འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 114 · folio 139b
ཆོས་དེ་དག་འབྱུང་གི་བྱེད་པ་པོ་ལ་སོགས་པས་བྱས་པ་མ་ཡིན་པ་ཤེས་པ་ནི་དབང་པོའི་རྒྱུ་ལས་འཇུག་པ་ཚད་མར་བྱེད་པ་སྟེ། དེ་དག་ནི་དགེ་བ་དང་མི་དགེ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་ཀྱང་དབང་པོ་དང་ལས་ཀྱི་རྒྱུ་ལས་བྱུང་ཞིང་དགེ་བ་ལ་སོགས་པ་འབྲས་བུའི་རྒྱུ་དབང་པོ་
ལས་གྲུབ་པར་བྱེད་དོ་ཞེས་ཟིན་པའི་ཆོས་རྣམས་ལ་ཡང་ཤེས་ལ་མ་ཟིན་པའང་ལས་ཀྱི་རྒྱུ་ལས་འབྱུང་བར་ཤེས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་པར་སྦྱར་རོ། །གང་དེ་ལྟར་རྒྱུ་ཀུན་འབྱུང་བ་ལས་སྐྱེ་བ་ལ་མཁས་པ་ཞེས་བྱ་བ་ནི་གང་གོང་དུ་བཤད་པ་ལྟར་རྒྱུ་སྨིན་པར་
གྱུར་པ་ལས་འབྲས་བུ་སྐྱེ་བར་ཤེས་པ་འདི་ནི་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལུགས་དང་མཐུན་པའི་མཚན་ཉིད་བསྟན་ནས། ལུགས་ལས་བཟློག་པའི་མཚན་ཉིད་བསྟན་པའི་ཕྱིར། གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ལ་མཁས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་
པའོ། །འདི་ལྟ་སྟེ་ཤིང་མེད་ན་མེ་དང་དུ་བ་མི་འབྱུང་བ་དང་། ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་བཞིན་དུ་ཉོན་མོངས་པ་འགགས་ན་དེ་ལས་སྐྱེས་པའི་འབྲས་བུ་མི་འབྱུང་བའི་ཕྱིར་ཚུལ་བཞིན་མ་ཡིན་པ་འགགས་པས་མ་རིག་པ་འགག་ཅེས་བྱའོ། །ཇི་ལྟར་མ་རིག་པ་ལ་སོགས་པ་འགགས་
པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། སྨྲས་པ། ཉེས་པ་མེད་དེ། འདི་ལ་གཏན་མེད་པར་དགག་པ་ལ་ནི་མ་རིག་པ་ལ་སོགས་པ་འགག་གོ་ཞེས་མི་བྱའི་དཔེར་ན་མར་མེའི་རྐྱེན་གྱིས་མུན་པ་འགགས་ན་སྣང་བ་ཉིད་སྐྱེ་བ་དང་། སྨན་བཅུད་ཀྱིས་ལེན་ཟོས་ན་ནད་མེད་པ་ལ་བདེ་བ་
སྐྱེ་བ་དེ་བཞིན་དུ་ལམ་བསྒོམས་པའི་མཐུས་མ་རིག་པ་དང་མི་མཐུན་པ་གང་རིག་པ་སྐྱེ་བར་འགྱུར་བ་དེ་ནི་མ་རིག་པ་འགགས་པ་ཞེས་བྱ་སྟེ། དེ་ལྟར་གོང་ནས་གོང་དུ་འདུ་བྱེད་ལ་སོགས་པ་དང་མི་མཐུན་པའི་གནས་འབྱུང་བ་ལ་འདུ་བྱེད་ལ་སོགས་པ་འགགས་པར་བལྟའོ། །གཞན་ཡང་
ཆོས་རྣམས་མཐུན་པའི་རྒྱུ་ལས་བྱུང་བ་དང་། མི་མཐུན་པའི་རྒྱུ་ལས་མི་འབྱུང་བར་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་ཆོས་ཐམས་ཅད་ནི་རྒྱུ་ལ་རག་ལུས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་
Vol. 114 · folio 140a
ནི་ནང་གི་ཆོས་དང་ཕྱིའི་ཆོས་རྣམས་སོ། །དེ་ལ་ནང་གི་ཆོས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པའོ། །ཕྱིའི་ཆོས་ནི་ས་བོན་དང་། མྱུ་གུ་ལ་སོགས་པའོ། །རྒྱུ་ལ་རག་ལུས་པ་ནི་ཆོས་དེ་དག་རྒྱུ་དྲུག་ལ་བརྟེན་ནས་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྒྱུ་དྲུག་
པོ་གང་ཞེ་ན། བྱེད་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ། །དེ་ལ་བྱེད་པའི་རྒྱུ་ནི་ཆོས་དེ་དག་སྐྱེ་བ་ན་གཟུགས་དང་སེམས་ལ་སོགས་པ་མཚན་ཉིད་དེ་དག་
བདག་ཉིད་མ་གཏོགས་པར་ཆོས་གཞན་ཐམས་ཅད་ནི་བྱེད་པའི་རྒྱུ་སྟེ། སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ཆོས་གང་དག་གཅིག་ལ་གཅིག་གི་འབྲས་བུར་གྱུར་པ་དེ་ནི་ལྷན་ཅིག་བྱུང་བའི་རྒྱུ་སྟེ། འདི་ལྟ་སྟེ། འབྱུང་བ་ཆེན་པོ་བཞི་རྣམས་ལྷན་ཅིག་
སྐྱེ་བ་ན་ཕན་ཚུན་སྐྱེད་པར་བྱེད་པས་གཅིག་ལ་གཅིག་ལྷན་ཅིག་འབྱུང་བའི་རྒྱུའོ། །དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་དང་། འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཆོས་སྔར་སྐྱེས་པ་རྣམས་ཕྱིས་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུའོ། །
དེ་བཞིན་དུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་དང་ཡང་སྦྱར་རོ། །མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དང་སེམས་ལས་བྱུང་བ་གང་དག་སྐད་ཅིག་མ་གང་ལ་བརྟེན་ནས་གནས་པའི་དབང་པོ་རྣམས་སོ། །སྔར་སྐྱེད་པའི་ཉོན་མོངས་པ་རྣམས་ཕྱིས་སྐྱེས་པ་དང་མ་སྐྱེས་པའི་
རང་གི་ས་པ་རྣམས་ཀྱིས་ཀུན་དུ་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་ཀུན་དུ་འགྲོ་བའི་རྒྱུའོ། །མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ནི་རྣམ་པར་སྨིན་པའི་རྒྱུའོ། །རྐྱེན་ལ་རག་ལུས་ཞེས་བྱ་བ་ནི་རྐྱེན་བཞི་ལ་བརྟེན་ནས་སྐྱེ་ཞེས་བྱ་བའི་དོན་ཏོ། །རྐྱེན་བཞི་ནི་རྒྱུའི་རྐྱེན་དང་། དམིགས་
པའི་རྐྱེན་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་དང་། བདག་པོའི་རྐྱེན་ཏོ། །དེ་ལ་རྒྱུའི་རྐྱེན་ནི་གང་འབྲས་བུ་སྐྱེད་པ་ལ་རྒྱུའི་དངོས་པོར་གནས་པ་སྟེ། ས་བོན་ལ་སོགས་པ་དང་། ཀུན་གཞི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པའོ། །གཞན་དག་ནི་གཞན་དུ་འཆད་དེ། བྱེད་
Vol. 114 · folio 140b
པའི་རྒྱུ་མ་གཏོགས་པར་རྒྱུ་རྣམ་པ་ལྔ་རྣམས་ནི་རྒྱུའི་རྐྱེན་ཏོ་ཞེའོ། །དམིགས་པ་གང་ལ་སེམས་དང་སེམས་ལས་བྱུང་བ་གང་དམིགས་ནས་སྐྱེ་བར་འགྱུར་བའི་དམིགས་པ་དེ་དག་ནི་དེའི་དམིགས་པའི་རྐྱེན་ཏེ། དེའང་ཅི་རིགས་པར་ཆོས་ཐམས་ཅད་རྣམ་པར་ཤེས་པ་དྲུག་གི་དམིགས་པའི་རྐྱེན་ཏོ། །
མྱ་ངན་ལས་འདས་པར་འཇུག་པའི་ཐ་མའི་སེམས་མ་གཏོགས་པར་སེམས་དང་སེམས་ལས་བྱུང་བའི་རྒྱུ་རྣམས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏོ། །བྱེད་པའི་རྒྱུ་ཉིད་བདག་པོའི་རྐྱེན་ཏོ། །ཚོགས་པ་ལ་རག་ལུས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་རྣམས་འདུས་ནས་འབྲས་བུ་བསྐྱེད་ནུས་པའི་མཐུ་
དང་ལྡན་པར་གནས་པ་ལ་བརྟེན་ནས། འབྲས་བུ་སྐྱེ་ཞེས་བྱ་བའི་དོན་ཏོ། །མཐུན་པའི་རྒྱུ་ལས་བྱུང་བ་བསྟན་ནས་མི་མཐུན་པའི་རྒྱུ་ལས་མི་འབྱུང་བར་བསྟན་པའི་ཕྱིར། ཆོས་གང་རྒྱུ་དང་རྐྱེན་དང་ཚོགས་པ་ལ་རག་ལུས་པ་དེ་དག་ལ་རག་མ་ལུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་
དག་གིས་བཏགས་པའི་བདག་ལ་སོགས་པ་ལ་བརྟེན་ཏེ་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །དེ་འདི་ན་ཞེའམ། སྔ་མ་ཞེ་འམ། གཞན་ཞེས་བགྲང་བ་ཅི་ཡང་མེད་དེ་ཞེས་བྱ་བ་ནི་བདག་ལ་ཇི་ལྟར་རག་མ་ལུས་པ་དང་། སེམས་ཅན་ལ་སོགས་པ་ལ་རག་མ་ལུས་པས་ན་ད་ལྟའི་དུས་སུ་ཡང་འདི་ན་ཞེས་
བགྲང་དུ་མེད། འདས་པའི་དུས་སུ་ཡང་འདི་འདྲ་བ་ཞིག་ཅེས་བགྲང་དུ་མེད། མ་འོངས་པའི་དུས་སུ་ཡང་འདི་ལྟར་འགྱུར་ཞེས་བགྲང་དུ་མེད་པའི་དོན་ཏོ། །ཡང་ན་ཆོས་ཐམས་ཅད་ནི་རྒྱུ་ལ་རག་ལུས་ཞེས་བྱ་བ་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་རྒྱུ་དང་འབྲེལ་པ་ལ་སྐྱེ་
ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲེལ་པ་གང་ཞེ་ན། འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། མ་རིག་པའི་རྐྱེན་
གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །རྐྱེན་ལ་རག་ལུས་པ་ཞེས་བྱ་བ་ནི་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་རྐྱེན་དང་འབྲེལ་པ་ལ་སྐྱེ་ཞེས་བྱ་བའི་དོན་ཏོ། །ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྐྱེན་གང་ཞེ་ན། འདི་ལྟ་སྟེ། ས་དང་།
Vol. 114 · folio 141a
ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་ཞེས་གང་གསུངས་པའོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྐྱེན་གང་ཞེ་ན། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་
ཞེས་གང་གསུངས་པའོ། །ཚོགས་པ་ལ་རག་ལུས་པ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་མ་ཚང་བར་མ་གྱུར་པ་ལ་རྟེན་ཞེས་བྱ་བའི་དོན་ཏོ། །དེ་བས་ན་སཱ་ལུ་ལྗང་པའི་མདོ་ལས་ཀྱང་། རྒྱུའི་སྐབས་སུ་ས་བོན་མེད་ན་མྱུ་གུ་མི་འབྱུང་སྟེ། མེ་ཏོག་མེད་ན་འབྲས་བུའི་བར་དུ་ཡང་མི་འབྱུང་ངོ་ཞེས་གསུངས་
པ་དང་། རྐྱེན་གྱི་སྐབས་སུ་རྐྱེན་འདི་རྣམས་མེད་པར་ས་བོན་ལས་མྱུ་གུ་སྐྱེ་བར་མི་འགྱུར་གྱི། ནམ་ཕྱི་རོལ་གྱི་སའི་ཁམས་མ་ཚང་བ་མེད་པར་གྱུར་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཡང་རྒྱུའི་སྐབས་སུ་གལ་ཏེ་མ་རིག་པ་མ་བྱུང་
ན་འདུ་བྱེད་ཀྱང་མི་འབྱུང་བ་ཞིག་ན། དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་ཡང་མི་མངོན་པ་ཞིག་ན། འདི་ལྟར་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། རྐྱེན་གྱི་སྐབས་སུ་ཡང་རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་
མི་འགྱུར་གྱི། ནམ་སའི་ཁམས་ཚང་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཆོས་གང་རྒྱུ་དང་རྐྱེན་ཚོགས་པ་ལ་རག་ལུས་པ་དེ་ཞེས་བྱ་བ་ནི་ཕྱི་དང་ནང་གི་ཆོས་གང་རྒྱུ་དང་རྐྱེན་དང་། རྒྱུ་རྐྱེན་འབྲེལ་པ་ལས་སྐྱེས་པའི་ཆོས་དེ་དག་ནི་བདག་ལས་མི་སྐྱེ། སེམས་ཅན་ལས་མི་སྐྱེ་ཞེས་
བྱ་བའི་དོན་ཏོ། །དེ་བས་ན་མདོ་སྡེ་དེ་ཉིད་ལས་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་དེ་ལ་སའི་ཁམས་ཀྱང་འདི་ལྟར་བདག་གི་ས་བོན་རྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནས་མྱུ་གུ་དེ་ཡང་བདག་གིས་མ་བྱས། ཕ་རོལ་གྱིས་མ་བྱས། གཉིས་ཀས་མ་བྱས། དབང་པོས་
མ་སྤྲུལ། དུས་ཀྱི་མ་བསྒྱུར། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ་ཞེས་གསུངས་པ་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་ཡང་མ་རིག་པ་ཡང་འདི་ལྟར་བདག་གིས་འདུ་བྱེད་སྐྱེད་དོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནས་བདག་མ་ཡིན་ནོ། །སེམས་
Vol. 114 · folio 141b
ཅན་མ་ཡིན། སྲོག་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ན་འདི་ན་ཞེ་འམ། སྔ་མ་ན་ཞེ་འམ། གཞན་ན་ཞེས་བགྲང་བ་ཅི་ཡང་མེད་དེ་ཞེས་བྱ་བ་ནི་ཆོས་གང་རྒྱུ་དང་རྐྱེན་དང་ཚོགས་པ་ལ་རག་ལུས་པས་བདག་དང་སེམས་ཅན་ལ་རག་མ་ལུས་པའི་ཆོས་དེ་ནི་ད་ལྟར་ཅི་ཡིན་ཞེས་བརྟག་ཏུ་
མེད་པ་དང་། སྔོན་གྱི་དུས་ན་ཅི་འདྲ་ཞེས་བརྟག་ཏུ་མེད་པ་དང་། མ་འོངས་པའི་དུས་ན་ཅི་ལྟ་བུར་འགྱུར་ཞེས་བརྟག་ཏུ་མེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་སཱ་ལུ་ལྗང་པའི་མདོ་ལས་ཀྱང་། ཇི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་མ་བྱུང་བ་ཞིག་སྙམ་དུ་སྔོན་གྱི་མཐའ་ལ་མི་རྟོག །
མ་འོངས་པའི་དུས་ན་ཇིར་འགྱུར། ཇི་ལྟ་བུར་འགྱུར་ཞེས་མ་འོངས་པའི་དུས་ལ་མི་རྟོག་གོ། །འདི་ཇི་ཞིག །ཅི་ཞིག་ཡོད། ཅིར་འགྱུར། སེམས་ཅན་འདི་དག་གང་ནས་འོངས། འདི་ནས་ཤི་འཕོས་ནས་གོང་དུ་འགྲོ་བར་འགྱུར་ཞེས་ད་ལྟར་བྱུང་བ་ལ་མི་རྟོག་གོ་ཞེས་གསུངས་སོ། །
གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་གཉིས་དང་བྲལ་བ་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་ནོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་རྟེན་ཐམས་ཅད་ཀྱང་ཉེ་བར་གཞོག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་
ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་ཅེས་བྱ་སྟེ། བྱང་ཆུབ་ནི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཡེ་ཤེས་ཕུན་སུམ་ཚོགས་པ་རྣམ་པ་བཞི་སྟེ། ཐམས་ཅད་ཤེས་པ་དང་། རྣམ་པ་ཐམས་ཅད་དུ་ཤེས་པ་དང་། འབད་
པ་མེད་པར་ཤེས་པ་དང་། མ་བསྟན་པར་ཤེས་པའོ། །ཐམས་ཅད་ཤེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཤེས་བྱའི་དངོས་པོ་མ་ལུས་པར་ཤེས་པའོ། །རྣམ་པ་ཐམས་ཅད་དུ་ཤེས་པ་ནི་དེ་དག་ཀྱང་མི་རྟག་པ་འམ། བདག་མེད་པའི་རྣམ་པར་ཤེས་པ་འམ། དུས་
གསུམ་ཐམས་ཅད་དུ་ཤེས་པ་སྟེ། ནམས་ཀྱང་ཤེས་པ་དེ་ལ་ཉམས་པ་མེད་པའོ། །འབད་པ་མེད་པར་ཤེས་པ་ནི་ཏིང་ངེ་འཛིན་ལ་སོགས་པའི་རྒྱུ་ལ་མི་ལྟོས་ཤིང་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པར་ཤེས་པའོ། །མ་བསྟན་པར་ཤེས་པ་ནི་མཁན་པོ་དང་སློབ་དཔོན་གྱི་མན་ངག་མེད་པར་
Vol. 114 · folio 142a
རང་འབྱུང་གི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་རང་ཉིད་ཀྱིས་མངོན་པར་བྱང་ཆུབ་པའི་ཕྱིར་རོ། །སྤངས་པ་ཕུན་སུམ་ཚོགས་པ་ཡང་རྣམ་པ་ལྔ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པ་དང་། ཤིན་ཏུ་སྤངས་པ་དང་། བག་ཆགས་དང་བཅས་པ་
སྤངས་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་འདོད་ཆགས་ལ་སོགས་པ་མཐོང་བ་དང་། བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །ཤེས་བྱའི་སྒྲིབ་པ་སྤངས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་
གཟུང་བ་དང་འཛིན་པའི་མངོན་པར་ཆགས་པའི་བག་ཆགས་ཉོན་མོངས་པ་ཅན་མ་ཡིན་པ་མི་ཤེས་པ་སྤངས་པའོ། །ཤིན་ཏུ་སྤངས་པ་ནི་སྒྲིབ་པ་དེ་གཉིས་ཕྱིས་སེམས་ཀྱི་རྒྱུད་ལ་འབྱུང་ཞིང་སྐྱེ་བ་མེད་པར་སྤངས་པའོ། །བག་ཆགས་དང་བཅས་པར་སྤངས་པ་ནི་སྒྲིབ་པ་དེ་གཉིས་ཀྱི་བག་ལ་
ཉལ་རྩ་ནས་བཏོན་པའོ། །སྙོམས་པར་འཇུག་པ་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཟད་པར་གྱི་སྐྱེ་མཆེད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཐོབ་པར་བྱ་བ་ལ་བར་དུ་གཅོད་པ་རྣམས་སྤངས་པའོ། །རྒྱུ་དང་རྐྱེན་གང་
གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་རྒྱུ་དང་རྐྱེན་དེ་རྣམས་ཉེ་བར་སྒྲུབ་པ་ལ་བྱང་ཆུབ་ཀྱི་རྐྱེན་རྣམས་ཀྱང་ཉེ་བར་གཞོག་ལ་ཞེས་བྱ་སྟེ། རྒྱུ་དང་རྐྱེན་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །རྐྱེན་དེ་དག་ཀྱང་ཟད་ཅིང་འགོག་པར་རྟོགས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རྒྱུ་དང་རྐྱེན་
རྣམས་ངོ་བོ་ཉིད་མེད་པར་ཤེས་པ་འམ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ལ་སོགས་པ་རྐྱེན་གོང་དུ་སྨོས་པ་རྣམས་ངོ་བོ་ཉིད་མེད་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ལྟ་བའི་ཕྱིར་ཟད་ཅིང་འགོག་པའི་ཡེ་ཤེས་སུ་མི་འཇོག་ཅེས་བྱ་བ་ནི་དེ་ལྟར་དེ་བཞིན་མྱ་ངན་ལས་
འདས་པ་སྟོང་པའི་མཚན་ཉིད་རྟོགས་ཀྱང་སེམས་ཅན་གྱི་དོན་དུ་མྱ་ངན་ལས་འདས་པ་འབའ་ཞིག་ལ་གནས་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་པའི་དོན་དུ་དུས་གསུམ་ལ་མཁས་པ་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་
Vol. 114 · folio 142b
བྱང་ཆུབ་སེམས་དཔའི་དུས་གསུམ་ལ་མཁས་པ་གང་ཞེ་ན་ཞེས་དྲིས་སོ། །དུས་གསུམ་པོ་དེ་ཡང་དུས་ཉིད་ལ་རྣམ་པ་གསུམ་ཡོད་པ་ནི་མ་ཡིན་གྱི། སེམས་དང་སེམས་ལས་བྱུང་བ་ལ་དུས་གསུམ་དུ་བཞག་སྟེ། སེམས་དང་སེམས་ལས་བྱུང་བའི་དངོས་པོ་དེ་དག་ཉིད་རྒྱུ་དང་འབྲས་བུ་བཅས་པར་
འདས་ཏེ། ཞིག་པ་ནི་འདས་པའི་དུས་ཞེས་བྱ། རྒྱུ་དང་འབྲས་བུ་ད་དུང་མ་སྐྱེས་པ་ལ་ནི་མ་འོངས་པའི་དུས་ཞེས་བྱ། རྒྱུ་དང་འབྲས་བུ་སྐྱེས་ནས་མ་ཞིག་གི་བར་དུ་ནི་ད་ལྟར་བྱུང་བའི་དུས་ཞེས་བྱ་སྟེ། དངོས་པོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཅི་འདྲ་བ་ལ་མཁས་པ་ནི་དུས་
གསུམ་ལ་མཁས་པ་ཞེས་བྱའོ། །འདས་པའི་དུས་ལ་མཁས་པ་བསྟན་པའི་ཕྱིར། གང་བདག་དང་སེམས་ཅན་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བ་དང་མི་དགེ་བ་དང་འབྲེལ་པའི་སེམས་དང་སེམས་ལས་བྱུང་བ་གང་ཡིན་པ་ནི་སེམས་དང་སེམས་ལས་བྱུང་བ་དགེ་བ་དང་མི་
དགེ་བ་རྣམས་ཞེས་བྱའོ། །བདག་དང་སེམས་ཅན་གཞན་གྱིས་འདས་པའི་དུས་ན་དགེ་བ་ནི་འདི་ལྟ་བུ་ཞིག་བྱས། མི་དགེ་བ་ནི་འདི་ལྟ་བུ་ཞིག་བྱས་ཞེས་བདག་དང་གཞན་གྱིས་དགེ་བ་དང་མི་དགེ་བ་བྱས་པ་མ་བརྗེད་པ་ནི་རྗེས་སུ་དྲན་པའོ། །དེ་ཙམ་གྱི་འདས་པའི་དུས་ལ་མཁས་པ་ཡིན་
ནམ་ཞེ་ན། མ་ཡིན་པར་བསྟན་པའི་ཕྱིར། མི་དགེ་བ་སེམས་དང་སེམས་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་བདག་དང་གཞན་གྱི་མི་དགེ་བ་དང་འབྲེལ་པའི་སེམས་དང་སེམས་ལས་བྱུང་བ་དྲན་ནས་ཞེས་བྱ་བ་དང་སྦྱར་རོ། །བྱང་ཆུབ་ཏུ་བསྔོ་བ་ཞེས་བྱ་བ་ནི་
དགེ་བ་བྱས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཞེས་སྨོན་པའོ། །མ་འོངས་པའི་དུས་ལ་མཁས་པ་བསྟན་པའི་ཕྱིར། གང་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་འོངས་པ་ན་བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་
