོགས་པ་ལས་གཞན་ཡིན་ཞེ་ན། སྨྲས་པ། ལག་པ་ལ་སོགས་པ་ལས་ཐ་དད་པ་ལུས་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར་རོ། །དེ་ལྟར་ལག་པ་ལ་སོགས་པའི་རང་བཞིན་ནམ། དེ་ལ་བརྟེན་པའམ།
དེ་དང་འབྲེལ་པའམ། དེའི་ནང་ན་གནས་པའམ། དེ་ལས་ཐ་དད་པ་མེད་པས། ཇི་ལྟར་ཡོད་དེ་མི་དམིགས་པའི་ཕྱིར་མེད་པ་ཉིད་དོ། །དེ་བས་དེའི་ཕྱིར་དཔྱད་པས་ལུས་མེད་དེ། མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་ཐ་སྙད་དུ་ལག་པ་ལ་སོགས་པ་ལ་ལུས་ཀྱི་བློ་འབྱུང་ངོ་། །གཞན་
དུ་ཅི་སྟེ་མེད་ཅེ་ན། སྨྲས་པ། ལག་པ་དང་རྐང་པ་ལ་སོགས་པའི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་འཁྲུལ་པས་ལག་པ་ལ་སོགས་པ་ཁོ་ན་ལས་ཏེ། མཐོ་ཡོར་ལ་མིར་འཛིན་པའི་བློ་བཞིན་ཏེ། ལངས་པའི་དབྱིབས་དང་ལྡན་པའི་ཕྱིར་རོ། །ཅི་སྟེ་གཏི་མུག་གིས་ལུས་
ཀྱི་བློ་འབྱུང་ཞེ་ན། སྨྲས་པ། ཇི་སྲིད་ལ་སོགས་པའོ། །སྔར་མེར་མེར་པོ་ལ་སོགས་པའི་གནས་སྐབས་སུའང་མེད་ལ། ཕྱིས་ཐལ་བ་ལ་སོགས་པའི་གནས་སྐབས་སུའང་མེད། འོན་ཀྱང་ས་ལ་སོགས་པ་ཁམས་དྲུག་ཚོགས་པའི་རྐྱེན་ཚོགས་པ་ཇི་སྲིད་དུ། དེ་སྲིད་ལུས་ལ་མི་ལ་སོགས་
པའི་བློ་འབྱུང་དགོངས་པ་འདི་སྟེ། ཚོགས་པ་དེ་དང་དེ་ཡོད་པས། །རང་བཞིན་མེད་ཀྱང་འཁྲུལ་པས་སྐྱེས་བུ་ལ་སོགས་པའི་རྟོག་པ་འབྱུང་ངོ་། །དེ་ལྟར་ལག་པ་ལ་སོགས་པ་ལ་དེ་ཚོགས་པ་ཡོད་པའི་བར་དུ་ལུས་ཀྱི་སྣང་བ་འབྱུང་ངོ་། །དེ་ལྟར་ལག་པ་ལ་སོགས་པ་ཡང་བརྟགས་པ་ཁོ་ནར་བཤད་དེ།
Vol. 106 · folio 271b
དེ་བཞིན་ལ་སོགས་པའོ། །ལུས་བཞིན་དུ་ལག་པ་དང་རྐང་པ་ལ་སོགས་པའང་མེད་དེ། སོར་མོའི་ཕུང་པོ་ཡིན་པས་དེ་ལས་གཞན་རྐང་པའང་མེད་དོ། །སོར་མོའི་ཕུང་པོའང་དངོས་པོ་མ་ཡིན་ཏེ། ཚིགས་ཀྱི་ཚོགས་ཡིན་པའི་ཕྱིར་རོ། །ཚིགས་ཀྱང་དངོས་པོ་མ་ཡིན་ཏེ། །རང་གི་ཆ་
ཤས་ཕྱེ་བས་སོ། །ཚིགས་ཀྱི་ཆ་ཤས་ཀྱང་དངོས་པོ་མ་ཡིན་ཏེ། རྡུལ་ཕྲ་རབ་ཏུ་ཕྱེ་བས་སོ། །རྡུལ་ཕྲ་རབ་ཀྱང་རེ་རེ་ནས་དངོས་པོ་མ་ཡིན་ཏེ། ཤར་དང་ནུབ་དང་ལྷོ་དང་བྱང་དང་། འོག་དང་སྟེང་གི་ཕྱོགས་དང་འབྲེལ་པས་ཐ་དད་པར་འགྱུར་བའི་ཕྱིར་རོ། །དེ་བཤད་པ།
དྲུག་གི་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །རྡུལ་ཕྲ་རབ་ཀྱི་ཆ་ཤས་དེ་ཡང་སྔར་བཞིན་དུ་དྲུག་ཏུ་ཕྱེ་བས་དངོས་པོ་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །རྒྱུ་མཚན་དེས་ནམ་
མཁའ་སྟོང་པ་ཉིད་ཁོ་ན་སྟེ། རྡུལ་ཕྲ་རབ་མེད་དོ། །དེ་ལྟར་དངོས་པོ་བརྫུན་པ་ལ་སྒྲོ་བཏགས་ནས་འདོད་ཆགས་ལ་སོགས་པ་སྐྱེ་བར་བཤད་དེ། དེ་ལྟར་ལ་སོགས་པའོ། །བཤད་པའི་རིམ་པས་རྨི་ལམ་ལྟ་བུའི་གཟུགས་ལ་ཡིད་དུ་འོང་བར་བརྟགས་ནས་སུ་ཆགས། ཡིད་དུ་
མི་འོང་བ་ལ་སུ་སྡང་། གཟུགས་ཙམ་ལ་སྲ་བར་བརྟགས་ནས་སུ་རྨོངས། དེ་ལྟར་སྒྲ་ལ་སོགས་པ་ཡང་ངོ་། །དཔྱོད་ལྡན་ནི་མཁས་པའོ། །འདུ་ཤེས་མེད་ན་བུད་མེད་ལ་སོགས་པའི་རྟོག་པ་ཡང་མི་རིགས་པར་བཤད་དེ། གང་ཚེ་ལ་སོགས་པའོ། །གང་གི་ཚེ་བཤད་པའི་
