འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 114 · folio 167a
ཤེས་རབ་ནི་ཉོན་མོངས་པའི་ཡོངས་སུ་གདུང་བ་ཐམས་ཅད་ཡོངས་སུ་ཞི་བས་ན་སིམ་པར་བྱེད་པའོ་ཞེས་བྱ་བ་ལ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། དེ་དག་ཉིད་ལུས་དང་སེམས་ལ་གནོད་པ་ཡིན་པས་ན་ཡོངས་སུ་གདུང་བ་ཞེས་བྱའོ། །ཤེས་རབ་ལ་ཉོན་
མོངས་པའི་རྒྱུ་ལས་བྱུང་བའི་གནོད་པ་མེད་པ་འམ། ཤེས་རབ་ཀྱིས་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་གནོད་པ་དེ་སེལ་བར་བྱེད་པས་ན་ཤེས་རབ་དེ་ནི་སིམ་པར་བྱེད་པའོ། །ཤེས་རབ་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་བའི་རྒྱུན་མ་བཅད་པས་ན་མཆོག་ཏུ་དགའ་བར་བྱེད་པའོ་ཞེས་བྱ་བ་ལ། དེ་ཁོ་ན་
སྟོང་པའི་མཚན་ཉིད་རྟོགས་ནས་དགའ་བ་རྒྱུན་མི་འཆད་པར་འབྱུང་བ་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་བ་རྒྱུན་མི་བཅད་པ་ཞེས་བྱ་སྟེ། དེའང་ཤེས་རབ་ལས་འབྱུང་བས་ཤེས་རབ་ནི་མཆོག་ཏུ་དགའ་བར་བྱེད་པའོ། །ཤེས་རབ་ནི་དོན་ཤེས་པ་མངོན་སུམ་དུ་གྱུར་པས་ན་རབ་ཏུ་སྟོན་པའོ་ཞེས་བྱ་བ་
ལ། དོན་ནི་ཡང་དག་པའི་མཐའ་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དོན་དེ་ཁོང་དུ་ཆུད་པའི་དོན་ཤེས་པ་མངོན་སུམ་དུ་གྱུར་པ་སྟེ། དེའང་ཤེས་རབ་ཀྱི་མངོན་སུམ་དུ་གྱུར་པས་ན་ཤེས་རབ་དེ་དོན་ལ་རྟོན་པའི་ཕྱིར་རབ་ཏུ་སྟོན་པ་ཞེས་བྱའོ། །ཡང་ན་ཤེས་རབ་ལ་དོན་སྟོན་ཏེ། ཤེས་
རབ་མེད་ན་དོན་མི་རྟོགས་པའི་ཕྱིར་རོ། །ཤེས་རབ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་གི་རྟེན་ཏོ་ཞེས་བྱ་བ་ལ། བྱང་ཆུབ་ནི་སྤངས་པ་དང་ཡེ་ཤེས་ཀྱི་མཚན་ཉིད་དེ། དེ་ལ་སྤངས་པའི་མཚན་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །ཡེ་ཤེས་
ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་ཏུ་རྟོག་པ་དང་། བྱ་བ་སྒྲུབ་པའོ། །བྱང་ཆུབ་དེ་ཐོབ་པར་བྱ་བའི་རྒྱུ་འམ། གཞི་ལ་བྱང་ཆུབ་ཀྱི་ཕྱོགས་ཞེས་བྱ་སྟེ། དེའང་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བཞི་ལ་སོགས་པ་སུམ་ཅུ་རྩ་བདུན་ནོ། །ཤེས་རབ་
ལ་བརྟེན་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོ་སོའི་སེམས་ཀྱི་རྒྱུན་ལ་སྐྱེ་བས་ན། ཤེས་རབ་ནི་ཆོས་དེ་རྣམས་ཀྱི་རྟེན་ཅེས་བྱའོ། །ཤེས་རབ་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་འགྱུར་བས་ན་ཐོབ་པའི་མཚན་ཉིད་དོ་ཞེས་བྱ་བ་ལ། ཐེག་པ་གང་དང་གང་གིས་འབྲས་བུ་
Vol. 114 · folio 167b
གང་དང་གང་ཡིན་པའི་འབྲས་བུ་དེ་དག་འཐོབ་པར་བྱེད་པ་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་འཐོབ་པར་འགྱུར་བ་ཞེས་བྱའོ། །ཉན་ཐོས་ཀྱི་ཐེག་པས་ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ཐོབ་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཐོབ་པ་དང་། ཐེག་པ་ཆེན་པོས་
རང་གི་རྣམ་པར་གྲོལ་བ་ཐོབ་པའོ། །ཐེག་པ་དེ་དང་དེ་དག་གིས་རང་རང་གི་འབྲས་བུ་ཐོབ་པས་ཡང་ཤེས་རབ་ལ་བརྟེན་ནས་ཐོབ་པས་ཤེས་རབ་ནི་ཐོབ་པའི་མཚན་ཉིད་དེ། འབྲས་བུ་ཐོབ་པར་བྱེད་པའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ནི་རང་བཞིན་གྱིས་ཡེ་ཤེས་སྣང་བས་ན་
རབ་ཏུ་ཤེས་པའི་མཚན་ཉིད་དོ་ཞེས་བྱ་བ་ལ་ངོ་བོ་ཉིད་ཀྱི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གསལ་བར་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་རང་བཞིན་གྱིས་ཡེ་ཤེས་སྣང་བའོ། །ཤེས་རབ་ནི་རང་བཞིན་གྱིས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའི་མཚན་ཉིད་ཡིན་
པས་རབ་ཏུ་ཤེས་པའི་མཚན་ཉིད་ཅེས་བྱ་སྟེ། རབ་ཏུ་ཤེས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ནི་ཆུ་བོ་ཐམས་ཅད་ལས་སྒྲོལ་བས་ན་ཡང་དག་པར་སྒྲོལ་བའོ་ཞེས་བྱ་བ་ལ་ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོ་དང་། སྲིད་པའི་
ཆུ་བོའོ། །དེ་དག་གི་མཐར་ཕྱུང་སྟེ་སྤངས་ནས་མྱ་ངན་ལས་འདས་པའི་སྐམ་ས་ལ་བཞག་པའི་ཆུ་བོ་ཐམས་ཅད་ལས་སྒྲོལ་བའོ། །དེ་ཡང་ཤེས་རབ་ཀྱིས་སྒྲོལ་བར་བྱེད་པས་ན་ཤེས་རབ་ནི་ཡང་དག་པར་རབ་ཏུ་སྒྲོལ་བ་ཞེས་བྱའོ། །ཤེས་རབ་ནི་ཡང་དག་པ་སྐྱོན་མེད་པར་འདྲེན་པའོ་ཞེས་
བྱ་བ་ལ། ཡང་དག་པ་སྐྱོན་མེད་པ་ནི་མཐོང་བའི་ལམ་རབ་ཏུ་སྐྱེས་ནས་ས་དང་པོ་ཐོབ་སྟེ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་དོན་རྟོགས་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །དེ་ཐོབ་པར་བྱེད་པ་ནི་འདྲེན་པ་སྟེ། མཐོང་བའི་ལམ་དེའང་ཤེས་རབ་ཀྱིས་ཐོབ་
པར་བྱེད་པས། ཤེས་རབ་ནི་ཡང་དག་པ་སྐྱོན་མེད་པར་འདྲེན་པ་ཞེས་བྱའོ། །ཤེས་རབ་ནི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྡུད་པའོ་ཞེས་བྱ་བ་ལ། དགེ་བའི་ཆོས་ནི་དད་པ་དང་། བརྩོན་འགྲུས་དང་། མོས་པ་ལ་སོགས་པའོ། །ཆོས་དེ་དག་ཀྱང་ཤེས་རབ་ལས་བྱུང་བས་ན། ཤེས་
Vol. 114 · folio 168a
རབ་ནི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་སྡུད་པའོ། །ཤེས་རབ་ནི་སྔོན་གྱི་ཉོན་མོངས་པ་དང་བག་ལ་ཉལ་ཐམས་ཅད་དང་བར་བྱེད་པའོ་ཞེས་བྱ་བ་ལ། འདས་པའི་དུས་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་། ཉོན་མོངས་པ་དེ་དག་གི་བག་ཆགས་ནི་
སྔོན་གྱི་ཉོན་མོངས་པ་དང་བག་ལ་ཉལ་ཐམས་ཅད་ཅེས་བྱའོ། །དང་བར་བྱེད་པ་ནི་དེ་དག་རྩ་ནས་སྤོང་བ་སྟེ། དེ་ཡང་ཤེས་རབ་ཀྱིས་སྤོང་བས་ན་ཤེས་རབ་ནི་སྔོན་གྱི་ཉོན་མོངས་པ་དང་། བག་ལ་ཉལ་བ་ཐམས་ཅད་དང་བར་བྱེད་པའོ། །ཤེས་རབ་ནི་རྩེ་མོར་གྱུར་པའི་ཆོས་རྣམས་
ཀྱི་མཆོག་གོ་ཞེས་བྱ་བ་ལ། སྦྱིན་པ་མཐར་ཕྱིན་པ་དང་། ཚུལ་ཁྲིམས་མཐར་ཕྱིན་པ་དང་། བཟོད་པ་མཐར་ཕྱིན་པ་དང་། བརྩོན་འགྲུས་མཐར་ཕྱིན་པ་དང་། བསམ་གཏན་མཐར་ཕྱིན་པ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་སྟོབས་དང་། མ་འདྲེས་པ་
དང་། མི་འཇིགས་པ་ལ་སོགས་པ་ནི་རྩེ་མོར་གྱུར་པའི་ཆོས་རྣམས་སོ། །དེ་དག་གི་ནང་ན་ཡང་ཤེས་རབ་དམ་པ་ཡིན་པས་ཤེས་རབ་ནི་ཆོས་རྣམས་ཀྱི་མཆོག་གོ། །ཤེས་རབ་ནི་རང་བྱུང་གི་ཡེ་ཤེས་རྟོགས་པའི་ཕྱིར་གྱ་ནོམ་པ་ཞེས་བྱ་བ་ལ། མཁན་པོ་དང་སློབ་དཔོན་གྱིས་
བསྟན་པ་ལ་རྟེན་ལ་བརྟེན་པ་མེད་པར་རང་ཉིད་ཀྱི་ཉོན་མོངས་པ་སྤངས་ནས་དེ་བཞིན་ཉིད་ཁོང་དུ་ཆུད་པ་ནི་རང་འབྱུང་གི་ཡེ་ཤེས་ཏེ། ཡེ་ཤེས་འབྲས་བུ་དམ་པར་གྱུར་པ་དེ་ཡང་ཤེས་རབ་ལས་འབྱུང་བས་ན་ཤེས་རབ་ནི་གྱ་ནོམ་པའོ། །ཤེས་རབ་ནི་ཁམས་གསུམ་ཐམས་ཅད་དང་མ་
འདྲེས་པའི་ཕྱིར་རྒྱུ་བ་དང་བྲལ་བའོ་ཞེས་བྱ་བ་ལ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཡང་ནས་ཡང་དུ་སྐྱེ་ཞིང་འབྱུང་བ་ནི་ཁམས་གསུམ་ཐམས་ཅད་དང་འདྲེས་པ་སྟེ། ཤེས་རབ་དེ་ཁམས་གསུམ་དུ་སྐྱེ་བ་མེད་པས་ན་མ་འདྲེས་པའོ། །དེ་ལྟར་མ་འདྲེས་པའི་
ཕྱིར་རྒྱུ་བ་དང་བྲལ་བ་སྟེ། ཁམས་གསུམ་དུ་སྐྱེ་བ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཤེས་རབ་ནི་ཐབས་ཀུན་གྱིས་ཟིན་པའོ་ཞེས་བྱ་བ་ནི་དེ་ལྟར་ཁམས་གསུམ་དུ་སྐྱེ་བ་དང་བྲལ་ཡང་། ཤེས་རབ་ཀྱི་དབང་གིས་གཅིག་ཏུ་མྱ་ངན་ལས་འདས་པ་ལ་མི་གནས་པའི་ཐབས་སྙིང་རྗེ་ཆེན་པོ་
Vol. 114 · folio 168b
ལ་སོགས་པ་སྔར་སྨོས་པའི་ཐབས་རྣམས་ཀྱིས་ཟིན་པས་ན་ཤེས་རབ་ནི་ཐབས་ཀུན་གྱིས་ཟིན་པའོ། །ཤེས་རབ་ནི་འཕགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའོ་ཞེས་བྱ་བ་ལ། འཕགས་པ་རྣམས་ཤེས་རབ་དེ་དང་ལྡན། འཕགས་པ་རྣམས་ལ་ཤེས་རབ་དེ་མངའ་ཞིང་འཕགས་པ་རྣམས་ཀྱིས་
བདག་གིར་བྱས་པས་ན། ཤེས་རབ་ནི་འཕགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བའོ། །ཤེས་རབ་མཚན་མ་དང་ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཚད་གཟུང་དུ་མེད་པའོ་ཞེས་བྱ་བ་ལ། འདི་ཙམ་མོ་ཞེས་གཅོད་པ་ནི་ཚད་གཟུང་དུ་ཡོད་པའོ། །མཚན་མ་ནི་
གཟུགས་དང་། སྒྲ་དང་དཀར་པོ་དང་དམར་པོ་ལ་སོགས་པ་གཟུང་བར་འགྱུར་བའི་ཡུལ་རྣམས་སོ། །རྟོག་པ་ནི་འདི་ནི་དཀར་པོ་འདི་ནི་དམར་པོ་ཞེས་འཛིན་པར་བྱེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །གཟུང་བ་དང་འཛིན་པ་གཉིས་ཤེས་རབ་དེས་སྤངས་པས་ནི་མཚན་མ་
དང་རྟོག་པ་ཐམས་ཅད་དང་བྲལ་བ་ཞེས་བྱའོ། །དེ་ལྟར་གཟུང་བ་དང་འཛིན་པ་དང་བྲལ་བས། དེ་ལ་འདི་འདྲ་ཞེ་འམ། འདི་ཙམ་ཞེས་ཚད་གཟུང་ཞིང་གཅོད་པར་མི་ནུས་པའི་ཕྱིར། ཤེས་རབ་ནི་ཚད་གཟུང་དུ་མེད་པ་ཞེས་བྱའོ། །ཤེས་རབ་ནི་མ་རིག་པ་དང་གཏི་མུག་གི་
མུན་པ་ཐམས་ཅད་དང་བྲལ་བས་ན་དཔག་ཏུ་མེད་པའི་གཉེན་པོའོ་ཞེས་བྱ་ལ། མི་ཤེས་པ་ལས། ཉོན་མོངས་པ་ལྷག་མ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་འབྱུང་བར་འགྱུར་བས། མི་ཤེས་པ་ནི་བག་མེད་པའི་རྒྱུའོ། །ཤེས་རབ་ལ་ནི་མི་ཤེས་པ་ཐམས་ཅད་མེད་
ལ། དེས་མི་ཤེས་པ་ཐམས་ཅད་སེལ་བར་བྱེད་པས་ན། ཤེས་རབ་ནི་བག་མེད་པའི་གཉེན་པོ་ཞེས་བྱའོ། །དེ་ལ་ཀུན་འབྱུང་བ་དང་ལམ་མི་ཤེས་པ་ནི་མ་རིག་པའི་མུན་པའོ། །སྡུག་བསྔལ་དང་འགོག་པ་མི་ཤེས་པ་ནི་གཏི་མུག་གི་མུན་པའོ། །ཡང་ན་ཀུན་ནས་ཉོན་
མོངས་པའི་ཕྱོགས་ཀྱི་རྒྱུ་དང་འབྲས་བུ་མི་ཤེས་པ་ནི་མ་རིག་པའི་མུན་པའོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་རྒྱུ་དང་འབྲས་བུ་མི་ཤེས་པ་ནི་གཏི་མུག་གི་མུན་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྒྱུ་ནི་ཀུན་འབྱུང་བའོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་
Vol. 114 · folio 169a
ཀྱི་འབྲས་བུ་ནི་སྡུག་བསྔལ་བའོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་རྒྱུ་ནི་ལམ་མོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་འབྲས་བུ་ནི་འགོག་པའོ། །ཤེས་རབ་ནི་རྣལ་འབྱོར་སྤྱོད་པའི་ས་ལ་གནས་པ་ཐམས་ཅད་ཀྱི་སྦྱོར་བའོ་ཞེས་བྱ་བ་ལ། མི་གཙང་བ་འམ། བྱམས་
པ་འམ། རྟེན་ཅིང་འབྲེལ་པར་འབྱུང་བ་འམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ནི་རྣལ་འབྱོར་སྤྱོད་པའོ། །ཏིང་ངེ་འཛིན་དེ་དག་བསྒོམ་པའི་རྒྱུ་འམ། གཞི་ལ་རྣལ་འབྱོར་སྤྱོད་པའི་ས་ཞེས་བྱ་སྟེ། ཤེས་རབ་དེ་རྣལ་འབྱོར་སྤྱོད་པའི་
ལམ་ཡིན་པས་སྦྱོར་བའོ། །དེ་ཡང་ཇི་ལྟར་ན་ལམ་ཞེ་ན། མཉན་པའི་ཤེས་རབ་དང་བསམ་པའི་ཤེས་རབ་ལ་མ་བརྟེན་པར་གང་ཡང་བསྒོམ་པར་མི་ནུས་སོ། །ཤེས་རབ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་འདྲེན་པའོ་ཞེས་བྱ་བ་ལ། ཐེག་པ་ཐམས་ཅད་ནི་ཉན་ཐོས་དང་རང་
སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོའོ། །ཐེག་པ་དེ་དག་ལ་གནས་པ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ཏེ། དེ་དག་ཁམས་གསུམ་ནས་བཏོན་ནས་སོ་སོའི་རྣམ་པར་གྲོལ་བ་ལ་འགོད་པར་བྱེད་པས་ཤེས་རབ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་
རྣམས་ཀྱི་འདྲེན་པའོ། །ཤེས་རབ་ནི་མ་རིག་པ་དང་ཞེས་བྱ་བ་ལ་སོགས་པ་ལས། ཤེས་རབ་ཀྱིས་མི་ཤེས་པ་དང་། མུན་པ་དང་མི་གསལ་བ་རྣམས་སེལ་བར་བྱེད་པས་ཤེས་རབ་ནི་སྣང་བར་བྱེད་པ་སྟེ། དོན་གཞན་ནི་གོང་དུ་བཤད་པར་ཟད་དོ། །ཤེས་རབ་ནི་མིག་ལ་ཇི་
ལྟར་མོས་པ་རྣམས་ལ་མིག་ཐམས་ཅད་སྦྱིན་པར་བྱེད་པ་ཞེས་བྱ་ལ། མིག་གསུམ་སྟེ། ཤེས་རབ་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་དང་། ཆོས་ཀྱི་མིག་གོ། །མིག་གང་ལ་གང་དད་པ་ནི་ཇི་ལྟར་མོས་པ་རྣམས་དེ་ཤེས་རབ་ཀྱི་གང་ཟག་དེ་དག་ལ་མིག་དེ་དང་དེ་སྦྱིན་པར་བྱེད་པས་ན།
མིག་ལ་ཇི་ལྟར་སྨོས་པ་རྣམས་ཀྱི་མིག་ཐམས་ཅད་སྦྱིན་པར་བྱེད་པའོ། །ཤེས་རབ་ནི་མིག་དང་གཟུགས་ཀྱི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་ཞེས་བྱ་བ་ལ། མིག་གི་ལམ་ནི་མིག་གི་ཡུལ་དེ་གཟུགས་སོ། །ཤེས་རབ་ནི་མིག་གི་ཡུལ་མ་ཡིན་པས་མིག་དང་གཟུགས་ཀྱི་ལམ་
Vol. 114 · folio 169b
ལས་འདས་པའོ། །ཡང་ན་ཤེས་རབ་དེ་མིག་ལ་ཡང་མི་གནས། གཟུགས་ལ་ཡང་མི་གནས་པས་མིག་དང་གཟུགས་ཀྱི་ལམ་ལས་འདས་པ་སྟེ། དེ་བས་ན་གནས་མེད་པའོ་ཞེས་ཚིག་འོག་མ་དང་སྦྱར་རོ། །དེ་བཞིན་དུ་རྣ་བ་དང་སྒྲ་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་རོ། །
ཤེས་རབ་ནི་བདེན་པ་ལས་ངེས་པར་འབྱུང་བས་ན་དོན་དམ་པའོ་ཞེས་བྱ་བ་ལ། འཕགས་པ་རྣམས་ཀྱི་ཤེས་རབ་ནི་དོན་དམ་པའི་བདེན་པ་རྟོགས་པ་ལས་བྱུང་ཞིང་སྐྱེས་པས་ན་ཡུལ་དོན་དམ་པ་ཡིན་པས་དེ་ལ་དམིགས་པའི་ཤེས་རབ་ཀྱང་དོན་དམ་པ་ཞེས་བྱའོ། །ཤེས་རབ་ནི་ཤིན་ཏུ་དུལ་བ་
རྣམས་ཀྱིས་མི་འཁྲུགས་པའོ་ཞེས་བྱ་བ་ལ། མི་འཁྲུགས་པ་ནི་ཉོན་མོངས་པའི་དབང་དུ་མི་འགྱུར་ཞིང་ཉོན་མོངས་པས་བསྐྱོད་པར་མི་ནུས་པའོ། །དེ་ལ་གང་གིས་བསྡམས། གང་བསྡམས། གང་ལ་བསྡམས། ཇི་ལྟར་བསྡམས་ནས་འཕགས་པའི་ས་ལ་གནས་པ་རྣམས་ནི་ཤིན་ཏུ་དུལ་བ་རྣམས་སོ། །
དེ་ལ་གང་གིས་བསྡམས་ཞེ་ན། ཀུན་དུ་བསྲུང་བའི་བསམ་པས་སོ། །གང་བསྡམས་ཤེ་ན། མིག་གི་དབང་པོ་དགའ་བ་དང་མི་དགའ་བའི་གཟུགས་ལ་འཕྲོ་བ་ལས་བསྡམས་པས་ན་ཡིད་ཀྱི་དབང་པོ་ཆོས་ལ་འཕྲོ་བའི་བར་ལ་བསྡམས་པའོ། །གང་ལ་བསྡམས་ཤེ་ན། ཆོས་
དེ་དག་ཉིད་ལ་བསྡམས་ཏེ། ཡུལ་དེ་དག་ལ་མི་འཇུག་པར་བྱས་པའི་ཕྱིར་རོ། །ཇི་ལྟར་བསྡམས་ཤེ་ན། གང་གི་དབང་གིས་སྡིག་པ་མི་དགེ་བའི་ཆོས་སེམས་ལས་བྱུང་བར་འགྱུར་བའི་ཡུལ་དེ་དག་ལ་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན་པར་བསྡམས་པའོ། །དེ་ལྟར་
བསྡམས་པ་ལས་རྣམ་པར་གྲོལ་བའི་ས་ཐོབ་པ་ནི་ཤིན་ཏུ་དུལ་བ་སྟེ། ཤེས་རབ་ནི་དུལ་བ་དེ་དག་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱེད་པས་ཤེས་རབ་ནི་ཤིན་ཏུ་དུལ་བ་རྣམས་ཀྱིས་མི་འཁྲུགས་པའོ། །ཤེས་རབ་ནི་ཡེ་ཤེས་ཀྱི་སྒོ་རྣམས་ཀྱི་སྣང་བའོ་ཞེས་བྱ་བ་ལ། ཡེ་ཤེས་ནི་གཉིས་སུ་
མེད་པའི་དེ་བཞིན་ཉིད་ཤེས་བྱ་ཐམས་ཅད་ལ་དམིགས་པའི་མཚན་ཉིད་དོ། །སྒོ་ནི་ཡེ་ཤེས་དེའི་རྒྱུ་སྟེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་འབྱེད་པར་བྱེད་པའོ། །དེ་ཡང་ཤེས་རབ་ཀྱིས་འབྱེད་པར་བྱེད་པས་ཤེས་རབ་ནི་ཡེ་ཤེས་ཀྱི་སྒོ་རྣམས་ཀྱི་སྣང་བའོ། །ཤེས་རབ་ནི་ཐམས་ཅད་
Vol. 114 · folio 170a
དུ་རྒྱུ་བ་སྟེ་མི་ཟད་པའོ་ཞེས་བྱ་བ་ལ། ཤེས་བྱ་ཐམས་ཅད་དང་དུས་ཐམས་ཅད་དུ་འཇུག་པ་ནི་ཐམས་ཅད་རྒྱུ་བ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་དམིགས་པར་བྱ་བའི་ཡུལ་དང་དུས་ལ་ཟད་པ་མེད་པས་དེ་ལ་དམིགས་པར་བྱེད་པའི་ཤེས་རབ་ལ་ཡང་ཟད་པ་མེད་པའི་ཕྱིར་མི་
ཟད་པའོ། །དེ་ལ་ཤེས་བྱ་ཐམས་ཅད་ལ་འཇུག་པ་ནི་ཕུང་པོ་དང་ཁམས་ལ་སོགས་པ་ཐམས་ཅད་རྟོག་པར་བྱེད་པའི་ཕྱིར་རོ། །དུས་ཐམས་ཅད་དུ་འཇུག་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་ཐམས་ཅད་དུ་དམིགས་པའོ། །ཤེས་རབ་ནི་རྟེན་པ་ལ་འཇུག་པ་མཐོང་བ་སྟེ་
མི་འགལ་བའོ་ཞེས་བྱ་བ་ལ། ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དུ་མཐོང་བ་རྟེན་པ་ལ་འཇུག་པ་མཐོང་བ་ཞེས་བྱ་སྟེ། དེ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་དང་མཐུན་པའི་ཕྱིར་མི་འགལ་བའོ། །ཤེས་རབ་ནི་འཛིན་པ་དང་