ཚོགས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུ་བདག་དང་གཞན་ལ་ཕན་པར་བྱེད་པའི་རྐྱེན་དུ་གྱུར་པའི་དགེ་བའི་རྩ་བ་རྣམས་གདོན་མི་ཟ་བར་བྱའོ་ཞེས་སེམས་པ་ནི་དགེ་བའི་རྩ་བའི་ཚོགས་ལ་ངེས་པར་སེམས་པ་ཞེས་བྱའོ། །དོན་དེ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་མངོན་དུ་གྱུར་པའི་ལས་སེམས་
Vol. 114 · folio 143a
ཏེ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ཐོབ་པར་འགྱུར་བའི་དགེ་བའི་ལས་བྱ་བར་སེམས་པ་ནི་བྱང་ཆུབ་མངོན་དུ་འགྱུར་བའི་ལས་སེམས་པ་ཞེས་བྱའོ། །དོན་དེ་ཉིད་ཇི་ལྟ་བུ་ཡིན་པ་གསལ་བར་བསྟན་པའི་ཕྱིར། བདག་གི་དགེ་བའི་སེམས་བསྐྱེད་པ་གང་དག་ཅེས་བྱ་བ་ལ་
སོགས་པ་གསུངས་ཏེ། དགེ་བ་དང་འབྲེལ་པའི་སེམས་ནི་དགེ་བའི་སེམས་སོ། །བསྐྱེད་པ་ནི་ད་ལྟར་གྱི་དུས་ན་དགེ་བའི་སེམས་སྐྱེས་ཟིན་པའོ། །སྐྱེ་བར་འགྱུར་བ་ནི་མ་འོངས་པའི་དུས་ན་དགེ་བ་དང་འབྲེལ་པའི་སེམས་གདོན་མི་ཟ་བར་སྐྱེ་བར་འགྱུར་བའོ། །དེ་དག་ཅེས་བྱ་
བ་ནི་དུས་གཉིས་ཀྱི་དགེ་བའི་སེམས་ཉིད་ལ་སྙེགས་ཏེ། ད་ལྟར་གྱི་དུས་ན་དགེ་བའི་སེམས་སྐྱེད་པ་དང་། མ་འོངས་པའི་དུས་ན་སྐྱེ་བར་འགྱུར་བ་དེ་དག་ཅེས་བྱ་བའི་དོན་ཏོ། །ནི་ཞེས་བྱ་བས་དགེ་བ་དེ་དག་ཐེག་པ་གཉིས་དང་། ལྷ་དང་མིའི་བདེ་འགྲོར་མི་བསྔོ་ཞེས་བྱ་བར་སྟོན་ཏོ། །
བྱང་ཆུབ་ཅེས་བྱ་བ་ནི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྐབས་མི་དབྱེ་ཞེས་བྱ་བ་ནི་མ་འོངས་པའི་མི་དགེ་བའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་སྐབས་མི་དབྱེ་ཞེས་བྱ་བར་སྟོན་ཏོ། །གོང་དུ་བཤད་པའི་དོན་རྣམས་བསྡུས་ཏེ་བསྟན་པའི་ཕྱིར། གང་དེ་ལྟ་བུར་
སེམས་ལ་བསྒོ་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུར་སེམས་ལ་བསྒོ་ཞེས་བྱ་བ་ནི་ཇི་ནས་ད་ལྟར་གྱི་དུས་ནས་དགེ་བའི་སེམས་བསྐྱེད་པ་དང་། མ་འོངས་པའི་དུས་ན་དགེ་བའི་སེམས་སྐྱེ་བར་འགྱུར་བ་དེ་དག་ངེས་པར་བྱང་ཆུབ་ཏུ་བསྔོ་ལ། མ་འོངས་པའི་མི་དགེ་བའི་སེམས་
དང་སེམས་ལས་བྱུང་བ་སྐྱེ་བའི་སྐབས་མི་དབྱེའོ་ཞེས་དེ་ལྟ་བུར་དེ་ནས་སེམས་ལ་བསྒོ་ཞིང་སེམས་ལ་འཇོག་པར་བྱེད་པ་དེ་ནི་ཞེས་བྱ་བའི་དོན་ཏོ། །ད་ལྟར་བྱུང་བའི་དུས་ལ་མཁས་པ་བསྟན་པའི་ཕྱིར། ད་ལྟར་བྱུང་བ་ལ་མཁས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་
མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་བྱེད་ཅིང་། འདོད་ཆགས་ལ་སོགས་པ་མི་དགེ་བའི་རྩ་བ་རྣམས་ལ་མི་འཇུག་པ་ནི་ཚུལ་བཞིན་སྦྱོར་བ་ཞེས་བྱ་སྟེ། དོན་གཞན་ནི་སླ་བས་མ་བཤད་དོ། །ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་ཀྱིས་དུས་གསུམ་ན་གནས་པའི་དངོས་པོ་རྣམས་ཇི་ལྟ་
Vol. 114 · folio 143b
བ་བཞིན་དུ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ནི་དུས་གསུམ་ལ་མཁས་པ་ཡིན་ནོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་གང་འདས་པའི་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་འདས་པའི་དུས་ཀྱི་ཆོས་ཕུང་པོ་དང་། སྐྱེ་མཆེད་ལ་སོགས་པ་གང་ཟག་དང་ཆོས་
ཀྱི་དངོས་པོར་ཡོད་པ་མ་ཡིན་པ་ཡིད་ཆེས་པ་ནི་འདས་པའི་དུས་ཀྱི་ཆོས་རྣམས་སྟོང་པར་མོས་པའོ། །ལྷག་མ་ཡང་དེ་བཞིན་དུ་སྦྱར་ཏེ། ཚིག་གཞན་ནི་སླ་བས་མ་བཤད་དོ། །གང་ཡང་དུས་གསུམ་གྱི་ཆོས་རྣམས་མི་འཕོ་བ་དང་། མི་སྐྱེ་བ་དང་མི་གནས་པར་རྟོགས་པ་ནི་དུས་
གསུམ་ལ་མཁས་པའོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདས་པའི་དུས་ན་ཟད་པའི་ཆོས་རྣམས་ཕྱི་མའི་མཐར་འཕོས་པར་མི་ལྟ་ཞེས་བྱ་བ་ནི་ཆོས་སྔ་མ་འདས་པ་རྣམས་ངོ་བོ་ཉིད་ཀྱིས་འདས་ཏེ། ཕྱི་མ་དང་
མཚམས་མི་སྦྱོར་བར་རྟོགས་ཀྱང་ཞེས་བྱ་བའི་དོན་ཏོ། །དགེ་བ་མངོན་པར་འདུ་བྱེད་པ་ལ་བརྩོན་འགྲུས་ཀྱང་མི་གཏོང་སྟེ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་མི་འཕོ་ཡང་ལས་དང་འབྲས་བུ་ལ་ཡིད་ཆེས་ཏེ། སྔ་མའི་རྒྱུས་ཕྱི་མའི་འབྲས་བུ་སྒྲུབ་པར་ཤེས་ན་དགེ་བ་སྤྱོད་པའི་བརྩོན་འགྲུས་ཀྱང་
མི་གཏོང་ཞེས་བྱ་བའི་དོན་ཏོ། །མི་དགེ་བ་མངོན་པར་འདུ་མི་བྱེད་ཅེས་བྱ་བ་ནི་དེ་ལྟར་དངོས་པོ་མེད་དེ་སྔ་མ་དང་ཕྱི་མར་མི་འཕོ་བས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཡང་མི་བལྟ་སྟེ། དེའི་ཕྱིར་མི་དགེ་བ་མངོན་པར་འདུ་མི་བྱེད་དོ། །གང་མ་འོངས་པའི་དུས་ཀྱི་ཆོས་རྣམས་
མ་སྐྱེ་མི་འབྱུང་བར་རྟོག་ཅིང་བྱང་ཆུབ་ཏུ་བསྔོ་བའི་བརྩོན་འགྲུས་ཀྱང་མི་འདོར་ཞེས་བྱ་བ་ནི་དོན་དམ་པར་ན་མ་འོངས་པའི་དུས་ན་ཐོབ་པར་བྱ་བའི་བྱང་ཆུབ་ཉིད་མི་སྐྱེ་མི་འབྱུང་བར་རྟོགས་ཀྱང་ཀུན་རྫོབ་ཏུ་མེད་པར་མི་ལྟ་བས་བྱང་ཆུབ་ཏུ་བསྔོ་བའི་བརྩོན་འགྲུས་ཀྱང་མི་གཏོང་ངོ་། །ད་ལྟར་བྱུང་བའི་དུས་ན་
ཆོས་རྣམས་འདུག་པ་མེད་ཅིང་མི་གནས་པར་རྟོགས་ཏེ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རབ་ཏུ་བརྟན་པ་ནི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་དེ་ཞེས་བྱ་བ་ནི་དོན་དམ་པར་ད་ལྟར་བྱུང་བའི་ཆོས་རྣམས་མི་གནས་པས་བྱང་ཆུབ་ཀྱི་སེམས་ཉིད་ཀྱང་མི་གནས་ཏེ། བྱང་ཆུབ་ཀྱི་
Vol. 114 · folio 144a
སེམས་ལ་རྨོངས་པ་འམ། བརྗེད་པར་འགྱུར་བའི་རིགས་ན། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་རབ་ཏུ་བརྟན་པ་ནི་སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་དོ་ཞེས་བྱ་བའི་དོན་ཏོ། །དུས་གསུམ་ལ་མཁས་པའི་རྣམ་གྲངས་གཞན་ཡང་
བསྟན་པར་བཞེད་ནས། གཞན་ཡང་གང་འདས་པ་དེ་ནི་ཟད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པའི་ཆོས་རྣམས་ནི་རྒྱུ་དང་འབྲས་བུ་བཅས་ཏེ་འགགས་པས་ན་ཟད་པ་ཞེས་བྱའོ། །མ་འོངས་པའི་ཆོས་རྣམས་ནི་རྒྱུ་དང་འབྲས་བུ་བཅས་ཏེ་མ་ཕྱིན་པས་ནམ་ཕྱིན་པའོ། །
ད་ལྟར་བྱུང་བའི་ཆོས་རྣམས་ནི་རྒྱུས་འབྲས་བུ་བསྐྱེད་ནས་དེ་མ་ཐག་ཏུ་འགགས་པས་ན་གནས་པ་མེད་པའོ། །དེ་ལྟར་དུས་གསུམ་གྱི་མཚན་ཉིད་བསྟན་ནས། དེ་ལ་མཁས་པ་བསྟན་པའི་ཕྱིར་གང་དེ་ལྟར་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྟོག་ཅིང་
ཞེས་བྱ་བའི་སྒྲ་རེ་རེ་དང་སྦྱར་ཏེ། སེམས་དང་སེམས་ལས་བྱུང་བ་སྐྱེས་པ་རྣམས་ལ་རྟོག་པ་དང་། སེམས་དང་སེམས་ལས་བྱུང་བ་ཞིག་པ་རྣམས་ལ་རྟོག་པ་དང་། སེམས་དང་སེམས་ལས་བྱུང་བ་ཞུ་བ་རྣམས་ལ་རྟོག་ཅེས་བྱ་བར་སྦྱར་རོ། །དེ་ལ་ད་ལྟར་གྱི་སེམས་དང་སེམས་ལས་
བྱུང་བ་རྣམས་རྒྱུས་འབྲས་བུ་བསྐྱེད་དེ་བསྐྱེད་མ་ཐག་ཏུ་རྒྱུ་དང་འབྲས་བུ་བཅས་ཏེ། འགགས་པས་དངོས་པོ་མེད་དོ་ཞེས་རྟོག་པ་ནི་སེམས་དང་སེམས་ལས་བྱུང་བ་སྐྱེས་པ་རྣམས་ལ་རྟོག་པ་ཞེས་བྱའོ། །འདས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་རྒྱུ་དང་བཅས་ཏེ་འབྲས་བུ་
འགགས་པས་དངོས་པོ་མེད་དོ་ཞེས་རྟོག་པ་ནི་སེམས་དང་སེམས་ལས་བྱུང་བའི་ཞིག་པ་རྣམས་ལ་རྟོག་པ་ཞེས་སྦྱར་རོ། །མ་འོངས་པའི་སེམས་དང་སེམས་ལས་བྱུང་བས་ནི་རྒྱུ་དང་བཅས་ཏེ་འབྲས་བུ་མ་སྐྱེས་པས་ན་དངོས་པོ་མེད་དོ་ཞེས་རྟོག་པ་ནི་ཞུ་བ་རྣམས་ལ་རྟོག་པ་ཞེས་བྱའོ། །
དེ་ལྟར་དུས་གསུམ་གྱི་དངོས་པོ་རྣམས་ཡང་དག་པར་ན་དངོས་པོ་མེད་པས་དགེ་བའི་ཚོགས་རྣམས་ཀྱང་དངོས་པོ་མེད་པའི་ཕྱིར་ཚོགས་གཉིས་ཀྱང་མི་འགྲུབ་བམ་སྙམ་པ་ལ་བྱང་ཆུབ་སྒྲུབ་པའི་དགེ་བའི་རྩ་བ་རྣམས་ཀྱང་ཡང་དག་པར་སྒྲུབ་པ་ཞེས་བྱ་བར་སྨོས་ཏེ། ཚོགས་གང་གིས་
Vol. 114 · folio 144b
བྱང་ཆུབ་སྒྲུབ་པར་བྱེད་པའི་ཚོགས་ཀྱི་མཚན་ཉིད་དགེ་བའི་རྩ་བ་ནི་བྱང་ཆུབ་སྒྲུབ་པའི་དགེ་བའི་རྩ་བ་ཞེས་བྱ་སྟེ། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ། །དེ་ནི་འདི་སྐད་དུ་དོན་དམ་པས་དུས་གསུམ་གྱི་དངོས་པོ་རྣམས་ཀྱང་རང་བཞིན་མེད་མོད་ཀྱི་ཀུན་རྫོབ་ཏུ་ཇི་ལྟ་ཇི་ལྟར་ལས་བྱས་པ་དེ་ལྟ་
དེ་ལྟར་འབྲས་བུ་མེད་པ་མ་ཡིན་ཏེ། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་སྒྲུབ་པར་བྱེད་ཅེས་བྱ་བར་སྟོན་ཏོ། །གཞན་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པས་དུས་གསུམ་གྱི་དངོས་པོ་རྣམས་ཁོང་དུ་ཆུད་ཅིང་དྲན་ཏེ། བདག་གི་དགེ་
བའི་རྩ་བ་ཆུད་མི་ཟ་བར་བྱེད་པ་ནི་དུས་གསུམ་ལ་མཁས་པའོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་གང་མངོན་པར་ཤེས་པ་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་པར་ཤེས་པ་དང་ལྡན་པ་ནི་མངོན་པར་ཤེས་པ་ལ་མཁས་པའམ། ཡང་ན་མངོན་པར་
ཤེས་པས་དངོས་པོ་རྣམས་ཤེས་ཤིང་དྲན་ཏེ། དགེ་བའི་རྩ་བ་བྱས་པ་རྣམས་ཆུད་མི་གསོན་པའི་མངོན་པར་ཤེས་པ་འདས་པའི་དུས་རྗེས་སུ་དྲན་ཏེ་ཞེས་བྱ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་འདས་པའི་དུས་ན་མི་དགེ་བ་ཅི་བྱས་པ་དང་། དགེ་བ་ཅི་བྱས་པ་མ་བརྗེད་
པ་ནི་འདས་པའི་དུས་དྲན་པའོ། །དེ་ལྟར་དྲན་པ་ཡང་མ་ཟད་ཀྱི། སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་རྗེས་སུ་དྲན་ནས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ནི་འདས་པའི་དུས་ལ་མཁས་པ་ཞེས་བྱའོ། །གང་མ་འོངས་པའི་དུས་ན་དགེ་བའི་སེམས་བསྐྱེད་པ་རྣམས་རབ་ཏུ་
ཤེས་པ་དང་ཞེས་བྱ་བ་ནི་འདིར་ཡང་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པའི་མངོན་པར་ཤེས་པས་མ་འོངས་པའི་དུས་ན་དགེ་བའི་སེམས་སྐྱེ་བར་འགྱུར་བ་རྣམས་ཤེས་ཤིང་མཐོང་ཞེས་བྱ་བར་སྦྱར་ཏེ། མ་འོངས་པ་ན་བྱང་
ཆུབ་ཏུ་སེམས་བསྐྱེད་ནས་འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་དང་། གཏི་མི་མུག་པའི་དགེ་བའི་རྩ་བའི་རྒྱུ་ལས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དགེ་བ་རྣམས་གདོན་མི་ཟ་བར་སྐྱེ་བར་ཤེས་པ་ནི་མ་འོངས་པའི་དགེ་བའི་སེམས་སྐྱེད་པ་རྣམས་རབ་ཏུ་ཤེས་པ་ཞེས་བྱའོ། །
Vol. 114 · folio 145a
དེ་ལྟར་ཤེས་ནས་ཀྱང་ད་ལྟ་ཉིད་ཀྱི་དུས་ན་དགེ་བ་དེ་དག་ཡོངས་སུ་རྫོགས་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ཚོགས་སུ་གྱུར་ཅིག་པར་སེམས་ལ་མངོན་པར་འདུ་བྱེད་ཅིང་རེ་བ་ནི་དེ་ལ་སྨོན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །ད་ལྟར་བྱུང་བའི་དུས་ལ་མཁས་པ་ཡང་རྣམ་པ་
གསུམ་སྟེ། ཕྱིན་ཅི་མ་ལོག་པར་བྱེད་པ་དང་། མི་ཉམས་པར་བྱེད་པ་དང་། འབྲས་བུ་གཞན་དུ་མི་འགྱུར་བར་བྱེད་པ་སྟེ། དེ་ལ་གང་ད་ལྟར་བྱུང་བའི་དུས་ལ་དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་རྣམས་ཡིད་ལ་བྱེད་ཅིང་ཞེས་བྱ་བས་ཕྱིན་ཅི་མ་ལོག་པར་བྱེད་པ་བསྟན་ཏེ། དགེ་བའི་རྩ་བ་
སྐྱེས་ཤིང་བྱུང་བ་ལ་ཕྱིན་ཅི་མ་ལོག་པར་ཡང་དང་ཡང་ཡིད་ལ་བྱེད་པའི་ཕྱིར་རོ། །གནས་པར་བྱེད་ཅེས་བྱ་བ་ནི་མི་ཉམས་པར་བྱེད་པ་བསྟན་ཏེ། དགེ་བའི་རྩ་བ་སྐྱེས་ཤིང་བྱུང་བ་གོང་ནས་གོང་དུ་ཁྱད་པར་དུ་འབོགས་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཞེས་བྱ་
བས་འབྲས་བུ་གཞན་དུ་མི་འགྱུར་བར་བྱེད་པ་བསྟན་ཏེ། དེ་ལྟར་བྱུང་བའི་དུས་སུ་དགེ་བ་བྱས་ཏེ་གནས་པར་གྱུར་པ་རྣམས་ལྷ་དང་ཀླུ་ལ་སོགས་པའི་འབྲས་བུ་ཐོབ་པར་མི་བསྔོའི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བསྔོ་བའི་ཕྱིར་རོ། །དུས་གསུམ་གྱི་བསོད་ནམས་ཀྱི་ཚོགས་ཅི་བྱས་པས་
སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དུས་གསུམ་ལ་མཁས་པ་ཡིན་ནོ་ཞེས་བསྟན་པར་བཞེད་ནས། གཞན་ཡང་གང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ཅེས་བྱ་བས་ནི་རིགས་ལྔ་དང་ལྡན་པའི་གང་
ཟག་རྣམས་བསྡུས་ཏེ། དེ་དག་སོ་སོའི་ཐེག་པ་དང་། ལྷ་དང་མིའི་བདེ་འགྲོར་འགོག་པ་ནི་ཡོངས་སུ་སྨིན་པར་བྱ་བ་སྟེ། ཕྱིར་ཞེས་བྱ་བ་ནི་དེའི་ཆེད་དུའོ། །འདས་པའི་བསོད་ནམས་ཀྱི་ཚོགས་དྲན་ནས་ཞེས་བྱ་བ་ནི་བདག་གི་སྔོན་དགེ་བ་འདི་དང་འདི་བྱས་སོ་ཞེས་སྦྱིན་པ་དང་། ཚུལ་ཁྲིམས་ལ་
སོགས་པ་བསོད་ནམས་ཀྱི་ཚོགས་ཅི་བྱས་པ་མ་བརྗེད་པ་ནི་དྲན་པའོ། །སེམས་ཅན་གང་དག་ཇི་ལྟ་བུར་ཡོངས་སུ་སྨིན་པ་དང་བྱ་བ་དེ་དག་ཐམས་ཅད་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བས་སྔོན་བྱས་པའི་བསོད་ནམས་དེ་དག་དྲན་པ་ཙམ་དུ་མ་ཟད་ཀྱི། བསོད་ནམས་དེ་དག་གི་མཐུས་
Vol. 114 · folio 145b
སེམས་ཅན་ཇི་སྙེད་ཅིག་ཇི་ལྟར་སྨིན་པར་བྱ་བ་དེ་དག་ཐམས་ཅད་དེ་བཞིན་དུ་སྨིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །མ་འོངས་པའི་དུས་ཀྱི་སེམས་ཅན་གང་དག་སངས་རྒྱས་མཉེས་པར་བྱ་བས་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བ་ནི་སངས་
རྒྱས་མཉེས་པར་བྱ་བའི་སྒོ་ནས་མ་འོངས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མ་འོངས་པའི་དུས་ཀྱི་སེམས་ཅན་གང་དག་སངས་རྒྱས་མཉེས་པར་བྱ་བས་ཡོངས་སུ་སྨིན་པར་བྱ་བ་ཞེས་བྱ་སྟེ། དེ་ནི་འདི་སྐད་དུ། དེ་བཞིན་གཤེགས་པ་དེ་དག་གི་དྲུང་དུ་སོང་ནས་དམ་པའི་ཆོས་མཉན་པ་དང་། བསམ་
པ་དང་། བསྒོམ་པ་ལ་སོགས་པ་སྒྲུབ་པའི་མཆོད་པ་དང་། མཉེས་པར་བྱས་ནས། དེ་ལ་བརྟེན་ཏེ་སེམས་ཅན་ཇི་སྙེད་ཅིག་ཡོད་པ་ཇི་ལྟར་ཡོངས་སུ་སྨིན་པར་བྱ་བ་དེ་སྙེད་ཅིག་དེ་བཞིན་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་བ་སྟོན་ཏོ། །ད་ལྟར་བྱུང་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པའམ། རྫུ་
འཕྲུལ་གྱི་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དེ་ཞེས་བྱ་བ་ལ། ཆོ་འཕྲུལ་གྱི་སྒྲ་གཉི་ག་དང་སྦྱར་ཏེ། ཆོས་བསྟན་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཆོས་བསྟན་པའི་ཆོ་འཕྲུལ་ཡང་རྣམ་པ་
གཉིས་ཏེ། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་ལོ། །དེ་ལ་ཀུན་བརྗོད་པའི་ཆོ་འཕྲུལ་ནི་སེམས་ཅན་རྣམས་ཀྱི་ཁམས་དང་རང་བཞིན་དང་བག་ལ་ཉལ་རྣམས་ལ་བཏགས་ནས་དེ་དག་ལ་དེ་བཞིན་དུ་བརྗོད་པའོ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་དེ་ལྟར་གདུལ་བྱ་དེ་དག་
བརྡ་སྤྲད་ནས་བསྟན་པ་ལ་བཙུད་དེ། འདི་ནི་སྡུག་བསྔལ་གྱི་བདེན་པ། འདི་ནི་ཀུན་འབྱུང་གི་བདེན་པ། འདི་ནི་འགོག་པའི་བདེན་པ། འདི་ནི་ལམ་གྱི་བདེན་པའོ་ཞེས་བདེན་པ་བཞི་ལ་སོགས་པ་འཆད་པའོ། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི་དབང་ལྔ་དང་ལྡན་པ་སྟེ། གཅིག་ཏུ་
གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང་། སྣང་བ་དང་མི་སྣང་བ་ལ་དབང་བས་སྤྲུལ་པ་ལ་དབང་བ་དང་། རྩིག་པ་ལ་ཡང་ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ་བ་ལ་སོགས་པ་ལ་དབང་བས་འགྲོ་བ་ལ་དབང་བ་དང་། ནམ་མཁའ་ལ་མངོན་དུ་འཕགས་
Vol. 114 · folio 146a
ཏེ་སྤྱོད་ལམ་རྣམ་བཞི་བྱེད་པ་དང་། ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ། ས་ཆེན་པོ་ལ་བྱ་བ་བཞིན་བྱེད་པ་ལ་དབང་བས་གནས་པ་ལ་དབང་བ་དང་། མིའི་འགྲོ་བ་འདི་ན་གནས་བཞིན་དུ་ལྷའི་འགྲོ་བར་གཏོགས་པ། ཟླ་བ་དང་། ཉི་མ་འདི་གཉིས་འདི་ལྟར་རྫུ་
འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་ལྟར་གཟི་བརྗིད་ཆེ་བ་ལའང་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་པས་ལུས་ལ་དབང་བ་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱི་དབང་སྒྱུར་བས་ཁམས་ཁྱད་པར་ཅན་ལ་དབང་བ་སྟེ། དེ་ལྟར་དབང་ལྔ་དང་ལྡན་པས་
གདུལ་བྱའི་སེམས་ཅན་འདུན་པར་བྱེད་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །ད་ལྟར་གྱི་སེམས་ཅན་ཁ་ཅིག་ཆོས་བསྟན་པའི་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་བྱ་བ་ཡིན། སེམས་ཅན་ཁ་ཅིག་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཡོངས་སུ་སྨིན་པར་བྱ་བ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་ཆོ་
འཕྲུལ་གང་གིས་སེམས་ཅན་གང་ཡོངས་སུ་སྨིན་པར་བྱ་བ་ཆོ་འཕྲུལ་དེས་སེམས་ཅན་དེ་ཡོངས་སུ་སྨིན་པར་བྱེད་དོ། །དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་དུ་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུངས་སོ། །དུས་གསུམ་ལ་མཁས་པ་གོང་དུ་
