བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ
Sanskrit title (Tibetan script, as in the text) བོ་དྷི་ཙཱརྱཱ་བ་ཏཱ་ར་ཏཱ་ཏ་པརྱ་པཉྫི་ཀ་བི་ཤཻ་ཥ་དྱོ་ཏ་ནི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 106 · folio 220b
ཡུན་རིངས་སུ་གོམས་ཀྱང་སེམས་གཡེངས་པ་འམ། གཉིད་ལ་སོགས་པས་རྨུགས་པས་དོན་མེད་དུ་འགྱུར་ཏེ་བསྒྲུབ་བྱ་མི་འགྲུབ་པས་སོ། །ཞེས་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཤེས་རབ་ནི་བརྗོད་མེད་སེམས་ཡིན་ཞེས་བཤད་དེ། སྡུག་
བསྔལ་ཞེས་བྱ་བ་ལ་སོགས་པའོ། །རིས་དྲུག་གི་སྡུག་བསྔལ་འཇོམས་པ་དང་། མྱ་ངན་ལས་འདས་པའི་བདེ་བ་མྱོང་བའི་ཕྱིར་དོན་མེད་འཁོར་ཏེ། ཀ་ཤིའི་མེ་ཏོག་ནམ་མཁར་འཁོར་བ་བཞིན། །མེ་ལྔ་བསྟེན་པ་དང་སྐྲ་འབྱིད་པ་ལ་སོགས་པ་དོན་མེད་དེ། གང་དག་གི་ཆོས་ཀྱི་
དོན་གྱི་མཆོག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་མཆོག་གི་གཏེར་སེམས་ཉིད་གསང་བ་སྟེ། ཐ་མལ་གྱི་སྤྱོད་ཡུལ་མ་ཡིན་པ་དེ་ཁོ་ན་ཉིད་སེམས་པས་ཆོས་ཀྱི་སྐུའི་རང་བཞིན་མ་གོམས་པའོ། །སྡོང་པོ་བཀོད་པ་ལས་གསུངས་པ། རང་སེམས་ཁོ་ན་ཆོས་ཀྱི་སྤྲིན་གྱིས་
རླན་པར་བྱེད་པའོ། །སྒྲིབ་པ་རྣམས་ལས་སྦྱང་བར་བྱའོ། །བརྩོན་འགྲུས་ཀྱིས་བརྟེན་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་སེམས་ཅན་སེམས་ཀྱི་རང་བཞིན་ཡིན་པ་དེ་བས་བརྟན་པར་གཟུང་བ་ནི་དྲན་པས་སོ། །ལེགས་པར་བསྲུང་བ་ནི་ཤེས་བཞིན་གྱིས་སོ། །བརྟུལ་
ཞུགས་གཙོ་བོར་གྱུར་པ་འདི་མ་ཡིན་པ་བརྟུལ་ཞུགས་གཞན་མང་པོས་ཅི་ཞིག་བྱ། བཀའ་བསྡུ་བའི་མདོ་ལས་གསུངས་པ། རང་གི་སེམས་བྱིན་གྱིས་བརླབ་ཅིང་ཤིན་ཏུ་བརྟན་པར་གཟུང་བར་བྱའོ། །གང་གི་ཕྱིར་གང་ན་སེམས་པ་དེར་ཡོན་ཏན་དང་སྐྱོན་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སྐྱོན་
རྣམས་ལས་སེམས་ལོག་སྟེ། ཡོན་ཏན་རྣམས་ལ་རབ་ཏུ་བཅུག་གོ་ཞེས་བྱ་བ་ལ་སོགས་པའོ། །དཔེ་བཤད་དེ། ཇི་ལྟར་བྱིས་པ་རྩ་བཀྲོལ་རྣམས་ཀྱི་ནང་དུ་གང་རུང་གི་རྨ་བསྲུང་བར་འདོད་པས་གནོད་པའི་དོགས་པས་སེམས་རྩེ་གཅིག་པར་རྨ་བསྲུངས་པ་དེ་བཞིན་དུ། བསླབ་པ་
བསྲུང་བར་འདོད་པས་སེམས་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པས་རྨ་ལྟ་བུའོ། །ཞེ་སྡང་ལ་སོགས་པ་སྐྱེ་བོ་མ་རུངས་པའི་ནང་དུ་དུས་ཐམས་ཅད་དུ་བསྲུང་བར་བྱའོ། །རྨས་བསྐྱེད་པའི་སྡུག་བསྔལ་ཆུང་སྟེ། དེ་ལ་འཇིགས་ཤིང་རྨ་ནན་ཏན་གྱིས་བསྲུང་ན། བསྡུས་འཇོམས་ཀྱི་རིས་འཇོམས་པ་ལས་
Vol. 106 · folio 221a
ཡུན་རིང་པོ་སྡུག་བསྔལ་ཆེན་པོ་ལས་ཡུན་རིང་འཇིགས་ཤིང་སེམས་ཅན་གྱི་རྨ་ཅི་སྟེ་མི་བསྲུང་། བསྡུས་འཇོམས་ཀྱི་རིས་ལུས་འཇོམས་པ་ཡིན་ཀྱང་དེའི་སྡུག་བསྔལ་སེམས་ཁོ་ན་ལའོ། །དེ་ལྟར་བྱས་ན་ཡོན་ཏན་ཅི་ཞེ་ན། སྨྲས་པ། སྤྱོད་པ་ཞེས་བྱ་བ་ལ་
སོགས་པའོ། །མི་རིགས་པ་བྱེད་པའི་སྐྱེ་བོ་རྣམས་ལ་སྡང་བར་མི་བྱའོ། །ལང་ཚོ་རྣམས་ཀྱི་ནང་དུ་ཡང་མི་ཆགས་ཤིང་བག་ཡོད་པར་བྱའོ། །དེ་བསྟན་པར་བྱ་ཞིང་བཤད་དེ། སྣམ་སྦྱར་ལ་སོགས་པ་རྙིང་པ་དང་། གདན་གདིང་བ་དང་ཕྱག་ལ་སོགས་པའི་བཀུར་སྟི་དང་། ལུས་དང་ཚེ་དང་
དགེ་བ་གཞན་དག་གང་བདག་གི་དོན་དུ་གྱུར་པ་དེ་དག་ཐམས་ཅད་ཉམས་ཀྱང་བླའི་སེམས་ནི་ནམ་ཡང་ཉམས་པར་མི་བྱའོ། །འདིར་དད་པ་སྐྱེད་པའི་ཕྱིར་བཤད་དེ། སེམས་བསྲུང་བ་ལ་སོགས་པའོ། །གཙུག་ན་རིན་པོ་ཆེས་ཞུས་པ་ལས་དྲན་པ་བཤད་དེ། དྲན་པ་གང་གིས་ཉོན་མོངས་པ་རྣམས་
དང་། བདུད་ཀྱི་ལས་རྣམས་ལ་སྐབས་མི་འབྱེད་པ་དང་། ལམ་མ་ཡིན་པར་མི་ལྟུང་བ་དང་། མི་དགེ་བ་རྣམས་ལ་སྐབས་མི་འབྱེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དམིགས་པའི་ཡུལ་ལ་མ་རྨུགས་པས་སོ། །ཤེས་བཞིན་ནི་རྒྱལ་བའི་ཡུམ་ལས་གསུངས་ཏེ། སྤྱོད་
པ་ན་བདག་སྤྱོད་དོ་ཞེས་གནས་པ་ན་བདག་གནས་སོ་ཞེས་རབ་ཏུ་ཤེས་ཞེས་བྱ་བ་ལ་སོགས་པའོ། །ཤེས་བཞིན་ནི་ལུས་དང་སེམས་སོ་སོར་བརྟགས་པའོ། །འདི་གཉིས་མ་བསྲུངས་ན་སྐྱོན་དུ་བཤད་དེ། ནད་ཀྱིས་གཟིར་བའི་མི་ལས་ཐམས་ཅད་མི་ནུས་པ་ལྟར། དྲན་པ་དང་ཤེས་བཞིན་
མེད་པའི་སེམས་ཀྱིས་ཐོས་པ་དང་། བསམ་པ་ལ་སོགས་པ་མི་ནུས་སོ། །གཉིས་ཀྱི་སྐྱོན་སོ་སོ་བཤད་དེ། ཇི་ལྟར་བུམ་པ་བུ་ག་ཅན་ལ་ཁ་ནས་བླུགས་པའི་ཆུ་འཛག་པ་ལྟར། ཤེས་བཞིན་མེད་པའི་སེམས་དང་ལྡན་པ་ལ་ཐོས་པ་ལ་སོགས་པ་དྲན་པ་མི་གནས་སོ། །སྐྱོན་གཞན་
བཤད་དེ། མང་དུ་ཐོས་པ་དད་པ་དང་ལྡན་པ་བསླབ་པ་བསྲུང་བ་ལ་བརྩོན་པ་མང་པོ་རྣམས་ཀྱང་ལུས་དང་སེམས་ཤེས་བཞིན་མེད་པས་གདུང་བར་འགྱུར་རོ། །དགེ་བ་འཕྲོག་པས་ན་ཆོམ་རྐུན་པས་དྲན་པ་ཉམས་པ་ལ་བརྟེན་ནས་འཕྲོག་པས་བསོད་ནམས་བསགས་ཀྱང་ངན་འགྲོར་འགྲོ །
Vol. 106 · folio 221b
ཉོན་མོངས་པ་རྣམས་དང་ཆོམ་རྐུན་རྣམས་གླགས་སྐབས་ཚོལ་བར་བྱེད། འཇུག་པའི་ལམ་ཐོབ་ན་དགེ་བ་འཕྲོག་གོ། །དེ་བས་བདེ་འགྲོ་ཁོ་ན་སྲོག་སྟེ་དེ་འཇོམས་དགེ་བ་འཕྲོག་པས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཡིད་ཀྱི་ཁང་པར་འཇུག་པའི་སྒོ་ཁར་ཆོམ་རྐུན་བསྲུང་བའི་
ཕྱིར་དྲན་པ་བཞག་པར་བྱའོ། །གལ་ཏེ་སོང་ན་ཡང་ཉེ་བར་གཞག་པར་བྱ་སྟེ། དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲན་ནས་སོ། །དྲན་པ་ཡང་མཁན་པོའི་གདམས་པ་དང་། དེ་ལས་འཇིགས་པ་དང་། དད་པ་ཆེ་བ་དང་། ལེགས་སྤྱད་ཀྱི་དབང་དང་བླ་མ་དང་ལྷན་ཅིག་
འགྲོགས་པས་དཀའ་སླ་མེད་པ་སྐྱེའོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པས་ཁམས་གསུམ་གྱི་དངོས་པོ་དེ་དག་གི་མདུན་ན་ཡོད་དེ། བདག་ཀྱང་དེ་དག་གི་མདུན་དུ་གནས་སོ། །དེ་ལྟར་བསམས་ཤིང་རྟག་ཏུ་མི་རིགས་
པ་ལ་ངོ་ཚ་བ་དང་། བསླབ་པ་ལ་གུས་པ་དང་། དེ་ལས་མི་འདའ་བའི་འཇིགས་པ་དེ་དག་དང་ལྡན་ཞིང་། དེ་ལྟར་བསམས་ཤིང་རྟག་ཏུ་གནས་པར་བྱའོ། །ཡང་ན་སངས་རྒྱས་ལ་སོགས་པ་ལ་ངོ་ཚ་བ་ལ་སོགས་པའོ། །དེ་ལྟར་གཞན་ཡང་ཡོན་ཏན་འབྱུང་སྟེ། སྐད་ཅིག་རེ་
རེར་དེ་ལྟར་སྤྱད་ན་འབད་པ་མེད་པར་སངས་རྒྱས་རྗེས་སུ་དྲན་པ་ཡང་དེ་ལས་སྐྱེའོ། །ཤེས་བཞིན་སྐྱེ་བ་དང་དེ་བརྟན་པའི་རྒྱུ་ནི་དྲན་པ་ཉིད་བཤད་དེ། གང་ཚེ་རྣལ་འབྱོར་གྱི་ཡིད་ཀྱི་སྒོར་ལུས་དང་སེམས་བསྲུང་བའི་ཕྱིར་དྲན་པ་གནས་པ་དེའི་ཚེ་ཤེས་བཞིན་འབྱུང་སྟེ། འབྱུང་བ་ཡང་
ཕྱིར་མི་ལྡོག་གོ། །དགོས་པ་མེད་ལ་སྤྲོས་པ་སྤང་བར་བཤད་དེ། དང་པོར་རེ་ཞིག་སེམས་རྟག་ཏུ་བཤད་པའི་རིམ་པ་དང་ལྡན་པ་ཉེ་བར་གཞག་པར་བྱའོ་ཞེས་ནང་དུ་སེམས་པའོ། །མི་དགོས་པ་ལ་སྤྲོས་པ་སྤང་བའི་ཕྱིར་དབང་པོ་རྣམས་མེད་པ་ལྟར་དགོས་པ་མེད་པར་
གཟུགས་ལ་སོགས་པ་སྦྱིན་པ་ལས་ལོག་པར་ཤིང་བཞིན་དུ་གནས་པར་བྱའོ། །དེ་ཉིད་གསལ་བར་བྱེད་ཅིང་བཤད་དེ། མིག་ཅུང་ཟད་ཕྱེ་བ་འོག་ཏུ་ལྟ་བ་གཡེང་བ་སྤང་བའི་ཕྱིར་ཏེ། དེས་བསམ་གཏན་གྱི་ལྟ་བ་བསྟན་ཏེ། གཡོ་བ་མེད་པ་དེ་ཁོ་ན་ཉིད་བསྒོམ་པའོ། །ལས་
Vol. 106 · folio 222a
དང་པོ་པ་མི་ནུས་ན་ངལ་བསོ་བའི་ཕྱིར་བཤད་དེ། ལྟ་བ་ཞེས་བྱ་བ་ལ་སོགས་པའོ། །མིག་དང་སེམས་ངལ་བ་སྤང་བའི་ཕྱིར། རེས་འགའ་ཕྱོགས་སུ་བལྟ་བར་བྱ་སྟེ། གལ་ཏེ་གང་རུང་དེ་ཉེ་བར་འོང་ན་དེའི་ཚེ་དེའི་གྲིབ་མ་ཙམ་ཤེས་ནས། ལེགས་པར་
བྱོན་ནམ་སྨྲ་ཞིང་བལྟ་སྟེ་དེ་དད་པ་མི་ལྡོག་པའི་ཕྱིར་རོ། །ལམ་དུ་ཡང་དེ་ལྟར་བལྟ་ཞིང་འགྲོ་ན་འཇིགས་པ་བརྟག་པར་བཤད་དེ། འཇིགས་པའི་རྒྱུ་ནི་ཆོམ་རྐུན་པ་ལ་སོགས་པ་སྟེ། དེ་ཤེས་པར་བྱ་བའི་ཕྱིར་ཕྱོགས་བཞི་རིམ་པས་ཡུད་ཙམ་བལྟ་སྟེ་རང་བསྲུང་བའི་ཕྱིར་རོ། །
ཕྱོགས་ཐམས་ཅད་བལྟ་ན་བསྡད་དེ་བལྟ་བར་བྱའོ། །རྒྱབ་བལྟ་ན་ལོག་སྟེ་བལྟའོ། །མདུན་དུ་འགྲོ་བ་དང་རྒྱབ་ཏུ་བལྟ་བ་སྟེ། དེ་ལྟར་སྤྱོད་ལམ་ཐམས་ཅད་དུ་གང་ཚེ་གང་རིགས་དེ་ཤེས་བཞིན་བྱེད་པའོ། །ལུས་ཤེས་བཞིན་བསླབ་པ་བཤད་དེ། སྤྱོད་ལམ་གང་རུང་ལ་ལུས་
འདི་ལྟར་གནས་པར་འཚལ་ཞེས་ཀློག་པ་ལ་སོགས་པ་བརྩམས་ནས། བར་དུ་ཡང་ལུས་ཇི་ལྟར་གནས་ཞེས་བརྟག་པར་བྱའོ། །སེམས་ཤེས་བཞིན་བཤད་དེ། རང་དང་གཞན་ལ་ཕན་པའི་ཆོས་སེམས་པ་ཁོ་ན་དཀའ་བ་ཆེན་པོ་སྟེ། དེ་ལ་བཅིངས་པས་རང་དབང་དུ་འགྱུར་བའི་ཕྱིར་རོ། །
དེ་ལ་བཅིངས་ཀྱང་བརྟག་པར་བཤད་དེ། རང་གི་དམིགས་ཡུལ་ལམ་གཞན་དུ་ཡོད་པ་བརྟག་སྟེ། གཞན་ལས་ལོག་སྟེ་དེ་ཉིད་ལ་སྦྱར་བར་བྱའོ། །རང་གི་ངང་གིས་དེར་རྒྱུ་ན་བཏང་སྙོམས་སུ་གཞག་གོ། །ཇི་ལྟར་བརྩམས་པའི་བསམ་གཏན་སྐད་ཅིག་ཀྱང་མི་གཏོང་བ་དེ་ལྟར་གཟུང་བར་
བྱའོ། །གང་གི་ཕྱིར་ཚུལ་ཁྲིམས་ནི་ཏིང་ངེ་འཛིན་གྱིས་དག་པར་བྱ་བ་ཡིན་ནོ། །ཟླ་བ་སྒྲོན་མས་ཞུས་པ་ལས། ཏིང་ངེ་འཛིན་ཐོབ་ན་ཚུལ་ཁྲིམས་མྱུར་དུ་དག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །ཤེས་བཞིན་གཏོང་བར་བཤད་དེ། མེ་ལ་སོགས་པའི་འཇིགས་པ་དང་དཀོན་
མཆོག་གསུམ་གྱི་མཆོད་པ་ལ་སོགས་པའི་དགའ་སྟོན་ཡོད་པས། ཏིང་ངེ་འཛིན་མི་ནུས་ན་དུས་དེ་སྲིད་དུ་ཅི་བདེར་སྤྱད་པར་བྱའོ། །དེ་ལྟར་ཅིས་ཤེ་ན། སྦྱིན་པ་བས་ཚུལ་ཁྲིམས་གྱ་ནོམ་པས་དེ་མི་ནུས་པའི་ཚེ་དུས་དེ་སྲིད་དུ་བཏང་སྙོམས་བྱས་ཀྱང་ལྟུང་བ་མེད་དོ། །བློ་གྲོས་མི་ཟད་པའི་མདོ་
Vol. 106 · folio 222b
ལས། ཐག་རིང་པོ་ནས་ཆོས་ཉན་དུ་འོངས་པ་རྣམས་ཀྱི་དོན་དུ་བསམ་གཏན་ལས་ལངས་ཏེ། ཆོས་ཀྱི་སྦྱིན་པ་ཁོ་ན་བསྔགས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཡིན་ཀྱང་བསླབ་པ་ལ་ལྷོད་པ་མི་རིགས་པར་བཤད་དེ། གང་ཞིག་བསམས་ནས་བྱེད་པར་བརྩམས་པ་རེ་ཞིག་
བསམ་གཏན་ལ་སོགས་པ་དེ་ཉིད་རྫོགས་པར་བྱའི། །དེ་ལ་སེམས་རྩེ་གཅིག་པ་སྟེ། དེ་སྤངས་ནས་གཞན་མ་ཡིན་ནོ། །དེ་ལྟར་བྱས་ནས་ཅི་ཞེ་ན་སྨྲས་པ། དེ་ལྟར་བསྒྲུབ་པར་བྱས་ན་ཐམས་ཅད་ལེགས། བཟློག་པ་ན་གཉིས་ཀ་མི་ལེགས་ཏེ། སྔར་བརྩམས་པ་དང་ཕྱིས་ཁས་བླངས་
པའོ། །དེ་ལྟར་ན་ཤེས་བཞིན་མ་ཡིན་པར་རབ་ཏུ་འཇུག་པ་དང་། དེ་ཞུགས་པ་འཕེལ་བར་འགྱུར་རོ། །གཞན་ཡང་རྒྱལ་པོའི་གཏམ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དང་། གར་ལ་སོགས་པ་ངོ་མཚར་ཆེ་བ་ལ་འདོད་པ་བྱུང་ན་དེ་གཞོམ་པར་བྱའོ། །གཞན་ཡང་དགོས་པ་མེད་པར་
འཇིམ་པ་འདྲིལ་བ་དང་། སེན་མོ་ལ་སོགས་པས་རྩྭ་གཅོད་པ་དང་། རྐང་པས་ས་ལ་རི་མོ་འབྲི་བ་དང་། སོགས་པའི་སྒྲས་ཞལ་བ་དང་། བཟོ་བྱེད་པ་ལ་སོགས་པ་བཀག་པ་མཐོང་ནས། དེའི་རྣམ་པར་སྨིན་པ་ལ་འཇིགས་ཤིང་། སྐད་ཅིག་དེ་ཉིད་ལ་སྤང་བར་བྱའོ། །
ཚིགས་བཅད་བདུན་གྱིས་ཤེས་བཞིན་བྱེད་པར་བཤད་དེ། གང་ཚེ་ལ་སོགས་པའོ། །དང་པོ་རང་སེམས་བརྟགས་ཏེ་རིགས་པ་གང་ཡིན་པ་དེ་བརྟན་པར་བྱའོ། །གང་གི་ཚེ་རང་སེམས་ཆགས་པ་འམ་སྡང་བ་དེའི་ཚེ། ལུས་ཀྱིས་བྱ་བ་མི་བྱ་ཞིང་ངག་ཏུ་མི་བརྗོད་དེ། དེ་གཉིས་ཉོན་
མོངས་པར་རྟོགས་ནས་སོ། །དབང་པོའི་འཕྲོ་བ་དང་རྣམ་རྟོག་བསྡུས་ཏེ་གནས་པར་བྱའོ། །དགོངས་པ་འདི་སྟེ། འདོད་ཆགས་ལ་སོགས་པ་ཀུན་སློང་གང་ཡིན་པ་དེ་རང་གི་ངང་གིས་ཡལ་འགྲོ་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་རྒོད་པ་ནི་གཡེང་བ་དང་། གཞན་ངག་
གིས་ཅོ་འདྲི་བ་དང་། ང་རྒྱལ་ནི་སེམས་ཁེངས་པ་དང་། རྒྱགས་པ་དང་། མཚང་འབྲུ་བ་ནི་ལུས་ཀྱིས་ཐོ་འཚམས་པ་དང་། འདི་དག་གིས་སྐྱོར་བ་ཀྱོག་པོ་སླུ་བར་འདོད་པ་ན། གང་གི་ཚེ་བདག་ལ་སྟོད་པ་ནི་རང་གི་ཡོན་ཏན་གསལ་བར་བྱེད་པ་དང་། གཞན་ལ་སྨོད་པ་ནི་མི་མགུ་བ་དང་། གཤེ་
Vol. 106 · folio 223a
བཅས་ནི་ཁྲོ་བས་རྩོད་པ་དང་། ནོར་གྱི་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་འདོད་པ་དང་། གཡོག་འཁོར་དང་། རིམ་གྲོ་འདོད་པ་དང་། གཞན་དོན་ཡལ་བར་འདོར་བ་དང་། རང་དོན་དོན་དུ་གཉེར་བ་དང་། འཁོར་ནི་སློབ་མ་ལ་སོགས་པ་དང་། མི་
རིགས་པ་སྨྲ་བར་འདོད་པ་ན་མི་བཟོད་པ་དང་། ལེ་ལོ་དང་། འཇིགས་པ་དང་། སྤྱི་བརྟོལ་དང་། མུ་ཅོར་དང་། རང་གི་ཕྱོགས་ལ་ཞེན་པའི་སེམས་བྱུང་ན། དེའི་ཚེ་བྱ་བ་མི་བྱེད་པར་ཤིང་བཞིན་གནས་པར་བྱའོ། །དེའི་གཉེན་པོ་བཤད་དེ། དེ་ལྟར་ཀུན་ནས་ཉོན་མོངས་པའི་སེམས་
མཐོང་ནས་ཡང་ན་དོན་མེད་པའི་བྱ་བ་རྩོམ་པ་དེའི་ཚེ། བག་ཡོད་པའི་དཔའ་བོས་གཉེན་པོ་ཤེས་བཞིན་བྱེད་པས་བརྟན་པར་གཟུང་བར་བྱ། ཨུ་གྲས་ཞུས་པའི་མདོ་ལས་གསུངས་པ། རྒོད་པ་མེད་པར་དྲན་པ་ཉེ་བར་གཞག་པ་ཤེས་བཞིན་དང་ལྡན་པའོ། །བསླབ་པ་ཀུན་ལས་བཏུས་
པ་ལས་ཀྱང་། དེ་ལ་བདག་ཉིད་བསྲུང་བ་ནི། །གང་ཞིག་དོན་མིན་སྤོང་བས་སོ། །དེ་དག་གང་གིས་འཐོབ་ཅེ་ན། །དོན་མེད་སྤྲོས་པ་སྤངས་པས་སོ། །དེ་དག་རྟག་ཏུ་དྲན་པས་འགྲུབ། །དྲན་པ་ཤིན་ཏུ་དད་ལས་འབྱུང་། །དད་ནི་ཞི་བའི་བདག་ཉིད་ཆེ། །ཤེས་ཏེ་བསྟན་པས་སྐྱེ་བར་འགྱུར། །
ཞེས་སོ། །ཚིགས་བཅད་གསུམ་གྱི་གཉེན་པོ་ཁོ་ན་བཤད་དེ། ཤིན་ཏུ་ངེས་པ་ནི་དམ་བཅའ་བརྟན་པ་སྟེ། རབ་ཏུ་དད་པ་ནི་ཡོན་ཏན་ཅན་ལ་དང་བའོ། །བརྟན་པ་ནི་མི་འཇིགས་པའོ། །གུས་པས་བཀུར་སྟིའོ། །ཞེས་ནི་ལུས་ལ་སོགས་པས་བྱེད་པའོ། །བཅོམ་ལྡན་འདས་ལ་ངོ་ཚ་
བ་དང་འཇིགས་པ་དང་བཅས། ཞི་ཞིང་ནི་དབང་པོ་རྣམས་བསྡམས་པའོ། །སྦྱིན་པ་ལ་སོགས་པས་གཞན་དགའ་བར་བྱེད་པའོ། །གཅིག་ལ་འདོད་པ་གང་ཡིན་པ་དེ་གཞན་ལ་མི་འདོད་པས། ཕན་ཚུན་དུ་འགལ་བ་བྱིས་པའི་འདོད་པས་མི་སྐྱོ་བའོ། །ཉོན་མོངས་པའི་དབང་གིས་འདི་དག་ལ་
དེ་ལྟར་འབྱུང་ཞེས་བྱས་ནས་སྙིང་རྗེ་དང་ལྡན་པའོ། །རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པ་རྣམས་ལ་རྟག་ཏུ་རང་བཞིན་གྱི་དབང་དུ་གྱུར་པ། སྤྲུལ་པ་བཞིན་དུ་ང་རྒྱལ་མེད་པར་སེམས་བདག་གིས་གཟུང་བར་བྱའོ་ཞེས་བསམ་པར་བྱའོ། །ཡུན་རིང་མོ་ཞིག་ནས་དལ་འབྱོར་ཐོབ་
Vol. 106 · folio 223b
པ་ཞེས་སྐད་ཅིག་རེ་རེ་ཞིང་བསམ་པར་བྱ་ཞིང་། འདོད་ཆགས་ལ་སོགས་པའི་རྟོག་པས་མི་གཡོ་བར་རི་རབ་བཞིན་དུ་སེམས་བརྟན་པར་བྱའོ། །སེམས་སྦྱོང་བ་ཁོ་ན་བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་དེས་བསྒྲུབས་སོ། །ལུས་ཀྱི་ཤེས་བཞིན་བཤད་དེ། ལུས་བེམས་པོ་ཡིན་པས་
རང་གཞན་གྱི་དོན་མི་འགྲུབ་སྟེ། གཞན་དུ་སེམས་དང་བྲལ་བའི་ལུས་ཤ་ལ་ཆགས་པའི་བྱ་རྒོད་རྣམས་ཀྱིས་ཕན་ཚུན་དུ་ཁྲིད་པ་ན་ཅི་སྟེ་དགག་པར་མི་བྱེད་དོ། །སེམས་ཀྱིས་ཞེན་པ་སྤངས་པའི་ཕྱིར་བཤད་དེ། ཀྱེ་ཡིད་བདག་མེད་པ་ཁོ་ནས་བདག་ཏུ་གཟུང་ནས་ཤ་དང་རུས་པའི་
ཕུང་པོ་ཅི་སྟེ་བསྲུང་ཞེ་ན། ཁྱོད་ལས་ལུས་འདི་ཐ་དད་ཡིན་ཙ་ན་དེ་ཉམས་ཀྱང་ཁྱོད་ལ་ཅི་གནོད། ཐ་དད་པ་ཕན་གནོད་མི་ཤེས་པ་བདག་གིར་བྱེད་ན། ཤིང་གི་གཟུགས་ཤིན་ཏུ་གཙང་མ་ཅི་སྟེ་མི་བཟུང་། འདི་ནི་མི་གཙང་བའི་སྤྲུལ་པ་ཉམས་པའི་ཆོས་ཡིན་ནོ། །སྙིང་པོ་མེད་པར་
བཤད་དེ། ཤེས་རབ་ཀྱིས་རང་གི་ལུས་ལས་པགས་པ་ཐ་དད་དུ་རྟོགས་པ་དང་། དེ་ནས་རུས་པའི་དྲ་བ་ལས་ཤ་ནི་ཐ་དད་པར་རྟོགས་ཤིང་། རུས་པ་རྣམས་ཀྱང་ཤེས་རབ་ཀྱིས་བཅག་སྟེ། དེའི་ནང་དུ་རྐང་མར་ལ་བལྟ་སྟེ། མཁས་པས་བསྔགས་པར་འོས་པའི་སྙིང་པོ་འདིར་
ཅི་ཡོད་ཅེས་བརྟག་པར་བྱའོ། །དེ་ལྟར་འབད་པས་བཙལ་ཀྱང་སྙིང་པོ་མ་མཐོང་ན། དེ་དུས་སྨྲོས་ཤིག །ཅི་སྟེ་ལུས་བསྲུང་ངོ་། །དགོས་པས་བསྲུང་བར་བཤད་དེ། ཁྱོད་ཀྱིས་ལ་སོགས་པ་གོ་སླའོ། །དགོས་པ་གཉིས་ཀྱིས་འདི་བསྲུང་བར་འོས་པ་བཤད་དེ་བསོད་
ནམས་བསག་པའི་ཡན་ལག་ཡིན་པ་དང་། བྱ་རྒོད་ལ་སོགས་པའི་ཁ་ཟས་ཡིན་པས་སོ། །གང་གི་ཕྱིར་བཤད་པ། གང་ལ་ཅུང་ཟད་ཀྱང་ཞེན་པ་སྐྱེ་བའི་དངོས་པོ་དེ་ཉེ་བར་བླང་བར་མི་བྱའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་བཏང་བས་ལྟོས་པ་
མི་རུང་ངོ་། །དེ་ལྟར་ཤེས་ཀྱང་བསོད་ནམས་ལ་འཇུག་པར་མི་བྱེད་ན། འདི་ལྟར་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །འདིར་གནས་པར་མི་འགྱུར་ཞེས་བྱས་ནས། གཡོག་ལ་གོས་ལ་སོགས་པ་མི་སྟེར་བ་བཞིན་དུ། ལུས་ཀྱང་མི་རྟག་པར་འགྲོ་བར་འགྱུར་
Vol. 106 · folio 224a
བས་དེ་ཟར་བཅུག་པ་ཅི། འོ་ན་ཇི་ལྟར་རིགས་ཤེ་ན། ཀྱེ་ཡིད་ལུས་ལ་གླ་ཙམ་བྱིན་ཏེ་རང་གི་དོན་ལ་འཇུག་པར་བྱའོ། །གང་གི་ཕྱིར་གླ་བས་བཏབ་པའི་ལོ་ཏོག་རྣམས། དེ་ལ་ཀུན་སྟེར་བ་མ་ཡིན་ནོ། །དེ་བས་ལུས་ལ་གྲུའི་བློ་བསྐྱེད་དེ། བསོད་