ཉོན་མོངས་པས་བཅིངས་པ་ཐམས་ཅད་གཅོད་པའི་ཕྱིར་རྣམ་པར་ཐར་པའི་ལམ་མོ་ཞེས་བྱ་བ་ལ། རྣམ་པར་ཐར་པ་ནི་མྱ་ངན་ལས་འདས་པའོ། །དེ་ཐོབ་པར་བྱེད་པའི་ལམ་ནི་རྣམ་པར་ཐར་པའི་ལམ་མོ། །བཅིང་བའི་སྒྲ་འཛིན་པས་བཅིངས་པ་དང་། ཉོན་མོངས་པས་བཅིངས་
པ་ཞེས་ཚིག་གཉི་ག་དང་སྦྱར་ཏེ། འཛིན་པ་ཉིད་བཅིངས་པ་དང་ཉོན་མོངས་པ་ཉིད་བཅིངས་པ་ཡིན་པས་འཛིན་པ་དང་ཉོན་མོངས་པ་བཅིངས་པའོ། །དེ་ལ་འཛིན་པ་ནི་གཟུང་བ་དང་འཛིན་པ་ལ་མངོན་པར་ཆགས་པ་དང་བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་ལ་སོགས་
པའོ། །ཉོན་མོངས་པ་ནི་འདོད་ཆགས་དང་། ཁོང་ཁྲོ་བ་ལ་སོགས་པའོ། །བཅིངས་པ་དེ་དག་ཤེས་རབ་ཀྱིས་གཅོད་དེ། བཅིངས་པ་བཅད་ན་མྱ་ངན་ལས་འདས་པར་འགྱུར་བས། ཤེས་རབ་ནི་རྣམ་པར་ཐར་པའི་ལམ་མོ། །ཤེས་རབ་ནི་ཉོན་མོངས་པ་ཐམས་ཅད་དང་མ་
འདྲེས་པའོ་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་ཤིང་དེ་དག་དང་མི་འགྲོགས་པའི་ཕྱིར་རོ། །ཤེས་རབ་ནི་འགྲོགས་པ་དང་སྒྲིབ་པ་དང་སྒྲིབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལས་ལྷན་ཅིག་མི་གནས་པ་ནི་ཆོས་དེ་རྣམས་དང་མི་འགྲོགས་ཤིང་
Vol. 114 · folio 170b
མ་འདྲེས་པའོ། །འགྲོགས་པ་ནི་འགྲོགས་པ་བཅུ་དྲུག་ཅེས་གོང་དུ་བཤད་པར་ཟད་དོ་ཞེས་སྒྲིབ་པ་དང་སྒྲིབ་པར་འགྱུར་བ་ཡང་རྣམ་པ་བཅོ་བརྒྱད་དོ་ཞེས་གོང་དུ་བཤད་དེ། དུས་གསུམ་གྱི་དབྱེ་བས་ན། སྒྲིབ་པ་ལ་སྒྲིབ་པ་དང་། སྒྲིབ་པར་འགྱུར་བ་ཞེས་རྣམ་པ་གཉིས་སུ་དབྱེའོ། །
དེ་ལ་ད་ལྟར་གྱི་དུས་ཀྱི་དགེ་བ་ལ་བར་དུ་གཅོད་པ་ནི་སྒྲིབ་པའོ། །མ་འོངས་པའི་དུས་ན་དགེ་བ་ལ་བར་དུ་གཅོད་པ་ནི་སྒྲིབ་པར་འགྱུར་བའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཇི་སྙེད་པར་ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཀྱང་དེ་སྙེད་དོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་
སེམས་ཇི་སྙེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཇི་སྙེད་པར་ཞེས་དེ་སྙེད་ཀྱི་སྒྲ་ཚིག་རེ་རེ་དང་སྦྱར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ནི་སེམས་ཅན་རྣམས་ཀྱི་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་སེམས་དང་སེམས་ལས་བྱུང་བ་སྐྱེས་ཤིང་བྱུང་བ་ཇི་སྙེད་པའོ། །
སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཇི་སྙེད་པ་ནི་སེམས་ཅན་འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་། གཏི་མུག་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་། ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དག་གོ། །སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་ཇི་སྙེད་པ་དེ་དག་
ཐམས་ཅད་ཤེས་རབ་ཀྱིས་ཤེས་པར་བྱ་བ་ཡིན་པས། ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཀྱང་དེ་སྙེད་དོ། །དེ་ནི་འདི་སྐད་དུ། སེམས་ཅན་ཉིད་ཀྱང་ནམ་མཁའ་བཞིན་དུ་མཐའ་ཡས་པས་ན་དེ་དག་གི་སེམས་དང་སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མཐའ་ཡས་པས་དེ་ལ་དམིགས་པར་བྱེད་
པའི་ཤེས་རབ་དང་ཡེ་ཤེས་ཀྱང་མཐའ་ཡས་སོ་ཞེས་བྱ་བར་འདོད་དོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་བག་ལ་ཉལ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱིས་ཉོན་མོངས་པ་བསལ་ནས་འབྲས་བུ་ཡེ་ཤེས་ཐོབ་པ་ནི་ཤེས་རབ་ཀྱི་སྤྱོད་པའི་ཡེ་ཤེས་ཏེ། ཤེས་རབ་ཀྱི་རྒྱུ་ལས་
བྱུང་བའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །བག་ལ་ཉལ་བ་ནི་ཉོན་མོངས་པ་དེ་དག་གི་ས་བོན་ནོ། །སེམས་ཅན་གྱི་ཉོན་མོངས་པ་དང་བག་ལ་ཉལ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཤེས་རབ་ཀྱིས་སྤང་དགོས་པས་དེ་དག་སྤངས་པའི་ཡེ་ཤེས་
Vol. 114 · folio 171a
ཀྱང་དེ་སྙེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒོ་ཇི་སྙེད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུ་ཇི་སྙེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ལ་འཇུག་པའི་སྒོའང་དེ་སྙེད་དོ་ཞེས་བྱ་བ་ནི་ཉོན་མོངས་པའི་སྒོ་ཇི་སྙེད་
ཡོད་པ་དེ་དག་རེ་རེ་བཞིན་ཡང་ཤེས་པར་བྱེད་པའི་ཤེས་རབ་སྐྱེད་པར་བྱེད་པའི་སྒོའང་དེ་སྙེད་དོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང་། རང་སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་མིང་གིས་སྨོས་པའི་འཕགས་པ་དེ་རྣམས་ཀྱི་ཤེས་རབ་ཀྱང་འཕགས་པ་དེ་དག་གི་ཡེ་ཤེས་ཀྱི་གཞི་ལ་གནས་
པས་འཕགས་པ་དེ་དག་གི་ཤེས་རབ་ཇི་སྙེད་པར་འཕགས་པ་དེ་དག་གི་ཡེ་ཤེས་དང་རྟེན་དང་དེ་སྙེད་དོ་ཞེས་བྱའོ། །གོང་དུ་ཤེས་རབ་མི་ཟད་པ་རྒྱ་ཆེར་བསྟན་པའི་དོན་རྣམས་བསྡུ་ཞིང་དེའི་འབྲས་བུ་ཡང་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་
ཤེས་རབ་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞེས་བྱ་བ་ནི་གོང་དུ་བཤད་པ་ལ་སྙེགས་སོ། །ཤེས་རབ་མི་ཟད་པ་འདིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་གོང་དུ་སྨོས་པའི་ཤེས་རབ་ཀྱི་རྒྱུ་འདིས་སོ། །དེ་བས་ན་འབྲས་བུ་ཡེ་ཤེས་མི་ཟད་པ་ཐོབ་པར་
འགྱུར་ཏེ། གཟུང་བ་དང་འཛིན་པ་གཉིས་སྤངས་པ། གཉིས་སུ་མེད་པའི་ཡེ་ཤེས་ནི་ཡེ་ཤེས་མི་ཟད་པའོ། །བསྟན་པའི་བདག་ཉིད་ཆེན་པོ་བསྟན་པའི་ཕྱིར། ཤེས་རབ་མི་ཟད་པ་བསྟན་པའི་ཆོས་ཀྱི་ལེའུ་འདི་བཤད་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དུས་དང་
གྲངས་དང་ཡོན་ཏན་གྱིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སྔོན་ཡོངས་སུ་སྦྱང་བ་བྱས་པ་ཞེས་བྱ་བས་དུས་བསྟན་ཏོ། །མོས་པས་སྤྱད་པའི་སར་མཉན་པ་དང་བསྒོམ་པ་ལ་སོགས་པའི་སྒོ་ནས་ལུས་དང་སེམས་ལས་སུ་རུང་བ་བྱས་པ་ནི་སྔོན་ཡོངས་སུ་སྦྱང་བ་བྱས་པའོ། །སུམ་
ཁྲི་ཉིས་སྟོང་ཞེས་བྱ་བས་གྲངས་བསྟན་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བས་ཡོན་ཏན་བསྟན་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ལས་འདས་ནས་དེ་མ་ཐག་ཏུ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་རྟོགས་ཏེ། མཐོང་བས་སྤང་བར་བྱ་བའི་ཉོན་
Vol. 114 · folio 171b
མོངས་པ་རྣམས་སྤངས་ནས་ས་རབ་ཏུ་དགའ་བ་ཐོབ་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། དོན་དུ་ན་ཤེས་རབ་མི་ཟད་པའི་ལེའུ་འདི་བསྟན་པའི་ཚེ་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གིས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་གྱུར་ཏོ་ཞེས་
བའི་ཐ་ཚིག་གོ། །ཤེས་རབ་མི་ཟད་པ་བཤད་ཟིན་ཏོ།། །།ཚད་མེད་པ་བཞི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་བྱེད་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། དེ་ཡང་རྣམ་པ་བཞི་སྟེ། བཞི་གང་ཞེ་ན་བདེ་བ་འདོད་པ་དང་། སྡུག་བསྔལ་གྱིས་གདུངས་པ་
དང་། བདེ་བ་ལ་རྗེས་སུ་ཡི་རང་བ་དང་། མཉམ་པར་གནས་པའོ། །ཚད་མེད་པ་བཞི་ནི་སེམས་ཅན་རྣམས་ཀྱི་དོན་བྱེད་པས་ན་དེ་དག་ཉིད་ཀྱིས་བསྡུས་པའི་དོན་སྙིང་བརྩེ་བ་བསྟན་ཏོ། །དེ་ལ་བདེ་བ་འདོད་པའི་དབང་དུ་བྱས་ནས་དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའང་རྣམ་པ་དྲུག་སྟེ། དམིགས་པར་བྱ་བ་ཚད་མེད་པས་དམིགས་པར་བྱེད་པ་ཚད་མེད་པ་དང་། ལས་དང་འབྲས་བུ་དང་། རང་བཞིན་དང་ཁྱད་པར་དང་། རབ་ཏུ་དབྱེ་བ་བསྟན་ཏོ། །བཙུན་
པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡང་མི་ཟད་པ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། དེ་དག་ཀྱང་བྱམས་པ་མི་ཟད་པར་འཕགས་པར་འགྱུར་རོ་ཞེས་བྱ་བ་ཡན་ཆད་ཀྱིས་དམིགས་པ་ཚད་མེད་པས་དམིགས་པར་བྱེད་པ་ཚད་མེད་པ་བསྟན་ཏོ། །བློ་གྲོས་མི་ཟད་པས་སྨྲས་
པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་པ་ནི་ཞེས་བྱ་བ་ནས་བརྩམས་ཏེ། ཚུལ་འཆོས་པ་དང་། ཁ་གསག་དང་། ཐོབ་ཀྱིས་འཇལ་བ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །རྙེད་པ་དང་བཀུར་སྟི་ཞེས་བྱ་བ་ནས་བརྩམས་ཏེ། ངན་སོང་ཐམས་ཅད་དང་མི་
ཁོམ་པ་བརྒྱད་ལས་འདས་པ་ཞེས་བྱ་བ་ཡན་ཆད་ཀྱིས་འབྲས་བུ་བསྟན་ཏོ། །ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ་ཞེས་བྱ་བ་ནས་བརྩམས་ཏེ། བག་ཆགས་དང་མཚམས་སྦྱོར་བ་དང་ཉོན་མོངས་པའི་དྲི་ང་བ་སྦྱོང་བ་ཞེས་བྱ་བ་ཡན་ཆད་ཀྱིས་རང་བཞིན་བསྟན་ཏོ། །བཙུན་པ་ཤ་ར་དྭ་
Vol. 114 · folio 172a
ཏིའི་བུ་བྱམས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོང་བ་ཞེས་བྱ་བ་ནས་བརྩམས་ཏེ། བྱམས་པ་ནི་ཆུ་བོ་ལས་སྒྲོལ་བའོ་ཞེས་བྱ་བ་ཡན་ཆད་ཀྱིས་ཁྱད་པར་བསྟན་ཏོ། །འདི་ལྟར་བཙུན་པ་ཤ་ར་དྭ་ཏིའི་བུ་གསུམ་པོ་འདི་དག་ནི་བྱམས་པ་སྟེ་ཞེས་བྱ་བ་ནས་བརྩམས་
ཏེ། འདི་ནི་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་མི་ཟད་པ་ཞེས་བྱ་བ་ཡན་ཆད་ཀྱིས་རབ་ཏུ་དབྱེ་བ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་མི་ཟད་པ་སྟེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡང་མི་ཟད་པ་ཡིན་ཏེ་ཞེས་བྱ་
བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཇི་ལྟར་མི་ཟད་པའི་རྒྱུ་འདྲི་བ་སྟེ། བྱང་ཆུབ་སེམས་དཔའི་བྱམས་པ་དེ་ཅིའི་ཕྱིར་མི་ཟད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཐུག་པ་མེད་པའི་ཕྱིར་རོ་ཞེས་བྱ་བས་ནི་རྒྱུ་བསྟན་ཏེ། འདི་ཙམ་ཞིག་ཅེས་བྱ་བ་ནི་ཐུག་པའོ། །འདི་ཙམ་ཞིག་ཅེས་
གཅད་དུ་མེད་པས་ཐུག་པ་མེད་པ་སྟེ། དེ་བས་ན་མི་ཟད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་ཞེས་བྱ་བ་ལ་སོགས་པས་བྱམས་པ་མི་ཟད་པའི་གཏན་ཚིགས་བསྟན་ཏོ། །དེ་དག་གི་བྱམས་པ་ཉེ་བར་བསྒྲུབས་པ་ཡོངས་སུ་ཆད་པ་མེད་དོ་ཞེས་བྱ་བ་ལ། འདི་ཙམ་
ཞིག་ཚུན་ཆད་ནི་དམིགས་པར་བྱེད་ཀྱི། དེ་ཕན་ཆད་དམིགས་པར་མི་བྱེད་པ་ནི་བྱམས་པ་ཉེ་བར་བསྒྲུབ་པ་ཡོངས་སུ་ཆད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་བྱམས་པས་སེམས་ཅན་ཐམས་ཅད་ལ་དམིགས་པར་བྱེད་པས་ན་བྱམས་པ་ཉེ་བར་སྒྲུབ་པ་ཆད་པ་མེད་པའོ། །
འདི་ལྟར་སེམས་ཅན་གྱི་ཁམས་ཇི་ཙམ་པ་ཞེས་བྱ་བ་ལ་སོགས་པས་བྱམས་པ་ཉེ་བར་སྒྲུབ་པ་ཡོངས་སུ་ཆད་པ་མེད་པའི་གཏན་ཚིགས་བསྒྲུབས་ཏེ་བསྟན་ཏོ། །བྱམས་པའི་སེམས་བསྐྱེད་པ་ཞེས་བྱ་བ་ལ། བྱམས་པས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱའོ་ཞེས་སེམས་བསྐྱེད་པ་ནི་
བྱམས་པའི་སེམས་བསྐྱེད་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པས་བྱམས་པ་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དང་མི་ཟད་པའི་དཔེ་སྟོན་པའོ། །རྒྱུ་ཆུང་ངུས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པ་ཆུང་ངུ་དང་། དཔེ་ཆུང་ངུས་ནི་བསྟན་པར་མི་ནུས་སོ་
Vol. 114 · folio 172b
ཞེས་བྱ་བའི་དོན་ཏོ། །མཚན་མ་བཞག་པ་འདི་དང་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་རྒྱ་མཚོའི་ཆུས་གང་བར་གྱུར་པ་ལ་གོང་དུ་སྨོས་པའི་གྲངས་སྙེད་ཀྱི་སེམས་ཅན་འདུས་ནས། སྐྲའི་རྩེ་བརྒྱར་གཤགས་པའི་ཆས་ཆུའི་ཐིགས་པ་གཅིག་བླངས་པའོ། །བགྲང་བ་འདི་ལྟ་བུ་ཞེས་བྱ་བ་
ནི་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་འདུས་ཏེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་འདས་པ་དང་། སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆས་ཆུའི་ཐིགས་པ་གཉིས་བླངས་པ་ནས། གསུམ་བཞི་ཡན་ཆད་གོང་དུ་བླངས་པ་བཞིན་དུ་བསྒྲེ་བའོ། །དེ་དག་ཀྱང་བྱམས་
པ་མི་ཟད་པར་འཕགས་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་སྐྲག་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སོ་སོའི་སྐྱེ་བོ་དང་འཕགས་པ་ཉན་ཐོས་ལ་སོགས་པ་ཀུན་ལས་འཕགས་པའི་བྱམས་པ་མི་ཟད་པར་ལྡན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པ་ཚད་མེད་པས་
དམིགས་པར་བྱེད་པ་ཚད་མེད་པ་བཤད་ཟིན་ཏོ།། །།ལས་བསྟན་པའི་ཕྱིར། བློ་གྲོས་མི་ཟད་པར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྱམས་པ་ནི་བདག་བསྲུང་ཞིང་གཞན་ལ་ཕན་པར་གནས་པ་ཞེས་བྱ་བ་ལ། བྱམས་པ་དང་ལྡན་པ་ལ་གནོད་པར་བྱེད་
པའི་དགྲ་མི་འབྱུང་བས་ན་བདག་བསྲུང་བའོ། །སེམས་ཅན་གཞན་ལ་ཕན་པ་སྟོབས་པར་བྱེད་པའི་གཞན་ལ་ཕན་པར་གནས་པའོ། །ཡང་ན་བྱམས་པ་དང་ལྡན་པ་དང་། དེ་ལ་ཞེ་སྡང་མེད་པའི་ཕྱིར་བདག་བསྲུང་བའོ། །གཞན་ལ་གནོད་པར་མི་བྱེད་པའི་ཕྱིར་གཞན་ལ་ཕན་པར་
གནས་པའོ། །མཆོག་ཏུ་རྩོད་པ་མེད་པ་ཞེས་བྱ་བ་ནི་དོན་དང་དགོས་པ་གང་གི་ཕྱིར་ཡང་གཞན་དང་མི་རྩོད་པས་སོ། །རབ་ཏུ་འཇོམས་ཞེས་བྱ་བ་ནི་དེ་དག་སྤོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་ནི་གོང་དུ་བཤད་པར་ཟད་དོ། །བྲལ་བ་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པ་ལ་ཞེ་
སྡང་གི་བག་ལ་ཉལ་དང་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ། །དད་པ་བསྐྱེད་ཅིང་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་གཞན་གྱིས་གནོད་པ་བྱས་ཀྱང་དེ་ལ་སླར་གནོད་པ་མི་བྱེད་དེ། དེའི་རྒྱུས་སེམས་ཅན་དགའ་བ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །སེམས་ཅན་
Vol. 114 · folio 173a
ཐམས་ཅད་ཀྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་ཞེས་བྱ་བ་ནི་ཉོན་མོངས་པའི་དབང་དུ་གྱུར་ནས་མི་དགེ་བ་ལ་འཇུག་པ་ནི་འཁྲུལ་པ་སྟེ། དེ་ཡང་གཞན་གྱི་རྐྱེན་ལས་བྱུང་བར་གྱུར་པ་ཤེས་ནས་དེ་ལ་སྐྱོན་དུ་མི་ལྟ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་གདུང་བར་བྱེད་
ཅེས་བྱ་བ་ནི། བྱམས་པ་དང་ལྡན་པའང་དེ་ལ་ཞེ་སྡང་གི་འཁྲུག་པའི་སེམས་དང་ལུས་ལ་མི་བདེ་བ་མེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ལུས་དང་སེམས་བདེ་བ་སྐྱེད་པ་ཞེས་བྱ་བ་གསུངས་སོ། ལུས་བདེ་བ་སྐྱེད་པ་ནི། ལུས་སིམ་པར་བྱེད་པས་སོ། །སེམས་
བདེ་བ་སྐྱེད་པ་ནི། སེམས་སིམ་པས་སོ། །གཞན་གྱིས་གནོད་པར་བྱ་བ་ལས་ཤིན་ཏུ་འདས་ཞེས་བྱ་བ་ནི། བྱམས་པ་དང་ལྡན་པ་ལ་སུ་ཡང་གནོད་པར་མི་བྱེད་པས་སོ། །ཉེས་པ་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་ཏེ་ཞེས་བྱ་བ་ནི་བྱམས་པ་ཅན་གྱི་གང་ཟག་དེ་སྲོག་གཅོད་པ་དང་། མ་བྱིན་
པར་ལེན་པ་ལ་སོགས་པའི་ལས་ལ་མི་འཇུག་པས་དེ་ལ་ཉེས་པ་བྱས་པ་ནི་རྒྱུ་ལས་མི་འབྱུང་བའི་ཚེ་འདི་ལ་བཅིངས་པ་དང་། གསད་པ་དང་། ཚེ་རབས་གཞན་དུ་ངན་སོང་དུ་སྐྱེ་བའི་འཇིགས་པ་མེད་པའི་ཕྱིར་རོ། །འཕགས་པའི་ལམ་དང་མཐུན་ཞེས་བྱ་བ་ནི་བྱམས་པ་དེ་འཕགས་པའི་ལམ་གྱི་