བཤད་པ་རྣམས་ཀྱི་དོན་བསྡུས་ཏེ། བསྟན་པར་བཞེད་ནས། གང་དུས་གསུམ་འདི་དག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་སྦྱར་ཏེ། བྱང་ཆུབ་སེམས་དཔའ་གང་ཞེས་བྱ་བའི་དོན་ཏོ། །དུས་གསུམ་འདི་དག་ཅེས་བྱ་བ་ནི་གོང་དུ་བཤད་
པའི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་དག་ལའོ། །མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བའི་ཚིག་གོང་མའི་ཚིག་གསུམ་ཆར་དང་ཡང་སྦྱར་ཏེ། བདག་གི་དོན་ལ་མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་པ་དང་། གཞན་གྱི་དོན་ལ་མ་ཆགས་པས་ཡོངས་སུ་
རྫོགས་པར་བྱེད་པ་དང་། བྱང་ཆུབ་ཀྱི་དོན་ལ་མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བར་སྦྱར་རོ། །དེ་ལ་བདག་ཡོངས་སུ་སྨིན་པར་འགྱུར་བ་འམ། བདག་ལ་ཕན་པར་འགྱུར་བའི་དོན་ནི་བདག་གི་དོན་ཏེ། དེ་ཡང་སྤངས་པ་དང་སྒྲུབ་པའི་མཚན་ཉིད་རྣམ་པ་གཉིས་
Vol. 114 · folio 146b
སོ། །དེ་ལ་སྤངས་པ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པ་སྤང་བ་དང་། སྡུག་བསྔལ་སྤང་བ་དང་། ཤིན་ཏུ་སྤང་བའོ། །དེ་ལ་ཉོན་མོངས་པ་སྤང་བ་ནི་འཇིག་རྟེན་གྱི་ལམ་ས་གོང་མ་ལ་ཞི་བར་ལྟ་ཞིང་། ས་འོག་མ་ལ་སྐྱོན་དུ་ལྟ་བས་ཅུང་ཟད་མེད་པའི་སྐྱེ་མཆེད་མན་ཆད་ཀྱིས་ཉོན་
མོངས་པ་ཐང་ཅིག་རྩེ་བཅིལ་བ་དང་། འཇིག་རྟེན་ལས་འདས་པ་མཐོང་བ་དང་བསྒོམ་པའི་ལམ་གྱིས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་བག་ཆགས་ཀྱང་མ་ལུས་པར་བཏོན་པའོ། །དེ་ལ་སྡུག་བསྔལ་སྤངས་པ་ནི་ངན་སོང་གསུམ་དུ་སྐྱེ་བའི་སྡུག་བསྔལ་དང་། ཁམས་གསུམ་དུ་སྐྱེ་བའི་
སྡུག་བསྔལ་མ་ལུས་པར་སྤངས་པའོ། །ཤིན་ཏུ་སྤངས་པ་ནི་ཉོན་མོངས་པ་དང་སྡུག་བསྔལ་སྤངས་པ་དེ་དག་ལན་ཅིག་སྤངས་ནས་ཕྱིས་ཅི་ནས་ཀྱང་དེའི་སེམས་ཀྱི་རྒྱུད་ལ་མི་སྐྱེ་བར་བྱེད་པའོ། །དེ་ལ་སྒྲུབ་པ་ལ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་བདེ་བ་སྒྲུབ་པ་དང་། འཇིག་རྟེན་
ལས་འདས་པའི་བདེ་བ་སྒྲུབ་པའོ། །འཇིག་རྟེན་གྱི་བདེ་བ་སྒྲུབ་པ་ནི་ཇི་སྲིད་དུ་འཇིག་རྟེན་ལས་འདས་པའི་བདེ་བ་མ་ཐོབ་ཀྱི་བར་དུ་ལྷ་དང་མིའི་བདེ་འགྲོར་སྐྱེ་བར་བྱེད་པའོ། །འཇིག་རྟེན་ལས་འདས་པའི་བདེ་བ་ཡང་རྣམ་པ་གཉིས་ཏེ། བླ་ན་ཡོད་པ་དང་། བླ་ན་མེད་པའོ། །དེ་ལ་བླ་ན་
ཡོད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་བརྟེན་ནས་ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་ཡང་མ་ལུས་པ་སྤངས་པའི་མྱ་ངན་ལས་འདས་པ་འཐོབ་བོ། །བླ་ན་མེད་པ་ནི་ཐེག་པ་ཆེན་པོ་ལ་བརྟེན་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟེན་དུ་གྱུར་པ་ནི་མི་
གནས་པའི་མྱ་ངན་ལས་འདས་པ་འཐོབ་པའོ། །སེམས་ཅན་གཞན་ཡོངས་སུ་སྨིན་པར་བྱས་པ་འམ། གཞན་ལ་ཕན་པར་བྱས་པའི་དོན་ནི་གཞན་གྱི་དོན་ཏེ། དེ་ཡང་སྤང་བ་དང་སྒྲུབ་པ་ལ་བཀོད་པ་གོང་མ་བཞིན་དུ་རྣམ་པ་གཉིས་སུ་རིག་པར་བྱའོ། །བྱང་ཆུབ་ཉིད་དོན་དམ་པས་ན་
བྱང་ཆུབ་ཀྱི་དོན་ཏོ། །བྱང་ཆུབ་ཀྱི་སྒྲས་འདིར་བྱང་ཆུབ་རྣམ་པ་གསུམ་ལ་བྱ་བར་རིག་པར་བྱ་སྟེ། དེ་དག་ནི་འཕགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཡང་ན་སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་བྱ་བའི་
Vol. 114 · folio 147a
ཕྱིར་འཕགས་པའི་ལམ་སྒོམ་པར་བྱེད་པ་ནི་བྱང་ཆུབ་ཀྱི་དོན་ཅེས་བྱའོ། །མ་ཆགས་པས་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ནི་བདག་དང་གཞན་དང་བྱང་ཆུབ་ཀྱི་དོན་རྣམ་པ་གསུམ་ཆར་ལ་ཡང་དངོས་པོར་འཛིན་པ་མེད་ཅིང་། འཁོར་གསུམ་ཡོངས་སུ་དག་པའི་
ཚུལ་གྱིས་མཐར་ཕྱིན་པར་བྱེད་པ་དེ་ནི་ཞེས་བྱ་བའི་དོན་ཏོ། །དུས་གསུམ་ལ་མཁས་པ་བཤད་པའི་འོག་ཏུ་ཐེག་པ་ཀུན་ལ་མཁས་པ་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་པར་བཞེད་ནས། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཐམས་ཅད་ལ་མཁས་པ་གང་ཞེ་ན་ཞེས་དྲིས་ཏེ། ཐེག་
པ་ཐམས་ཅད་ལ་མཁས་པ་ནི་ཐེག་པ་ཀུན་ལ་མཁས་པ་སྟེ། ཐེག་པ་ཐམས་ཅད་ཀྱི་རྒྱུ་དང་རང་བཞིན་དང་འབྲས་བུ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེ་ལ་ཐེག་པ་ཐམས་ཅད་ནི་བསྡུས་ན་རྣམ་པ་གཉིས་ཏེ། འཇིག་རྟེན་ལས་འདས་པའི་ཐེག་པ་དང་། འཇིག་རྟེན་གྱི་ཐེག་པའོ། །
འཇིག་རྟེན་ལས་འདས་པའི་ཐེག་པ་བསྟན་པ་བཞེད་ནས། གསུམ་པོ་འདི་དག་ནི་ཐེག་པ་སྟེ། ངེས་པར་འབྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་འདི་གསུམ་ནི་འཇིག་རྟེན་ལས་འདས་པའི་ཐེག་པ་ཞེས་བྱ་སྟེ།
ཅིའི་ཕྱིར་ཞེ་ན་འཁོར་བ་ལས་འབྱིན་པར་བྱེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཐེག་པ་བསྟན་པར་བཞེད་ནས། གཞན་ཡང་ཐེག་པ་གཉིས་ཏེ། གཉིས་གང་ཞེ་ན། ལྷའི་ཐེག་པ་དང་མིའི་ཐེག་པའོ་ཞེས་བྱ་བ་གསུངས་པའོ། །དེ་ལ་ལྷ་རྣམས་ཀྱི་ཐེག་པ་ཡིན་པས་ན་ལྷའི་ཐེག་པ་དང་།
མི་རྣམས་ཀྱི་ཐེག་པ་ཡིན་པས་ན་མིའི་ཐེག་པ་འམ། ལྷར་འགྱུར་བའི་ཐེག་པ་དང་། མིར་འགྱུར་བའི་ཐེག་པ་ནི་ལྷའི་ཐེག་པ་དང་མིའི་ཐེག་པ་ཞེས་བྱའོ། །དེ་ལ་ལྷའི་སྒྲས་ནི་རྒྱལ་ཆེན་བཞི་ལ་སོགས་པ་འདོད་པའི་ཁམས་ཀྱི་ལྷ་དྲུག་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་དང་། ནམ་མཁའ་
མཐའ་ཡས་ལ་སོགས་པ་གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་བསྡུའོ། །ཐེག་པའི་སྒྲས་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་སྲོག་གཅོད་པ་ལས་ཕྱིར་ལོག་པ་ལ་སོགས་པ་དགེ་བ་བཅུའི་ལས་ཀྱི་ལམ་དང་། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ཟག་
Vol. 114 · folio 147b
པ་དང་བཅས་པའི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། ནམ་མཁའ་མཐའ་ཡས་སོ་ཞེས་བྱ་བ་ལ་སོགས་པ་གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་བཞི་མི་གཡོ་བ་ཉེ་བར་འགྲོ་བའི་མཚན་ཉིད་རྣམས་བསྡུས་ཏེ། འདུ་བྱེད་དེ་གཉིས་ཀྱིས་ལྷའི་གནས་དེ་དག་ཐོབ་པར་བྱེད་ཅིང་དེར་
འགྲོ་བས་ན་ལྷའི་ཐེག་པ་ཞེས་བྱའོ། །མིའི་སྒྲས་ནི་གླིང་བཞི་ན་གནས་པའི་སྐྱེས་པ་དང་བུད་མེད་ཅེས་བྱ་བ་ལ་སོགས་པ་བསྡུས་ཏེ། ཐེག་པའི་སྒྲས་ནི་དགེ་བ་བཅུའི་ལས་ཀྱི་རང་བཞིན་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་ལ་བྱའོ། །ཁ་ཅིག་ན་རེ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་སྲོག་
གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་རྣམས་ཀྱིས་ཀྱང་ངན་སོང་གསུམ་དུ་འགྲོ་ཞིང་སྐྱེ་བར་བྱེད་པས་འདིས་འགྲོ་བ་དང་འདིར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ཐེག་པར་བསྟན་པའི་མཚན་ཉིད་ཡོང་ན་འདིར་འཇིག་རྟེན་པའི་ཐེག་པའི་ནང་དུ་ངན་སོང་གསུམ་རྣམས་ཅིའི་ཕྱིར་ཐེག་པ་མ་བསྡུས་ཤེ་
ན། ཐེག་པ་ཞེས་བྱ་བའི་དོན་ནི་རྒྱུས་བདེ་བ་སྐྱེད་པར་བྱེད་པ་དང་། འབྲས་བུའི་ཚེ་འཕགས་པའི་བདེན་པ་རྟོགས་པའི་སྣོད་དུ་རུང་བ་ལ་བྱ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་འདིས་འགྲོ་བ་དང་འདིར་འགྲོ་བ་ཞེས་བྱ་བ་བསྟན་དུ་རུང་ཡང་མི་དགེ་བའི་ལས་ཀྱི་ལམ་གྱི་རྒྱུ་ཉིད་སྡུག་བསྔལ་སྐྱེད་པར་བྱེད་པ་
དང་། འབྲས་བུའི་ཚེ་ན་ཡང་འཕགས་པའི་བདེན་པ་རྟོགས་པའི་སྣོད་དུ་མི་རུང་བས་ན་ཐེག་པ་ཞེས་མི་བྱའོ། །ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་བསྟན་པར་བཞེད་ནས་དེ་ལ་བྱང་ཆུབ་སེམས་དཔའི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་གང་ཞེ་ན་ཞེས་དྲིས་པ་ལ་སོགས་པའོ། །བྱང་ཆུབ་
སེམས་དཔའ་རྣམས་ཀྱིས་མཁས་པར་བྱ་བའི་ཉན་ཐོས་ཀྱི་ཐེག་པ་ནི་བྱང་ཆུབ་སེམས་དཔའི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་སྟེ། ཉན་ཐོས་ཀྱི་ཐེག་པ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །འདིས་འགྲོ་བས་ན་ཐེག་པ་སྟེ། གང་གིས་འགྲོ་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པས་འགྲོ་
བས་ཐེག་པའི་སྒྲ་ནི་བསླབ་པ་གསུམ་ལ་བྱའོ། །ཡང་ན་འདིར་འགྲོ་བས་ན་ཐེག་པ་སྟེ། དེས་ནི་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་ཐེག་པ་ཞེས་བྱ་བར་རིག་པར་བྱའོ། །ཐེག་པ་དེའི་མཚན་ཉིད་དང་། རྒྱུ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་རྟོགས་
Vol. 114 · folio 148a
པ་ནི་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་སྟེ། དེའང་འོག་ནས་འཆད་དོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ཡང་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། རྟེན་དང་། དམིགས་པ་དང་། རྒྱུ་དང་། སྒྲུབ་པ་དང་། འབྲས་བུ་དང་། དེ་རབ་ཏུ་རིག་པའོ། །སངས་རྒྱས་བྱུང་བ་
མེད་པར་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དོ་ཞེས་བྱ་བ་ནི་དགའ་ལྡན་གྱི་ཕོ་བྲང་ནས་བྱང་ཆུབ་སེམས་དཔའ་འཆི་འཕོ་བ་བསྟན་ཏེ། ཡུམ་གྱི་ལྷུམས་སུ་བལྟམས་པ་དང་། བཙས་པ་དང་། གཞོན་ནུ་ལ་སོགས་པའི་རིམ་པས་སེམས་ཅན་གྱི་དོན་དུ་ཐབས་ཀྱི་སྤྱོད་པ་རྣམ་པ་སྣ་ཚོགས་མཛད་ནས་ཁབ་
ནས་བྱུང་སྟེ་དཀའ་བར་སྤྱད་པ་ལ་སོགས་པས་བསྟན་ནས་མངོན་པར་སངས་རྒྱས་པ་ནི་སངས་རྒྱས་འབྱུང་བ་ཞེས་བྱ་སྟེ། སངས་རྒྱས་འབྱུང་བ་ལ་བརྟེན་པ་མེད་པར་ཉན་ཐོས་ཀྱི་ཐེག་པ་འབྱུང་བ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྟེན་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་
བ་ནི་རྒྱུ་འདྲི་བ་སྟེ། སངས་རྒྱས་འབྱུང་བ་མེད་པར་ཉན་ཐོས་ཀྱི་ཐེག་པ་ཡང་ཅིའི་ཕྱིར་མེད་ཅེ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ལན་དུ་ཉན་ཐོས་རྣམས་ཀྱི་ཡང་དག་པར་ལྟ་བ་ནི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རྗེས་སུ་འགྲོ་བ་ཞེས་བྱ་བ་གསུངས་ཏེ། གང་ཆོས་ཐམས་ཅད་ལ་གང་ཟག་གི་དངོས་པོ་མེད་དེ།
གང་ཟག་ལ་བདག་མེད་པ་ཡང་དག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནི་ཉན་ཐོས་རྣམས་ཀྱི་ཡང་དག་པར་ལྟ་བའོ། །ཡང་དག་པའི་ལྟ་བ་དེ་ཡང་སངས་རྒྱས་སམ། མཁན་པོའམ་སློབ་དཔོན་གྱིས་བཤད་པའི་སྒྲ་མཉན་ནས་གང་ཟག་ལ་བདག་མེད་པར་དམིགས་པར་བྱེད་པས་ན་ཕ་རོལ་གྱི་སྒྲའི་
རྗེས་སུ་འགྲོ་བ་ཞེས་བྱ་སྟེ། འདིས་ནི་དམིགས་པར་སྨྲ་བ་ཡིན་ནོ། །ཕ་རོལ་གྱིས་བསྟན་པའི་སྒྲ་མཉན་ནས་ཞེས་བཤད་ན་ཉན་པ་ནི་གང་ཞེ་ན། དེའི་ཕྱིར་དེ་ལ་ཉན་པ་ནི་གང་འདིའི་ཚུལ་ཁྲིམས་སྡོམ་པ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པའི་གདུང་བ་སེལ་ཞིང་སིམ་པར་བྱེད་པས་ཚུལ་
ཁྲིམས་ཏེ། དེས་ལུས་དང་ངག་གི་ཉེས་པ་དང་། ཁ་ན་མ་ཐོ་བ་རྣམས་མི་འབྱུང་བར་སྡོམ་པར་བྱེད་པས་ན་ཚུལ་ཁྲིམས་ཉིད་སྡོམ་པ་སྟེ། དེ་ལ་ཉན་པ་ནི་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བསླབ་པ་བཅས་པའི་རྗེས་སུ་འཇུག་པ་ནི་ཞེས་བྱ་བ་ལ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་མཉན་ནས།
Vol. 114 · folio 148b
ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཕམ་པ་བཞི་དང་། དགེ་འདུན་ལྷག་མ་བཅུ་གསུམ་ལ་སོགས་པའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཅས་པ་བཞིན་དུ་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ཡང་མེད་པར་སློབ་ཅིང་བྱེད་པ་ནི་ཇི་ལྟར་བསླབ་པ་བཅས་པའི་རྗེས་སུ་འཇུག་པ་ཞེས་བྱ་སྟེ། རྒྱུ་དེས་ཚུལ་ཁྲིམས་ཀྱི་ཕུང་པོ་
རྫོགས་པར་འགྱུར་བས་ན་འདིས་ནི་རྒྱུ་སྨྲས་པ་ཡིན་ནོ། །དེ་ལ་སྒྲུབ་པ་ཡང་རྣམ་པ་གསུམ་སྟེ། ཏིང་ངེ་འཛིན་གྱི་གནས་རབ་ཏུ་སྒྲུབ་པ་དང་། ཡེ་ཤེས་ཀྱི་རྟེན་རབ་ཏུ་སྒྲུབ་པ་དང་། བྱ་བ་བྱས་པ་རབ་ཏུ་སྒྲུབ་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་རབ་ཏུ་རྫོགས་པར་འགྱུར་ཏེ་ཞེས་བྱ་བ་ལ་ཚུལ་ཁྲིམས་
ཀྱི་སྒྲས་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལ་བྱ་སྟེ། ཡན་ལག་དྲུག་པོ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གནས་པ་ཞེས་ཡན་ལག་དང་པོ་དང་། སོ་སོར་ཐར་བའི་སྡོམ་པས་བསྡམས་པ་ཞེས་ཡན་ལག་གཉིས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་ཞེས་ཡན་ལག་གསུམ་པ་དང་།
སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་ཡན་ལག་བཞི་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་ཞེས་ཡན་ལག་ལྔ་པ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་ཅེས་ཡན་ལག་དྲུག་པའོ། །ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན་ཡང་དག་པར་
བླངས་པའི་བསླབ་པའི་གཞི་རྣམས་ལ་ལུས་ཀྱི་ལས་ཀྱི་མཐའ་མ་ལོག་པ་དང་། ངག་གི་ལས་ཀྱི་མཐའ་མ་ལོག་པར་གྱུར་ཅིང་མ་ཉམས་པར་བྱེད་པ་དང་། སྐྱོན་མེད་པར་བྱེད་པའོ། །ཇི་ལྟར་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ཞེ་ན། དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་
བསྙེན་པ་དང་། དགེ་བསྙེན་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མའི་ཚུལ་ཁྲིམས་རྣམས་ལ་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་སྟེ། དེ་དག་ཀྱང་སྡེ་ཐ་དད་པར་དབྱེ་བས་སྡོམ་པ་མང་དུ་འགྱུར་མེད་ཀྱི། འདིའི་སྐབས་སུ་དགེ་སློང་གི་སྡོམ་པ་ལ་དགོངས་ནས་སོ་སོར་
ཐར་པའི་སྡོམ་པས་བསྡམས་པ་ཞེས་གསུངས་སོ། །ཇི་ལྟར་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ཞེ་ན། དེ་ལྟར་སྤྱོད་ལམ་མམ། འཕྲལ་གྱི་བྱ་བ་འམ། དགེ་བའི་ཕྱོགས་ལ་རབ་ཏུ་སྦྱོར་བ་ཡང་རུང་སྟེ། བྱ་བ་ཐམས་ཅད་ལ་འཇིག་རྟེན་གྱི་རྗེས་སུ་འཇུག་ཅིང་། འཇིག་རྟེན་གྱིས་དཔྱས་
Vol. 114 · folio 149a
པར་མི་འགྱུར་བ་དང་། འདུལ་བའི་རྗེས་སུ་འཇུག་ཅིང་འདུལ་བ་དང་འགལ་བར་མི་བྱེད་པའོ། །ཇི་ལྟར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། དགེ་སློང་དག་ལྔ་པོ་འདི་དག་ནི་སྤྱོད་ཡུལ་མ་ཡིན་པ་སྟེ། གང་ཞེ་ན། སྨད་འཚོང་མ་དང་། ཆང་འཚོང་
དང་། ཤ་འཚོང་གི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་མོ་ཞེས་གསུངས་ཏེ། གང་དེ་བཞིན་གཤེགས་པས་མ་གནང་བའི་སྤྱོད་ཡུལ་དེ་དག་སྤངས་ནས། སྤྱོད་ཡུལ་གཞན་དུ་འཇུག་པར་བྱེད་པའོ། །ཇི་ལྟར་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་
བ་ཡིན་ཞེ་ན། ཁ་ན་མ་ཐོ་བ་ཕྲ་རབ་ཅེས་བྱ་བ་ནི་གང་བསླབ་པའི་གཞི་ཕྲན་ཚེགས་སུ་གྱུར་པ་རྣམས་ཏེ། དེ་དག་ཉམས་པར་གྱུར་ན་འབད་པ་ཆུང་ངུས་སློང་བར་བྱེད་པའོ། །དེ་ལ་འཇིགས་པར་ལྟ་བ་ནི་གལ་ཏེ་བདག་ལ་དེ་བྱུང་བར་གྱུར་ན་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་
རྟོགས་པར་བྱ་བ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་བྱ་བའི་སྐལ་བ་མེད་ཅིང་ངན་སོང་དུ་ལྷུང་བར་འགྱུར་རོ་སྙམ་ནས་སྲོག་གི་ཕྱིར་ཡང་དེ་དག་ལས་ཉམས་པར་མི་བྱེད་པའོ། །ཇི་ལྟར་བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་པ་ཡིན་ཞེ་ན། དང་པོ་སོ་སོར་ཐར་པའི་སྡོམ་
པ་ལེན་པའི་དུས་ན། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱེད་པའི་ཚེ་བསླབ་པའི་གཞི་ཁ་ཅིག་མཁན་པོ་དང་སློབ་དཔོན་ལས་ཐོས་ནས། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ན་གང་ཡིན་པ་ཤེས་པར་གྱིས་ཤིག་ཅེས་བསྟན་ནས། དེ་ལྟར་
སོ་སོར་ཐར་པའི་སྡོམ་པ་ཐོབ་སྟེ། དེ་ཕྱིན་ཅད་ནི་ཇི་ལྟར་བླངས་པ་དང་། བླང་བར་དམ་བཅས་པ་རྣམས་ཀྱང་བླངས་ནས། ལྷག་ཆད་མེད་པར་བསླབ་པར་བྱེད་པའོ། །ཡན་ལག་དྲུག་པའི་ཚུལ་ཁྲིམས་ཀྱི་ཚོགས་སམ། ཚུལ་ཁྲིམས་མང་པོ་བསྡུས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་
བྱ་སྟེ། དང་པོ་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནས་བརྩམས་ནས། ཐ་མར་རྣམ་པར་གྲོལ་བའི་ཡེ་ཤེས་ལ་ཐུག་གི་བར་དུ་རྡུལ་ཙམ་ཡང་ཉམས་པ་དང་གོད་པ་མེད་པའོ། །དེ་ལྟར་ཉམས་པ་དང་གོད་པ་མེད་པས་ཚུལ་ཁྲིམས་ཀྱི་མཐར་ཕྱིན་ཏེ། ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་
Vol. 114 · folio 149b
མཚན་ཉིད་དུ་གྱུར་པ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་རྒྱས་པར་བཤད་ནས་དེ་ཡང་མདོར་བསྡུས་ན་ཚུལ་ཁྲིམས་ཀྱི་ཕུང་པོའི་མཚན་ཉིད་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཆུད་མི་ཟ་བའི་མཚན་ཉིད་དང་། རང་བཞིན་གྱི་མཚན་ཉིད་དང་། རང་བཞིན་