ནམས་ལ་འཇུག་པ་དང་། བསོད་ནམས་མ་ཡིན་པ་ལས་བཟློག་པའི་རྟེན་ཡིན་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་འདོད་པ་ཇི་བཞིན་དུ་བྱེད་དུ་གཞུག་གོ། །དེ་ལྟར་ལུས་ཤེས་བཞིན་གྱིས་དེའི་རང་བཞིན་དང་དགོས་པ་རྣམ་པར་དཔྱད་ནས་བསྡུས་ཤིང་བཤད་
དེ། དེ་ལྟར་བཤད་པའི་རིགས་པས་སེམས་དང་། ལུས་ཀྱི་མཚན་ཉིད་ཅན། བདག་དབང་དུ་བྱས་ཏེ་རྟག་ཏུ་བཞིན་འཛུམ་པ། ཁྲོ་གཉེར་གཞན་དད་པ་ཟློག་པར་བྱེད་པ་སྤངས་ནས་བྱུང་བ་རྣམས་ཀྱིས་གསོང་པོར་སྨྲ་བའི་གོང་དུ་ལེགས་པར་འོངས་སམ་ཞེས་བྱ་བ་ལ་
སོགས་པས་གསོང་པོར་སྨྲ་བའོ། །འགྲོ་བ་ལ་གཉེན་བཤེས་ལྟར་བྱའོ། །བསམ་གཏན་གྱི་གཡེང་བ་དགག་པ་བཤད་དེ། ཁྲི་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་བྱས་པས་ཡོན་ཏན་བཤད་དེ། ཆུ་སྐྱར་ལ་སོགས་པ་སྟེ་དེ་བས་ན་རྟག་ཏུ་སྒྲ་མེད་པར་བག་ཡོད་པར་བྱའོ། །
གཞན་ཡང་གཞན་ལ་བསྐུལ་བ་ནི་ཉེས་བྱས་བཤགས་པ་ལ་བསྐུལ་བ་སྟེ། དེ་ལ་བརྩོན་པ་ནི་གདམས་ངག་སྦྱིན་ནུས་པ་སྟེ། མ་བཅོལ་བར་ཕན་པ་བྱེད་པ་རྣམས་ཏེ། དེ་དག་གི་ངག་སྤྱི་བོས་བླང་བར་བྱ་སྟེ། དེ་བས་ཐམས་ཅད་ཀྱི་སློབ་མ་ང་རྒྱལ་མེད་པར་ཐམས་ཅད་ལས་
སློབ་སྟེ། བླ་མ་ལྟར་བྱེད་དོ། །ཕྲག་དོག་མི་བྱ་བར་བཤད་དེ། ལེགས་པར་སྨྲས་པ་ནི་ཉོན་མོངས་པའི་གཉེན་པོ་གཞན་གྱིས་སྨྲས་པ་ནའོ། །བསྟོད་པས་ལེགས་པར་བྱས་སོ་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་ཡོན་ཏན་དེའི་ལྐོག་ཏུ་སྨྲ་སྟེ། གཞན་གྱིས་དེའི་མདུན་དུ་དེའི་
ཡོན་ཏན་བརྗོད་པ་ན་རྗེས་སུ་སློབ་སྟེ། དགའ་བ་བཞིན་དུའོ། །གཞན་དུ་ན་འདིས་མི་འདོད་ཀྱིས་ཀོ། །རང་གི་ཡོན་ཏན་གཞན་གྱིས་བརྗོད་པ་ན་ང་རྒྱལ་མི་བྱེད་དོ། །དེ་ཡང་ཁོ་གཞན་གྱི་ཡོན་ཏན་ལ་དགའ་བར་ཞེས་ཡིད་ལ་བྱའོ། །གཞན་གྱི་ཡོན་ཏན་ལ་ཕྲག་དོག་སྤང་བར་བཤད་དེ། དམན་
Vol. 106 · folio 224b
པ་བར་མ་མཆོག་རྣམས་ཀྱི་གང་རུང་བརྩམས་པ་དེ་སྡུག་བསྔལ་གྱི་ཕྱིར་མ་ཡིན་ཏེ། འོན་ཀྱང་དགའ་བའི་ཕྱིར་ཏེ། དགའ་བ་དེ་ནོར་རྫས་བཏང་ཡང་རྙེད་པར་དཀའ། འདིར་ནི་འབད་པ་མེད་པར་བསྒྲུབས་པས་ཅི་སྟེ་སྤོང་། དེ་བས་དགའ་བའི་བདེ་བ་སྤྱད་པར་བྱ། ཕྲག་དོག་གི་
ཡུལ་གཞན་གྱིས་འབད་དེ་བསྒྲུབས་པའི་ཡོན་ཏན་རྣམས་ཀྱིས་སོ། །འདིར་ཁྱད་པར་བཤད་དེ་འདིར་གཞན་གྱི་ཡོན་ཏན་ལ་དགའ་བས་སྐྱེ་བ་འདི་ལ་གོད་མེད་དེ་ཅི་ཡང་མ་བརླག །སྐྱེ་བ་ཕྱི་མ་ལ་བདེ་བ་ཆེ་སྟེ་གཞན་གྱི་ཡོན་ཏན་ལ་བསྟོད་པས་སོ། །གཞན་གྱི་ཡོན་ཏན་ལ་མི་བཟོད་ན་འཇིག་
རྟེན་གཉི་ག་ལ་སྐྱོན་ཏེ། འདིར་མི་དགའ་བས་སྡུག་བསྔལ་ཞིང་ཕ་རོལ་དུ་ཡང་ཞེ་སྡང་གིས་སྡུག་བསྔལ་ཆེའོ། །བྱེད་པར་རིགས་པ་ཡང་བསླབ་པར་བྱ་བར་བཤད་དེ། ཡིད་ཆེས་པའི་ཚིག་དང་། ཕན་ཚུན་འབྲེལ་པ་དང་། དོན་ལ་ཐེ་ཚོམ་མི་འབྱུང་བ་དང་། ཡིད་དུ་འོང་བ་དང་། རྣར་སྙན་
པ་དང་། སྙིང་རྗེའི་རྒྱུ་མཐུན་པ་དང་། འཇམ་པ་དང་། རན་པའི་ཚིག་གིས་བརྗོད་པར་བྱའོ། །ཇི་ལྟར་བལྟ་ཞེ་ན། སྨྲས་པ། དྲང་བ་དང་ནི་ཀྱོག་པོ་མ་ཡིན་པ་དགའ་བས་གཞོལ་བའི་མིག་གིས། སྐོམ་པས་ཆུ་ལྟར་བཏུང་ཞིང་སེམས་ཅན་ལ་བལྟ་བར་བྱའོ། །ཆགས་པ་དང་། སྡང་བ་
དང་གཏི་མུག་གིས་མ་ཡིན་གྱི། འོན་ཀྱང་འདི་དག་ཉིད་ལ་སོགས་པ་གོ་སླ་བའོ། །བསླབ་བཏུས་ལས། ཀུན་དུ་རྩ་བཀྲོལ་མེད་པར་འཇམ། །ཉུང་བ་ཡིད་དུ་འོང་སྨྲས་པའི། །སྐྱེ་བོ་སྐལ་ལྡན་གཞོལ་བར་བྱེད། །ཚང་མར་སྨྲ་བ་འབྱུང་བར་འགྱུར། །ཞེས་སོ། །བཀའ་བསྡུ་བ་ལས། ཇི་ལྟར་
མཐོང་བ་ཙམ་གྱིས་འགྲོ་བ་རྣམས་དང་བར་འགྱུར་བ་དེ་ལྟར་བྱའོ། །གང་གི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལས་བྱ་བ་གཞན་འདི་ལ་མེད་དོ་ཞེས་སོ། །དེ་ལྟར་མ་བྱས་ན། བསླབ་བཏུས་ལས། རྒྱལ་བའི་མྱུ་གུ་ཡིད་གཅུགས་པར། །མ་གྱུར་པ་ལ་སྨད་བྱས་ནས། །ཐལ་བས་
བཀབ་པའི་མེ་བཞིན་དུ། །དམྱལ་ལ་སོགས་པར་འཇིག་རྟེན་བསྲེག །འདིར་ཡང་བྱ་བར་འོས་པར་བཤད་དེ། ཡི་དམ་དུ་བྱས་པའི་སྦྱིན་པ་ལ་སོགས་པ་དང་། མངོན་པར་ཞེན་པ་ལས་བྱུང་བ་ཤིན་ཏུ་དང་བས་བྱས་པ་དང་། གཉེན་པོ་ལས་བྱུང་བ་ཉོན་མོངས་པའི་གཉེན་པོ་སྟོང་པ་ཉིད་
Vol. 106 · folio 225a
བསྒོམ་པ་ལ་སོགས་པ་དང་། ཡོན་ཏན་གྱི་ཞིང་སངས་རྒྱས་ལ་སོགས་པ་དང་། ཕན་པའི་ཞིང་ཕ་མ་ལ་སོགས་པ་དང་། སྡུག་བསྔལ་བ་ནད་པ་ལ་སོགས་པ་ལ་ཕན་པར་བྱས་པས་འབྲས་བུ་གཞལ་དུ་མེད་པའོ། །རྟག་ཏུ་བྱ་བར་བཤད་དེ། བརྩོན་པ་ནི་ལེ་ལོ་མེད་
ཅིང་སྡང་བ་ཡང་རང་གཞན་གྱི་དོན་མ་བསྐུལ་བར་ངང་གིས་བྱེད་པ་བཞིན་དུ་ལས་ཐམས་ཅད་ལ་གཞན་ལ་གོ་སྐབས་མི་འབྱེད་པའོ། །རིམ་པས་བྱེད་པར་བཤད་དེ། གོང་ནས་གོང་དུ་སྦྱིན་པ་ལས་ཚུལ་ཁྲིམས་དང་། དེ་ལས་བཟོད་པ་མཆོག་ཅེས་བྱ་བ་ལ་སོགས་པའོ། །དེ་བས་དམན་པའི་ཆེད་
དུ་མཆོག་གཏང་བར་མི་བྱའོ། །འོ་ན་སྦྱིན་པའི་དུས་སུ་ཚུལ་ཁྲིམས་ལ་གང་གི་ཕྱིར་བཏང་སྙོམས་བཤད་པའོ་ཞེས་པ་དང་། འགལ་ཞེ་ན། ལེགས་སྤྱད་ནི་བསླབ་པ་གོང་མ་སྟེ། དེ་ཉིད་དགེ་བའི་ཆུ་བསྲུང་བས་རགས་ཡིན་ཏེ། དེ་མ་གཏོགས་པས་གོང་མ་གཏང་བར་མི་བྱའོ། །ཇི་ལྟར་
བསམ་གཏན་གཞག་སྟེ་འོང་བར་འདོད་པའི་སྐྱེ་བོ་རྣམས་ལ་ཆོས་ཀྱི་སྦྱིན་པ་བླ་ན་མེད་པ་བྱེད་དོ། །བསམ་གཏན་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །འདོད་པ་རྣམས་ཚིམ་པར་མ་བྱས་ན་ལྟུང་བའོ། །དེ་ལྟར་བཤད་པའི་དོན་རྟོགས་ནས་གཞན་དོན་དུ་རྟག་པར་
བརྩོན་འགྲུས་དང་ལྡན་པར་བྱའོ། །འོ་ན་མ་ལས་འདའ་བ་ཇི་ལྟར་ཞེ་ན། སྨྲས་པ། ཐུགས་རྗེ་ཅན་གཞན་དོན་གཟིགས་པ་ལ་བཀག་པ་ཡང་གནང་ངོ་། །གཞན་ཡང་སེམས་ཅན་གྱི་དོན་གཟིགས་ནས། མི་ཚངས་པར་སྤྱོད་པ་དང་། མི་གསོད་པ་ཡང་བཤད་དོ། །དགེ་སློང་གིས་
འབྲས་གསོལ་བ་ན། ལོག་པར་ལྟུང་བ་ནི་རྐང་ལག་ལ་སོགས་པ་བཅད་པ་དང་། མགོན་མེད་པ་ནི་སྐྱོབ་པས་སྟོང་པ་དང་། བརྟུལ་ཞུགས་ལ་གནས་ནི་སྡོམ་པ་དང་ལྡན་པ་སྟེ། དེ་དག་ལ་སྐལ་བ་བྱིན་ནས། ཚད་བར་མར་གསོལ་བར་བྱའོ། །ཇི་ལྟར་ལུས་དང་སེམས་ལས་སུ་
རུང་བའོ། །སྣམ་སྦྱར་དང་བླ་གོས་དང་མཐང་གོས་ཏེ་ཆོས་གོས་གསུམ་མ་གཏོགས་པ་གཞན་ལྷག་པ་གཏང་བར་བྱའོ། །འོ་ན་དེ་ཡང་ཅི་སྟེ་མི་གཏོང་ཞེ་ན། སྨྲས་པ། དམ་པ་རྣམས་ཀྱི་ཆོས་སམ། ཡང་ན་དམ་པ་ཡང་ཡིན་ཆོས་ཀྱང་ཡིན། ཡང་ན་དེ་སྦྱིན་བྱེད་པའི་ལུས་གཞན་སྦྱིན་
Vol. 106 · folio 225b
པའི་དོན་དུ་གནོད་པར་མི་བྱ། དེ་ལྟར་ལུས་ལ་གནོད་པར་མི་བྱ་ཞིང་ལྷག་མ་གོ་སླའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། མ་དག་པ་གཉེན་དང་གཉེན་མ་ཡིན་པ་ལ་མི་མཉམ་པའི་སྙིང་རྗེའི་བསམ་པ་ཡོད་ཀྱི་བར་སྲོག་གཏང་བར་མི་བྱའོ། །ཐམས་ཅད་ལས་སེམས་མཉམ་པར་གྱུར་
པའི་ཚེ་དེ་གཏང་བར་མི་བྱའོ། །གང་གི་ཕྱིར་དེ་ལྟར་བྱས་ན་འགྱོད་པ་ལ་སོགས་པ་མེད་པས་ཉམས་པར་མི་འགྱུར་རོ། །མཐོང་ལམ་ཐོབ་ནས་ཞེས་བྱ་བའི་དོན་ཏོ། །ཆོས་བསྟན་པ་ནི་གདོད་བཤད་དེ། ཆོས་ནི་གསུང་རབ་ཡན་ལག་དགུའོ། །ལེགས་པར་མི་གནས་ཞེས་ཀུན་དང་
སྦྱར་རོ། །ལྷ་དང་ཀླུ་ལ་སོགས་པས་དམ་པའི་ཆོས་མཆོད་པར་འོས་པ་ཡིན་པས། དེ་ལ་མ་བསྟན་ན་དེ་དག་གིས་སྨོད་པར་འགྱུར་བ་དང་། ཆོས་སྟོན་པ་པོ་ལ་ཡང་ལྟུང་བ་འབྱུང་སྟེ། བཀག་པ་བྱེད་པའི་ཕྱིར་རོ། །མགོ་གཡོགས་པ་དང་མགོ་དཀྲིས་པ་ལ་སོགས་པ་ལ་ཆོས་བཤད་
པར་མི་བྱའོ། །ཟབ་ནི་བློ་དམན་པས་རབ་མི་རྟོགས་པའི་ཕྱིར་རོ། །རྒྱ་ཆེ་བ་ནི་རྫུ་འཕྲུལ་ལ་སོགས་པ་བློར་མི་ཤོང་བའི་ཕྱིར་རོ། །དམན་པ་ནི་མོས་པ་དམན་པའོ། །མི་བཤད་ཅེས་གོང་མ་དང་སྦྱར་རོ། །བུད་མེད་མིན་ནི་དབེན་པར་སྐྱེས་པ་མེད་པར་རོ། །དམན་པ་ནི་ཉན་ཐོས་དང་རང་
རྒྱལ་གྱི་ཐེག་པ་དང་། མཆོག་ནི་ཐེག་པ་ཆེན་པོ་སྟེ། གཉི་ག་ཉོན་མོངས་པའི་གཉེན་པོ་ཡིན་པས་སོ། །ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་ནི་ཉན་ཐོས་ཀྱི་ཆོས་ལ་མི་སྦྱར་རོ། །སྤྱོད་པ་ནི་བསླབ་པ་སྡོམ་པ་སྟེ། དེ་སྤངས་ལ་མདོ་སྡེ་དང་སྔགས་ཟློས་པ་ཁོ་ནས་ཐར་པ་ཐོབ་པོ་ཞེས་འདོད་པ་བསྐྱེད་པར་
མི་བྱའོ། །སོ་ཤིང་དང་མཆིལ་མ་འདོར་བ་ནི་བཀག་པའི་ཕྱོགས་སུ་ཡིན་གྱི། ཆུ་དང་ལོངས་སྤྱོད་པའི་ཕྱོགས་སུ་མ་ཡིན། གཅི་བ་ལ་སོགས་པ་ཡང་མི་དོར་ཏེ་བཀག་པས་སོ། །ཁ་བཀང་བ་དང་། སུ་སུ་དང་ཕུ་ཕུའི་སྒྲ་དང་བཅས་པ་དང་། ཁ་གདངས་ནས་བཟའ་བར་མི་བྱའོ། །རྐང་
པ་བརྐྱང་སྟེ་ཤིང་སྟན་ལ་སོགས་པར་འདུག་པར་མི་བྱའོ། །དུས་མཉམ་དུ་ལག་པ་གཉིས་མཉེ་བར་མི་བྱའོ། །གཞན་གྱི་བུད་མེད་གཅིག་པུ་དང་བཅས་པར་འགྲོ་བ་དང་ཁ་ཅིག་ཏུ་ཉལ་བ་དང་གདན་གཅིག་ལ་འདུག་པར་མི་བྱ་སྟེ་ཀུན་ཏུ་ཆགས་པ་མེད་ཀྱང་མ་དད་པའི་རྒྱུ་ཡིན་པས་སོ། །འཇིག་རྟེན་
Vol. 106 · folio 226a
པ་མ་དད་པར་བྱེད་པ་ཀུན་བསྟན་བཅོས་ལ་མཐོང་བ་དང་། ཡུལ་ཆོས་དྲིས་ཏེ་སྤང་བར་བྱའོ། །བསླབ་བཏུས་ལས། དེས་ན་བསྡུས་ཏེ་སྡོམ་པ་ནི། །རིན་ཆེན་སྤྲིན་ལས་རྒྱལ་བས་གསུངས། །གང་གིས་སེམས་ཅན་མ་དད་པ། །དེ་ནི་འབད་པས་སྤང་བར་བྱ། །ཞེས་སོ། །
སྡིགས་མཛུབ་ལ་སོགས་པ་སོར་མོ་གཅིག་གིས་གང་ཡང་མི་ལ་བསྟན་པར་མི་བྱའོ། །ལག་པ་གཡོན་པས་ཀྱང་མ་ཡིན་ཏེ་མ་དད་པས་སོ། །ལག་པ་གཡས་པ་ཐམས་ཅད་ཀྱིས་དད་པ་དང་ལྡན་ཞིང་ལམ་ཡང་བསྟན་པར་བྱའོ། །ལག་པ་བརྐྱང་ནས་དོན་ཆུང་བ་ལ་གང་ཡང་འབོད་པར་མི་བྱའོ། །བྲང་
ཁང་ན་གནས་པ་གོ་བར་བྱ་བའི་ཕྱིར་སེ་གོལ་ལ་སོགས་པའི་སྒྲ་བྱ་སྟེ། གཞན་དུ་ནམ་བསྡམས་པ་སྲིད་དོ། །འདོད་པའི་ཕྱོགས་སུ་མགོ་བཞག་ནས་གཞོགས་གཡས་འོག་ཏུ་བཅུག །རྐང་པའི་སྟེང་དུ་རྐང་པ་གཞག་སྟེ། ལག་པ་གཡས་པ་སྔས་སུ་བཅུག་སྟེ་རྐང་པའི་སྟེང་དུ་ལག་པ་གཡོན་པ་བརྐྱང་
སྟེ། སྣམ་སྦྱར་གྱིས་ལུས་གཡོགས་ནས་ཤེས་བཞིན་དུ་ཐོག་མར་ཉལ་བའི་དུས་སུ་ངེས་པར་མྱུར་དུ་ལྡང་བར་བྱའོ་ཞེས་གློས་འདི་ལྟར་ཉལ་བར་བྱའོ། །སྤྱོད་པ་ནི་བསླབ་པ་སྟེ། གཞལ་དུ་མེད་པ་ནི་གྲངས་མི་ནུས་པའོ། །སྦྱོང་བ་ནི་དྲི་མ་སྤོང་བ་སྟེ། འདི་ནི་གདོན་མི་ཟ་བར་བྱའོ། །དེའི་དོན་དུ་
བཤད་དེ། ཉིན་དང་ལ་སོགས་པའོ། །ལྟུང་བ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། ཕུང་པོ་གསུམ་པ་མཚན་མོ་ལན་གསུམ་ཉིན་མོ་ལན་གསུམ་དུ་གདོན་པར་བྱའོ། །ལྟུང་བ་ལྷག་མ་ནི་ཕམ་པ་ལས་གཞན་ཏེ་དེས་ཞི་བར་འགྱུར་རོ། །
ཕམ་པ་རྣམས་ནི་སླར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་སོ། །གནས་སྐབས་སུ་གང་སྤ་བར་བྱ་བའི་སྤྱོད་པ་ལ་སོགས་པ་སྟེ། རང་ཉིད་ཀྱིའམ་གཞན་དོན་གྱི་དབང་དུ་གྱུར་པས་སྤྱོད་ན་དེ་ལ་འབད་དེ་བསླབ་པར་བྱའོ། །ཉེས་པ་མེད་པར་ཅི་སྟེ་སྤྱོད་
ཅེ་ན། སྨྲས་པ། རྒྱལ་བའི་སྲས་ཀྱིས་གང་བསླབ་པར་བྱ་བ་མ་ཡིན་པ་དེ་ནི་མེད་དོ། །བདག་དང་བདག་གི་བར་མི་བཟུང་ཞིང་བདེན་པ་གཉིས་རྟོགས་ནས་གཞན་དོན་ལ་འབད་པ་དེ་ལྟར་སྤྱོད་པ་ན་གང་བསོད་ནམས་མ་ཡིན་པ་དེ་ནི་མེད་དོ། །རང་དོན་རྫོགས་པ་ན་གཞན་དོན་བྱེད་པ་ཞེས་བརྒྱུད་པ་
Vol. 106 · folio 226b
དང་། དངོས་ནི་ནུས་པར་གྱུར་པས་ཐོག་མ་ནས་གཞན་དོན་ལས་གཞན་མི་བྱེད་དོ། །དེ་ལྟར་བྱས་པ་ལས་བྱུང་བའི་བསོད་ནམས་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ཏུ་བསྔོའོ། །བླ་མ་དམ་པ་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་འཛིན་པ། ཐེག་པ་ཆེན་
པོའི་དོན་ལ་མཁས་པ་སྲོག་གི་ཕྱིར་ཡང་རྟག་ཏུ་གཏང་བར་མི་བྱའོ། །སྡོང་པོ་བཀོད་པའི་ལེའུ་དཔལ་འབྱུང་གི་རྣམ་ཐར་ལས་གསུངས་པ། བླ་མ་བསྟེན་པའི་རིམ་པ་ལ་བསླབ་པར་བྱའོ། །འདི་ནི་འདིར་བཤད་པ་སྟེ་གཞན་ནི་འདིར་མ་བཤད་པ་རྣམས་སོ། །གང་གི་ཕྱིར་མདོ་སྡེ་ཞེས་
བྱ་བ་ལ་སོགས་པའོ། །རྩ་བའི་ལྟུང་བ་ནི་སྡོམ་པ་འཇིག་པར་བྱེད་པ་སྟེ། ནམ་མཁའི་སྙིང་པོའི་མདོ་སྡེ་ལ་བལྟ་བར་བྱའོ། །བསླབ་པ་ཀུན་ལས་བཏུས་པ་ནི་དེ་ཉིད་ཀྱིས་མཛད་པའོ། །མདོ་སྡེ་ཀུན་ལས་བཏུས་པ་ནི་འདི་ཉིད་ཀྱིའོ། །གཉིས་པ་ནི་བསླབ་པ་ཀུན་ལས་བཏུས་པ་དང་མདོ་
སྡེ་ཀུན་ལས་བཏུས་སོ། །འཇིག་རྟེན་པའི་སེམས་བསྲུང་བའི་ཕྱིར་ཡང་བསླབ་པ་བཤད་དེ། ཡུལ་གང་ལ་བྱ་བ་གང་བཀབ་པ་གཞན་གང་ལ་མ་བཀག་པ་དེ་འཇིག་རྟེན་གྱི་སེམས་བསྲུང་བའི་ཕྱིར་འདིར་བསླབ་པ་མཐོང་ནས་བྱའོ། །དྲན་པའི་མཚན་ཉིད་ནི་རང་གི་མིང་ཁོ་ནས་བསྟན་ཏོ། །
ཤེས་བཞིན་གྱི་མཚན་ཉིད་བཤད་དེ། ལུས་དང་ལ་སོགས་པ་གོ་སླའོ། །ངེས་པར་བྱ་བའི་ཕྱིར་བཤད་དེ། ལུས་ནི་ཡིད་སྔོན་དུ་འགྲོ་བ་ཡིན་པས་ལུས་ཀྱི་བྱ་བ་ལ་ཐམས་ཅད་འདུས་པས་ལུས་ཀྱིས་འདི་དག་དཔྱད་པར་བྱ། དཔེར་ན་སྨན་དཔྱད་ཀླགས་པས་ནད་མི་ལྡོག་པ་བཞིན་ནོ། །
ཤེས་བཞིན་བསྲུང་བའི་ལེའུའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་ལས་ལྔ་པའོ།། །།བདག་ཉིད་ལ་སོགས་པ་སྦྱིན་པ་དང་། བསླབ་པ་ཞེས་བྱ་བ་ལ་སོགས་པས་ཚུལ་ཁྲིམས་བཤད། ད་ནི་བཟོད་པ་འཆད་དེ། བསྐལ་པ་ཞེས་བྱ་བ་ལ་སོགས་
པའོ། །དེ་ཀུན་ནི་དེ་མ་ཐག་པར་བཤད་པའི་ཚུལ་ཁྲིམས་དང་། སྦྱིན་པ་དང་། བླ་ན་མེད་པ་ཡན་ལག་བདུན་པའི་མཆོད་པས་བདེ་བར་གཤེགས་པ་མཆོད་པ་དག །བསྐལ་པ་སྟོང་དུ་བསགས་པ་ཡང་སེམས་ཅན་ལ་ཁོང་ཁྲོ་བས་འཇོམས་སོ། །གསུངས་པ་ཡང་ཀྱེ་འཇམ་དཔལ་ཁོང་ཁྲོ་
Vol. 106 · folio 227a
ཁོང་ཁྲོ་ཞེས་བྱ་བ་ནི་བསྐལ་པ་བརྒྱ་ཕྲག་སྟོང་དུ་བསགས་པའི་དགེ་བ་ཡང་འཇོམས་པར་བྱེད་དོ། །རང་རྟེན་བཅོམ་ནས་གཞན་ཡང་འཇོམས་པས་ཞེ་སྡང་ནི་ཁྲོ་ཞེས་བྱའོ། །ཞེ་སྡང་སྡིག་པ་ཆེན་པོའི་རྒྱུ་ཡིན་པས། དེའི་གཉེན་པོ་བཟོད་པ་བསྒོམ་པ་བཤད་དེ། ཞེ་སྡང་
ཞེས་བྱ་བ་ལ་སོགས་པའོ། །ཞེ་སྡང་ཉེ་བར་མཚོན་པས་དེས་དྲངས་པའི་ཁྲོ་བ་ལ་སོགས་པ་ཡང་གཟུང་བར་བྱའོ། །བཟོད་པ་དང་མཉམ་དཀའ་ཐུབ་མེད། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །ཚུལ་
ནི་ཐབས་ཡིན་ཏེ་འཆད་པར་འགྱུར་རོ། །མཐོང་བའི་ཆོས་ཁོ་ན་ལ་ཞེ་སྡང་གི་སྐྱོན་ཚིགས་སུ་བཅད་པ་གསུམ་གྱིས་བཤད་དེ། ཞེ་སྡང་གི་མེ་འབར་བའི་ཕྱིར་ཡིད་ཞི་བར་མི་འགྱུར་བ་དང་། དགའ་བ་དང་དེའི་དབང་གིས་ལུས་ཀྱི་བདེ་བ་ཡང་མི་མྱོང་བའོ། །གཉིད་དང་བརྟན་པའང་མི་འཐོབ་པོ། །
ཞེ་སྡང་ནི་ཟུག་རྔུ་ལྟ་བུ་སྟེ། ཇི་ལྟར་ཟུག་རྔུ་མཚོན་ཆའི་ཁྱད་པར་སྙིང་ལ་ཟུག་ན་གཉིད་ལ་སོགས་པ་མི་འབྱུང་སྟེ། གནད་ལ་ཕོག་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ལ་ཞེ་སྡང་ཕོག་པས་སོ། །རྙེད་པ་དང་བཀུར་སྟིས་རང་ཉེ་དུ་ལ་སོགས་པ་གང་ལ་མཆོད། གང་ཞིག་དེ་ལ་བརྟེན་ནས་གནས་པ་
གཡོག་ལ་སོགས་པ་དེ་དག་ཀྱང་རྗེ་དཔོན་འདི་གསོད་པར་འདོད། ཞེ་སྡང་གིས་ཡིད་དུ་མི་འོང་བའི་ཕྱིར་རོ། །ཞེ་སྡང་ཅན་དེ་ལ་གཉེན་ཡིན་ཡང་བྲེད་པར་འགྱུར་ཏེ། འཚོ་བ་སྟེར་ཡང་གཡོག་གིས་འདི་མི་བརྟེན་སྐྱོན་མང་པོས་ཅི་མདོར་ན་ཉེ་བར་ཞི་བའི་རྒྱུ་འཇིག་རྟེན་ན་གང་ཡང་མེད། གང་
གིས་ཞེ་སྡང་ཅན་བདེ་བ་དང་ལྡན་པར་འགྱུར་རོ། །སྐྱེ་བ་འདི་ཉིད་དུ་གསོད་པ་ལ་སོགས་པའི་སྡུག་བསྔལ་བསྐྱེད་པས། དགྲའི་བློས་མཁས་པ་གང་ཞེན་པ་དྲག་པོས་ཁྲོ་བ་འཇོམས་པར་བྱེད་དེ། འདི་དང་ཕ་རོལ་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །ཞེ་སྡང་སེལ་བའི་ཕྱིར་རྒྱུ་བརྟགས་
ཤིང་བཤད་དེ། མི་འདོད་པ་བྱེད་པ་དང་། བདེ་བའི་རྒྱུ་འདོད་པ་འཇོམས་པས་བྱུང་བའི་ཡིད་མི་བདེ་བ་དེ་ཉིད་ཟས་ཏེ། དེ་བསྟེན་ནས་བྱུང་བའི་ཞེ་སྡང་བརྟས་ཏེ་བདག་འཇོམས་སོ། །རྒྱུ་མེད་ན་འབྲས་བུ་མི་འབྱུང་བས་དགྲ་དེའི་ཟས་གཞོམ་པར་བྱའོ། །གང་གི་ཕྱིར་བདག་གི་དགེ་བའི་སྲོག་
Vol. 106 · folio 227b
ཉམས་པར་བྱེད་པ་ལས་བྱ་བ་གཞན་དགྲ་བོ་དེ་ལ་མེད་དོ། །ཞེ་སྡང་གི་གཉེན་པོ་བཟོད་པ་ནི་རྣམ་པ་གསུམ་སྟེ། བཀའ་བསྡུ་བའི་མདོ་ལས་གསུངས་པ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོགས་
པའི་བཟོད་པ་སྟེ། དེ་ལ་དང་པོའི་དབང་དུ་བྱས་ནས་བཤད་དེ། ཅི་ལ་ཞེས་བྱ་བ་ལ་སོགས་པའོ། །རིན་ཆེན་སྤྲིན་ལས་གསུངས་པ། གང་འདི་དག་ནང་གི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དེ་དག་བཟོད་ཅིང་དང་དུ་ལེན་ཞེས་སོ། །ཟླ་བ་