རིགས་པས་ལུས་མེད་པ་དེའི་ཚེ། ཆགས་པ་དང་ཆགས་པ་འདོད་ཆགས་ཀྱི་ཡུལ་གང་ཡིན་པ་དེ་མེད་དོ། །དེ་ལྟར་ལུས་རྗེས་སུ་དྲན་པ་བཤད་ནས། ཚོར་བ་བཤད་དེ། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པའོ། །ཚོར་བ་ནི་གསུམ་སྟེ། བདེ་བ་དང་། སྡུག་པ་དང་། བདེ་སྡུག་མ་
ཡིན་པའོ། །དེ་ལ་དོན་དམ་པར་སྡུག་བསྔལ་ཡོད་ན་དེའི་ཚེ་རབ་ཏུ་དགའ་བ་རྣམས་ལ་ཅི་སྟེ་མི་གནོད། བདེ་བ་ཡང་དོན་དམ་པར་ཡོད་ན་དེའི་ཚེ་མྱ་ངན་ལ་སོགས་པ་གདུང་བ་རྣམས་ལ་སོགས་པའི་སྒྲས་འཇིགས་པ་ལ་སོགས་པས་གདུང་བ་རྣམས་ལ་ཞིམ་སོགས་ནི་ལྕེའི་ཡུལ་བཏུང་བ་ལ་
Vol. 106 · folio 272a
སོགས་པ་སྟེ། སོགས་པའི་སྒྲས་ཕྲེང་བ་དང་ཙནྡན་ལ་སོགས་པ་བདེ་བའི་རྒྱུ་ཡིན་ན་ཅི་སྟེ་དགའ་བར་མི་བྱེད། དངོས་པོའི་རང་བཞིན་ནམ་ཡང་མི་ལྡོག་པས་སོ། །དེ་བས་བདེ་བ་དང་སྡུག་པའི་ཡུལ་བརྟགས་པ་ཁོ་ནའོ། །སྡུག་བསྔལ་ཡོད་པ་ཡང་བདེ་བ་
སྟོབས་དང་ལྡན་པས་ཟིལ་གྱིས་གནོན་པའི་ཕྱིར་མི་མྱོང་ཞེ་ན། དེ་ནི་མི་རིགས་ཏེ། མི་གསལ་བས་མྱོང་བའི་བདག་ཉིད་ཅན་མ་ཡིན་ན་ཚོར་བའི་རང་བཞིན་ཇི་ལྟར་ཡིན། མྱོང་བས་ཚོར་བར་བཤད་པའི་ཕྱིར་རོ། །རིག་ཀྱང་ཚོར་བ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །སྡུག་བསྔལ་ཐམས་
ཅད་དུ་མེད་པ་མ་ཡིན་ཏེ། འོན་ཀྱང་ཕྲ་མོ་ཡོད། དེའི་ཚེ་དགའ་བའི་གནས་སྐབས་སུ་འཇུག་པའི་བདེ་བ་སྟོབས་ཅན་གྱིས་སྡུག་བསྔལ་གྱི་རགས་པ་བསལ་བ་ཡིན་ནམ། སྡུག་བསྔལ་ཕྲ་མོ་ཡང་དེའི་ཚེ་མི་མྱོང་བས་དྲིས་ཏེ་ཕྲ་མོ་གང་ཡིན། ཀུན་སློང་བདེ་བ་ལས་གཞན་དགའ་བ་ཙམ་འདོད་ན་
ལན་བཤད་དེ། དེ་ཡང་སྡུག་བསྔལ་གྱི་ཕྲ་མོ་མ་ཡིན། དགའ་བ་ཙམ་ནི་བདེ་བའི་རིགས་ཡིན་པས་སོ། །དེས་སྡུག་བསྔལ་ཕྲ་བ་ནི་བདེ་བ་ལ་མེད་པ་ཉིད་དོ། །རྒྱུ་མེད་པས་འགའ་ཞིག་ཏུ་མ་དམིགས་ཤེ་ན། སྨྲས་པ། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །སྡུག་བསྔལ་དང་འགལ་བ་
བདེ་བའི་རྒྱུ་རེག་བྱ་མངོན་ཕྱོགས་པའི་ཚེ་སྡུག་བསྔལ་མི་སྐྱེ་ཞེས་བརྗོད་ན། དེའི་ཚེ་ཚོར་བར་རྟོགས་པས་མངོན་པར་ཞེན་པ་ཉིད་ཡིན་ཞེ་ན་བྱ་བར་གྲུབ་པ་མ་ཡིན་ནམ། གཞན་དུ་ན་གང་ལ་གཅིག་གི་བདེ་བ་དེ་ཉིད་དུ་གཞན་གྱི་སྡུག་བསྔལ་ལོ། །སྔར་གང་ཐོས་ཀྱང་སྡུག་བསྔལ་སྐྱེ། །དེ་
དུས་གཞན་དུ་མཐོང་ནས་དགའ་བ་སྐྱེ། དེ་བས་ཚོར་བ་དང་དེའི་རྒྱུ་བརྟགས་པ་ཁོ་ནའོ། །བཤད་པ་ཡང་། སྦྲུལ་གྱིས་རྨ་བྱ་བདེ་བར་འགྱུར། །དུག་ནི་བཅུད་ལེན་དེ་གོམས་ལ། །རྔ་མོའི་ཁ་ལ་གནོད་པ་ཡི། །གནོད་པར་བྱེད་པའི་ཚེར་མ་ནི། །ཁྱད་པར་རྔ་མོའི་ཁ་ལ་བདེ། །ཚེར་མ་ཁྱད་པར་
བདེ་བའི་རྒྱུ། །ཞེས་སོ། །རྒྱུ་བཤད་དེ། དེ་ཉིད་ལ་སོགས་པའོ། །གང་གི་ཕྱིར་ཚོར་བ་མངོན་པར་ཞེན་པའི་རང་བཞིན་ཡིན། དེ་ཕྱིར་དེ་ལ་མངོན་པར་ཞེན་པའི་གཉེན་པོ་རྣམ་དཔྱད་ཚོར་བ་རྗེས་སུ་དྲན་པ་བསྒོམ་པ་ཡིན། འདི་བས་ཚོར་བ་མངོན་པར་ཞེན་པ་བཤད་དེ། རྣམ་བརྟགས་ལ་སོགས་
Vol. 106 · folio 272b