གྱི་ཡོན་ཏན་གྱི་མཚན་ཉིད་དོ། །དེ་ལ་ཐང་ཅིག་ཚུལ་ཁྲིམས་དང་ལྡན་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་སྡོམ་པ་ཆུད་མི་ཟ་བའི་མཚན་ཉིད་བསྟན་པ་ཡིན་ནོ། །གང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱ་བ་ནི་རང་བཞིན་གྱི་མཚན་ཉིད་སྨྲས་སོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་
ཞེས་བྱ་བས་ནི་ཕ་རོལ་ལ་བརྟེན་ནས་དེ་ལྟར་ཡང་དག་པར་བླངས་པའི་སོ་སོར་ཐར་པའི་སྡོམ་པའི་ཡོན་ཏན་བསྟན་པ་ཡིན་ཏེ། འདི་ལྟར་གཞན་དག་གི་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་མཐོང་ན་མ་དད་པ་རྣམས་ནི་དད་པར་འགྱུར། དད་པ་རྣམས་ནི་དད་པ་ཕྱིར་ཞིང་འཕེལ་བར་འགྱུར་
རོ། །གང་ཡང་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ནས་སློབ་པ་གཉིས་ཀྱིས་རང་གི་དབང་དུ་བྱས་ནས་ཚུལ་ཁྲིམས་ཀྱི་ཡོན་ཏན་སྨྲས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡང་དག་པར་བླངས་པ་ལ་རྡུལ་ཙམ་ཡང་ཉམས་པ་མེད་པ་
དང་། བསླབ་པའི་གཞི་ཆེན་པོ་དག་བླངས་ཤིང་སློབ་པའི་རྒྱུས་ངན་སོང་དུ་སྐྱེ་བའི་སྐལ་བ་མེད་ཅིང་མ་ཐོབ་པ་ལ་སོགས་པ་ཡང་འཐོབ་པར་འགྱུར་བས་སོ། །འདིས་ནི་ཏིང་ངེ་འཛིན་གྱི་གནས་རབ་ཏུ་བསྒྲུབ་པ་བསྟན་ཏེ། འདི་ལྟར་ཚུལ་ཁྲིམས་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རབ་ཏུ་
རེག་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་གཞུང་ཉིད་ལས་ཀྱང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་སོ། །དེ་ལ་ཏིང་ངེ་འཛིན་གང་ཞེ་ན། འདི་ལ་དགེ་སློང་འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་
རྣམས་ལ་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ནས་གནས་སོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་
Vol. 114 · folio 150a
མེད་པ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ནས་གནས་སོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ནོ། །བདེ་བ་ལུས་ཀྱིས་མྱོང་ལ།
འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ནས་གནས་སོ། །དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་
པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པས། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ནས་གནས་སོ་ཞེས་གསུངས་པ་ནི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་བསམ་གཏན་རྣམས་ནི་རྣམ་པ་བཞིས་རྣམ་པར་གཞག་སྟེ། མི་མཐུན་པའི་ཕྱོགས་ཉམས་
པར་བྱེད་པ་དང་། གཉེན་པོ་བསྒོམ་པ་དང་། བསྒོམས་པའི་ཕན་ཡོན་དང་། དེ་གཉི་གའི་གནས་སོ། །དེ་ལ་བསམ་གཏན་དང་པོ་ལ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། འདོད་པ་དག་ལས་དབེན་པ་ཞེས་
བྱ་བ་ནི་ཉོན་མོངས་པའི་འདོད་པ་དང་། དངོས་པོའི་འདོད་པ་དག་ལས་དབེན་པ་སྟེ། མཚུངས་པར་ལྡན་པ་ལས་དབེན་པ་དང་། དམིགས་པ་ལས་དབེན་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་གང་དག་ཉོན་མོངས་པའི་འདོད་པའི་རྒྱུ་ལས་བྱུང་བའི་ལུས་དང་ངག་དང་ཡིད་
ཀྱིས་ཉེས་པར་སྤྱོད་པར་གཏོགས་པ་ཆད་པས་གཅོད་པ་དང་། མཚོན་འདེབས་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། གཡོའི་ཚིག་དང་། གནོད་པ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་དེ་དག་ལས་དབེན་པའོ། །རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དག་སྐྱོན་
དུ་མ་མཐོང་བས་འདོད་པའི་གཉེན་པོ་དེ་གཉིས་དང་མཚུངས་པར་ལྡན་པའི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཞེས་བྱ་བས་གཉེན་པོ་བསྒོམ་པ་བསྟན་ཏེ། རྟོག་པ་དང་དཔྱོད་པ་གཉིས་ཀྱིས་འདོད་པ་དང་། སྡིག་པ་མི་དགེ་བའི་ཆོས་འཇོམས་པར་བྱེད་པས་སོ། །དབེན་པ་ལས་
Vol. 114 · folio 150b
སྐྱེས་པའི་དགའ་བ་དང་། བདེ་བ་ཅན་ཞེས་བྱ་བས་བསྒོམས་པའི་ཕན་ཡོན་བསྟན་ཏེ། འདོད་པ་ལས་དབེན་པ་འམ། སྒྲིབ་པ་ལས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཞེས་བྱ་སྟེ། འདོད་པའི་དོན་རྙེད་ནས་གནས་ངན་ལེན་ཐམས་ཅད་དང་བྲལ་
བས་ལུས་དང་སེམས་ཤིན་ཏུ་སྦྱངས་ཏེ་ལས་སུ་རུང་བའི་ཕྱིར་རོ། །བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་ཞེས་བྱ་བས་དེ་གཉིས་ཀའི་གནས་བསྟན་ཏེ། གཉེན་པོ་བསྒོམ་པ་དང་། བསྒོམས་པའི་ཕན་ཡོན་གཉིས་ནི་བསམ་གཏན་དང་པོའི་སེམས་རྩེ་གཅིག་པ་ལས་གྲུབ་པའི་ཕྱིར་ཏེ།
འོག་མ་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞེས་བྱ་བས་བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། བསམ་གཏན་དང་པོའི་རྣམ་པར་རྟོག་པ་དང་བཅས། རྣམ་པར་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱིས་མཚན་མ་དག་ལ་སྐྱོན་དུ་མཐོང་
ནས་དེ་ལས་སེམས་བཟློག་སྟེ། རྣམ་པར་རྟོག་པ་མེད་པ་དང་། རྣམ་པར་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱིས་མཚན་མ་ལས་སེམས་ཉེ་བར་འདོགས་པར་བྱེད་པའོ། །ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་ཅེས་བྱ་བས་གཉེན་པོ་བསྒོམ་པ་བསྟན་ཏེ། དེ་ལྟར་རྟོག་པ་
དང་དཔྱོད་པ་དང་བཅས་པའི་དམིགས་པ་དང་བྲལ་བར་བྱས་ནས་རྩེ་གཅིག་ཏུ་དཔྱོད་པའི་དམིགས་པ་ལས་དང་གཅིག་པས་ཞི་བ་དང་། རབ་ཏུ་དང་བའི་སེམས་སུ་འཇོག་པས་ན་ཡོངས་སུ་དང་བ་ཡིན་ལ། དེ་དེ་ལྟར་སེམས་ཉེ་བར་འཇོག་པས་རྣམ་པར་རྟོག་པ་དང་བཅས། རྣམ་པར་དཔྱོད་པ་དང་བཅས་
པས་གླགས་དང་བཅས་ཤིང་། བར་ཆད་དང་བཅས་པའི་གནས་སྐབས་ལས་འདས་ནས་སྒོམ་པ་གོམས་པས་གླགས་མེད་ཅིང་བར་ཆད་མེད་པའི་གནས་སྐབས་ཐོབ་པར་འགྱུར་བས་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཞེས་བྱ་བས་
བསྒོམས་པའི་ཕན་ཡོན་བསྟན་ཏེ། བསམ་གཏན་དང་པོའི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ལས་ཁྱད་པར་དུ་འཕགས་པ་བསྟན་ཏོ། བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ནས་གནས་ཞེས་བྱ་བས་དེ་གཉི་གའི་གནས་བསྟན་ཏོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་
Vol. 114 · folio 151a
བྱ་བས་བསམ་གཏན་གསུམ་པའི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། ཏིང་ངེ་འཛིན་ལས་སྐྱེས་པའི་སེམས་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བཏང་སྙོམས་ལ་གནས་ཤིང་དྲན་པ་དང་། ཤེས་བཞིན་ཅན་ཡིན་ཞེས་བྱ་བས་གཉེན་པོ་སྒོམ་
པ་བསྟན་ཏེ། རྣམ་པར་རྟོག་པ་དང་བཅས། རྣམ་པར་དཔྱོད་པ་དང་བཅས་པ་དེ་དག་དང་དགའ་བ་ཡང་སྤངས་པས་བར་ཆད་མེད་པར་བཏང་སྙོམས་དང་ལྡན་པར་གནས་སོ། །དེ་ཡང་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་རྣམས་ཀྱི་གོ་སྐབས་མི་དབྱེ་བའི་ཕྱིར་དྲན་པ་ཉེ་བར་གནས་པ་
ཡིན་ལ། སྐྱེས་པ་རྣམས་ཀྱང་ནམ་ཡང་ཇི་ལྟར་ཡང་དང་ཡང་དུ་མི་བླང་བའི་ཕྱིར་ཤེས་རབ་ཀྱིས་མང་དུ་གནས་པས་ན་དྲན་པ་དང་ལྡན་ཞིང་ཤེས་བཞིན་ཅན་ཞེས་བྱའོ། །བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་
བརྗོད་པ་སྟེ་ཞེས་བྱ་བས་བསྒོམས་པའི་ཕན་ཡོན་བསྟན་ཏེ། དེ་ལྟར་བཏང་སྙོམས་ལ་མང་དུ་གནས་པ་དེ་སེམས་གཡེང་བ་མེད་པའི་དགའ་བ་དང་ལྡན་པའི་ཚོར་བ་སྤངས་ནས། དགའ་བ་མེད་པའི་ཞི་བ་རབ་ཏུ་ཞི་བའི་ཚོར་བ་འབྱུང་སྟེ། དེ་ཡང་དེའི་ཚེ་གཟུགས་ཀྱི་ལུས་དང་། ཡིད་ཀྱི་ལུས་ཀྱིས་
ཚོར་བའི་བདེ་བ་དང་། ཤིན་ཏུ་སྦྱངས་པའི་བདེ་བ་མྱོང་བར་བྱེད་པས་ན་བདེ་བ་ལུས་ཀྱིས་མྱོང་བ་ཞེས་བྱའོ། །བསམ་གཏན་འོག་མ་གཉིས་ལ་ནི་དེ་ལྟ་བུའི་བདེ་བ་དང་བཏང་སྙོམས་མེད་ལ། གོང་མ་ལ་ནི་བཏང་སྙོམས་ཡོད་ཀྱང་བདེ་བ་མེད་ཀྱི། བསམ་གཏན་གསུམ་པ་འདི་ཉིད་བདེ་བ་དང་བཏང་
སྙོམས་ཀྱི་གནས་ཡིན་པས་འཕགས་པ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསམ་གཏན་གསུམ་པ་འདི་ཉིད་ལ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་གཙོ་བོར་བསྔགས་པས་ན་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ། བཏང་
སྙོམས་པའོ་ཞེས་བརྗོད་པ་ཞེས་གསུངས་སོ། །དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བས་བསམ་གཏན་བཞི་པའི་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་ཏེ། བདེ་བ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གསུམ་པ་དང་ལྡན་
Vol. 114 · folio 151b
པའི་བདེ་བ་བསམ་གཏན་བཞི་པ་འདིས་སྤངས་པར་བསྟན་པའོ། །སྡུག་བསྔལ་ཡང་སྤངས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་སྤངས་པ་ཡང་བསྡུས་ཏེ་བསྟན་པའོ། །ཡིད་བདེ་བ་ནུབ་པས་ཞེས་བྱ་བ་ནི་བསམ་གཏན་གསུམ་པས་དགའ་བ་སྤངས་པ་བསྟན་པའོ། །ཡིད་མི་བདེ་བ་ནུབ་པས་ཞེས་
བྱ་བ་ནི་བསམ་གཏན་གཉིས་པས་སྤངས་པ་བསྟན་ཏོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བས་བསྒོམས་པའི་ཕན་ཡོན་བསྟན་ཏེ། ཚོར་བ་གོང་མ་བཞི་པོ་སྤངས་པས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་ལྡན་
པ་དང་། བསམ་གཏན་གསུམ་པའི་ཚེ་བཏང་སྙོམས་དང་དྲན་པ་ཡོད་ཀྱང་ཡོངས་སུ་མ་དག་པ་འདིའི་ཚེ་ཡོངས་སུ་དག་པ་དང་ལྡན་པར་བསྟན་པའོ། །བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་ཞེས་བྱ་བས་དེ་གཉི་གའི་གནས་བསྟན་ཏོ། །འདི་ནི་ཡེ་ཤེས་ཀྱི་རྟེན་དུ་རབ་ཏུ་བསྒྲུབས་པ་བསྟན་
ཏེ། སེམས་རྩེ་གཅིག་ཏུ་གྱུར་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་མདོ་ལས་ཀྱང་། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་དང་ཞེས་གསུངས་ཏེ། དེ་ལ་ཤེས་རབ་ཀྱི་ཕུང་པོ་འདི་ནི་སྡུག་
བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་
པ་དང་། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བར་བྱེད་པའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་པའོ། །འདི་ནི་བྱ་བ་བྱས་པ་རབ་
ཏུ་བསྒྲུབ་པ་བསྟན་ཏེ། འདི་ལྟར་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པས་ནི་ཉོན་མོངས་པ་སྤངས་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་མདོ་ལས་ཀྱང་། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་ཏེ། དེ་ཡང་ཚུལ་
Vol. 114 · folio 152a
ཁྲིམས་རྣམ་པར་དག་པ་ནི་འགྱོད་པ་མེད་པར་འགྱུར་རོ། །འགྱོད་པ་མེད་ན་དགའ་བ་དང་མཆོག་ཏུ་དགའ་བ་དང་ཤིན་ཏུ་རྣམ་པར་སྦྱངས་པ་དང་བདེ་བར་འགྱུར་རོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་གཞག་ན་ཡང་དག་
པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བས་སྐྱོ་བར་འགྱུར་རོ། །སྐྱོ་བར་གྱུར་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་
ལས་སེམས་རྣམ་པར་གྲོལ་ཏེ། རྒྱུད་ལ་དྲི་མ་མེད་པ་འཐོབ་པར་འགྱུར་བས་ན། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །འདིས་ནི་འབྲས་བུ་བསྟན་ཏེ། རྣམ་པར་གྲོལ་བའི་ཕུང་པོ་ནི་བསླབ་པ་གསུམ་ལ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་
ལྟར་ཁམས་གསུམ་གྱི་ཉོན་མོངས་པ་ལས་སེམས་རྣམ་པར་གྲོལ་ནས་དེའི་འོག་ཏུ་རྣམ་པར་གྲོལ་བ་ཉིད་དུ་ཤེས་ཤིང་རིག་པའི་ཡེ་ཤེས་སྐྱེས་ཏེ། དེ་བས་ན་མདོ་ལས་ཀྱང་། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་
ཅེས་གསུངས་སོ། །འདིས་ནི་དེ་རབ་ཏུ་རིག་པ་བསྟན་ཏེ། རྣམ་པར་གྲོལ་བའི་འོག་ཏུ་བདག་གི་སྡུག་བསྔལ་ནི་ཤེས་པར་བྱས། ཀུན་འབྱུང་བ་ནི་སྤངས། འགོག་པ་ནི་མངོན་སུམ་དུ་བྱས། ལམ་ནི་བསྒོམས་པས་ད་སྡུག་བསྔལ་ཤེས་པར་བྱ་མི་དགོས། ཀུན་འབྱུང་བ་སྤང་མི་དགོས།
འགོག་པ་མངོན་སུམ་དུ་བྱ་མི་དགོས། ལམ་བསྒོམ་མི་དགོས་ཏེ། སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་ནི་ཞེས་བྱ་བས་ཉན་ཐོས་ཀྱི་ཐེག་པ་ལ་
མཁས་པ་རྣམ་གྲངས་གཞན་དུ་སྟོན་ཏེ། མཁན་པོ་དང་སློབ་དཔོན་གྱིས་བཤད་པའི་སྒྲ་ལ་བརྟེན་ནས་གང་ཟག་ལ་བདག་མེད་པར་དམིགས་པ་ནི་ཉན་ཐོས་ཏེ། ཉན་ཐོས་དེ་དག་གི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པའོ། །དེ་ཡང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མི་མཐུན་པའི་ཕྱོགས་ལ་
Vol. 114 · folio 152b
སུན་འབྱིན་པ་དང་། གཉེན་པོའི་ས་ལ་ཡོན་ཏན་དུ་ལྟ་བའོ། །དེ་ལ་མི་མཐུན་པའི་ཕྱོགས་ལ་སུན་འབྱིན་པ་ནི། གང་བསོད་ནམས་དང་བསོད་ནམས་མ་ཡིན་པ་ཞེས་བྱ་བ་ནས་བརྩམས་ཏེ། སྐྱེ་བའི་གནས་ཐམས་ཅད་ལ་མི་སྨོན་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །གཉེན་པོའི་ས་ལ་ཡོན་
ཏན་དུ་ལྟ་བའི་མྱ་ངན་ལས་འདས་པ་ལ་གནས་དང་སྐྱབས་སུ་འདུ་ཤེས་པ་ཞེས་བྱ་བས་བསྟན་ཏོ། །དེ་བས་ན་གང་གིས་འགྲོ་བ་དང་། གང་དུ་འགྲོ་བའི་ཕྱིར་དེ་གཉིས་ནི་ཉན་ཐོས་ཀྱི་ཐེག་པ་སྟེ། གང་གིས་འགྲོ་བ་ནི་མི་མཐུན་པའི་ཕྱོགས་སུན་འབྱིན་པའི་འདུ་ཤེས་ཀྱིས་འགྲོ་བའོ། །གོང་དུ་འགྲོ་བ་
ནི་མྱ་ངན་ལས་འདས་པའི་སར་འགྲོ་བའོ། །མི་མཐུན་པའི་ཕྱོགས་སུན་འབྱིན་པ་ཡང་རྣམ་པ་གཉིས་ཏེ། རྒྱུ་སྤོང་བ་དང་། འབྲས་བུ་སྤོང་བའོ། །རྒྱུ་སྤོང་བ་ལ་ཡང་རྣམ་པ་གཉིས་ཏེ། ལས་སྤོང་བ་དང་། ཉོན་མོངས་པ་སྤོང་བའོ། །ལས་སྤོང་བའི་དབང་དུ་བྱས་ནས་གང་བསོད་ནམས་
དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུ་བྱེད་གསུམ་ནི་ཁམས་གསུམ་དུ་སྐྱེ་བའི་རྒྱུ་བྱེད་པར་མཐོང་ནས་དེ་རྣམས་ལ་རྣམ་པར་སྨོད་པར་བྱེད་དེ། རྣམ་པ་སྣ་ཚོགས་སུ་སྨོད་པ་ནི་རྣམ་པར་སྨོད་པ་སྟེ། སུན་འབྱིན་པར་བྱེད་པའོ། །དེ་འང་རྣམ་པ་གཉིས་ཏེ། སྔོན་བྱས་པ་སྤོང་བ་དང་། ཕྱིས་
མི་བྱེད་པའོ། །དེ་ལ་སྔོན་བྱས་པ་སྤོང་བ་ནི་འདུ་བྱེད་རྣམ་པ་གསུམ་སྔོན་སྤྱད་པའི་བག་ཆགས་ཡོད་པ་ལ་འཕགས་པའི་ལམ་གྱིས་སྦྱོང་བའོ། །ཕྱིས་མི་བྱེད་པ་ནི་ཕྱིན་ཆད་འདུ་བྱེད་རྣམ་པ་གསུམ་གྱི་ལས་ལ་མི་འཇུག་པའོ། །ཉོན་མོངས་པ་སྤོང་བ་ཡང་རྣམ་པ་གཉིས་ཏེ། དེའི་འབྲས་བུ་
སྡུག་བསྔལ་གྱི་བདག་ཉིད་དུ་མཐོང་བ་སོ། དེ་ལ་མི་དགའ་བ་དང་དེའི་རྒྱུས་སྡུག་བསྔལ་བསྐྱེད་པར་མཐོང་བས་སྤོང་བར་འདོད་པའོ། །ཁམས་གསུམ་ཐམས་ཅད་ལ་ཡིད་བྱུང་ཞིང་ཞེས་བྱ་བས་དེའི་འབྲས་བུ་སྡུག་བསྔལ་གྱི་བདག་ཉིད་དུ་མཐོང་བས་དེ་ལ་མི་དགའ་བ་བསྟན་ཏེ། ཁམས་
གསུམ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་གོ། །དེ་ལ་འདོད་པའི་ཁམས་ནི་གླིང་བཞི་དང་། འདོད་པའི་ཁམས་ཀྱི་ལྷ་དྲུག་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་རྣམས་སོ། །གཟུགས་ཀྱི་ཁམས་
Vol. 114 · folio 153a
ནི་ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་ཞེས་བྱ་བ་ལ་སོགས་པ་གནས་བཅུ་དྲུག་དག་གོ། །གཟུགས་མེད་པའི་ཁམས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་བཞིའོ། །ཡིད་བྱུང་བ་ནི་ཁམས་གསུམ་ལ་སྐྱོ་
བའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བས་དེའི་རྒྱུས་སྡུག་བསྔལ་བ་སྐྱེད་པར་མཐོང་བས་སྤོང་བར་འདོད་པ་བསྟན་ཏེ། ཁམས་གསུམ་ནི་ཉོན་མོངས་པ་སྤངས་པ་ནི་འདོད་ཆགས་དང་བྲལ་བའོ། །འབྲས་བུ་སྤོང་བའི་དབང་དུ་བྱས་ནས། འདུ་བྱེད་ཐམས་ཅད་ལ་མི་རྟག་ཅེས་བྱ་བ་ལ་
སོགས་པ་སྨོས་སོ། །ཐམས་ཅད་ཀྱི་སྒྲ་རྟོག་པའི་སྒྲ་གཉི་ག་དང་སྦྱར་ཏེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྟོག་པ་དང་། འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་བར་རྟོག་པ་ཞེས་བྱ་བར་སྦྱར་རོ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པའི་ཆོས་
རྣམས་ནི་འདུ་བྱེད་ཐམས་ཅད་དེ། དེ་དག་མི་རྟག་པ་རྣམ་པ་གཉིས་ཀྱིས་འཇིག་པར་བྱེད་པ་ནི་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྟོག་པ་ཞེས་བྱའོ། །དེ་ལ་མི་རྟག་པ་རྣམ་པ་གཉིས་ནི་འཇིག་པས་མི་རྟག་པ་དང་། སྐད་ཅིག་མས་འཇོམས་པས་མི་རྟག་པའོ། །དེ་ལ་འཇིག་པས་མི་རྟག་པ་
ནི་མཐར་འཆི་བར་འགྱུར་བ་སྟེ། མནར་མེད་པ་ནས་བརྩམས་ནས་སྲིད་པའི་རྩེ་མོའི་བར་དུ་དེ་ན་གནས་པའི་སེམས་ཅན་རྣམས་རང་གི་གནས་ནས་འཕོས་པས་སོ། །སྐད་ཅིག་མས་འཇོམས་པས་མི་རྟག་པ་ནི་སྐད་ཅིག་མ་རེ་རེ་ལ་ཡང་འཇིག་ཅིང་སྐྱེ་བའི་ཕྱིར་རོ། །འདུ་བྱེད་ཐམས་ཅད་