སྒྲོན་མ་ལས་ཀྱང་། བདེ་བ་ལ་མངོན་པར་ཞེན་ཅིང་སྡུག་བསྔལ་མི་འདོར་བར་སྐྱེ་བཅད་ཀྱང་བདག་གིས་དགའ་བ་ནི་དཀྲུག་པར་མི་བྱའོ། །གང་གི་ཕྱིར་ཡིད་མི་བདེ་བ་བྱས་ཀྱང་འདོད་པ་གྲུབ་པར་མི་འགྱུར་དགེ་བ་ནི་ཉམས་པར་འགྱུར་རོ། །ཆོས་རྗེས་སུ་དྲན་པས་དགའ་བ་དང་དང་བ་ནི་
དགའ་བར་བརྗོད་དོ། །རིགས་པ་བཤད་དེ། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འདོད་པའི་དོན་འདོད་པ་འཇོམས་པ་བཟློག་པའི་ཕྱིར་དང་། མི་འདོད་པ་འབྱུང་བ་དགག་པ་གལ་ཏེ་བཅོས་སུ་ཡོད་ན་དེའི་ཚེ་དེ་ཉིད་བྱེད་པ་ཡིན་གྱི་དེ་ལ་ཡིད་མི་བདེ་བས་ཅི་ཞིག་བྱ། བཅོས་སུ་
མེད་ན་ཡང་འདིས་ཅི་བྱ། གོམས་པས་སྡུག་བསྔལ་མི་གནོད་པར་བཤད་དེ། སྡུག་བསྔལ་ནི་ལུས་ཀྱིས་ཏེ། བརྙས་པ་ནི་ཡིད་ཀྱིས་ཏེ། ཚིག་རྩུབ་པ་ནི་གནད་རེག་པའི་ཚིག་གིས་སོ། །གྲགས་པ་མ་ཡིན་པ་འདི་དག་ཐམས་ཅད་བདག་དང་བཤེས་རྣམས་ཀྱིས་མི་འདོད་པའོ། །
སྡུག་བསྔལ་ལ་སོགས་པ་བྱེད་པ་དགྲའི་དེ་ལས་བཟློག་པ་སྟེ། དེའི་སྡུག་བསྔལ་ལ་སོགས་པ་འདོད་པ་ཉིད་དོ། །ཟག་བཅས་ཀྱི་བདེ་བ་རེས་འགའ་རྙེད་པ། སྡུག་བསྔལ་ནི་རྟག་ཏུ་རྙེད་པར་སླ་བས་དེ་ཉིད་གོམས་པར་བྱའོ། །གཞན་ཡང་སྲིད་པ་ལས་ཐར་པ་ནི་སྡུག་བསྔལ་ཁོ་
ན་སྟེ། སྡུག་བསྔལ་གྱིས་སྲིད་པ་ལ་འགྱོད་པ་བསྐྱེད་དེ་ཐར་པ་ཚོལ་བའི་ཕྱིར་རོ། །དེ་བས་ན་ཀྱེ་སེམས་ཅན་སྡུག་བསྔལ་བཟོད་པ་ལ་བརྟན་པར་གྱིས་ཤིག་གོ། །གཞན་ཡང་ལྷ་མོ་ཙཎྜི་ཀའི་བུ་ནམ་ས་ཚེས་དགུ་ཆེན་པོ་ལ་ལྟོགས་ཉལ་བྱས་ཏེ། ར་ལུ་འབྲེག་པ་དང་གཅོད་པ་ལ་སོགས་
Vol. 106 · folio 228a
པ་བྱེད་དོ། །ཡུལ་ཀརྞ་ཏྲ་ལས་སྐྱེས་པ་རྣམས་རང་གི་མིང་གཞན་གྱི་ཐོག་མ་བྲི་བའི་ཕྱིར་ཕན་ཚུན་དུ་ཁེངས་པས་དགོས་པ་མེད་པར་སྡུག་བསྔལ་མྱོང་བར་བྱེད་དོ། །བདག་ནི་རང་དང་གཞན་དགྲོལ་བའི་ཕྱིར་སྡུག་བསྔལ་བཟོད་པ་ལས་རིགས་པ་གང་གིས་
འཇིགས། ལག་པ་དང་རྐང་པ་དང་མགོ་སྟེར་མི་ནུས་པས་ཤེ་ན། སྨྲས་པ། གོམས་པས་བྱེད་པར་དཀའ་བ་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་མེད་དོ། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཀྱི་ནི་ཡིད་རྣམས་སྦྱོར། །དེ་དང་དེ་ཡི་ངོ་བོར་འགྱུར། །སྣ་ཚོགས་ནོར་བུ་ཇི་
བཞིན་ནོ། །ཞེས་གསུངས་པས་སོ། །དེ་བས་གནོད་པ་ཆུང་བ་གོམས་པའི་རིམ་པས་གནོད་པ་ཆེན་པོ་ཡང་བཟོད་པར་བྱའོ། །ཇི་ལྟར་གོམས་པས་བྱིས་པ་རྣམས་ལ་འཁོར་བ་སྡུག་བསྔལ་བ་ལ་བདེ་བའི་བློ་འབྱུང་བ་ལྟར། བདེ་བ་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས་པ་ལ་ལག་
པ་དང་རྐང་པ་ལ་སོགས་པ་གཅོད་པ་ན་ཡང་བདེ་བའི་འདུ་ཤེས་ཁོ་ན་སྐྱེའོ། །གནོད་པ་ཆུང་བ་ལ་སོགས་གོམས་པའི་དཔེ་བཤད་དེ། འདྲེ་ཤིག་པ་དང་། ཤ་སྦྲང་དང་། སྦྲང་བུའི་གནོད་པ་དང་། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་ཚོར་བ་དང་། གཡན་པ་ཆེན་པོ་ལ་སོགས་པའི་
སྡུག་བསྔལ་གོམས་པ་དོན་མེད་པར་ཅི་སྟེ་མི་མཐོང་། གཞན་ཡང་བཟེ་རེ་གོམས་པ་བྱར་མི་བཏུབ་སྟེ། དེ་བྱས་ན། གྲང་བ་དང་། ཚ་བ་དང་། ཆར་དང་། རླུང་དང་། ལམ་དང་། ནད་དང་། འཆི་བ་དང་། རྡེག་པ་ལས་བྱུང་བའི་གནོད་པས་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ། །
སྡུག་བསྔལ་ལ་ཡང་སེམས་པ་རྟན་ན་དེ་ལས་ལྡོག་པའོ། །བློ་བརྟན་ན་བཟོད་མི་ནུས་པ་མེད་པར་བཤད་དེ། དཔའ་བོ་འགའ་ཞིག་གཡུལ་དུ་རང་གི་ཁྲག་མཐོང་ན་ལྷག་པར་དཔའ་བར་འགྱུར། གཞན་ནི་གཞན་གྱི་ཁྲག་མཐོང་ཡང་བརྒྱལ་བར་འགྱུར་ཏེ་འཇིགས་པས་སོ། །དེ་
གཉིས་སེམས་སྙིང་སྟོབས་དང་། དེ་མེད་པ་ལས་བྱུང་སྟེ་དེ་བས་སྡུག་བསྔལ་རྣམས་ཀྱིས་མི་ཚུགས་བྱོས། གནོད་པ་ཁྱད་དུ་བསད་པར་བྱའོ། །སྡུག་བསྔལ་བྱུང་ཡང་སྡུག་བསྔལ་གང་གི་དེ་མེད་དེ་བདག་མེད་པས་རྟེན་ཅིང་འབྲེལ་པ་ལས་བྱུང་བ་མི་རྟག་པ་ཚོར་བ་ཙམ་དུ་ཤེས་ནས་ཆོས་ལ་རབ་
Vol. 106 · folio 228b
ཏུ་དགའ་བ་གཏང་བར་མི་བྱའོ། །གང་གི་ཕྱིར་ཉོན་མོངས་པའི་དགྲ་རྣམས་དང་གཡུལ་འགྱེད་པར་རྩོམ་པ་ཡིན་པས་དེར་གནོད་པ་ནི་གདོན་མི་ཟ་བའོ། །དགྲ་བོས་བརྒྱབ་པ་སྙིང་གིས་ལེན་ཅིང་གང་ཞིག་དགྲ་བོ་ཕམ་པར་བྱེད་པ་ད་ནི་དཔའ་བོ་བསྔགས་པ་ཡིན་ནོ། །གཞན་ནི་འགྱེལ་བ་
ལ་རྡེག་པ་ལྟར་རོ་ལ་གནོད་པའོ། །སྡུག་བསྔལ་གྱི་ཡོན་ཏན་གཞན་ཡང་ལམ་དང་རྗེས་སུ་མཐུན་པ་ཡོད་དེ། སྡུག་བསྔལ་ལ་སྐྱོ་བ་དེས་ནོར་ལ་སོགས་པའི་དྲེགས་པ་སེལ་བ་དང་། སྲིད་པའི་སྡུག་བསྔལ་དང་ལྡན་པ་ལ་སྙིང་རྗེ་སྐྱེ་བ་དང་། སྡིག་པའི་འབྲས་བུ་འདི་ཡིན་པར་ཤེས་ནས་
དེ་ལ་འཇིགས་པ་དང་། རྒྱལ་བ་ཁོ་ན་སྡུག་བསྔལ་ཟད་པའི་ལམ་སྟོན་པ་པོ་ཡིན་པས། རྒྱལ་བ་ལ་འདོད་པ་སྐྱེའོ། །བཟོད་པའི་དོན་དུ་རིགས་པ་བཤད་དེ། ཟས་ཀྱི་སྐྱོན་ལས་བྱུང་བ་མཁྲིས་པ་དང་། རླུང་དང་བད་ཀན་དང་འདུས་པ་རྣམས་སྡུག་བསྔལ་ཆེན་པོའི་རྒྱུ་ལ་བདག་
མི་ཁྲོ་སྟེ། དེ་དག་སེམས་པ་མེད་པས། བསམས་བཞིན་དུ་སྡུག་བསྔལ་མི་སྐྱེད་དེ། འོན་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཤེས་སོ། །དེ་ལྟ་ཡིན་པས་སེམས་པ་དང་བཅས་པ་ལ་ཡང་ཁྲོ་བ་མི་རིགས་ཏེ། དེ་དག་ཀྱང་ལས་དང་པོའི་སྟོབས་ཀྱིས་ཁྲོ་སྟེ་བདག་གི་ལས་
ཀྱིས་བསྐུལ་བ་ཞེས་གསུངས་པའི་ཕྱིར་རོ། །རྐྱེན་ཉིད་ཀྱིས་ཁྲོ་བ་བཤད་དེ། མཁྲིས་པ་ལ་སོགས་པ་ལས་མི་འདོད་པའི་གཟེར་འབྱུང་བ་ལྟར་ཡིད་མི་བདེ་བ་ལ་སོགས་པ་ལས་ཁྲོ་བ་སྐྱེ་བས་རྒྱུ་ལ་བརྟེན་པ་ནི་མཉམ་མོ། །སེམས་པ་དང་བཅས་པ་བསམས་བཞིན་དུ་ཁྲོ་བས་བདག་མི་
བཟོད་ཅེ་ན། སྨྲས་པ། སྐྱེ་བོ་གང་ཡང་ཁྲོ་བར་བྱའོ་ཞེས་བསམས་ནས་ཁྲོ་བ་མ་ཡིན་ལ་བདག་སྐྱེ་བར་བྱའོ་ཞེས་བསམས་ཏེ་ཁྲོ་བ་ཡང་མི་སྐྱེ་བའོ། །འོན་ཀྱང་རྒྱུ་དེ་དང་དེ་ལས་སོ། །དེ་བས་ཉེས་པ་ཇི་སྙེད་པ་དང་སྡིག་པ་སྣ་ཚོགས་པ་རྣམས་རྐྱེན་གྱི་ནུས་པ་ལས་སྐྱེ་བས་རང་དབང་
མེད་པ་ཉིད་དོ། །ཚོགས་པ་ཡང་བསམས་བཞིན་དུ་མི་སྐྱེད་དོ། འོན་ཀྱང་རང་གི་རྒྱུ་མཐར་ཕྱིན་པ་ལས་འབྲས་བུ་སྐྱེའོ། །གང་སྐྱེས་དེ་ལ་ཡང་ཚོགས་པས་བདག་བསྐྱེད་ཅེས་སེམས་པ་མེད་དོ། །འོན་ཀྱང་འདི་ཡོད་ན་འདི་འབྱུང་འདི་སྐྱེས་པ་ལས་འདི་སྐྱེའོ། །བརྟེན་ནས་འབྱུང་བ་ནི་
Vol. 106 · folio 229a
གཟུང་བ་ཞེས་དཔྱད་ནས་གནོད་པ་ལ་བཟོད་པར་བྱའོ། །རང་དབང་ཀྱང་ཡོད་དེ་ཇི་ལྟར་གྲངས་ཅན་གྱི་གཙོ་བོ་དང་བདག་ཅེ་ན་སྨྲས་པ། སྙིང་སྟོབས་དང་། རྡུལ་དང་མུན་པ་རྣམས་མཉམ་པའི་གནས་སྐབས་རང་བཞིན་གཙོ་བོར་འདོད་པ། གང་བདག་ཅེས་
བརྟགས་པ་དེའང་བདག་འབྱུང་བར་བྱའོ་ཞེས་བསམས་བཞིན་མི་སྐྱེའོ། །གང་གི་ཕྱིར་གཙོ་བོ་ལ་སོགས་པ་དེ་མ་སྐྱེས་པར་མེད་པ་ཉིད་མོ་གཤམ་གྱི་བུ་ལྟ་བུ་ལ་སྐྱེ་བར་འདོད་པ་ག་ལ་ཡོད། མེད་པ་ཅུང་ཟད་ཀྱང་མི་སྐྱེ་བས་རྣམ་པར་སྨིན་པ་ཙམ་གསལ་བར་སྐྱེ་བ་ཞེ་ན། རྣམ་
པར་སྨིན་པ་འམ་གསལ་བ་ཡང་མེད་པ་ཇི་ལྟར་སྐྱེ། བདག་ལའང་སྐྱོན་འདི་མེད་པ་མ་ཡིན་ཏེ་རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །རི་བོང་གི་རྭ་ལྟ་བུ་དེ་ལ་ཡང་སྐྱོན་དེ་ཉིད་དོ། །མ་སྐྱེས་པར་ནི་དེ་མེད་ན། །དེ་ཚེ་སྐྱེ་བར་འདོད་པ་གང་། །སྐྱོན་གཞན་ཡང་འདི་ལ་ཡོད་དེ། གང་གི་ཚེ་
བདག་གཙོ་བོས་བྱིན་པའི་ལོངས་སྤྱོད་ལ་འཇུག་པ་དེའི་ཚེ། སྔར་མ་ཞུགས་པ་རྟག་པ་ཕྱིས་འཇུག་པ་མི་རིགས་སོ། །འཇུག་པ་ནི་ཡང་ཡུལ་ལ་ལོངས་སྤྱོད་བྱེད་པས་ལྡོག་པར་མི་རིགས་ཏེ། ཡུལ་ལ་ལོངས་སྤྱོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རིགས་པ་ལ་སོགས་པའི་
བདག་ལ་ཡང་སྐྱོན་འདི་སྟེ། གྲངས་ཅན་ལ་ཁྱད་པར་ནི་སེམས་པ་མེད་པའོ། །རྟག་པ་ནི་རྟག་ཏུ་ཚུལ་གཅིག་པའོ། །སེམས་པ་དང་སྦྱོར་བས་སེམས་པ་དང་ལྡན། ནམ་མཁའ་བཞིན་དུ་ཁྱབ་བྱེད་བྱ་བ་མེད་པའོ། །གང་གི་ཕྱིར་སྨྲས་པ། འདིར་བདག་གཞན་གྱིས་འདོད་པ་
ནི། འདོད་པ་ལ་སོགས་པ་ཡི་རྟེན། །རང་ཉིད་སེམས་པ་མེད་པའི་ཚུལ། །རྟག་པར་ཀུན་ཏུ་ཁྱབ་པ་སྟེ། །དགེ་དང་མི་དགེའི་བྱེད་པ་པོ། །ལས་ཀྱི་འབྲས་ལ་ལོངས་སྤྱོད་པ། །སེམས་པའི་སྦྱོར་བས་སེམས་པ་ཅན། །རང་ཉིད་ཀྱི་ནི་མ་ཡིན་ནོ། །ཞེས་སོ། །དེ་བས་ཅི་ཡང་མི་བྱེད་པ་ཁོ་
ནའོ། །གལ་ཏེ་རྣམ་ཤེས་དང་འབད་པའི་འབྲེལ་པས་བྱེད་པ་པོར་འདོད་ན་རྣམ་ཤེས་དང་འབད་པ་ལ་སོགས་པ་རྐྱེན་གཞན་དང་འབྲེལ་ཀྱང་རྟག་པ་ཡིན་པས་འགྱུར་བ་མེད་པ་ལ་བྱ་བ་ག་ལ་ཡོད། སྔར་བཞིན་བྱེད་པའི་དུས་སུ་ཡང་བྱ་བ་གང་ཡིན་པ་ལ་དེས་ཕན་པ་ཅི་བྱས། བདག་
Vol. 106 · folio 229b
དེའི་བྱེད་པ་འདི་ཞེས་འབྲེལ་པའི་རྒྱུ་མཚན་མེད་དོ། །དེས་ན་རང་དབང་ཅན་མེད་དོ། །བསྡུས་ཤིང་བཤད་དེ་བཤད་པའི་རིགས་པས་ཐམས་ཅད་གཞན་དབང་སྟེ། རྒྱུ་གང་ལས་བྱུང་བ་རྒྱུ་དེ་ཡང་རང་གི་རྒྱུ་ལ་ལྟོས་པ་ཅན་ཡིན་པས། ཐོག་མ་མེད་པ་ནས་ཆོས་ཐམས་ཅད་བྱེད་པ་མེད་
པའོ། །དེ་ལྟར་མྱ་ངན་ལས་འདའ་བ་བཞིན་བྱེད་པ་དང་བྲལ་བ་ཆོས་ཐམས་ཅད་ཡིན་པ་ལ་བློ་ལྡན་གར་ཁྲོ། འོ་ན་དེ་ལྟར་རང་དབང་ཅན་མེད་པས་གང་གིས་གང་འགོག་ཅེ་ན། རིགས་པ་མཉམ་པའི་ཕྱིར་བཟློག་པའང་རིགས་པ་མིན་ཞེ་ན། ལན་ནི་བཟློག་པར་རིགས་ཏེ་གང་གི་
ཕྱིར་བཟློག་པ་དེ་རྟེན་ནས་སྡུག་བསྔལ་རྒྱུན་ཆད་པར་འདོད། དེ་བས་ན་ཞེ་སྡང་ལ་སོགས་པ་བཟློག་པར་རིགས་པ་ཁོ་ནའོ། །དེ་བས་དགྲའམ་མཛའ་བའམ་གནོད་པ་བྱེད་པ་མཐོང་ན་འདི་འདྲའི་རྐྱེན་ནི་གནོད་པའི་ཚུལ་ཅན་འདི་ལ་ཡོད་པར་ངེས་ནས་བདེ་བར་འདོད་དེ། ཡིད་མི་བདེ་བ་མི་
བྱེད་དོ། །གལ་ཏེ་རྒྱུ་མེད་པར་རང་དགའ་ཙམ་གྱིས་སྐྱེ་བོ་རྣམས་ཀྱི་དོན་གྲུབ་ན། དེའི་ཚེ་སྡུག་བསྔལ་སུ་ལ་མི་འབྱུང་སྟེ། གང་གི་ཕྱིར་བདག་གི་སྡུག་བསྔལ་སུས་ཀྱང་མི་འདོད་དོ། །གཞན་གྱི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་བཤད་དེ། མ་དཔྱད་པར་བྱེད་པ་འདི་ནི་བག་མེད་
པའོ། །རང་གི་ལུས་རང་ཉིད་ཀྱིས་ཚེར་མའི་ལམ་ལ་སོགས་པ་དང་། ཁྲོས་པས་བུད་མེད་ལ་སོགས་པ་རྙེད་པར་དཀའ་བ་ཐོབ་པའི་ཕྱིར་བཟའ་བཏུང་ལ་སོགས་པ་སྤངས་པས་གནོད་པར་བྱེད་དོ། །འགྱེག་པ་དང་། རིའི་གཡང་ལ་སོགས་པར་མཆོང་བ་དང་། མིའི་ནང་དུ་འགྲོའམ།
ཆུར་འཇུག་པའམ། དུག་དང་མི་འཕྲོད་པ་ཟ་བ་འམ། བཟའ་བཏུང་ཧ་ཅང་མང་བས་རྨོངས་པ་འགའ་ཞིག་རང་གི་ལུས་ཉམས་པར་བྱེད། གཞན་གསོད་པ་ལ་སོགས་པ་བསོད་ནམས་མ་ཡིན་པ་སྤྱོད་པས་ཀྱང་ངོ་། །གང་གི་ཚེ་དེ་ལྟར་བཤད་པའི་རིགས་པས་ཉོན་མོངས་པའི་
ཤུགས་ཀྱིས་བདག་ཉིད་སྡུག་པ་འང་གསོད་ན། དེའི་ཚེ་དེ་དག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ག་ལ་འགྱུར། དེ་དག་སྙིང་རྗེའི་སྣོད་ཡིན་པར་བཤད་དེ། ཉོན་མོངས་པས་མྱོས་པར་བྱས་པ། བཤད་པའི་རིགས་པས་བདག་གསོད་པ་ལ་འཇུག་པ་རྣམས་ལ་
Vol. 106 · folio 230a
སྙིང་རྗེ་མེད་པ་སྐྱོན་འབའ་ཞིག་པ་མ་ཡིན་གྱི་ཞེ་སྡང་ཇི་ལྟར་སྐྱེ། སྙིང་རྗེའི་གནས་ལ་དེ་མི་རིགས་སོ། །བཟོད་པའི་ཐབས་བཤད་དེ། གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རང་བཞིན་གཞན་ལ་གནོད་པ་བྱེད་པ་ཁོ་ན་ཡིན་ན། དེའི་ཚེ་དེ་དག་ལ་བདག་
གིས་ཞེ་སྡང་མི་རིགས་ཏེ། མེའི་རང་བཞིན་ཚ་བ་ལ་སྲེག་པར་བྱེད་པས་སོ། །གལ་ཏེ་སྐྱོན་དེ་རང་བཞིན་མ་ཡིན་གློ་བུར་བ་སྟེ། སེམས་ཅན་རྣམས་ནི་རང་བཞིན་གྱིས་ངེས་པ་ཡིན་ན། དེ་ལྟ་ན་དེ་དག་ལ་ཁྲོ་བ་མི་རིགས་ཏེ། དཔེར་ན་དུད་པ་མ་རུངས་པ་དང་ལྡན་པའི་ནམ་
མཁའ་བཞིན་ནོ། །མ་རུངས་པ་ནི་ནམ་མཁའི་རང་བཞིན་མ་ཡིན་ཏེ། དྲི་མ་མེད་པའི་ཕྱིར་རོ། །འོན་ཀྱང་དུ་བའི་སྐྱོན་ཡིན་ཏེ། དུ་བ་ལྟར་སྐྱོན་རྣམས་ལ་ཁྲོ་བར་མི་རིགས་ཤིང་སེམས་ཅན་ལ་མ་ཡིན་ཏེ། རང་བཞིན་ཡོངས་སུ་དག་པས་སོ། །གཞན་ཡང་གང་སྡུག་བསྔལ་
གྱི་རྒྱུ་གཙོ་ཆེར་གྱུར་པ་གལ་ཏེ། དེ་ནས་དེ་འཕེན་པ་པོ་ལ་ཁྲོ་ན་དེའི་ཚེ་དེའང་ཞེ་སྡང་གིས་འཕེན་པ་ཡིན་པས་བདག་ཞེ་སྡང་ཉིད་ལ་ཞེ་སྡང་བར་རིགས་སོ། །ལས་འབྲས་མི་སླུ་བར་བསྒོམས་ནས་འདི་བརྗོད་པར་བཤད་དེ། སྐྱེ་བ་གཞན་དུ་བདག་གིས་ཀྱང་སེམས་ཅན་ཀུན་ལ་དེ་ལྟར་
གནོད་པ་བྱས། དེ་བས་བདག་ལ་གཞན་ལ་གནོད་པ་བྱས་པའི་རྒྱུ་མཐུན་འདི་འབྱུང་བར་རིགས་པ་ཁོ་ནའོ། །རིགས་པ་གཞན་བཤད་དེ། དགྲའི་མཚོན་དང་བདག་གི་ལུས་འདི་གཉིས་སྡུག་བསྔལ་གྱི་རྒྱུ་ཡིན། གལ་ཏེ་རྒྱུ་ཉེ་བར་སྡུད་པ་པོ་ལ་ཁྲོ་ན་དེའི་ཚེ་རང་ལ་ཡང་རིགས་
ཏེ། གང་གི་ཕྱིར་དེས་མཚོན་ཆ་དང་། བདག་གི་ལུས་ཕྱུང་བས་གང་ལ་ཁྲོ། གཉིས་ཀ་ལ་སྐྱོན་མཉམ་པ་ཉིད་ཀྱི་ཕྱིར་རོ། །རང་དང་གཞན་ལ་སྐྱོན་མཉམ་པར་བཤད་ནས། རང་ཁོ་ནའི་སྐྱོན་བཤད་དེ། ཤུ་བ་ནི་མིའི་གཟུགས་འདྲ་བ་བརྡེག་པ་ལ་སོགས་པ་མི་བཟོད་པ་བདག་
གིས་གཟུང་བ་ཡུལ་ལྔ་ལ་སྲེད་པ་སྤོང་བར་གྱུར་པ་སྟེ། དབང་པོ་ལྔ་དང་ལྡན་པའི་ལུས་དེ་དག་གིས་དེ་ལ་ལོངས་སྤྱོད་པའི་ཕྱིར་རོ། །དེ་ལ་གནོད་པ་བྱུང་བས་སུ་ལ་ཁྲོ། །ལུས་མ་བཟུང་ན་གནོད་པ་མེད། །བཟུང་བ་ནི་བདག་གིས་ཏེ་བདག་ཁོ་ན་སྐྱོན་ཅན་ནོ། །གཞན་ཡང་བདག་
Vol. 106 · folio 230b
བྱིས་པ་སྡུག་བསྔལ་མི་འདོད་སྡུག་བསྔལ་གྱི་རྒྱུ་ནི་འདོད། རྒྱུ་ཡོད་པས་འབྲས་བུ་གདོན་མི་ཟ་བར་འབྱུང་སྟེ། དེ་ལ་ལོངས་སྤྱོད་པའི་ཕྱིར་རོ། །དེ་ལ་གནོད་པ་འབྱུང་བས་སུ་ལ་ཁྲོ། །ལུས་མ་བཟུང་ན་གནོད་པ་མེད་བཟུང་བ་ནི་བདག་གིས་ཏེ། འབྲས་བུ་མི་འདོད་ན་རྒྱུ་ཡང་
སྤང་དགོས། དེ་ལས་ཟློག་པ་བྱེད་པས་བྱིས་པ་བཞིན། དེ་བས་རང་གི་ཉེས་པ་ལས་བྱུང་བའི་སྡུག་བསྔལ་ཡིན་པ་ལ་གཞན་ལ་ཁྲོ་བས་ཅི། རལ་གྲི་ནི་གྲི་ལ་སོགས་པ་མཚོན་པ་སྟེ། དེ་དག་རལ་གྲི་ལོ་མ་ཡིན་པ་དེ་ལྟ་བུའི་ནགས་དང་། བྱ་ནི་བྱ་རྒོད་ལ་སོགས་པ་བདག་གི་
ལས་ལས་བྱུང་བ་ལྟར། གཞན་གྱི་མཚོན་ཆ་ལ་སོགས་པ་ཡང་ངོ་། །དེ་བས་ངའི་ལས་ཀྱིས་བསྐུལ་བ་བདག་གིས་གནོད་པ་སྔར་བྱས་པས་བདག་ལ་གནོད་པ་བྱེད་པ་འབྱུང་། དེ་བས་དེ་དག་དམྱལ་བར་འགྲོ་བས། བདག་ཁོ་ནས་དེ་དག་མ་བརླག་གམ་འམ་གྱི་སྒྲས་རང་སེམས་
འབོད་པའོ། །ཕན་པ་བྱེད་པ་ཁོ་ན་ལ་དགའི་བྱེད། ཅེས་ཚིགས་བཅད་གཉིས་ཀྱིས་བཤད་དེ། གནོད་བྱེད་འདི་དག་ལ་བརྟེན་ནས་བཟོད་པ་བསྒོམས་པས་སྐྱེ་བ་སྔ་མ་ལ་བདག་གིས་བྱས་པའི་སྡིག་པ་མང་པོ་ཅིག་ཟད། བདག་ལ་བརྟེན་ནས་བདག་ལ་གནོད་པ་བྱས་པས། དེ་
དག་སྡུག་བསྔལ་ཤིན་ཏུ་མི་བཟད་པའི་དམྱལ་བར་འགྲོ་དེ་བས་བདག་ཁོ་ན་དེ་དག་གི་གནོད་བྱེད་ཡིན་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །གནོད་པའི་ལེ་ལན་ལས་ལོག་པ་བསམ་པའི་ཡོན་ཏན་གལ་ཏེ་བདག་ལ་འབྱུང་ན་དེས་དམྱལ་བར་མི་འགྲོ་བས་ཕན་བྱེད་དེ་དག་ལ་ཡོན་ཏན་
ཅི་བྱུང་། བདག་གིས་བདག་བསྲུང་བར་གྱུར་པ་ནའོ། །གལ་ཏེ་དེ་དག་ལ་གནོད་པའི་ལེ་ལན་བྱས་པར་གྱུར་ན། དེས་ཀྱང་དེ་དག་བསྲུང་བར་མི་འགྱུར་རོ། །བདག་ལ་གནོད་པ་བྱས་ནས་འོག་ཏུ་འགྲོ་བའི་ཕྱིར། བདག་གི་སྤྱོད་པ་ནི་རྡེག་པ་ལ་ཡང་བརྡེག་པར་མི་བྱའོ་ཞེས་བྱ་བ་
ལ་སོགས་པ་ཉམས་པར་འགྱུར། དེ་བས་ཐབས་མེད་པའི་ཕྱིར་དེ་དག་ཉམས་སོ་ཞེས་སྙིང་རྗེའོ། །ཆོས་ལ་ངེས་པར་རྟོགས་པར་བཟོད་པ་བཤད་དེ། ཡིད་ཅེས་བྱ་བ་ལ་སོགས་པའོ། །སྡུག་བསྔལ་རྣམ་པ་གཉིས་མ་སྤྱད་པས་གནོད་བྱེད་ཡིན་ཏེ་ལུས་དང་ཡིད་ལས་བྱུང་བའོ། །དེ་
Vol. 106 · folio 231a
ལ་ཡིད་ནི་སུས་ཀྱང་གར་ཡང་གཞོམ་མི་ནུས་ཏེ་ལུས་ཅན་མ་ཡིན་པའི་ཕྱིར་རོ། །དེ་བས་དེ་ལས་བྱུང་བའི་སྡུག་བསྔལ་ནི་དོན་དམ་པར་མེད་དོ། །རྟོག་པ་ལས་བྱུང་བ་ཡིད་མི་བདེ་བ་ལ་སོགས་པ་ཡོད་པས་བཤད་དེ། ལུས་ལ་མངོན་པར་ཞེན་པས་ན་ལུས་
ཀྱི་སྡུག་བསྔལ་སེམས་ལ་གནོད་དོ། །བརྙས་པ་ལ་སོགས་པ་ལུས་ལ་ཡང་མི་གནོད་དེ། བེམས་པོ་ཡིན་པའི་ཕྱིར་རོ། །འདི་དག་ནི་ལུས་ལ་མི་གནོད་པས་ཀྱེ་སེམས་ཅན་ཁྱོད་ཅི་སྟེ་ཁྲོ་བརྙས་པ་ལ་སོགས་པ་ཐོས་ནས་བདག་ལ་འཇིག་རྟེན་མ་དད་པར་རྟོགས་ནས་མི་འདོད་ཅེ་ན།
སྨྲས་པ། འདི་ནི་དཔྱད་པར་བྱ་བ་ཡིན་ཏེ། བདག་ལ་བརྙས་པ་ལ་སོགས་པ་ཐོས་ནས་སྐྱེ་བོ་རྣམས་མ་དད་པ་གང་ཡིན་པ་དེས་བདག་ཟ་བར་འགྱུར་རམ། སྐྱེ་བ་འདི་འམ་ཕ་རོལ་དུ་གང་གིས་མ་དད་པ་འདི་བདག་མི་འདོད། དེ་བས་འདིར་མངོན་པར་ཞེན་པར་མི་བྱའོ། །བདག་
གི་རྙེད་པའི་བར་ཆད་བྱེད་པས་མ་དད་པ་མི་འདོད་ན། རྙེད་པ་མི་རྟག་པ་འདི་ཉིད་དུ་ཉམས་པར་འགྱུར། བརྙས་པ་ལ་སོགས་པ་བྱེད་པ་ལ་ཁྲོས་པས་བྱུང་བའི་སྡིག་པ་བརྟན་པར་གནས་པར་འགྱུར་རོ། །གནོད་བྱེད་ལ་གནོད་པ་བྱས་པས་རྙེད་པ་ན། ལོག་འཚོ་ཡུན་རིང་པོ་