ཡན་ལག་བརྒྱད་དང་མི་འགལ་ཞེས་བྱ་བའི་དོན་ཏོ། །གཤེ་བ་དང་། སྡང་བའི་སེམས་དང་ལྡན་པའི་སེམས་ཅན་རྣམས་དད་པར་བྱེད་པ་ཞེས་བྱ་བ་ལ། ཞེ་སྡང་གི་རྒྱུས་ཚིག་རྩུབ་པོ་སྨྲ་བ་ནི་གཤེ་བའོ། །སེམས་ཅན་གསད་པ་ལ་སོགས་པས་ཕུང་བར་བྱ་བའི་བསམ་པ་རྩུབ་པོ་ནི་སྡང་བའི་
སེམས་དང་ལྡན་ཏེ། དེ་ལྟ་བུ་དག་ཀྱང་བྱམས་པ་དང་ལྡན་པའི་གང་ཟག་ལ་དད་པ་སྐྱེ་བར་འགྱུར་བས་ནི་བྱམས་པ་ནི་གཤེ་བ་དང་སྡང་བའི་སེམས་དང་ལྡན་པའི་སེམས་ཅན་རྣམས་དད་པར་བྱེད་པའོ། །གཡུལ་ཐམས་ཅད་ལས་སྒྲོལ་བ་སྟེ་ཞེས་བྱ་བ་ནི་མཚོན་ཆ་མེད་པར་བྱམས་པའི་ཏིང་ངེ་འཛིན་
གྱིས་བདུད་དང་མུ་སྟེགས་ཅན་ལ་སོགས་པ་ཐམས་ཅད་ལས་རྒྱལ་བར་བྱེད་དེ། དེ་བས་ན་དབྱིག་པ་དང་། མཚོན་ཆ་འཆང་བ་མ་ཡིན་ཞེས་བྱ་བ་གསུངས་སོ། །སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དགའ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པར་བྱ་བ་ལ་
Vol. 114 · folio 173b
མོས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་འཆོས་པ་དང་ཁ་གསག་ཅེས་བྱ་བ་ལ་སོགས་པ་ལ། ཁེ་དང་བཀུར་སྟི་ལ་སོགས་པའི་བསམ་པ་ཉོན་མོངས་པ་ཅན་གྱི་སྤྱོད་ལམ་འཆོས་པ་ཐམས་ཅད་ནི་ཚུལ་འཆོས་པའོ། །ཐོབ་པ་ལ་ཆགས་པའི་ཕྱིར་ཚིག་སྙན་པར་སྨྲ་བ་ཐམས་ཅད་ནི་ཁ་གསག་
གོ། །རྙེད་པ་ལ་ཆགས་པའི་སེམས་ཀྱིས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ཡོ་བྱད་ནན་གྱིས་སློང་བ་ནི་ཐོབ་ཀྱིས་འཇལ་བའོ། །བྱམས་པ་དང་ལྡན་པ་ལ་སོགས་པའི་འཚོ་བ་དེ་དག་མེད་པས་ན་བྲལ་བ་ཞེས་བྱ་སྟེ། ལས་བཤད་ཟིན་ཏོ།། །།འབྲས་བུ་བསྟན་པའི་ཕྱིར་
རྙེད་པ་དང་བཀུར་སྟི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་ནི་ཆོས་གོས་ལ་སོགས་པའོ། །བཀུར་སྟི་ནི་ཕྱག་འཚལ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་ནི་བསྟོད་པ་སྟེ། དེ་ལྟ་བུ་དག་དང་ལྡན་པར་འགྱུར་བས་ན་འབྱུང་བར་བྱེད་པ་ཞེས་བྱའོ། །ཕྱག་བྱས་པ་ནི་འཇིག་
རྟེན་གྱི་གཙོ་བོ་དེ་དག་གིས་བྱམས་པ་དང་ལྡན་པ་ལ་ཕྱག་བྱེད་པའི་ཕྱིར་རོ། །གང་གི་གཟི་བརྗིད་ཀྱི་རྒྱན་གྱིས་བརྒྱན་པ་ནི་བྱམས་པའི་གཟི་བརྗིད་ཀྱི་རྒྱན་གྱིས་བརྒྱན་པའི་ཕྱིར་རོ། །མཁས་པས་རབ་ཏུ་བསྔགས་པ་ནི་བྱམས་པ་དང་ལྡན་པའི་གང་ཟག་ལ་ཉན་ཐོས་དང་རང་སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟོད་པར་མཛད་པས་སོ། །བྱིས་པ་ཐམས་ཅད་བསྲུང་བ་ནི་བྱམས་པ་དེས་སོ་སོའི་སྐྱེ་བོ་རྣམས་ཞེ་སྡང་གི་ལམ་དུ་མི་གཏོང་བར་བྱེད་པའི་ཕྱིར་རོ། །ཚངས་པའི་ལམ་དང་མཐུན་པ་ནི་མྱ་ངན་ལས་འདས་པའི་ལམ་དང་མཐུན་
པའམ། ཚད་མེད་པ་བཞི་དང་མཐུན་པའོ། །འདོད་པའི་ཁམས་དང་མ་འདྲེས་པ་ནི་འདོད་པའི་ཁམས་ན་བྱམས་པ་མེད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཐར་པའི་ལམ་གྱི་མཆོག་ཅེས་བྱ་བ་ནི་སེམས་ཅན་རྣམས་མྱ་ངན་ལས་འདས་པར་འགྲོ་བའི་ལམ་གྱི་ནང་ན་ལམ་གྱི་དམ་པ་
བྱམས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཐམས་ཅད་ཡང་དག་པར་བསྡུས་པ་ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱང་བྱམས་པར་འདུས་ཏེ། ཐེག་པ་གསུམ་ཆར་གྱི་རྩ་བ་བྱམས་པ་ཡིན་པའི་ཕྱིར་རོ། །ཟང་ཟིང་མེད་པའི་བསོད་ནམས་ཀྱིས་གཟུང་བ་ཞེས་བྱ་བ་ལ་བསོད་ནམས་ཀྱི་
Vol. 114 · folio 174a
དངོས་པོ་རྣམ་པ་གསུམ་སྟེ། སྦྱིན་པའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམས་པའི་བསོད་ནམས་བྱ་བའི་དངོས་པོའོ། །དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་གཉིས་ནི་ཟང་ཟིང་དང་བཅས་པའི་བསོད་ནམས་ཀྱི་
དངོས་པོ་སྟེ། སྦྱིན་པས་ལོངས་སྤྱོད་ཀྱི་རྒྱུར་འགྱུར་ལ། ཚུལ་ཁྲིམས་ཀྱིས་མཐོ་རིས་ཀྱི་རྒྱུར་འགྱུར་བས་འཁོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །བསྒོམས་པའི་བསོད་ནམས་བྱ་བའི་དངོས་པོ་ནི་ཟང་ཟིང་མེད་པ་སྟེ། ཐར་པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱམས་པ་ཡང་བསྒོམས་པའི་བསོད་ནམས་
བྱ་བའི་དངོས་པོར་གཏོགས་པས་ན་ཟང་ཟིང་མེད་པའི་བསོད་ནམས་ཀྱིས་གཟུང་བ་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་ཐམས་ཅད་སྩོགས་པ་ཞེས་བྱ་བ་ནི་བྱམས་པ་བསྒོམས་པའི་མཐུ་ལས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པའི་སྩོགས་པས། རྫས་ལས་བྱུང་བའི་བསོད་ནམས་བྱ་
བའི་དངོས་པོ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བ་ལ། རྫས་ནི་ལོངས་སྤྱོད་ཀྱི་ནོར་ལ་བྱའོ། །ནོར་བཏང་བའི་གཞི་ལས་བྱུང་བའི་བསོད་ནམས་ནི་རྫས་ལས་བྱུང་བའི་བསོད་ནམས་ཏེ། དེ་ཡང་གཙུག་ལག་ཁང་དང་། དེའི་ས་གཞི་དང་། མལ་སྟན་དང་། འཚོ་བའི་ཡོ་
བྱད་དང་། བསོད་སྙོམས་ལ་སོགས་པའོ། །བྱམས་པ་བསྒོམས་པའི་བསོད་ནམས་ལ་རྫས་ལས་བྱུང་བའི་བསོད་ནམས་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་པས་ན་ཟིལ་གྱིས་མི་ནོན་པ་ཞེས་བྱ་སྟེ། བསོད་ནམས་དེ་དག་བས་བྱམས་པའི་བསོད་ནམས་འབྲས་བུ་ཆེ་ཞེས་བྱ་
བའི་དོན་ཏོ། །བརྒྱན་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པ་ནི་མིང་གིས་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་བའི་ཕྱིར་རོ། །དབང་པོ་ཉམས་པ་དང་མ་ཚང་བ་ཐམས་ཅད་སྤངས་པ་ཞེས་བྱ་བ་ལ་མིག་དང་རྣ་བ་ལ་སོགས་པའི་དབང་པོ་ཡོད་ཀྱང་གཟུགས་ལྟ་བ་ལ་མི་གསལ་བ་དང་། སྒྲ་
མཉན་པ་ལ་མི་གསལ་བ་ནི་དབང་པོ་ཉམས་པའོ། །རྣ་བ་རྡུམ་པོ་དང་། མིག་ཞར་བ་དང་། ལག་པ་རྡུམ་པོར་འགྱུར་བ་ནི་དབང་པོ་མ་ཚང་བའོ། །བྱམས་པ་དང་ལྡན་པ་ནི། གར་སྐྱེས་ཀྱང་དབང་པོ་གསལ་ཞིང་དབང་པོ་ཚང་བར་སྐྱེ་བར་འགྱུར་བས་ན། དབང་པོ་ཉམས་པ་དང་མ་
Vol. 114 · folio 174b
ཚང་བ་ཐམས་ཅད་སྤངས་པ་ཞེས་བྱའོ། །བདེ་འགྲོ་ཐམས་ཅད་དང་མྱ་ངན་ལས་འདས་པའི་ལམ་དང་མཐུན་པ་ཞེས་བྱ་བ་ལ། ཇི་ལྟར་ཚུལ་ཁྲིམས་དང་སྦྱིན་པ་ལ་སོགས་པས་ལྷ་དང་མིར་སྐྱེ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་བཞིན་དུ་
བྱམས་པ་ལ་གནས་པས་ཀྱང་རྟག་ཏུ་ལྷ་དང་མིར་སྐྱེ་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་ན་བདེ་འགྲོ་ཐམས་ཅད་དང་མྱ་ངན་ལས་འདས་པའི་ལམ་དང་མཐུན་པ་ཞེས་བྱའོ། །ངན་སོང་ཐམས་ཅད་དང་། མི་ཁོམ་པ་བརྒྱད་ལས་འདས་པ་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པ་དེ་
ནམས་ཀྱང་ཉམས་ང་བའི་གནས་དག་ཏུ་མི་སྐྱེ་བའི་ཕྱིར་རོ། །འབྲས་བུ་བཤད་ཟིན་ཏོ།། །།རང་བཞིན་བསྟན་པའི་ཕྱིར། ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ལ་དད་པ་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་བའོ། །དེ་སྟོན་པར་བྱེད་པའི་
གཞུང་དེ་ལ་དད་པ་ནི་ཆོས་ཀྱི་ཀུན་དགའ་ལ་མོས་པའོ། །ཡང་ན་ཆོས་སྤྱད་པར་འདོད་པ་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་བའོ། །དེ་སྒྲུབ་པར་བྱེད་པ་ནི་ཆོས་ཀྱི་ཀུན་དགའ་ལ་མོས་པ་སྟེ། དེ་བས་ན་འདོད་པ་དང་ལོངས་སྤྱོད་ལ་མི་འདོད་ཅེས་བྱ་བར་སྦྱར་རོ། །འདོད་པ་ནི་གཟུགས་དང་སྒྲ་ལ་སོགས་
པའོ། །ལོངས་སྤྱོད་པ་ནི་བཟའ་བ་དང་། བཏུང་བ་ལ་སོགས་པའོ། །དབང་ཕྱུག་ནི་རྒྱལ་པོའི་སྲིད་ལ་སོགས་པའོ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཞེས་བྱ་བ་ནི་བྱམས་པ་དེས་ཕྱོགས་དང་དུས་ཆད་པ་མེད་དེ། ཕྱོགས་བཅུ་དང་དུས་གསུམ་ཐམས་ཅད་ཀྱི་སེམས་ཅན་ཐམས་
ཅད་ལ་འདྲ་བར་དམིགས་པའི་ཕྱིར་རོ། །སྦྱིན་པའི་སྦྱོར་བ་ཐ་དད་པ་དང་བྲལ་བ་ཞེས་བྱ་བ་ནི་འདི་ལ་ནི་སྦྱིན། འདི་ལ་ནི་མི་སྦྱིན་ཞེས་བྱ་བ་དང་། འདི་ནི་སྦྱིན། འདི་ནི་མི་སྦྱིན་ཞེས་བྱ་བ་མེད་ཀྱི། སེམས་ཅན་ཐམས་ཅད་ལ་དངོས་པོ་ཐམས་ཅད་སྦྱིན་པར་བྱེད་པའི་ཕྱིར་རོ། །ཚུལ་ཁྲིམས་
དང་བསླབ་པ་ཐམས་ཅད་ཀྱི་སྒོ་ཞེས་བྱ་བ་ནི་བྱམས་པ་དང་ལྡན་ན་སེམས་ཅན་གྱི་སྲོག་གཅོད་པ་དང་། ལོངས་སྤྱོད་ལས་མ་བྱིན་པར་ལེན་པ་ལ་སོགས་པ་མི་བྱེད་དེ། ཚུལ་ཁྲིམས་སྐྱེ་བའི་རྒྱུ་དང་རྐྱེན་ཡིན་པའི་ཕྱིར་ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་ཞེས་བྱའོ། །ཚུལ་ཁྲིམས་འཆལ་པ་
Vol. 114 · folio 175a
ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཉམས་པ་རྣམས་མི་དགེ་བའི་གནས་ནས་བསྐྱོད་དེ་དགེ་བའི་གནས་སུ་འགོད་པར་བྱེད་པའི་ཕྱིར་རོ། །བཟོད་པའི་སྟོབས་སྟོན་པ་ཞེས་བྱ་བ་ནི་སེམས་ཅན་མཐུ་ཆུང་ངུ་རྣམས་ཀྱིས་གནོད་པར་བྱས་ཀྱང་སླར་གནོད་པར་
མི་བྱེད་པའི་ཕྱིར་ཏེ། དེ་བས་ན་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་ཐམས་ཅད་དང་བྲལ་བའོ། །དེ་ལ་ང་རྒྱལ་ནི་ང་རྒྱལ་རྣམ་པ་བདུན་ནོ། །རྒྱགས་པ་ནི་ལོངས་སྤྱོད་སྙེམས་པའོ། །དྲེགས་པ་ནི་བྱད་ལག་དང་ཤེས་པ་སྙེམས་པ་སྟེ། བྱམས་པ་དང་ལྡན་པ་ལ་ཉེས་པ་དེ་ལྟ་བུ་མེད་པས་ན་བྲལ་བ་
ཞེས་བྱ་སྟེ། རྩ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་རྣམས་ཀྱི་རྒྱུ་བྱམས་པ་ཡིན་པས་སོ། །མི་འཁྲུགས་པའི་བརྩོན་འགྲུས་བརྩམས་ཤིང་ཡང་དག་པར་སྦྱོར་བ་བྱ་བ་ཐམས་ཅད་ལས་སྒྲོལ་བ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་བྱ་བ་འདི་ལྟ་བུ་ཡང་བྱམས་པས་མཐར་འབྱིན་པར་བྱེད་དེ་ཞེས་བྱ་བར་སྦྱར་ཏེ།
ལེ་ལོའི་དབང་དུ་མི་འགྱུར་ཞིང་གྲང་བ་དང་ཚ་བ་ལ་སོགས་པ་དང་། བདུད་དང་མུ་སྟེགས་ཅན་ལ་སོགས་པས་མི་བཟློག་པའི་བརྩོན་འགྲུས་བརྩམས་པ་ནི་མི་འཁྲུགས་པའི་བརྩོན་འགྲུས་བརྩམས་པ་ཞེས་བྱའོ། །ཕ་རོལ་དུ་ཕྱིན་པ་དྲུག་བསྒྲུབས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་
བར་སྦྱོར་བ་ནི། ཡང་དག་པར་སྦྱོར་བ་ཞེས་བྱའོ། །བྱ་བ་དེ་དག་ཐམས་ཅད་མཐར་འབྱིན་པར་བྱེད་པ་ནི་ཡང་དག་པར་སྒྲོལ་བ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་ལས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བཞག་པས་ཉོན་མོངས་པ་ཐམས་ཅད་ཀྱང་སྤོང་
བར་བྱེད་ཅེས་བྱ་བའི་དོན་ཏོ། །གསང་སྔགས་དང་ཐོས་པ་འཛིན་པས་ངེས་པར་སེམས་པའི་ཤེས་རབ་ཀྱི་རྒྱུ་བསྐྱེད་པ་ཞེས་བྱ་བ་ལ། ཆོས་ཀྱི་དོན་ཟབ་མོའམ། བསམ་གཏན་གྱི་མན་ངག་ཐོབ་པ་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་གསང་སྔགས་དང་ཐོས་པ་འཛིན་པ་ཞེས་བྱའོ། །དེ་ལྟར་
བཟུང་ནས་སེམས་ལ་བསམ་གཏན་དུ་བྱ་ཞིང་ངེས་པར་རྟོག་ནུས་པའི་ཤེས་རབ་ཀྱང་བྱམས་པ་ལས་འབྱུང་བས་ཤེས་རབ་ཀྱི་རྒྱུ་བསྐྱེད་པ་ཞེས་བྱའོ། །རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་ངེས་པ་ཞེས་བྱ་བ་ལ་རང་གི་ཕྱོགས་ནི་རྣམ་པར་བྱང་བའི་ཆོས་སོ། །གཞན་གྱི་ཕྱོགས་ནི་
Vol. 114 · folio 175b
བདུད་དང་ཉོན་མོངས་པའི་ཕྱོགས་ཏེ། ངེས་པ་ནི་དེ་གཉིས་ལ་མཁས་ཤིང་དེ་གཉིས་བྱེ་བྲག་ཕྱེད་པའོ། །དེ་ལྟར་བྱེ་བྲག་ཕྱེད་ནས་བདུད་ཀྱི་ཕྱོགས་དང་ཉོན་མོངས་པ་ནི་སྤོང་བར་བྱེད། རྣམ་པར་བྱང་བའི་ཕྱོགས་རྣམས་ནི་འཕེལ་བར་བྱེད་པའི་ཕྱིར། བདུད་ཀྱི་ཕྱོགས་དང་ཉོན་མོངས་པ་རྣམས་
བསལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྙེན་བཀུར་དང་འཇུག་པའི་རྒྱུ་མཐུན་པ་ལ་སེམས་ཞེས་བྱ་བ་ལ། བསྙེན་བཀུར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་བསྙེན་བཀུར་བྱེད་པའོ། །འཇུག་པས་ནི་ས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྤྱོད་པ་ལ་
ཞུགས་པ་སྟེ། བྱམས་པ་ནི་རྒྱུད་ལྟ་བུ་དག་དང་འདྲ་བ་ལས་བྱུང་བའི་འབྲས་བུ་ལ་སེམས་པས་ནི་རྒྱུ་མཐུན་པ་ལ་སེམས་པའོ། །སྤྱོད་ལམ་སྲུང་བར་བྱེད་ཅེས་བྱ་བ་ནི་བྱམས་པས་སྤྱོད་ལམ་ཐམས་ཅད་དུ་ཉོན་མོངས་པ་མི་འབྱུང་བར་བསྲུང་ཞིང་སྤྱོད་ལམ་མི་མཛེས་པ་རྣམས་མེད་པར་བྱེད་ཅེས་བྱ་
བའི་དོན་ཏོ། །རྒོད་པ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ནི་དབང་པོ་དང་། རྣམ་པར་ཤེས་པ་ཡུལ་ལ་མི་འཇུག་ཅིང་ཞི་བར་གནས་ཞེས་བྱ་བའི་ཐ་ཚིག་གོ། །ང་རྒྱལ་གྱི་ལས་སེལ་བ་ཞེས་བྱ་བ་ནི་བྱམས་པས་ང་རྒྱལ་གྱི་རྒྱུ་ལས་བྱུང་བའི་ལས་མགོ་འཕང་བསྟོད་པ་དང་། ལག་པ་བརྐྱང་
བ་ལ་སོགས་པ་ཁེངས་པའི་མཚན་མ་རྣམས་མེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་བྱུགས་ཤིང་ཞེས་བྱ་བ་ལ། བདག་ལ་ལྟོས་ནས་སྡིག་པ་མི་དགེ་བའི་ཆོས་མི་བྱེད་པ་ནི་ངོ་ཚ་ཤེས་པའོ། །གཞན་ལ་ལྟོས་ནས་སྡིག་པ་མི་དགེ་བའི་ཆོས་མི་བྱེད་པ་ནི་ཁྲེལ་
ཡོད་པ་སྟེ། ཆོས་དེ་དག་གཉིས་དང་ལྡན་པ་ནི་བྱུགས་པ་ཞེས་བྱའོ། །དྲི་ཞིམ་པོ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པས་ཁ་ན་མ་ཐོ་བ་དང་ལྡན་པ་མི་རིགས་པའི་ཆོས་དེ་ལ་མེད་པའི་ཕྱིར་ཏེ། དེ་བས་ན་དྲི་ང་བ་སྦྱོང་བ་ཞེས་བྱ་བར་སྦྱར་རོ། །ལས་བཤད་ཟིན་ཏོ།། །།ཁྱད་
པར་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་པ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་སྐྱོབ་པ་ཞེས་བྱ་བའི་ཚིག་འདི་ནི་བསྟན་པའོ། །ལྷག་མ་རྣམས་ནི་ཇི་ལྟར་བྱམས་པ་སེམས་ཅན་ཐམས་ཅད་སྐྱོབ་པར་བྱེད་པའི་བཤད་
Vol. 114 · folio 176a
པའོ། །བདག་གི་བདེ་བ་གཏོང་ཞིང་ཞེས་བྱ་བ་ནི་བྱམས་པ་ཆེན་པོ་དང་ལྡན་པ་རྣམས་རྟག་པར་བདག་བདེ་བ་དང་ལྡན་པར་མི་འདོད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་རྣམས་ལ་བདེ་བ་སྦྱིན་པའོ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཚེ་འདི་དང་ཚེ་རབས་གཞན་ན་
ཡང་བདེ་བ་ལ་འཇོག་པར་བྱེད་པའི་ཕྱིར་ཏེ། དེ་བས་ན་བྱམས་པ་ཆེན་པོར་འགྱུར་རོ། །སེམས་ཅན་རྣམས་ཚེ་འདིར་བདེ་བ་ལ་འཇོག་པ་ནི་ཁ་ན་མ་ཐོ་བ་མེད་པའི་ཟང་ཟིང་གི་བདེ་བ་ཐམས་ཅད་དང་ལྡན་པར་བྱས་པས་སོ། །སེམས་ཅན་རྣམས་ཚེ་རབས་གཞན་དུ་བདེ་བ་ལ་འཇོག་པ་
ནི་སེམས་ཅན་རྣམས་ཚེ་རབས་གཞན་དུ་ལྷ་དང་མིའི་བདེ་འགྲོ་བྱས་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་བྱམས་པ་ནི་བདག་སྐྱོབ་པའོ་ཞེས་བྱ་བ་ལ། དེ་དག་གི་བྱམས་པ་ནི་བདག་འཁོར་བ་ལས་ཐར་པར་བྱེད་པ་ཙམ་ལས་གཞན་མི་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་
རྣམས་ཀྱི་བྱམས་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པས་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་ངན་སོང་གི་སྡུག་བསྔལ་ལས་འབྱིན་པར་བྱེད་པའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་
པ་ནི་ཆུ་བོ་ལས་སྒྲོལ་བའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་ཞེས་བྱ་བར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ཐམས་ཅད་ཆུ་བོ་བཞི་ལས་བསྒྲལ་ནས་མྱ་ངན་ལས་འདས་པའི་གནས་སུ་འཇོག་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །
ཁྱད་པར་བཤད་ཟིན་ཏོ།། །།རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འདི་ལྟར་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའི་བྱམས་པ་ཕྱེ་ན་རྣམ་པ་གསུམ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའི་བྱམས་པ་གང་གིས་དམིགས་པའི་ཡུལ་
གང་ལ་དམིགས་པ་བསྟན་པའི་ཕྱིར་དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི་དང་པོ་སོ་སོའི་སྐྱེ་བོའི་དུས་ན་བླ་ན་མེད་པའི་བྱང་
Vol. 114 · folio 176b