སྡུག་བསྔལ་རྣམ་པ་བརྒྱད་དང་ལྡན་པར་ཤེས་པ་ནི་སྡུག་བསྔལ་བར་རྟོག་པ་ཞེས་བྱ་སྟེ། སྡུག་བསྔལ་རྣམ་པ་བརྒྱད་ནི་སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། ཤི་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། སྡུག་པ་དང་
བྲལ་བའི་སྡུག་བསྔལ་དང་། གང་འདོད་པ་དེ་བཙལ་ཏེ་མི་རྙེད་པའི་སྡུག་བསྔལ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ། །དེ་ལ་སྐྱེ་བ་ནི་མི་དང་ལྷ་ལ་སོགས་པའི་འགྲོ་བ་དེ་དང་དེ་དག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མངོན་པར་འགྲུབ་པའོ། །ཅིའི་ཕྱིར་སྐྱེ་བ་
Vol. 114 · folio 153b
སྡུག་བསྔལ་བ་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། རང་བཞིན་གྱིས་སྡུག་བསྔལ་བ་དང་། སྡུག་བསྔལ་གཞན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །དེ་ལ་རྒས་པ་ནི་ཕུང་པོ་གཞན་དུ་གྱུར་པ་སྟེ། ལང་ཚོ་བཅོམ་པ་དང་། ན་ཚོད་ཉམས་པ་ལ་སོགས་པ་ལའོ། །ཅིའི་ཕྱིར་རྒ་བ་སྡུག་བསྔལ་བ་ཞེས་
བྱ་ཞེ་ན། ཉེ་དུ་འཁོར་རྣམས་ཀྱིས་ཤིན་ཏུ་བྱམས་ཤིང་ཡིད་དུ་འོང་བར་བྱ་བ་དང་། འགྲོ་བ་བཟང་མོའི་མིག་དང་། ཡིད་ཀྱིས་རྗེས་སུ་མཐུན་པར་བྱེད་པའི་ཁ་དོག་དང་དབྱིབས་ཤིན་ཏུ་མཛེས་པ་དེ་རྒ་བའི་སེར་བས་ཕོག་ནས་མི་མཛེས་པ་དང་། འཁུམས་པ་དང་། ཞིགས་པར་སྣང་བས་ཉེ་དུའི་
ཕྱོགས་རྣམས་ཀྱང་ཤིན་ཏུ་མི་དགའ་བར་བྱེད་ཀྱི། འགྲོ་བ་བཟང་མོས་ཀྱང་སྤོང་བར་བྱེད་པས་རྒ་བ་སྡུག་བསྔལ་བའོ། །དེ་ལ་ཁམས་མི་མཐུན་པ་འཕེལ་བར་གྱུར་པ་ནི་ན་བ་སྟེ་ས་ལ་སོགས་པའི་ཁམས་ཤས་ཆེ་ཆུང་དུ་གྱུར་པའོ། །ཅིའི་ཕྱིར་ན་སྡུག་བསྔལ་བ་ཞེས་བྱ་ཞེ་ན། རབ་ཏུ་མི་
བཟད་པའི་ནད་ཀྱི་ཁྱད་པར་གྱིས་ཐེབས་ནས་ནགས་ཆེན་པོ་མེས་ཚིག་པའི་ནང་དུ་ཆུད་པ་རབ་ཏུ་ཚ་བའི་མེ་ལྕེས་རེག་པ་སྐད་ཆེན་པོ་འབྱིན་པ་བཞིན་སྡུག་བསྔལ་བའི་མེས་རེག་པ་ན་མི་བཟད་པའི་སྐད་ཆེར་འབྱིན་པས་ན་སྡུག་བསྔལ་བ་ཞེས་བྱའོ། །དེ་ལ་འཆི་བ་ནི་དབང་པོ་རྣམས་ཉམས་པ་ལས་དེའི་
རྒྱུས་སེམས་དང་སེམས་ལས་བྱུང་བ་རྣམས་མི་རྒྱུ་བའོ། །སེམས་དང་སེམས་ལས་བྱུང་བ་རྣམས་མི་རྒྱུ་བར་གྱུར་པ་ན་གང་ཟག་དེ་ཤི་བ་ཞེས་བྱའོ། །ཅིའི་ཕྱིར་ཤི་བ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། འདི་ལྟར་ཤི་བར་གྱུར་ན་ཡིད་དུ་འོང་ཞིང་སེམས་ལ་གཅགས་པའི་ཕ་མ་དང་ཉེ་དུ་
དང་གྲོགས་ལ་སོགས་པ་དང་བྲལ་ཞིང་ནོར་དང་འབྲུ་དང་། བྲན་དང་བུ་ཚ་ལ་སོགས་པ་གཏང་བར་དཀའ་བ་རྣམས་དང་བྲལ་ཏེ་མི་འདོད་བཞིན་དུ་བསད་སར་བཀྲི་བའི་བཙོན་དང་འདྲ་བར་སྡུག་བསྔལ་དཔག་ཏུ་མེད་པ་སྐྱེད་པར་བྱེད་པས་ན་འདི་ལས་སྡུག་བསྔལ་གཞན་མེད་པའི་ཕྱིར་འཆི་བ་སྡུག་
བསྔལ་བའོ། །མི་སྡུག་པ་དང་ཕྲད་པ་ནི་མི་དགེ་བའི་ལས་བྱས་པའི་རྒྱུས་སེམས་ཅན་དམྱལ་བ་པ་ལ་སོགས་པ་འབྲས་བུ་ཡིད་དུ་མི་འོང་བ་དང་ཕྲད་པའོ། །ཅིའི་ཕྱིར་མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། ཁྱིམ་མཚེས་མི་བགྲུངས་པ་དང་འདྲ་བར་གནོད་པ་
Vol. 114 · folio 154a
བྱེད་པའི་བདག་ཉིད་ཡིན་པ་དང་། དུག་གི་ཤིང་བཞིན་དུ་སྡུག་བསྔལ་སྐྱེད་པའི་རྒྱུ་བྱེད་པ་དང་། ཟུག་རྔུས་ཟུག་བཞིན་དུ་ལུས་དང་སེམས་ལ་གནོད་པ་བྱེད་པ་དང་། སྐྱེ་བོ་མི་བགྲུངས་པ་དང་དགྲ་དང་ཕྲད་ན་ཞེ་སྡང་སྐྱེ་བར་བྱེད་པ་བཞིན་དུ་ཞེ་སྡང་སྐྱེད་པའི་
གནས་སུ་གྱུར་པའི་ཕྱིར་སྡུག་བསྔལ་བ་ཞེས་བྱའོ། །སྡུག་པ་དང་བྲལ་བ་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་འམ། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ཡང་རུང་། ཡིད་དུ་འོང་བའི་དངོས་པོ་དང་བྲལ་བའོ། །ཅིའི་ཕྱིར་སྡུག་པ་དང་བྲལ་བ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། སྡུག་པ་དང་
བྲལ་བར་དོགས་པ་འམ། མཐོང་བ་འམ། རྗེས་སུ་དྲན་པས་ཀྱང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུགས་པའི་སྡུག་བསྔལ་འབྱུང་བར་བྱེད་པས་ན་སྡུག་པ་དང་བྲལ་བ་སྡུག་བསྔལ་བའོ། །འདོད་པ་བཙལ་ཏེ་མ་རྙེད་པ་ནི་སྡུག་བསྔལ་བ་དང་བྲལ་བ་ལ་ཡང་མི་
ཕྲད་པར་འདོད་པ་དང་། བདེ་བ་དང་ཕྲད་པ་དང་ཡང་མི་འབྲལ་བར་འདོད་པ་དེ་བཙལ་ན་མ་གྲུབ་པའོ། །ཡང་ན་སྡུག་པ་དང་ཕྲད་པར་འདོད་པ་དང་། མི་སྡུག་པ་དང་བྲལ་བར་འདོད་པ་ལས་སྡུག་པ་དང་མ་ཕྲད་ལ། མི་སྡུག་པ་དང་ཕྲད་པར་གྱུར་པ་ནི་གང་འདོད་པ་བཙལ་ཏེ་མ་རྙེད་པ་ཞེས་བྱའོ། །
ཅིའི་ཕྱིར་གང་འདོད་པ་བཙལ་ཏེ་མ་རྙེད་པ་སྡུག་བསྔལ་བ་ཞེས་བྱ་ཞེ་ན། སྡུག་བསྔལ་སྐྱེ་བའི་རྒྱུར་གྱུར་བའི་ཕྱིར་ཏེ། དུས་གསུམ་དུའང་བདག་གིས་གང་བཙལ་བ་དེ་མ་རྙེད་དོ་ཞེས་སྡུག་བསྔལ་སྐྱེ་བའི་ཕྱིར་རོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་
ཕུང་པོ་ལྔར་སྡུག་བསྔལ་ཐམས་ཅད་འདུས་ཏེ། སྡུག་བསྔལ་གྱི་རྟེན་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པ་དང་ཞེས་བྱ་བ་ལ། ཆོས་ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །
གང་ན་གང་མེད་པར་ཤེས་པ་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པ་སྟེ། ཆོས་དེ་དག་ལ་མུ་སྟེགས་ཅན་གྱིས་བརྟག་པའི་བདག་རྟག་པ་མེད་པར་ཁོང་དུ་ཆུད་པའོ། །མྱ་ངན་ལས་འདས་པ་ཞི་བ་ལ་མངོན་པར་དགའ་བ་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ནི་སྡུག་བསྔལ་སྤངས་པ་དང་།
Vol. 114 · folio 154b
འདོད་ཆགས་ལ་སོགས་པ་སྤངས་པའི་ཕྱིར་ཞི་བའོ། །ཡང་ན་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཏེ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དང་། ཕུང་པོའི་ལྷག་མ་མ་ལུས་པར་སྤངས་པའི་མྱ་ངན་ལས་འདས་པའོ། །དེ་ལ་ཞི་བ་ཞེས་བྱ་བས་ཕུང་པོ་ལྷག་མ་དང་བཅས་པའི་
མྱ་ངན་ལས་འདས་པ་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་ཕུང་པོ་ཙམ་ཡོད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བས་ཕུང་པོའི་ལྷག་མ་མ་ལུས་པ་སྤངས་པའི་མྱ་ངན་ལས་འདས་པ་བསྟན་ཏེ། ཉོན་མོངས་པ་དང་ཕུང་པོ་གཉི་ག་ཡང་སྤངས་པའི་ཕྱིར་རོ། །མངོན་པར་
དགའ་བ་ནི་དེ་ཐོབ་པར་མོས་པ་དང་། དེ་འཐོབ་པར་འདོད་པའོ། །སྐད་ཅིག་ཀྱང་སྲིད་པར་སྐྱེ་བར་མི་འདོད་པ་ཞེས་བྱ་བ་ལ། ཅུང་ཟད་ཀྱང་ཁམས་གསུམ་དུ་སྐྱེ་བར་མ་མོས་ཞེས་བྱ་བའི་ཐ་ཚིག་སྟེ། ཅིའི་ཕྱིར་ཞེ་ན། ཁམས་གསུམ་མཐའ་དག་རྟག་ཏུ་འདུ་བྱེད་ཀྱི་སྡུག་བསྔལ་དང་རྗེས་
སུ་འབྲེལ་ཞིང་དེས་ཁྱབ་པར་མཐོང་བས་སོ། །རྟག་ཏུ་འཇིགས་པར་ལྟ་ཞེས་བྱ་བ་འདིར་ཡང་སྲིད་པ་ལ་ཞེས་བྱ་བར་སྦྱར་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པ་འམ། ཉོན་མོངས་པ་འབྱུང་བའི་གནས་ཡིན་པར་མཐོང་བས་ན་རྟག་ཏུ་འཇིགས་པར་ལྟའོ། །རྟག་ཏུ་ཡིད་མི་རྟོན་ཅེས་
བྱ་བ་འདིར་ཡང་སྲིད་པ་ལ་ཞེས་བྱ་བར་སྦྱར་ཏེ། ཐང་ཅིག་བདེ་བ་རྣམས་ཀྱང་ཕྱིས་སྡུག་བསྔལ་བའི་རྒྱུར་གྱུར་པ་འགྱུར་བའི་སྡུག་བསྔལ་དང་ལྡན་པའི་ཕྱིར་རྟག་ཏུ་ཡིད་མི་རྟོན་པའོ། །ཕུང་པོ་རྣམས་ལ་གསོད་པར་འདུ་ཤེས་དང་ཞེས་བྱ་བ་ལ། དཔེར་ན་གཤེད་པོས་གསོད་ཅིང་སྡུག་བསྔལ་སྐྱེད་
པར་བྱེད་པ་དེ་བཞིན་དུ་ཕུང་པོ་ལ་བདག་ཏུ་དམིགས་ན་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྐྱེ་བར་མཐོང་བས་དེ་དག་ཕུང་པོ་རྣམས་ལ་གསོད་པར་འདུ་ཤེས་སོ། །ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་རྟོག་པའི་འདུ་ཤེས་ཞེས་བྱ་བ་ལ། ཇི་ལྟར་སྦྲུལ་གདུག་པས་སྡུག་བསྔལ་དང་ཉོན་མོངས་པ་
བསྐྱེད་པ་དེ་བཞིན་དུ་མིག་ལ་སོགས་པའི་ཁམས་ལ་བརྟེན་ནས་གཟུགས་ལ་སོགས་པའི་ཁམས་ལ་དམིགས་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་འབྱུང་བར་ཁོང་དུ་ཆུད་པས་ན་ཁམས་རྣམས་ལ་སྦྲུལ་གདུག་པ་ལྟ་བུར་རྟོག་པའི་འདུ་ཤེས་པ་ཞེས་བྱའོ། །སྐྱེ་མཆེད་རྣམས་
Vol. 114 · folio 155a
ལ་གྲོང་སྟོང་པ་ལྟ་བུར་འདུ་ཤེས་པ་དང་ཞེས་བྱ་བ་ལ། ཇི་ལྟར་གྲོང་སྟོང་པ་ན་སྐྱེ་བོ་དག་རྒྱུ་བ་མི་གནས་པས་སྟོང་པ་དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་ཀྱང་མིང་དང་གཟུགས་ཙམ་དུ་ཟད་ཀྱི། བདག་དང་བདག་གིར་མེད་པར་རྟོག་པས་ན་སྐྱེ་མཆེད་རྣམས་ལ་གྲོང་སྟོང་ལྟ་
བུར་འདུ་ཤེས་པ་ཞེས་བྱའོ། །སྐྱེ་བའི་གནས་ཐམས་ཅད་ལ་མི་སྨོན་པའི་འདུ་ཤེས་ཞེས་བྱ་བ་ལ་སྐྱེ་བའི་གནས་ནི་བཞི་སྟེ། མངལ་ནས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བའོ། །སྐྱེས་ན་དེའི་རྒྱུས་སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་
བ་ལ་སོགས་པའི་སྡུག་བསྔལ་འབྱུང་བར་མཐོང་བས་སྐྱེ་གནས་དེ་དག་ཏུ་སྐྱེ་བར་མི་འདོད་ཅིང་སྐྱེ་བ་མི་ཚོལ་བས་ན་མི་སྨོན་པའི་འདུ་ཤེས་ཞེས་བྱའོ། །གཉེན་པོའི་ས་ལ་ཡོན་ཏན་དུ་ལྟ་བ་ཡང་རྣམ་པ་གཉིས་ཏེ། རྣམ་པར་གྲོལ་བའི་བདེ་བའི་རྟེན་དུ་གྱུར་པ་དང་། འཁོར་བ་ལས་
བརྒལ་ཞིང་སྡུག་བསྔལ་ཀུན་སྤངས་པར་བལྟ་བའོ། །འདི་ལྟ་སྟེ་མྱ་ངན་ལས་འདས་པ་ནི་འཁོར་བའི་གཉེན་པོ་ཡིན་ཏེ། མྱ་ངན་ལས་འདས་པ་ལ་རྣམ་པར་གྲོལ་བའི་བདེ་བ་ཐམས་ཅད་ཀྱི་རྟེན་དུ་ལྟ་བས་མྱ་ངན་ལས་འདས་པ་ལ་གནས་སུ་འདུ་ཤེས་པ་ཞེས་བྱའོ། །དེ་ཉིད་ལ་འཁོར་བ་
ལས་བརྒལ་ཞིང་སྡུག་བསྔལ་ཐམས་ཅད་སྤངས་པར་ལྟ་བས་ན་སྐྱབས་སུ་འདུ་ཤེས་པའོ། །ཉན་ཐོས་ཀྱི་ཐེག་པ་ལ་མཁས་པ་བསྟན་ནས། རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའི་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་གང་ཞེ་ན་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པར་བྱ་བའི་རང་སངས་རྒྱས་ཀྱི་ཐེག་པ་ནི་བྱང་ཆུབ་སེམས་དཔའི་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་སྟེ། གང་དག་བསྐལ་པ་གཅིག་གིས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྐངས་ཏེ། གཞན་གྱི་མན་ངག་མེད་
པར་འཕགས་པའི་ལམ་ཐོབ་ནས་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་ཞུགས་པ་དེ་དག་ནི་སྙིང་རྗེ་ཆེན་པོ་མེད་པས་གཞན་ལ་ལུང་དཔོག་པའི་བྱ་བ་མེད་པ་དང་། བདག་གཅིག་པུ་སངས་རྒྱས་པར་བྱེད་པས་རང་སངས་རྒྱས་སོ། །རང་སངས་རྒྱས་དེ་དག་རྣམ་པར་གྲོལ་བའི་
Vol. 114 · folio 155b
སར་ཕྱིན་པར་བྱེད་པའི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་སྟེ། གང་ཞེ་ན་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་དྲིས་པའོ། །དེ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། རྒྱུ་དང་རྐྱེན་དང་འབྲས་བུའོ། །དེ་རྣམ་པ་གང་ཞེས་བྱ་བས་རྒྱུ་བསྟན་པ་ཡིན་ཏེ། རྒྱུ་གང་དག་གིས་
བྱ་བའི་ཐ་ཚིག་གོ། །རྐྱེན་གང་ཞེས་བྱ་བས་རྐྱེན་བསྟན་པ་ཡིན་ནོ། །རང་སངས་རྒྱས་འབྱུང་ཞེས་འབྲས་བུ་བསྟན་པ་ཡིན་ཏེ། ཁམས་གསུམ་ལས་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། མྱ་ངན་ལས་འདས་པར་གྱུར་པ་ནི་རང་སངས་རྒྱས་རྣམས་འབྱུང་བར་འགྱུར་ཞེས་
བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་དང་འབྲས་བུ་རྣམས་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏེ། དེ་ལྟར་ཁོང་དུ་ཆུད་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་ལ་མཁས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་དག་གང་ཞེ་ན། རྒྱུ་དང་རྐྱེན་དང་
འབྲས་བུ་དེ་དག་གང་ཞེ་ན་ཞེས་བྱ་བའི་དོན་ཏེ། དོན་གསུམ་བསྟན་པའི་ཕྱིར་འདི་ལྟ་སྟེ་ཞེས་གསུངས་སོ། །དེ་ལ་འདུན་པ་དང་བརྩོན་འགྲུས་ཞེས་བྱ་བ་ནས་བརྩམས་ཏེ། རབ་ཏུ་དབེན་པར་གནས་མལ་འཆའ་བ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་བསྟན་པ་ཡིན་ནོ། །བསྙེན་པར་དཀའ་ཞེས་
བྱ་བ་ནས་བརྩམས་ཏེ་རང་འབྱུང་གི་ཡེ་ཤེས་ཀྱིས་རབ་ཏུ་རྒལ་ཞེས་བྱ་བ་ཡན་ཆད་ཀྱིས་རྐྱེན་བསྟན་ཏོ། །དམིགས་པ་ལ་གནས་པ་ཐོབ་ཅེས་བྱ་བ་ནས་བརྩམས་ཏེ། དམིགས་པ་གང་ཡང་རུང་བ་ལ་རྐྱེན་གྱིས་ཡེ་ཤེས་རྟོགས་པ་ཞེས་བྱ་བ་ཡན་ཆད་ཀྱིས་འབྲས་བུ་བསྟན་ཏོ། །དེ་ལ་རྒྱུ་རྣམ་
པ་གསུམ་སྟེ། བསྩགས་པའི་རྒྱུ་དང་། སངས་རྒྱས་མཉེས་པར་བྱེད་པའི་རྒྱུ་དང་། རིགས་སོ། །དེ་ལ་བསགས་པ་ཡང་རྣམ་པ་གཉིས་ཏེ། གང་གིས་བསགས་པ་དང་། གང་བསགས་པའོ། །དེ་ལ་གང་གིས་བསགས་པ་ནི་འདུན་པ་དང་བག་ཡོད་པ་དང་བརྩོན་འགྲུས་ཆེན་པོ་
གསུམ་གྱིས་བསྩགས་སོ། །གང་བསྩགས་པ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་ཐོས་པ་གསུམ་བསྩགས་སོ། །གང་གིས་བསྩགས་པ་ཡང་རྣམ་པ་གསུམ་སྟེ། རྒྱུ་དང་རྐྱེན་རྐྱེན་དང་། སྒྲུབ་པའོ། །དེ་ལ་ཆེན་པོའི་སྒྲ་ནི་འདུན་པ་ལ་སོགས་པའི་ཚིག་གསུམ་པོ་སོ་སོ་དང་ཡང་
Vol. 114 · folio 156a
སྦྱར་ཏེ། འདུན་པ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། བག་ཡོད་པ་ཆེན་པོ་ཞེས་བྱ་བར་སྦྱར་རོ། །དེ་ལ་འདུན་པ་ནི་དཀོན་མཆོག་དང་བདེན་པ་དང་ལས་ལ་ཡིད་ཆེས་ནས་འདི་ཁོ་ན་བདེན་གྱི་གཞན་དུ་མ་ཡིན་ནོ་ཞེས་འཛིན་པའོ། །འདིས་ནི་རྒྱུ་སྨྲས་པ་
ཡིན་ཏེ། ཡིད་ཆེས་པར་གྱུར་ན་བརྩོན་འགྲུས་རྩོམ་པས་སོ། །བརྩོན་འགྲུས་ཞེས་བྱ་བ་ལ། སྤང་བར་བྱ་བ་མ་ལུས་པར་སྤོང་བ་དང་། ཐོབ་པར་བྱ་བ་ཐོབ་པར་བྱེད་པ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས་ཏེ། འདིས་ནི་རྐྱེན་བསྟན་པ་ཡིན་ཏེ། དགེ་བ་སྒྲུབ་པ་རྣམས་བརྩོན་འགྲུས་ལ་བརྟེན་
པའི་ཕྱིར་རོ། །བག་ཡོད་པ་ཞེས་བྱ་བ་ལ། གཅིག་པུ་དགོན་པ་ན་གནས་ཤིང་འདུ་འཛི་དང་མི་འདྲེ་བ་ནི་བག་ཡོད་པ་སྟེ། འདིས་ནི་སྒྲུབ་པར་བྱེད་པ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤང་བར་བྱ་བ་དང་བསྒྲུབ་པར་བྱ་བ་གཉིས་ནི་བག་ཡོད་པར་བསྒྲུབས་སོ། །གང་བསྩགས་
པ་ཡང་རྣམ་པ་གསུམ་སྟེ། ལོངས་སྤྱོད་ཀྱི་རྒྱུ་བསྩགས་པ་དང་། བདེ་འགྲོའི་རྒྱུ་བསྩགས་པ་དང་། རྣམ་པར་གྲོལ་བའི་རྒྱུ་བསྩགས་པའོ། །ཡང་ན་སེར་སྣའི་གཉེན་པོ་བསྩགས་པ་དང་། འདོད་པ་ལ་ཆགས་པའི་གཉེན་པོ་བསྩགས་པ་དང་། ཉོན་མོངས་པའི་གཉེན་པོ་བསྩགས་
པའོ། །དེ་ལ་ཆེན་པོ་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་འདུན་པ་དང་བརྩོན་འགྲུས་ལ་སོགས་པ་ཉན་ཐོས་དག་པས་ལྷག་པས་ན་ཆེན་པོ་ཞེས་བྱའོ། །ཉན་ཐོས་ལྟ་བུ་མ་ཡིན་པའི་ཞེས་བྱ་བ་ནི་ཉན་ཐོས་ཀྱི་བས་ཤས་ཆེ་ཞེས་བྱ་བའི་དོན་ཏོ། །སྦྱིན་པའི་བསོད་ནམས་ཀྱི་ཚོགས་སོགས་པ་
ཞེས་བྱ་བས་སེར་སྣའི་གཉེན་པོ་སྤངས་པ་བསྟན་ཏེ། སྦྱིན་བས་རྣམ་པར་གྲོལ་བ་ཐོབ་པའི་རྒྱུར་གྱུར་པ་རྣམས་ནི་ཚོགས་བསགས་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱིས་བསོད་ནམས་ཀྱི་ཚོགས་བསྩགས་པ་ཞེས་བྱ་བས་འདོད་པ་ལ་ཆགས་པའི་གཉེན་པོ་བསྩགས་པ་བསྟན་ཏོ། །གང་གིས།
གང་། གང་གི་ཕྱིར་ཚུལ་བསྲུངས་བ་ནི་ཚུལ་ཁྲིམས་ཏེ། གང་གིས་བསྲུང་བ་ནི་མི་དགེ་བ་བཅུ་ལས་ལྡོག་ཅིང་རྣམ་པར་གྲོལ་བ་འདོད་པའི་སེམས་ཀྱིས་སོ། །གང་བསྲུང་བ་ནི་ཡན་ལག་དྲུག་པའི་ཚུལ་ཁྲིམས་བསྲུང་བའོ། །གང་གི་ཕྱིར་བསྲུང་བ་ནི་མྱ་ངན་ལས་འདས་པ་ཐོབ་པར་
Vol. 114 · folio 156b
བྱ་བའི་ཕྱིར་བསྲུང་བའོ། །ཐོས་པ་ཉུང་བ་ལ་ཆོས་ཀྱི་ནན་ཏན་བྱེད་ཅེས་བྱ་བས་ཉོན་མོངས་པའི་གཉེན་པོ་བསྩགས་པ་བསྟན་ཏེ། །ཐོས་པ་ལ་མི་དགའ་བས་ཅུང་ཟད་ཐོས་པ་ནི་ཐོས་པ་ཉུང་བའོ། །ཆོས་ཀྱི་ནན་ཏན་བྱེད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམས་ཤིང་སྒྲུབ་པར་
བྱེད་ཅེས་བྱ་བའི་དོན་ཏོ། །དེ་ནི་འདི་སྐད་དུ་ཉན་ཐོས་ལྟར་ཐོས་པ་མི་མང་བར་ཐོས་པ་ཅུང་ཟད་ཅིག་གིས་ཆོས་ཀྱི་ནན་ཏན་བྱེད་དོ་ཞེས་བསྟན་པའོ། །སངས་རྒྱས་མཉེས་པར་བྱེད་པ་ཡང་རྣམ་པ་གཉིས་ཏེ། ཆོས་ཉིད་ཀྱིས་མཉེས་པར་བྱེད་པ་དང་། ཟང་ཟིང་གིས་མཉེས་པར་བྱེད་པའོ། །
སངས་རྒྱས་བཅོམ་ལྡན་འདས་ལ་ཡང་རིམ་གྲོ་དང་ཞེས་བྱ་བས་ཆོས་ཉིད་ཀྱིས་མཉེས་པར་བྱེད་པ་བསྟན་ཏེ། མ་རིག་པའི་གཉིད་ལས་སད་ཅིང་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་ན་སངས་རྒྱས་སོ། །བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་ཏེ། དེས་ཇི་སྐད་དུ་བསྟན་པའི་བཀའ་ལུང་
དང་བསླབ་པའི་ཚིག་ལས་འདའ་བར་མི་བྱེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་རིམ་གྲོར་བྱེད་པ་དང་། བསྙེན་བཀུར་བྱེད་པ་ཞེས་བྱ་བས་ཟང་ཟིང་གིས་མཉེས་པར་བྱེད་པ་བསྟན་ཏེ། བསྐལ་པ་བརྒྱའི་བར་དུ་ཕྱག་འཚལ་བ་དང་། བསྐོར་བ་དང་ཆོས་གོས་ལ་སོགས་པ་བསྙེན་བཀུར་