བྱུང་ཡང་མཆོག་མ་ཡིན་ཏེ། རྙེད་པ་མེད་པས་དེ་རིང་ཤི་ཡང་རུང་། གང་གི་ཕྱིར་ཡུན་རིང་པོ་བསྡད་ཀྱང་འཆི་བའི་སྡུག་བསྔལ་དེ་ཉིད་དོ། །ཁྱད་མེད་ཁོ་ན་གཉིས་ཀྱིས་བཤད་དེ། རྨི་ལམ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་འགའ་ཞིག་རྨི་ལམ་དུ་མྱོང་བ་ལོ་བརྒྱར་བདེ་བ་
ལ་ལོངས་སྤྱོད་ནས་སད་ཀྱང་གཞན་ནི་སྐད་ཅིག་ཏུའོ། །རྨི་ལམ་དུ་དམིགས་པའི་བདེ་བ་མྱོང་བ་གཉི་ག་གཉིད་སད་ན་མྱོང་བའི་བདེ་བ་དེ་འོང་ཉམས། དེ་རྗེས་སུ་མི་འབྲང་འོན་ཀྱང་དྲན་པ་ཙམ་ལྷག་མའོ། །འཆི་བའི་དུས་སུ་དཔེ་དེ་ཉིད་ཡིན་ཏེ། ཡུན་རིང་པོར་གསོན་པ་
དང་། ཡུན་ཐུང་བར་གསོན་པ་གཉིས་ཀྱིའོ། །ཡུན་རིངས་གསོན་པ་དང་ཡུན་ཐུང་བར་གསོན་པ་གཉི་ག་ཡང་ཕྱིས་རྗེས་སུ་མི་འབྲང་སྟེ་འོན་ཀྱང་དྲན་པ་ཙམ། ཐམས་ཅད་རྨི་ལམ་མྱོང་བ་ལྟར། །སོང་བ་སླར་ནི་མཐོང་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ལོག་
Vol. 106 · folio 231b
འཚོལ་དགོས་པ་མེད་དོ། །དེ་བས་ན་རྙེད་པའི་ཕྱིར་དང་བདེ་བའི་ཕྱིར་མི་བཟོད་པ་མི་རིགས་པར་བཤད་དེ། རྙེད་པ་མང་པོ་ཐོབ་ནས་བདེ་བ་ཡུན་རིངས་མྱོང་ནས་ཀྱང་འཆི་བའི་དུས་སུ་རྒྱགས་མེད་པས་ལག་པ་སྟོང་པ་དང་། འདོད་ཡོན་དང་མི་ལྡན་པས་སྒྲེན་མོ་ཁོ་ན་ཆོམ་རྐུན་པས་ཕྲོགས་
པ་བཞིན་དུ་འཇིག་རྟེན་ཕ་རོལ་དུ་འགྱུར་རོ། །གལ་ཏེ་རྙེད་པས་ཡུན་རིངས་གསོན་ཅིང་སྡིག་པ་བཤགས་པ་ལ་སོགས་པས་སྡིག་པ་ཟད་ཅིང་། སྡོམ་པ་བསྲུང་བས་བསོད་ནམས་ཀྱང་བྱེད་ཅེ་ན། འོ་ན་རྙེད་པའི་ཆེད་དུ་དེ་ལ་གནོད་པ་རྣམས་ལ་ཞེ་སྡང་བྱས་ཏེ། བསོད་ནམས་ཟད་པ་དང་
སྡིག་པ་མི་འབྱུང་ངམ། དེ་བས་གང་ཚོགས་བསགས་པའི་ཕྱིར་གསོན་པ། གལ་ཏེ་ལེགས་སྤྱད་དེ་ཉིད་ཉམས་ན་མི་དགེ་བ་བྱེད་པའི་གསོན་པས་ཅི་ཞིག་བྱ། གྲགས་པ་མ་ཡིན་པ་སྒྲོག་མཁན་ལ་གང་ཁྱོད་ཁྲོས་པ་དེས་ཉམས་པར་བྱེད་པ་སྟེ། ཡོན་ཏན་སྦེད་པ་དང་། སྐྱོན་བརྗོད་
པས་སོ། །ཡང་ན་སེམས་ཅན་ནི་འཇིག་རྟེན་པ་རྣམས་ཉམས་པར་བྱེད་དེ། བདག་གི་གྲགས་པ་མ་ཡིན་པ་བསྒྲགས་པས་བདག་ལ་མ་དད་པར་བྱེད་པས། གྲགས་པ་མ་ཡིན་པ་སྒྲོགས་པ་ལ་ཁྲོ་ཞེ་ན། སྨྲས་པ། དེའི་ཚེ་གང་གཞན་གཞན་རྣམས་ཀྱི་གྲགས་པ་མ་ཡིན་པ་བརྗོད།
དེ་ལ་ཡང་ཁྱོད་ཅི་སྟེ་མི་ཁྲོ། དེས་ཀྱང་སེམས་ཅན་རྣམས་ཉམས་པར་བྱེད་པའི་ཕྱིར་རོ། །དེ་བས་ན་བདག་མེད་ཀྱང་དེ་སྒྲོ་བཏགས་ནས་གཞན་ལ་མི་བཟོད་པ་མི་རིགས་སོ། །གཞན་ཡང་སེམས་ཅན་གཞན་ལ་རག་ལས་པའི་མ་དད་པ་གཞན་གྱིས་བྱས་པ་དེའི་ཕྱིར། མ་དད་པ་རྣམས་ལས་ཏེ།
གཞན་ལ་ཐོས་ནས་མི་སྙན་པ་སྒྲོགས་པ་རྣམས་ལ་ཁྱོད་བཟོད་ཅེ་ན། དེའི་ཚེ་ཉོན་མོངས་པ་འབྱུང་བ་ཉིད་གཞན་ཡིན་ཏེ། དེ་ལ་རག་ལས་པ་ལ་ཡང་ཁྱོད་ཀྱིས་བཟོད་པ་བྱ་བར་འོས། རིགས་པ་མཚུངས་པའི་ཕྱིར་རོ། །དེས་རང་སེམས་ལ་གོ་བར་བྱའོ། །དད་པས་ཀྱང་སྡང་སེམས་མི་
བྱའོ་ཞེས་བཤད་དེ། སྐུ་གཟུགས་ཞེས་བྱ་བ་ལ་སོགས་པའོ། །འཇོམས་པར་བྱེད་པ་དང་། སུན་འབྱིན་པ་རྣམས་ལ་ཞེ་སྡང་མི་རིགས་ཏེ། གང་གི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་དང་། ཉན་ཐོས་ལ་གནོད་པ་མི་སྲིད་དེ། བདག་ཏུ་འཛིན་པ་མེད་པའི་
Vol. 106 · folio 232a
ཕྱིར་རོ། །དགག་པར་ནུས་ན་སྙིང་རྗེའི་སེམས་ཀྱིས་དགག་པར་བྱའོ། །བླ་མ་དང་རང་གི་གཉེན་དང་སོགས་པའི་སྒྲས་རུས་གཅིག་པའམ་ཉེ་དུ་ལ་སོགས་པ་སྟེ། དེ་དག་ལ་གནོད་པ་རྣམས་ལ་སྔར་བཞིན་དུ། ཉེས་པ་ཇི་སྙེད་ཐམས་ཅད་དང་། །སྡིག་པ་རྣམ་
པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་། །རང་དབང་ཡོད་པ་མ་ཡིན་ནོ། །ཞེས་སོ། །གཞན་ཡང་སེམས་ཅན་གྱིས་བྱས་པ་ནི་ལག་པ་དང་རྐང་པས་གང་བྱས་པའོ། །སེམས་ཅན་མ་ཡིན་པས་བྱས་པ་ནི་དབྱུག་པ་དང་མཚོན་དང་ནད་ལ་སོགས་པས་བྱས་པའོ། །
གནོད་པ་ནི་སེམས་ཅན་ཁོ་ན་ལ་འབྱུང་སྟེ། དེ་བས་གནོད་པའི་རྒྱུ་གཉིས་ཡིན་པས། ཀྱེ་ཡིད་སེམས་ཅན་ཁོ་ན་ལ་གནོད་པ་མཐོང་ནས་བཟོད་པར་མཛོད། གང་ཞིག་གང་སྐྱེ་བའི་གནས་ཡིན་པ་དེ་ཉིད་ལས་བསྐྱེད་དེ། དཔེར་ན་འདམ་ལས་པདྨ་བཞིན། །རྣམ་ཤེས་དང་བཅས་
པའི་ལུས་ཀྱང་སྐྱེ་བའི་གནས་ཞེས་རང་བཞིན་གྱིས་བརྟགས་སོ། །རང་བཞིན་ལ་ཀླན་ཀས་མི་ཕན་ཏེ་བཟོད་པར་བྱའོ། །གཉིས་ཀའི་སྐྱོན་བཤད་དེ། གཏི་མུག་གིས་བདག་དང་བདག་གི་བར་བཟུང་སྟེ། འགའ་ཞིག་གིས་བསྡིགས་པ་དང་བརྡེག་པ་ལ་སོགས་པ་བྱས་པས་ཉེས་
པ་ཅན་དུ་འགྱུར། དེ་ལ་རྨོངས་པས་གཞན་ལ་ཡང་ཁྲོས་ཏེ། སླར་བརྡེག་པ་ལ་སོགས་པ་བྱས་པས་སོ། །དེ་དག་གི་ནང་ཉེས་པ་མེད་པར་གང་བརྗོད། གང་ཉེས་པ་ཅན་དུ་བརྗོད་གཉི་ག་ལ་སྐྱོན་མཚུངས་པས་སོ། །གང་གི་ཕྱིར་གཞན་དག་གིས་ཁྱོད་ལ་གནོད་པ་བསྐྱལ་བ།
ཀྱེ་ཡིད་འབྲས་བུ་འདི་ལྟ་བུར་གྱུར་པའི་ལས་སྔར་ཁྱོད་ཀྱིས་ཅི་སྟེ་བྱས། དེ་ལྟ་ཡིན་ཀྱང་ཕན་པ་འཚལ་ཞེ་ན། སྨྲས་པ། སྡུག་བསྔལ་གྱི་རྒྱུ་ཐམས་ཅད་ལས་ཀྱིས་བསྐྱེད་པ་ཡིན་པས། དེ་བཟློག་པར་བདག་གིས་ག་ལ་ནུས། གང་གི་ཕྱིར་ཚོགས་པ་མཐར་ཕྱིན་པས་འབྲས་བུ་ཉིད་
བསྐྱེད་པ་ཉིད་དོ། །སེམས་ཅན་འདི་དག་ཉོན་མོངས་པའི་དབང་གིས་ལས་ངན་བྱེད་པ་ལས་བཟློག་པར་མི་ནུས་པར་ཤེས་ན། དགེ་བ་ལ་དེ་ལྟར་འབད་པར་བྱ་བའི་གང་གི་ནུས་པའི་ཁྱད་པར་ཐོབ་ནས། ལམ་དམ་པ་ལ་འཇུག་པར་བྱེད་པ་རྣམས་ཕན་ཚུན་དུ་བྱམས་སེམས་ཅན་དང་
Vol. 106 · folio 232b
ལྡན་པར་འགྱུར་བ་རྣམས་སོ། །ད་བྱེད་པའི་ཆོ་ག་བཤད་དེ། ཁང་པ་གཅིག་ཚིག་པ་ན་ཁང་པ་གཞན་དུ་མེ་སོང་ཞིང་། རྩྭ་སོགས་གང་ལ་མཆེད་པ་དེ་ཕྱུང་སྟེ་དོར་བ་ཡིན་ཐམས་ཅད་མི་ཉམས་པའི་ཕྱིར་རོ། །དེ་ལྟར་བཤད་པའི་རིགས་པས་སེམས་ནི་དངོས་པོ་གང་ལ་
ཆགས་པས། ཞེ་སྡང་གི་མེས་ཚིག་པས་སྐད་ཅིག་དེ་དོར་བར་བྱ་ཞེས་པ་སྤངས་ནས་སོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཚིག་ཏུ་དོགས་པས་སོ། །གསོད་པར་འོས་པ་གང་ཡིན་པ་གལ་ཏེ་དེ་ལག་པ་ཙམ་བཅད་ནས་བཏང་ན་དེའི་ཚེ་རྙེད་པ་ཆེན་པོ་རྙེད་པ་མ་ཡིན་ནམ། དེ་ལྟར་
མི་ལུས་ཀྱི་སྡུག་བསྔལ་འཆིང་བ་དང་སྨོད་པ་ལ་སོགས་པ་མྱོང་ནས་དམྱལ་བའི་སྡུག་བསྔལ་ལས་གྲོལ་ན་ཅི་མ་རུང་ཞེས་རྟོགས་ནས་བཟོད་པར་བྱའོ། །གལ་ཏེ་རྡུང་བ་དང་རྡེག་པ་ལ་སོགས་པ་ཙམ་ལྟ་བཟོད་པར་མི་ནུས་ན། དམྱལ་བའི་རྒྱུ་ཁྲོ་བ་ཅི་སྟེ་བཟློག་པར་མི་བྱེད། ཁྲོས་པའི་
ཉེས་པས་དོན་མེད་པར་བཙན་ཐབས་སུ་ཡང་སོས་ལ་སོགས་པར་ལན་སྟོང་ཕྲག་ཏུ་གཅོད་པ་དང་འཚེད་པ་ལ་སོགས་པས་བདག་སྡུག་བསྔལ་བར་འགྱུར་རོ། །སྡུག་བསྔལ་མྱོང་ཞིང་བདག་གིས་རང་གི་དོན་ནམ་གཞན་གྱི་དོན་ཕན་པ་བདེ་བ་མ་བྱས་པ་ཉིད་དོ། །ལག་པ་གཅོད་པ་ལ་སོགས་པ་
འདིས་དམྱལ་བའི་སྡུག་བསྔལ་དང་མི་འདྲ་མོད། འོན་ཀྱང་དོན་ཆེན་ནི་འགྲོ་བ་ཀུན་གྱི་དོན་བྱེད་པ་སངས་རྒྱས་ཉིད་ཀྱིས་བྱེད་པར་འགྱུར། དེ་བས་འགྲོ་བའི་སྡུག་བསྔལ་སེལ་བར་བྱེད་པའི་སྡུག་བསྔལ་ལ་དགའ་བ་ཁོ་ན་བྱེད་པར་རིགས་སོ། །གཞན་གྱི་ཡོན་ཏན་ཐོས་ནས་ཕྲག་དོག་དྲི་མ་འཁྲུ་
བར་བཤད་དེ། ཡོན་ཏན་ལྷག་པ་ཅན་ལ་བསྟོད་ནས་གལ་ཏེ་འགའ་ཞིག་གི་བདེ་བ་ཐོབ་པ། དེའི་ཚེ་ཡིད་ཁྱོད་ཀྱིས་ཀྱང་དེ་ལ་བསྟོད་ནས་ཅི་སྟེ་བདེ་བ་མྱོང་བར་མི་བྱེད། དོན་མེད་པར་ཕྲག་དོག་གི་མེ་འབར་བས་ཅི་སྟེ་བདག་འཚིག་པར་བྱེད། གང་དང་གང་དུ་དགའ་བར་འགྱུར། །ཞེས་
བྱ་བ་ལ་སོགས་པས་བདེ་བ་ལ་ཞེན་པ་དགག་ཅེ་ན་མ་ཡིན་ཏེ་ཉེས་པ་དང་བཅས་པ་དགག་པ་ཡིན་གྱི་འདི་ནི་ཉེས་པ་མེད་པ་བདེ་བའི་རྒྱུ་བརྟན་པ་ལ་མཁས་པ་རྣམས་ཀྱིས་མ་བཀག་པར་གཞན་གྱི་ཡོན་ཏན་འདི་ལ་ཕྲག་དོག་མི་བྱེད་ཅེས་ནས་གཞན་དག་ཀྱང་སྡུད་པར་འགྱུར་རོ། །བསྟོད་པ་བྱེད་མཁན་
Vol. 106 · folio 233a
ཁོ་ནའི་བདེ་བ་དེ་ཡིན་པས་བདག་གིས་བཟོད་མི་ནུས་ཤེ་ན། དེའི་ཚེ་རང་གི་དོན་དུ་གླ་བ་ལ་གླ་རྔན་དང་སོགས་པའི་སྒྲས་ཕན་བཏགས་པ་ལ་ཕན་ལན་གཞན་གྱི་བདེ་བ་ལ་སྡང་བས་མི་ཡོང་། གང་གི་ཕྱིར་དེས་དེ་ལ་བདེ་བར་འབྱུང་ངོ་། །དེ་བས་མཐོང་བ་ནི་སྐྱེ་བ་འདི་ཉིད་
ཀྱི་དང་མ་མཐོང་བ་ནི་ཕ་རོལ་གྱི་སྟེ། མི་བཟོད་པ་ལ་གཉི་ག་མེད་པར་འགྱུར། གལ་ཏེ་འགའ་ཞིག་ཁྱེད་ཀྱི་ཡོན་ཏན་བརྗོད་ན་དེའི་ཚེ་གཞན་གྱི་བདེ་བའང་ཁྱེད་འདོད། གལ་ཏེ་གཞན་གྱི་ཡོན་ཏན་བརྗོད་ན་དེའི་ཚེ་ཁྱོད་ཀྱིས་དེ་ལ་བསྟོད་ནས། གང་རང་གི་བདེ་བ་དེའང་མི་འདོད་པ། གཞན་
ཡང་ཀྱེ་ཡིད་ཁྱོད་ཀྱིས་མ་རིག་པ་ལ་སྨོད། གང་གི་ཕྱིར་སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་བདག་གིས་བྱའོ་ཞེས་བྱ་བའི་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ད་ནི་དད་པའི་གནས་ལ་སེམས་དང་བར་བྱས་ལ་རང་ཉིད་ཀྱིས་ཐོབ་པའི་བདེ་བ་ཅན་སེམས་ཅན་
རྣམས་ལ་ཅི་སྟེ་ཁྲོ། རྙེད་པ་ལ་སོགས་པ་མི་འདོད་པ་མི་རིགས་པར་བཤད་དེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་ལ་གནས་པས་མཆོད་པའི་སངས་རྒྱས་ཉིད་སེམས་ཅན་རྣམས་ཀྱི་ཁྱོད་འདོད་ལ་བསྙེན་བཀུར་ངན་ངོན་ཙམ་མཐོང་ནས་ཅིའི་ཕྱིར་དེ་ལ་གདུང་བར་
བྱེད། རྙེད་པ་དགོངས་ཏེ་བཤད་པ། ཁྱོད་ཀྱིས་གསོ་བར་བྱ་བ་ཁྱེད་རང་གི་བུ་ལ་སོགས་པ་གང་གིས་གསོ་བར་བྱེད། དེ་ཁྱེད་ཁོ་ན་ལ་སྟེར་བས་ཁྱེད་ཀྱི་ཉེ་དུ་གསོ་བར་བྱེད་པ་གང་ཡིན་པ་དེ་ཐོས་ནས། དགའ་བར་མི་བྱེད་པར་ཁྲོ་བ་ཅི། བྱང་ཆུབ་ཁོ་ན་འདོད་ཅེ་ན། སྨྲས་པ། སེམས་
ཅན་རྣམས་ཀྱི་བྱང་ཆུབ་འདོད་མཁན་གང་ཡིན་པ་དེས་དེ་དག་གི་ཕུན་སུམ་ཚོགས་པ་ཅི་སྟེ་མི་འདོད། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཁྲོ་བའི་མི་ལ་བྱང་ཆུབ་ཀྱི་སེམས་ག་ལ་ཡོད། དེ་ཉིད་ཀྱི་རྙེད་པ་བདག་གི་མ་ཡིན་ཞེ་ན། སྨྲས་པ། གལ་ཏེ་ཁྱོད་ཀྱིས་མི་འདོད་པའི་གང་ཟག་གིས་དེ་
མ་ཐོབ་ཅིང་། དེའི་ཡོན་བདག་གི་ཁྱིམ་ཁོ་ནར་གནས་པར་འགྱུར། དེ་བས་དེ་ལ་བྱིན་པ་དང་མ་བྱིན་པས་ཁྱེད་ལ་ཅི། རྣམ་པ་ཐམས་ཅད་དུ་ཁྱེད་ལ་དེ་མེད་པས་མི་བཟོད་པ་དོན་མེད་རེ་ཞིག་དཔྱོད་དང་གང་ལ་སྐྱེ་བོ་རྣམས་ཀྱིས་མཆོད་པ་དེས་རང་གི་བསོད་ནམས་འབྲས་བུ་སྟེར་བ་ལ་ཕྱོགས་
Vol. 106 · folio 233b
པ་དེ་འདོར་བ་ཡིན་ནམ། ཡང་ན་དད་པ་ཅན་ཡོན་བདག་འདོར་རམ། ཡང་ན་དང་བའི་རྒྱུ་རང་གི་ཡོན་ཏན་འདོར། རྙེད་ཀྱང་མི་ལེན་ནམ་སྨྲོས་ཤིག །ཁྱེད་ཅི་ལ་མི་བཟོད། བསོད་ནམས་ལ་སོགས་པ་འདོར་མི་ནུས་པ་ཉིད་དོ། །ཁྱོད་ནི་རང་གི་ལ་སོགས་པ་གོ་སླའོ། །གཞན་ཡང་ཁྱེད་
ལ་དྲི། གལ་ཏེ་ཁྱོད་ཀྱི་དགྲ་བོ་ལ་མི་འདོད་པ་བྱུང་ན་ལས་ངན་གྱི་དབང་གིས་དེ་ལ་ཁྱོད་དགའ་བས་སླར་ཅི། བདག་གིས་སྨོན་པས་མི་འདོད་པ་དེ་བྱུང་ཞེ་ན། མ་ཡིན་ཏེ་དེ་ཙམ་གྱིས་རང་གི་རྒྱུ་མེད་ན་མི་སྲིད་དོ། །སྲིད་དུ་ཆུག །གལ་ཏེ་དགྲ་བོ་ལས་མི་འདོད་པ་ཁྱེད་ཀྱི་སྨོན་པས་འགྲུབ་ན། དེའི་
སྡུག་བསྔལ་ཁྱེད་ལ་དགོས་པ་ཅི། བདེ་བ་ནི་མེད་དོ། །གལ་ཏེ་གཞན་གྱི་སྡུག་བསྔལ་ལ་དགའ་བ་དོན་ཡིན་ན། འདི་བས་ཕུང་པོ་གཞན་ཅི་ཞིག་ཡོད། ངན་སོང་གི་རྒྱུ་ཡིན་པས་སོ། །གང་གི་ཕྱིར་གཞན་ཕུང་བའི་སེམས་ལྕགས་ཀྱུ་འཇིགས་སུ་རུང་བ། ཉོན་མོངས་པའི་ཉ་པས་བཏབ་པ།
གང་ལས་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་བསླངས་ཏེ། མེ་འབར་བའི་བུམ་པ་ཆེན་པོར་བཅུག་སྟེ་འཚེད་པར་འགྱུར། དེ་བས་འདི་མི་ལེགས་སོ། །བསྟོད་པ་ལ་སོགས་པ་ལ་གནོད་པས་བདེ་བ་གང་ཡིན་པ་དེ་ཡང་མ་སྤྱད་པས་ཞེས་བཤད་དེ། སྐྱེས་བུའི་དོན་ནི་རྣམ་པ་ལྔ་སྟེ། བསོད་
ནམས་དང་། ཚེ་རིང་བ་དང་། ལུས་སྟོབས་དང་། ནད་མེད་པ་དང་ལུས་ཀྱི་བདེ་བའོ། །དེ་དག་གི་ནང་ན་བསྟོད་པ་ལ་སོགས་པ་འདི་གསུམ་གར་ཡང་མི་དགོས་སོ། །བློ་དང་ལྡན་པ་བདག་གི་དོན་རིག་པའི་རང་དོན་རྣམ་པ་ལྔ་པོ་འདི་དག་སྲིད་དེ། འདི་དག་གིས་ཡེ་ཤེས་སྒྲུབ་པའི་ཕྱིར་
རོ། །འོ་ན་ཡིད་ལ་ཡང་ཡོད་ཅེ་ན། སྨྲས་པ། ཡིད་ཀྱི་བདེ་བ་འདོད་ན་ཆང་དང་ཆོ་ལོང་དང་། སྨད་འཚོང་གི་བུད་མེད་བསྟེན་པར་འགྱུར། དེ་ནི་མི་རིགས་ཏེ་སྡིག་པས་སོ། །དེ་བས་བསྟོད་པ་ལ་སོགས་པ་ལ་བྱིས་པ་དགའ་བར་བྱེད་པ་ཡིན་གྱི་བླང་བྱ་མ་ཡིན་ནོ། །བྱིས་པ་རྣམས་ཁོ་
ན་ཁྱོད་ཉི་མ་ཡིན་ཁྱོད་ཟླ་བ་ཞེས་བྱ་བའི་ཆེད་དུ་སྟོད་བྱེད་ཀྱིས་ནོར་ཤོར་བར་བྱེད། བརྟགས་པའི་ཡོན་ཏན་དེ་དག་གིས་བདག་ང་རྒྱལ་བསྐྱེད་ནས་དགྲ་བོ་ཕུང་བའི་གྲགས་པའི་དོན་དུ་གཡུལ་དུ་ཞུགས་ཏེ་བདག་ཀྱང་གསོད་པར་བྱེད། དོན་དམ་པར་བསྟོད་པ་དེ་དག་བཟའ་བར་བྱ་བ་
Vol. 106 · folio 234a
ཡིན་མོད། མི་བདེན་པའི་རྣམ་རྟོག་ལས་བྱུང་བ། ངའི་གྲགས་པ་ཞེས་བརྟགས་པའི་བདེ་བ་ཡང་ཤི་ན་སུའི་ཡིན་པར་འགྱུར། དེ་བས་བྱིས་པའི་རྩེ་བ་འདི་དག་དང་མཉམ་པར་བཤད་དེ། ཇི་ལྟར་བྱིས་པ་བྱེ་མ་ལ་ཁང་པ་བྱས་ཏེ། དེ་ལ་རྩེ་ཞིང་ཡི་རངས་
འགའ་ཞིག་གིས་དེ་བཤིག་པ་ན་བདག་གི་ཁང་པ་བཅོམ་པར་བསམས་ཏེ། བྲང་རྡུང་ཞིང་ངུ་། སྡུག་བསྔལ་ཆེན་པོ་ཅན་དུ་འགྱུར། དེ་བཞིན་དུ་བསྟོད་པ་ལ་སོགས་པ་ཉམས་པའི་དོན་མེད་པར་སྡུག་བསྔལ་བར་བདག་ལ་སྣང་། འདི་ཉིད་དུ་རྣམ་དཔྱོད་ནི་ཚིགས་སུ་བཅད་པ་བཞིས་
བཤད་དེ། ཡི་གེ་རྣམས་ཀྱིས་བཞིན་སྒྲ་ནི་སེམས་པ་མེད་པས་དེས་བདག་ལ་བསྟོད་ཅེས་མི་སྲིད་དེ། གཞན་བསྟོད་པ་ལ་སོགས་པ་མངོན་པར་དང་བས་ཞེས་བྱ་བ་རྟོག་པ་དགའ་བའི་རྒྱུ་ཡིན་ནོ། །འབྲེལ་པ་མེད་པར་བཤད་དེ། སེམས་ཅན་གཞན་ནམ་བདག་ལ་ཡང་རུང་སྟེ། གཞན་
དགའ་བས་བདག་ལ་ཅི། གང་གི་ཕྱིར་དགའ་བ་དེ་དེ་ཉིད་ཀྱི་ཡིན་པས་དེའི་ཆ་ཤས་ཆུང་ངུ་ཡང་བདག་ལ་མེད་དོ། །གལ་ཏེ་དེའི་བདེ་བས་བློ་ལྡན་ཉིད་ཀྱང་བདེ་ན་དེའི་ཚེ་གཞན་ལ་དང་བས་བདེ་བ་ཐམས་ཅད་ལ་བདག་གི་བདེ་བ་དེ་ཡོད་པར་འགྱུར། གཞན་ལ་དང་བ་བསྐྱེད་ནས་བདེ་
བར་གྱུར་པ་རྣམས་ལ་ཅིའི་ཕྱིར་བདག་བདེ་བར་མི་བྱེད། དེ་བས་རྒྱུ་མཚན་གཞན་མེད་པའི་ཕྱིར། བདག་ནི་བསྟོད་དོ་ཞེས་བརྟགས་པས་རང་ལ་དགའ་བ་སྐྱེས་ཏེ་གཞན་དགའ་བས་དགའ་བའི་ཕྱིར་མ་ཡིན་ནོ། །དེར་ཡང་བདག་ལ་དགའ་བོ་ཞེས་བྱ་བ་ལ་དེའི་བདག་དང་། དེ་ལས་བྱུང་
བའི་འབྲེལ་པ་མེད་པར་བྱིས་པའི་རོ་ལ་འབའ་ཞིག་པ་འདི་ཡིན་ནོ། །དོན་དམ་པར་བསྟོད་པ་ལ་སོགས་པ་འདི་བདག་གི་བསྲུང་བ་དང་། སྲིད་པའི་དུཿཁ་ལས་སྐྱོ་བ་ཉམས་པར་བྱེད། ཡོན་ཏན་གྱི་ང་རྒྱལ་གྱིས་གཞན་གྱི་ཡོན་ཏན་དག་ལ་སེར་སྣ་བྱེད་པ་དེའི་ཡོན་ཏན་སྦེད་པའི་ཕྱིར་རོ། །
དེ་དག་གི་ཕུན་སུམ་ཚོགས་པ་ལ་ཡང་ཁྲོ་བ་ཕྲག་དོག་བྱེད་དོ། །དེ་བས་བདག་གི་བསྟོད་པ་ལ་སོགས་པ་གཞོམ་པའི་ཕྱིར་གང་ཉེ་བར་གནས་པ་དེ་དག་ངན་སོང་དུ་ལྟུང་བ་ལས། བདག་བསྲུང་བའི་ཚེ་ཆེད་དུ་འཇུག་པས་མཛའ་བོ་ཡིན་གྱི་གནོད་བྱེད་མ་ཡིན་ནོ། །གཞན་ཡང་གྲོལ་བར་
Vol. 106 · folio 234b
འདོད་པས་རྙེད་པ་ལ་སོགས་པའི་འཆིང་བ་ལྟ་བུ་ཞེན་པའི་གནས་ཡིན་པས་མི་རིགས་ཏེ། དགྲ་བོ་གང་ཞིག་གིས་བདག་བཅིངས་པ་ལ་གྲོལ་བར་བྱེད་པ་དེ་ལ་བདག་སྡང་བར་ཇི་ལྟར་རིགས། རྙེད་པ་ལ་སོགས་པ་ལ་ཞེན་པས་སྲིད་པའི་སྡུག་བསྔལ་ལ་ལྟུང་བར་འདོད་པའི་གང་
སྒོ་འཕར་དུ་གྱུར་པའི་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་མཐུས་འདི་དག་གོ་བཞིན་དུ་དེ་ལ་ཞེ་སྡང་རིགས་སོ། །རྙེད་པ་ལ་སོགས་པས་འཇོམས་པས་བསོད་ནམས་ལ་གེགས་བྱས་ནས། དེ་ལྟ་ཡིན་ཀྱང་དེ་ལ་ཁྲོ་བ་མི་འདོད་དེ། གང་གི་ཕྱིར་བཟོད་པ་དང་མཉམ་པའི་དཀའ་
ཐུབ་མེད། དགེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཀྱེ་འབད་པ་མེད་པར་དེ་ནི་ཉེ་བར་གནས་སོ། །གལ་ཏེ་བདག་རང་གི་སྐྱོན་མ་རིག་པས་བཟོད་པ་མི་བྱེད་ན་དེའི་ཚེ་བདག་ཁོ་ནས་བསོད་ནམས་འདི་ལ་གེགས་བྱས། བསོད་ནམས་ཀྱི་རྒྱུ་རྙེད་པ་འཇོམས་པ་པོ་ཉེ་བར་གནས་པའོ། །
རིགས་པ་བཤད་དེ་བཟོད་པ་ཞེས་བྱ་བ། །གང་ཞིག་གནོད་པ་མེད་ན་མི་འབྱུང་བ། །གནོད་བྱེད་གང་ཞིག་ཡོད་ན་བཟོད་པ་འབྱུང་། །གནོད་བྱེད་དེ་ཉིད་བཟོད་པའི་རྒྱུ་ཡིན་པས། །ཐབས་ལ་མཁས་པའི་དེ་གེགས་ཇི་ལྟར་ཡིན། །དཔེ་བཤད་དེ། སྦྱིན་བདག་གི་སྦྱིན་པའི་དུས་ལ་
སླེབ་པའི་འདོད་མཁན་གྱིས། སྦྱིན་པའི་བར་ཆད་བྱེད་པར་ག་ལ་འགྱུར། །དེ་བཞིན་དུ་རབ་ཏུ་འབྱུང་བར་འདོད་པས་མཁན་པོ་ཐོབ་པས་ན་རབ་ཏུ་འབྱུང་བའི་གེགས་བྱར་མི་རིགས་སོ། །གཞན་ཡང་བསོད་ནམས་མ་བསགས་པ་མང་བས་ནོར་འདོད་པ་ནི་རྙེད་པར་སླའི། གནོད་བྱེད་ནི་མ་