པའོ། །གང་གི་ཕྱིར་རྟོག་པའི་ཞིང་ལས་བྱུང་བའི་བསམ་གཏན་འདོད་པ་དང་། མི་དགེ་བ་དང་བྲལ་བ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ལ་སོགས་པའོ། །རྟོག་པ་ལས་བྱུང་བའི་དགའ་བ་དང་བདེ་བ་རྣལ་འབྱོར་པའི་ཟས་ཡིན་
རྟོག་པ་ཉིད་དུ་གྲུབ་པོ། །དེ་ལྟར་ཚོར་བའི་རྒྱུ་ཁས་བླངས་ཏེ། མངོན་པར་ཞེན་པ་ཙམ་དུ་ཚོར་བ་བཤད་ནས། ད་ནི་རྒྱུ་མེད་པས་ཚོར་བ་དངོས་པོ་མ་ཡིན་པར་བཤད་དེ། གལ་ཏེ་ལ་སོགས་པའོ། །རེག་པའི་རྐྱེན་གྱིས་ཚོར་བ་སྟེ་ཡུལ་དང་དབང་པོ་རྣམ་ཤེས་གསུམ་ཚོགས་པ་ནི་
རེག་པའོ། །དེ་ཡང་མ་གྲུབ་པས་ཚོར་བ་ག་ལ་ཡོད་དེ། འདི་ལྟར་དབང་པོ་དང་དོན་དམ་པར་བཅས་ལ་རེག་པ་འབྱུང་ངམ། འོན་ཏེ་བར་མེད་ལ། དེ་ལ་དེ་གཉིས་བར་དང་བཅས་པ་ཡིན་ན་དེའི་ཚེ་འདི་གཉིས་ཚོགས་པ་ག་ལ་ཡོད། ཚོགས་པ་ལས་བྱུང་བའི་རེག་པ་བར་བཅས་ག་ལ་
ཡོད། གལ་ཏེ་བར་མེད་གཉིས་ཡིན་ན། དེའི་ཚེ་ཡང་ཐམས་ཅད་དུ་ཕན་ཚུན་དུ་ཞུགས་པས་སུ་དང་སུ་ཕྲད། གཅིག་པུར་གྱུར་པའི་ཕྱིར་རོ། །འོ་ན་རྡུལ་ཕྲ་རབ་ནི་ཕྲད་པར་འགྱུར་ཞེ་ན། སྨྲས་པ། རྡུལ་ཕྲན་ལ་སོགས་པའོ། །རྡུལ་ཕྲན་གཅིག་གཅིག་གི་ནང་དུ་མི་འཇུག །བུ་ག་
མེད་པ་དང་མཉམ་པས་མཐོན་དམན་མེད་པའི་ཕྱིར་རོ། །འོ་ན་འཇུག་པ་མེད་ཀྱང་ཕྲད་པ་ཙམ་ཡོད་ཅེ་ན། སྨྲས་པ། ཐམས་ཅད་དུ་འཇུག་པ་མེད་པས་མ་འདྲེས་ཤིང་མ་འདྲེས་པས་ཕྲད་པ་མེད་དོ། །ཤིན་ཏུ་ཆུང་བ་ལ་ཡང་ཆ་ཡོད་པས་ཆ་མེད་པ་ལ་གཟུགས་མེད་པས། མེད་པ་ཉིད་ལ་
ཕྲད་པ་ག་ལ་ཡོད། འདི་ནི་ཁྱེད་ལ་ཡང་ཚད་མས་གྲུབ་པ་མ་ཡིན་པར་བཤད་དེ། ཕྲད་པ་ཡོད་ན་ཆ་མེད་པ་མི་འགྲུབ། གལ་ཏེ་མཐོང་ནས་བསྟན་པར་གྱིས། གསུམ་པ་བཤད་དེ། རྣམ་ཤེས་ལ་སོགས་པའོ། །རྣམ་ཤེས་གཟུགས་ཅན་མ་ཡིན་པས་དེ་ལ་ཕྲད་པ་ཤིན་ཏུའང་
མེད་དོ། །དེ་ལྟར་གསུམ་ལ་ཕྲད་པ་བཀག་ནས་དེ་ཚོགས་པ་ཡང་དངོས་པོ་མ་ཡིན་པར་བཤད་དེ། ཚོགས་པ་ཡང་དངོས་པོ་མ་ཡིན་པས་རི་བོང་གི་རྭ་བཞིན་ཚོགས་པ་མེད་དོ། །དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར་ལ་སོགས་པས་སྔར་ཇི་ལྟར་བཤད་པ་བཞིན་ནོ། །ཉེ་བར་བསྡུས་
Vol. 106 · folio 273a
ཤིང་བཤད་དེ། དེ་བས་བཤད་པའི་རིམ་པས་རེག་པ་མེད་པ་ན་ཚོར་བ་ག་ལ་སྲིད་དེ། རྒྱུ་མེད་པ་ན་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་བས་བདེ་བ་དང་སྡུག་པའི་རྒྱུ་ཐོབ་པ་དང་སྤང་བའི་ཕྱིར་རེག་པ་ནི་ནམ་མཁའ་བཟའ་བ་ལྟར་རིགས་པ་མ་ཡིན་ནོ། །སྡུག་བསྔལ་ཟད་པའི་ཕྱིར་ཞེ་ན།
སྨྲས་པ། བདག་མེད་པ་དང་། ཚོར་བ་རང་བཞིན་མེད་པས་གནོད་བྱེད་བརྟགས་པ་ཡིན་པའི་ཕྱིར་གང་གིས་གང་ལ་གནོད་པར་འགྱུར། ད་ནི་དེའི་རྐྱེན་ཅན་སྲེད་པ་ཡང་མི་རིགས་པར་བཤད་དེ། གང་ཚེ་ལ་སོགས་པའོ། །གང་གིས་ཚོར་བ་པོ་བདག་མེད་ལ་ཚོར་བ་ཡང་མེད་པ་དེའི་ཚེ་རང་གི་རྒྱུ་མེད་
པའི་གནས་སྐབས་མཐོང་ན་ཕའི་མྱ་ངན་གྱིས་སྐྱེ་སྲེད་པ་ཅི་སྟེ་ཁྱོད་ལྡོག་པར་མི་འགྱུར། ཁྱོད་མི་འབྱུང་བ་ཁོ་ནར་རིགས་སོ། །གལ་ཏེ་ཚོར་བ་པོ་དང་ཚོར་བ་མང་ན་འོ་ན་དངོས་པོ་རྣམས་ལ་མཐོང་བ་ལ་སོགས་པའི་ཐ་སྙད་ཅིས་ཤེ་ན། སྨྲས་པ། མཐོང་བ་ལ་སོགས་པའོ། །མིག་གི་རྣམ་ཤེས་ཀྱིས་