ཆུབ་ཏུ་སེམས་བསྐྱེད་པ་ཡན་ཆད་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་སོ། །དེའི་ཚེ་ན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགོད་པར་བྱའོ་ཞེས་སེམས་ཅན་གྱི་དངོས་པོ་ཡོད་པར་ལྟ་བའི་ཕྱིར་སེམས་ཅན་ལ་དམིགས་པ་ཞེས་བྱའོ། །ཆོས་ལ་དམིགས་པའི་བྱམས་
པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བ་ལ། ས་དང་པོ་ཡན་ཆད་ས་བདུན་པ་མན་ཆད་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་སྟེ། དེའི་ཚེ་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ཐམས་ཅད་སྦྱོང་ཞིང་སྤྱོད་
པས་སྤྱོད་པ་ལ་ཞུགས་པ་ཞེས་བྱའོ། །དེ་དག་གི་བྱམས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ལ་དམིགས་པའི་ཕྱིར་ཆོས་ལ་དམིགས་པའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ་ཞེས་བྱ་བ་ལ། མི་སྐྱེ་བའི་ཆོས་
ལ་བཟོད་པ་ནི་ས་བརྒྱད་པ་ཡན་ཆད་ལ་བྱ་སྟེ། དེ་དག་གི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་འཇུག་པས་དེ་དག་གི་བྱམས་པ་ནི་གོང་དུ་སྨོས་པའི་སེམས་ཅན་དང་ཆོས་གཉི་ག་ཡང་དོན་དམ་པར་མ་བྱུང་མ་སྐྱེས་པར་རྟོགས་པས་དེ་དག་ལ་མི་དམིགས་པའི་ཕྱིར་དམིགས་པ་མེད་པའོ། །
གལ་ཏེ་དེ་ལྟར་གཉི་གར་མི་དམིགས་ན་ཇི་ལྟར་བྱམས་པར་འགྱུར་ཞེ་ན། དོན་དམ་པར་དེ་ལྟར་མི་དམིགས་ཀྱང་ཀུན་རྫོབ་ཏུ་སེམས་ཅན་ལ་མ་དམིགས་པར་འདྲ་བར་སྣང་བས་བྱམས་པ་ཞེས་བཏགས་པ་ལ་ཉེས་པ་མེད་དོ། །བྱམས་པ་མི་ཟད་པ་བཤད་ཟིན་ཏོ།། །།སྡུག་བསྔལ་
གྱིས་གདུངས་པའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རྣམ་པ་བཞིར་རིག་པར་བྱའོ། །བཞི་གང་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། ངེས་པའི་ཚིག་དང་། རྒྱུ་
དང་། རང་བཞིན་དང་། ལས་སོ། །དེ་ལ་བཙུན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་ཡིན་ནོ་ཞེས་བྱ་བ་ཡན་ཆད་ཀྱིས་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་བསྟན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་སྙིང་རྗེ་ཆེན་
Vol. 114 · folio 177a
པོ་ཞེས་བྱ་བ་ནི་ཞེས་བྱ་བ་ནས་བརྩམས་ཏེ། གཞན་གྱི་སྐབས་མི་རྙེད་བས་ན་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ཡན་ཆད་ཀྱིས་ངེས་པའི་ཚིག་བསྟན་ཏོ། །གཡོ་མེད་པ་ལས་བྱུང་བས་ན་ཞེས་བྱ་བ་ནས་བརྩམས་ཏེ། ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ལ་
བལྟའོ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་དང་རང་བཞིན་བསྟན་ཏོ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ཞེས་བྱ་བ་ནས་བརྩམས་ཏེ། སོ་སོར་ཉེ་བར་གནས་པ་ལས་བྱུང་བས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ཡན་ཆད་ཀྱིས་ལས་བསྟན་ཏོ། །བྱམས་པ་དང་སྙིང་རྗེ་གཉིས་ལ་ཐ་དད་པར་བྱ་བ་ཅི་ཡོད་ཅེ་
ན། བྱམས་པ་ནི་སེམས་ཅན་བདེ་བ་ལ་བཀོད་པའོ། །སྙིང་རྗེ་ནི་སེམས་ཅན་གྱི་སྡུག་བསྔལ་སེལ་བ་སྟེ། དེ་བས་ན་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་ལྡན་པ་ནི་གཞན་སྡུག་བསྔལ་བས་སྡུག་བསྔལ་བའོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་མི་ཟད་པ་
ཡིན་པའི་རྒྱུ་འདྲི་བའི་ཚིག་སྟེ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཅིའི་ཕྱིར་མི་ཟད་པ་ཡིན་ཞེ་ན་ཞེས་བྱ་བའི་དོན་ཏོ། །ལན་དུ་སྔོན་དུ་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་བྱེད་དོ་ཅོག་ཐམས་ཅད་བྱང་ཆུབ་སེམས་དཔའ་དེ་དག་གི་དོན་སྒྲུབ་པའི་ཕྱིར་མ་ཡིན་གྱི།
མཐའ་ཡས་པའི་སེམས་ཅན་རྣམས་འཁོར་བའི་དགོན་པ་ན་འཁྱམས་པ་རྣམས་ལ་ཐུགས་བརྩེ་སྟེ། དེ་དག་བསྒྲལ་བའི་ཕྱིར་སངས་རྒྱས་སུ་བསྒྲུབས་པས་དེ་དག་གི་རྒྱུ་སྙིང་རྗེ་ཆེན་པོ་ཡིན་པའི་ཕྱིར་སྔོན་དུ་འགྲོ་བ་ཞེས་བྱ་སྟེ། དེ་བས་ན་འབྲས་བུ་མི་ཟད་པས་རྒྱུ་ཡང་མི་ཟད་པའོ། །
གཉིས་སུ་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་ནོ། །ཚོགས་ཀྱི་ནང་ན་སྙིང་རྗེ་གཙོ་བོ་ཡིན་པས་ཐོག་མར་འགྲོ་བའོ་ཞེས་བྱ་སྟེ། སྲོག་གི་དབང་པོ་ལ་སོགས་པའི་དཔེས་བསྟན་པ་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་བཤད་ཟིན་ཏོ།། །།ངེས་པའི་ཚིག་བསྟན་
པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ཉིད་ཀྱིས་བྱ་བས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ལ། སྙིང་རྗེ་དེའི་ཚིག་གི་དོན་ནི་བྱ་བ་ཞེས་བྱ་བའི་སྒྲར་འགྲོ་བས་དགེ་བའི་རྩ་བ་ཐམས་ཅད་བདག་ཉིད་ཀྱི་བྱ་བ་ཡིན་
Vol. 114 · folio 177b
པས་ངེས་པའི་ཚིག་ཏུ་ན་དེའི་ཕྱིར་སྙིང་རྗེ་ཞེས་བྱའོ། །རང་གི་བྱ་བས་ན་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཀྱང་རང་ཉིད་ཀྱི་བྱ་བས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །གཞན་གྱི་སྐབས་མི་རྙེད་པས་ན་ཞེས་བྱ་བ་ནི་དགེ་བ་དང་ལས་སུ་བྱ་བ་ཐམས་ཅད་གཞན་གྱིས་བྱ་ཞིང་གཞན་ལ་
བཅོལ་ཏེ་བྱེད་དུ་གཞུག་པ་མེད་པས་གཞན་གྱི་སྐབས་མི་རྙེད་པ་ཞེས་བྱ་སྟེ། དེ་བས་ན་སྙིང་རྗེ་ཆེན་པོའོ། །ངེས་པའི་ཚིག་བཤད་ཟིན་ཏོ།། །།རྒྱུ་དང་རང་བཞིན་བསྟན་པའི་ཕྱིར། གཡོ་བ་མེད་པ་ལས་བྱུང་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་སྔ་མ་སྔ་མ་ནི་
རྒྱུའོ། །ཕྱི་མ་ཕྱི་མ་ནི་རང་བཞིན་ནོ། །དེ་ལ་སེམས་ཅན་རྣམས་ལ་བྲིད་ཅིང་སླུ་བར་སེམས་པའམ། བྱ་བ་ཐམས་ཅད་ལ་སྙིང་ཐག་པ་ནས་བྱེད་པ་མ་ཡིན་གྱི་ངན་ངོན་ཙམ་གསོག་སྙིང་པོ་མེད་པར་བྱེད་པ་ནི་གཡོ་སྟེ། དེ་ལྟ་བུ་མེད་པའི་རྒྱུ་ལས་སྙིང་རྗེ་ཆེན་པོ་བྱུང་བས་ན་སྙིང་རྗེ་ཆེན་
པོ་ནི་བསམ་པ་ཐག་པ་ནས་བྱ་བ་སྟེ། སྙིང་རྗེ་དང་ལྡན་པ་ལ་སེམས་ཅན་བྲིད་ཅིང་སླུ་བ་མེད་ལ། བྱ་བ་ཐམས་ཅད་སྙིང་པོར་གྱུར་པ་ཤ་སྟག་བྱེད་པའི་ཕྱིར་རོ། །རྒྱུ་མེད་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། རྒྱུ་ནི་ཚིག་ཏུ་སྨྲས་ཀྱང་དོན་དུ་མི་སྒྲུབ་པ་སྟེ། དེ་ལྟ་བུ་མེད་པའི་
སེམས་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སྦྱོར་བ་བྱ་བ་སྟེ། ཐམས་ཅད་སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཕྱིར་མི་ལྡོག་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་སླར་ནུར་བ་མེད་པའི་སེམས་ཀྱི་རྒྱུ་ལས་བྱུང་
བས་ན། སྙིང་རྗེ་ཆེན་པོ་ནི་ལྷག་པའི་བསམ་པས་བྱ་བ་སྟེ། ལྷག་པའི་བསམ་པ་དང་ལྡན་པ་རྣམས་ཀྱིས་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མ་བཅོས་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་གཞན་དུ་གནས་ལ་གཞན་དུ་བསྟན་པ་ནི་བཅོས་པ་
སྟེ། དེ་ལྟ་བུ་མེད་པར་རང་བཞིན་ཇི་ལྟར་གནས་པ་དེ་བཞིན་དུ་སྟོན་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་རིག་པ་སྟེ་བདག་གིས་རང་བཞིན་ཇི་ལྟ་བ་ཉིད་ལས་གཞན་དུ་སྟོན་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །ལམ་དྲང་པོ་ལས་བྱུང་བས་ན་ཞེས་བྱ་བ་ནི་རྟག་པ་དང་ཆད་
Vol. 114 · folio 178a
པར་ལྟ་བ་དང་། ཡོད་པ་དང་མེད་པར་ལྟ་བའི་ལམ་ངན་པའི་དྲི་མ་ཐམས་ཅད་སྤངས་པ་མྱ་ངན་ལས་འདས་པར་འགྲོ་བར་བྱེད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། ལམ་ངན་པའི་སྐྱོན་དང་
མ་འདྲེས་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བ་ལས་བྱུང་བས་ན་ཞེས་བྱ་བ་ལ། སྨྲས་པའི་དོན་རླུང་བསྐུར་ཏེ་གསལ་བར་མི་སྟོན་པ་ནི་གྱ་གྱུར་ཞེས་བྱ་སྟེ། དེ་ལྟ་བུ་མེད་པའི་མཚན་ཉིད་གསལ་བའི་རྒྱུ་ལས་འབྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་གྱ་གྱུ་མེད་པའོ། །སེམས་ཅན་ཐམས་ཅད་ལ་
འདུད་པ་ལས་བྱུང་བ་ཞེས་བྱ་བ་ནི་སྙིང་རྗེ་ཅན་དེ་འཕགས་པ་དང་འཕགས་པ་མ་ཡིན་པའི་སེམས་ཅན་དང་། སེམས་ཅན་བཙུན་པ་དང་། མི་བཙུན་པ་ཐམས་ཅད་ལ་རྟག་ཏུ་ཕྱག་འཚལ་བར་བྱེད་པས་སྙིང་རྗེ་ཆེན་པོ་ནི་ང་རྒྱལ་མེད་པའོ། །སེམས་ཅན་ཚད་མེད་པའི་ཕྱིར་ཞེས་བྱ་བ་ནི་
སེམས་ཅན་གྱི་ཁམས་ནི་ཚད་མེད་དེ། འདི་ཙམ་ཞེས་གཅད་པར་མི་ནུས་སོ། །དེ་ལྟར་སེམས་ཅན་ཚད་མེད་པ་ལ་སྙིང་རྗེ་ཆེན་པོས་དམིགས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པས་ན། སྙིང་རྗེ་ཆེན་པོ་ནི་ཚད་མེད་པ་ལས་བྱུང་བའོ། །དེ་བཞིན་གཤེགས་པའི་སྐུ་
འཐོབ་པ་ལས་བྱུང་བས་ཞེས་བྱ་བ་ནི་བདག་གི་ལུས་ལས་དང་ཉོན་མོངས་པས་བསྐྱེད་པ་འདི་ལ་མ་ཆགས་པར་དེ་བཞིན་གཤེགས་པའི་སྐུ་གསུམ་ཐོབ་པར་བྱའོ་ཞེས་དམིགས་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བདག་གི་ལུས་ལ་མི་ལྟ་བ་སྟེ། དོན་ཆེན་པོའི་ཕྱིར་བདག་གི་ལུས་ལ་
གཅེས་པར་མི་འཛིན་པའོ། །སྡིག་པ་ཐམས་ཅད་མི་བྱ་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་བདག་གི་དོན་དུ་སྲོག་གི་ཕྱིར་ཡང་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པའི་སྡིག་པ་ཐམས་ཅད་མི་བྱའོ་ཞེས་དམིགས་པའི་རྒྱུ་ལས་བྱུང་བ་ནི་སྙིང་རྗེ་ཆེན་པོ་ནི་སྲོག་ལ་ཡིད་མི་རྟོན་པ་སྟེ། སྲོག་
གི་ཕྱིར་སྡིག་པ་མི་བྱེད་པའོ། །བྱང་ཆུབ་ཀྱི་སེམས་ལས་བྱུང་བས་ན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་མི་དགེ་བའི་གནས་ནས་སྤྱོད་དེ། དགེ་བའི་གནས་སུ་བཀོད་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་ལོ་ཞེས་སེམས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཕ་
Vol. 114 · folio 178b
རོལ་སྲུང་བ་སྟེ། སེམས་ཅན་ཐམས་ཅད་མི་དགེ་བའི་གནས་སུ་མི་གཏོང་བར་བྱེད་པའོ། །རང་གི་སེམས་ཡོངས་སུ་དག་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། གཞན་གྱི་སྲོག་ལ་མི་གནོད་པ་དང་། ལོངས་སྤྱོད་ལ་སོགས་པ་ལ་མི་གནོད་པའི་སེམས་ནི་སེམས་ཡོངས་སུ་དག་པའོ། །དེ་ལྟར་ཡོངས་
སུ་དག་པའི་སེམས་ཀྱི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་སྲུང་བ་སྟེ། སེམས་ཅན་གྱི་སྲོག་དང་། ལོངས་སྤྱོད་གང་ལ་ཡང་གནོད་པར་མི་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་ལས་བྱུང་བས་ན་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་
ནི་མདོར་ན་གསུམ་སྟེ། ལོངས་སྤྱོད་ཀྱིས་ཕོངས་པའི་སྡུག་བསྔལ་དང་། བདེ་འགྲོར་སྐྱེས་ནས་ཡང་ན་བ་དང་ཚ་བའི་སྡུག་བསྔལ་དང་། ངན་སོང་དུ་སྐྱེས་པའི་སྡུག་བསྔལ་དང་། ཐར་པ་འདོད་པས་ཀྱང་དེའི་ལམ་སྟོན་པ་མེད་པའི་སྡུག་བསྔལ་ལོ། །སྡུག་བསྔལ་དེ་གསུམ་བསལ་
བར་བྱའོ་ཞེས་དམིགས་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་དབུལ་པོ་ལ་སོགས་པ་ལ་ལྟ་བ་སྟེ། ལོངས་སྤྱོད་ཀྱིས་ཕོངས་པའི་སྡུག་བསྔལ་བསལ་བར་བྱའོ་སྙམ་པའི་དམིགས་པའི་རྒྱུ་ལས་བྱུང་བས་ན། དབུལ་པོ་ལ་ལྟ་བའོ། །བདེ་འགྲོར་སྐྱེས་ནས་ཡང་ན་བ་དང་ཚ་བའི་སྡུག་བསྔལ་
དང་། ངན་སོང་དུ་སྐྱེས་པའི་སྡུག་བསྔལ་བསལ་བར་བྱའོ་སྙམ་པའི་དམིགས་པའི་རྒྱུ་ལས་བྱུང་བས་སྡུག་བསྔལ་བ་ལ་ལྟ་བའོ། །ཐར་པ་འདོད་ཀྱང་དེའི་ལམ་སྟོན་པ་མེད་པའི་སྡུག་བསྔལ་བསལ་བར་བྱའོ་སྙམ་པའི་དམིགས་པའི་རྒྱུ་ལས་བྱུང་བས་ན་མགོན་མེད་པ་ལ་ལྟ་བའོ། །བློ་
མི་འགྱུར་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་ཇི་ལྟར་ཁས་བླངས་ཤིང་དམ་བཅས་པ་ལས་འགྱུར་བ་མེད་པའི་སེམས་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་དམ་བཅས་པ་བརྟན་པ་སྟེ། དམ་བཅས་པ་ལས་གཞན་དུ་མི་འགྱུར་བའོ། །བདག་དང་སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་ལ།
བདག་ནི་དགེ་བ་བྱེད་པའི་གང་ཟག་གམ། ཚུལ་ཁྲིམས་བླངས་པའི་གང་ཟག་གོ། །སངས་རྒྱས་ནི་སྟོན་པ་དེ་བཞིན་གཤེགས་པའོ། །ལྷ་ནི་ཚུལ་ཁྲིམས་ལེན་པའི་ཚེ་ན་དབང་དང་། སྲུང་མར་གྱུར་པའི་ལྷ་རྣམས་སོ། །ཚུལ་ཁྲིམས་ཉམས་པར་བྱས་སམ་སྡིག་པ་བྱས་པ་ནི་དེ་གསུམ་ཆར་
Vol. 114 · folio 179a
བསླུས་པ་ཡིན་ཏེ། སྙིང་རྗེ་ནི་ཚུལ་ཁྲིམས་རྣམ་པར་དག་པ་བདག་དང་སངས་རྒྱས་དང་། ལྷ་གསུམ་མི་བསླུ་བའི་རྒྱུ་ལས་བྱུང་བས་ན་བདེན་པ་ལ་ལྟ་སྟེ་བདེན་པར་བྱེད་པའོ། །ལེགས་པར་བྱས་པའི་ལས་ལས་བྱུང་བ་ཞེས་བྱ་བ་ནི་ལུས་ཀྱིས་སྲོག་མི་གཅོད།
མ་བྱིན་པར་མི་ལེན། འདོད་པས་ལོག་པར་མི་གཡེམ་པ་ལ་སོགས་པ་དགེ་བ་བཅུའི་ལས་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སྤྱོད་པ་དག་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་སྐྱོན་མེད་པའོ། །ཕ་རོལ་བདེ་བ་རབ་ཏུ་སྦྱིན་པ་ལས་བྱུང་བ་ཞེས་བྱ་བ་ནི་བདག་གི་བདེ་བ་དང་
ལོངས་སྤྱོད་ཐམས་ཅད་ཀྱང་སེམས་ཅན་གཞན་ལ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བདག་གི་བདེ་བ་གཏོང་བ་སྟེ། བདག་བདེ་བ་ལ་གནས་པར་མི་བྱེད་པའོ། །སྲེད་པ་མེད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་སེམས་ཅན་གཞན་ལ་མི་བདེ་བར་གྱུར་པ་
གཞན་གྱི་ལུས་དང་ལོངས་སྤྱོད་ལ་ཆགས་པ་མེད་པའི་ཚུལ་ཁྲིམས་ཀྱི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་གཞན་གྱི་བདེ་བ་བསྐྱེད་པ་སྟེ། གཞན་གྱི་ལུས་དང་ལོངས་སྤྱོད་འཕྲོག་པ་ལ་སོགས་པའི་མི་བདེ་བ་སྐྱེད་པར་མི་བྱེད་པའོ། །བརྩོན་འགྲུས་བརྟན་པ་རྩོམ་པ་ལས་བྱུང་བས་ན་ཞེས་བྱ་
བ་ནི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བའི་བརྩོན་འགྲུས་ལྡོག་པ་མེད་པ་བརྩམས་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་འཁོར་བའི་སྡུག་བསྔལ་
གྱི་ཁུར་ལེན་པའོ། །སེམས་ཅན་མཐུ་ཆུང་བའི་ཉེས་པ་དང་དུ་ལེན་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་གདོལ་པ་དང་། རིགས་ངན་པ་ལ་སོགས་པ་སེམས་ཅན་ཁོ་རེ་ཆུང་བ་རྣམས་ཀྱིས་གནོད་པ་བྱས་པའི་ཉེས་པ་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་
ཆེན་པོ་ནི་བླ་མའི་བཟོད་པ་ཡང་དག་པར་བླངས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྐྱེས་བུ་དམ་པ་རྣམས་ཀྱི་བཟོད་པ་ཡང་དག་པར་བླངས་པ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་ན་བ་རྣམས་ལ་རིམ་གྲོ་བྱེད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་
Vol. 114 · folio 179b
སེམས་ཅན་འབྱུང་བ་ཆེན་པོ་བཞིའི་ཁམས་མི་མཉམ་པར་གྱུར་ནས། ནད་དུ་གྱུར་པ་རྣམས་ལ་སྨན་དང་ཡོ་བྱད་ཀྱིས་རིམ་གྲོ་བྱེད་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཆགས་པ་དང་སྨད་པ་སེལ་བ་སྟེ་ནད་པ་ལ་སོགས་པ་ལ་གྲོགས་མ་བྱས་པའི་ཁ་ན་མ་ཐོ་བའི་སྐྱོན་གྱིས་མ་
གོས་ཤིང་གཞན་གྱིས་དཔྱས་གདགས་པས་སྨད་པ་མེད་པའོ། །སེམས་ཅན་དམན་པ་རྣམས་ཡོངས་སུ་སྨིན་པར་བྱ་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོ་དེས་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་སྨིན་པར་བྱེད་པ་ཡང་མ་ཟད་ཀྱི། ཐེག་པ་ཆུང་ངུ་ལ་མོས་པའི་སེམས་ཅན་