ཡིན་ཏེ་རྒྱུ་མཚན་མེད་པར་མི་འབྱུང་བས་སོ། །གང་གི་ཕྱིར་གཞན་ལ་གནོད་པ་ལས་བཟློག་པ་ན། བདག་ལ་སུས་ཀྱང་གནོད་པ་མི་བྱེད་དོ། །དེ་བས་ཁྱིམ་དུ་བྱུང་བའི་གཏེར་དུ་འབད་པ་མེད་པར་ཐོབ་པའི་དགྲ་བོ་ལ་དགའ་བར་བྱའོ། །བྱང་ཆུབ་སྤྱོད་པའི་ཚོགས་སོགས་པའི་
གྲོགས་ཡིན་པའི་ཕྱིར་རོ། །དེ་བས་བཟོད་པ་འདི་དག་བཟོད་པ་བསྒོམ་པ་དང་། འདི་གནོད་པ་བྱེད་པ་གཉིས་ཀྱིས་བསྒྲུབས་པ་ཡིན་ཏེ། ཆོས་རྟོགས་པ་འདི་ཐོག་མར་འདི་ལ་སྦྱིན་གྱི་གདུལ་བྱ་གཞན་ལ་ཕྱིས་ཞེས་སྨོན་ལམ་བྱའོ། །ཇི་ལྟར་བྱམས་པའི་སྟོབས་བྱང་ཆུབ་སེམས་
Vol. 106 · folio 235a
དཔས་ལྔ་སྡེ་ལ་ལྟོས་ནས་སྨོན་ལམ་བྱས་པ་གང་གི་ཕྱིར་འདི་སྔོན་དུ་འགྲོ་བ་བཟོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་བཟོད་པ་གྲུབ་པར་གྱུར་ཅིག་ཅེས་པའི་བསམ་པ་གནོད་བྱེད་ལ་མེད་པས། བསོད་ནམས་བཟོད་པའི་རྒྱུ་ཡིན་ཀྱང་མཆོད་པར་
འོས་པ་མ་ཡིན་ཞེ་ན། དགེ་བ་རྫོགས་པའི་རྒྱུ་དམ་པའི་ཆོས་བསམ་པ་གང་ཡང་མེད་པས་ཇི་ལྟར་མཆོད། གལ་ཏེ་གནོད་པའི་བསམ་པ་དགྲ་ལ་ཡོད་པས་འདིར་མཆོད་ཅེ་ན། སྨྲས་པ། གནོད་པའི་བསམ་པ་འདི་ལ་མེད་པ་ན་བདག་གི་བཟོད་པ་ག་ལ་འགྲུབ། དཔེར་ན་ཕན་པ་དང་
བདེ་བ་བྱེད་པའི་སྨན་པ་ལས་བཞིན་ནོ། །གང་གི་ཕྱིར་གནོད་བྱེད་ལ་ཞེ་སྡང་མི་བྱེད་ན་བཟོད་པ་འགྲུབ་པོ། །དེ་བས་དེའི་བསམ་པ་ངན་པ་ཁོ་ན་ལ་བརྟེན་ནས་བཟོད་པ་སྐྱེའོ། །དེ་བས་དེ་ཉིད་བཟོད་པའི་རྒྱུ་ཡིན་པས་དམ་པའི་ཆོས་བཞིན་མཆོད་པར་བྱའོ། །གནོད་བྱེད་
ཚོགས་ཀྱི་རྒྱུ་ཡིན་པར་ལུང་གིས་གྲུབ་ཅིང་བཤད་དེ། སེམས་ཅན་རྣམས་དང་རྒྱལ་བ་རྣམས་མགུ་བར་བྱེད་པའི་ཞིང་ཡིན་པར་ཐུབ་པ་སངས་རྒྱས་ཀྱིས་གསུངས་སོ། །གང་གི་ཕྱིར་འདི་ཐམས་ཅད་མགུ་བར་བྱས་ནས་མང་པོ་ཞིག་ཕུན་སུམ་ཚོགས་པའི་མཐར་ཐུག་སངས་རྒྱས་
ཉིད་རྟོགས་པར་འགྱུར་རོ། །ཇི་ལྟར་སངས་རྒྱས་དང་མཉམ་ཞེ་ན། སྨྲས་པ། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་གཉི་ག་ལས་རྟོགས་པ་མཉམ་པ་ལ། རྒྱལ་བ་ལ་མགུ་བ་ལྟར་སེམས་ཅན་ལ་མི་བྱེད་པ་མི་རིགས་སོ། །སེམས་ཅན་ཞེ་སྡང་ལ་སོགས་པའི་དྲི་མ་དང་བཅས་
པས་རྒྱལ་བ་དང་ཇི་ལྟར་མཉམ་ཞེ་ན། སྨྲས་པ། བསམ་པའི་བདག་ཉིད་ཆེ་བ་རང་བཞིན་གྱིས་འདིར་མ་ཡིན་ཏེ། འོན་ཀྱང་བྱང་ཆུབ་ཅེས་བྱ་བའི་འབྲས་བུ་བྱེད་པ་ལ་ནུས་པ་མཉམ་པའི་སྒོ་ནས་སོ། །དེ་ལ་བདག་ཉིད་ཆེན་པོ་མཉམ་པས་སེམས་ཅན་དག་རྒྱལ་བ་རྣམས་དང་མཉམ་
མོ། །འདི་ཉིད་ལ་རིགས་པས་བཤད་དེ། སེམས་ཅན་རྣམས་ལ་བྱམས་པ་སྒོམ་པ་པོ་སྐྱེ་བོ་རྣམས་ཀྱིས་མཆོད་པ་གང་དེ་ནི་སེམས་ཅན་བདག་ཉིད་ཆེ་བ་ཉིད་ཡིན་ཏེ། དཔེར་ན་སངས་རྒྱས་ལ་སེམས་དང་བར་བྱས་པས་བསོད་ནམས་གང་འབྱུང་བ་དེ་སངས་རྒྱས་ཀྱི་བདག་ཉིད་ཆེ་བར་བརྗོད་
Vol. 106 · folio 235b
པ་བཞིན་ནོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐོབ་པའི་རྒྱུ་ཡིན་པས་རྒྱལ་བ་དང་མཉམ་པར་བཤད། དོན་དམ་པར་རྒྱལ་བ་དང་མཉམ་པ་གང་ཡང་མེད་དེ། གང་དག་གིས་ཡོན་ཏན་རྣམས་ཀྱི་ཆ་ཤས་ལ་ཡང་མཐའ་མེད་པ། དེ་ལྟ་བུ་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་རྣམས་དང་
མཚུངས་པ་ག་ལ་སྲིད། གང་གི་ཕྱིར་ཡོན་ཏན་གྱི་སྙིང་པོ་རྣམས་ཀྱི་ཕུང་པོ་གཅིག་པུའི་ཡོན་ཏན་ཕྲ་རབ་ཙམ་ཡང་གལ་ཏེ་སེམས་ཅན་གང་རུང་ཅིག་ལ་མཐོང་བར་གྱུར་ན། དེ་མཆོད་པ་ལ་ཁམས་གསུམ་ལས་བྱུང་བའི་རིན་པོ་ཆེ་ལ་སོགས་པ་རྣམས་འོས་པ་མ་ཡིན་ནོ། །འཁོར་བ་
ཐོག་མ་མེད་པ་ན་ཉོན་མོངས་པ་སྲིན་པོའི་ཤུགས་ཀྱིས་སེམས་ཅན་ལ་གནོད་པ་དཔག་ཏུ་མེད་པ་བྱས་ཡོད། དེའི་ལན་པོ་སེམས་ཅན་མགུ་བར་བྱེད་པ་ལས་གཞན་ཐབས་གང་ཡང་མེད་དོ། །དེ་བྱས་ནས་སེམས་དྲི་མ་མེད་པ་ལ་སྟོབས་བཅུ་ལ་སོགས་པ་གསལ་བར་སྣང་ངོ་། །ཆ་ཤས་འདི་
དང་རྗེས་སུ་མཐུན་པའི་བྱ་བ་འདི་ཡིན་པས། དེ་བྱས་ནས་སངས་རྒྱས་ལ་མཆོད་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་གནང་བའི་ཆོ་ག་བྱས་པས་སོ། །གཞན་ཡང་བཅོས་པ་མ་ཡིན་པའི་གཉེན་ཕན་མཐའ་ཡས་པ་བཏགས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
ཕན་བཏགས་པའི་ལན་པོས་སེམས་ཅན་མགུ་བར་བྱེད་པ་མ་ཡིན་པ་དེ་མེད་དེ། དེ་དག་ལ་རང་དོན་བསྒྲུབ་ཏུ་མེད་པའི་ཕྱིར་རོ། །གང་གི་ཕྱིར་རྒྱལ་བ་རྣམས་རང་གི་སྐུའི་ཕྱག་དང་ཞབས་དང་དབུ་ལ་སོགས་པ་གཅོད་པ་དང་། མནར་མེད་ཀྱི་དམྱལ་བར་འཇུག་པ་དེས་ན་སེམས་ཅན་གདོན་
པའི་ཕྱིར་སེམས་ཅན་དེ་དག་ལ་ཕན་པ་བྱས་ན་རྒྱལ་བ་རྣམས་ལ་ཕན་པ་བྱས་པར་འགྱུར། གང་གི་ཕྱིར་དེ་ལྟ་ཡིན་པ་དེས་གནོད་པ་བྱེད་པ་རྣམས་ལ་ཡང་དགེ་བ་ཁོ་ན་བྱེད་པ་ཡིན་གཞན་དུ་ན་དེ་བཞིན་གཤེགས་པ་ལ་མཉེས་པ་བྱས་པར་མི་འགྱུར་རོ། །བླ་མ་ལ་མཉེས་པ་བྱེད་པར་བཤད་
དེ། བདག་གི་རྗེར་གྱུར་པ་རྒྱལ་བ་རྣམས་གང་དག་གི་ཆེད་དུ་བསྐུལ་ཡང་ལྟོས་པ་མེད་པ་ལྟ་ཞོག །རྩྭ་བཞིན་དུ་རང་གི་སྐུ་གཏོང་བ་ན་བདག་བྲན་ཡིན་ཡང་རྗེ་བུ་རྣམས་ལ་ཅི་སྟེ་ང་རྒྱལ་བྱེད། བྲན་དུ་མི་བྱེད་བདག་ལ་སྨད། །ཡིད་དུ་མི་འོང་བའི་བུ་རྣམས་ལྟ་བུ་གང་དག་བདེ་ན་དགའ་བར་འགྱུར་
Vol. 106 · folio 236a
བ་དང་། གང་ལ་གནོད་པ་བྱས་པས་མྱ་ངན་དུ་འཇུག །ཆགས་སྡང་མེད་ཀྱང་སྨོན་ལམ་གྱི་མཐུས་རྒྱལ་བ་ལ་འདི་ལྟར་འབྱུང་། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་དངོས་སུའོ། །གཞན་ནི་གོ་སླའོ། །ཐུགས་རྗེ་ཁོ་ན་གསལ་བར་བཤད་དེ། ཇི་ལྟར་ཡན་
ལག་ཐམས་ཅད་ལ་ཁྱབ་ཅིང་ལུས་འབར་བའི་མི་ལ་འདོད་པའི་ཡོན་ཏན་ལྔ་ཀས་ཀྱང་ཡིད་བདེ་བར་མི་འགྱུར་བ་ལྟར། སེམས་ཅན་ལ་གནོད་པ་འབྱུང་ན་ཐུགས་རྗེ་ཅན་རྣམས་ལ་མཉེས་པའི་ཐབས་མེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན། བདག་གི་སྐྱེ་བོ་རྣམས་སྡུག་
པར་བྱས་ལ་རྒྱལ་བ་རྣམས་སྡུག་བསྔལ་བར་བྱས་པ་གང་ཡིན་པ་དེ་སྡིག་པ་དེ་རིང་བཤགས་པར་བྱ་སྟེ། བདག་གིས་གང་མི་དགེ་བ་བྱས་པ་དེ་ཐུབ་པ་རྣམས་ཀྱིས་བཟོད་པར་གསོལ། བདག་བུ་ཡིན་པས་བདག་ལ་ཐུགས་རྗེ་ཡོད་པས་སོ། །མོས་པ་བསྟན་པར་བཤད་དེ། དེ་
བཞིན་གཤེགས་པ་རྣམས་ཞེས་པ་ལ་སོགས་པ་གོ་སླའོ། །ཀུན་རྫོབ་ཏུ་ཐུགས་རྗེ་ཆེན་པོའི་དབང་དུ་གྱུར་པས་འགྲོ་བ་མ་ལུས་པ་བདག་ཏུ་འཛིན་པ་འདི་ལ་ཐེ་ཚོམ་མེད། གཞན་དུ་ན་འཚང་རྒྱ་བ་མི་སྲིད་པས་སོ། །བདག་དང་གཞན་བརྗེ་བ་ཤིན་ཏུ་གོམས་པའི་ཕྱིར་རོ། །དེ་
བས་སེམས་ཅན་གྱི་ངོ་བོར་མཐོང་བ་འདི་དག་མགོན་པོ་ཁོ་ན་ཡིན་པས་འདིར་མི་མགུ་བའི་རིགས་པ་མེད་དོ། །དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པ་ནི་སེམས་ཅན་མགུ་བར་བྱེད་པ་ཁོ་ན་ཡིན་ཏེ། བཤད་པའི་རིགས་པས་སོ། །རང་དོན་བསྒྲུབས་པ་ཡང་འདི་ཡིན་ཏེ་
སེམས་ཅན་མགུ་བར་བྱས་པའི་ལེ་ལན་ཡིན་པའི་ཕྱིར་རོ། །འཇིག་རྟེན་གྱི་སྡུག་བསྔལ་སེལ་བ་ཡང་འདི་ཉིད་དེ། དེས་བྱས་པའི་གནོད་པ་ལ་བཟོད་པ་བྱས་པས་དེ་དག་མོས་པ་ལ་ལམ་སྦྱར་བས་སོ། །བསྒྲུབ་བྱ་གསུམ་ཀ་བསྒྲུབས་པས་འདི་ཉིད་བདག་གི་བརྟུལ་ཞུགས་ངེས་པར་ཤོག །
རིགས་པ་གཞན་བཤད་དེ། ཇི་ལྟར་རྒྱལ་པོའི་མི་གཅིག་པུ་ཡིན་ཡང་སྐྱེ་བོའི་ཚོགས་ཆེན་པོ་ལ་ཡང་གནོད་པ་བྱེད། སྐྱེ་བོའི་ཚོགས་མིག་རྒྱང་རིང་བ་ནི་ཕྱིས་རྒྱལ་པོའི་གནོད་པ་མཐོང་བས་གཅིག་པུ་དེ་ལ་གནོད་པར་མི་བྱེད་དོ། །གང་གི་ཕྱིར་དེ་གཅིག་པུ་ཁོ་ན་མ་ཡིན་གྱི་རྒྱལ་
Vol. 106 · folio 236b
པོའི་ཐབས་དེ་སྟོབས་ལྡན་པའི་ཕྱིར་རོ། །དཔེ་དེ་བཞིན་དུ་གཞན་ལྟ་ཞོག་སྟོབས་མེད་པ་ལ་ཡང་སྨད་པར་མི་བྱའོ། །གང་གི་ཕྱིར་སྟོབས་མེད་ཀྱི་གནོད་བྱེད་ལ་གཤིན་རྗེའི་ཕོ་ཉ་རྣམས་དང་། སྙིང་རྗེ་དང་ལྡན་པ་ལྷ་ལ་སོགས་པས་གནོད་ལན་བྱེད་དོ། །དེ་བས་སེམས་ཅན་རྣམས་
མགུ་བར་བྱ་སྟེ། ཇི་ལྟར་རྒྱལ་པོ་གཏུམ་པོ་དམ་པ་ཀུན་གྱིས་ཅི་འདོད་བྱས་པས། མགུ་བར་བྱེད་པ་བཞིན་ནོ། །གསུངས་པ་བས་ལྷག་པ་བཤད་དེ། རྒྱལ་པོ་ཁྲོས་ན་ནོར་འཕྲོགས་པ་དང་ཐ་མར་གསོད་ནུས་ཀྱི་དམྱལ་བར་གཏོང་མི་ནུས་སོ། །སེམས་ཅན་རྣམས་སྡུག་ཏུ་བཅུག་
པས་དམྱལ་བར་འགྲོ་བའོ། །རྒྱལ་པོ་མཉེས་ནས་ནོར་ལ་སོགས་པའི་ཕུན་སུམ་ཚོགས་པ་ཁོ་ན་སྟེར་གྱི་སངས་རྒྱས་ཉིད་སྟེར་མི་ནུས་སོ། །གང་སེམས་ཅན་མགུ་བར་བྱས་པས་ཐོབ་པ་ཁོ་ནའོ། །སྐྱེ་བ་འདི་ཉིད་ཀྱི་འབྲས་བུ་བཤད་དེ། བཟོད་པ་དང་ལྡན་པའི་སེམས་ཅན་དགའ་བར་
འགྱུར་རོ། །དེ་ནས་གྲགས་པ་འབྱུང་ངོ་། །དགྲ་བོ་མེད་པས་སྐྱིད་པར་འགྱུར་རོ། །སྐྱེ་བ་གཞན་དུ་ཞེ་སྡང་ལ་སོགས་པ་མེད་པས་དང་བ་འདྲེན་པའི་ལུས་དང་། ནད་མེད་པ་དང་། རྒྱུན་དུ་དགའ་བ་དང་། ཡུན་རིངས་གསོན་པ་དང་། འཁོར་ལོས་སྒྱུར་བའི་བདེ་བ་ཐོབ་པར་འགྱུར་རོ། །ཆོས་
རྣམས་དེ་ཁོ་ན་ཉིད་དུ་སྤྱོད་པ། ཆོས་རྣམས་མ་སྐྱེས་པ་ཡིན་ནོ་ཞེས་བཟོད་པ་ནི་ཆོས་ལ་ངེས་པར་རྟོགས་པའི་བཟོད་པའོ། །བཟོད་པའི་ལེའུའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་སྟེ་དྲུག་པའོ།། །།དེ་ལྟར་བཤད་པའི་རིགས་པས་བཟོད་པ་དང་ལྡན་
པ་བརྩོན་འགྲུས་རྩོམ་སྟེ། མ་བཟོད་ན་ཕམ་པར་འགྱུར་བས་སོ། །གང་གི་ཕྱིར་བརྩོན་འགྲུས་ལ་འཚང་རྒྱ་བ་ཉིད་གནས་པ་ཡིན་ནོ། །བརྩོན་འགྲུས་མེད་ན་བསོད་ནམས་ཀྱི་ཚོགས་མི་འབྱུང་སྟེ། ཇི་ལྟར་བརྐྱང་བ་དང་བསྐུམ་པ་ལ་སོགས་པའི་གཡོ་བ་རླུང་མེད་ན་མི་འབྱུང་ངོ་། །བརྩོན་
འགྲུས་ཀྱི་མཚན་ཉིད་གང་ཞེ་ན་སྨྲས་པ། དགེ་བ་ལ་སྤྲོ་བའོ། །མི་དགེ་བ་ལ་རང་གི་ངང་གིས་འཇུག་པ་ནི་ལེ་ལོ་ཁོ་ནའོ། །བརྩོན་འགྲུས་ནི་དགེ་བ་སྦྱིན་པ་ལ་སོགས་པ་དང་། ཐོས་པ་ལ་སོགས་པ་རྩོམ་པའོ། །དེས་སྤང་བར་བྱ་བ་ཡིན་པས་དེའི་དགྲ་བཤད་དེ། འཇོམས་པར་བྱེད་
Vol. 106 · folio 237a
པས་མི་མཐུན་པའི་ཕྱོགས་ནི་ལེ་ལོ་སྟེ་ལུས་ལ་སོགས་པ་ལས་སུ་མི་རུང་བའོ། །ངན་པ་རྒོད་པ་ལ་སོགས་པ་ལ་ཞེན་པ་དང་། བྱེད་པ་དཀའ་བ་ལ་སོགས་པ་སེམས་ལོག་པ་ནི་སྒྱིད་ལུག་དང་། དེས་རང་ལ་མ་ནུས་པ་སྨོད་པ་ནི་བདག་ཉིད་བརྙས་པའོ། །ལེ་ལོའི་
རྒྱུ་བཤད་དེ། སྙོམ་ལས་ཁོ་ན་བདེ་བ་སྟེ། དེ་ལ་ཞེན་པ་དང་གང་རུང་བསྟེན་པར་འདོད་པ་འདི་དག་ཀྱང་སྲིད་པའི་སྡུག་བསྔལ་ལ་སྐྱོ་བ་མི་སྐྱེ་བས་འབྱུང་། འདི་དག་ལས་ལེ་ལོ་འབྱུང་། དེ་ལ་ལེ་ལོའི་གཉེན་པོ་བཤད་དེ་ཉོན་མོངས་པ་ཁོ་རྒྱ་བས་བཤོར་ཏེ་དེས་ཟིན་པ། སྐྱེ་བ་ཁོ་ན་
རྒྱ་ཡིན་ཏེ། དེའི་ནང་དུ་ཆུད་པ་དེ་བས་གཤིན་རྗེའི་ཁར་ཆུད་པ་ཞེས་ད་དུང་མི་ཤེས་སམ། སྐྱེས་ནས་ངེས་པར་འཆི་བའི་ཕྱིར་རོ། །ཡང་སྐྱོ་བའི་རྒྱུ་བཤད་དེ། རང་གི་སྡེ་ནི་རང་གི་རིགས་ཏེ། དེ་འཆི་བདག་གི་རིམ་པས་ཁྱེར་བ་མ་མཐོང་ངམ། ཁྱོད་ཀྱང་དེ་ལྟར་འགྱུར་རོ། །དཔེར་
ན་ངེས་པར་གསད་པར་བྱ་བའི་མ་ཧེ་རང་སྡེ་བསད་ཀྱང་གཏི་མུག་གིས་རིག་པར་མི་ནུས་པ་བཞིན་ནོ། །འཆི་བདག་གིས་མགུལ་པ་བཏེག་ནས་བལྟས་པ་འབྲོས་པའི་ལམ་ཀུན་བཀག་པ་ཁྱོད་ཇི་ལྟར་བཟའ་བར་འདོད་པ་དང་། གཉིད་དང་དགའ་བྱེད་ནུས། གལ་ཏེ་ད་ལྟ་ལེ་ལོ་མི་སྤོང་
ན། གང་གི་ཚེ་ནད་དང་རྒས་པ་ལ་སོགས་པའི་ཚོགས་པ་གྲབས་སུ་ཆུད་ནས་མྱུར་དུ་འཆི་བ་འོང་བར་འགྱུར། དེའི་ཚེ་ལེ་ལོ་སྤངས་ནས་ཀྱང་ཅི། འདི་མ་འོངས་པ་མ་ཐོབ་པ་དང་། འདི་བྱེད་པར་འདོད་པས་བརྩམས་ཏེ། འདི་ནི་ཕྱེད་ཟིན་པས་མཐར་མ་ཕྱིན་པ་ཁོ་ན་ལ་གློ་བུར་དུ་
འཆི་བ་འོང་བར་འགྱུར། ཀྱི་ཧུད་བཅོམ་ཞེས་བསམས་ཤིང་ཁྱོད་ཅི་བྱེད་པར་འགྱུར། ཉེ་དུ་དང་བྲལ་བའི་མྱ་ངན་གྱི་ཤུགས་ཀྱིས་སྐྲངས་པའི་མཆི་མ་དང་བཅས་པ། དམར་པོར་གྱུར་པའི་མིག་གིས་བལྟ་བའི་རེ་ཐག་ཆད་པའི་ཉེ་དུ་རྣམས་དང་། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་བཞིན་
ལ་བལྟ་ཞིང་། རང་གིས་བྱས་པའི་སྡིག་པ་དྲན་པས། འཆི་བདག་རང་གི་ལག་གིས་དུག་ཟོས་ཞེས་ཕྱིས་འགྱོད་པས་གདུངས་པ་དང་། སྡུག་ཏུ་བཅུག་པའི་སྡུག་བསྔལ་གྱི་སྐྲག་པའི་དམྱལ་བའི་སྒྲ་ཐོས་ནས། བདག་གི་གནས་སྐབས་ཀྱང་འདི་ལྟར་འགྱུར་ཞེས་སྐྲག་པ་བྱུང་བའི་བཤང་
Vol. 106 · folio 237b
བ་ཡིས་ལུས་ལ་སོགས་པས་མྱོས་པར་འགྱུར་ཚེ་ཅི་ཞིག་བྱ། དཔེར་ན་ཇི་ལྟར་ཉ་གསོན་པོ་ཁོ་ན་ཆུས་གང་བའི་བུམ་པ་ལ་སོགས་པར་བཞག་ནས་འདོད་པ་དེའི་ཚེ་གསོད། དེ་བཞིན་དུ་བདག་ཀྱང་འཆི་བདག་གིས་ཡིན་ཞེས་ཤེས་ནས་མིའི་ཡུལ་ཁོ་ནར་ཁྱོད་འཇིགས་པར་རིགས། སྡིག་པ་
བྱས་ནས་དམྱལ་བའི་སྡུག་བསྔལ་ལ་འཇིགས་པ་ལྟ་ཅི་སྨོས། ཀྱེ་གཞོན་ཤ་ཅན་ཆུ་དྲོན་པོས་རེག་ཀྱང་ཤིན་ཏུ་སྙི་བས་རབ་ཏུ་ཚ་བར་འགྱུར། ལྷག་མ་གོ་སླའོ། །བདེ་བ་བསྐྱེད་པའི་རྒྱུ་བསྐྱེད་པ་ལ་བརྩོན་པ་མེད་པ་དེའི་འབྲས་བུ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་བཟོད་ཅིང་གནོད་པ་མང་
བ་དང་། འཆི་བདག་གིས་བཟུང་བཞིན་དུ་འཆི་བ་མེད་པའི་རྣམ་པ་ཅན། དེ་ལྟར་འཁྲུལ་པ་ཁྱོད་ཀྱི་སྡུག་བསྔལ་ཅན་གྱི་ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ། མི་ཁོམ་པ་བརྒྱད་སྤངས་ནས་ཐོབ་པའི་མི་ལུས་ཁོ་ན་གྲུ་ཡིན་ཏེ། དེ་བརྟེན་ནས་སྡུག་བསྔལ་གྱི་རང་བཞིན་ཆུ་བོ་ཆེན་
པོ་སྒྲོལ་ཅིག །བརྩོན་འགྲུས་ཀྱི་ལམ་དུ་ཕྱོགས་ནས་སོ། །ཀྱེ་རྨོངས་པ་གཉིད་ལོག་པའི་དུས་འདི་མ་ཡིན། ཕྱིས་ངན་སོང་དུ་གྲུ་ནི་རྙེད་པར་དཀའོ། །དེ་ལྟར་ལེ་ལོ་བཀག་ནས་ངན་ལ་ཆགས་པ་བཀག་པར་བཤད་དེ། དགེ་བའི་ལས་ལ་དགའ་བ་མཆོག །ཇི་ལྟ་བུ་ཞེ་ན།
བདེ་འགྲོའི་རྒྱུན་སྐྱེད་པས་དགའ་བའི་རྒྱུ་མཐའ་ཡས་པ་དོར་ནས། གཡེང་བ་ནི་ལུས་དང་སེམས་ཁེངས་པ་དང་། རྒོད་པ་ལ་སོགས་པའི་སྒྲས་གླུ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ལ། ཁྱོད་དགའ་བ་ཇི་ལྟར་རིགས། ཀུན་རང་སེམས་ལ་སློབ་པའོ། །སྒྱིད་ལུག་པ་ལ་སོགས་པའི་
ཚིགས་བཅད་འདི་གཞན་གྱིས་བཅུག་པ་ཡིན་གྱི་སློབ་དཔོན་གྱི་མ་ཡིན། སྡོམ་ཚིག་ཡིན་ཞེ་ན། འོ་ན་ལེ་ལོའི་གཉེན་པོ་དང་། ངན་ལ་ཆགས་པ་དང་། བདག་ཉིད་བརྙས་པའི་གཉེན་པོ་སྐབས་སུ་བབ་པ་ཅི་སྟེ་མི་འཆད། བདག་དང་གཞན་མཉམ་པ་དང་། བདག་དང་བརྗེ་བ་གཉིས་
འདིར་སྐབས་སུ་མ་བབ་པ་ཅི་སྟེ་འདིར་བཅུག །བསམ་གཏན་གྱི་ལེའུ་ཁོ་ནར་བརྗོད་པར་བྱ་བ་ཡིན་ནོ། །སྒྱིད་ལུག་པའི་གཉེན་པོ་བཤད་དེ། བདག་ལྟ་བུ་བྱིས་པ་བྱང་ཆུབ་ཀྱི་སྣོད་དུ་ག་ལ་རུང་། དབང་པོ་རྣོན་པོ་དང་། བརྩོན་འགྲུས་རྩོམ་པ་དང་། བསོད་ནམས་བསག་པ་ཁོ་ན་སྣོད་དུ་རུང་གི །
Vol. 106 · folio 238a
བདག་ལ་བྱང་ཆུབ་ག་ལ་ཡོད། །ཅེས་སྒྱིད་ལུག་མི་བྱའོ། །དོན་ཆེན་པོ་ལས་ཉམས་པའི་རྒྱུ་ཡིན་པའི་ཕྱིར་རོ། །སྒྱིད་ལུག་པ་ཡང་དོན་མ་ཡིན་ནོ་ཞེས་གསུངས་པས་ཡང་ངོ་། །གང་གི་ཕྱིར་རྒྱལ་བ་བདེན་པར་གསུངས་པའི་རང་བཞིན་གྱིས་འདི་བཤད་པར་འགྱུར་བ་
བདེན་པར་གསུངས་སོ། །དེ་ཅི་ཞེ་ན། སྨྲས་པ། དེ་དག་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པ་དང་། རིན་ཆེན་གཙུག་ཏོར་ཅན་དང་། མར་མེ་མཛད་ལ་སོགས་པ་སྔར་སྦྲང་བུ་ལ་སོགས་པ་ཡིན་ཏེ། གང་དག་གི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཐོབ་པར་དཀའ་བའི་བླ་ན་མེད་པའི་བྱང་ཆུབ་ཐོབ་བོ། །
བདག་ཉིད་བརྙས་པའི་གཉེན་པོ་བཤད་དེ། བདག་མིར་སྐྱེ་ལ་འདི་དགེ་འདི་མི་དགེ་ཞེས་ནུས་པ་དངོས་པོ་ཐམས་ཅད་ཀྱི་དེ་ཉིད་རིག་པའི་ལམ་མ་བཏང་ན་སངས་རྒྱས་ཐོབ་པར་ཅི་སྟེ་མི་འགྱུར། རིན་ཆེན་སྤྲིན་ལས་འདི་མང་དུ་བཤད་དོ། །རིགས་པ་བཤད་དེ། འོན་ཏེ་ལག་པ་དང་རྐང་པ་སོན་
པ་གཏོང་བར་བྱེད་པ་དཀའ་བར་ཤེས་ནས་བདག་འཇིགས་ཤེ་ན། དེ་ནི་ལྕི་བ་དོན་ཆེན་པོ་ལ་ཆུང་བའི་བློ་དང་ཆུང་བ་ལ་ཆེ་བའི་བློ་འདི་བདག་རྨོངས་པ་ཡིན་ཏེ་མ་དཔྱད་པས་ཁྱད་པར་མི་ཤེས་སོ། །ལྕི་བ་ལ་རྨོངས་པ་བཤད་དེ། ལས་ཀྱི་དབང་གིས་འཁོར་བ་ན་ལག་པ་དང་རྐང་པ་འཐུབ་
པས་གཅོད་པ་དང་། ནུས་པ་དང་མདུང་ལ་སོགས་པས་ཕུག་པ་དང་། དམྱལ་བའི་མེས་བསྲེག་པ་དང་། འབར་བའི་སོག་ལེ་ལ་སོགས་པས་གཤེགས་པ་ལན་དུ་མར་བསྐལ་པ་བྱེ་བ་གྲངས་མི་ནུས་པ་ཞེས་པ་ནི་ལྕི་བ་སྟེ། དེ་ཡིན་ཀྱང་བྱང་ཆུབ་ཀྱི་རྒྱུ་མ་ཡིན། བྱང་ཆུབ་ཀྱི་ཕྱིར་ལག་
པ་ལ་སོགས་པ་སྦྱིན་པ་ནི་ཡང་བ་སྟེ། དུས་ངེས་པ་ཅན་ཡིན་པའི་ཕྱིར་རོ། །ཆུང་བ་ལ་རྨོངས་པ་བཤད་དེ། བྱང་ཆུབ་སྒྲུབ་པའི་སྡུག་བསྔལ་འདི་ནི་ཉུང་བ་དུས་ངེས་པ་སྡུག་བསྔལ་ཞི་བའི་རྒྱུའོ། །ཇི་ལྟ་བུ་ཞེ་ན། ལུས་ལ་ཟུག་པའི་ཟུག་རྔུ་གང་ཡིན་པ་དེའི་གནོད་པ་བསལ་བའི་ཕྱིར། དེ་