མཐོང་བ་དང་། ལུས་ཀྱི་དབང་པོའི་རྣམ་ཤེས་ཀྱིས་རེག་པ་སྟེ། འོ་ན་སེམས་ཉིད་ཚོར་བ་པོ་དོན་དམ་པར་ཡོད་ཅེ་ན། སྨྲས་པ། དོན་དམ་པར་ཡོད་པ་དེས་མ་ཡིན་གྱི་འོན་ཀྱང་རྨི་ལམ་དང་སྒྱུ་མ་ལྟ་བུ་བག་ཆགས་ལས་བྱུང་བའི་སེམས་ཀྱིས་སོ། །འོ་ན་བདེ་བ་ལ་སོགས་པའི་ཚོར་བ་སེམས་ལས་
གཞན་སེམས་ཀྱིས་ཅི་སྟེ་མི་མཐོང་། ལན་ནི་སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར་སྔོན་གྱི་བག་ཆགས་ལས་སེམས་དང་ལྷན་ཅིག་ཏུ་ཚོར་བ་སྐྱེ་སྟེ། ལྷན་ཅིག་ཏུ་སྐྱེ་བ་ཁོ་ནས་མཐོང་བ་ཡིན་དོན་དམ་པར་ཚོར་བ་མཐོང་བ་མེད་དོ། །ལྷན་ཅིག་ཏུ་སྐྱེས་པས་མཐོང་བ་མ་ཡིན་གྱི་འོན་ཀྱང་ཡུལ་གྱི་
རྣམ་པ་ཅན་དེ་ལས་བྱུང་བའི་ཤེས་པས་དེ་འཛིན་ཞེ་ན། འདིར་ལན་ནི་ཚིགས་བཅད་གཉིས་ཀྱིས་ཏེ། སྔར་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་སྔ་མ་ཕྱིས་འབྱུང་བའི་ཤེས་པས་དྲན་པ་ཡིན་གྱི་མྱོང་བ་མ་ཡིན་ཏེ། ཤེས་པའི་དུས་སུ་དེ་འགགས་པའི་ཕྱིར་རོ། །འགགས་པ་དེ་
རང་གི་ཚུལ་གྱིས་ཀྱང་ཚོར་བ་མ་ཡིན་ནོ། །རང་རིག་སྔར་བཀག་པའི་ཕྱིར། རང་གི་བདག་ཉིད་ཀྱང་རང་གིས་མི་རིག་པའོ། །འོ་ན་གཞན་གྱིས་རིག་གམ་མ་ཡིན་ཏེ། གཞན་དག་གིས་ཀྱང་མྱོང་བ་ཡིན། དེ་ཡང་རང་རིག་མ་ཡིན་པས་དེ་དང་མཚུངས་པའི་ཕྱིར་རོ། །གང་གིས་
Vol. 106 · folio 273b
ཚོར་བ་ཚོར་ཏེ་ཚོར་བ་པོ་ཡང་མེད་དོ། །དེ་བས་མཚན་ཉིད་ཀྱིས་སྟོང་པས་དོན་དམ་པར་ཚོར་བ་མེད་དོ། །མངོན་པར་ཞེན་པ་ལས་གཞན་དེ་བས་སུ་ལ་ཡང་བདེ་བ་དང་སྡུག་པ་དང་རང་གི་མེད་དེ། རྗེས་སུ་འགྲོ་བ་ཅིག་མེད་པས་དེ་ལྟར་བདག་མེད་པའི་ཚོགས་འདི་ལ་ཚོར་བ་འདི་ཡིས་སུ་ལ་
གནོད། གང་ལ་ཡང་མ་ཡིན་ནོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཚོར་བ་མྱོང་བས་བཤད་པ་སྟེ། །འདི་ནི་སུ་ཡིས་མྱོང་བར་བྱེད། །ཚོར་བྱ་ཚོར་བྱེད་ཚོར་བ་ནི། །ཐ་དད་འགྱུར་བ་མེད་པས་སོ། །མཁས་པ་རྣམས་ཀྱིས་ཚོར་བ་ལ། །དེ་ལྟར་དྲན་པ་ཉེར་གཞག་བྱ། །ཞེས་བྱ་
བ་ལ་སོགས་པའོ། །ཚོར་བ་རྗེས་སུ་དྲན་པ་བཤད་ནས་སེམས་རྗེས་སུ་དྲན་པ་བཤད་དེ། ཡིད་ལ་སོགས་པའོ། །རེ་ཞིག་མིག་ལ་སོགས་པའི་དབང་པོ་རྣམས་ལའང་ཡིད་གནས་པ་མ་ཡིན་གཟུགས་ལ་སོགས་པའི་ཡུལ་ལའང་མ་ཡིན། གཟུགས་ཡུལ་དང་དབང་པོའི་བར་དུའང་མ་
ཡིན། ལུས་ཀྱི་ནང་ངམ་ཕྱིའི་ཡན་ལག་རྣམས་ལའང་མ་ཡིན། བཤད་པ་རྣམས་ལས་གཞན་ཕྱོགས་སུའང་དཔྱད་པས་མ་མཐོང་ངོ་། །སེམས་གང་ལུས་ཀྱི་ཕྱི་ནང་དུ་མེད་པས་ལུས་ལས་དངོས་པོ་གཞན་དུ་ཡང་མེད། ཕྱི་ནང་འདྲེས་པ་ལའང་མི་གནས། ཐ་དད་དུ་ཡང་མེད་དེ་དོན་དམ་
པར་མེད་དོ། །དེ་བས་སེམས་ཅན་རྣམས་རང་བཞིན་གྱིས་མྱ་ངན་ལས་འདས་པ་རྣམས་སོ། །ཡིད་དཔྱད་ནས་མིག་གི་རྣམ་ཤེས་ལ་སོགས་པ་དཔྱད་ཅིང་བཤད་དེ། ཤེས་བྱ་ཞེས་བྱ་བ་ལ་སོགས་པའོ། །མིག་ལ་སོགས་པའི་ཚོགས་པ་བརྟེན་ནས་གཟུགས་ལ་སོགས་པ་འཛིན་པ་སྐྱེ་