ཡོངས་སུ་སྨིན་པར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཆོས་ཀྱི་དབང་ཕྱུག་ཐོབ་པ་སྟེ། ཐེག་པ་གསུམ་ཆར་ལ་ཡང་ཅི་རིགས་པར་དབང་སྒྱུར་བའོ། །ཕ་རོལ་གྱི་ཡོན་ཏན་བརྗོད་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། བདག་གི་ཡོན་ཏན་ལ་
ནི་ངོ་མཚར་དུ་མི་འཛིན་གྱི། སེམས་ཅན་གཞན་གྱི་ཡོན་ཏན་ལ་ངོ་མཚར་དུ་འཛིན་པས་རྒྱུན་དུ་གཞན་གྱི་ཡོན་ཏན་ལ་བསྔགས་པར་བྱེད་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་རང་གི་ཡོན་ཏན་མི་སྤྱོམས་པ་སྟེ། བདག་གི་ཡོན་ཏན་གཞན་ལ་མི་སྒྲོགས་པའོ། །ཟག་པ་མེད་པའི་
བདེ་བ་འདོད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པའི་མཚན་ཉིད་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་བྱ་བའི་ཕྱིར་དཀའ་བར་སྤྱད་པའི་སྡུག་བསྔལ་སྣ་ཚོགས་ཀྱང་བཟོད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་དཀའ་བར་སྤྱོད་པའི་སྡུག་བསྔལ་ཐམས་ཅད་
ལ་ཇི་མི་སྙམ་པའོ། །ལས་ལེགས་པར་བྱས་ཏེ་མི་འགྱོད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་ལས་དགེ་བ་བྱས་པ་སྟེ་བུ་དང་། ཆུང་མ་དང་། ནོར་ལ་སོགས་པ་ལ་ཆགས་པའི་རྒྱུ་ལས་སྡིག་པ་བྱས་པའི་འགྱོད་པ་མེད་པ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སྡུག་ཅིང་ཕོངས་པའི་དངོས་པོ་
ཡོངས་སུ་གཏོང་བ་སྟེ། ཕོངས་པ་ནི་ནོར་དང་འབྲུ་རྣམས་སོ། །སྡུག་པའི་དངོས་པོ་ནི་བུ་དང་ཆུང་མ་ལ་སོགས་པའོ། །ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་ཚུལ་ཁྲིམས་ཉམས་པ་རྣམས་ཚེ་འདིར་ཡང་དགེ་བའི་ཆོས་ལ་མི་གཏོང་ཞིང་ཚེ་རབས་
Vol. 114 · folio 180a
གཞན་དུ་ཡང་ངན་སོང་དུ་མི་སྐྱེ་བར་སྲུང་བར་བྱེད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཚུལ་ཁྲིམས་ལེགས་པར་བསྲུང་བས་ཕྱུང་བ་སྟེ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་མ་ཉམས་པར་རྒྱུས་བསྐྱེད་པའོ། །རྡོ་རྗེའི་ལུས་འཐོབ་པ་ལས་བྱུང་བས་ན་
ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྐུ་ཕྱིའི་གནོད་པ་རླུང་དང་ཚ་བ་ལ་སོགས་པ་དང་མཚོན་ཆ་ལ་སོགས་པས་ཀྱང་མི་ཚུགས་པ་དང་། ནང་གི་གནོད་པ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་། ན་བ་དང་ཚ་བ་ལ་སོགས་པས་མི་ཚུགས་པར་བྱེད་པའི་སྐུ་དེ་འཐོབ་པར་བྱ་
བའི་ཕྱིར་བདག་གི་ལུས་ཉེ་བར་ལེན་པའི་ཕུང་པོ་རྣག་ཅན་འདི་ལ་གནོད་པ་བྱས་པ་ཐམས་ཅད་བཟོད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ལུས་ལ་གནོད་པ་བྱས་པ་དང་དུ་ལེན་པ་སྟེ། ཕྱི་དང་ནང་གི་གནོད་པ་ཐམས་ཅད་ཉམས་སུ་ལེན་པའོ། །ལུས་དང་སྲོག་ལ་མི་ལྟ་བ་ལས་
བྱུང་བས་ན་ཞེས་བྱ་བ་ནི་བདག་གི་ལུས་དང་སྲོག་ལ་ཡང་ཕངས་པར་མི་འཛིན་པར་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུས་ནས་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ། །དེ་ལ་ལུས་ནི་ཉེ་བར་
ལེན་པའི་ཕུང་པོ་ལྔའོ། །སྲོག་ནི་ཚེ་སྟེ་སྲོག་གི་དབང་པོའོ། །ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་ལས་བྱུང་བས་ན་ཞེས་བྱ་བ་ལ། ཡན་ལག་ནི་མགོ་དང་རྐང་ལག་ལ་སོགས་པའོ། །ཉིང་ལག་ནི་ཁ་དང་མིག་དང་མཐེ་བོ་དང་མཛུབ་མོ་ལ་སོགས་པའོ། །ཡན་ལག་དང་
ཉིང་ལག་ལ་ཕངས་པར་མི་འཛིན་པར་སེམས་ཅན་གཞན་ལ་གཏོང་བའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་མི་ལྟ་བ་སྟེ། ཡན་ལག་དང་ཉིང་ལག་ལ་གཅེས་པར་མི་བྱེད་པའོ། །རང་གི་དགེ་བའི་རྩ་བ་མི་འདོད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི་བདག་གིས་དགེ་བའི་རྩ་བ་ཅི་བསགས་
པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་ཡོངས་སུ་བསྔོ་སྟེ། བདག་གི་དོན་དུ་དགེ་བའི་རྩ་བ་སོགས་པར་མི་བྱེད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཕ་རོལ་པོའི་དགེ་བའི་རྩ་བ་བསྐྱེད་པའོ། །ཕྱིར་ཡང་འདོད་པའི་ཁམས་སུ་དམིགས་པ་ལས་བྱུང་བ་ཞེས་བྱ་བ་ནི་གཟུགས་ཀྱི་
Vol. 114 · folio 180b
ཁམས་ཀྱི་བསམ་གཏན་གྱི་བདེ་བ་ཡང་བོར་ནས་སེམས་ཅན་གྱི་དོན་དུ་འདོད་པའི་ཁམས་སུ་སྐྱེ་བའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་བསམ་གཏན་གྱི་རོ་མི་མྱོང་བ་སྟེ། བསམ་གཏན་གྱི་རོ་ལ་མ་ཆགས་པའོ། །ཆགས་པ་མེད་པའི་ཡེ་ཤེས་སྣང་བ་ལས་བྱུང་བས་ན་ཞེས་བྱ་བ་ལ།
ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའི་ཡེ་ཤེས་གཉིས་སུ་མེད་པ་དེས་ཤེས་བྱ་ཐམས་ཅད་ལ་ཤེས་པས་ཁྱབ་པར་བྱེད་པས་ན་ཆགས་པ་མེད་པའི་ཡེ་ཤེས་སྣང་བའོ། །ཡེ་ཤེས་དེའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཀུན་ནས་སྣང་བ་སྟེ། ཤེས་བྱ་ཀུན་ལ་དམིགས་པའོ། །
དགེ་བའི་རྩ་བ་དང་ཚོགས་ཀུན་ལ་མི་སྨོད་པ་ལས་བྱུང་བས་ན་ཞེས་བྱ་བ་ལ། དགེ་བའི་རྩ་བ་ནི་འཇིག་རྟེན་པའི་དགེ་བ་ཟག་པ་དང་བཅས་པ་རྣམས་སོ། །ཚོགས་ནི་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་སྦྱིན་པ་ལ་སོགས་པའི་ཚོགས་རྣམས་ལ་བྱ་སྟེ། བསོད་ནམས་དང་ཡེ་ཤེས་
ཀྱི་ཚོགས་སུ་འགྱུར་བའོ། །ཚོགས་དེ་རྣམས་ལ་མི་སྨོད་པའི་རྒྱུ་ལས་བྱུང་བས་ན། སྙིང་རྗེ་ཆེན་པོ་ནི་ཤེས་རབ་ལ་མི་ལྟོས་པ་སྟེ། ཤེས་རབ་ལ་མི་རྟེན་པའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱ་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་འདི་ལྟར་དཔག་བསམ་གྱི་ཤིང་
དང་ཡིད་བཞིན་གྱི་ནོར་བུས་སེམས་ཅན་རྣམས་ཀྱི་བསམ་པ་རྫོགས་པར་བྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱའོ་ཞེས་དམིགས་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཀུན་དུ་བཀྱེ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཁྱབ་པར་
དམིགས་པའོ། །སྔོན་གྱི་སྨོན་ལམ་མི་གཏོང་བ་ལས་བྱུང་བས་ན་ཞེས་བྱ་བ་ནི་དང་པོ་ཉིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ་སེམས་ཅན་ཐམས་ཅད་འཁོར་བའི་འབྲོག་དགོན་པ་ལས་བསྒྲལ་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་དགོད་པར་བྱའོ་ཞེས་སྨོན་ལམ་བཏབ་པའི་སྨོན་
ལམ་མངོན་པར་བྱང་ཆུབ་ཀྱང་མི་འདོར་བར་བྱེད་པའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱེད་པ་སྟེ། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ལ་འཇོག་པར་བྱེད་པའོ། །འདུས་བྱས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལས་བྱུང་
Vol. 114 · folio 181a
བས་ན་ཞེས་བྱ་བ་ལ་འདུས་བྱས་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ལ་སོགས་པ་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བའི་ཆོས་རྣམས་ལ་བྱ་སྟེ། གནས་དེ་དག་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་དམིགས་
པར་བྱ་བའི་རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་འདུས་མ་བྱས་ལ་མི་རེག་པ་སྟེ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ནི་མི་ལེན་པའོ། །སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སེམས་ཅན་རྣམས་རབ་ཏུ་འགོད་པ་ལས་བྱུང་བས་ན་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཚུལ་ཁྲིམས་ནི་སྡིག་
པ་ཐམས་ཅད་བྱེད་པ་ལས་ལོག་པའི་རང་བཞིན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ། དངོས་པོ་གང་ལ་ཡང་མི་ཆགས་མི་གནས་པ་སྟེ། ཚུལ་ཁྲིམས་དེ་ལ་སེམས་ཅན་རྣམས་འགོད་ཅིང་། ཚུལ་ཁྲིམས་དེ་སེམས་ཅན་རྣམས་ཀྱིས་ཐོབ་པར་བྱའོ་ཞེས་དམིགས་པའི་
རྒྱུ་ལས་བྱུང་བས་ན་སྙིང་རྗེ་ཆེན་པོ་ནི་ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ལ་ལྟ་བ་སྟེ། སེམས་ཅན་འཆལ་བའི་ཚུལ་ཁྲིམས་ཅན་རྣམས་སྲུང་བར་བྱེད་པའོ། །རྒྱུ་དང་རང་བཞིན་བཤད་ཟིན་ཏོ།། །།ལས་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་
སེམས་དཔའི་ངེས་པར་འབྱུང་བ་གང་ཅི་ཡང་རུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པའམ། ཁམས་གསུམ་ལས་ངེས་པར་འབྱུང་བའི་ཚོགས་གང་ཡང་རུང་སྟེ། དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོ་ལས་སྐྱེའོ། །དེ་ལྟར་སྙིང་
རྗེས་སྐྱེད་པར་བྱེད་པས་ན། འདི་ལྟར་བྱ་བ་བྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བྱའོ། །གང་བྱེད་ཅེ་ན། འདི་ལྟར་སྦྱིན་པར་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ནི་གོ་སླ་བས་མ་བཤད་དོ། །གདོན་མི་ཟ་བར་བྱེད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའམ། ཆུད་མི་ཟ་བར་བྱེད་ཅེས་
བྱ་བའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཇི་སྙེད་ཡོད་ཅེས་སོ་སོར་ཉེ་བར་གནས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ལས་སུ་བྱ་བ་དང་། ཕན་པ་དང་བདེ་བར་བྱ་བ་ཅི་ཡོད་ཅེས་རྟག་ཏུ་རྟོག་པར་བྱེད་པ་གནས་ཞེས་བྱ་བའི་དོན་ཏོ། །སྙིང་རྗེ་མི་ཟད་པ་བཤད་ཟིན་ཏོ།། །།
Vol. 114 · folio 181b
བདེ་བ་ལ་རྗེས་སུ་ཡི་རང་བ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བ་ཆེན་པོ་ཡང་མི་ཟད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགའ་བ་མི་ཟད་པ་ཡང་དམིགས་པའི་ཡུལ་ཆོས་དང་། སེམས་ཅན་མི་ཟད་པས་དེ་ལ་
དམིགས་པར་བྱེད་པའི་དགའ་བ་ཡང་མི་ཟད་པ་སྟེ། བྱམས་པ་དང་སྙིང་རྗེ་མི་ཟད་པ་བཞིན་ནོ། །ཆེན་པོ་ནི་དེ་དག་གི་དགའ་བ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལས་ཀྱང་ཁྱད་ཞུགས་པའི་ཕྱིར་རོ། །དགའ་བ་ཆེན་པོ་གང་ཡིན་པ་དང་། ཇི་ལྟར་མི་ཟད་པ་བསྟན་པའི་ཕྱིར། དེ་
ལ་དགའ་བ་ཆེན་པོ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་དྲན་པ་དང་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཆོས་ནི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་། རྟོགས་པའི་ཆོས་འཕགས་པའི་ལམ་མྱ་ངན་ལས་འདས་པའོ། །དེ་དག་གི་
ཡོན་ཏན་སེམས་པའི་དུས་ན་མ་བརྗེད་པ་ནི་རན་པའོ། །བསྒོམ་པའི་དུས་ན་མ་བརྗེད་པ་ནི་རྗེས་སུ་དྲན་པའོ། །ཆོས་དེ་ཡང་དུས་གསུམ་གྱི་དབྱེ་བས་དགའ་བ་རྣམ་པ་གསུམ་དུ་འགྱུར་ཏེ། འདས་པའི་ཆོས་ལ་དམིགས་ནས་དགའ་བར་འགྱུར་བ་དང་། ད་ལྟར་བྱུང་བའི་ཆོས་ལ་དམིགས་
ནས་དགའ་བར་འགྱུར་བ་དང་། མ་འོངས་པའི་ཆོས་ལ་དམིགས་ནས་དགའ་བར་འགྱུར་པའོ། །དེ་ལ་འདས་པའི་དུས་སུ་ལུང་དང་རྟོགས་པའི་ཆོས་རྟོགས་པ་རྣམས་དྲན་ནས་སེམས་ལ་སྤྲོ་བ་སྐྱེ་བ་ནི་དགའ་བ་ཞེས་བྱའོ། །ད་ལྟར་གྱི་དུས་སུ་ལུང་དང་རྟོགས་པའི་ཆོས་རྣམས་བདག་གིས་
རྟོགས་པར་ནུས་སོ་སྙམ་དུ་སེམས་ལ་སྤྲོ་བ་སྐྱེ་བ་ནི་མོས་པའོ། །མ་འོངས་པའི་དུས་སུ་ལུང་དང་རྟོགས་པའི་ཆོས་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཐོབ་པར་འགྱུར་རོ་སྙམ་དུ་སེམས་ལ་དགའ་ཞིང་སྤྲོ་བ་སྐྱེ་བ་ནི་མཆོག་ཏུ་དགའ་བའོ། །སེམས་མ་གོང་ཞེས་བྱ་བ་ནི་
ཐེག་པ་ཆུང་ངུའི་ཆོས་ཀྱི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་ཐེག་པ་ཆུང་ངུར་སེམས་མི་སྐྱེ་བའམ། བདག་གིས་མི་ནུས་སོ་སྙམ་དུ་སེམས་ཞུམ་པ་མེད་པའི་ཕྱིར་མ་གོང་བའོ། མི་བརྫི་བ་ནི་དགའ་བའི་མི་མཐུན་པའི་ཕྱོགས་མི་དགའ་བས་ཟིལ་གྱིས་མི་ནོན་པའོ། །སྲེད་པ་མེད་པ་ནི་སྲེད་པ་
Vol. 114 · folio 182a
ལས་མྱ་ངན་དང་། མི་དགའ་བ་སྐྱེའི་ཆགས་ཤིང་སྲེད་པ་མེད་པ་དང་མི་དགའ་བ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རྟག་ཏུ་དགའ་བ་ཉིད་ལ་གནས་སོ། །འདོད་པའི་དགའ་བ་ཐམས་ཅད་གཏོང་བ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་དགའ་བའི་དགའ་བ་ཐམས་ཅད་འདོར་བའོ། །
ཆོས་ཀྱི་དགའ་བ་ཐམས་ཅད་ཀྱི་རྟེན་དང་ཞེས་བྱ་བ་ནི་དགའ་བ་མི་ཟད་པ་ཉིད་ས་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་ཐམས་ཅད་སྤྱད་པར་དགའ་ཞིང་སྤྲོ་བའི་གཞི་དང་རྟེན་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །སེམས་མཆོག་ཏུ་དགའ་བ་དང་ཞེས་བྱ་བ་ནི་དགའ་བ་ཆེན་པོ་ལ་གནས་པའི་རྒྱུས་སེམས་
ལས་སུ་རུང་བ་སྐྱེ་བས་ན་སེམས་མཆོག་ཏུ་དགའ་བའོ། །དེ་ཉིད་ཀྱི་རྒྱུས་ལུས་ལས་སུ་རུང་བ་སྐྱེ་བའི་ཕྱིར། ལུས་རབ་ཏུ་སིམ་པའོ། །སངས་རྒྱས་ལ་དགའ་ཞིང་ཡི་རངས་པ་དང་ཞེས་བྱ་བ་ལ། སངས་རྒྱས་ལ་མོས་པ་ནི་སངས་རྒྱས་ལ་དགའ་བའོ། །དགའ་བ་དེ་ཉིད་ཆུའི་དབའ་
བདོ་བ་བཞིན་དུ་ཤས་ཆེར་གྱུར་ཅིང་སེམས་སྤྲོ་བ་གོང་ནས་གོང་དུ་འཕེལ་བར་གྱུར་པ་ནི་ཡི་རངས་པའོ། །དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྐུ་གསུམ་ཐོབ་པར་དགའ་ཞིང་མོས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་བས་ན་མཚན་དང་
དཔེ་བྱད་བཟང་པོའི་རྒྱན་ཚོལ་བ་ལ་མཁས་པ་སྟེ། དེ་དག་ཐོབ་པར་བྱ་བའི་ཐབས་ལ་མཁས་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་ཆོས་མཉན་པས་མི་སྐྱོ་བ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཉིད་ཐོག་མར་ཡང་དགེ་བར་དུ་ཡང་དགེ་ཐ་
མར་ཡང་དགེ་བ་ཡིན་པས་དགེ་བའི་ཆོས་ཏེ། དེ་མཉན་པ་ལ་ཆོག་པ་མེད་ཅིང་མི་སྐྱོ་བ་ཉིད་དགའ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཁོ་ནའི་ཆོས་ལ་རྟེན་པའི་ནན་ཏན་དང་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར་ལམ་ལ་སོགས་པ་སྒྲུབ་པའི་ནན་ཏན་བྱེད་པ་ལ་སེམས་
སྤྲོ་ཞེས་བྱ་བའི་དོན་ཏོ། །དཀོན་མཆོག་གསུམ་དང་དེའི་ཡོན་ཏན་ལ་དད་པའི་སྒོ་ནས་དགའ་བ་སྐྱེ་བ་ནི་དགའ་བའོ། །དེའི་ཡོན་ཏན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ནས་སེམས་དང་བར་གྱུར་པ་ནི་དད་པའོ། །ཆོས་ཀྱི་དབྱིངས་ལ་དམིགས་པའི་སྒོ་ནས་དགའ་བའམ་ཚིམ་པར་གྱུར་
Vol. 114 · folio 182b
པ་ནི་མཆོག་ཏུ་དགའ་བའོ། །བདག་གི་ཆོས་ཉིད་རྟོགས་ཤིང་ཆོས་ཉིད་ཁོང་དུ་ཆུད་པའི་ཁྱད་པར་ལས་སྐྱེས་པའི་དགའ་བས་སེམས་གཟེངས་མཐོ་བའམ། སྤྲོ་བ་སྐྱེས་པ་ནི་རབ་ཏུ་དགའ་བ་སྟེ། རྣམ་པ་དེ་བཞི་ལྟ་བུས་ཆོས་ལ་དགའ་བ་ནི་མོས་པའོ། །ཁོང་ཁྲོ་བ་
མེད་པའི་བློ་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་ཞེ་སྡང་མེད་པའི་སེམས་ཞེས་བྱ་སྟེ། སེམས་ཅན་རྣམས་ལ་རྟག་ཏུ་རྒྱུན་མི་འཆད་པར་དགའ་བར་དམིགས་པའི་སེམས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་ཤིན་ཏུ་འདུན་པ་དང་ཞེས་བྱ་བ་ལ་སོགས་པས་སངས་
རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཚོལ་ཞིང་ཐོབ་པར་བྱ་བ་ལ་འདུན་པ་ཡང་དགའ་བ་ཡིན་ལ། དེ་ལྟར་ཡོན་ཏན་གྱི་ཆོས་སྒྲུབ་པའི་ཆོས་ལ་འདུན་པ་དེ་མི་འདོར་བ་ཡང་དགའ་བ་ཡིན་པར་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་ཤིང་རྣམ་པར་གྲོལ་
བ་དང་། ཉི་ཚེ་བའི་ཐེག་པ་ལས་བསལ་ཏེ་སེམས་བསྐྱེད་པ་དང་ཞེས་བྱ་བ། སངས་རྒྱས་ཀྱི་ཆོས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་དད་པས་ཐེག་པ་ཆུང་ངུ་ལ་སེམས་མི་སྐྱེ་བར་ཐེག་པ་ཆེན་པོ་ལ་སེམས་སྐྱེ་ཞེས་བྱ་བའི་དོན་ཏོ། །སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང་ཞེས་བྱ་བ་ལ།