བྱེད་པའི་ཕྱིར་རོ། །ཞུམ་པ་མེད་ཅེས་བྱ་བ་ནི་མཉེས་པ་རྣམ་པ་གཉིས་བྱེད་པ་ལ་སེམས་སྤྲོ་ཞིང་། སྤ་གོང་བ་མེད་ཅེས་བྱ་བའི་དོན་ཏོ། །དེས་ནི་མདོར་ན་གང་ལ། གང་། གང་གིས་མཉེས་པར་བྱེད་པ་བསྟན་ཏེ། གང་ལ་མཉེས་པར་བྱེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལའོ། །གང་
ནི་རིམ་གྲོ་བྱེད་པ་དང་བཀུར་སྟིས་སོ། །གང་གིས་ན་ཞུམ་པ་མེད་པའི་སེམས་ཀྱིས་སོ། །མདོ་གཞན་དག་ལས་རང་སངས་རྒྱས་གཞན་ལ་མ་མཉན་པར་རང་གི་བློས་ཆོས་རྟོགས་པ་དང་། སངས་རྒྱས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་འབྱུང་ངོ་ཞེས་བཤད་པ་ཡང་རང་སངས་
རྒྱས་ཟག་པ་མེད་པའི་ཆོས་མངོན་པར་རྟོགས་པའི་ཚེ་གཞན་གྱི་ལུང་ལ་མི་བརྟེན་པ་དང་། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་ནས། གདོད་སངས་རྒྱས་མི་བཞུགས་པ་ན་འབྱུང་བ་ལ་བྱའི། འདིར་ནི་དང་པོ་སློབ་ཅིང་ཚོགས་བསོག་པ་ལ་བྱ་བས་ཉེས་པ་མེད་དོ། །རིགས་ཀྱང་རྣམ་པ་
Vol. 114 · folio 157a
གསུམ་སྟེ། ང་རྒྱལ་སྤྱོད་པའི་རིགས་དང་། སྙིང་རྗེ་ཆུང་བའི་རིགས་དང་། ཉོན་མོངས་པ་ཆུང་བའི་རིགས་སོ། །ང་རྒྱལ་སྤྱོད་པའི་རིགས་ཀྱང་རྣམ་པ་གཉིས་ཏེ། དབང་པོ་འབྲིང་དང་། སྦྱོར་བ་དམ་པ་ལ་གནས་པའོ། །དབང་པོ་བར་མ་ཞེས་བྱ་བས་
དབང་པོ་འབྲིང་བསྟན་ཏེ། དབང་པོ་རྣམ་པ་གསུམ་སྟེ། རབ་དང་བར་མ་དང་ཐ་མའོ། །རང་སངས་རྒྱས་རྣམས་ནི་དབང་པོ་བར་མ་སྟེ། དབང་པོ་འབྲིང་གི་རིགས་ཅན་ནོ། །རྟག་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་ཞེས་བྱ་བས་སྦྱོར་བ་དམ་པ་ལ་གནས་པ་བསྟན་ཏེ། རྟག་ཏུ་ནི་དུས་ཐམས་ཅད་དོ། །
ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་བཤད་པ། སྐྲ་དང་ཁ་སྤུ་བྲེགས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་གསུངས་པས་ནི་རབ་ཏུ་བྱུང་བ་ལ་གཞོལ་བའོ། །འདིས་དགེ་སློང་གི་ཕུན་སུམ་ཚོགས་པ་རྣམ་པ་བཞི་བསྟན་ཏེ། ཆ་ལུགས་ཕུན་
སུམ་ཚོགས་པ་དང་། ལས་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། གནས་ཕུན་སུམ་ཚོགས་པའོ། །དེ་ལ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ཞེས་བྱ་བས་ཆ་ལུགས་ཕུན་སུམ་ཚོགས་པ་བསྟན་ཏེ། ཆ་ལུགས་འདི་ནི་ཉོན་མོངས་པ་དང་ཉེ་བའི་
ཉོན་མོངས་པ་དང་། མི་མཐུན་པ་ཡིན་པས་ཁྱིམ་ན་གནས་པའི་ཆ་ལུགས་ལས་ཕུན་སུམ་ཚོགས་པའོ། །ཡང་དག་པར་ཞེས་བྱ་བས་ལས་ཕུན་སུམ་ཚོགས་པ་བསྟན་ཏེ། གསོལ་བ་དང་བཞིའི་ལས་ཀྱིས་རབ་ཏུ་བྱུང་བའི་ཕྱིར་རོ། །དད་པས་ཞེས་བྱ་བས་བསམ་པ་ཕུན་སུམ་
ཚོགས་པ་བསྟན་ཏེ། རྒྱལ་པོ་དང་རྐུན་པོའི་འཇིགས་པས་རབ་ཏུ་བྱུང་བ་ནི་མ་ཡིན་གྱི། དད་པས་རབ་ཏུ་བྱུང་བའི་ཕྱིར་རོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་བྱ་བས་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། ཁྱིམ་ན་གནས་པ་རྣམས་ཀྱི་གནས་རབ་ཏུ་མི་བཟད་པ་དེ་བཏང་
ནས་ཁྱིམ་མེད་པའི་ཤིང་དྲུང་ལ་སོགས་པ་ལ་གནས་པས་སོ། །སྙིང་རྗེ་ཆུང་བའི་རིགས་ཀྱང་རྣམ་པ་གཉིས་ཏེ། བདག་འབའ་ཞིག་གི་དོན་ལ་འཇུག་པ་དང་། གཞན་གྱི་དོན་མི་བྱེད་པའོ། །དེ་ལ་དོན་ཉུང་ཞེས་བྱ་བས་བདག་འབའ་ཞིག་གི་དོན་ལ་འཇུག་པ་བསྟན་ཏེ། བདག་ཞི་
Vol. 114 · folio 157b
བར་བྱ་བ་དང་། གྲོལ་བར་བྱ་བ་དང་། མྱ་ངན་ལས་འདས་པར་བྱ་བ་ཙམ་ལས་བྱ་བ་གཞན་མི་བྱེད་པའི་ཕྱིར་རོ། །བྱེད་པ་ཉུང་ཞེས་བྱ་བས་གཞན་གྱི་དོན་མི་བྱེད་པ་བསྟན་ཏེ། གཞན་ཞི་བར་བྱ་བ་དང་། མྱ་ངན་ལས་འདས་པར་བྱ་བ་ལ་མི་འབད་པར་བྱ་བས་སོ། །ཉོན་མོངས་པ་ཆུང་བའི་
རིགས་ཀྱང་རྣམ་པ་གསུམ་སྟེ། ལུས་དབེན་པ་ལ་དགའ་བ་དང་། སེམས་དབེན་པ་ལ་དགའ་བ་དང་། གནས་དབེན་པ་ལ་དགའ་བའོ། །འདུ་འཛི་ལ་མི་དགའ་ཞིང་ཞེས་བྱ་བས་ལུས་དབེན་པ་ལ་དགའ་བ་བསྟན་ཏེ། རང་བཞིན་གྱིས་འགྲོ་བ་མང་པོ་དང་འདྲེ་བར་མ་མོས་ཤིང་བསེ་རུ་བཞིན་
དུ་གཅིག་པུར་གནས་པར་མོས་པའི་ཕྱིར་རོ། །དབེན་པ་ལ་དགའ་བ་ཞེས་བྱ་བས་སེམས་དབེན་པ་ལ་དགའ་བ་བསྟན་ཏེ། དེ་དག་འདོད་པ་དང་ཁོང་ཁྲོ་བའི་རྣམ་པར་རྟོག་པ་རིང་དུ་སྤོང་བར་མོས་པས་སོ། །རབ་ཏུ་དབེན་པར་གནས་མལ་འཆའ་བ་ཞེས་བྱ་བས་གནས་དབེན་པ་ལ་
དགའ་བ་བསྟན་ཏེ། ཤིང་དྲུང་དང་རི་སུལ་ན་གནས་འཆའ་བའི་ཕྱིར་རོ། །རྐྱེན་ཀྱང་རྣམ་པ་བཞི་སྟེ། ཡོན་ཏན་དང་། གནས་པ་དང་། རྟོགས་པ་དང་། འབྱུང་བའོ། །ཡོན་ཏན་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པ་ཆུང་ཞིང་དགེ་བ་ཆེ་བ་དང་། རྫུ་འཕྲུལ་ཆེ་བ་དང་།
འབྲས་བུའི་ས་ལ་མངོན་པར་དགའ་བའོ། །བསྙེན་པར་དཀའ་ཞེས་བྱ་བས་ཉོན་མོངས་པ་ཆུང་ཞིང་དགེ་བ་ཆེ་བར་བསྟན་ཏེ། མཐུ་དང་གཟི་བརྗིད་དང་བྱིན་རྣམས་ལ་གཞན་གྱིས་ཟིལ་གྱིས་མི་ནོན་ཞིང་དེས་གཞན་ཟིལ་གྱིས་གནོན་པའི་ཕྱིར་རོ། །མཐུ་ཆེ་བ་ཞེས་བྱ་བས་རྫུ་འཕྲུལ་ཆེ་བ་བསྟན་ཏེ།
སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དང་། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་ལ་སོགས་པའི་མཐུ་དང་ལྡན་པའི་ཕྱིར་རོ། །སྦྱིན་པའི་གནས་ཀྱི་ས་ལ་མངོན་པར་དགའ་བ་ཞེས་བྱ་བས་འབྲས་བུའི་ས་ལ་དགའ་བ་བསྟན་
ཏེ། སྦྱིན་པའི་གནས་ཀྱིས་ནི་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དུས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྟེ། མངོན་པར་དགའ་བ་ནི་འབྲས་བུ་དེ་ཐོབ་པར་བྱ་བར་སེམས་མོས་པའོ། །རྒྱུན་མི་འཆད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལྟ་བ་ཞེས་བྱ་བས་གནས་པ་བསྟན་ཏེ།
Vol. 114 · folio 158a
རྒྱུན་མི་འཆད་པ་ཞེས་བྱ་བས་ནི་རྟག་ཏུ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་རྐྱེན་ལ་བརྟེན་ནས་དུས་མཉམ་དུ་འབྲས་བུ་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ཡང་ཕྱི་དང་ནང་གི་རྣམ་པ་གཉིས་སོ། །དེ་ལ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ས་བོན་གྱི་རྐྱེན་གྱིས་མྱུ་གུ་ལ་སོགས་
པའོ། །ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་སོགས་བའོ། །ལྟ་བ་ནི་ཕྱི་ནང་གི་ཆོས་འདི་རྒྱུ་རྐྱེན་ལས་འབྱུང་བ་ཙམ་དུ་ཟད་ཀྱི་བདག་དང་བྱེད་པ་པོ་མེད་པར་རྟོག་པའོ། །ངེས་པར་འབྱུང་བའི་དབྱིངས་གཅིག་ལ་རྟོག་པ་ཞེས་བྱ་བས་རྟོག་པ་བསྟན་ཏེ།
ངེས་པར་འབྱུང་བའི་དབྱིངས་ནི་མྱ་ངན་ལས་འདས་པའི་དབྱིངས་སོ། །མྱ་ངན་ལས་འདས་པ་འབའ་ཞིག་ཏུ་གནས་པ་དང་འགྲོ་བར་སེམས་པ་ནི་ངེས་པར་འབྱུང་བའི་དབྱིངས་གཅིག་ལ་རྟོག་པ་ཞེས་བྱའོ། །རང་འབྱུང་གི་ཡེ་ཤེས་ཀྱིས་རབ་ཏུ་རྒལ་བ་ཞེས་བྱ་བས་འབྱུང་བ་བསྟན་ཏེ། བདག་ཉིད་ཀྱི་ཤེས་
རབ་དང་ཡེ་ཤེས་ཀྱིས་གང་ཟག་ལ་བདག་མེད་པར་རྟོགས་ནས་ཉོན་མོངས་པ་སྤངས་ཏེ། ཁམས་གསུམ་ལས་རྒལ་བར་གྱུར་པ་ནི་རང་བྱུང་གི་ཡེ་ཤེས་ཀྱིས་རབ་ཏུ་རྒལ་བ་ཞེས་བྱའོ། །འབྲས་བུ་ཐོབ་པ་ཡང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་ཐོབ་པ་དང་། མངོན་པར་བྱང་ཆུབ་པ་ཐོབ་པའོ། །
ཏིང་ངེ་འཛིན་ཐོབ་པ་ཡང་རྣམ་པ་གཉིས་ཏེ། མི་གཡོ་བ་ཐོབ་པ་དང་། རྒྱུན་དུ་ཡིད་ལ་བྱེད་པ་ཐོབ་པའོ། །དམིགས་པ་ལ་འཇུག་པ་ཐོབ་པ་དང་ཞེས་བྱ་བས་མི་གཡོ་བ་ཐོབ་པ་བསྟན་ཏེ། དམིགས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་ཡུལ་རྣམས་སོ། །འདུག་པ་
ཐོབ་པ་ནི་ཡུལ་ལ་དམིགས་པའི་ཚེ་སེམས་རྩེ་གཅིག་པ་ལ་གནས་པ་ཐོབ་པ་སྟེ། ཕྱི་རོལ་དུ་མི་གཡེང་བར་ནུས་པའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྒྱུན་མི་ཆད་ཅེས་བྱ་བས་རྒྱུན་དུ་ཡིད་ལ་བྱེད་པ་ཐོབ་པ་བསྟན་ཏེ། རྒྱུན་མི་ཆད་པ་ནི་དེ་དག་ལ་
རྒྱུན་དུ་ཡིད་ལ་བྱེད་པའོ། །མངོན་པར་བྱང་ཆུབ་པ་ཡང་རྣམ་པ་གཉིས་ཏེ། སྟོན་པ་དང་རྗེས་སུ་སྟོན་པར་བྱེད་པར་མངོན་པར་བྱང་ཆུབ་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་བྱང་ཆུབ་པའོ། །གཞན་གྱི་དྲིང་ལ་མི་འཇོག་པའི་ཡེ་ཤེས་བསྐྱེད་པ་དང་ཞེས་བྱ་བས་སྟོན་པ་དང་
Vol. 114 · folio 158b
རྗེས་སུ་སྟོན་པ་མེད་པར་མངོན་པར་བྱང་ཆུབ་པ་བསྟན་ཏེ། མཁན་པོ་དང་སློབ་དཔོན་གྱི་མན་ངག་ལ་མི་རྟེན་པར་ཟད་ལ་མི་སྐྱེ་བའི་ཡེ་ཤེས་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དམིགས་པ་གང་ཡང་རུང་བ་ལ་རྐྱེན་གྱི་ཡེ་ཤེས་རྟོགས་པ་སྟེ་ཞེས་བྱ་བས་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་བྱང་ཆུབ་
པར་བསྟན་ཏེ། དམིགས་པའི་ཡུལ་གང་ཡང་རུང་སྟེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་དུ་ཤེས་ཤིང་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་ལྟར་རོ། །འཆད་པ་ནི་དོན་ཏོ། །སྟོན་པ་ནི་ཚིག་གོ། །རབ་ཏུ་སྟོན་པ་ནི་དོན་དང་ཚིག་
གོ། །ཡང་ན་རྒྱུ་སྟོན་པ་ནི་འཆད་པའོ། །རྐྱེན་འཆད་པ་ནི་སྟོན་པའོ། །འབྲས་བུ་འཆད་པ་ནི་རབ་ཏུ་སྟོན་པའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་མཁས་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁོང་དུ་ཆུད་པར་བྱ་བའི་ཐེག་པ་འམ། བྱང་ཆུབ་སེམས་དཔའ་རྣམས་མི་གནས་པའི་མྱ་ངན་ལས་འདའ་བར་ཕྱིན་པར་བྱེད་པའི་ཐེག་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། འདིས་འགྲོ་བས་ཐེག་པ་འམ། འདིར་འགྲོ་བས་ཐེག་པའོ། །དེ་ལ་འདིས་འགྲོ་
བ་ནི་ཕ་རོལ་ཏུ་ཕྱིན་པ་དང་། ས་རྣམས་ཀྱིས་འགྲོ་བས་ན་དེ་དག་ལ་ཐེག་པ་ཞེས་བྱའོ། །འདིར་འགྲོ་བ་ནི་སངས་རྒྱས་ཀྱི་སར་འགྲོ་བ་སྟེ། དེ་ལ་ཐེག་པ་ཞེས་བྱའོ། །ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོ་སྟེ། ཆེན་པོ་རྣམ་པ་བདུན་པ་དང་ལྡན་པའི་ཕྱིར་རོ། །
ཆེན་པོ་རྣམ་པ་བདུན་ནི་ཆོས་ཆེ་བ་དང་། སེམས་བསྐྱེད་པ་ཆེ་བ་དང་། བསམ་པ་ཆེ་བ་དང་། མོས་པ་ཆེ་བ་དང་། ཚོགས་ཆེ་བ་དང་། དུས་ཆེ་བ་དང་། ཐོབ་པ་ཆེ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་ཚད་མེད་པའི་ཕྱིར་ཆོས་ཆེ་བའོ། །སེམས་
ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་སེམས་བསྐྱེད་པ་ཆེ་བའོ། །ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་ལ་མོས་པའི་ཕྱིར་མོས་པ་ཆེ་བའོ། །བདག་དང་གཞན་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པས་ན་བསམ་པ་ཆེ་བའོ། །སྐད་ཅིག་མ་རེ་རེ་ལ་ཡང་
Vol. 114 · folio 159a
བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་སོགས་པས་ན་ཚོགས་ཆེ་བའོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱི་བར་དུ་རྒྱུན་དུ་སྦྱར་བས་ན་དུས་ཆེ་བའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པས་ན་ཐོབ་པ་ཆེ་བའོ། །ཐེག་པ་དེའི་རང་བཞིན་དང་། རྒྱུ་དང་
འབྲས་བུ་ལ་སོགས་པ་རྟོགས་པ་ནི་ཐེག་པ་ཆེན་པོ་ལ་མཁས་པའོ། །གང་ཞེ་ན་ཞེས་བྱ་བ་ནི་དྲིས་པའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ལ་མཁས་པ་ནི་དཔག་ཏུ་མེད་དེ་ཞེས་བྱ་བ་ལ། ཐེག་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ཕྱིན་པར་བྱེད་པ་སྟེ། ཐེག་པ་དེ་ལས་འདས་པ་དང་མ་
འོངས་པ་དང་ད་ལྟར་གྱི་དུས་ཀྱི་སེམས་ཅན་གྲངས་མེད་ཚད་མེད་པ་རྣམས་འཚང་རྒྱ་བའི་ཕྱིར་ཐེག་པ་དེ་ཚད་མེད་དོ། །ཐེག་པ་ཚད་མེད་པས་དེ་ལ་མཁས་པའི་ཤེས་རབ་ཀྱང་ཚད་མེད་པའི་ཕྱིར་ཐེག་པ་ཆེན་པོ་ལ་མཁས་པ་ནི་དཔག་ཏུ་མེད་དོ་ཞེས་གསུངས་སོ། །དེ་ལྟར་ཐེག་པ་ཆེན་པོ་ཚད་མེད་པས་
ན་ཐམས་ཅད་བསྟན་པར་མི་ནུས་ཏེ། དེ་བས་ན་དེ་ལ་ཕྱོགས་ཙམ་ཞིག་བསྟན་ཏོ་ཞེས་གསུངས་ཏེ། མདོ་ཙམ་ཞིག་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཚད་མེད་པ་དེ་ཡང་ཡོན་ཏན་བཅུ་གཅིག་ཏུ་རིག་པར་བྱ་སྟེ། སེམས་བསྐྱེད་པའི་ཡོན་ཏན་དང་། ཤེས་བྱའི་སྒྲིབ་པ་སྤངས་ཏེ། ཤེས་པ་
ཁོང་དུ་ཆུད་པའི་ཡོན་ཏན་དང་རྒྱུ་བསྩགས་པའི་ཡོན་ཏན་དང་། སྤྱོད་པ་དག་པའི་ཡོན་ཏན་དང་། མངོན་པར་བྱང་ཆུབ་པའི་ཡོན་ཏན་དང་། མཉན་པར་ཕན་འདོགས་པའི་ཡོན་ཏན་དང་། ཉན་ཐོས་དང་སོ་སོའི་སྐྱེ་བོའི་ལམ་ལས་རྒལ་བའི་ཡོན་ཏན་དང་། བགེགས་བཅོམ་པའི་ཡོན་
ཏན་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པའི་ཡོན་ཏན་དང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་། འབྲས་བུ་ཕུན་སུམ་ཚོགས་པའི་ཡོན་ཏན་ནོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པས་ན་དཔག་ཏུ་མེད་པའོ་ཞེས་བྱ་བས་
སེམས་བསྐྱེད་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་ཚད་མེད་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་གདོན་ཞིང་མངོན་པར་འཚང་རྒྱ་བའི་སྐབས་འབྱེད་པས་ན་གོ་སྐབས་འབྱེད་པ་ཞེས་བྱ་སྟེ། ཐེག་པ་དེ་ཡང་དེའི་རྒྱུར་གྱུར་པའི་ཕྱིར། སེམས་ཅན་དཔག་ཏུ་མེད་པས་དེ་ཡང་དཔག་ཏུ་མེད་
Vol. 114 · folio 159b
པའོ། །རྣམ་པ་གཉིས་ཀྱིས་དཔག་ཏུ་མེད་པ་སྟེ། རྒྱ་ཆེ་བ་དང་། ཚད་མེད་པའོ། །ཅི་ཙམ་དུ་བསྒྲུབ་པར་བྱ་བའི་དགེ་བའི་རྩ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་སྒྲུབ་པར་བྱེད་པས་རྒྱ་ཆེ་བས་སོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་སྒྲུབ་པར་
བྱ་བའི་ཕྱིར་ཚད་མེད་པའོ། །ཡང་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ་སེམས་ཅན་འགའ་ཡང་མ་བཀོལ་བར་སེམས་ཅན་ཚད་མེད་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྒྲལ་ལོ་ཞེས་སེམས་བསྐྱེད་པས་ན། སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་ཞེས་བྱ་སྟེ།
སེམས་ཅན་དཔག་ཏུ་མེད་པའི་ཕྱིར་ཐེག་པ་དེ་ཡང་དཔག་ཏུ་མེད་པའོ། །ཐེག་པ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་བ་སྟེ། སྒྲིབ་པ་མེད་པའོ་ཞེས་བྱ་བས་ཤེས་བྱའི་སྒྲིབ་པ་སྤངས་ཏེ་ཤེས་པ་ཁོང་དུ་ཆུད་པའི་ཡོན་ཏན་བསྟན་ཏེ། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་ནས་ཤེས་པར་བྱ་
བའི་དངོས་པོ་རྣམས་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་གསལ་བར་མཁྱེན་པའི་ཡེ་ཤེས་ནི་ཆགས་པ་མེད་པའི་ཡེ་ཤེས་ཏེ། ཐེག་པ་དེའི་ཡེ་ཤེས་རྒྱུར་གྱུར་པའོ། ཐེག་པ་དེས་ཡེ་ཤེས་ཐོབ་པར་བྱེད་པས་ན། ཐེག་པ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ལ་བཏང་བ་ཞེས་བྱའོ། །ད་
ལྟར་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྒྱུར་གྱུར་པས་ཐེག་པ་དེ་ཡང་སྒྲིབ་པ་མེད་པ་ཞེས་བྱའོ། །ཐེག་པ་དེ་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་སྟེ། བསོད་ནམས་ཀྱི་ཚོགས་དང་དགེ་བའི་རྩ་བ་ཐམས་ཅད་བསགས་པའོ་ཞེས་བྱ་བས་རྒྱུ་བསྩགས་པའི་ཡོན་ཏན་བསྟན་ཏེ། ཚོགས་ཇི་ལྟ་བ་བསྩགས་
པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གསོས་སུ་འགྱུར་བའི་མཐུ་དང་ལྡན་པས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའོ། །དགེ་བའི་རྩ་བ་ནི་འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་ལ་སོགས་པའོ། །ཐེག་པ་དེ་ནི་སེམས་
ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལས་སུ་རུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱས་པའོ་ཞེས་པས་སྤྱོད་པ་དག་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་གནས་པ་སྦྱིན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་ལ་
Vol. 114 · folio 160a
སོགས་པ་ཐེག་པ་དེས་སྤངས་པས་ན་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ལ་ལས་སུ་རུང་བ་ཞེས་བྱའོ། །དེ་ལྟར་སེར་སྣ་ལ་སོགས་པ་སྤངས་པ་དང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སྦྱང་བ་བྱས་པར་འགྱུར་རོ། །ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བའི་
དོན་ཏོ། །ཐེག་པ་དེ་ནི་ཐོགས་པ་མེད་པར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་ཉམས་སུ་ལོན་པར་བྱེད་པའོ་ཞེས་བྱ་བས་མངོན་པར་བྱང་ཆུབ་པའི་ཡོན་ཏན་བསྟན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་སྒྲིབ་པ་གཉིས་སྤངས་ཏེ། གཉིས་སུ་
མེད་པའི་ཡེ་ཤེས་ཀྱི་འབྲས་བུར་གྱུར་པ་ནི་བྱང་ཆུབ་ཀྱི་སྙིང་པོ་སྟེ། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཀྱང་བྱང་ཆུབ་ནི་སྦྱིན་པའི་སྙིང་པོ། །བྱང་ཆུབ་ནི་ཚུལ་ཁྲིམས་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཐེག་པ་དེ་ལ་ཞུགས་པས་བདུད་དང་བགེགས་ཀྱི་བར་