ཞེས་གཞན་རིག་རྟོགས་ནས་སྨྲས་པ། ཤེས་བྱ་ལས་སྔར་རམ། དུས་མཉམ་པའམ་ཡང་ན་ཕྱིས་ཏེ། དེ་ལ་གཟུང་བྱ་ལས་སྔར་ཤེས་བྱ་མ་སྐྱེས་པར་གལ་ཏེ་ཤེས་པ་མ་ཡིན་ན། དེའི་ཚེ་གང་དམིགས་ནས་དེ་སྐྱེ། གལ་ཏེ་ཤེས་བྱ་དང་དུས་མཉམ་པའི་ཤེས་པ་ཡིན་ན་དེའི་ཚེ་ཅི་དམིགས་ནས་དེ་
འབྱུང་། དུས་མཉམ་པ་རྒྱུ་མ་ཡིན་པའི་ཕྱིར་རོ། །རྒྱུ་མ་ཡིན་པ་སྤྱོད་ཡུལ་མ་ཡིན་ནོ། །གལ་ཏེ་ཤེས་པ་དང་པོ་དེ་འགགས་ནས་ཕྱིས་ཤེས་པ་དེ་སྐྱེ་ན། དེའི་ཚེ་ཤེས་པ་ག་ལ་སྐྱེ། དམིགས་བྱ་འགགས་པའི་ཕྱིར་རོ། །དེ་བས་དོན་དམ་པར་ཚོགས་པ་ལས་ཀྱང་མི་འགྲུབ་བོ། །དེ་ལྟར་སེམས་
Vol. 106 · folio 274a
རྗེས་སུ་དྲན་པ་བཤད་ནས་ཆོས་རྗེས་སུ་དྲན་པ་གསུངས་པའི་རིམ་པས་བཤད་དེ། དེ་ལྟར་ཆོས་ལ་སོགས་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་དང་དངོས་པོ་རྣམས་རང་གི་རྒྱུའི་སྔོན་ནམ། ལྷན་ཅིག་གམ་ཕྱིས་སྐྱེ་བའང་སྐྱོན་འདི་ཉིད་དོ། །སྐྱེ་བ་མེད་པས་འགག་པ་
ཡང་མི་རིགས་སོ། །དེ་ལྟར་ཆོས་རྗེས་སུ་དྲན་པ་ཉེ་བར་གཞག་པས་ཆོས་ཐམས་ཅད་ལ་མ་ཆགས་པའི་ཤེས་པ་སྐྱེའོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་མི་རིགས་པས་བདེན་པ་གཉིས་མེད་ཅེས་ཕ་རོལ་པོས་སྨྲས་ཏེ། གལ་ཏེ་ལ་སོགས་པའོ། །གལ་ཏེ་དོན་དམ་པར་ཆོས་ཐམས་ཅད་མ་སྐྱེས་མ་འགགས་ན་
ཀུན་རྫོབ་མེད་པས་ཐ་སྙད་མི་འགྲུབ་པོ། །དོན་དམ་པའི་བདེན་པ་གཅིག་པུ་ཁོ་ན་གྲུབ་པས་བདེན་པ་གཉིས་མེད་དེ། བསོད་ནམས་སོགས་པ་ལ་སོགས་པ་མེད་པར་འགྱུར་རོ། །གལ་ཏེ་རྒྱུད་གཞན་གྱི་བློས་རྣམ་པར་གཞག་པའི་ཀུན་རྫོབ་ཡོད་ན། དོན་དམ་པའི་བདེན་པ་འབའ་ཞིག་པ་མ་ཡིན་གྱི་ཀུན་
རྫོབ་ཀྱང་གཞན་གྱི་རྟོག་པའི་བློས་རྣམ་པར་གཞག་ན། སེམས་ཅན་མྱ་ངན་ལས་ག་ལ་འདའ། སྟོང་པ་ཡང་རྟོག་པས་ཡུལ་དུ་བྱེད་པས་ཀུན་རྫོབ་པར་འགྱུར་རོ། །དོན་དམ་པ་རྟོགས་ནས་སྤྲོས་པ་ཐམས་ཅད་མི་དམིགས་པས། སེམས་ཅན་གང་མྱ་ངན་ལས་འདས། དེ་ཡང་བློས་དམིགས་
པས་མྱ་ངན་ལས་འདས་པར་འགྲོ། བློ་ཀུན་རྫོབ་བརྗོད་པས་མྱ་ངན་ལས་འདས་པའང་ཀུན་རྫོབ་པར་འགྱུར་རོ། །ལན་བཤད་དེ། འདི་ནི་ལ་སོགས་པའོ། །མྱ་ངན་ལས་འདས་པ་ལས་གཞན་འཆད་པ་པོས་དེའི་བློའི་ཡུལ་དུ་བྱས་པས། དེའི་རྣམ་རྟོག་འདི་ཡིན། དེས་མྱ་ངན་ལས་འདས་
པ་ལ་ཀུན་རྫོབ་མི་རིགས་དེ་ནི་མྱ་ངན་ལས་འདས་པ་ཁོ་ནའོ། །གང་གི་ཕྱིར་རང་གི་ཀུན་རྫོབ་ཀྱིས་དེ་མེད་པ་ཉིད་དོ། །དེ་ལ་རང་གི་རྟོག་པ་ཐམས་ཅད་འགགས་པའི་ཕྱིར་རོ། །གཞན་གྱི་ཀུན་རྫོབ་ཀྱིས་ཀྱང་ཇི་ལྟར་ཞེ་ན། སྨྲས་པ། ཕྱིས་དེ་ལ་སོགས་པའོ། །འདི་ཡོད་ན་འདི་འབྱུང་
ཞེས་རྟེན་ཅིང་འབྲེལ་པས་རྣལ་འབྱོར་པ་ལ་གཞན་གྱི་རྟོག་པ་སྣང་། རྩ་བའི་ཏིང་ངེ་འཛིན་གྱི་དངོས་གཞིའི་རྗེས་སུ་གཞན་གྱི་རྟོག་པ་ངེས་པས་རྣལ་འབྱོར་པ་ལ་ཀུན་རྫོབ་ཡོད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ། ཆོས་ཐམས་ཅད་མི་དམིགས་པའོ། །དེ་
Vol. 106 · folio 274b
ལས་ལོངས་སྤྱོད་རྫོགས་པའི་སྐུ་མངོན་ཤེས་དྲུག་ཐམས་ཅད་མཁྱེན་པ་ཉིད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཡེ་ཤེས་ཀྱི་མེ་ལོང་ལ། འདས་པ་མ་འོངས་པ་ད་ལྟར་བ་ཐག་ཉེ་བ་དང་རིང་བ་འཆད་པའི་རིགས་པར་དངོས་པོ་ཐམས་ཅད་སྣང་བའི་ཕྱིར་རོ། །འོ་ན་འདས་མ་འོངས་མེད་པས་