སེར་སྣའི་དབང་གིས་དངོས་པོ་གཏོང་བར་མི་ནུས་པའམ། ཅུང་ཟད་གཏོང་གི་ཐམས་ཅད་མི་གཏོང་བ་ནི་ཞུམ་པར་སེམས་བསྐྱེད་པ་སྟེ། དགའ་བ་དང་ལྡན་པ་ལ་སེར་སྣ་མེད་པས་དངོས་པོ་ཐམས་ཅད་གཏོང་བའི་ཕྱིར་མ་ཞུམ་པར་སེམས་བསྐྱེད་པའོ། །སློང་བ་ལ་སྦྱིན་པ་བྱིན་ནས་
ཞེས་བྱ་བ་ལ་དེ་ལྟར་མ་ཞུམ་པའི་སེམས་ཀྱིས་སློང་བ་པོའི་གང་ཟག་རྣམས་ལ་ཕྱི་དང་ནང་གི་དངོས་པོའི་སྦྱིན་པ་བྱིན་ནས་བདག་དང་སློང་བ་པོ་དང་། སྦྱིན་པ་གསུམ་ཆར་ཡང་གཏོང་བའི་རང་བཞིན་དུ་ལྟ་བ་ནི་འཁོར་གསུམ་ཡོངས་སུ་དག་པར་སྦྱངས་པ་སྟེ། དེ་བས་ན་སྦྱིན་པ་ལ་
མཆོག་ཏུ་དགའ་བ་ཞེས་བྱའོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་དད་པ་ནི་གང་ཟག་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སེམས་དང་བའོ། །ཚུལ་ཁྲིམས་འཆལ་བ་རྣམས་ལ་རྗེས་སུ་འཛིན་ཅིང་བྱམས་པ་ཞེས་བྱ་བ་ལ་ཚུལ་ཁྲིམས་ཞིག་པའི་གང་ཟག་རྣམས་ནི་ཚུལ་ཁྲིམས་འཆལ་
Vol. 114 · folio 183a
བ་རྣམས་སོ། །དེ་དག་མི་དགེ་བའི་ཆོས་ལ་ཕྱིས་མི་གཏོང་བ་ནི་རྗེས་སུ་འཛིན་པའོ། །དགེ་བའི་གནས་སུ་བཀོད་ཅིང་ཕན་བཏགས་པ་ནི་བྱམས་པའོ། །རང་གི་ཚུལ་ཁྲིམས་ཡོངས་སུ་དག་པས་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་ཚུལ་ཁྲིམས་ལེགས་པར་
བསྲུངས་བས་ཚུལ་ཁྲིམས་ཀྱི་སྐྱོན་མེད་པའི་ཕྱིར་དེའི་རྒྱུས་ངན་སོང་གསུམ་དུ་མི་སྐྱེ་བས་ན་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདའ་བས་དབུགས་འབྱིན་པའོ། །དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡོངས་སུ་བསྔོ་བ་དང་ཞེས་བྱ་བ་ལ། བདག་གི་ཚུལ་ཁྲིམས་ཡོངས་སུ་
དག་པར་བྱེད་པས་དེ་ཡང་སངས་རྒྱས་ཀྱི་ཚུལ་ཁྲིམས་ཐོབ་པར་བྱ་བའི་ཕྱིར་སྔོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །སྡིག་པའི་ཆོས་ཀྱི་དབང་དུ་མི་འགྱུར་བས་ན་བརྟན་པའོ། །ངོར་རུས་དང་རིགས་སྨོས་པའི་ཚིག་སྨྲ་བ་ནི་ནང་དུ་བརྗོད་པའོ། །ལྐོག་ནས་སྨྲ་བ་ནི་ངན་དུ་སྨྲ་བ་སྟེ། དེ་
དག་སྨྲས་ཀྱང་སེམས་མི་འཁྲུགས་པ་ནི་བཟོད་པའོ། །ལན་དུ་ཚིག་ངན་པ་མི་སྨྲ་བ་ནི་ངེས་པའོ། །བསམ་པ་དག་པ་ནི་ཁེ་དང་བཀུར་སྟི་ལ་ཆགས་པ་མེད་པའོ། །སེམས་ལ་བརླངས་པ་མེད་པ་ནི་སེམས་ཅན་ལ་བརྡེག་པ་དང་གསད་པར་བྱ་བའི་བསམ་པ་མེད་པའོ། །གྱ་གྱུ་མེད་
པ་ནི་སེམས་ཅན་ལ་གནོད་པ་བྱ་བའི་ཐབས་མི་ཚོལ་ཞིང་ཕྱི་རོལ་དགའ་བར་འདྲ་བར་སྟོན་ཀྱང་ནང་དུ་མི་དགའ་བར་གནས་པའི་སེམས་མེད་པའོ། །ཐམས་ཅད་ལ་ཕན་ཡོན་དུ་བལྟ་བ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་ལྟ་བའམ། ཡང་ན་མཐོང་བ་དང་ཐོས་པ་ལ་སོགས་
པའི་ཆོས་ཀུན་ཀྱང་དགེ་བའི་བསམ་པས་ཕན་ཡོན་དུ་མཐོང་གིས། འཁྲུག་པའི་གནས་སུ་མི་ལྟ་བ་སྟེ། འཁྲུག་པའི་གནས་ཉིད་དུ་སྣང་བ་ཡང་རང་གི་བསམ་པ་ལས་གྱུར་པར་ཤེས་པའི་ཕྱིར་རོ། །སྐྱོན་མེད་པར་ལྟ་བ་ནི་སེམས་ཅན་ལ་ཉེས་པ་བྱ་བར་མི་སེམས་པའོ། །ཡང་
དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ལ་ཡང་དག་པར་དགའ་བར་འགྱུར་བའི་ཆོས་དྲུག་པོ་སྟོན་པ་དང་ཆགས་པ་དང་ཚངས་པ་མཚུངས་པར་སྤྱོད་པའི་མཁས་པ་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་དང་། བྱམས་པའི་ངག་གི་ལས་དང་།
Vol. 114 · folio 183b
བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་དང་། ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པའི་རྙེད་པ་ལྷུང་བཟེད་དུ་བླུགས་ཤིང་། ལྷུང་བཟེད་དུ་ཆུད་ཟིན་པ་རྣམས་ཀྱང་ཐུན་མོང་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་ཟས་མི་སྲི་བ་དང་། ཚུལ་ཁྲིམས་མཐུན་པར་ཞུགས་པ་དང་། ལྟ་བ་མཐུན་པར་ཞུགས་པ་སྟེ།
དེ་ཡང་དག་པར་དགའ་བར་འགྱུར་བ། སྡུག་པར་བྱེད་པ། བླ་མར་བྱེད་པ་རྩོད་པ་མེད་པར་བྱེད་པའི་ཆོས་དྲུག་པོ་དེ་དག་གི་རྗེས་སུ་འཇུག་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ལྟར་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ནི་ལམ་
སྟོན་པ་མིག་སྦྱིན་པར་བྱེད་པ་ཡིན་པས། ཕངས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་གཅེས་པར་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་བདག་བཞིན་དུ་ཕངས་པར་སུ་འཛིན་པ་ཞེས་བྱ་བ་ནི། བདག་ལ་བདག་ཕངས་པ་བཞིན་གསུང་རབ་ཡན་ལག་བཅུ་གཉིས་ལ་
ཡང་ཕངས་པར་འཛིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་རྣམས་ལ་སྲོག་བཞིན་དུ་ཕངས་པར་འཛིན་ཞེས་བྱ་བ་ནི། ཇི་ལྟར་སྲོག་ནི་ལུས་གནས་པའི་རྒྱུའི་གཙོ་བོ་ཡིན་པས་གཅེས་པ་བཞིན་ནོ། །དེ་བཞིན་གཤེགས་པ་ལ་ཡང་གཅེས་སུ་འཛིན་ཞེས་བྱ་བའི་ཐ་ཚིག་
གོ། །བླ་མ་རྣམས་ལ་ཕ་མ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་བདག་པས་ན་རྒན་ཞིང་ཡོན་ཏན་དང་ལྡན་པའི་གང་ཟག་ནི་བླ་མ་སྟེ། ཇི་ལྟར་ཕ་མ་ནི་འཛམ་བུའི་གླིང་སྟོན་པ་བསྐྱེད་པ། གསོ་བར་བྱེད་པ་ཡིན་པས་གཅེས་པ་ཡིན་པ་དེ་བཞིན་དུ་དེ་དག་ལ་ཡང་གཅེས་སུ་འཛིན་པའོ། །
སེམས་ཅན་རྣམས་ལ་བུ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་བུ་གཅིག་པ་གཅེས་ཤིང་ཕོངས་པས་མི་བདེ་བར་མི་འགྱུར་བ་དང་། བདེ་བ་ལ་འཇོག་པ་བཞིན་དུ་སེམས་ཅན་རྣམས་ཀྱང་མི་བདེ་བར་མི་འགྱུར་ཞིང་བདེ་བ་ལ་འཇོག་པར་བྱེད་པའོ། །མཁན་པོ་དང་སློབ་དཔོན་
རྣམས་ལ་སངས་རྒྱས་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་སངས་རྒྱས་ཀྱིས་འཇིག་རྟེན་དུ་བདེན་པ་བཞི་ལ་སོགས་པ་བཤད་ནས། སྡུག་བསྔལ་གྱི་གནས་ཐམས་ཅད་ལས་བཏོན་པ་བཞིན་མཁན་པོ་དང་སློབ་དཔོན་གྱིས་ཀྱང་ཆོས་བསྟན་པའི་སྒོ་ནས་སྡུག་བསྔལ་ཐམས་ཅད་
Vol. 114 · folio 184a
ལས་འདོན་པར་བྱེད་པའི་ཕྱིར་རོ། །ནན་ཏན་རྣམས་ལ་ཡན་ལག་གི་དམ་པ་མགོ་བོ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་ཡན་ལག་གི་དམ་པ་མགོ་ཡིན་པ་བཞིན་ནན་ཏན་གྱིས་བསྒྲུབ་པར་བྱ་བའི་ཆོས་འཕགས་པའི་ལམ་ལ་སོགས་པ་ལའང་གཅེས་སུ་
འཛིན་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྐང་ལག་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་རྐང་ལག་མེད་ན་གང་དུ་ཡང་མི་ཕྱིན་པས་བགྲོད་པར་བྱ་བའི་གནས་སུ་འདོང་བ་རྣམས་ལ་རྐང་ལག་གཅེས་པ་བཞིན་མྱ་ངན་ལས་འདས་པར་འགྲོ་འདོད་པ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་མེད་ན་མི་
ཕྱིན་པས་རྐང་ལག་དང་འདྲ་བས་གཅེས་སུ་འཛིན་པའོ། །ཆོས་སྨྲ་བ་རྣམས་ལ་ཡང་རིན་པོ་ཆེ་ཐམས་ཅད་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་གསེར་དང་དངུལ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པ་ཕངས་པ་བཞིན་དུ་ཆོས་སྨྲ་བ་རྣམས་ཀྱང་ཆོས་རིན་པོ་ཆེ་སྟོན་པའི་ཕྱིར་
ཕངས་པར་འཛིན་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུས་རེ་བ་ཡོངས་སུ་རྫོགས་པར་བྱེད་པས་གཅེས་པ་བཞིན་དུ་སྟོབས་དང་མི་འཇིགས་པ་ལ་སོགས་པས་སངས་རྒྱས་ཀྱི་ཆོས་
ཐམས་ཅད་ཀྱིས་ཀྱང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །རྗེས་སུ་བསྟན་པ་རྣམས་ལ་དགའ་བའི་རྩེད་མོ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་ལོངས་སྤྱོད་ཅན་དག་ལ་དགའ་བའི་རྩེད་མོ་རོལ་མོ་རྣམ་པ་སྣ་ཚོགས་གཅེས་པ་བཞིན་དུ་རྣལ་
འབྱོར་པ་ཉོན་མོངས་པ་འདུལ་བ་ལ་ཞུགས་པ་དག་ལ་ཡང་ཉོན་མོངས་པ་གང་གིས་རང་དབང་མེད་པར་གྱུར་པ་དེའི་གཉེན་པོ་མི་གཙང་བ་ལ་སོགས་པས་ཅི་དགར་ཉོན་མོངས་པ་སྤོང་བར་བྱེད་པས་ཉོན་མོངས་པའི་གཉེན་པོ་རྗེས་སུ་བསྟན་པ་དེ་དག་ལ་གཅེས་སུ་འཛིན་པའོ། །ཆོག་ཤེས་པ་
རྣམས་ལ་ནད་མེད་པ་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་ཇི་ལྟར་ནད་མེད་པ་གཅེས་པ་ལྟར་ལྷུང་བཟེད་དང་ཆོས་གོས་ལ་སོགས་པས་ཆོག་ཤེས་པ་ལ་ཡང་གཅེས་སུ་འཛིན་ཏེ། ཆོག་མི་ཤེས་པའི་དབང་གིས་ནི་ཚོལ་བ་དང་སྲུང་བ་ལ་སོགས་པའི་ཚེ་ལུས་དང་སེམས་ལ་མི་བདེ་བ་
Vol. 114 · folio 184b
ཐམས་ཅད་སྐྱེད་པའི་ཕྱིར་རོ། །ཆོས་བཙལ་བ་རྣམས་ལ་སྨན་བཞིན་དུ་ཕངས་སུ་འཛིན་པ་ཞེས་བྱ་བ་ནི་སྨན་གྱིས་ནད་སེལ་བ་བཞིན་ཆོས་བཙལ་བས་ཀྱང་ཉོན་མོངས་པའི་ནད་སེལ་བའི་ཕྱིར་རོ། །སྐུལ་ཞིང་དྲན་པ་རྣམས་ལ་སྨན་པ་བཞིན་དུ་ཕོངས་སུ་འཛིན་པ་ཞེས་བྱ་བ་ནི་སྨན་པ་ནད་མེད་
པར་གྱུར་པའི་ཐབས་དང་། སྨན་སྟོན་པ་བཞིན་དུ་སྐུལ་ཞིང་དྲན་པར་བྱེད་པས་ཀྱང་ཉོན་མོངས་པའི་ནད་སེལ་བས་སྟོན་པས་ཕངས་པའོ། །དགའ་བ་ཆེན་པོ་རྒྱ་ཆེར་བཤད་པའི་དོན་བསྡུ་ཞིང་དེའི་རང་བཞིན་མདོར་བསྟན་པར་བྱ་བའི་ཕྱིར། གང་དབང་པོ་ཐམས་ཅད་ལ་དབང་པོ་
མ་གོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ཐམས་ཅད་དད་པ་ལ་སོགས་པའི་དབང་པོ་ལྔ་དང་མིག་ལ་སོགས་པའི་དབང་པོ་རྣམས་སོ། །དབང་པོ་མ་གོད་པ་ནི་དབང་པོ་དེ་རྣམས་མ་ཉམས་ཤིང་མ་གོད་པ་སྟེ། དེ་ནི་དགའ་བ་ཆེན་པོ་ཞེས་བྱའོ། །རྟོགས་པའི་ཡེ་ཤེས་
ཀྱི་ཕྱིར་ཞི་བའི་རྣམ་པའོ་ཞེས་བྱ་བ་ནི་དབང་པོ་མ་ཞི་ཞིང་ཆགས་པར་འགྱུར་བའི་རྒྱུའི་ཆོས་རྣམས་རང་བཞིན་གྱིས་མ་བྱུང་མ་སྐྱེས་པར་རྟོགས་པས་དེ་ལ་མ་གཡེངས་པའི་ཕྱིར་ཞི་བའི་རྣམ་པ་སྟེ། ཞི་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །མི་རྒོད་པའི་ཕྱིར་རབ་ཏུ་ཞི་བའི་རྣམ་པ་ཞེས་
བྱ་བ་ནི་གོང་དུ་བཤད་པ་ལྟར་རྒོད་པར་བྱ་བའི་ཡུལ་མེད་པས་ན་རབ་ཏུ་ཞི་བའི་རྣམ་པའོ། །ཁེངས་པ་མ་ཡིན་པའི་ཕྱིར་ཤིན་ཏུ་སྦྱངས་པའི་རྣམ་པའོ་ཞེས་བྱ་བ་ལ། ཉོན་མོངས་པ་རྣམས་མ་སྤངས་པ་ནི་ཁེངས་པ་སྟེ། ཉོན་མོངས་པ་མ་སྤངས་པ་མ་ཡིན་པ་ནི་ཁེངས་པ་མ་ཡིན་པའོ། །
དེ་བས་ན་ཤིན་ཏུ་སྦྱངས་པའི་རྣམ་པ་སྟེ། ཉོན་མོངས་པ་དག་པའི་རྣམ་པའམ། ཉོན་མོངས་པ་དུལ་བའི་རྣམ་པ་ཞེས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་མི་གཡེངས་པའི་ཕྱིར་དབང་པོ་དགའ་བའི་རྣམ་པ་ཞེས་བྱ་བ་ནི་སེམས་གཡེངས་པ་ལས་དབང་པོ་འཁྲུག་པར་འགྱུར་གྱི།
སེམས་ཡུལ་ལ་སོགས་པ་ལ་མ་གཡེང་སྟེ། ཏིང་ངེ་འཛིན་དུ་གྱུར་པ་ལས་ཞི་ཞིང་དགའ་བར་འགྱུར་བས་ན་དབང་པོ་དགའ་བའི་རྣམ་པའོ། །མི་ཉམས་པའི་ཕྱིར་བརྟུལ་ཞུགས་ཀྱི་རྣམ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་གང་བླངས་པ་དེ་མ་ཞིག་མ་ཉམས་
Vol. 114 · folio 185a
རང་བཞིན་གཞན་དུ་མ་གྱུར་པས་ན་བརྟུལ་ཞུགས་ཀྱི་རྣམ་པ་ཞེས་བྱའོ། །འདོད་པའི་ཕྱིར་ངེས་པའི་རྣམ་པའོ་ཞེས་བྱ་བ་ནི་དགའ་བ་དང་ལྡན་པ་དེ་ཐམས་ཅད་ཀྱིས་ཡིད་དུ་འོང་ཞིང་འདོད་པས་འགྱུར་བས་ན་ངེས་པའི་རྣམ་པ་སྟེ། ཡིད་དུ་འོང་བའི་རྣམ་པ་
ཞེས་བྱ་བའི་དོན་ཏོ། །བཀའ་བློ་བདེ་བའི་ཕྱིར་ཐོས་པའི་རྣམ་པ་ཞེས་བྱ་བ་ནི་ཇི་སྐད་བསྒོ་བ་བཞིན་ཉན་དུ་བཏུབ་པ་ནི་བཀའ་བློ་བདེ་བ་སྟེ། དེ་བས་ན་ཐོས་པའི་རྣམ་པའོ། །ཐོས་པའི་རྣམ་པ་ཞེས་བྱ་བ་ནི་ཇི་སྐད་བསྒོ་བ་བཞིན་དུ་ཉན་དུ་བཏུབ་པའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་
ལས་སུ་རུང་བའི་ཕྱིར་ཉེ་བར་ཞི་བའི་རྣམ་པའོ་ཞེས་བྱ་བ་ལ། ཞུམ་པ་དང་རྒོད་པ་སྤངས་པ་ནི་སེམས་ལས་སུ་རུང་བའི་རྣམ་པའོ། །དེ་བས་ན་ཉེ་བར་ཞི་བའི་རྣམ་པ་སྟེ། ཞུམ་པ་དང་རྒོད་པ་མེད་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ལས་ལེགས་པར་བྱས་པའི་ཕྱིར་དགའ་བའི་
རྣམ་པའོ་ཞེས་བྱ་བ་ནི་ལས་དགེ་བ་བྱས་པའི་ཕྱིར་རྣམ་པ་སྟེ། སེམས་མི་དགའ་བ་མེད་པའི་རྣམ་པའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་མི་འགྱོད་པའི་རྣམ་པ་ཞེས་བྱ་བ་ནི་སྡིག་པ་མ་བྱས་པའི་ཕྱིར་མི་འགྱོད་པའི་རྣམ་པ་སྟེ། སྡིག་པའི་རྒྱུས་མ་འོངས་པ་ན་འདི་འདྲ་བར་འགྱུར་རོ་ཞེས་
གདུང་བ་མེད་པའོ། །མ་གཡོས་པའི་ཕྱིར་ཤིན་ཏུ་གནས་པའི་རྣམ་པའོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་སོགས་པས་མ་གཡོས་པའི་ཕྱིར་ཤིན་ཏུ་གནས་པའི་རྣམ་པ་སྟེ། བརྟེན་པའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །མི་གནས་པའི་ཕྱིར་མ་གཡོས་པའི་རྣམ་པའོ་ཞེས་
བྱ་བ་ནི་མཚན་མ་དང་དངོས་པོ་ལ་མི་གནས་པས་མ་གཡོས་པའི་རྣམ་པ་སྟེ། མཚན་མ་རྣམས་ཀྱི་དབང་དུ་མི་འགྱུར་བའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །ཐུལ་བར་དཀའ་བས་བསྙེན་པར་དཀའ་བ་ཞེས་བྱ་བ་ནི་བདུད་དང་ཕས་ཀྱི་རྒོལ་བ་རྣམས་ཀྱིས་ཐུལ་བར་དཀའ་བ་བསྙེན་
དཀའ་བའི་རྣམ་པ་སྟེ། དེ་དག་གིས་ཟིལ་གྱིས་མི་ནོན་པ་ཞེས་བྱ་བའི་དོན་ཏོ། །ཆུད་མི་ཟ་བའི་ཕྱིར་དོན་གྱི་རྣམ་པའོ་ཞེས་བྱ་བ་ནི་དོན་རྟོགས་ཤིང་ཐོབ་པའི་དངོས་པོ་ཉམས་པར་མི་འགྱུར་བས་ན་དོན་གྱི་རྣམ་པའོ། །མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་བདེན་པའི་རྣམ་པའོ་ཞེས་བྱ་བ་ནི་
Vol. 114 · folio 185b
འཕགས་པའི་བདེན་པ་བཞི་དང་མཐུན་པའི་ཕྱིར་བདེན་པའི་རྣམ་པའོ། །དེ་བྱེད་པའི་ཕྱིར་དེ་ཁོ་ནའི་རྣམ་པའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་དེ་ཁོ་ན་ཉིད་ལ་བྱ་སྟེ། དེ་ཁོ་ན་ཉིད་སྒྲུབ་པའམ་རྟོགས་པར་བྱེད་པའི་ཕྱིར་དེ་ཁོ་ནའི་རྣམ་པའོ། །སྟོབས་ཀྱི་ཕྱིར་སྤྲོ་བའི་རྣམ་པའོ་
ཞེས་བྱ་བ་ལ། སྤྲོ་བ་ཉིད་མཐུ་དང་ལྡན་ཏེ་མི་མཐུན་པའི་ཕྱོགས་ཀྱིས་ཉམས་པར་མི་འགྱུར་བ་ལ་སྟོབས་ཞེས་བྱ་སྟེ། དེ་ལྟར་སྟོབས་ཀྱི་ཕྱིར་སྤྲོ་བའི་རྣམ་པ་སྟེ། སྤྲོ་བའི་མཐུ་དང་ལྡན་པའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །མི་བརྫི་བའི་ཕྱིར་སྟོབས་ཀྱི་རྣམ་པའོ་ཞེས་བྱ་བ་ནི་དད་པའི་
སྟོབས་ལ་སོགས་པ་ལ། མ་དད་པ་ལ་སོགས་པས་མི་བརྫི་བའི་ཕྱིར་སྟོབས་ཀྱི་རྣམ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱ་
བ་ཚོལ་བས་མི་སྐྱོ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པའོ། །དགའ་བ་མི་ཟད་པ་བཤད་ཟིན་ཏོ།། །།མཉམ་པ་ཉིད་ལ་གནས་པར་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། བཏང་སྙོམས་མི་ཟད་པ་ཡང་དགའ་བ་མི་ཟད་པ་ལ་སོགས་པ་བཤད་པའི་ཚུལ་དང་འདྲ་བར་རིག་པར་བྱའོ། །དེ་ཡང་རྣམ་པ་གཉིས་ཀྱི་ཚུལ་དུ་ཤེས་པར་བྱ་སྟེ། བསྟན་པའི་ཚུལ་དང་བཤད་པའི་ཚུལ་ལོ། །དེ་ལ་བསྟན་པའི་ཚུལ་ནི། དེ་ལ་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་བཏང་སྙོམས་རྣམ་པ་གསུམ་སྟེ་ཞེས་བྱ་བ་ནས་བརྩམས་ཏེ། དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏོ། །དེ་མན་ལྷག་མ་ཐམས་ཅད་ཀྱིས་བཤད་པའི་ཚུལ་བསྟན་ཏོ། །ཉོན་མོངས་པ་ལ་བཏང་སྙོམས་པ་ནི་ཆགས་
པར་འགྱུར་བ་དང་། ཁྲོ་བར་འགྱུར་བའི་ཡུལ་གཉི་ག་ལ་མཚུངས་པར་ལྟ་བའོ། །བདག་དང་གཞན་བསྲུང་བའི་བཏང་སྙོམས་ནི་བདག་གི་སེམས་ཀྱི་རྒྱུད་འཁྲུག་ཅིང་གདུང་བར་མི་འགྱུར་བ་དང་། གཞན་གྱི་སེམས་ཀྱི་རྒྱུད་འཁྲུག་པར་མི་འགྱུར་བར་བཏང་སྙོམས་པའོ། །
Vol. 114 · folio 186a
དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་པ་ནི་བྱང་ཆུབ་སེམས་དཔའ་དུས་དང་སྣོད་དུ་སྦྱར་ལ། དུས་ཁ་ཅིག་ཏུ་སྣོད་ལ་ལ་ལ་ཆོས་མི་བཤད་ཅིང་མི་སྒྲུབ་པ་བཏང་སྙོམས་སུ་འདོར་བའོ། །ཉོན་མོངས་པ་ལ་བཏང་སྙོམས་པའི་མཚན་ཉིད་གང་ཡིན་པ་རྒྱ་