ཆད་མེད་པར་བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་འགྱུར་བས་ན་ཐེག་པ་དེ་ནི་ཐོགས་པ་མེད་པར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའོ། །དེ་བས་ན་ཐེག་པ་དེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་མཐར་འབྱིན་པར་བྱེད་པས་ན་ཚོགས་
གཉིས་ཉམས་སུ་ལོན་པར་བྱེད་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་སྦྱིན་པའི་གནས་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་བ་ཞེས་བྱ་བས་མཉམ་པར་ཕན་འདོགས་པའི་ཡོན་ཏན་བསྟན་ཏེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་
མངོན་པར་སངས་རྒྱས་ནས་བསོད་ནམས་ཀྱི་ཞིང་སྦྱིན་པའི་གནས་སུ་འགྱུར་བར་བྱ་བའི་ཕྱིར་མཐོན་དམན་དང་ཉེ་རིང་མེད་པར་བྱམས་པ་དང་ཡེ་ཤེས་ཀྱི་སྣང་བའི་འོད་ཟེར་སྙོམས་པར་གཏོད་ངོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པའི་ཕྱིར་ལམ་ངན་པའི་
འཇིགས་པ་ཐམས་ཅད་ལས་འདས་པའོ་ཞེས་བྱ་བས་ཉན་ཐོས་དང་སོ་སོའི་སྐྱེ་བོའི་ལམ་ལས་རྒལ་བའི་ཡོན་ཏན་བསྟན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་སྤང་བར་བྱ་བ་དང་། ཤེས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་། རྫོགས་པར་བྱ་བ་དང་། ཐོབ་པར་བྱ་བ་རྣམས་ཏེ། དེ་
Vol. 114 · folio 160b
དག་ཐམས་ཅད་ཁོང་དུ་ཆུད་ཅིང་། རྟོགས་པས་ན་མངོན་དུ་གྱུར་པའོ། །དེ་ལ་སྤང་བར་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའོ། །ཤེས་པར་བྱ་བ་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ། །བསྒྲུབ་པར་བྱ་བ་ནི་བདག་དང་གཞན་གྱི་དོན་ཏོ། །རྫོགས་
པར་བྱ་བ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའོ། །ཐོབ་པར་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཆོས་དེ་དག་མངོན་སུམ་དུ་གྱུར་པས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་ཡང་མི་ལྟུང་། འཁོར་བར་ཡང་མི་ལྟུང་བས་ན་ལམ་ངན་པའི་འཇིགས་པ་ཐམས་ཅད་ལས་འདས་པ་ཞེས་བྱའོ། །
ཡང་ན་ཐེག་པ་དེ་ནི་གང་ཟག་ལ་བདག་མེད་པར་མངོན་སུམ་དུ་བྱས་བས་ངན་སོང་གསུམ་དུ་སྐྱེ་བའི་འཇིགས་པ་མེད་པས་ན་འཇིགས་པ་ཐམས་ཅད་ལས་འདས་པ་ཞེས་བྱའོ། །ཐེག་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པས་བགེགས་འཇོམས་པའི་ཡོན་ཏན་
བསྟན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་རྣམས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཆོས་རྣམས་ཀྱི་བྱེད་པ་པོས་མ་བྱས་
ཤིང་རྟག་པ་དང་ཆད་པ་ལས་འདས་པ་རྒྱུ་དང་རྐྱེན་ལས་སྐྱེས་པས་ན་རང་བཞིན་གྱིས་མ་སྐྱེས་པ་སྟེ། ནམ་མཁའ་བཞིན་ནོ། །ཆོས་དེ་དག་ཉིད་ཐམས་ཅད་ལས་འཕགས་པར་གནས་ཤིང་མུ་སྟེགས་དང་བདུད་ལ་སོགས་པ་ལས་རྒྱལ་བར་བྱེད་པས་རྒྱལ་མཚན་དང་བ་དན་ཞེས་བྱའོ། །ཆོས་
དེ་དག་གི་སྒྲ་གསང་མཐོན་པོར་བསྒྲགས་པ་ནི་རྒྱལ་མཚན་དང་བ་དན་བསྒྲེང་བའོ། །དེ་ལྟར་མུ་སྟེགས་ཅན་ཐམས་ཅད་ལས་རྒྱལ་བའི་རྒྱལ་མཚན་དང་བ་དན་བསྒྲེང་བས་ཕ་རོལ་རྒོལ་བ་མང་པོ་དང་ལོག་པའི་ཚོགས་མང་པོ་ཚར་གཅོད་པར་བྱེད་པས་ན་བདུད་དང་ཕས་ཀྱི་རྒོལ་བ་དང་།
ངན་པའི་ཚོགས་ཅན་གྱི་ཚོགས་རབ་ཏུ་འཇོམས་པ་ཞེས་བྱ་སྟེ། བདུད་ནི་བདུད་ཉིད་དོ། ཕས་ཀྱི་རྒོལ་བ་ནི་མུ་སྟེགས་ཅན་རྣམས་སོ། །ངན་པའི་ཚོགས་ཅན་གྱི་ཚོགས་ནི་བདུད་ཀྱི་འཁོར་སྟོབས་དང་བཅས་པ་འམ། མུ་སྟེགས་ཅན་འཁོར་དང་བཅས་པ་ལ་བྱའོ། །ཐེག་པ་དེ་ནི་
Vol. 114 · folio 161a
སངས་རྒྱས་ཀྱི་ཐེག་པ་སྒྲིབ་པ་མེད་པར་གྱུར་པ་སྟེ་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྤོང་བའི་ཡོན་ཏན་བསྟན་ཏེ། སངས་རྒྱས་སུ་འགྲོ་བའི་ཐེག་པ་ནི་སངས་རྒྱས་ཀྱི་ཐེག་པ་སྟེ། སངས་རྒྱས་སུ་འགྲོ་བར་བྱེད་པའི་ཐེག་པ་ཡང་ཡིན་ལ་
ཐེག་པ་དེས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་ཡང་སེལ་བར་བྱེད་པས་ན། ཐེག་པ་དེ་ནི་སངས་རྒྱས་ཀྱི་ཐེག་པ་སྒྲིབ་པ་མེད་པར་གྱུར་པ་ཞེས་བྱའོ། །དེ་ལྟར་སྒྲིབ་པ་མེད་པར་འགྱུར་བས་མཐའ་དང་མཐའ་མེད་པར་ལྟ་བ་ལ་སོགས་པ་ལྟ་བའི་ཉོན་མོངས་པ་རྣམས་སེལ་བར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །ལྟ་བ་
ཞེས་བྱ་བའི་སྒྲ་མཐར་ལྟ་བ་དང་། མཐའ་མེད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་ཞེས་ཚིག་རེ་རེ་དང་སྦྱར་རོ། །དེ་ལ་མཐའ་དང་མཐའ་མེད་པར་ལྟ་བ་ནི་འདི་ལྟར་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་འཇིག་རྟེན་
པའི་བསམ་གཏན་ལ་བརྟེན་ནས་འཇིག་རྟེན་གྱི་མཐའ་ཡོད་པར་འདུ་ཤེས་པ་དང་། མཐའ་མེད་པར་འདུ་ཤེས་པ་སྟེ། དེ་ཡང་ཇི་ལྟར་ལྟ་ཞེ་ན། འཇིག་རྟེན་གྱི་མཐའ་ཐ་མར་ཆད་པར་འགྱུར་རམ་མི་འགྱུར་སྙམ་དུ་ཡང་དག་པར་ཚོལ་བར་བྱེད་དེ། གང་གི་ཚེ་འཇིག་པའི་བསྐལ་
པ་རྗེས་སུ་དྲན་པ་དེའི་ཚེ་ནི་མཐའ་ཡོད་པར་འདུ་ཤེས་འབྱུང་བས་མཐའ་ཡོད་པར་ལྟ་བའོ། །གང་གི་ཚེ་ཆགས་པའི་བསྐལ་པ་དྲན་པ་དེའི་ཚེ་མཐའ་མེད་པའི་འདུ་ཤེས་འབྱུང་བས་མཐའ་མེད་པར་ལྟའོ། །རྟག་པར་ལྟ་བ་ནི་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་བདག་དང་འཇིག་རྟེན་ནི་རྟག་པ་
སྟེ། བྱས་པ་མ་ཡིན་པ་དང་། བྱས་པས་བྱས་པ་མ་ཡིན་པ་དང་། སྤྲུལ་པ་མ་ཡིན་པ་དང་། སྤྲུལ་པས་བྱས་པ་མ་ཡིན་པ་དང་། གསད་དུ་མེད་པ་དང་། ཐེར་ཟུག་ཏུ་གནས་པ་དང་། སྲོག་ཤིང་ལྟར་བརྟན་པར་གནས་པའོ་སྙམ་དུ་འཛིན་པའོ། །ཆད་པར་ལྟ་བ་ནི་དགེ་སྦྱོང་དང་བྲམ་
ཟེ་ཁ་ཅིག་འདི་ལྟ་སྟེ། བདག་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཇི་སྲིད་དུ་འདུག་ཅིང་སྡོད་ལ་འཚོ་བ་དེ་སྲིད་དུ་ནད་དང་བཅས་པ། འབྲས་དང་བཅས་པ། ཟུག་རྔུ་དང་བཅས་པ། རིམས་དང་བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་ཡིན་ཏེ། ནམ་ཤི་
Vol. 114 · folio 161b
བའི་འོག་ཏུ་བདག་ཆད་དེ་ཞིག་ཅིང་མེད་པར་གྱུར་པ་དེ་ན་བདག་གཏན་ཆད་པར་འགྱུར་རོ་ཞེས་སྨྲ་བའོ། །འབྱུང་བར་ལྟ་བ་ནི་དངོས་པོ་སྐྱེ་བར་ལྟ་བའོ། འཇིག་པར་ལྟ་བ་ནི་དངོས་པོ་འགག་པར་ལྟ་བའོ། །ལྟ་བར་གྱུར་པ་ཐམས་ཅད་ཅེས་སྨོས་པ་ནི་མིང་གིས་སྨོས་པ་ལས་མ་
གཏོགས་པ་བདག་ཏུ་ལྟ་བ་ལ་སོགས་པ་ཀུན་བསྡུ་བའོ། །ཀུན་ནས་ལྡང་བ་ནི་ཉོན་མོངས་པ་ལ་མངོན་སུམ་དུ་འབྱུང་བའོ། །སྒྲིབ་པ་ནི་སྒྲིབ་པ་ལྔ་རྣམས་སོ། །ཆོད་པ་ནི་དགེ་བའི་བར་དུ་གཅོད་པའི་ཆོས་དག་གོ། །ཐེ་ཚོམ་ནི་བདེན་པ་དང་དཀོན་མཆོག་ལ་ཡིད་མི་ཆེས་པའོ། །འགྱོད་
པ་ནི་དགེ་བ་དང་མི་དགེ་བ་བྱས་ཀྱང་རུང་མ་བྱས་ཀྱང་རུང་ཕྱིས་སེམས་ལ་གདུང་བ་སྐྱེ་བའོ། །སེལ་བ་ནི་དེ་དག་ཐེག་པ་འདིས་སྤོང་བར་བྱེད་པའོ། །ཐེག་པ་དེ་ནི་ལྷག་པའི་བསམ་པ་དང་སྙིང་རྗེ་ཆེན་པོས་ཕྱེ་བས་ན་ཞེས་བྱ་བ་ལ་སོགས་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་
པའི་ཡོན་ཏན་བསྟན་ཏེ། ལྷག་པའི་བསམ་པ་དང་། སྙིང་རྗེ་ཆེན་པོས་ཕྱེ་བས་ཞེས་བྱ་བ་ནི་ལྷག་པའི་བསམ་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སེམས་ཅན་རྣམས་བདེ་བ་ལ་གཞག་པར་སེམས་པ་ནི་ལྷག་པའི་བསམ་པ་ཆེན་པོའོ། །
སེམས་ཅན་རྣམས་ཀྱི་སྡུག་བསྔལ་མེད་པར་བྱེད་པར་སེམས་པ་ནི་སྙིང་རྗེ་ཆེན་པོའོ། །རྒྱུ་དེ་གཉིས་ལས་བྱུང་བས་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་ཏེ། བདག་གི་དོན་ཕུན་སུམ་ཚོགས་པའང་རྣམ་པ་བཞིའོ། །གང་ཞེ་ན་ཆོས་ཕུན་སུམ་ཚོགས་པ་དང་།
ཐེག་པ་ཕུན་སུམ་ཚོགས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་། མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ཕུན་སུམ་ཚོགས་པའོ། །དེ་ལ་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ཞེས་བྱ་བས་ཆོས་ཕུན་སུམ་ཚོགས་པ་བསྟན་ཏེ། ཆོས་
ཀྱང་རྣམ་པ་གསུམ་མོ། །གང་ཞེ་ན། ཤེས་པར་བྱ་བའི་ཆོས་དང་། བསྒྲུབ་པར་བྱ་བའི་ཆོས་དང་། ཐོབ་པར་བྱ་བའི་ཆོས་སོ། །དེ་ལ་ཤེས་པར་བྱ་བའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །བསྒྲུབ་པར་བྱ་བའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་
Vol. 114 · folio 162a
ནོ། །ཐོབ་པར་བྱ་བའི་ཆོས་ནི་མྱ་ངན་ལས་འདས་པ་སྟེ། དེ་དག་དང་ལྡན་པས་ན་ཆོས་ཐམས་ཅད་ཕུན་སུམ་ཚོགས་པ་ཞེས་བྱའོ། །རིན་པོ་ཆེ་ཐམས་ཅད་དང་ལྡན་པ་ཞེས་བྱ་བས་ཐེག་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཐེག་པ་དེར་སངས་རྒྱས་ལ་སོགས་པ་དཀོན་
མཆོག་གསུམ་དང་། ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ཐམས་ཅད་འདུས་པས་ན་རིན་པོ་ཆེ་ཐམས་ཅད་དང་ལྡན་པ་ཞེས་བྱའོ། །ཕུན་སུམ་ཚོགས་པ་ཐམས་ཅད་རྙེད་པ་ཞེས་བྱ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་བསྟན་ཏེ། ཐེག་པ་དེ་ལ་བརྟེན་ནས་འཇིག་
རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བས། ཕུན་སུམ་ཚོགས་པ་ཐམས་ཅད་རྙེད་པ་ཞེས་བྱའོ། །མི་སླུ་བའི་ལམ་དུ་འགྲོ་བ་ཞེས་བྱ་བས་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ཕུན་སུམ་ཚོགས་པ་བསྟན་ཏེ། མི་སླུ་བའི་ལམ་ནི་མི་གནས་
པའི་མྱ་ངན་ལས་འདས་པའི་ལམ་མོ། །ཐེག་པ་འདིས་ཀྱང་ལམ་དེར་འགྲོ་བ་འམ། ལམ་དེ་དང་མཐུན་པའི་ཕྱིར་མི་སླུ་བའི་ལམ་དུ་འགྲོ་བའོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ཞེས་བྱ་བས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། ཐེག་པ་དེ་ལ་ཞུགས་ན་སེམས་ཅན་
ཐམས་ཅད་ཕན་པ་དང་བདེ་བ་ཐོབ་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ཞེས་བྱའོ། །ཐེག་པ་དེ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་ཕུན་སུམ་ཚོགས་པའི་ཡོན་ཏན་བསྟན་ཏེ། རྣམ་པ་ཐམས་ཅད་དུ་དུས་ཐམས་ཅད་དུ།
གནས་ཐམས་ཅད་དུ། ཕྱོགས་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས་ན་ཐེག་པ་དེ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་ནི་སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་མི་བྱེད་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ནི་དུས་གསུམ་དུ་ཡང་སྡིག་པ་མི་དགེ་བའི་ཆོས་
མི་བྱེད་པས་སོ། །གནས་ཐམས་ཅད་ནི་ལྷ་དང་མིའི་གནས་གང་དུ་ཕྱིན་ཀྱང་སྡིག་པ་མི་བྱེད་པའི་ཕྱིར་རོ། །ཕྱོགས་ཐམས་ཅད་ནི་ཕྱོགས་བཅུ་ཀུན་དུ་སྡིག་པ་མི་བྱེད་པས་སོ། །ཆོས་འོག་ནས་སྨོས་པ་རྣམས་ཀྱི་རྒྱན་གྱིས་བརྒྱན་པ་ཞེས་བྱ་སྟེ། དེ་དག་ནི་གོང་དུ་བཤད་པར་ཟད་དོ། །
Vol. 114 · folio 162b
གོང་དུ་བཤད་པ་རྣམས་མཇུག་བསྡུ་བའི་ཕྱིར། གང་འདི་ལ་མཁས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་འདི་ལ་མཁས་པ་ཞེས་བྱ་བ་ནི་གོང་དུ་བཤད་པ་རྣམས་ལའོ། །ཆོས་ཐམས་ཅད་ལ་མཁས་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ལ་མཁས་
པ་གང་ཞེ་ན་ཞེས་དྲིས་སོ། །དྲིས་པའི་ལན་གདབ་པའི་ཕྱིར་ཆོས་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་གསུངས་ཏེ། འདུས་བྱས་དང་འདུས་མ་བྱས་སུ་ཆོས་ཐམས་ཅད་འདུས་པས་འདུས་པའི་དོན་གྱིས་དེ་གཉིས་ལ་ཆོས་ཐམས་ཅད་ཅེས་བྱའོ། །དེ་ལ་
གང་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཟག་པ་དང་བཅས་པའི་ཆོས་དང་། ཟག་པ་མེད་པའི་ཆོས་ནི་འདུས་བྱས་སོ། །གང་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས་ནི་འདུས་མ་བྱས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་དང་།
འདུས་མ་བྱས་ལ་མཁས་པར་བྱ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །གང་དེ་དག་ལུས་ཀྱི་འདུ་བྱེད་དགེ་བ་དང་། ངག་གི་འདུ་བྱེད་དགེ་བ་དང་། ཡིད་ཀྱི་འདུ་བྱེད་དགེ་བ་
ཞེས་བྱ་བ་ལ། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་དང་། འདོད་པས་ལོག་པར་མི་གཡེམ་པ་ནི་ལུས་ཀྱི་འདུ་བྱེད་དགེ་བའོ། །བརྫུན་དང་ཕྲ་མ་དང་ངག་རྩུབ་པོ་དང་ཚིག་ཀྱལ་པའི་ཚིག་མི་སྨྲ་བ་ནི་ངག་གི་འདུ་བྱེད་དགེ་བའོ། །བརྣབ་སེམས་དང་གནོད་སེམས་དང་ལོག་
པར་ལྟ་བ་སྤངས་པ་ནི་ཡིད་ཀྱི་འདུ་བྱེད་དགེ་བ་ཞེས་བྱའོ། །དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་གོང་དུ་སྨོས་མ་ཐག་པའི་འདུ་བྱེད་རྣམ་གསུམ་མངོན་པར་འདུས་བྱས་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་བྱང་ཆུབ་དེ་སྤོང་
བ་དང་། ཡེ་ཤེས་དང་སྒྲུབ་པ་དང་དུས་དང་ཐོབ་པ་དང་ལྡན་པ་དང་སྤྱོད་པ་ལ་སོགས་པས་ཉན་ཐོས་ཀྱི་བྱང་ཆུབ་ལས་ཁྱད་ཞུགས་པའི་ཕྱིར་བླ་ན་མེད་པ་ཞེས་བྱའོ། །དེ་ལ་སྤོང་པ་ཁྱད་ཞུགས་པ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤོང་བར་ཟད་ཀྱི། འདིས་ནི་ཉོན་མོངས་
Vol. 114 · folio 163a
པ་དང་། ཤེས་བྱའི་སྒྲིབ་པ་གཉིས་སྤངས་པས་སྤོང་བ་ཁྱད་ཞུགས་སོ། །ཡེ་ཤེས་ནི་གང་ཟག་ལ་བདག་མེད་པ་ཙམ་ཁོང་དུ་ཆུད་པར་ཟད་ཀྱི། འདིས་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པས་སོ། །སྒྲུབ་པ་ནི་ཉན་ཐོས་ལ་སོགས་པས་
བདག་གི་དོན་བསྒྲུབ་པ་ཙམ་དུ་ཟད་ཀྱིས་འདིས་ནི་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཁྱད་ཞུགས་སོ། །དུས་ནི་ཉན་ཐོས་ལ་སོགས་པ་ཚེ་གསུམ་མམ་བདུན་གྱི་བར་དུ་སྦྱོར་བ་ཙམ་དུ་ཟད་ཀྱི་འདི་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སྦྱོར་བས་ན་དུས་ཁྱད་ཞུགས་སོ། །
ཐོབ་པ་ནི་ཉན་ཐོས་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ཟད་ཀྱི། འདིས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པས་ན་ཐོབ་པ་ལ་ཁྱད་ཞུགས་སོ། །ལྡན་པ་ནི་ཉན་ཐོས་དག་ཟད་པར་གྱི་སྐྱེ་མཆེད་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའི་ཡོན་ཏན་དང་ལྡན་པར་ཟད་ཀྱི།
འདི་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་དང་ལྡན་པས་ན་ལྡན་པ་ཁྱད་ཞུགས་སོ། །སྤྱོད་པ་ནི་ཉན་ཐོས་ལ་སོགས་པས་དང་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱི། འདིས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ན་སྤྱོད་པ་ཁྱད་ཞུགས་སོ། །ཡང་དག་པར་རྫོགས་པ་ཞེས་བྱ་བ་
ནི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་སྟེ། སྔར་བཤད་པ་བཞིན་ནོ། །བྱང་ཆུབ་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར་དགེ་བ་མངོན་པར་འདུས་བྱས་པ་རྣམས་བསྔོ་བ་དེ་ནི་བྱང་ཆུབ་ཏུ་བསྔོ་
བ་ཞེས་བྱ་སྟེ། དེ་ནི་འདུས་བྱས་ལ་མཁས་པའོ། །གང་ཡང་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་མངོན་པར་འདུས་བྱས་པ་དེ་དག་ཐམས་ཅད་བྱང་ཆུབ་ལ་རྟོག་པས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་ཞེས་བྱ་བ་ལ། གོང་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་བཤད་པ་ལ་བྱང་ཆུབ་ལ་
རྟོག་པ་ཞེས་བྱ་བའི་ཚིག་མ་སྨོས་པས་འདུས་བྱས་སུ་རིག་པར་བྱའོ། །འདིར་ནི་བྱང་ཆུབ་ལ་རྟོག་པ་ཞེས་སྨོས་པས། ལུས་དང་ངག་དང་ཡིད་ཀྱི་དགེ་བ་ཇི་སྤྱད་པ་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་མཚན་ཉིད་དང་དབྱེར་མེད་པར་སྟོང་པ་ཉིད་དུ་བརྟགས་ནས་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའི་ཕྱིར་
Vol. 114 · folio 163b
བསྔོ་སྟེ། བྱང་ཆུབ་ཀྱང་འདུས་མ་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ། །གཞན་ཡང་འདུས་མ་བྱས་པ་ལ་མཁས་པ་ནི་ཞེས་བྱ་བས་འདུས་བྱས་དང་འདུས་མ་བྱས་ལ་མཁས་པའི་རྣམ་གྲངས་གཞན་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་སྒྲུབ་པ་ནི་འདུས་བྱས་ལ་མཁས་པ་
ཞེས་བྱའོ། །གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་པ་ལ་མཁས་པར་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་འདུས་མ་བྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ལ་མི་སྨོད་ཅིང་ཅེས་བྱ་བ་
སྨོས་ཏེ། སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་ནི་འདུས་མ་བྱས་ཀྱི་ཡེ་ཤེས་ཏེ། དངོས་སུ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི་འཁོར་བར་སྐྱེ་བའི་རྒྱུ་ཡིན་པས་སྨད་པ་ཡིན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དེ་ལ་སུན་འབྱིན་པར་མི་བྱེད་པ་ནི་ཕ་རོལ་ཏུ་