ཇི་ལྟར་སྣང་ཞེ་ན། བརྗོད་དེ་ཇི་ལྟར་ཐག་རིང་བ་དུས་རིང་བ་ཡང་དེ་ལྟར་ཏེ། རིས་དྲུག་གི་འཁོར་ལོ་ཐོག་མ་དང་ཐ་མ་མེད་པ་གང་གི་ཕྱིར་བཤད་པ། སངས་རྒྱས་ངོ་མཚར་བསོད་ནམས་ཤེས་རབ་འབྱུང་གནས་ཡིན་ཕྱིར་ཕྱོགས་དང་རང་བཞིན་གྱིས། །རིང་བ་གཟིགས་ལྟར་དུས་རིངས་
འདས་ལ་སོགས་པ་ཅི་སྟེ་མི་གཟིགས་སོ། །དེ་གཉིས་རིགས་པ་མཚུངས་པས་རིས་དྲུག་འཁོར་ལོ་ཐོག་མཐའ་བར་མ་དང་བྲལ་བ། །གཟིགས་ཏེ་དེ་ལྟར་འགྲོ་བ་ཐོག་མེད་དང་ནི་སྟོན་པ་ཐམས་ཅད་མཁྱེན་པར་གྲུབ། །ཅེས་སོ། །དེས་བཤད་པ། གལ་ཏེ་འཁོར་བ་ཐོག་མཐའ་མེད་པ་ཡིན་
ན། དེའི་ཚེ་དེ་མི་ཤེས་པས་ཐམས་ཅད་མཁྱེན་པ་ཇི་ལྟར་གྲུབ་ཅེས་བྱ་བ་ནི་མེད་དེ། རིས་དྲུག་གི་འཁོར་ལོ་ལ་ཐོག་མ་མེད་ཅིང་ཐ་མ་ཡང་མེད་དེ། འོན་ཀྱང་མངོན་སུམ་གྱིས་གཟིགས། དེ་བས། ཐམས་ཅད་མཁྱེན་ལ་འགྲོ་བ་དག །མ་ལུས་ད་ལྟར་བ་བཞིན་སྣང་། །ཐ་མལ་ལྟ་བ་ལ་
ལྟོས་ནས། །རིང་བ་གསུམ་ནི་བཤད་པ་ཡིན། །ལོངས་སྤྱོད་རྫོགས་པ་ལ་གདུལ་བྱ་དང་སྨོན་ལམ་གྱི་དབང་གིས་སྤྲུལ་བའི་སྐུ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་ཡང་ངོ་། །དེ་བས་དོན་དམ་པར་སྐྱེ་བ་ལ་སོགས་པ་མེད་ཀྱང་ཀུན་རྫོབ་ཡོད་པར་མི་འགལ་ལོ། །འོ་ན་རྣལ་
འབྱོར་པས་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་གྱི་རྣམ་རྟོག་ཤེས་ཀྱི་བརྟགས་པའི་དངོས་པོ་ཇི་ལྟར་ཤེས་ཤེ་ན། སྨྲས་པ། རྟོག་པའི་བློ་དང་དེས་བརྟགས་པའི་ཤེས་བྱ་འདི་གཉིས་ཕན་ཚུན་ལྟོས་པ་ཅན་ཡིན་པས། རྟོག་པའི་ཡུལ་ཀྱང་ཤེས་སོ། །འོ་ན་ཀུན་རྫོབ་དཔྱོད་པའི་
རྟེན་གང་ཡིན། ཀུན་རྫོབ་ཀྱང་མ་ཡིན་ཏེ་བཀག་པས་སོ། །དོན་དམ་ཀྱང་མ་ཡིན་ཏེ། དེ་ལ་སྤྱོད་པ་མི་སྲིད་པས་ཤེ་ན། སྨྲས་པ། ཇི་ལྟར་འཇིག་རྟེན་ལ་གྲགས་པའི་དངོས་པོ་དང་དཔྱོད་པ་ལ་བརྟེན་ནས་འཇིག་རྟེན་གྱི་དཔྱོད་པ་ཐམས་ཅད་འདིར་སྐྱེ་བོ་ལ་གོ་བར་བྱ་བའི་ཕྱིར་བརྗོད་དོ། །འོ་ན་
Vol. 106 · folio 275a
དཔྱོད་པ་ཡང་དཔྱད་པར་བྱ་བ་ལྟར་བརྟགས་པ་ཡིན་པས་དཔྱད་པར་བྱ་བར་འགྱུར་ཞེ་ན་མ་ཡིན་ཏེ། ཇི་ལྟར་གྲགས་པ་ཞེས་བྱ་བས་ལན་ཟིན་ཏོ། །དེ་ལྟ་ཡིན་ན་སྐྱོན་ཡང་བཤད་དེ། གང་གི་ཚེ་ལེགས་པར་དཔྱད་པའི་དཔྱོད་པས་དཔྱོད་པར་བྱེད་ན་དེའི་ཐུག་པ་མེད་པར་
འགྱུར་རོ། །དེ་ཅིའི་ཕྱིར་དཔྱོད་པའི་དོན་དུ། གཟུང་བ་ཡང་དཔྱད་དགོས་པའི་ཕྱིར་རོ། །དཔྱད་པར་བྱ་བ་ལ་ཐུག་མེད་དུ་ཅི་སྟེ་མེད་ཅེ་ན་སྨྲས་པ། དཔྱད་པར་བྱ་བའི་ཡུལ་དཔྱད་ཟིན་པ་ལ་དཔྱད་པའི་རྟེན་མེད་དེ། གང་ལ་བརྟེན་ནས་སླར་དཔྱོད་པ་ན་ཐུག་མེད་དུ་འགྱུར་བ་དེ་སྟོང་པར་བྱས་པའི་ཕྱིར་རོ། །
དཔྱད་པར་བྱ་བ་དཔྱོད་པས་བྱ་བ་བྱས་པར་འགྱུར་བའི་ཕྱིར་རོ། །དེ་བས་རྟེན་པས་སྐྱོད་པ་མི་སྐྱེའོ། །རྣམ་རྟོག་མེད་པའི་ཕྱིར་འཇུག་པ་དང་ལྡོག་པ་མེད་པས་ཆགས་པའང་མ་ཡིན། ཆགས་པ་དང་བྲལ་བ་ཡང་མ་ཡིན་པ་དེ་ནི་མྱ་ངན་ལས་འདས་པར་བརྗོད་པར་བྱ་བ་དང་བྲལ་བས་རབ་ཏུ་ཞི་བའི་ཕྱིར་རོ། །