ཆེར་བསྟན་པའི་ཕྱིར། དེ་ལ་ཉོན་མོངས་པ་ལ་བཏང་སྙོམས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསྟི་སྟང་དུ་བྱས་པས་མ་ཐོས་པར་སེམས་པ་དང་། བསྟི་སྟང་དུ་མ་བྱས་པས་དམས་པར་སེམས་པ་ནི་ཉོན་མོངས་པ་སྟེ། བསྟི་སྟང་དུ་བྱས་ཀྱང་མཐོས་
པར་མི་སེམས་ལ་བསྟི་སྟང་དུ་མ་བྱས་ཀྱང་དམས་པར་མི་སེམས་པ་ནི་ཉོན་མོངས་པ་ལ་བཏང་སྙོམས་པ་སྟེ། ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །རྙེད་པ་རློམ་སེམས་མེད་ཅེས་བྱ་བ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་རྙེད་ཀྱང་རྙེད་དོ་ཞེས་རློམ་སེམས་མེད་
པའོ། །སྙན་པ་ནི་བདག་གི་ཡོན་ཏན་ནོ། །མི་སྙན་པ་ནི་སྐྱོན་བརྗོད་པའོ། །བསྔགས་པ་ལ་ཆོས་ཉིད་རབ་ཏུ་གནས་ཞེས་བྱ་བ་ལ། བསྔགས་པ་ནི་ཡོན་ཏན་དངོས་སུ་བརྗོད་པའོ། །ཆོས་ཉིད་རབ་ཏུ་གནས་ཞེས་བྱ་བ་ནི་རང་བཞིན་མི་འགྱུར་བར་འདུག་ཅེས་བྱའོ། །
སྡུག་བསྔལ་དག་ལ་སོ་སོར་རྟོག་པའི་སྟོབས་ཞེས་བྱ་བ་ནི་སྡུག་བསྔལ་བར་འགྱུར་བའི་དངོས་པོ་རྣམས་ཤེས་རབ་ཀྱིས་དངོས་པོ་མེད་པར་རྟོགས་པས་དེ་ལ་ཇི་མི་སྙམ་ཞེས་བྱ་བའི་དོན་ཏོ། །བདེ་བ་དག་ལ་མི་རྟག་པ་དང་སྡུག་བསྔལ་བར་རྟོག་པའི་སྟོབས་ཞེས་བྱ་བ་ནི་བདེ་
བ་ཉིད་དུ་འགྱུར་ཞིང་མི་གནས་ཏེ། མཐར་སྡུག་བསྔལ་དུ་འགྱུར་བར་རྟོགས་པའི་མཐུས་བདེ་བ་ལ་ཆགས་ཤིང་དྲེགས་པ་མེད་པའོ། །རྗེས་སུ་ཆགས་པ་འདོར་ཞེས་པ་ལ་སོགས་པ་ལ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་སེམས་ནི་ཉོན་མོངས་པ་སྟེ། དེ་གཉིས་
ནི་མཛའ་བ་དང་མི་མཛའ་བ་ལས་འབྱུང་ན། དེ་གཉི་ག་ལ་འདྲ་བར་སེམས་མཉམ་པ་ནི་ཉོན་མོངས་པ་ལ་སེམས་བཏང་སྙོམས་པའོ། །བློ་མཉམ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་བ་གཉིས་ལ་བསྟོད་པ་དང་སྨད་པའི་བསམ་པ་
Vol. 114 · folio 186b
མེད་པ་དང་། བྱམས་པ་དང་ཁོང་ཁྲོ་བའི་བསམ་པ་མེད་པའོ། །གཉིས་སུ་མི་བྱེད་པ་ཞེས་བྱ་བ་ནི་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་གཉིས་ལ་འདིས་ནི་ཕན་བཏགས། འདིས་ནི་གནོད་པར་བྱས་སོ་ཞེས་ཐ་དད་པར་མི་སེམས་པའོ། །སྡུག་པ་དང་མི་སྡུག་པར་
མི་ལྟ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའི་ཡུལ་དང་། ཆགས་པར་མི་འགྱུར་བའི་ཡུལ་གཉིས་ལ་སྡུག་པ་དང་མི་སྡུག་པར་མི་ལྟ་བ་ཞེས་བྱ་བའི་དོན་ཏོ། །ལེགས་པ་ཐོས་པ་དང་ཉེས་པར་ཐོས་པ་ཞེས་སྨོས་པ་དང་། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་
ཞེས་སྨོས་པ་གཉིས་ལ། ཐོས་པ་ནི་ཉིད་ནས་བརྒྱུད་དེ་སྤྱོས་ཤིང་བསྟོད་པ་ཐོས་པའོ། །སྨྲས་པ་ནི་མངོན་སུམ་དུ་སྤྱོས་ཤིང་བསྟོད་པའོ། །མི་བརྗེད་པ་དང་བག་ལ་ཉལ་བར་བྱེད་པ་གཉིས་དོན་གཅིག་སྟེ། དེ་གཉི་ག་ལ་ཡང་ཇི་སྙམ་དུ་འདོར་བའོ། །ཁ་གཅིག་ལས་བག་ལ་
ཉལ་མེད་ཅེས་འབྱུང་སྟེ། དེའི་དོན་ཀྱང་དགའ་བར་འཛིན་པ་དང་། ཁོན་དུ་འཛིན་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །རོ་མྱང་བའི་ཉེས་དམིགས་རྣམས་ལ་མཚུངས་པར་ཡོངས་སུ་འཇལ་ཞེས་བྱ་བ་ནི་རོ་མྱང་བའི་བདེ་བ་དང་། དེ་དང་བྲལ་བའི་ཚེ་ཉེས་དམིགས་མི་དམིགས་
མི་བདེ་བ་གཉི་ག་ལ་མཚུངས་པར་རྟོག་པའོ། །སེམས་ཅན་ཐམས་ཅད་ལ་བསམ་པ་མཉམ་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་འདྲ་བར་སེམས་པའོ། །ལུས་དང་སྲོག་ལ་མི་ལྟ་ཞེས་བྱ་བ་ནི་ལུས་དང་སྲོག་ལ་ཕངས་སུ་བཟུང་ན་དེའི་རྐྱེན་གྱིས་ཆགས་པ་དང་ཞེ་སྡང་
བའི་ཉོན་མོངས་པ་འབྱུང་བས་ལུས་དང་སྲོག་ལ་ཕངས་པར་མི་འཛིན་ཅེས་བྱ་བའི་དོན་ཏོ། །རབ་དང་འབྲིང་དང་ཐ་མ་རྣམས་ལ་འོད་ཟེར་མཉམ་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་སེམས་ཅན་ལ་ཡང་རབ་འབྲིང་དུ་མི་ལྟ་བའི་འདྲ་བར་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ། །
བསྔགས་པ་དང་བསྔགས་པ་མ་ཡིན་པ་རྣམས་ལ་སེམས་མཉམ་ཞེས་བྱ་བ་ནི་བསྟོད་པ་དང་སྨད་པ་གཉི་ག་ལ་ཡང་དགའ་བ་དང་མི་དགའ་བར་འཛིན་པའོ། །བདེ་བ་དང་མི་བདེ་བ་རྣམས་ལ་རང་གི་སེམས་ཡོངས་སུ་དགའ་བ་ཞེས་བྱ་བ་ནི་བདག་གི་སེམས་གཡོ་སྒྱུ་མེད་དེ་
Vol. 114 · folio 187a
དེ་དག་ལ་དྲང་པོར་སྨྲས་པ་དང་དྲང་པོར་མ་སྨྲས་པ་གཉི་ག་ལ་ཡང་དྲང་པོ་དང་བདེན་པར་སྨྲ་བར་འཛིན་པའོ། །ཉོན་མོངས་པ་ལ་བཏང་སྙོམས་པའི་དོན་བསྡུས་ཏེ་བསྟན་པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་གང་བསྟི་སྟང་དུ་བྱས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། གང་བསྟི་སྟང་དུ་བྱེད་ཅིང་བསྟི་སྟང་དུ་བྱས་པས་ཀྱང་མཐོས་པར་མི་སེམས། གནོད་པར་བྱེད་ཅིང་གནོད་པར་བྱས་པ་ལ་ཡང་དམས་པར་མི་སེམས་ཏེ། བཏང་སྙོམས་པར་འཇོག་པ་ནི་ཉོན་མོངས་པ་ལ་བཏང་སྙོམས་པ་ཞེས་བྱའོ། །བདག་
དང་གཞན་སྲུང་བའི་བཏང་སྙོམས་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་སྲུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁོང་ཁྲོ་བར་མི་བྱེད་ཅིང་མི་ཚོལ་ཏེ་ཞེས་བྱ་བ་ནི་གཞན་གྱིས་ཡན་ལག་དང་ཉིང་ལག་ལ་སོགས་པ་གཅད་
ཀྱང་གཞན་ལ་ཞེ་སྡང་ཡང་མི་སྐྱེ། མི་གཅད་པའི་ཐབས་ཚོལ་ཞིང་གསོལ་བ་ཡང་མི་འདེབས་ཏེ། དེ་ལྟར་ཞེ་སྡང་མ་སྐྱེས་ཤིང་མི་གཅོད་པའི་ཐབས་མི་ཚོལ་བས་བདག་གི་སེམས་མ་འཁྲུགས་པས་བདག་སྲུང་བའོ། །ཁོང་ཁྲོ་མ་སྐྱེས་ཏེ་གཞན་གྱི་སེམས་མ་འཁྲུགས་
པ་ནི་གཞན་བསྲུང་བའོ། །ལུས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བ་ནི་གཞན་གྱི་ལུས་ཀྱིས་ཉེས་པར་བྱས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་བཞིན་དུ་ངག་གི་རྣམ་པར་འགྱུར་བའང་རིག་པར་བྱའོ། །མིག་གི་རྣམས་ཀྱང་རྨ་མི་ཕྱིན་ཞེས་བྱ་བ་ལ་སོགས་པ་ནི། མིག་ལ་སོགས་
པའི་དབང་པོ་རྣམས་དང་། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་དབང་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །རྨ་མི་ཕྱིན་ཞིང་ཉམས་པ་མེད་པ་ཞེས་བྱ་བ་ནི་ཞེ་སྡང་གིས་མི་ཚུགས་ཤིང་ཞེ་སྡང་གི་དབང་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །རྨ་ཕྱུང་བ་ལ་རྨ་མི་འབྱིན། །ཞེས་བྱ་བ་
ནི་ཕས་གནོད་པར་བྱས་ཀྱང་སླར་གནོད་པ་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཕན་པར་བྱེད་པ་དང་གནོད་པར་བྱེད་པ་ལ་མཉམ་ཞེས་བྱ་བ་ནི་ཕན་འདོགས་པར་སེམས་པ་དང་། གནོད་པར་བྱ་བར་སེམས་པ་གཉིས་ལ་བྱམས་པར་བྱ་བ་དང་གནོད་པར་བྱ་བ་མེད་ཅེས་བྱ་བའི་དོན་ཏོ། །
Vol. 114 · folio 187b
བཏང་སྙོམས་ནི་མཆོག་ཏུ་རྩོད་པ་མེད་པ་ཞེས་བྱ་བ་ནི་ཉེས་པར་བྱས་ཤིང་མི་སྙན་པར་སྨྲས་པ་ལ་ཇི་མི་སྙམ་སྟེ། མི་རྩོད་པས་མཆོག་ཏུ་རྩོད་པ་མེད་པའོ། །བཏང་སྙོམས་ནི་རང་གི་སེམས་ལ་ངེས་པར་རྟོག་པའོ་ཞེས་བྱ་བ་ལ་ཆོས་ཐམས་ཅད་སེམས་ལས་བྱུང་བར་ཡང་དག་པར་
རྟོགས་ཤིང་གཏན་ལ་འབེབས་པས་ཕྱི་རོལ་དུ་མི་འབྲང་ཞེས་བྱ་བའི་དོན་ཏོ། །ཡང་ན་རང་གི་སེམས་ལ་ངེས་པར་རྟོག་ཅེས་བྱ་བ་ནི་བདག་གི་སེམས་ཞེ་སྡང་གི་དབང་དུ་མི་གཏོང་ཞེས་བྱ་བའི་ཐ་ཚིག་གོ། །བཏང་སྙོམས་ནི་གཞན་གྱི་སེམས་སྲུང་བའོ་ཞེས་བྱ་བ་ནི་གཞན་གྱི་
སེམས་འཁྲུག་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བཏང་སྙོམས་ནི་བདག་ལ་རྟོག་པའོ་ཞེས་བྱ་བ་ནི་གཞན་གྱིས་གནོད་པ་བྱས་ཀྱང་བདག་གི་ལས་ལ་རྟོག་གི་གཞན་ལ་ཁོན་དུ་མི་འཛིན་པའོ། །བཏང་སྙོམས་ནི་སེམས་ཅན་གཞན་དག་ལ་གནོད་པ་མེད་པའོ་ཞེས་བྱ་
བ་ནི་གནོད་པ་ཐམས་ཅད་བདག་གི་ལས་ལས་བྱུང་བར་རྟོགས་པས་སེམས་ཅན་གྱིས་མ་ཉེས་པར་ཤེས་པའི་ཕྱིར་སེམས་ཅན་གྱིས་གནོད་པར་བྱེད་པས་སེམས་ཅན་ལ་གནོད་པར་མི་བྱེད་པའོ། །བདག་དང་གཞན་བསྲུང་བའི་བཏང་སྙོམས་བསྡུས་ཏེ་བསྟན་པའི་ཕྱིར། བཏང་
སྙོམས་ནི་བྱང་ཆུབ་སེམས་དཔའི་མཉམ་པར་གཞག་པའི་གནས་སྐབས་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། མཉམ་པར་གཞག་པ་ནི་ཆགས་པ་དང་ཁོང་ཁྲོ་བ་མེད་པར་བྱའོ། །དེ་ལྟར་མཉམ་པར་གཞག་པའི་གནས་སྐབས་ནི་བཏང་སྙོམས་ཡིན་པས་དེ་བས་ན་བཏང་སྙོམས་ནི་
མཉམ་པར་གཞག་པའི་གནས་སྐབས་སོ། །ཡང་ན་མཉམ་པར་གཞག་པ་ནི་ཏིང་ངེ་འཛིན་དུ་སེམས་རྩེ་གཅིག་པར་གཞག་པ་སྟེ། དེའི་གནས་སྐབས་ནི་བཏང་སྙོམས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ལ་ཡང་ཆགས་པ་དང་ཞེ་སྡང་མེད་ན་འདོད་སེམས་རྩེ་གཅིག་
པར་ནུས་པས་སོ། །དུས་དང་དུས་མ་ཡིན་པའི་བཏང་སྙོམས་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའི་དུས་དང་དུས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་བཏང་སྙོམས་
Vol. 114 · folio 188a
བྱ་བར་བཀའ་མི་སྩོལ་ཏོ་ཞེས་བྱ་བ་ནི་གོང་དུ་རྣམ་པ་ཐམས་ཅད་དུ་བཏང་སྙོམས་པ་བཤད་པ་སྟེ། སྐབས་ཁ་ཅིག་ཏུ་དེ་ལྟར་བཏང་སྙོམས་སུ་བྱར་མི་རུང་གི །དུས་དང་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་འདྲི་བའི་ཚིག་སྟེ། དུས་
ཐམས་ཅད་དུ་ཅིའི་ཕྱིར་བཏང་སྙོམས་སུ་བཞག་ཏུ་མི་རུང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་བདག་དང་གཞན་གྱི་དགེ་བའི་ཆོས་བཙལ་བ་ལ་བརྩོན་ཞིང་འབད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དུས་ཐམས་ཅད་དུ་བདག་དང་གཞན་
གྱི་ཆོས་བཙལ་བ་ལ་འབད་པར་བྱ་བ་ཡིན་པས། བྱང་ཆུབ་སེམས་དཔའ་བདག་དང་གཞན་གྱི་དོན་དང་སྦྱར་ཏེ་ཁ་ཅིག་བཏང་སྙོམས་སུའང་འདོར། ཁ་ཅིག་ཏུ་བཙལ་ཞིང་འབད་པར་བྱ་ཞིང་བཏང་སྙོམས་སུ་མི་གཞག་གོ་ཞེས་པའི་དོན་ཏོ། །སྣོད་མ་ཡིན་པ་དང་མཉན་པར་
མི་འདོད་པའི་སེམས་ཅན་ལ་བཏང་སྙོམས་ཞེས་བྱ་བ་ནི་དུས་ལ་བབ་པའི་སེམས་ཅན་ཏེ། ཆོས་ཟབ་མོ་བཤད་པའི་སྣོད་མ་ཡིན་པ་དང་། ཆོས་ཉན་པར་མི་འདོད་པ་ལ་མི་འཆད་པར་འཇོག་པ་སྟེ། སྐབས་འདིར་བཏང་སྙོམས་ཞེས་བྱ་བ་ནི་མི་བྱ་བར་གཞག་པ་ལ་བྱའོ། །
མ་རྙེད་པ་ལ་སོགས་པའི་དུས་ན་ཡང་མི་དགའ་བའི་སེམས་མི་འབྱུང་བ་རྣམས་བཏང་སྙོམས་སུ་གཞག་པའོ། །སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ཅན་ཞེས་བྱ་བ་ལ་སོགས་པ་ལ་ཉན་ཐོས་སུ་རིགས་ངེས་པའི་གང་ཟག་དྲོད་དང་སྤྱི་བོ་ལ་སོགས་པ་ངེས་པར་འབྱིན་པའི་ས་ལ་བཞུགས་
པའམ། མཐོང་བའི་ལམ་ལ་ཞུགས་པ་རྣམས་ནི་ཐེག་པ་ཆེན་པོ་ལ་སྒྱུར་དུ་མི་བཏུབ་པ་དེ་བཞིན་དུ་བཏང་སྙོམས་སུ་གཞག་པའོ། །སྦྱིན་པའི་དུས་ན་ཚུལ་ཁྲིམས་བཏུལ་བའི་བཏང་སྙོམས་ནི་སྦྱིན་པ་དང་ཚུལ་ཁྲིམས་གཉིས་སྤྱད་པའི་སྒོ་ཐ་དད་པས་སྦྱིན་པ་སྤྱད་པའམ། སྦྱིན་
པའི་ཡོན་ཏན་བསྔགས་པའི་དུས་སུ་ཚུལ་ཁྲིམས་སྤྱོད་པའམ། ཚུལ་ཁྲིམས་ཀྱི་ཡོན་ཏན་བསྔགས་པ་བཏང་སྙོམས་སུ་གཞག་གོ་ཞེས་བྱ་བའི་དོན་ཏོ། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་ལ་ཡང་སྦྱར་རོ། །གང་གདོན་མི་ཟ་བར་བྱ་བའི་ཆོས་རྣམས་ལ་མི་འཇུག་པ་མེད་
Vol. 114 · folio 188b
པ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་མི་བྱ་བའི་ཆོས་རྣམས་ལ་བཏང་སྙོམས་པར་བསྟན་པར་ཟད་ཀྱི་བྱང་ཆུབ་ཆེན་པོའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ངེས་པར་སྒྲུབ་དགོས་པ་ཀུན་ལ་འཇུག་ཅིང་བཏང་སྙོམས་སུ་མི་བྱ་བར་སྟོན་ཏོ། །སྟོབས་ནི་ལེ་ལོས་ཟིལ་གྱིས་མི་ནོན་པའོ། །མོས་
པ་ནི་དགེ་བར་སྤྱད་པ་ལ་དད་པའོ། །མཐུན་པ་ནི་བདུད་ལ་སོགས་པས་མི་ཚུགས་པའོ། །བརྩོན་པ་མི་འདོར་བ་ནི་བརྩོན་འགྲུས་རྒྱུན་དུ་སྤྱོད་པ་མི་གཏོང་བའོ། །བཏང་སྙོམས་མི་ཟད་པ་བཤད་ཟིན་ཏོ།། །།མངོན་སུམ་གྱུར་པའི་བྱང་ཆུབ་སེམས་དཔའ་བསྟན་
པའི་ཕྱིར། བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པ་ལྔ་ཡང་མི་ཟད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་ཤེས་པ་ལ་གནས་པ་རྣམས་ནི་མངོན་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་མི་ཟད་པ་
ཡང་ཤེས་པར་བྱ་བའི་དངོས་པོ་སེམས་ཅན་དང་ཆོས་རྣམས་ལ་མཐའ་མེད་དེ་མི་ཟད་པས་ལྷའི་མིག་ལ་སོགས་པ་ཤེས་པར་བྱེད་པ་རྣམས་ཀྱང་མི་ཟད་དོ། །འདིར་ཡང་བསྟན་པ་དང་བཤད་པའི་ཚུལ་དུ་བལྟ་སྟེ། ལྔ་གང་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། རྫུ་འཕྲུལ་བྱ་བ་ཤེས་
པ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་པའི་ཚུལ་བསྟན་ཏོ། །དེ་མན་ཆད་ལྷག་མ་ཐམས་ཅད་ཀྱིས་བཤད་པའི་ཚུལ་བསྟན་ཏོ། །མངོན་སུམ་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་དྲུག་སྟེ། གཟུགས་མངོན་སུམ་པ་དང་ཚིག་མངོན་སུམ་པ་དང་། སེམས་མངོན་སུམ་པ་
དང་། བསགས་པ་མངོན་སུམ་པ་དང་། མཉམ་པ་ཉིད་མངོན་སུམ་པ་དང་། འབྱུང་བ་མངོན་སུམ་པར་གྱུར་པའོ། །དེ་ལ་གཟུགས་མངོན་སུམ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷའི་མིག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་
མངོན་སུམ་པ་དེ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་ཁྱད་ཞུགས་པ་དང་། གཟུགས་ཐམས་ཅད་མཐོང་བ་དང་། མི་མཐུན་པའི་དྲི་མས་མ་གོས་པ་དང་། རྒྱུ་རྣམ་པར་དག་པའོ། །དེ་ལ་གང་ལྷ་ཐམས་ཅད་ཀྱི་ལྷའི་མིག་ཅེས་བྱ་བ་
Vol. 114 · folio 189a
ནས་བརྩམས་ཏེ། ཆོས་འོད་གསལ་ཏེ་བྱ་བ་ཡན་ཆད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལས་ཁྱད་ཞུགས་པ་བསྟན་ཏོ། །ལྷའི་མིག་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནས་བརྩམས་ཏེ། དེ་དག་ཐམས་ཅད་
ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་ཡན་ཆད་ཀྱིས་གཟུགས་ཐམས་ཅད་མཐོང་བ་བསྟན་ཏོ། །དེ་དག་གི་མིག་དེ་ནི་གཟུགས་ཐམས་ཅད་མཐོང་བས་ཞེས་བྱ་བ་ནས་བརྩམས་ཏེ། ལམ་ལ་མ་ཆགས་པར་སྤྱོད་པའོ་ཞེས་བྱ་བ་ཡན་ཆད་ཀྱིས་མི་མཐུན་པའི་དྲི་མས་མ་གོས་
པར་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས་བརྩམས་ཏེ། མངོན་པར་ཤེས་པ་མ་ཉམས་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་རྣམ་པར་དག་པ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ལས་ངེས་པར་བྱུང་བ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་
ཐོབ་པར་བྱ་བའི་ཕྱིར་བསྔོས་པས་ལྷའི་མིག་དེ་ལྟ་བུ་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །རྒྱ་ཆེན་པོ་ལས་ངེས་པར་འབྱུང་བ་རྣམས་ཀྱིས་ལྷའི་མིག་ནི་ཆེས་མཆོག་གོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྒྱ་ཆེན་པོ་འམ། ལམ་གྱི་ཡེ་ཤེས་རྒྱ་
ཆེན་པོ་སྤྱོད་པ་ལས་ཐོས་པའི་ལྷའི་མིག་ནི་ཆེས་མཆོག་གོ་ཞེས་བྱ་བའི་དོན་ཏོ། །ཆེས་མཆོག་ཅེས་བྱ་བ་ནི་ལྷ་དང་ཀླུ་ལ་སོགས་པ་འཇིག་རྟེན་པ་འཕགས་པ་མ་ཡིན་པ་རྣམས་ཀྱི་ལྷའི་མིག་པས་ཉན་ཐོས་དང་རང་སངས་རྒྱས་འཕགས་པ་རྣམས་ཀྱི་ལྷའི་མིག་མཆོག་གོ། །འཕགས་
པ་དེ་དག་གི་ལྷའི་མིག་བས་ཀྱང་བྱང་ཆུབ་སེམས་དཔའི་ལྷའི་མིག་མཆོག་པས་ན་དེ་ཉིད་ལས་བཟླ་བའི་ཕྱིར་ཆེས་མཆོག་ཅེས་བྱའོ། །ཅིའི་ཕྱིར་ཆེས་མཆོག་ཅེ་ན། འཇིག་རྟེན་པ་རྣམས་ཀྱིས་ཟག་པ་དང་བཅས་པ་དང་། འཕགས་པ་ཉན་ཐོས་ལ་སོགས་པ་འཇིག་རྟེན་ལས་
འདས་པ་རྣམས་ཀྱི་མངོན་པར་ཤེས་པ་ཡང་འདས་པ་དང་། མ་འོངས་པ་དང་། དབང་པོས་ལྷག་པ་དང་། ཁམས་ཀྱིས་ལྷག་པ་ལ་སོགས་པ་གོང་མ་རྣམས་ཤེས་པར་མི་ནུས་ལ་ཅུང་ཟད་ཤེས་ཤིང་ཚད་ཡོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ལྟ་མ་ཡིན་ཏེ། ཚད་དང་མཐའ་