ཆུང་བ་ཕྱུང་བ་ལ་སྡུག་བསྔལ་གང་བྱུང་བ་དེ་དང་འདྲའོ། །འདི་ནི་ཉུང་བ་ཡུན་ཐུང་བ་ཡུན་རིང་པོའི་སྡུག་བསྔལ་ཞི་བར་བྱེད་པའི་རྒྱུ་ཡིན་ནོ། །དེ་དང་འདྲ་བ་འདི་ཡང་བཟོད་པར་འོས་པའོ། །འདི་བས་ཀྱང་འདི་རིགས་ཞེས་བཤད་དེ། སྨན་པ་ཀུན་ཀྱང་ལྟོགས་ཉལ་ལ་སོགས་པའི་བྱ་
Vol. 106 · folio 238b
བའི་སྡུག་བསྔལ་གྱིས་ནད་སེལ་བར་བྱེད་དེ་གཞན་དུ་ན་མི་ནུས་པས་སོ། །དེ་བས་ན་སྡུག་བསྔལ་མང་པོ་ཅིག་གཞོམ་པའི་ཕྱིར་ཤིན་ཏུ་ཉུང་བའི་སྡུག་བསྔལ་བཟོད་པ་ཁོ་ནའོ། །སེམས་ཅན་ཐམས་ཅད་བདག་གི་ཐོག་མཐའ་མེད་པའི་སྡུག་བསྔལ་ཐམས་ཅད་ཞི་བའི་ཕྱིར་རོ། །འོན་
ཀྱང་བྱ་བ་འདི་ལས་དང་པོ་པས་ལག་པ་ལ་སོགས་པ་སྦྱིན་པར་འོས་པ་ཡིན་ཡང་། སྨན་པའི་མཆོག་བཅོམ་ལྡན་འདས་ནད་ཐམས་ཅད་ཀུན་ནས་སེལ་བར་བྱེད་པས་མ་གནང་གི །འོན་ཀྱང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཤིན་ཏུ་འཇམ་པའི་གསོ་དཔྱད་ཀྱིས། འདོད་ཆགས་ལ་སོགས་
པའི་ནད་ཆེན་པོ་དང་ལྡན་པ་གསོ་བར་མཛད་དོ། །འཇམ་པའི་གསོ་དཔྱད་ཁོ་ན་བཤད་དེ། སེར་སྣ་ལ་སོགས་པའི་གཉེན་པོ་གོམས་པའི་ཕྱིར། ལོ་མ་དང་ཕྱེ་ལ་སོགས་པ་ཙམ་སྟེར་བ་ལ་དང་པོ་འཇུག་པར་བྱེད། ཐར་པའི་གྲོང་ཁྱེར་དུ་འདྲེན་པ་པོའི་མགོན་པོས་སོ། །དེ་ནས་
སྦྱིན་པ་ཆུང་བ་ལ་གོམས་པས་ནུས་པ་ཐོབ་པའི་སྦྱིན་པ་པོ་ཤིན་ཏུ་སྤྲོ་བ་ཆེན་པོས་ཇི་ལྟར་རང་གི་ཤ་ཡང་གཏོང་བ་དེ་བཞིན་བྱེད་དོ། །ཅིས་དེ་ལྟར་ཞེ་ན། སྨྲས་པ། སྦྱིན་པ་ལ་གོམས་པའི་མཐར་ཕྱིན་པས་གང་གི་ཚེ། ལོ་མ་ལ་གང་ཡང་མི་རུང་བའི་བློ་བཞིན། མི་རྟག་ཅིང་སྙིང་པོ་
མེད་པས་རང་གི་ཤ་ལ་ཡང་འབྱུང་དེའི་ཤ་དང་རུས་པ་ལ་སོགས་པ་གཏོང་བ་ཅི་སྟེ་དཀའ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སྡིག་པ་སྤངས་པའི་ཕྱིར། སྡུག་བསྔལ་དང་ལྡན་པར་མི་འགྱུར། སྡིག་པ་ཁོ་ན་ལ་སྡུག་བསྔལ་ཞེས་ངེས་པའོ། །རྒྱུ་འབྲས་མི་སླུ་བའི་ཆོས་ཉིད་ལ་
མཁས་པས་མི་དགའ་བར་མི་འགྱུར། གང་གི་ཕྱིར་ལུས་ཀྱི་སྡུག་པ་ཁོ་ན་ལས་འབྱུང་ལ། ཡིད་མི་བདེ་བ་ཡིད་ལ་འབྱུང་བ་ཡང་ལོག་པར་རྟོག་པ་བདག་དང་བདག་གི་བར་མངོན་པར་ཞེན་པ་ལས་འབྱུང་། དེ་ནི་བདག་མེད་གཉིས་རྟོགས་པ་ལ་རིང་དུ་སོང་ངོ་། །ཡུན་རིངས་འགོར་
བ་ལས་ཀྱང་འཇིགས་པ་མི་བྱེད་པར་བཤད་དེ། འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ལུས་བདེ་བ་ཡང་ཡིན་ལ། ཆོས་རྣམ་པར་འབྱེད་པ་ལ་མཁས་པས་ཡིད་བདེ། དེ་བས་རང་གི་དོན་གྲུབ་པས་སྙིང་རྗེ་ཡོད་པ་ཅན། གཞན་དོན་དུ་འཁོར་བར་གནས་ཀྱང་སྡུག་བསྔལ་གང་
Vol. 106 · folio 239a
གིས་སྡུག་པར་འགྱུར་ཏེ་མི་འགྱུར་རོ། །ཡུན་རིངས་ཐོགས་པ་ཡང་མེད་པར་བཤད་དེ། སྔར་བྱས་པའི་སྡིག་པ་ཡང་ཟད་པར་བྱེད་ཅིང་། དེས་ནི་དུས་མཐའི་མེ་བཞིན་སྲེག་པར་བྱེད། ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །བསོད་ནམས་རྒྱ་མཚོ་
སྡུད་བྱེད་ནི། །རྒྱུན་མི་འཆད་པར་དུ་མ་ཞིག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བཤད་པའི་བྱང་ཆུབ་ཀྱི་སེམས་ཐེག་པ་ཆེན་པོ་ལ་ཞོན་པ་ཐབས་ཀྱི་ཤུགས་ཆེན་པོས་ཉན་ཐོས་རྣམ་པས་མྱུར་བར་འགྲོ །ཉེ་བར་བསྡུས་ཤིང་བཤད་དེ། དེ་ལྟར་བཤད་པའི་རིགས་པས་བདེ་
འགྲོ་ནས་བདེ་འགྲོར་འགྲོ་ཞིང་བློ་དང་ལྡན་པ་སུ་ཞིག་སྒྱིད་ལུག་པར་འགྱུར། བྱང་ཆུབ་ཀྱི་སེམས་གཞལ་ཡས་ཁང་ལྟ་བུ་ཐོབ་ནས་དེ་ལ་གནས་ཏེ། ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་ཐམས་ཅད་ཀྱིས་ངལ་བ་གང་ཡིན་པ་དེ་ཐམས་ཅད་སེལ་བའོ། །འདུན་པ་ལ་སོགས་པའི་ཚིགས་བཅད་སྐབས་
སུ་མ་བབ་སྟེ། གཞན་གྱིས་བཅུག་པར་སྣང་། གང་གི་ཕྱིར་ལེ་ལོ་ལ་སོགས་པ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་བཞི་ཉེ་བར་བསྡུས་ནས་བརྩོན་འགྲུས་འཕེལ་བར་བྱ་བའི་ཕྱིར། སྟོབས་ཀྱི་དཔུང་བཟོད་པར་བྱ་བ་ཡིན་ཏེ། དེ་ནི་འདུན་པ་ཞེས་བྱ་བའི་ཚིགས་སུ་བཅད་པ་ལ་ཡོད་པ་ཉིད། འདིར་
ནི་མི་མཐུན་ཕྱོགས་ཉེ་བར་བསྡུས་པ་ཡང་མེད་ལ། སྟོབས་དང་འབྲེལ་པ་ཡང་མེད་དོ། །གཞན་ཡང་མདོར་བསྟན་ཡིན་ན་རྒྱས་བཤད་ཡོད་དགོས་པ་ཡིན་ཏེ་དེ་ནི་མེད་དོ། །སྔ་ཕྱིར་འབྲེལ་པ་བཤད་དེ། དེ་ལྟར་བཤད་པའི་རིགས་པས་ལེ་ལོ་དང་། ངན་ལ་ཞེན་པ་དང་། སྒྱིད་
ལུག་པ་དང་། བདག་ཉིད་བརྙས་པ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྤངས་ནས། བརྩོན་འགྲུས་འཕེལ་བའི་ཕྱིར། འབད་པར་བྱ་སྟེ་ཐབས་གང་གིས་ཤེ་ན། སྨྲས་པ་འདུན་པ་ཞེས་བྱ་བ་ལ་སོགས་པའོ། །འདུན་པ་ནི་འདོད་པའོ། །ང་རྒྱལ་ནི་སེམས་ཁེངས་པའོ། །
དགའ་བ་ནི་ཞེན་པའོ། །དོར་བ་དང་། ལྷུར་ལེན་དང་། དབང་སྒྱུར་དང་། སྟོབས་ནི་ཀུན་དང་སྦྱོར་བ། དེ་ལ་འདུན་པ་བསྐྱེད་པའི་ཕྱིར་བཤད་དེ། སེམས་ཅན་ཐམས་ཅད་དང་བདག་གི་སྐྱོན་ཐམས་ཅད་སྤོང་བ་དང་། ཡོན་ཏན་མ་ལུས་པ་བསྐྱེད་པའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་
Vol. 106 · folio 239b
པ་ཡིན། གང་དུ་སྐྱོན་རེ་རེ་ཡང་བསྐལ་པའི་རྒྱ་མཚོ་བརྩོན་འགྲུས་དང་ལྡན་པས་ཟད་པར་བྱེད། སྐྱོན་ཟད་པར་བྱེད་པར་བརྩམས་པའི་བརྩོན་འགྲུས་དེ་ལ། ཆ་ཙམ་ཡང་བདག་ལ་མ་མཐོང་ན། དེ་བས་དཔག་ཏུ་མེད་པའི་སྡུག་བསྔལ་གྱི་གནས་བདག་གི་སྙིང་ཅི་སྟེ་མི་འགས། ཉེས་པ་ཟད་
པའི་དོན་དུ་འདུན་པ་བཤད་ནས། ཡོན་ཏན་གྱི་དོན་དུ་འདུན་པ་བསྐྱེད་པར་ཚིགས་བཅད་གཉིས་ཀྱིས་བཤད་དེ་གོ་སླའོ། །འདིས་ཀྱང་དོན་མེད་ཅེས་བཤད་དེ། བདག་གི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །འཆི་བ་ལ་སོགས་པའི་འཇིགས་པ་ལས་འཇིགས་པ་མ་བྱེད་ཅེས་མི་འཇིགས་
པ་མ་བྱིན། ལུས་དང་ཡིད་ཀྱི་སྡུག་བསྔལ་ཟད་པར་མ་བྱས་པས་བདེ་བར་ཡང་མ་བྱས། དེ་བས་སྡུག་བསྔལ་ལ་སོགས་པ་དོན་མེད་པར་བཤད། སྐྱེ་བ་སྔ་མར་ཆོས་ལ་འདུན་པ་མ་བྱས་པས་དེ་ལྟར་ཕོངས་པར་འགྱུར་ཞེས་ཤེས་ནས་བློ་དང་ལྡན་པ་སུ་ཞིག་ཆོས་ལ་འདུན་པ་གཏོང་ཞེས་
བྱ་བ་ནི་ཆོས་ལ་འདུན་པ་བསྐྱེད་པའོ། །ཕོངས་པ་བཟློག་པ་འབའ་ཞིག་པའི་མ་ཡིན་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ཐམས་ཅད་ཀྱི་རྩ་བ་འདུན་པར་ཐུབ་པས་གསུངས་འདུན་པ་དེའི་ཡང་རྩ་བ་ལས་དགེ་བ་དང་མི་དགེ་བ་རྣམ་པར་སྨིན་པའི་འབྲས་བུ་ནི་འཇིག་རྟེན་ཕྱི་མ་ལ་
འདོད་པ་དང་། མི་འདོད་པ་ཐོབ་པ་སྟེ། དེ་བསྒོམ་པའོ། །དེ་ལ་རེ་ཞིག་མི་དགེ་བའི་རྣམ་སྨིན་བཤད་དེ། ལུས་དང་ཡིད་ཀྱི་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། གསོད་པ་ལ་སོགས་པའི་འཇིགས་པ་སྣ་ཚོགས་དང་། འདོད་པ་བཙལ་ཞིང་མ་རྙེད་པས་འདོད་པ་མ་གྲུབ་པ་དག་སྡིག་པ་བྱེད་པ་
ཁོ་ན་ལ་འབྱུང་ངོ་། །དགེ་བའི་རྣམ་སྨིན་བཤད་དེ། འདོད་པ་སྨོན་པའི་རྣམ་རྟོག་ནི་ཡིད་ལ་བྱེད་པའོ། །འབྲས་བུ་ཁོ་ན་ཡོན་ཏན་དེ་མཆོད་པ་ལྷག་མ་གོ་སླའོ། །ཡང་མི་དགེ་བའི་འབྲས་བུ་བཤད་དེ། སྡིག་པ་ཞེས་བྱ་བ་ལ་སོགས་པའོ། །སྡུག་བསྔལ་ཁོ་ན་མཚོན་ཡིན་ཏེ། དེའི་
འདོད་པ་གཅོད་པས་སོ། །འཇིག་རྟེན་ལས་འདས་པའི་དགེ་བའི་རྣམ་སྨིན་བཤད་དེ། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་ཁོ་ན་བདེ་བ་ཅན་གྱི་ཞིང་ཁམས་སུ་རྒྱ་ཆེ་བ། དྲི་བཟང་བ། བསིལ་བ། རེག་བྱ་བདེ་བའི་པདྨོའི་ནང་དུ་གནས་པ། རྒྱལ་བའི་ཆོས་ཀྱི་དབྱངས་ཡིད་དུ་འོང་བའི་ཟས་
Vol. 106 · folio 240a
ཀྱིས་སྐུའི་གཟི་བརྗིད་བསྐྱེད་པར་བྱས་པ། ཡོངས་སུ་སྨིན་པའི་དུས་སུ་དེ་བཞིན་གཤེགས་པའི་འོད་ཟེར་ཁ་ཕྱེ་བའི་པདྨ་ལས་འཁྲུངས་པ། མཚན་དང་དཔེ་བྱད་དང་ལྡན་པའི་སྐུ་དེ་ལྟ་བུ་རྒྱལ་བའི་སྲས་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་མདུན་དུ། མཐའ་གཅིག་
ཏུ་དགེ་བས་སྐྱེ་བར་འགྱུར་རོ། །མའི་མངལ་ནས་སྐྱེ་བ་རྣམས་ལ་དེ་ལས་བཟློག་པ་སྡུག་བསྔལ་བར་ཤེས་པར་བྱའོ། །མཐའ་གཅིག་ཏུ་མི་དགེ་བའི་རྣམ་སྨིན་བཤད་དེ། དུས་ཀྱི་ཕོ་ཉས་འབར་བའི་ཐོ་བ་ལ་སོགས་པས་རྡེག་པས་ཐམས་ཅད་པགས་པ་བཤུས་པ་དང་། ཤིན་ཏུ་གནོད་པས་ཉམ་ཐག་
ཅིང་སྨྲེ་སྔགས་འདོན་པ་དང་། རབ་ཏུ་ཚ་བའི་མེ་ཡིས་བཞུ་བའི་ཟངས་ཞུན་ལུས་ལ་བླུགས་པར་གྱུར་པ་དང་། འབར་བའི་རལ་གྲི་དང་མདུང་གིས་བསྣུན་པས་ཤའི་དུམ་བུ་བརྒྱར་གཏུབས་པས། དེ་ལྟ་བུར་གྱུར་པ་ནག་པོའི་ལས་ཀྱིས་ལན་དུ་མེ་ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྟུང་སྟེ། དེའི་ལས་
ཡུན་རིང་པོས་སད་པའི་ཕྱིར་འདུན་པའི་སྟོབས་ཉེ་བར་བསྡུས་ཏེ་བཤད་པ། དེ་བས་ན་བཤད་པའི་རིགས་པ་བཞིན་དུ། རྣམ་སྨིན་གོམས་པ་ནས་དགེ་བ་ལ་འདུན་པ་ཁོ་ན་གུས་པས་བྱའོ། །ད་ནི་ང་རྒྱལ་གྱི་སྟོབས་བཤད་དེ། རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་བཤད་པའི་ཆོ་གས་རྩོམ་པ་བརྟན་པས་
བསྒྲུབ་བྱའི་དོན་དུ་ང་རྒྱལ་བསྒོམ་པར་བྱའོ། །དེ་ལ་དང་པོ་ཉིད་དུ་འབྱོར་པ་ནི་སྒྲུབ་པར་ནུས་པ་སྟེ། དེ་བརྟགས་ནས་བརྩམ་པར་བྱའི་མི་ནུས་ན་མི་བརྩམ་མོ། །དམ་བཅའ་ཉམས་པའི་ཕྱིར་མ་བརྩམས་པ་མཆོག །བརྩམས་ནས་ལྡོག་པར་མི་རིགས་སོ། །ལོག་པའི་ཉེས་དམིགས་བཤད་དེ། སྐྱེ་བ་
ཞེས་བྱ་བ་ལ་སོགས་པའོ། །དགེ་བ་དང་མི་དགེ་བ་ཐམས་ཅད་དང་། རྒྱུ་མཐུན་དང་། རྣམ་པར་སྨིན་པའི་འབྲས་བུ་འབྱིན་ནོ། །དེ་ལ་རྒྱུ་མཐུན་ནི་རྣམ་པ་གཉིས་ཏེ་བྱེད་པ་དང་མྱོང་བའི་རྒྱུ་མཐུན་ནོ། །འདི་ནི་བྱེད་པའི་རྒྱུ་མཐུན་ཏེ། གང་དམ་བཅའ་ཉམས་པས་དེ་གོམས་པའི་བག་ཆགས་ཀྱིས་སྐྱེ་བ་
གཞན་ལ་ཡང་ངོ་གསུངས་པ་ཡང་། སྐྱེ་བ་གཅིག་ནི་འབད་པ་ཡིས། །མཁས་པས་དག་པ་སྦྱང་བར་བྱ། །སྐྱེ་བའི་རྒྱུན་གཞན་བྱང་ཆུབ་པར། །དེ་ཉིད་ཀྱིས་ནི་སྦྱོང་བར་འགྱུར། །ཞེས་སོ། །རྒྱལ་བ་དང་བླ་མའི་བཀའ་ལས་འདས་པས་བྱུང་བའི་སྡིག་པ་ལས་སྡུག་བསྔལ་ཡང་འཕེལ་ལོ། །
Vol. 106 · folio 240b
གཞན་ནི་ཐོག་མར་བརྩམས་ནས་བཞག་པ་དང་། འབྲས་བུའི་དུས་ཅན་ནི་གཞག་པའི་དུས་སུ་གཉིས་པ་གང་བརྩམས་པ་དེ་ཡང་ཉམས་སོ། །དེ་ཡང་ནི་གང་གཉིས་པ་གཏོང་བ་དེ་ཡང་མ་བསྒྲུབས་སོ། །གང་ལས་ང་རྒྱལ་ཞེས་བཤད་དེ། གསུམ་ལས་སོ། །དེ་ལ་ལས་ཀྱི་ང་རྒྱལ་བཤད་དེ།
བདག་ཅེས་བྱ་བ་ལ་སོགས་པའོ། །ཉེས་པ་མེད་པའི་ལས་སེམས་ཅན་རྣམས་ལ་གང་བྱ་བར་འོས་པ། དེ་བདག་ཉིད་གཅིག་པུས་བྱའི། གང་གི་ཕྱིར་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དམན་པའི་ལས་ནི་མི་གཙང་བ་འདོར་བ་ལ་སོགས་པ་སྟེ་གོ་སླའོ། །ཉེ་བའི་ཉོན་མོངས་པའི་ང་རྒྱལ་
བཤད་དེ། ཤི་བ་ལ་སོགས་པ་ནི་དཔེ་ཡིན་ནོ། །གལ་ཏེ་བདག་གི་ཡིད་བརྩོན་པ་མེད་པར་གྱུར་ན། དེའི་ཚེ་ཉེ་བའི་ཉོན་མོངས་པ་ཆུང་ངུས་བྱས་པའི་ལྟུང་བ་ཡང་གནོད་པར་འགྱུར་རོ། །ཞུམ་པས་རྩོལ་བ་དོར་ཞིང་དགའ་བ་མེད་ལ་གནོད་པར་འབྱུང་བ་སླའོ། །ལངས་པ་ནི་རྩོལ་བ་དང་ལྡན་ཞིང་དྲན་
པས་ཉེ་བའི་ཉོན་མོངས་པ་ལ་སྐབས་མི་འབྱེད་ན། ཉོན་མོངས་པ་ཆེན་པོ་ཡིས་ཀྱང་ཐུབ་པར་དཀའོ། །དེ་བས་བརྟན་པས་ནི་ང་རྒྱལ་གྱི་གོ་ཆ་གྱོན་པ་སྟེ། ལྟུང་བ་རྣམས་འཇུག་ཏུ་མི་སྟེར་བ་དེས་གཞོམ་པར་བྱའོ། །གཞན་དུ་འཇིག་རྟེན་གསུམ་གདུལ་བར་རྩོམ་པ་ནི་བཞད་གད་དུ་འགྱུར་ཏེ།
བདག་ལྟུང་བས་ཕམ་པར་བྱས་པས་སོ། །དེ་བས་བདག་གི་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་ཕམ་པར་བྱའོ། །གང་གི་ཕྱིར་རྒྱལ་བ་རྣམས་ཁོ་ན་སེང་གེ་སྟེ། བདུད་ཀྱི་རི་དགས་ཀྱི་གནོད་པས་མི་ཚུགས་པའི་ཕྱིར་རོ། །དེ་དག་གི་སྲས་བདག་ཡིན་པས་གཞན་གྱིས་ཕམ་པར་ག་ལ་ནུས།
འོ་ན་ང་རྒྱལ་གྱི་ཉོན་མོངས་པ་ཡིན་པས་དེ་ཇི་ལྟར་བླང་བྱ་ཡིན་ཞེ་ན། སྨྲས་པ་སྐྱེ་བོ་གང་ཞེས་བྱ་བ་ལ་སོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། ང་རྒྱལ་ཅན་དགྲ་བོའི་དབང་དུ་མི་འགྱུར་བའི་ཕྱིར་རོ། །དེ་དག་ནི་ང་རྒྱལ་དགྲའི་དབང་དུ་མི་འགྱུར། དེ་བས་ང་རྒྱལ་འདིར་དགོངས་པ་ཡིན་ནོ། །ཚིགས་བཅད་
གཉིས་ཀྱིས་འཇིག་རྟེན་གྱི་ང་རྒྱལ་སྤང་བར་བཤད་དེ། ངན་སོང་ནི་དམྱལ་བ་སྟེ། ལས་ཟད་པས་དེ་ནས་ཐར་ཏེ་མིར་སྐྱེས་ཀྱང་གཞན་གྱི་ཟས་ཟའི་བྲན་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །འདོད་པའི་ང་རྒྱལ་བཤད་དེ། གང་ཞིག་ང་རྒྱལ་སྤང་བའི་ཕྱིར། བརྩོན་པ་དེ་ཁོ་ནས་ང་རྒྱལ་
Vol. 106 · folio 241a
ཅན་དང་། རྣམ་རྒྱལ་དང་། དཔའ་བོ་ཡིན་ནོ། །གང་ཞིག་ཀུན་དུ་སློང་བའི་ང་རྒྱལ་གྱིས་དགྲ་བོ་བསད་ནས། འགྲོ་བ་ལ་འདོད་པ་བཞིན་དུ་རྒྱལ་བའི་འབྲས་བུ་ནི་ང་རྒྱལ་མེད་པ་ཉིད་དེ། དེ་རྫོགས་པར་བྱེད་པའོ། །ནུས་པའི་ང་རྒྱལ་བཤད་དེ། ཀུན་ནས་ཉོན་
མོངས་པའི་ཚོགས་ཀྱི་ནང་དུ་གནས་ན། སྟོང་འགྱུར་དུ་སྲན་གཟུགས་འགྱུར་བར་འཚལ། ཉོན་མོངས་པའི་ཚོགས་ཀྱིས་མི་ཚུགས་པར་བྱ་སྟེ། དཔེར་ན་སེང་གེ་གཟི་བརྗིད་ཆེ་བ་རི་དགས་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་ནོ། །ཇི་ལྟར་མངར་བ་ལ་སོགས་པའི་རོ་ལྕེའི་ཡུལ་ཤིན་ཏུ་འབད་
ཀྱང་མིག་གིས་མཐོང་མི་ནུས་ཏེ། དེ་གཟུགས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཉམ་ང་བ་ཡིན་ཀྱང་ཉོན་མོངས་པའི་དབང་དུ་མི་འགྱུར་རོ། །བློ་ལྡན་གྱི་ལས་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །ང་རྒྱལ་གསུམ་བཤད་ནས་དགའ་བའི་སྟོབས་བཤད་དེ། ལས་གང་
སྐབས་སུ་བབ་པ་བསམ་གཏན་ནམ་ཐོས་པ་ལ་སོགས་པ། དེ་ཉིད་དུ་སེམས་ནུབ་པ་ལྟར་དེ་ལ་འདོད་པ་བསྐྱེད་དེ། དཔེར་ན་ཆོ་ལོང་རྩེ་བའི་འདོད་པ་བཞིན་ནོ། །ཐམས་ཅད་ཀྱི་ལས་ཀྱི་འབྲས་བུའི་བདེ་བ་ཐོབ་པར་འདོད་པས་ལས་བྱེད་ཀྱི། དེ་ལྟར་ཡིན་ཡང་ལ་ལར་བདེ་བ་འབྱུང་ལ། ལ་
ལར་བདེ་བ་མི་འབྱུང་སྟེ། ཚོང་ལ་སོགས་པ་འབྲས་བུ་མེད་པ་གང་གི་ལས་ཁོ་ན་བདེ་བ་ཡིན་ལ་དེའི་འབྲས་བུ་མ་ཡིན་ཏེ། ལས་མེད་ན་ཇི་ལྟར་བདེ་བར་འགྱུར། ཡོན་ཏན་ཀུན་གྱི་འབྲས་ལ་མིན། །རྒྱུ་ལ་མངོན་པར་ཞེན་པར་འགྱུར། །དེས་ཁྱོད་ཡང་དག་བསྒྲུབ་པ་ཡིན། །ཁྱོད་ལ་ཡོན་ཏན་
མཐར་ཕྱིན་ཏོ། །ཞེས་གསུངས་སོ། །འདོད་པའི་ཡོན་ཏན་ལྔས་འཁོར་བ་ལ་ཡང་ནས་ཡང་དུ་མྱོས་ཀྱང་ཚིམ་པར་མི་འགྱུར། ཇི་ལྟ་བུས་ཤེ་ན། སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་མྱངས་ན་ལྕེ་གཅོད་པར་འགྱུར་རོ། །དཔེ་དེ་དང་འདྲ་བར་མངར་ཡང་འགྱུར་ནས་སྡུག་བསྔལ་ཆེན་པོའི་རྒྱུར་
འགྱུར་རོ། །བསོད་ནམས་བདུད་རྩི་ལྟ་བུས་ཇི་ལྟར་ཚིམ། །ཇི་ལྟ་བུས་ཤེ་ན་མངོན་པར་མཐོ་བ་སྟེར་བས་བདེ་བ། ངེས་པར་ལེགས་པ་སྟེར་བས་ཞི་བའོ། །དེ་བས་བརྩམས་པའི་ལས་འཇིག་པའི་དུས་སུ་ཡང་། དེ་ལ་ནུབ་པ་ལྟར་བྱེད་དེ། དཔེར་ན་སོས་ཀའི་དུས་སུ་ཉིན་ཕྱེད་ལ་ཉི་མ་དྲོན་པོས་
Vol. 106 · folio 241b
ཕྱོགས་ཀུན་དུ་ཆུ་མ་མཐོང་བ། བསིལ་བའི་ཆུས་གང་བའི་རྫིང་བུ་ལ་གླང་པོ་ཆེ་དང་པོ་ནུབ་པ་བཞིན་ནོ། །དོར་བའི་སྟོབས་བཤད་དེ། བསམ་གཏན་ལ་སྐྱོ་ན། བཙན་ཐབས་སུ་སེམས་དེ་ཉིད་དུ་འཇུག་པ་མ་ཡིན་ཏེ། འོན་ཀྱང་བསམ་གཏན་དར་ཅིག་འདོར་རོ། །སླར་བསམ་གཏན་
ལ་འཇུག་པའི་ཕྱིར་ཤིན་ཏུ་རྫོགས་པའི་ཚེ་འང་གཏོང་སྟེ། ཕྱི་མས་ཕྱི་མ་ལ་སྲེད་པས་སོ། །སྔ་མ་ལ་སྨད་ཅིང་ཕྱི་མ་སྲེད་པ་བསྐྱེད་པས་བསམ་གཏན་དང་པོ་ལ་སོགས་པ་ཐོབ་པའི་ཕྱིར་རོ། །ལྷུར་ལེན་བཤད་དེ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གནོད་པ་ཡང་དག་པར་སྲུང་ཞིང་
དེ་དག་ལ་རྡེག་གོ། །གང་གི་ཕྱིར་ཉོན་མོངས་པ་རྟོག་པའི་རང་བཞིན་ཡིན་པས། དེ་དང་དེའི་དམིགས་པ་སྟོང་པར་བསྒོམས་ཏེ་རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་ན་དེ་དག་མེད་པར་འགྱུར་རོ། །དཔེ་ནི་གོ་སླའོ། །ཇི་ལྟར་གཡུལ་དུ་ལག་པ་ནས་ལྷུང་བའི་རལ་གྲི་འཇིགས་པས་མྱུར་དུ་
ལེན་པ་ལྟར། རྨུགས་ཀྱང་དྲན་པ་ཁོ་ན་རལ་གྲི་སྟེ་ཉོན་མོངས་པས་ཕམ་པའི་ཕྱིར་འཁྲུལ་ན་དམྱལ་བའི་འཇིགས་པས་ལེན་ཏོ། །ཇི་ལྟར་སེམས་རྨུགས་པའི་ཁྲག་ཐོབ་ནས་ལུས་ལ་དུག་ཁྱབ་པ་ལྟར་ན། སེམས་ལ་གླགས་རྙེད་ནས་ཉེས་པས་ཁྱབ་པས་བག་ཡོད་པར་བྱའོ། །མར་ནག་གིས་
བཀང་བའི་སྣོད་འཛིན་པའི་མི་ཟབ་པ་འདྲེད་པ་ལ་རྒྱལ་པོ་གཏུམ་པོའི་བཀས་ཐིགས་པ་ཙམ་བོ་ན་ཁྱོད་གསོད་དོ་ཞེས་ཟེར་བའི་རལ་གྲི་ཐོགས་པ་རྒྱལ་པོའི་མི་དག་གིས་སྲུང་བ། བོ་ན་འཆི་བའི་འཇིགས་པས་སྒྲིམ་པར་འགྲོ་བ་ལྟར། བརྟུལ་ཞུགས་ཀྱིས་དབང་པོ་རྣམས་སྡོམ་པའོ། །དེ་བས་