ཕྱིན་པ་ལྔ་ལ་མི་སྨོད་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚོགས་སོ། །དགེ་བའི་རྩ་བ་འདོད་མ་ཆགས་པ་ལ་སོགས་པའོ། །ཕྱིར་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚོགས་དང་། དགེ་བའི་རྩ་བའི་ཚོགས་བསྩགས་
པར་བྱ་བའི་དོན་དུ་འམ་ཆེད་དུ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའི་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའི་མི་གནས་པའི་མྱ་ངན་ལས་འདས་པའོ། །བྱང་ཆུབ་སེམས་དཔའི་ཐམས་ཅད་མཁྱེན་པ་ནི་དངོས་པོ་ཐམས་ཅད་ཐུགས་སུ་ཆུད་པ་མེ་
ལོང་ལྟ་བུའི་ཡེ་ཤེས་ལ་བྱའོ། །བསྔོ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་ཡེ་ཤེས་དེ་ཐོབ་པར་བྱ་བའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པ་བསྔོ་བའོ། །དེ་དག་གིས་ནི་འདི་སྐད་བསྟན་པ་ཡིན་ཏེ། གོང་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ནི་འདུས་མ་བྱས་ཀྱི་ཆོས་རྟོག་
པའི་རང་རང་བཞིན་མ་ཡིན་པས་འདུས་བྱས་ལ་མཁས་པར་བཤད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་རྟོག་པའི་རང་བཞིན་ཡིན་པས་འདུས་མ་བྱས་ལ་མཁས་པར་བཤད་དོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་འདུས་བྱས་དང་འདུས་མ་བྱས་ལ་མཁས་པའི་རྣམ་གྲངས་སྟོན་ཏེ།
Vol. 114 · folio 164a
ཡེ་ཤེས་དང་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་བལྟས་ནས་ཅི་རིགས་པར་ཕན་འདོགས་པར་བྱེད་པ་ནི་སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་འོད་ཟེར་མཉམ་པར་གཏོང་བ་ཞེས་བྱའོ། །དེ་ལྟར་ཕན་གདགས་པར་བྱ་བའི་ཕྱིར་སྦྱིན་པ་དང་། སྙན་པར་སྨྲ་བ་
དང་། དོན་སྤྱོད་པ་དང་། དོན་མཐུན་པར་སྤྱོད་པ་བཞིས་སེམས་ཅན་སྡུད་པར་བྱེད་པ་ནི་འདུས་བྱས་ལ་མཁས་པ་ཞེས་བྱའོ། །མི་འཛིན་མི་ལེན་མཆོག་ཏུ་འཛིན་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ལ་དེ་ལྟ་མོད་ཀྱི། དོན་དམ་པར་སྟོང་པ་ཡིན་པས་ཕྱིའི་ཡུལ་ལ་དངོས་པོར་མི་འཛིན། ནང་
གི་དངོས་པོ་ལ་བདག་ཏུ་མི་ལེན་ལ། དེ་ལྟར་དངོས་པོ་དང་བདག་ཏུ་མ་གྲུབ་པས་ཕན་བཏགས་སོ་ཞེས་མཆོག་ཏུ་འཛིན་པར་ཡང་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བསྡུ་བའི་དངོས་པོ་ལ་མཁས་པ་དེ་ཡང་འདུས་མ་བྱས་ལ་མོས་པ་ཞེས་བྱ་བ་ནི་བསྡུ་བའི་དངོས་པོ་རྣམས་ཀྱང་སྟོང་པ་ཉིད་ཀྱི་
རང་བཞིན་དུ་མོས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བ་ཞེས་བྱ་བ་ནི་དེ་ལྟར་སྟོང་པ་ཉིད་དུ་མོས་པས་བསྡུ་བའི་དངོས་པོ་ལ་མཁས་པ་དེ་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོ་བ་ནི་བྱང་ཆུབ་སེམས་དཔའི་འདུས་
མ་བྱས་ལ་མཁས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདུས་བྱས་དང་འདུས་མ་བྱས་ལ་མཁས་པ་རྣམ་གྲངས་གཞན་ཡང་བསྟན་པར་བཞེད་ནས། གཞན་ཡང་འདུས་བྱས་ལ་མཁས་པ་ནི་གང་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་
འདུས་བྱས་ལ་མཁས་པ་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་རྒྱུ་ལ་མཁས་པ་དང་། འཇིག་རྟེན་ལས་འདས་པའི་རྒྱུ་ལ་མཁས་པའོ། །འཇིག་རྟེན་པའི་རྒྱུ་ལ་མཁས་པ་ཡང་རྣམ་པ་གཉིས་ཏེ། སྡུག་བསྔལ་གྱི་རྒྱུ་སྤོང་བ་ལ་མཁས་པ་དང་། བདེ་བའི་རྒྱུ་བསྐྱེད་པ་ལ་མཁས་པའོ། །གང་
འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་གཅོད་པ་དང་ཞེས་བྱ་བས་སྡུག་བསྔལ་གྱི་རྒྱུ་ཡོངས་སུ་སྤོང་བ་ལ་མཁས་པ་བསྟན་ཏེ། འཁོར་བར་རྒྱུན་དུ་སྐྱེ་བར་བྱེད་པའི་རྒྱུ་འདོད་ཆགས་ལ་སོགས་པ་ཀུན་དུ་སྦྱོར་བའི་ཚོགས་ནི་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་ཞེས་བྱའོ། །དེ་རྣམས་སྤོང་བར་བྱེད་པ་ནི་ཉོན་
Vol. 114 · folio 164b
མོངས་པ་རྣམས་གཅོད་པ་ཞེས་བྱའོ། །འཁོར་བའི་རྒྱུན་གྱི་དགེ་བའི་རྩ་བ་རྣམས་མི་གཅོད་པ་དང་ཞེས་བྱ་བས་བདེ་བའི་རྒྱུ་བསྐྱེད་པ་ལ་མཁས་པ་བསྟན་ཏེ། གང་འཁོར་བ་ལ་རྒྱུན་དུ་ལྷ་དང་མིར་སྐྱེ་བར་བྱེད་པའི་རྒྱུ་དགེ་བ་བཅུ་དང་། འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་ལ་སོགས་པའི་དགེ་བའི་
རྩ་བ་རྣམ་པ་གཅིག་ནས་གཅིག་ཏུ་རྒྱུན་མི་འཆད་པར་བྱེད་པས་ན། འཁོར་བའི་རྒྱུན་མི་དགེ་བའི་རྩ་བ་མི་གཅོད་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་རྒྱུ་ལ་མཁས་པ་ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་ཆེན་པོའི་རྒྱུ་རྒྱུན་མི་གཅོད་པ་དང་། ཞི་བ་ཕྱོགས་གཅིག་པའི་རྒྱུ་སྒྲུབ་པར་
མི་བྱེད་པའོ། །བྱང་ཆུབ་སྒྲུབ་པའི་ཀུན་དུ་སྦྱོར་བ་རྣམས་ཀྱི་རྒྱུན་འབྲེལ་བ་ཞེས་བྱ་བས་བྱང་ཆུབ་ཆེན་པོའི་རྒྱུ་རྒྱུན་མི་གཅོད་པ་བསྟན་ཏེ། བྱང་ཆུབ་ཀྱི་དོན་ནི་གོང་དུ་སྨྲས་པར་ཟད་དོ། །ཀུན་དུ་སྦྱོར་བ་ནི་ཞི་གནས་དང་ལྷག་མཐོང་སྒྲུབ་པར་བྱེད་པའོ། །ཞི་གནས་དང་ལྷག་མཐོང་
བསྒོམ་པ་གང་གིས་བྱང་ཆུབ་ཐོབ་པར་བྱེད་པ་དེ་ནི་བྱང་ཆུབ་སྒྲུབ་པའི་ཀུན་དུ་སྦྱོར་བ་ཞེས་བྱ་སྟེ། དེ་ལྟར་བསྒོམ་པ་རྒྱུན་མི་གཅོད་པ་ནི་ཀུན་དུ་སྦྱོར་བ་རྣམས་ཀྱི་རྒྱུན་འབྲེལ་པའོ། །ཉི་ཚེ་བའི་ཀུན་དུ་སྦྱོར་བ་རྣམས་མི་སྤྱད་པ་ཞེས་བྱ་བས་ཞི་བ་ཕྱོགས་གཅིག་པའི་རྒྱུ་སྒྲུབ་པར་མི་
བྱེད་པ་བསྟན་ཏེ། ཉི་ཚེའི་ཀུན་དུ་སྦྱོར་བ་ནི་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་རྒྱུ་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པའོ། །མི་སྤྱད་པ་ནི་དེ་ལྟ་བུའི་རྒྱུ་ལ་མི་འཇུག་པའོ། །ཡང་ན་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་གཅོད་ཀྱང་བྱང་ཆུབ་ཆེན་པོ་ཐོབ་
པར་བྱེད་པའི་རྒྱུ་རྒྱུན་མི་གཅོད་པས་ན་བྱང་ཆུབ་སྒྲུབ་པའི་ཀུན་དུ་སྦྱོར་བ་རྣམས་ཀྱི་རྒྱུན་འབྲེལ་པ་ཞེས་བྱའོ། །འཁོར་བར་སྐྱེ་བའི་དགེ་བའི་རྩ་བ་རྣམས་རྒྱུན་མི་གཅོད་པས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པར་མ་ལྷུང་བའི་ཕྱིར་ཉི་ཚེ་བའི་ཀུན་དུ་སྦྱོར་བ་རྣམས་མི་སྤྱད་པ་ཞེས་བྱའོ། །གང་
ཡང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པས་འདུས་མ་བྱས་ལ་མཁས་པ་བསྟན་ཏེ། དེ་ཡང་ཏིང་ངེ་འཛིན་གསུམ་ལ་དབང་ཐོབ་པ་དང་། གདམས་ངག་དང་རྗེས་སུ་བསྟན་པ་ལ་མི་བརྟེན་པར་དེ་བཞིན་ཉིད་ཁོང་དུ་ཆུད་པ་དང་། དེ་བཞིན་ཉིད་ཁོང་དུ་ཆུད་ཀྱང་དེའི་ཕྱོགས་ལ་མི་གནས་པའོ། །གང་སྟོང་པ་
Vol. 114 · folio 165a
ཉིད་དང་མཚན་མ་མེད་པ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གསུམ་ལ་དབང་ཐོབ་པ་བསྟན་ཏེ། སྟོང་པ་ཉིད་ལ་སོགས་པ་ནི་གོང་དུ་བཤད་པར་ཟད་དོ། །ཡེ་ཤེས་གང་གིས་ཏིང་ངེ་འཛིན་དེ་གསུམ་ལ་དབང་བྱེད་པར་འགྱུར་བ་དེ་ལ་ནི་འདྲིས་པར་བྱེད་པའི་ཡེ་
ཤེས་ཞེས་བྱ་སྟེ། ཡེ་ཤེས་དེ་མངོན་སུམ་དུ་གྱུར་པའམ། ཡེ་ཤེས་དེ་རྟོགས་པ་ནི་རྟོགས་པ་ལ་མཁས་པའོ། །བྱང་ཆུབ་ཏུ་གཞན་གྱི་དྲིང་ལ་མི་འཇོག་ཅིང་ཞེས་བྱ་བས་གདམས་ངག་དང་རྗེས་སུ་བསྟན་པ་ལ་མི་བརྟེན་བར་དེ་བཞིན་ཉིད་ཁོང་དུ་ཆུད་པ་བསྟན་ཏེ། དེ་བཞིན་གཤེགས་པ་
དང་མཁན་པོ་དང་སློབ་དཔོན་གྱིས་བསྟན་པའི་མན་ངག་ལ་མི་བརྟེན་པར་སྟོང་པ་གཉིས་སུ་མེད་པའི་མཚན་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་གཞན་གྱི་དྲིང་མི་འཇོག་པ་ཞེས་བྱའོ། །འདུས་མ་བྱས་མངོན་སུམ་དུ་མི་བྱེད་ཅེས་བྱ་བས་དེ་བཞིན་ཉིད་ཁོང་དུ་ཆུད་ཀྱང་དེའི་ཕྱོགས་ལ་མི་གནས་པ་བསྟན་
ཏེ། འདུས་མ་བྱས་ནི་མྱ་ངན་ལས་འདས་པའམ་སྟོང་པ་ཉིད་དོ། །མངོན་སུམ་དུ་མི་བྱེད་པ་ནི་དེ་དག་ཁོང་དུ་ཆུད་ཅིང་ཐོབ་ཀྱང་དེའི་ཕྱོགས་ལ་མི་གནས་པའོ། །འདུས་བྱས་དང་འདུས་མ་བྱས་ལ་མཁས་པའི་རྣམ་པ་གཞན་ཡང་བསྟན་པའི་ཕྱིར་གཞན་ཡང་འདུས་བྱས་ལ་མཁས་པ་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །ཁམས་གསུམ་ན་ཡང་སྤྱོད་ལ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པས་ཀྱང་མི་གོས་ཞེས་བྱ་བས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁམས་གསུམ་ན་ཡང་གནས་ལ། པདྨོ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པས་མི་གོས་པ་བཞིན་དུ་ཁམས་གསུམ་ན་ཡོད་
པའི་འདོད་ཆགས་ལ་སོགས་པས་མི་གོས་པ་འདི་ནི། འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་ཁམས་གསུམ་ནས་ངེས་པར་འབྱུང་བའི་ཡེ་ཤེས་རབ་ཏུ་ཤེས་ཀྱང་ཞེས་བྱ་བ་ལ། ཁམས་གསུམ་ནས་ངེས་པར་འབྱུང་བའི་ཡེ་ཤེས་ནི་ཉོན་མོངས་པ་སྤོང་བར་བྱེད་པ་དང་། སྤོངས་པ་
མངོན་དུ་གྱུར་པ་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ལ་བྱའོ། །རབ་ཏུ་ཤེས་ཀྱང་ཞེས་བྱ་བ་ནི་དེ་མངོན་སུམ་དུ་གྱུར་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པར་འབྱུང་བའི་དབྱིངས་སུ་མི་ལྷུང་ཞེས་བྱ་བ་ལ་ངེས་པར་འབྱུང་བའི་དབྱིངས་ནི་མྱ་ངན་ལས་འདས་པ་ལ་བྱ། མི་ལྟུང་བ་ནི་དེ་འབའ་ཞིག་གི་ཕྱོགས་ལ་མི་
Vol. 114 · folio 165b
གནས་པའོ། །མཁས་པ་བརྒྱད་པོ་རྣམས་རྒྱ་ཆེར་བཤད་པའི་ངེས་པའི་ཚིག་དང་རྒྱུ་དང་འབྲས་བུ་བསྡུས་ཏེ་བསྟན་པའི་ཕྱིར། གང་ཆོས་ཐམས་ཅད་ལ་མཁས་པ་ཞེས་སྨྲས་པ་དེ་ནི་ཐམས་ཅད་མཁྱེན་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ལ་མཁས་
པ་ཞེས་ཀྱང་བྱ། ཐམས་ཅད་མཁྱེན་པ་ཞེས་ཀྱང་བྱ་བས་ཆོས་ཐམས་ཅད་ལ་མཁས་པ་ཞེས་སྨྲས་པ་དེ་ནི་ཐམས་ཅད་མཁྱེན་པའི་ཚིག་བླ་དགས་ཏེ། འདིས་ནི་ངེས་པའི་ཚིག་བསྟན་ཏོ། །ཅིའི་ཕྱིར་ཞེས་བྱ་བ་ནི་རྒྱུ་འདྲི་བ་སྟེ། ཆོས་ཐམས་ཅད་ལ་མཁས་པ་དེ་ཅིའི་ཕྱིར་ཐམས་ཅད་མཁྱེན་པ་
ཞེས་བྱ་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་བསྟན་པའི་ཕྱིར། རྟག་ཏུ་དྲན་པ་དང་བློ་གྲོས་དང་ཤེས་རབ་ལ་མཁས་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ལ་མཁས་པ་དེ་ནི་རྟག་ཏུ་དྲན་པ་ལ་མཁས་པ་དང་། རྟག་ཏུ་བློ་གྲོས་ལ་མཁས་པ་དང་། རྟག་ཏུ་ཤེས་རབ་ལ་མཁས་པས་དེ་
ལ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་གསུམ་གྱིས་ཆོས་ཐམས་ཅད་ལ་རྟོགས་པས་ན་མཁས་པ་སྟེ། དྲན་པ་ལ་མཁས་པ་ནི་ཆོས་རྣམས་ཀྱི་དོན་དང་ཚིག་མི་བརྗེད་པར་བྱེད་དོ། །བློ་གྲོས་ལ་མཁས་པ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་རྟོག་པར་བྱེད་དོ། །ཤེས་རབ་ལ་མཁས་པ་ནི་ཆོས་
རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྟོག་པར་བྱེད་དོ། །འབྲས་བུ་བསྟན་པའི་ཕྱིར་སྨྲས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་ཅིང་མི་ཆགས་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྟེ། ཤེས་བྱ་ཐམས་ཅད་ལ་དམིགས་པས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་
པ་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བྱ་བར་འདོད་དོ། །ཡེ་ཤེས་དེ་ལ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པས་ན་མི་ཆགས་པའོ། །ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བ་ནི་དྲན་པ་ལ་སོགས་པ་གསུམ་གྱིས་ཡེ་
ཤེས་དེ་འཐོབ་ཅིང་མཐར་ཕྱིན་པར་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་བ་ནི་གང་གི་ཕྱིར་གོང་དུ་བཤད་པ་ལྟར་ན་ཆོས་ཐམས་ཅད་རྟོགས་ཤིང་ཁོང་དུ་ཆུད་པ་དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱའོ། །མཁས་པ་བརྒྱད་པོ་
Vol. 114 · folio 166a
དེ་དག་གིས་ཟིན་པ་ཞེས་བྱ་བ་ནི་མཁས་པ་བརྒྱད་པོ་འདི་དག་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ལས་བསྟན་པའི་ཕྱིར་གཞན་ཡང་དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞར་ལ་ཤེས་རབ་ཀྱི་སྒྲའི་དོན་ཀྱང་འཆད་དོ། །ཤེས་རབ་
ཀྱི་ཚིག་ལས་མདོ་ཁ་ཅིག་ལས་ནི་རབ་དང་ཤེས་པ་གཉིས་ཀ་འབྱུང་། ཁ་ཅིག་ལས་གཅིག་འབྱུང་སྟེ། དེ་དང་ལྡན་པའི་ཕྱིར་ཤེས་རབ་ཅེས་བྱའོ། །ཡང་ན་གཞན་གྱིས་བསྟན་པ་ཤེས་པ་དང་། སོ་སོ་རང་ཉིད་ཤེས་པ་དང་། རྣམ་པར་ཤེས་པ་དང་། རབ་ཏུ་ཞི་བ་ཤེས་པ་དང་།
ཡོན་ཏན་གྱི་མཆོག་ཤེས་པས་ཤེས་རབ་བོ། །དེ་ལ་གཞན་གྱིས་བསྟན་པ་ཤེས་པ་ནི་གཞན་གྱིས་བསྟན་པའི་སྒྲའི་རྗེས་སུ་འགྲོ་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཡང་དག་པར་ལྟ་བ་སྐྱེས་པའོ། །སོ་སོ་རང་ཤེས་པ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་
སུམ་དུ་གྱུར་པའོ། །རྣམ་པར་ཤེས་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་མཚན་ཉིད་རྟོགས་པའོ། །རབ་ཏུ་ཞི་བ་ཤེས་པ་ནི་བསྒོམ་པའི་ལམ་ན་ཉོན་མོངས་པའི་གཉེན་པོར་གྱུར་པའི་ཡེ་ཤེས་སོ། །ཡོན་ཏན་གྱི་མཆོག་ཤེས་པ་ནི་མངོན་པར་ཤེས་པ་ལ་
སོགས་པ་ཡོན་ཏན་ཁྱད་པར་ཅན་རབ་ཏུ་སྒྲུབ་པར་བྱེད་པའི་ཤེས་རབ་བོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་ནི་ཤེས་རབ་བོ་ཞེས་བྱ་བ་ལ་དགེ་བ་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །དེ་ལ་ཟག་པ་དང་བཅས་པ་ནི་བསོད་ནམས་སུ་ཉེ་བར་འགྲོ་
བའི་འདུ་བྱེད་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་དོ། །ཟག་པ་མེད་པ་ནི་འཕགས་པའི་ལམ་ལ་སོགས་པའོ། །མི་དགེ་བ་ནི་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་དེ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའོ། །ཆོས་དེ་རྣམས་ཀྱི་རང་དང་སྤྱིའི་
མཚན་ཉིད་རབ་ཏུ་ཤེས་པ་ནི་ཤེས་རབ་ཅེས་བྱའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་རྣམས་ལ་རྟོག་པ་ཞེས་བྱ་བ་ལ་ངེས་པར་འབྱེད་པ་ནི་དྲོད་དང་སྤྱི་བོ་དང་། བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་སྟེ། མོས་པས་སྤྱོད་པའི་སའི་ཏིང་ངེ་འཛིན་རྣམས་སོ། །དེའི་ཆ་
Vol. 114 · folio 166b
དང་མཐུན་པའི་ཆོས་ནི་ཏིང་ངེ་འཛིན་དེ་ཐོབ་པའི་རྒྱུར་གྱུར་པའི་ཆོས་ཏེ། དང་པོ་དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཉན་པ་དང་། སེམས་པ་དང་། དེ་ནས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་དང་། ཡང་དག་པར་སྤོང་བ་བཞི་སྒོམ་པ་ལ་སོགས་པའོ། །ཆོས་དེ་རྣམས་ཁོང་དུ་ཆུད་
པ་རྟོགས་པ་སྟེ། དེ་ཡང་ཤེས་རབ་ཀྱིས་ཁོང་དུ་ཆུད་པས་ན་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་ལ་རྟོག་པ་ཞེས་བྱའོ། །འཕགས་པའི་ཆོས་མངོན་དུ་གྱུར་པ་ཤེས་རབ་ནི་ཚད་མར་གྱུར་པའོ་ཞེས་བྱ་བ་ལ། འཕགས་པ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་
དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའོ། །དེ་དག་གི་ཆོས་ནི་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའི་ཆོས་ཏེ་དེ་ཡང་ཤེས་རབ་ཀྱིས་མངོན་སུམ་དུ་གྱུར་པས་ཤེས་རབ་ནི་ཚད་མར་གྱུར་པ་སྟེ། བརྩན་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ནི་ལྟ་བར་གྱུར་པ་
དང་ཀུན་ནས་ལྡང་བ་ཞེས་བྱ་བ་ལ་སོགས་པ་ལ་ལྟ་བར་གྱུར་པ་ལ་སོགས་པ་ནི་གོང་དུ་བཤད་པར་ཟད་དོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའོ་ཞེས་བྱ་བ་ནི་མིང་གིས་སྨོས་པའི་ཆོས་དེ་དག་གི་རང་བཞིན་སྟོང་པ་ཉིད་དུ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་སྟེ། དེ་ཡང་ཤེས་རབ་ཀྱིས་
ཁོང་དུ་ཆུད་པས་ན་ཤེས་རབ་ནི་ལྟ་བ་ལ་སོགས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པའོ། །ཤེས་རབ་ནི་འདོད་པ་དང་རེ་བ་དང་སྨོན་པ་ཐམས་ཅད་ཀྱི་སྨོན་ལམ་དང་བྲལ་བའོ་ཞེས་བྱ་བ་ལ་འདོད་པའི་ཁམས་སུ་སྐྱེ་བར་མོས་པ་ནི་འདོད་པའོ། །གཟུགས་ཀྱི་ཁམས་སུ་
སྐྱེ་བར་མོས་པ་ནི་རེ་བའོ། །གཟུགས་མེད་པའི་ཁམས་སུ་སྐྱེ་བར་མོས་པ་ནི་སྨོན་པའོ། །ཡང་ན་དངོས་པོ་ཡིད་དུ་འོང་བ་འདས་པ་རྣམས་དང་ཕྲད་པར་འདོད་པ་ནི་འདོད་པའོ། །དེ་དང་འདྲ་བའི་དངོས་པོ་མ་འོངས་པ་རྣམས་དང་ཕྲད་པར་འདོད་པ་ནི་རེ་བའོ། །ད་ལྟར་གྱི་ཉེ་བར་ལེན་པའི་ཕུང་
པོ་རྣམས་དང་བྲལ་བར་མི་འདོད་པ་ནི་སྨོན་པ་སྟེ། སྨོན་ལམ་ནི་དུས་གསུམ་གྱི་དངོས་པོ་དེ་དག་ལ་ཆགས་པ་ལ་བྱའོ། །ཤེས་རབ་ཀྱིས་དུས་གསུམ་གྱི་དངོས་པོ་དེ་དག་ལ་མི་རྟག་པ་དང་སྡུག་བསྔལ་བར་མཐོང་སྟེ། དེ་ལ་ཆགས་པ་མེད་པའི་ཕྱིར་ཤེས་རབ་ནི་སྨོན་ལམ་དང་བྲལ་བ་ཞེས་བྱའོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words