བརྟགས་པའི་ཡུལ་ལ་དཔྱོད་པ་བདེན་ཏེ་དོན་དམ་པར་མ་ཡིན་ཞེས་བཤད། དངོས་པོར་སྨྲ་བ་གང་ལ་དཔྱད་པར་བྱ་བ་དང་དཔྱོད་པ་གཉི་ག་བདེན། དོན་དམ་པར་ཡོད་ཀུན་རྫོབ་མ་ཡིན་པ་དེ་ཉིད་ནི་ཤིན་ཏུ་དཀའ་བར་གནས། དེ་ཉིད་བཤད་དེ། གལ་ཏེ་ཚད་མའི་ཤེས་པའི་མཐུས་གཞལ་བྱའི་དོན་རྣམ་
པར་བཞག་ན། ཤེས་པ་ཡོད་པ་ཅིས་ཉེས་ཏེ་རང་རིག་མེད་པས་ཚད་མ་གཞན་ཚོལ་ན་ཐུག་པ་མེད་པའི་ཕྱིར་རོ། །འོན་ཏེ་ཕ་རོལ་ལ་བརྟགས་ནས་བཤད་དེ། གལ་ཏེ་ཤེས་པར་བྱ་བའི་དབང་གིས་ཤེས་པ་རྣམ་པར་བཞག་ན། ཤེས་པར་བྱ་བ་ཡོད་པར་ཅིས་ཤེས། ཤེས་པ་དང་ཤེས་བྱ་ཕན་ཚུན་
གྱི་དབང་གིས་གལ་ཏེ་གཉིས་ཡོད་པར་བརྗོད། ཤེས་བྱའི་དབང་གིས་ཤེས་པ་དང་། ཤེས་པའི་དབང་གིས་ཤེས་བྱ་ཡོད་པར་འདོད་ན་དེའི་ཚེ་ཕན་ཚུན་དུ་བརྟེན་པའི་ཕྱིར་ཤེས་པ་དང་ཤེས་བྱ་གཉི་ག་མེད་པར་འགྱུར་རོ། །འདིར་དཔེ་བཤད་དེ། བུ་མེད་པར་ཕ་མེད་ན་བུ་སྐྱེད་པ་ལ་ལྟོས་པ་ཅན་དེ་ཡིན་
པས། འོ་ན་བུ་ག་ལས་འབྱུང་སྟེ་ཕ་མེད་པའི་ཕྱིར་རོ། །དེ་བས་བུ་མེད་པས་ཕ་མེད་དོ། །གང་གི་ཕྱིར་ཕས་བུ་སྐྱེད་དེ་ཡང་བུ་མེད་ན་ཕ་མ་ཡིན་པས་ཕན་ཚུན་དུ་བརྟེན་པས་གཉི་ག་མེད་པ་ཉིད་དོ། །དོན་ལ་ཡང་སྦྱར་ཏེ། དེ་བཞིན་ཕ་དང་བུ་ལྟར་ཤེས་པ་དང་ཤེས་བྱ་གཉི་ག་མེད་དེ། ཤེས་བྱ་
Vol. 106 · folio 275b
ཤེས་ན་ཤེས་པར་བརྗོད་དེ། ཤེས་པས་དཔྱད་པར་བྱ་བ་ཤེས་བྱ་ཡིན། ཇི་སྲིད་དུ་ཤེས་པ་མ་གྲུབ་དེ་སྲིད་དུ་ཤེས་བྱའོ། །འོ་ན་ཤེས་པ་ནི་ཤེས་བྱ་ལས་བྱུང་། མྱུ་གུ་ལས་ས་བོན་བཞིན་དུ་ཤེས་པ་དེ་ལས་ཤེས་བྱ་གྲུབ་པར་འགྱུར་ཞེས་སྨྲས་ཏེ། གཡུལ་སའི་བུ་གར་གནས་པའི་ས་བོན་ལས་མྱུ་གུ་
སྐྱེ་ལ། མྱུ་གུས་ས་བོན་རྟོགས་པ་ལྟར་ཤེས་བྱ་ལས་སྐྱེས་པའི་ཤེས་པས་ཤེས་བྱ་ཡོད་པར་ཅི་སྟེ་མི་རྟོགས། ལན་བཤད་དེ། དཔེ་འདི་མི་མཚུངས་ཏེ། བྱ་བ་མྱུ་གུ་ལས་ས་བོན་ཡོད་པར་རྟོགས་པ་གང་། དེ་ནི་མྱུ་གུ་ལས་ཐ་དད་པའི་ཤེས་པ་ལས་སོ། །རྒྱུ་འབྲས་ཀྱི་འབྲེལ་པ་སྔར་
རྟོགས་པས་དེ་མེད་ན་མི་འབྱུང་བའི་མྱུ་གུ་མཐོང་ནས་ས་བོན་རྗེས་སུ་དཔོག་པར་བྱེད་དོ། །ཤེས་པ་ཡོད་པར་ཅིས་ཤེས་ཏེ་རང་རིག་མེད་པ་དང་ཤེས་པ་གཞན་གྱིས་ཤེས་ན་ཧ་ཅང་ཐལ་བར་འགྱུར་རོ། །གང་གི་ཕྱིར་ཤེས་བྱ་དེས་རྟོགས། རང་གིས་མ་ངེས་པའི་རྟགས་ཀྱི་བསྒྲུབ་བྱ་མི་
རྟོགས་པའི་ཕྱིར་རོ། །དེ་བས་ཐ་སྙད་འདི་ཀུན་རྫོབ་པ་ཁོ་ན་ཡིན་ནོ། །ད་ནི་རང་བཞིན་དུ་སྨྲ་བའི་འདོད་པ་བཤད་དེ། རྒྱང་པན་པའི་འདོད་པ་རྒྱུ་ཐམས་ཅད་ལ་ལྟོས་པ་མེད་པ་ལས་དངོས་པོ་རྣམས་སྐྱེ། རྒྱུ་མེད་པའི་རྒྱུ་མཚན་ཡང་སྨྲས་ཏེ། པདྨའི་གེ་སར་ལ་སོགས་པ། །ངོ་མཚར་བ་ནི་སུ་
ཡིས་བྱས། །རྨ་བྱའི་མདོངས་ལ་སོགས་པ་ཡང་། །ངོ་མཚར་བ་ནི་སུ་ཡིས་བྱས། །ཇི་ལྟར་ཚེར་མ་ལ་སོགས་པའི། །རྣོན་པོ་ལ་སོགས་རྒྱུ་མེད་པ། །རེས་འགའ་འབྱུང་བས་དེ་བཞིན་དུ། །སྡུག་བསྔལ་ལ་སོགས་རྒྱུ་མེད་དོ། །འདི་ལྟར་སྨྲ་བ་རྣམས་ལ་འཇིག་རྟེན་གྱིས་རྟོགས་པའི་