དུག་སྦྲུལ་པང་དུ་ཞུགས་པ་ན་བདག་རྨུགས་པར་མ་གྱུར་ཅིག་སྙམ་དུ་བསམས་ནས་མྱུར་དུ་ལྡང་བའི་མི་ལྟར་གཉིད་དང་ལེ་ལོ་བྱུང་བའི་དུས་སུ་ལངས་ཏེ་ཆོས་བཤད་པ་དང་། འདོན་པ་དང་། བཟའ་བ་དང་། བཏུང་བ་ལ་སོགས་པ་བྱའོ། །དེ་ལྟར་བྱས་ཀྱང་ལས་དང་པོ་པ་ལ་ཉེས་པ་རེ་རེ་བྱུང་བ་ན་ཡང་རང་
ལ་སྨད་པར་བྱ་སྟེ། ཐབས་གང་ཞིག་བྱ་ན་གང་བྱས་པས་སླར་འདི་དག་མི་འབྱུང་བ་ཞེས་བསམ་པར་བྱའོ། །རང་གིས་མི་ཤེས་ན་དེའི་ཐབས་སྟོན་པ་པོ་མཁན་པོའམ་སློབ་དཔོན་བརྟེན་ནས་གནས་པར་བྱའོ། །ཡང་ན་ལས་ནི་མན་ངག་གོ། །ཅི་བྱས་ནས་ཉོན་མོངས་པ་ཀུན་སློང་བའི་སྐབས་སུ་བདག་
Vol. 106 · folio 242a
ལ་དྲན་པ་ལ་སོགས་གོམས་པར་འབྱུང་ཞེས་སོ། །དབང་བསྒྱུར་བ་བཤད་དེ། དེ་མ་ཐག་ཏུ་གསུངས་པའི་བག་ཡོད་པའི་གཏམ་དྲན་ཅིང་ཇི་ལྟར་ལས་བྱུང་བའི་སྔོན་རོལ་དུ་ཀུན་ལ་མཐུ་ཡོད་པས་གྱུར་པ་དེ་བཞིན་བརྩོན་འགྲུས་ལ་གོམས་པས་ལུས་དང་
སེམས་ཡང་བར་བྱའོ། །དེ་ཉིད་ཀྱི་དཔེ་དང་ཕན་ཡོན་བཤད་དེ། ཇི་ལྟར་ཤིང་བལ་རླུང་འགྲོ་བ་དང་འོང་བའི་དབང་དུ་གྱུར་པ་ཡང་བའི་ཕྱིར་ཏེ། དེ་བཞིན་དུ་སྤྲོ་བའི་དབང་དུ་འགྱུར་ཏེ། དེ་ལྟར་གོམས་པས་རྫུ་འཕྲུལ་ཡང་འབྱུང་ངོ་། །བརྩོན་འགྲུས་བསྟན་པའི་ལེའུའི་དགོངས་
པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་སྟེ་བདུན་པའོ།། །།བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་གསུངས་པས་བསམ་གཏན་བཤད་དེ།
དེ་ལྟར་བཤད་པའི་རིམ་པས་སྤྲོ་བ་འཕེལ་བར་བྱ་སྟེ། ཏིང་ངེ་འཛིན་ལ་སེམས་བརྟན་པར་བྱའོ། །གང་གི་ཕྱིར་སེམས་རྣམ་པར་གཡེང་བའི་མི་ཉོན་མོངས་པ་སྲིན་པོའི་མཆེ་བའི་ཕྲག་ན་གནས་སོ། །དེ་ལ་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་གཡེང་བ་སྤང་བ་བཤད་དེ། ལུས་དང་ཞེས་བྱ་
བ་ལ་སོགས་པའོ། །ལུས་ཀྱི་དབེན་པ་ནི་དབེན་པར་གནས་པའོ། །སེམས་ཀྱི་དབེན་པ་ནི་འདོད་ཆགས་ལ་སོགས་པའི་རྟོག་པ་སྤོང་བའོ། །དེ་ནི་སྟོང་པ་ཉིད་བསྒོམ་པ་སྟེ། དེ་བས་འཇིག་རྟེན་དོར་ནས་སྟོང་པ་ཉིད་ལ་གཞོལ་ཞིང་རྟོག་པ་རྣམས་སྤང་བར་བྱའོ། །དེ་ལ་འཇིག་རྟེན་མི་
གཏོང་བའི་རྒྱུ་སྤོང་བར་བཤད་དེ། བདག་དང་བདག་གི་བར་ཞེན་པ་ནི་ཆགས་པ་སྟེ། དེ་དང་རྙེད་པ་ལ་ཆགས་པ་དང་། སོགས་པའི་སྒྲས་བཀུར་སྟི་དང་གྲགས་པ་ལ་སོགས་པ་ལ་ཆགས་པས་འཇིག་རྟེན་མི་གཏོང་སྟེ། དེ་བས་ཆགས་པ་དང་རྙེད་པ་ལ་སོགས་པ་སྤོང་བའི་ཕྱིར།
མཁས་པས་འདི་ལྟར་འཆད་པར་འགྱུར་བ་བསམ་པར་བྱའོ། །ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་དེ་ཁོ་ན་ཉིད་ལ་དམིགས་པའི་ཤེས་རབ་པོ། །དེ་གཉིས་དང་ལྡན་པས་ཉོན་མོངས་པ་འཇོམས་པར་བྱེད་པར་ཤེས་ནས། ཐོག་མར་ཞི་གནས་ཚོལ་ཏེ། དེ་ཡང་འཇིག་རྟེན་ལ་
Vol. 106 · folio 242b
ལྟོས་པ་མེད་པར་བསམ་གཏན་ལ་དགའ་བས་འགྲུབ་པོ། །དེ་ལ་ཆགས་པ་སྤང་བར་བཤད་དེ། བློ་དང་ལྡན་པ་གང་རང་ཉིད་མི་རྟག་པ་ཡིན་ལ། བུ་དང་ཆུང་མ་ལ་སོགས་པ་མི་རྟག་པ་ལ་ཆགས་པར་མི་རིགས་རྒྱུ་མཚན་གང་གིས། ཚེ་རབས་སྟོང་དག་ཏུ་སྡུག་པ་སླར་མཐོང་བར་མི་འགྱུར་
ཏེ། མི་རྟག་པས་འཇོམས་པས་སོ། །དགའ་བར་བྱེད་པས་ན་སྡུག་པ་སྟེ། དེ་ཡང་འདིར་མེད་པར་བཤད་དེ། གང་གི་ཕྱིར་མི་མཐོང་བས་དགའ་བར་མི་འགྱུར། མི་དགའ་བས་ཏིང་ངེ་འཛིན་ལ་མི་གནས། དེ་མཐོང་ཡང་ཚིམ་པར་མི་འགྱུར་རོ། །སྔར་བཞིན་ལྷག་པར་ཆགས་པས་
སྡུག་པར་འགྱུར། ལྷག་མཐོང་མེད་པས་དེ་ཁོ་ན་ཉིད་མི་མཐོང་། སྡུག་པ་ལ་ཆགས་པས་འཁོར་བ་ལ་སྐྱོ་བ་མི་སྐྱེ། ཡུད་ཙམ་ཅིག་བྲལ་ན་ཡང་དེའི་མྱ་ངན་གྱིས་གདུང་བར་འགྱུར། སྡུག་པ་དང་ཚོགས་པ་འདོད་པས་སོ། །དེ་དང་ཚོགས་པར་སེམས་པ་དང་། དེའི་ཡོན་ཏན་བསྒོམས་པས་
དགོས་པ་མེད་པར་ཚེ་ཟད། དགེ་བ་མེད་པས་སོ། །མཛའ་བཤེས་མི་རྟག་པའི་ཆེད་དུ་ཆོས་རྟག་པ་ཉམས་སོ། །རིས་གཅིག་ནས་གཅིག་ཏུ་ལྷན་ཅིག་འབྲང་བའི་ཕྱིར་རོ། །གཞན་ཡང་བྱིས་པ་རྣམས་དང་མཉམ་པར་སྤྱོད་ན། ངེས་པར་ངན་སོང་དུ་འགྲོ་སྟེ་དེ་དང་སྤྱོད་པ་འདྲ་བས་སོ། །གལ་
ཏེ་འཕགས་པའི་རྗེས་སུ་འབྲང་ན། དེའི་ཚེ་དེ་མི་འདོད། སྤྱོད་པ་མི་མཐུན་པས་སོ། །དེ་བས་འཇིག་རྟེན་གཉིས་ཉམས་པའི་རྒྱུ་དེས་ཅི་བྱེད། གཞན་ཡང་རང་གི་དོན་ལ་ལྟོས་ནས་སྐད་ཅིག་གཅིག་གིས་མཛའ་བར་འགྱུར། དེ་ཉིད་སྐད་ཅིག་གཅིག་གིས་དགྲར་འགྱུར་ཏེ། དེའི་རྗེས་སུ་མི་འབྲང་ནའོ། །
དགའ་བའི་གནས་ལ་ཡང་ཁྲོ་སྟེ་འཁྲུལ་བས་སོ། །དེ་བས་འཕགས་པ་མ་ཡིན་པ་རྣམས་མགུ་བར་དཀའོ། །གཞན་ཡང་ཕན་པར་བསླབས་ན་ཁྲོ་བར་བྱེད་དེ་མི་ཤེས་པས་སོ། །སླར་བདག་ཀྱང་ཕན་པ་ལས་ཟློག་པར་བྱེད། གལ་ཏེ་ཕན་པ་མ་ཡིན་པས་དེ་ལ་མི་ཉན་ན། དེའི་ཚེ་ཁྲོས་པས་ངན་
སོང་དུ་འགྲོ་སྟེ། ཕན་པ་ལ་སྡང་བས་སོ། །རང་ལས་རིག་པ་དང་རིགས་དང་ནོར་ལ་སོགས་པ་མཐོང་ན་ཕྲག་དོག་བྱེད། གཞན་གྱི་ཕུན་སུམ་ཚོགས་པ་མི་བཟོད་པས་སོ། །རང་དང་མཉམ་པ་དང་རྩོད་པར་བྱེད་དོ། །རང་ལས་དམན་པ་ལས་ང་རྒྱལ་བྱེད། ཡོད་པ་དང་མེད་པའི་ཡོན་ཏན་གྱིས་བསྟོད་
Vol. 106 · folio 243a
ན་ཁེངས་པར་བྱེད། དེའི་སྐྱོན་བརྗོད་པ་ཐོས་ནས་ཁོང་ཁྲོ། དེ་བས་བྱིས་པ་ལ་ཕན་པ་ནམ་ཡང་མེད་དོ། །བྱིས་པ་གཅིག་ལས་བྱིས་པ་གཞན་ལ་ངེས་པར་མི་དགེ་བ་འབྱུང་སྟེ། ཐོས་པ་ལ་སོགས་པའི་སྒོ་ནས་བསྔགས་པས་རང་ལ་བསྟོད་པ་དང་།
གཞན་ལ་ཐོས་པ་ལ་སོགས་པ་སྦེད་ཅིང་སྐྱོན་བརྗོད་པས་སྨོད་པ་དང་འདོད་པའི་ཡོན་ཏན་བརྗོད་པས་འཁོར་བར་དགའ་བའི་གཏམ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་གཞན་ལ་ཡང་དེ་གཉིས་དང་ཚོགས་པས་མི་དགེ་བ་གང་རུང་ངེས་པར་འབྱུང་། རྒྱུ་མཚན་དེས་བྱིས་པ་དང་ཚོགས་པ་ནི་
དོན་མ་ཡིན་པ་དང་ཚོགས་པ་ཉིད་དོ། །དེ་བས་བྱིས་པའི་ཚོགས་དང་བྲལ་བ་གཅིག་པུའི་བདེ་བ་སྤྱད་པར་བྱའོ་ཞེས་ལུས་ཀྱི་དབེན་པའོ། །ཉོན་མོངས་པ་དང་བྲལ་བའི་སེམས་དང་ལྡན་པ་ནི་སེམས་ཀྱི་དབེན་པའོ། །འོ་ན་ལུས་དང་སེམས་ཀྱི་དབེན་པ་ཐོབ་པ་རྣམས་བྱིས་པ་དང་ཚོགས་ན་ཇི་ལྟར་
བྱེད་ཅེ་ན། བྱིས་པ་ལས་རིང་དུ་སོང་ནས་བྱོལ་ཏེ། ཇི་ལྟར་དེ་དང་འབྲེལ་པར་མི་འགྱུར་རོ། །གལ་ཏེ་མ་ཚོར་བར་སློབ་ན་དེའི་ཚེ་དགའ་བའི་སྤྱོད་པས་མགུ་བར་བྱའོ། །འདྲིས་པའི་ཆེད་དུ་མ་ཡིན་ཏེ། འོན་ཀྱང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་ཅིང་མཐའ་གཉིས་སུ་མ་ལྷུང་བ་
བཞིན་ནོ། །གྲོང་ལ་རྒྱུ་ན་ཆོས་ཀྱི་དོན་ཙམ་ཆོས་གོས་དང་བསོད་སྙོམས་བླངས་ཏེ། བུང་བ་མེ་ཏོག་ལ་སྦྲང་རྩི་ལེན་པ་ལྟར། ཀུན་ལ་སྔོན་ཆད་མ་མཐོང་བ་བཞིན་འདྲིས་པ་མེད་པར་སྤྱད་པར་བྱའོ། །རྙེད་པ་ལ་སོགས་པ་ལ་ཆགས་པ་སྤོང་བར་བཤད་དེ། རྙེད་པ་ནི་སྣམ་སྦྱར་ལ་
སོགས་པའོ། །བཀུར་སྟི་ནི་སྐྱེ་བོ་རྣམས་ཀྱིས་བྱས་པའོ། །མི་མང་པོ་ཞིག་གིས་བཀུར་བར་ཞུས་ནས། ཅིག་ཅར་བྱུང་བའི་འཆི་བ་ལས་འཇིགས་པ་འབྱུང་ངོ་། །དེ་ནི་འདི་ལྟར་སྤྱད་ན་མི་འབྱུང་བར་བཤད་དེ། ཡིད་བདེ་བར་རྒྱལ་བ་གང་དང་གང་དུ་ཆགས་པར་འགྱུར་བ་དེ་དང་དེར། སྡུག་
བསྔལ་ཉིད་སྟོང་འགྱུར་དུ་ཡོངས་སུ་སྨིན་པར་འགྱུར་རོ། །དེ་བས་མཁས་པས་རྙེད་པ་ལ་སོགས་པ་ལ་ཆགས་པར་མི་བྱའོ། །གང་གི་ཕྱིར་འདོད་པ་ལས་འཇིགས་པ་སྐྱེའོ། །གཞན་ཡང་རྙེད་པ་ལ་སོགས་པ་འདི་དག་མི་རྟག་པ་ཡིན་པར་རང་གི་ངང་གིས་ཉམས་ཏེ། བསྟན་པ་བརྟག་པར་
Vol. 106 · folio 243b
བྱའོ། །ཉམས་པའི་རང་བཞིན་ལ་ཞེན་པས་ཅི་སྟེ། འདི་ལྟར་སྔོན་དུ་རྙེད་པ་དང་གྲགས་པ་ཅན་མང་དུ་བྱུང་སྟེ། བྱུང་ཀྱང་ཉམས་པའི་རང་བཞིན་ཡིན་པས་རྙེད་པ་དང་གྲགས་པ་དང་བཅས་པ་གར་སོང་མི་ཤེས་སོ། །དེ་རྙེད་པ་དང་དེ་མ་ཡིན་པ། གྲགས་པ་དང་དེ་མ་ཡིན་པ། བདེ་བ་
དང་སྡུག་པ་བསྟོད་པ་དང་སྨད་པ་ལ་མི་ཞེན་པར་བཤད་དེ། བསྟོད་པ་བྱས་པས་བདག་ཅི་སྟེ་དགའ། གང་གི་ཕྱིར་བདག་ལ་གཞན་སྨོད་པའོ། །བདག་ལ་སྨོད་པས་ཅི་སྟེ་མི་དགའ། གང་གི་ཕྱིར་བདག་ལ་གཞན་གྱིས་བསྟོད་པའོ། །སྨད་པ་མི་བྱེད་པའི་ཕྱིར་འདི་དག་མགུ་བར་བྱེད་པ་མི་
ནུས་པར་བཤད་དེ། སེམས་ཅན་མོས་པ་རྣམ་པ་སྣ་ཚོགས་པས་རྒྱལ་བས་ཀྱང་མགུ་བར་མི་ནུས་ན། བདག་མི་ཤེས་པས་ལྟ་ཅི་དགོས། དེ་བས་འཇིག་རྟེན་བསམ་པ་བཏང་ངོ་། །གཞན་ཡང་རྙེད་པ་མེད་པ་ལ་བསོད་ནམས་མ་བསགས་པ་ཞེས་སྨོད། རྙེད་པ་ཅན་ལ་སྤྱོད་ལོག་གིས་གཞན་
གྱི་མགོ་བསྐོར་ནས་རྙེད་དོ་ཞེས་འཕྱའོ། །གཞན་དུ་ན་གཞན་ལ་ཡོན་ཏན་མེད་དམ། ཁོ་གཅིག་པུས་རྙེད་པ་ཅི། རང་བཞིན་གྱིས་འགྲོགས་པར་དཀའ་བ་དེ་དག་དང་ཇི་ལྟར་དགའ་བར་འགྱུར། བྱིས་པ་སུ་དང་ཡང་མཛའ་བར་མི་འགྱུར་ཞེས་སངས་རྒྱས་ཀྱིས་གསུངས། གང་གི་ཕྱིར་
ཁོ་རང་གི་དོན་མ་གྲུབ་ན་དགའ་བར་མི་འགྱུར་བའི་ཕྱིར་རོ། །རང་གི་དོན་གྱི་སྒོ་ནས་དགའ་བ་གང་ཡིན་པ་དེ་ནི་མཛའ་བོ་དང་མ་ཡིན་གྱི། ཇི་ལྟར་རང་དོན་ཁོ་ནའི་ཕྱིར་ཏེ། ནོར་བརླག་ནས་གང་མི་དགའ་བ་དེ་ནོར་གྱི་ཐོག་ཏུ་མ་ཡིན་གྱི། འོན་ཀྱང་རང་གི་བདེ་བ་ཉམས་པས་སོ། །ལུས་ལ་
སོགས་པའི་དབེན་པའི་ཕྱིར་ནགས་ལ་སོགས་པ་དབེན་པའི་གནས་བཤད་དེ། ལྗོན་ཤིང་ལ་སོགས་པ་ནི་སྨོད་པ་མི་བྱེད་ལ། དེ་དང་རྗེས་སུ་མཐུན་པའི་སྤྱོད་པས་འབད་དེ་མགུ་བར་བྱེད་ཀྱང་མི་དགོས་པས། བསམ་པ་མི་མཐུན་པ་དང་བྲལ་བ་འགྲོགས་བདེ་བ་དང་ལྷན་ཅིག་ཏུ་གནས་པ་ན་
མ་འབྱུང་ཞེས་སྨོན་པའོ། །མི་མེད་པའི་ལྷ་ཁང་ངམ། ཤིང་དྲུང་ངམ། དགོན་པར་དུས་འདོད་པ་བཞིན་བསྡད་ལ་ནམ་ལྟོས་པ་མེད་པར་ཆགས་པའི་གནས་མེད་པར་རྒྱབ་ཏུ་མི་ལྟ་བར་འགྱུར་ཞིག་གུ། རིའམ་ནགས་ཀྱི་ཕྱོགས་སུས་ཀྱང་བདག་གིར་མ་བྱས་པ་ཆེད་དུ་མ་བྱས་པས་རང་
Vol. 106 · folio 244a
བཞིན་གྱིས་ཡངས་པ། སྟོང་པ་ཉིད་བསྒོམ་པ་དང་རྗེས་སུ་མཐུན་པར་རང་གི་དབང་གིས་བྱང་ཆུབ་ལ་སྤྱོད་ཅིང་དམིགས་པ་མེད་པར་ནམ་གནས་པར་འགྱུར། རྫའི་ལྷུང་བཟེད་ཙམ་གྱི་ནོར་ཅན། ཕྱག་དར་ཁྲོད་པ་ཡིན་པས་ཆོམ་རྐུན་མི་འདོད་པའི་གོས་ཅན།
དེ་བས་འཇིགས་པ་མེད་པར་ཞེན་པ་མེད་པས་ལུས་མི་སྲུང་ཞིང་ནམ་གནས་པར་འགྱུར། འདིས་ཀྱང་ཕྱི་ནང་ལ་ཞེན་པ་མེད་པར་བཤད་དོ། །ཚིགས་བཅད་གསུམ་གྱིས་དུར་ཁྲོད་ལ་སྤྱོད་པ་སྨན་པར་བཤད་དེ། རང་གི་ལུས་ཀྱི་གནས་དུར་ཁྲོད་དུ་སོང་ལ་སྔར་ཤི་བ་རྣམས་ཀྱི་ཀེང་རུས་དང་། རང་
གི་ལུས་འཇིག་པའི་ཆོས་ཅན་དུ་མགོ་སྙོམས་པར་ནམ་བྱེད་པར་འགྱུར། དེ་ཉིད་བཤད་དེ། བདག་གི་ལུས་ནི་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །བདག་ཏུ་འཁྲུལ་པའི་གནས། འཁྲུལ་པས་གཅིག་པུར་བརྟགས་པ། རྡུལ་ཕྲ་རབ་ཀྱི་ཕུང་པོའི་ལུས་དང་ལྷན་ཅིག་ཏུ་སྐྱེས་པ། རུས་པའི་དུམ་བུ་
རྣམས་ཀྱང་ཞིག་སྟེ་སོ་སོར་གྱུར་ན། མཛའ་བ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་བས་སྐྱེས་ནའང་འཆི་ནའང་གཅིག་པུ་ཡིན་པས། དེའི་སྡུག་བསྔལ་གྱི་ཆ་བུ་ལ་སོགས་པས་མི་ལེན་པས། དགེ་བའི་བར་ཆད་དེ་དག་གིས་ཅི་བྱ། ལམ་དུ་ཞུགས་པས་ནུབ་མོ་སྡོད་པའི་ཕྱིར་
གནས་འཛིན་པ་ལྟར་རིས་དྲུག་ཏུ་འཁོར་བས་སྐྱེ་བ་ལེན་པ་སྟེ། ཡུན་རིངས་མི་གནས་པས་དེ་ལ་ཆགས་པར་མི་བྱའོ། །ཚིགས་བཅད་གསུམ་གྱིས་གཅིག་པུར་གནས་པའི་ཡོན་ཏན་བཤད་དེ། ཁང་པ་འདོར་མི་ནུས་ཀྱང་ཕྱིས་བཙན་ཐབས་སུ་འདོར་དགོས་པར་ཤེས་ནས། འཆི་ན་ཁྱིམ་དེ་ལས་
མི་བཞིས་ཇི་སྲིད་ཕྱི་རོལ་དུ་མ་བཏོན་གྱི་བར་དུ། བུ་ཀྱི་ཧུད་ཅེས་བྱ་བ་ལ་སོགས་པ་འཇིག་རྟེན་པས་མྱ་ངན་མ་བྱས་ཀྱི་བར་དུ་ནགས་སུ་འགྲོ་བར་བྱའོ། །ལུས་འདི་ལ་བསྟོད་ཀྱང་དགའ་བ་མེད། མི་མཐུན་པ་ལ་ཡང་ཁོང་ཁྲོ་བ་མེད། གཉི་ག་ལ་ཉམས་ཏེ་བེམས་པོ་ཡིན་པའི་ཕྱིར། དེ་
གཉིས་མེད་པས་སྔོན་དུ་སྐྱེ་བའི་དུས་ཁོ་ནར་འཆི་སྟེ། སེམས་པ་མེད་པས་མཚུངས་པའི་ཕྱིར། འཆི་བའི་ཚེ་ནའང་འཇིག་རྟེན་གྱི་མྱ་ངན་གྱིས་མྱ་ངན་མི་བྱེད་དེ། བེམས་པོ་ཡིན་པའི་ཕྱིར་རོ། །ཉེ་བར་གྱུར་པའི་ཉེ་དུ་རྣམས་དེ་དང་བྲལ་བའི་གདུང་བས་ནགས་སུ་གནས་པའི་ཡིད་ལ་གནོད་པ་
Vol. 106 · folio 244b
མི་བྱེད་དེ། དྲུང་ན་མེད་པའི་ཕྱིར་རོ། །སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དང་། སོགས་པའི་སྒྲས་དེ་ཁོ་ན་ཉིད་དམིགས་པ་ལ་སོགས་པ་ལ་གཡེང་བར་བྱེད་པ་འང་མེད་དོ། །དེ་བས་བུ་ལ་སོགས་པ་གསོ་མི་དགོས་པས་ཚེགས་ཆུང་བ་ངེས་པར་ལེགས་པར་སྐྱེར་རུང་བ། གཡེང་བ་ཐམས་ཅད་
ཞི་བ་ཉམས་དགའ་བར་རྟག་ཏུ་གཅིག་པུར་གནས་པར་བྱའོ། །ལུས་ཀྱི་དབེན་པ་བཤད་ནས་སེམས་ཀྱི་དབེན་པ་བཤད་དེ། བསམ་པ་གཞན་ཐམས་ཅད་སྤངས་ནས་རང་གི་སེམས་གཅིག་ཏུ་དམིགས་པའི་ཡིད་ཀྱིས་སེམས་ཀྱི་ཞི་གནས་དང་། དུལ་བར་བྱ་བའི་ཕྱིར་འབད་པར་བྱའོ། །
ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ཡིན་པས་རྣམ་རྟོག་སྤང་བར་བཤད་དེ། འདོད་པའི་ཡོན་ཏན་ལྔ་ནི་ཕུང་ཁྲོལ་བྱེད་དེ། འདི་དང་ཕ་རོལ་དུ་འདིར་ནི་བཅིང་གསོད་གཅོད་པ་ཡིས། ཇི་ལྟར་ཚངས་པའི་མཆོད་སྦྱིན་གྱི་གཞན་གྱིས་གསོད་མི་ནུས་པ་ལྷ་མོ་སྤུན་གཉིས་སུན་དྷ་དང་ཨུ་པཱ་
སུ་བྷའི་མིང་ཅན་ཏི་ལོ་ཏ་མ་རིག་འཛིན་མ་ལ་ཆགས་པས་ཕན་ཚུན་དུ་བརྩེ་བ་སྤངས་ཏེ་འཐབས་པས་ཤིའོ། །སི་ཏའི་ཆེད་དུ་ར་མ་ཎ་ཤིའོ། །ཕ་རོལ་དུ་དམྱལ་བ་ལ་སོགས་པར། དམྱལ་བྱས་ཤལ་མ་རི་ཡི་སྡོང་། །ཚེར་མ་སོར་ནི་བཅུ་དྲུག་ཅན། །རྣོ་ཤིང་འབར་བ་བཙན་ཐབས་སུ། །
འདོད་ལོག་སྤྱོད་རྣམས་འཛེག་པར་བཅུག །ཅེས་བྱ་བ་ལ་སོགས་པའོ། །གཞན་གྱི་བུད་མེད་ལ་སོགས་པའི་ཆེད་དུ་གང་ཕོ་ཉ་དང་ཕོ་ཉ་མོ་ལ། དེའི་སྐད་དང་དེས་བསྐུར་བའི་ནོར་ཁྱེར་བའི་དོན་དུ། ཐལ་མོ་སྦྱར་བ་ཁྱོད་ཀྱི་དྲིན་གྱིས་ང་དང་དེ་ཕྲད་པར་ཇི་ལྟར་འགྱུར་བ་དེ་ལྟར་མཛོད་ཅིག་ཅེས་
སོ། །འདོད་པ་གང་གི་ཆེད་དུ་སྡིག་པའམ། བཀྲབས་པ་མ་ཡིན་པ་སྔོན་ཅི་ཡང་མི་བསྒོམ་པའོ། །འཇིགས་པའི་གནས་རྒྱལ་པོའི་བཙུན་མོའི་ས་ལ་སོགས་པར་རང་ལུས་ཕྱིན་པ་དང་། གོས་དང་རྒྱན་དང་བྱུག་པ་དང་། ག་བུར་ལ་སོགས་པའི་ནོར་ཟད་པར་བྱས་པ། གང་ཞིག་
བརྟན་པར་འཁྱུད་ནས་ཚིམ་པར་འགྱུར། དུར་ཁྲོད་ན་གནས་པའི་ཀེང་རུས་བསྟན་ནས་བཤད་དེ། རུས་པ་དེ་ཉིད་འདི་ཡིན་གྱི་གཞན་མ་ཡིན་ཏེ། དེ་ཉིད་ཤི་བའི་འོ། །ཁྱད་པར་དུ་ད་ལྟ་རང་དབང་དུ་གྱུར་པ་བདག་གིར་མ་བྱས་པ་འདོད་པ་བཞིན་དུ་འཁྱུད་ནས་ཅི་སྟེ་ཁྱོད་ཚིམ་པར་མི་བྱེད། དེ་བས་
Vol. 106 · folio 245a
ཁྱོད་རྨོངས་པ་ཡིན། འདི་ལྟ་བུ་མི་རྟག་པ་སྙིང་པོ་མེད་པ་མི་གཙང་བ་ལ་ཆགས་ནས་འཇིག་རྟེན་གཉིས་མེད་པར་བྱེད་དོ། །རང་གི་ཆུང་མ་ལ་ཆགས་པ་ལ་ལྟོས་ནས་བཤད་དེ། གསལ་བར་བལྟ་བའི་ཕྱིར་ངོ་ཚས་ལེ་ལོ་ཅན་ཆུང་མའི་གདོང་ཤིན་ཏུ་ཆགས་པའི་
སེམས་ཀྱིས་ཁྱོས་འབང་དེ་བཏེག་ཀྱང་ཆུང་མས་ངོ་ཚ་སྟེ་འོག་ཏུ་བྱེད་ཅིང་། དུར་ཁྲོད་དུ་མ་འོངས་ཀྱི་གོང་དུ་མཐོང་ངམ་མཐོང་བ་བྱུང་ཚད་གང་གི་ཕྱིར། ཡུལ་མ་ཐུར་རམ། དབུས་སུ་རིགས་ཀྱི་བུ་མོ་རྣམས་ཀྱི་གདོང་པ་དྲ་བས་བཀབ་པའོ། །གདོང་པ་དེ་ད་ལྟ་དུར་ཁྲོད་དུ་བྱ་རྒོད་ཀྱིས་བསལ་
བར་བྱས་པ་འདོད་པ་བཞིན་དུ་ལྟོས་ཤིག །དེ་ཇི་ལྟ་བུ་ཞེ་ན་གདོང་བལྟ་བའི་ཆེད་དུ་ཁྱོད་ངལ་བས་མི་བཟོད་པས་བཞིན་ནོ། །མ་རུངས་པ་མཐོང་ནས་འཇིགས་ཤིང་ཁྱོད་ཅི་སྟེ་འབྲོས། སུས་ཀྱང་མཐོང་བར་མ་གྱུར་ཅིག་ཅེས་བསམས་ནས་གཞན་གྱི་མིག་ཟུར་ལས་ཀྱང་གང་བསྲུངས་པ།
དེ་ནི་ད་ལྟ་བྱ་རྒོད་ལ་སོགས་པས་ཟོས་པའི་བར། ད་ཀྱེ་སེར་སྣ་ཅན་ཁྱོད་ཀྱིས་ཅི་སྟེ་མི་སྲུང་། དེ་ལྟར་གདོང་པ་བཤད་ནས་ལུས་འཆད་དེ། བྱ་རྒོད་ལ་སོགས་པའི་ཟས་ཤའི་ཕུང་པོ་མ་རིག་པས་ཁྱོད་ཀྱིས་ཕྲེང་བ་དང་ཙནྡ་ལ་སོགས་པས་གང་དང་པོ་མཆོད་པ། དེ་ནི་བྱ་རྒོད་དང་དེ་
ལས་གཞན་ཝ་ལ་སོགས་པས་ཟོས་པས་མི་སྡུག་པ་མཐོང་ན་སེར་སྣ་ཅན་ཅི་སྟེ་མི་སྲུང་ཞེས་པ་དང་སྦྱར་རོ། །ཀེང་རུས་ལ་བརྟེན་ནས་བཤད་དེ། མི་གཡོ་བ་ཤིང་དང་འདྲ་བ་མི་སྡུག་པ་ཀེང་རུས་མཐོང་ནས། གལ་ཏེ་ཁྱོད་འཇིགས་སྐྲག་ན་དེའི་ཚེ་འབྱུང་པོའི་རྫས་འབྱུང་བ་ལྟར་སྲོག་རླུང་
གིས་གཡོ་བར་བྱས་པ་ལས་གསོན་པའི་དུས་སུ་ཅི་སྟེ་མི་སྐྲག་སྟེ། ཤིན་ཏུ་སྐྲག་པར་རིགས་སོ། །པགས་པ་སྲབ་པས་གཡོགས་ཀྱང་གང་ལ་ཆགས་པ་དེ་མ་གཡོགས་པ་ཅི་སྟེ་མི་དགའ། མི་གཙང་བ་དེས་དགོས་པ་མེད་ཅེ་ན། འོ་ན་ཅིའི་ཕྱིར་པགས་པ་སྲབ་པས་བཀབ་པ་ཉེད་པར་