རྒྱུའི་ནུས་པས་གནོད་པ་བཤད་དེ། རེ་ཞིག་ལ་སོགས་པའོ། །སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་གྱིས་ནི་མི་དམིགས་པ་དེའི་ཁྱད་པར་ཡིན་པའི་ཕྱིར། མངོན་སུམ་དང་མི་དམིགས་པ་དག་གིས་ཐམས་ཅད་རྣམ་པ་དུ་མ་རྒྱུ་དང་ལྡན་པ། འགྲོ་བ་སྣ་ཚོགས་པར་མཐོང་། གང་ཡོད་ན་འབྲས་བུ་
འབྱུང་གི་མེད་ན་མི་འབྱུང་བ་དེ། དེའི་རྒྱུ་ཡིན་ནོ་ཞེས་ངེས་པར་བྱེད་དོ། །པདྨ་དང་སྡོང་བུ་དང་སོགས་པའི་སྒྲས་འདབ་མ་དང་འབྲས་བུ་དང་གེ་སར་ལ་སོགས་པའི་དབྱེ་བ་རྒྱུའི་ཁྱད་པར་ལས་སྐྱེ་སྟེ། གཞན་དུ་ན་ཐམས་ཅད་ལས་སྐྱེ་བར་འགྱུར་རོ། །དེ་བས་རྒྱུ་ངེས་པ་ཅན་ལས་འབྲས་བུ་ངེས་པ་ཅན་སྐྱེའོ། །
Vol. 106 · folio 276a
རྒྱུའི་ཁྱད་པར་འདི་གྲུབ་ན་འབྲས་བུའི་ཁྱད་པར་འབྱུང་གི །རྒྱུའི་ཁྱད་པར་འདི་གང་ལས་འབྱུང་ཞེ་ན། ལན་ནི་སྔར་གྱི་རྒྱུ་དབྱེ་ཉིད་ལས་སོ། །སྐྱེད་པར་བྱེད་པའི་རྒྱུའི་ཁྱད་པར་ལས་སོ། །རྒྱུ་དེ་ལ་ཡང་ཁྱད་པར་འདི་གང་ལས་ཤེ་ན། འདིར་རྒྱུ་སྔ་མའི་ཁྱད་པར་ལས་ཞེས་བརྗོད་
པར་བྱའོ། །ཧ་ཅང་ཐལ་བའི་སྐྱོན་ཡང་མེད་དེ། འཁོར་བ་ཐོག་མཐའ་མེད་པར་འདོད་པའི་ཕྱིར་རོ། །རྒྱུ་འབྲས་ཀྱི་རྗེས་འགྲོ་དང་ལྡོག་པར་གྲུབ་སྟེ། གཞན་ལས་མ་སྐྱེས་དེར་མི་གནས། །ཡུལ་གཞན་ལས་ཀྱང་འོངས་པ་མིན། །གང་ཡོད་པ་ན་འབྲས་བུ་འབྱུང་། །དེ་ཡི་མིན་ན་སུ་ཡང་མིན། །ཞེས་
བྱས་ནས་སོ། །དེ་བས་འབྲས་བུ་ལ་འཁྲུལ་པའང་མེད་དེ། རྒྱུ་གང་དང་གང་ལས་འབྲས་བུའི་ཁྱད་པར་ལ་ངེས་པའི་རྒྱུ་ཡིན། སྔ་མ་སྐྱེད་པར་བྱེད་པའི་རྒྱུ་ནུས་པ་ལས་སོ། །རང་གི་རྒྱུ་ཉིད་ཀྱིས་དེ་ལྟ་བུའི་རང་བཞིན་ཅན་དུ་དེ་སྐྱེད། གང་གིས་གནོད་པ་མེད་ན་དེ་ལྟ་བུའི་འབྲས་བུ་སྐྱེད་དོ། །
གཞན་ཡང་རྒྱང་པན་པས་འདི་དངོས་པོ་རྣམས་ཀྱི། རྒྱུ་མེད་ཅེས་སྨྲས་རྒྱུ་མཚན་དང་བཅས་ན། །རང་གི་དམ་བཅའ་རང་གིས་འཇིག་པར་བྱེད། །གལ་ཏེ་གཏན་ཚིགས་དེ་ལ་མི་བརྗོད་ན། །དམ་བཅའ་འབའ་ཞིག་བརྗོད་པས་དགོས་པ་མེད། །རྒྱུ་འབྲས་གྲུབ་པས་འཇིག་རྟེན་ཕ་རོལ་དང་ཐར་པ་
ཡང་གྲུབ་པོ། །རྒྱང་པན་པ་བསལ་ནས་དབང་ཕྱུག་རྒྱུར་སྨྲ་བ་བསལ་བར་བཤད་དེ། དབང་ཕྱུག་ལ་སོགས་པའོ། །རིགས་པ་པ་ལ་སོགས་པ་ན་རེ། བཅོམ་ལྡན་འདས་དེ་ཡོད་འགྲོ་བ་སྣ་ཚོགས་པ་སྤྲུལ་པ་ལ་མཁས་པ། རྟག་ཏུ་ནུས་པ་མ་ཉམས་པ། ཐོག་མར་གྱུར་པ་རྟག་པ་ཐམས་ཅད་མཁྱེན་པ་
དབང་ཕྱུག་སྟེ། དེས་འགྲོ་བ་རྒྱུ་དང་བཅས་པའོ། །ལུས་དང་ཁམས་དང་། རི་དང་རྒྱ་མཚོ་ལ་སོགས་པ་བྱེད་པ་དང་། གནས་པ་དང་འཇིག་པའི་རྒྱུ་དབང་ཕྱུག་ཆེན་པོའོ། །ལན་བྱེད་པ་པོས་ནི་རེ་ཞིག་དབང་ཕྱུག་གང་ཡིན་སྨྲོས། འབྲས་བུ་ནི་ས་གཞི་དང་ས་བོན་ལ་སོགས་པ་བྱ་བ་ལས་ཐ་དད་པ་དེའི་
རྗེས་འགྲོ་དང་ལྡོག་པ་ལ་རྗེས་སུ་འཇུག་པ་ནི་ལྟར་སྣང་ངོ་། །དེ་བཤད་པ། གང་ཡོད་ན་ནི་གང་ཞིག་འབྱུང་། །དེ་མིན་དེ་ཡི་རྒྱུ་ཉིད་དུ། །རྟོག་པར་བྱེད་པ་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས་སོ། །གལ་ཏེ་ས་ལ་སོགས་པ་འབྱུང་བ་རྣམས་དབང་ཕྱུག་ཡིན་ན་དེ་ལྟ་མོད། དེའི་རྗེས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words