བྱེད། དེའི་ཚེའང་དེ་དེ་བཞིན་ཡིན་པས་སྤྱད་པ་མེད་པའོ། །དྲེད་པ་ཁ་ཆུ་ལ་དགའ་བ་ཉེ་བར་བསྡུས་ཤིང་བཤད་དེ། བཟའ་བཏུང་རིགས་གཅིག་པ་ཁོ་ན་ལས་བུད་མེད་འདི་དག་ལས་ཁ་ཆུ་དང་མི་གཙང་བ་སྐྱེ་ན། དེ་ལ་མི་གཙང་བ་ལ་མི་དགའ་ན། མ་མཆུ་འཐུང་བ་ལ་ཇི་ལྟར་དགའ་
Vol. 106 · folio 245b
བར་རིགས། གཞན་ཡང་ཤིང་བལ་གྱིས་བཀང་བ་རེག་བྱ་འཇམ་པའི་སྔས་ཟླུམ་པོས་མི་དགའ་བར་བྱེད། འོན་ཀྱང་བུད་མེད་ཀྱི་ནུ་མ་ལ་དགའ་སྟེ། སྔས་ནི་མི་གཙང་བའི་དྲི་མི་བྲོ་བ་ཞེས་སྤྱད་ནས་ཁྱད་པར་ཤེས་ཏེ་དེ་མེད། འདོད་ཆགས་ཅན་ལ་མི་གཙང་བས་རྨོངས་ཏེ། མི་
གཙང་བ་ལ་གཙང་བར་འཁྲུལ་པས་སོ། །གལ་ཏེ་ཁྱོད་མི་གཙང་བ་ལ་ཆགས་པ་མེད། ཅི་སྟེ་གཞན་ལ་འཁྱུད། དེ་ཅི་ལྟ་བུ་ཞེ་ན། ཤ་ཁོ་ན་འདམ་ལྟ་བུ་སྟེ། དེས་བྱུགས་པ་རྒྱུས་པས་སྦྲེལ་བ་ཀེང་རུས་སོ། །གལ་ཏེ་མི་གཙང་བ་ལ་ཆགས་པ་ཡོད་ན་རང་གི་མི་གཙང་བ་
མང་དུ་ཡོད་ཀྱི་ཁྱེད་ཀྱི་ལུས་ལ་ཁ་ཆུ་དང་། སྣབས་དང་། ཀླད་པ་དང་། ཆུ་དང་། བཤང་བ་ལ་སོགས་པ་དེ་ཉིད་ཀྱིས་ཚིམ་པར་གྱིས་ཤིག །མི་གཙང་བའི་སྤུང་བ་གཞན་བུད་མེད་ཀྱི་གཟུགས་ཀྱིས་མི་གཙང་བ་བརྐམ་པས་སེམས་པར་མི་བྱའོ། །གལ་ཏེ་འདི་དང་དགའ་
བས་འདིའི་ཤ་བལྟ་བ་དང་རེག་པར་འདོད་པར་ཁྱོད་འདོད་ཅེ་ན། ཀྱེ་སྤྱོད་ཅིག་རང་བཞིན་གྱིས་སེམས་པ་མེད་པའི་ཤ་ལུས་བེམས་པོ་ཡིན་པའི་ཕྱིར་རོ། །ཁྱོད་ཀྱི་རེག་པ་དེས་མི་མྱོང་བས་ཁྱོད་འདོད་པ་ཅི། མཛའ་བོ་མགུ་བར་འདོད་ཅེ་ན། གང་སེམས་མགུ་བར་འདོད་པ་དེ་རེག་པ་
དང་བལྟ་བར་ཡང་མི་ནུས་ཏེ། གཟུགས་མ་ཡིན་པའི་ཕྱིར་རོ། །གང་ནུས་པའི་ལུས་དེས་མི་ཤེས་ཏེ། སེམས་པ་མེད་པའི་ཕྱིར་རོ། །དགོས་པ་མེད་པར་འཁྱུད་ནས་ཅི་ཞིག་བྱ། གཞན་གྱི་ལུས་མི་གཙང་བའི་རང་བཞིན་ཁྱོད་ཀྱིས་མི་ཤེས་པ་ངོ་མཚར་མེད་དེ་ལྐོག་ཏུ་གྱུར་པས་
སོ། །རང་གི་མི་གཙང་བའི་རང་བཞིན་མངོན་སུམ་ཡིན་ཀྱང་མ་ངེས་པས་གཏི་མུག་ཆེ་བ་ལ་ངོ་མཚར་སྐྱེའོ། །བུད་མེད་ཀྱི་གདོང་པ་པདྨ་ལྟ་བུ་ལ་སྐྱོན་བཤད་དེ། སྤྲིན་གྱིས་མ་བཀག་པའི་ཉི་མའི་འོད་ཟེར་གྱིས་ཁ་ཕྱེ་བ་པདྨ་གསར་པ་སྤངས་ནས་མི་གཙང་བ་ལ་ཆགས་པའི་སེམས། མི་
གཙང་བའི་ཀེང་རུས་ལ་ཅི་སྟེ་དགའ་ཞེས་ངོ་མཚར་རོ། །ས་དང་སོགས་པའི་སྒྲས་གོས་ལ་སོགས་པ་མི་གཙང་བས་གོས་པས་རེག་ཏུ་མི་འདོད། གཙང་བར་འདོད་པས་དེ་མི་གཙང་བའི་ལུས་གང་ལས་བྱུང་བ་ལུས་དེ་ཇི་ལྟར་རེག་པར་འདོད་མ་རིག་པ་ཆེ་བས་སོ། །གཞན་ནི་བུད་མེད་
Vol. 106 · folio 246a
ཀྱི་གཟུགས་ཏེ། མི་གཙང་བའི་ཞིང་ནི་མའི་མངལ་ཏེ་དེ་ལས་བྱུང་བ། ཕ་དང་མའི་དཀར་དམར་གྱི་ས་བོན་ཅན། མས་བཟའ་བཏུང་བྱས་པའི་རྒྱུ་མཐུན་གྱིས་གསོ། །ཕྱི་རོལ་ཏུ་འཐོན་ནས་མའི་ནུ་ཞོས་གསོ། །གལ་ཏེ་མི་གཙང་བ་ལ་ཁྱོད་ཆགས་པ་ཡིན་ན། འོ་
ན་སྔར་མ་མཐོང་བའི་དངོས་པོ་ལ་ཆགས་པ་སྐྱེ་སྟེ། མི་གཙང་བ་ཁོ་ན་ལ་ཁྱོད་སྐྱེས་པ་མ་མྱོང་བ་མ་ཡིན། གཞན་ཡང་མི་གཙང་བ་ལས་བྱུང་བ་འདོད་ན། མི་གཙང་སྲིན་ཅི་སྟེ་མི་འདོད། མི་གཙང་བ་མང་བའི་བུད་མེད་ཀྱི་ལུས་ཁོ་ན་འདོད་པ་མི་རིགས་ཏེ། གཉི་ག་མཚུངས་པས་སོ། །
གཞན་ཡང་ཁྱེད་ཀྱིས་འདིར་གཏི་མུག་ཆེན་པོ། རང་གི་མི་གཙང་བ་ལ་མི་སྨོད་པ་འབའ་ཞིག་པ་མ་ཡིན་གྱི་གཞན་མི་གཙང་བའི་བུམ་པ་རྣམས་འདོད་པས་སྤྱོད་མེད་ལ་སྨོད། གང་གི་ཕྱིར་འཇིག་རྟེན་དུ་ག་པུར་ལ་སོགས་པ་དང་། སཱ་ལུའི་འབྲས་དང་ཚོད་མ་སྙིང་ལ་འདོད་པ་ཁར་བཅུག་
སྟེ་བོར་ན་དེ་དང་འབྲེལ་པས་ས་ཡང་མི་གཙང་བར་འདོད། དེ་དག་ལྟ་ཅི་སྨོས། ཤིན་ཏུ་རྨོངས་པའི་གལ་ཏེ་མངོན་སུམ་དུ་གྱུར་པ་བུད་མེད་ཀྱི་གཟུགས་མི་གཙང་བར་མ་ངེས་ན་དེའི་ཚེ་དུར་ཁྲོད་དུ་བོར་བ། ཅུང་ཟད་ཟོས་པ། སྔོན་པོར་གྱུར་པ། རུལ་པ་ལ་སོགས་པ་མི་སྡུག་པ་འཇིགས་སུ་
རུང་བ་གཞན་ཡང་ལྟོས་ཤིག །རང་བཞིན་གྱིས་མ་རུངས་པས་པགས་པ་བཤུས་པའི་ལུས་ལ་འཇིགས་པ་ཆེན་པོ་སྐྱེ་སྟེ། དེ་ལྟར་ཤེས་ཀྱང་དེ་ལ་དགའ་བ་ཇི་ལྟར་སྐྱེ། འོ་ན་ཙནྡན་བསྐུས་ན་ཡིད་དུ་འོང་བར་འགྱུར་ཞེ་ན། སྨྲས་པ། དྲི་འདི་ལུས་ལ་བསྐུས་ཀྱང་ཙནྡན་ཁོ་ན་ལས་
ཡིན་གྱི་ལུས་ལས་མ་ཡིན་ནོ། །དེ་བས་གཞན་གྱི་དྲིས་གཞན་ལ་ཆགས་པ་ཅི། གལ་ཏེ་རང་བཞིན་གྱི་དྲི་ང་བས་འདིར་བུད་མེད་ཀྱི་གཟུགས་ལ་ཆགས་པ་མི་སྐྱེ་ན། ལེགས་མིན་ནམ། དེ་ལྟར་ཡོན་ཏན་ཡོད་ཀྱང་འཇིག་རྟེན་དོན་མེད་སྲིད་པ་ཅི། ལུས་དེ་ལ་གླ་རྩི་ལ་སོགས་པའི་དྲི་
བྱུགས་སོ། །བྱུག་པ་བྱས་ཀྱང་གཙང་དུ་མི་འགྲོ་བར་བཤད་དེ། ལུས་རང་བཞིན་གྱིས་དྲི་ང་བ་ལ་ཙནྡན་དྲི་ཞིམ་པས་ཁྱད་པར་ཅི་བྱུང་། དྲིའི་སྟོབས་ཀྱིས་དེ་ཡིད་དུ་འོང་བར་བྱུང་ཞེ་ན། གཞན་དྲིས་གཞན་ལ་ཆགས་པ་ཅི། །སྐྲ་ལ་སོགས་པ་ལ་འདུས་བྱས་པ་ཡང་དོན་མ་ཡིན་པར་
Vol. 106 · folio 246b
ཚིགས་བཅད་གཉིས་ཀྱིས་བཤད་དེ། གལ་ཏེ་མ་བཅད་པས་སྐྲ་དང་སེན་མོ་རིང་བ་དང་། མ་བཀྲུས་པས་དྲི་མ་ཆགས་པས་དྲི་མའི་འདམ་དང་ལྡན་པ། གོས་མེད་པས་གཅེར་བུ་ཡི་དགས་ཀྱི་བཞིན་དུ་རང་བཞིན་གྱིས་འཇིགས་སུ་རུང་བའི་ལུས། རང་གསོད་པའི་ཕྱིར་མཚོན་ལ་
བཞིན་དུ། ཅི་སྟེ་དེ་ལ་འབད་དེ་བྱི་དོར་བྱེད། བདག་ཉིད་ཤེས་བཞིན་དུ་རྨོངས་པར་བྱེད་པ་ལ་བརྩོན་པ་སྨྱོན་པ་རྣམས་ཀྱིས་ཀྱི་ཧུད་ས་གཞི་ནི་དཀྲུགས་སོ། །འཕྲལ་ལ་བྱུང་བ་བཤད་ནས་གནས་སྐབས་བཤད་དེ། རུས་གོང་འབའ་ཞིག་དུར་ཁྲོད་དུ་མཐོང་ནས་ཁྱེད་ལ་ཡིད་བྱུང་སྐྱེས་
ན། གྲོང་ཁྱེར་ཉིད་དུར་ཁྲོད་དེ་མཚན་མོ་གཉིད་དུ་སོང་ནས་རང་བཞིན་གྱིས་དབྱེ་བ་མེད་པར་སེམས་ཅན་ལ་འདིར་དབུགས་རྒྱུ་བས་ཁྱད་པར་དུ་གཡོ་བའི་རུས་གོང་གིས་ཁྱབ་པ་ལ་ཅི་སྟེ་དགའ། དེས་ན་ལུས་བེམས་པོ་ཡིན་པས་གཡོ་བ་ཁོ་ན་ཁྱད་པར་ཡིན་པར་བཤད་དོ། །དེ་ལྟར་བཤད་
པའི་རིགས་པས། བུད་མེད་ཀྱི་ལུས་མི་གཙང་བ་ཡིན་ཀྱང་། རིན་མེད་ན་མི་རྙེད་རིན་གྱི་ཆེད་དུ་ནོར་ཚོལ་བ་ལ་ཤ་ཐང་བའི་དུཿཁ་དང་། གཞན་གྱི་བུད་མེད་བླངས་པས་དམྱལ་བ་ལ་སོགས་པར་གནོད་པར་འགྱུར། ནོར་སྤེལ་བའི་ནུས་པ་ཡང་བྱིས་པའི་དུས་སུ་མེད། དེ་མ་བྱས་ན་དར་
ལ་བབ་ན་ཅིས་བདེ་བར་འགྱུར། དེར་ནོར་སྤེལ་ན་ཚེ་གཏུགས་པར་འགྱུར། གང་ཕ་དང་མེས་པོས་སྤེལ་བའི་ནོར་གྱིས་དར་ལ་བབ་པའི་དུས་སུ་བདེ་བ་དེ་ཡང་ཉུང་སྟེ། སྐལ་བ་དང་མི་ལྡན་པ་ཐམས་ཅད་ཉམས་པའི་ཕྱིར་རོ། །རིན་མེད་པར་མི་རྙེད་པ་དང་། དམྱལ་བ་ལ་སོགས་
པར་སྡུག་བསྔལ་བ་འདི་ནི་མཚུངས་སོ། །ཚེ་རྒས་པ་ལ་སོགས་པ་ལ་ལོངས་སྤྱོད་པའི་ནུས་པ་མེད་དོ། །ནོར་སྤེལ་བ་ལ་ཡང་བདེ་བ་ཡོད་ཅེ་ན། སྨྲས་པ། སྨད་པ་འགའ་ཞིག་ཤིང་དང་རྩྭ་ལ་སོགས་པ་ཁུར་འོངས་པས་ལུས་དང་ཡིད་ངལ་ཏེ། ཉི་མ་ནུབ་པ་ནས་ཁྱིམ་དུ་འོངས་
ནས། ཞག་རེ་རེ་ཞིང་ཤི་བ་ལྟར་ཉལ་ཏེ། དེ་ལ་བདེ་བ་ག་ལ་ཡོད། རྒྱལ་པོའི་ཕོ་ཉ་འགའ་ཞིག་ཡུལ་གཞན་དུ་རིང་དུ་འགྲོ་བས་ཤ་ཐང་གི་སྡུག་པ། ལོ་དུ་མར་ཡང་བུ་དང་ཆུང་མ་ལ་སོགས་པ་མི་མཐོང་སྟེ། བུ་སྨད་ཀྱི་དོན་དུ་རྒྱལ་པོ་བསྟེན་ཀྱང་ངོ་། །མྱ་ངན་བྱེད་ཅིང་དེ་ཉིད་
Vol. 106 · folio 247a
བཤད་དེ། བདེ་བའི་དོན་དུ་བདག་གཞན་གྱི་བྲན་དུ་བྱས་ཀྱང་འདོད་པས་རྨོངས་པ་དག་གིས་བདེ་བ་དེ་མ་ཐོབ་དོན་མེད་གཞན་གྱིས་བྱ་བས་ཚེ་ཟད་པར་བྱས་དགེ་བ་ལ་མ་སྦྱར་བ་སྨོད། བདེ་བ་འདོད་པས་བདག་གཞན་དབང་དུ་བྱས་པ་འགའ་ཞིག་གཞན་གྱི་དོན་དུ་ཆུང་
མ་དང་བཅས་པར་འགྲོ་བ་ལ་ལམ་དུ་ནགས་ལ་སོགས་པར་ཆུང་མ་བུ་བཙས་ཏེ། དེའི་ཚེ་བདེ་བ་ག་ལ་ཡོད། སྦྲུམ་མ་འམ་བྱིས་པ་ཁུར་བ་དང་ལྷན་ཅིག་ཏུ་འགྲོ་བ་ལ་རྟག་ཏུ་སྡུག་པ་ཁོ་ནའོ། །འཁྲུལ་པ་ཁོ་ན་བཤད་དེ། འགའ་ཞིག་གསོན་པའི་དོན་དུ། གསོན་པ་ཐེ་ཚོམ་ཟ་བའི་
གཡུལ་དུ་འཇུག །གཞན་ནི་སྟོབས་ལྡན་གང་རུང་གིས་གནོད་པས་དེ་བཟློག་པའི་ཕྱིར་སོར་མོ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་གཞན་གྱི་བྲན་དུ་ཁས་ལེན་ཏེ། ལེན་པ་འདོན་པས་དཀྲུགས་པའོ། །འདི་ཉིད་དུ་སྡུག་བསྔལ་བཤད་དེ། འདོད་ལྡན་ཞེས་བྱ་བ་ལ་སོགས་པའོ། །
གཞན་གྱི་བུད་མེད་དམ་ནོར་འཕྲོག་པ་ལ་སོགས་པས་སོ། །ལྷག་མ་གོ་སླའོ། །ནོར་སྤེལ་བས་ཀྱང་སྡུག་བསྔལ་བར་བྱེད་ཅེས་བཤད་དེ། སྤེལ་བ་ནི་མེད་པ་བསྐྱེད་པས་ཀྱང་སྡུག་བསྔལ་བསགས་པ་ཡང་ཆུ་འམ་མེ་ལ་སོགས་པ་ལས་སྲུང་བར་དཀའ། དེ་བཞིན་དུ་བསྲུང་བ་ཆོམ་
རྐུན་ལ་སོགས་པས་ཉམས་སྒྱིད་ལུག་པའོ། །རྒྱུ་མཚན་དེ་དག་གིས་ནོར་ནི་ཕུང་ཁྲོལ་མཐའ་ཡས་པར་རྟོག་ཅིག །རྟག་ཏུ་སྤེལ་བ་ག་ལ་གཡེང་བས་ནོར་ལ་ཆགས་པའི་བློ་ལྡན་རྣམས་སྐྱེ་བ་ལ་སོགས་པའི་དུཿཁ་ལས་དགྲོལ་བའི་ཕྱིར་བསམ་གཏན་གྱི་སྐབས་མེད་དོ། །ཉེ་བར་བསྡུས་ཤིང་
བཤད་དེ། དེ་ལྟར་བཤད་པའི་རྣམ་པ་ཅན་ལ་ཉེས་དམིགས་སྣ་ཚོགས་པ་འཁྲུལ་བས་གང་བདེ་བ་དེ་ཡང་ཤིན་ཏུ་ལྕི་བའི་ཁུར་ཁུར་ཞིང་གླང་ཆེན་འགྲོ་བ་ལ་གཡས་གཡོན་དུ་ལྟོགས་པས་རྩ་ཟ་བ་ལྟ་བུའོ། །བདེ་བ་མནོག་ཆུང་ཕྱུགས་ཀྱིས་བསྒྲུབ་ནའང་བླ་བའི་དོན་དུ་ལས་ཀྱིས་མནར་བས་སྔར་
བཤད་པའི་དལ་འབྱོར་རྙེད་པར་དཀའ་བ་འཇོམས་སོ། །གཉིས་ཀྱི་མྱ་ངན་བཤད་དེ། མི་རྟག་པས་ཅིས་ཀྱང་འཇིག་པ་བེམས་པོ་ཡིན་པས་འཇིག་རྟེན་ལས་འདས་པའི་དོན་མི་ནུས་པས་ཆུང་བ་དེའི་དོན་དུ་མི་དགེ་བ་སྤྱད་པས། དམྱལ་བ་ལ་སོགས་པར་ལྷུང་བར་བྱེད་པའི་ལུས་ཀྱི་དོན་དུ་གསོ་
Vol. 106 · folio 247b
བའི་ཕྱིར་འཁོར་བ་ཐོག་མ་མེད་པ་ནས་གང་བྱས་པའི་དུབ་པ་དེའི་བྱེ་བ་བརྒྱའི་ཆ་ཙམ་གྱིས་སངས་རྒྱས་ཐོབ་པར་འགྱུར་རོ། །འོ་ན་བྱང་ཆུབ་ཀྱི་སྤྱོད་པ་ལ་ཡང་སྡུག་བསྔལ་མཐའ་ཡས་པ་ཡོད་ཅེ་ན། སྨྲས་པ། སྤྱོད་པའི་སྡུག་བསྔལ་ལ་ལྟོས་ནས་འདོད་པ་ཅན་གྱི་སྡུག་བསྔལ་ཆེ་སྟེ། མི་
འདོད་ཀྱང་རྣམ་པ་དུ་མ་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་ནི་འདོད་བཞིན་དུ་དུས་ངེས་པ་ཅན་གཞན་དོན་དུ་སྡུག་བསྔལ་མྱོང་བ་ལ། གང་བྱང་ཆུབ་འབྱུང་བ་འདོད་པ་ཅན་ལ་དེ་མེད་དོ། །སྡུག་བསྔལ་ཁོ་ན་འབྱུང་ངོ་། །འདོད་པའི་རྣམ་པར་སྨིན་པ་དམྱལ་བ་ལ་སོགས་པའི་གནོད་པ། ལུང་ལས་
ཐོས་པ་དྲན་པའི་མཚོན་ལ་སོགས་པའི་གནོད་པ་ཡོངས་སུ་གྲགས་པ་དཔེར་མི་འགྱུར་རོ། །མཚོན་ལ་སོགས་པས་ལན་ཅིག་འཆི་ལ་འདོད་པས་སྐྱེ་བ་མང་པོར་སྡུག་བསྔལ་ལོ། །དེ་ལྟར་བཤད་པའི་རིགས་པས་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་སྐྱོ་བ་བསྐྱེད་དེ། སྤྱོད་ཡུལ་ཇི་སྲིད་པ་
བརྟགས་པ་ཡང་དེ་སྲིད་དེ་ལ་དམིགས་པའི་རྟོག་པ་འབྱུང་སྟེ། དམིགས་པ་དང་བཅས་པ་ཁོ་ན་སེམས་པ་སྐྱེའི་དམིགས་པ་མེད་པ་མ་ཡིན་ནོ་ཞེས་གསུངས་པའི་རྣམ་རྟོག་ཀུན་གྱིས་དབེན་པ། དམིགས་པ་ཀུན་གྱིས་སྟོང་པ་ལ་དགའ་བ་བརྟན་པ་བསྐྱེད་པར་བྱའོ། །གར་གནས་ཤེ་ན། མི་
མཐུན་པའི་ཕྱོགས་མེད་པས་རྩོད་པ་དང་ངལ་བ་མེད་པ་སྐྱེ་བོ་མེད་པས་དབེན་པ། གནོད་སྦྱིན་དང་། སྟག་དང་། སྦྲུལ་དང་། ཆོམ་རྐུན་ལ་སོགས་པ་མེད་པས་ཞི་བའི་ནགས་ཀྱི་ནང་དུའོ། །བསམ་གཏན་གྱི་ཕན་ཡོན་བཤད་དེ། སྐལ་ལྡན་ཞེས་བྱ་བ་ལ་སོགས་པའོ། །བསམ་གཏན་ནི་
གསུམ་སྟེ། དེ་ལྟར་བརྩོན་འགྲུས་སྤེལ་ནས་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་དང་། དེ་ལྟར་འདོད་པ་ལ་སྐྱོ་བ་བསྐྱེད་ནས་ཞེས་བྱ་བ་ལ་སོགས་པ་དངོས་གཞི། སྐལ་ལྡན་ཞེས་བྱ་བ་ལ་སོགས་པ་ཕན་ཡོན་ནོ། །ཟླ་བའི་འོད་ཟེར་ཁོ་ན་དཀར་བ་དང་བསིལ་བས་ཙནྡན་ཡིན་ཏེ་དེས་བསིལ་བ།
ཁང་བཟངས་ལྟར་ཡངས་པ་རྩུབ་པ་མ་ཡིན་པས་ཉམས་དགའ་བའི་རྡོ་ལེབ་ལ་སོགས་པ་སྐལ་བ་དང་ལྡན་པས་སྒྲ་མེད་པ། འཇམ་པ་ནགས་རླུང་གིས་གཡོབ་ཅིང་། ཐག་མི་རིང་བ་ལ་འགྲོ་འང་བྱེད་པས་འཆག་པ། བསམ་གཏན་དང་པོ་ལ་སོགས་པ་ཐོབ་པས། གཏི་མུག་གི་མུན་པར་ལྷུང་བའི་
Vol. 106 · folio 248a
སེམས་ཅན་ལ་ཕན་པའི་དོན་དུ་སེམས་པ་ཡང་ངོ་། །འདིར་ནི་མི་མཐུན་པ་མེད་པས་རྒྱལ་སྲིད་ཀྱི་བདེ་བས་འདི་ཁྱད་པར་དུ་འཕགས་སོ། །ཁང་སྟོང་ངམ་ཤིང་དྲུང་ངམ་རི་ཕུག་ལ་སོགས་པ་གང་རུང་དུ་ཇི་སྲིད་པར་གནས་ལ། ལུས་དང་སེམས་ཀྱི་དབེན་པ་ཐོབ་ནས་
འདོད་པ་ལྔ་ཡོངས་སུ་བཟུང་བ་དང་། བསྲུང་བའི་སྡུག་བསྔལ་དང་བྲལ་བ། ལྟོས་པ་མེད་པ་འདོད་པ་བཞིན་དུ་སྤྱོད་པའོ། །རང་གི་འདུན་པ་བཞིན་སྤྱོད་པ་རང་ཁྱིམ་མེད་པ། རྒྱལ་པོ་འམ་བློན་པོ་ལ་སོགས་པ་དང་འབྲེལ་པ། སྐྱོན་མཐོང་བས་ཡུལ་ལ་ལོག་པ། ཡོན་ཏན་མཐའ་ཡས་པའི་
ཆོས་ཉིད་ལ་དམིགས་པ། གང་ཆོག་ཤེས་པའི་བདེ་བ་ལ་ལོངས་སྤྱོད་པ། ཡུལ་ལ་ཞེན་པས་དབང་པོས་ཀྱང་དེ་རྙེད་པར་དཀའོ། །བཤད་པའི་རིམ་པས་དབེན་པའི་ཡོན་ཏན་བསྒོམས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྣམ་རྟོག་ཞི་བ། དབེན་པ་ཁོ་ན་ལ་དགའ་བ་འབའ་
ཞིག་པ་བསྒོམ་པ་མ་ཡིན་གྱི། ཉན་ཐོས་དང་ཁྱད་མེད་དུ་འགྱུར་བའི་ཕྱིར། འོན་ཀྱང་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །འདི་ནི་ཆོས་ཉིད་ཡིན་ཏེ། རིགས་པ་དང་ལྡན་པ་ལ་ཆོས་ཉིད་རྟོགས་པའི་རྗེས་སུ་སེམས་ཅན་ལ་སྙིང་རྗེ་སྐྱེ་བར་བཤད་དེ། བདག་དང་ཞེས་བྱ་བ་ལ་སོགས་པའོ། །
བདག་ཏུ་འཛིན་པ་གང་ཡིན་པ་སྲིད་པའི་རྒྱུ་ཡིན་པ་དེ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ། བདག་ཏུ་འཛིན་པའི་གཉེན་པོ་ཡིན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པའི་རྒྱུ་ཡིན་པས་སོ། །ང་རྒྱལ་སྔར་བཤད་པ་བཞིན་ནོ། །བདག་དང་གཞན་མཉམ་པས་
བདག་བཞིན་དུ་གཞན་དག་བསྲུང་བར་བྱའོ་ཞེས་ཐམས་ཅད་བདག་ཏུ་འཛིན་པས་བདག་འཛིན་ཆེན་པོར་འགྱུར་རོ། །དང་པོ་ནི་བདག་གཞན་བརྗེ་བ་འཆད་པར་འགྱུར་བའོ། །འབད་པ་ནི་མངོན་པས་སོ། །བདེ་བ་དང་སྡུག་བསྔལ་མཉམ་པ་ཉིད་ནི་བདག་ལ་འདི་དག་ལ་ཁྱད་པར་མེད་ཇི་
ལྟར་བདག་ལ་སྡུག་བསྔལ་གནོད་པ་ལྟར་འདི་དག་ལ་ཡང་ངོ་། །ཇི་ལྟར་བདག་ལ་བདེ་བས་རྗེས་སུ་འཛིན་པ་ལྟར་འདི་དག་ལ་ཡང་ངོ་། །དེ་བས་ཐམས་ཅད་བདག་བཞིན་བསྲུང་བ་ནི་རང་གི་སྡུག་བསྔལ་གྱི་གཉེན་པོ་བསྟེན་པ་ལྟར་གཞན་དག་ལ་ཡང་ངོ་། །བདག་བདེ་བར་བྱེད་པ་ལྟར་གཞན་
Vol. 106 · folio 248b
དག་ལ་ཡང་ངོ་། །འདིར་རིགས་པ་ཅི་ཞེ་ན། སྨྲས་པ། ལག་པ་ལ་སོགས་པའོ། །ལག་པ་དང་རྐང་པ་ལ་སོགས་པའི་དབྱེ་བས་དུ་མ་ཡིན་ཀྱང་ཇི་ལྟར་ལུས་གཅིག་ཏུ་ཞེན་ནས་བསྲུང་བ་ལྟར། འགྲོ་བ་ཐ་དད་པ་ཡིན་ཀྱང་བདེ་བ་དང་སྡུག་བསྔལ་ཐ་དད་པའི་བདག་ཉིད་ཇི་ལྟར་གཅིག་སྡུག་བསྔལ་མི་
འདོད་པ་དེ་བཞིན་གཞན་ཡང་ངོ་། །ཇི་ལྟར་གཅིག་བདེ་བ་ལ་དགའ་བ་ལྟར་གཞན་ཡང་ཡིན་པས་རིས་དང་སྐྱེ་གནས་དང་རིགས་ཀྱི་ཐ་དད་པ་ཐམས་ཅད་གཅིག་ཏུ་ལྷག་པར་མོས་ནས་བསྲུང་བར་བྱའོ། །གཅིག་ཡིན་ན་གཅིག་གི་སྡུག་བསྔལ་གཞན་ལ་ཅི་སྟེ་མི་གནོད་ཅེ་ན། སྨྲས་པ། བདག་གི་
སྡུག་བསྔལ་གཞན་གྱི་ལུས་ལ་མི་གནོད་ཀྱང་། དེ་སྡུག་བསྔལ་ཡིན་གྱི་འོན་ཀྱང་བདག་ཁོ་ནས་མི་བཟོད་པ་དེ་བདག་ཏུ་ཞེན་པས་སོ། །གཞན་དུ་རྐང་པའི་སྡུག་བསྔལ་ལག་པའི་མིན་པས་དེས་ཇི་ལྟར་བསྲུང་དེ་ལྟར་གཞན་གྱི་སྡུག་བསྔལ་བདག་གིས་མི་མྱོང་ན་ཡང་དེ། སྡུག་བསྔལ་ཡིན་གྱི་དེ་ཉིད་
ཀྱིས་བཟོད་མི་ནུས་པ་དེ་བདག་ཏུ་ཞེན་པས་སོ། །རང་དང་གཞན་གྱི་དབྱེ་བ་སྒྲོ་བཏགས་ཏེ་བསྒོམས་པ་ལས་འབྱུང་གི །སྡུག་བསྔལ་ལ་ཁྱད་མེད་པར་བཤད་དེ། བདག་གིས་ཞེས་བྱ་བ་ལ་སོགས་པའོ། །གང་དང་གང་སྡུག་བསྔལ་ཡིན་པ་དེ་བདག་གིས་གཞོམ་པར་བྱའི། དཔེར་ན་བདག་
གི་སྡུག་བསྔལ་བཞིན། གཞན་གྱི་རྒྱུད་ལ་བྱུང་བའང་སྡུག་བསྔལ་ཡིན་ཞེས་རང་བཞིན་གྱི་རྟགས་ཀྱི་སྦྱོར་བའོ། །སྡུག་བསྔལ་ཙམ་ལ་གཞོམ་པར་བྱས་པས་ཁྱབ། །མ་གྲུབ་པ་མེད་དེ་སྡུག་བསྔལ་བསྒྲུབས་པའི་ཕྱིར་རོ། །མ་ངེས་པའང་མ་ཡིན་ཏེ། རང་གི་སྡུག་བསྔལ་ཡང་གཞོམ་པར་བྱ་བ་
མ་ཡིན་པར་འགྱུར་བའི་ཕྱིར་ཏེ། ཁྱད་པར་མེད་པས་བཟློག་ན་གནོད་པའོ། །འདི་ཉིད་ཀྱི་ཕྱིར་འགལ་བའང་མེད་པའོ། །དེ་བཞིན་སྦྱོར་བ་གཞན་ཡང་གང་དང་གང་སེམས་ཅན་ཡིན་པ་དེ་དང་དེ་རྗེས་སུ་གཟུང་བྱ་ཡིན་ཏེ། དཔེར་ན་རང་བཞིན་ནོ། །གཞན་དག་ཀྱང་སེམས་ཅན་ཡིན་ཞེས་རང་
བཞིན་གྱི་རྟགས་སོ། །སེམས་ཅན་ཙམ་ལ་རྗེས་སུ་གཟུང་བར་བྱ་བས་ཁྱབ། འདིར་མ་གྲུབ་པ་མེད་དེ། སེམས་ཅན་མངོན་སུམ་དུ་གྲུབ་པའི་ཕྱིར་རོ། །མ་ངེས་པ་འང་མ་ཡིན་ཏེ། བདག་ཀྱང་རྗེས་སུ་གཟུང་བྱ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགལ་བ་འང་མེད་དོ། །བདག་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words