Vol. 114 · folio 189b
མེད་པའི་ཕྱིར་ཆེས་མཆོག་གོ། །དེ་ལ་མཆོག་ནི་བཀྲ་ཤིས་པའི་ཕྱིར་རོ། །ཆེས་དམ་པ་ནི་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །ཆེས་རབ་ནི་ཐམས་ཅད་ཀྱི་ཐོག་མར་འགྲོ་བའི་ཕྱིར་རོ། །ཆེས་ཕུལ་ནི་གཟུགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ཆེས་གསལ་
བ་ནི་དྲི་མ་མེད་ཅིང་རབ་ཏུ་དང་བའི་ཕྱིར་རོ། །ཆེས་བཟང་བ་ནི་མ་སྨད་ཅིང་མྱ་ངན་ལས་འདས་པ་དང་མཐུན་པའི་ཕྱིར་རོ། །ཆེས་སྟོབས་དང་ལྡན་པ་ནི་ཐོགས་པ་མེད་པར་གཟུགས་ཀུན་མཐོང་བའི་མཐུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །ཆེས་འོད་གསལ་བ་ནི་ཡེ་ཤེས་དྲི་མ་མེད་
པའི་མཐུ་མཆོག་དང་ལྡན་པའི་ཕྱིར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་ཁྱད་ཞུགས་པ་བཤད་ཟིན་ཏོ།། །།གཟུགས་ཐམས་ཅད་མཐོང་བ་བསྟན་པའི་ཕྱིར། དེ་ལྷའི་མིག་དེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷའི་མིག་དེས་ཞེས་བྱ་བའི་གོང་དུ་
བཤད་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་མིག་ཐམས་ཅད་ལས་འདས་པར་གྱུར་པའི་ལྷའི་མིག་དེས་ཞེས་བྱ་བའི་དོན་ཏོ། །གཟུགས་སུ་སྣང་བ་ཞེས་བྱ་བ་ནི་གཟུགས་སུ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །རགས་པའམ་ཞེས་བྱ་བ་ནི་ཆེན་པོར་གཏོགས་
པ་ཐམས་ཅད་བསྡུས་པ་སྟེ། གངས་རི་དང་རི་རབ་ལ་སོགས་པའོ། །ཕྲ་མོ་ཞེས་བྱ་བས་ཆུང་ངུར་གཏོགས་པ་ཐམས་ཅད་བསྡུས་པ་སྟེ། རྡུལ་དང་རྡུལ་ཕྲན་ལ་སོགས་པའོ། །བཟང་པོ་འམ་ཞེས་བྱ་བས་བཟང་པོ་ཐམས་ཅད་བསྡུས་པ་སྟེ། གང་འཕགས་པ་སློབ་པ་དང་མི་
སློབ་པ་ལ་སོགས་པའི་གཟུགས་སོ། །ངན་པའམ་ཞེས་བྱ་བས་ངན་པ་ཐམས་ཅད་བསྡུས་པ་སྟེ། གང་སོ་སོའི་སྐྱེ་བོའི་གཟུགས་རྣམས་སོ། །རྒྱང་རིང་པོ་འམ་ཞེས་བྱ་བས་རྒྱང་རིང་པོར་གཏོགས་པ་ཐམས་ཅད་བསྡུས་པ་སྟེ། གང་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དུ་མའི་ཕ་
རོལ་ན་གནས་པའོ། །ཐག་ཉེ་བ་གང་ཅི་ཡང་རུང་ཞེས་བྱ་བས་ཉེ་བ་ཐམས་ཅད་བསྡུས་པ་སྟེ། གང་ཐག་ཉེ་བ་ན་འདུག་པའི་གཟུགས་ཐམས་ཅད་དོ། །ཡང་ན་རགས་པ་ནི་འབྱུང་བ་ཆེན་པོ་བཞི་རྣམས་སོ། །ཕྲ་བ་ནི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་གཟུགས་རྣམས་སོ། །
Vol. 114 · folio 190a
ཡང་ན་རགས་པ་ནི་འཇིག་རྟེན་པའི་གཟུགས་རྣམས་སོ། །ཕྲ་བ་ནི་འཇིག་རྟེན་ལས་འདས་པའི་གཟུགས་རྣམས་སོ། །ཡང་ན་རགས་པ་ནི་འདོད་པའི་ཁམས་སུ་གཏོགས་པའི་གཟུགས་སོ། །ཕྲ་བ་ནི་གཟུགས་ཀྱི་ཁམས་སུ་གཏོགས་པའི་གཟུགས་
སོ། །བཟང་པོ་ནི་བདེ་འགྲོ་རྣམས་ཀྱི་གཟུགས་སོ། །ངན་པ་ནི་ངན་སོང་བ་རྣམས་ཀྱི་གཟུགས་སོ། །ཡང་ན་བཟང་པོ་ནི་དབྱིབས་དང་ཁ་དོག་ཏུ་ལྡན་པའོ། །ངན་པ་ནི་དབྱིབས་དང་ཁ་དོག་ཏུ་མི་ལྡན་པའོ། །རྒྱང་རིང་པོ་ནི་འདས་པ་དང་མ་འོངས་པའི་གཟུགས་སོ། །ཐག་ཉེ་བ་
ནི་ད་ལྟར་གྱི་གཟུགས་སོ། །ཡང་ན་རྒྱང་རིང་པོ་ནི་གཞན་གྱི་རྒྱུད་དུ་གཏོགས་པའི་གཟུགས་སོ། །ཐག་ཉེ་བ་ནི་བདག་གི་རྒྱུད་དུ་གཏོགས་པའི་གཟུགས་སོ། །དེ་དག་ཐམས་ཅད་ནི་གོང་དུ་བཤད་པའི་གཟུགས་དེ་དག་ཐམས་ཅད་དོ། །དེ་དག་གི་ནི་བྱང་ཆུབ་སེམས་དཔའ་དེ་
དག་གི་ལྷའི་མིག་གིས་སོ། །རིག་ཅིང་སྣང་བ་ལ་སོགས་པ་ནི་མཐོང་བའི་རྣམ་གྲངས་ཀྱི་ཚིག་གོ། །ཡང་ན་འདས་པའི་གཟུགས་མཐོང་བ་ནི་རིག་པའོ། །ད་ལྟར་གྱི་གཟུགས་མཐོང་བ་ནི་སྣང་བའོ། །མ་འོངས་པའི་གཟུགས་མཐོང་བ་ནི་ཤིན་ཏུ་རྟོགས་པའོ། །སྦོམ་པོ་
རྣམས་མཐོང་བ་ནི་ཤིན་ཏུ་མཐོང་བའོ། །ཡང་ན་མོས་པའི་སྤྱོད་པའི་ཏིང་ངེ་འཛིན་དྲོད་ཀྱི་རྒྱུ་ལས་བྱུང་བས་ན་རིག་པའོ། །སྤྱི་བོའི་རྒྱུ་ལས་བྱུང་བས་ན་སྣང་བའོ། །བཟོད་པའི་རྒྱུ་ལས་བྱུང་བས་ན་རྟོགས་པའོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་རྒྱུ་ལས་བྱུང་བས་ན་ཤིན་ཏུ་
རིག་པའོ། །མཐོང་བའི་ལམ་གྱི་རྒྱུ་ལས་བྱུང་བས་ན་ཤིན་ཏུ་མཐོང་བའོ། །འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་འཆི་བ་དང་འཕོ་བ་གཉིས་ཀྱང་ཕུང་པོ་འདོར་ཞིང་ལེན་པ་ལ་བྱ་སྟེ། གཟུགས་ཀྱི་ཕུང་པོ་ལེན་ཅིང་འདོར་བ་མིག་གི་
སྤྱོད་ཡུལ་ཡིན་པས་ལྷའི་མིག་གིས་ཤེས་པར་བྱའོ། །དེ་དག་གི་ལས་ཀྱི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་དེ་དག་གི་ལུས་དང་ངག་གི་སྒོ་ནས་ཅི་སྤྱོད་པ་དེའི་རྒྱུ་བསྟུན་ཇི་སྤྱོད་སྤྱོད་པ་ལས་བྱུང་བ་ཡང་རབ་ཏུ་ཤེས་སོ་ཞེས་བྱ་བའི་དོན་
Vol. 114 · folio 190b
ཏོ། ལས་ཀྱི་འབྲས་བུ་ཤེས་པ་ནི་ད་ལྟའི་ལུས་དང་ངག་གི་སྒོ་ནས་ལས་ཅི་བྱས་པའི་འབྲས་བུ་ཕྱིས་ཅིར་འགྱུར་བ་ཤེས་པའོ། །དབང་པོའི་རིམ་པ་ཤེས་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་དང་། དད་པ་ལ་སོགས་པའི་དབང་པོ་རྣོ་རྟུལ་གྱི་རིམ་པ་ཤེས་པ་སྟེ། ལས་ཀྱི་རྒྱུ་དང་འབྲས་
བུ་དང་དད་པ་ལ་སོགས་པའི་དབང་པོ་འདི་དག་གཟུགས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་ལྷའི་མིག་གི་སྤྱོད་ཡུལ་ཡིན་པར་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ས་གཞི་བཻ་ཌཱུརྱའི་ཁ་དོག་དང་དཔག་བསམ་གྱི་ཤིང་གི་ཕྲེང་བ་དང་བདུད་
རྩིའི་རྫིང་ལ་སོགས་པ་དང་ལྡན་པའོ། །རང་གི་ཚུལ་ཁྲིམས་ཡོངས་སུ་དག་པས་རང་གི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་དག་པར་བྱ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་ཡོངས་སུ་བསྔོ་སྟེ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་
གི་ཡོན་ཏན་མཐོང་ནས་བདག་ཀྱང་ནམ་སངས་རྒྱས་སུ་འགྱུར་བའི་ཚེ་ཞིང་གི་ཡོན་ཏན་དེ་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅི་བསགས་པ་རྣམས་ཚུལ་ཁྲིམས་ཡོངས་སུ་དག་པའི་མཐུས་བསྔོ་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་ཀྱི་
མཐུས་བསྔོས་པས་ཇི་བཞིན་འགྲུབ་པར་འགྱུར་རམ་སྙམ་པ་ལ། ཚུལ་ཁྲིམས་ཀྱི་ཡོན་ཏན་ལ་གནས་པ་དེ་དག་གི་བསྔོ་བ་ཡོངས་སུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཆོས་ཉིད་ཀྱི་ཚུལ་ཁྲིམས་དང་ལྡན་པ་རྣམས་ཅི་བསམས་པའམ། སྨོན་པ་བཞིན་དུ་འགྲུབ་པས་ཇི་ལྟར་
བསྔོས་པ་བཞིན་དུ་ཡོངས་སུ་འགྲུབ་ཅེས་བྱ་བའི་དོན་ཏོ། །ཆོ་ག་དང་ཞེས་བྱ་བ་ལ། བྱ་བ་དང་མི་བྱ་བ་རྣམས་ནི་ཆོ་གའོ། །ཆོས་གོས་བགོ་བ་དང་། ལྷུང་བཟེད་བཟུང་བ་ལ་སོགས་པ་ཆོས་བཞིན་དུ་བྱེད་པ་ནི་སྤྱོད་པའོ། །ཆང་འཚོང་དང་སྨད་འཚོང་ལ་སོགས་པ་སྤྱོད་ཡུལ་ལྔར་མི་
འཇུག་པ་ནི་སྤྱོད་ཡུལ་ལོ། །ལྟུང་བ་དང་མི་ལྟུང་བ་མ་བརྗེད་པ་ནི་དྲན་པའོ། །ལྟུང་བ་དང་མི་ལྟུང་བ་ཤེས་པ་ནི་ཤེས་བཞིན་ནོ། །འགྲོ་བ་དང་འདུག་པ་དང་ཉལ་བ་དང་འཆག་པ་ལ་སོགས་པ་མཛེས་པ་ནི་སྤྱོད་ལམ་མོ། །གཙུག་ལག་ཁང་དང་རི་དང་བྲག་ཕུག་ལ་སོགས་པ་ནི་
Vol. 114 · folio 191a
གནས་སོ། །མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་། བདུད་དང་མུ་སྟེགས་ཅན་གྱིས་མི་ཕྱེད་པ་ནི་མཐུའོ། །བྱང་ཆུབ་སེམས་དཔའི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ནི་ཆོས་སོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་རྣམ་པར་ཐར་པའོ། །མེ་ལོང་
ལྟ་བུའི་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ནི་ཡེ་ཤེས་སོ། །མཁས་པའི་ཚིག་རེ་རེ་དང་ཡང་སྦྱར་ཏེ། དོན་དང་ཆོས་དང་ཡེ་ཤེས་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ནི་རྟེན་པ་ལ་མཁས་པའོ། །དོན་དང་ཚིག་མི་བརྗེད་པའི་
གཟུངས་དང་ལྡན་པ་ནི་གཟུངས་ལ་མཁས་པའོ། །འཁོར་བའི་མཐའི་བར་དུ་ཆོས་བཤད་ཀྱང་སྤོབས་པ་ཟད་པར་མི་འགྱུར་བ་ནི་སྤོབས་པ་ལ་མཁས་པའོ། །རང་དང་སྤྱིའི་མཚན་ཉིད་རྣམ་པར་འབྱེད་པ་ནི་ཤེས་རབ་པོ། །ཆོས་ཐམས་ཅད་སྟོང་པར་ཁོང་དུ་ཆུད་པ་ནི་ཡེ་ཤེས་སོ། །
དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་ལ་སོགས་པ་སྟོན་པ་ནི་ཐབས་ལ་མཁས་པ་ལ་འཇུག་པའོ། །དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བ་ནི་ལྷའི་མིག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས། འཇིག་རྟེན་གྱི་ཁམས་གཞན་གྱི་བྱང་ཆུབ་སེམས་དཔའི་ཡོན་
ཏན་དེ་དག་མཐོང་ནས་བདག་ཉིད་ཀྱིས་ཀྱང་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་ཐམས་ཅད་མཐོང་བ་བཤད་ཟིན་ཏོ།། །།མི་མཐུན་པའི་ཕྱོགས་ཀྱིས་མ་གོས་པར་བསྟན་པའི་ཕྱིར་དེ་དག་གི་མིག་དེ་ནི་གཟུགས་ཐམས་ཅད་མཐོང་བས་ན་སྒྲིབ་པ་མེད་པ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། དེ་དག་གི་མིག་ཅེས་བྱ་བ་ནི་ལྷའི་མིག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་མིག་གོ། །ཅིས་ཀྱང་མ་བསྒྲིབས་མ་ཆོད་པར་ཉེ་བ་དང་རིང་བ་ལ་སོགས་པའི་གཟུགས་ཐམས་ཅད་མཐོང་བས་ན་སྒྲིབ་པ་མེད་པའོ། །གཟུགས་ཐམས་ཅད་ལ་མི་
ཆགས་པའོ་ཞེས་བྱ་བ་ནི་གཟུགས་ཐམས་ཅད་མཐོང་བ་ནི་གཟུགས་མཛེས་པ་རྣམས་འདོད་ཆགས་མི་སྐྱེ་བའོ། །རྣམ་པར་གྲོལ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ལ་ཉལ་དང་ལྟ་བ་ཐམས་ཅད་ཀྱི་བག་ལ་ཉལ་དང་ཉོན་མོངས་པ་མངོན་སུམ་དུ་འབྱུང་བ་ཐམས་ཅད་སྤངས་པས་སོ། །རང་
Vol. 114 · folio 191b
བཞིན་གྱིས་འོད་གསལ་བས་ན་ཞེས་བྱ་བ་ནི་རང་བཞིན་གྱིས་དྲི་མ་མེད་ཅིང་གཟུགས་གསལ་བར་མཐོང་བའི་མཚན་ཉིད་ཡིན་པས་ན་ཞེས་བྱ་བའི་དོན་ཏོ། །ཡུལ་ཐམས་ཅད་ལ་མི་གནས་པའོ་ཞེས་བྱ་བ་ནི་གཟུགས་ཐམས་ཅད་ལ་མི་རྟོན་པའོ། །ཉོན་མོངས་པ་དང་བག་ལ་ཉལ་བ་
ཐམས་ཅད་ལ་མི་སྐྱེ་བའོ་ཞེས་བྱ་བ་ནི་མིག་གིས་གཟུགས་ཐམས་ཅད་མཐོང་དུ་ཟིན་ཀྱང་གཟུགས་མཐོང་བའི་སྒོ་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་ཡང་མི་འགྱུར་ལ་ཉོན་མོངས་པའི་བག་ཆགས་ལ་སོགས་པར་ཡང་མི་བྱེད་ཅེས་བྱ་བའི་དོན་ཏོ། །ཐེ་
ཚོམ་མེད་པས་ན་ཞེས་བྱ་བ་ནི་བདེན་པ་དང་དཀོན་མཆོག་ལ་ཡིད་གཉིས་མེད་པས་ན་ཞེས་བྱ་བའི་དོན་ཏོ། །སྒྲིབ་པར་གྱུར་པའི་ཆོས་ཐམས་ཅད་ལས་ཀུན་ནས་མ་ལངས་ཞེས་བྱ་བའི་བར་དུ་གཅོད་པའམ། སྒྲིབ་པར་འགྱུར་བའི་ཆོས་འདོད་པ་ལ་འདུན་པ་ལ་སོགས་པའི་རྒྱུ་བྱེད་
ཅེས་བྱ་བའི་དོན་ཏོ། །ཆོས་ཐམས་ཅད་སྣང་བ་ལ་གསལ་བ་ཐོབ་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཐོང་བར་བྱ་བ་ལ་གསལ་བར་མཐོང་བ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ལ་རྟོན་པ་སྟེ་ཞེས་བྱ་བ་ནི་ཡེ་ཤེས་ལ་རྟོན་པ་ཡིན་པས་དབང་པོའི་འབྱུང་བ་ཆེན་པོ་ལ་མི་རྟོན་པ་
སྟེ། དེ་བས་ན་རྣམ་པར་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་ཀྱིས་མ་ཆགས་མི་སྡང་། མ་རྨོངས་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གིས་མ་གོས་ཞེས་བྱ་བའི་དོན་ཏོ། །དེ་དག་གི་མིག་དེ་ནི་འཕགས་པའི་དབང་པོ་རྣམས་ལ་
ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཞེས་བྱ་བ་ལས་འཕགས་པའི་དབང་པོ་ནི་དད་པ་དང་དྲན་པ་ལ་སོགས་པའི་དབང་པོ་སྟེ། དབང་པོ་དེ་དག་དང་ལྡན་པའི་མིག་དེས་སྣང་བ་མཆེད་པ་ལ་སོགས་པའི་ཆོས་རྣམས་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །འོད་ཟེར་མཉམ་པར་གཏོང་
བས་ན་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་ལ་མཉམ་པར་ལྟ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱིས་མི་དགེ་བའི་ཆོས་དང་བྲལ་བས་ན་ཞེས་བྱ་བ་ནི་འདོད་ཆགས་པ་དང་ཞེ་སྡང་བ་དང་བྲལ་བས་ན་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་
Vol. 114 · folio 192a
མ་ཡིན་པས་ན་ཞེས་བྱ་བ་ནི་རང་བཞིན་གྱིས་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་མིག་དེ་ནི་བསམ་པ་མ་བསྟན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་བསམ་པ་དང་མ་བྲལ་བས་ན། སངས་རྒྱས་
བཅོམ་ལྡན་འདས་ཀྱི་སྤྱན་ཐམས་ཅད་མཁྱེན་པའི་རང་བཞིན་ལས་སྐྱེས་ཞེས་བྱ་བའི་དོན་ཏོ། །རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་བྲལ་བས་ན་མ་ཆགས་པའོ། །དེ་དག་གི་མིག་དེ་ནི་དོན་གྱི་སྤྱོད་ཡུལ་བདེན་པས་ཉེ་བར་བསྒྲུབས་ཤིང་ཆོས་
རྣམ་པར་དག་པ་ཤེས་པའི་ལམ་ལ་མ་ཆགས་པར་སྤྱོད་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་ལ་དམིགས་པ་ལས་བྱུང་བ་ནི་མ་ཡིན་གྱིས། དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་ལ་དམིགས་པ་ལས་བྱུང་བས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཤེས་པར་བྱ་བ་ལ་ཐགས་ཐོགས་
མེད་པར་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་ཀྱིས་མ་གོས་པ་བཤད་ཟིན་ཏོ།། །།རྒྱུ་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་ལྷའི་མིག་དེ་ཅིའི་ཕྱིར་གོང་དུ་བཤད་པ་ལྟ་བུ་ཡིན་ཞེ་ན་ཞེས་
བྱ་བའི་དོན་ཏོ། །སྐྱེས་བུ་དམ་པ་དེ་དག་ནི་སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་ཆེན་པོ་ལ་གནས་པའི་རྒྱུ་ལས་བྱུང་བས་ན་དེ་དག་གི་ལྷའི་མིག་ཀྱང་གོང་དུ་བཤད་པ་ལྟ་བུའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚིག་ལྷག་མ་རྣམས་ལ་ཡང་
དེ་བཞིན་དུ་སྦྱར་རོ། །ཆོས་རྣམས་རིག་པ་ནི་བཤད་པར་བྱ་བའི་ཆོས་ཐམས་ཅད་རིག་པའོ། །དོན་ཤིན་ཏུ་རྟོགས་པ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཁོང་དུ་ཆུད་པའོ། །ཁ་ན་མ་ཐོ་བ་མེད་པ་ནི་སྡིག་པ་མི་དགེ་བའི་ཆོས་མི་བྱེད་པས་སོ། །ཇི་ལྟར་མཐོང་བ་དང་ཐོས་པ་བཞིན་དུ་ཆོས་སྨྲ་
བ་ནི་ཇི་ལྟར་མཐོང་བ་དང་ཐོས་པ་ལས་སྐྱེད་སྐུར་བྱས་ཏེ། སྒྲོ་མི་འདོགས་པ་དང་སྐུར་བ་མི་བྱེད་པས་སོ། །མི་དགེ་བ་མི་བསྙིལ་པ་ནི་མི་དགེ་བའི་སྤྱོད་པ་རྣམ་པ་ཐམས་ཅད་དུ་སྤངས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐོབ་པར་
Vol. 114 · folio 192b
བྱ་བ་ལ་གཅིག་ཏུ་མོས་ཤིང་སྒྲུབ་པར་བྱེད་པའི་དོན་ཏོ། །སེམས་གོང་དུ་ཡང་ཐོགས་པ་མེད་ཅེས་བྱ་བ་ནི་དེའི་སེམས་ཀྱི་དངོས་པོ་ཐམས་ཅད་མ་ལུས་པར་ཤེས་པར་བྱེད་ཅེས་བྱ་བའི་དོན་ཏོ། །བརྩོན་འགྲུས་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་བརྩོན་འགྲུས་ལ་འཇོག་པར་བྱེད་པའོ། །བསམ་
གཏན་གྱི་ཡན་ལག་སྟོན་པ་ཞེས་བྱ་བ་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་སོགས་པ་སྒོམ་པའི་ཐབས་སྟོན་པའོ། །ཤེས་རབ་ཀྱི་མིག་སྦྱིན་པ་ཞེས་བྱ་བ་ནི་ཆོས་རྣམས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱི་མིག་སྦྱིན་པའོ། །ལམ་ངན་པ་ལ་ཞུགས་པ་ནི་མུ་སྟེགས་ཅན་རྣམས་སོ། །ལམ་སྟོན་པ་ནི་འཕགས་པའི་
ལམ་ཡན་ལག་བརྒྱད་པ་སྟོན་པའོ། །དམན་པ་ལ་མོས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་སོ། །སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་རྟོག་པར་བྱེད་ཅེས་བྱ་བ་ནི་དེ་དག་ལས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་
མཁྱེན་པའི་ཡེ་ཤེས་ལ་འཛུད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་མཚན་ཉིད་ཐོབ་པ་ལ་འཇོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་
དེའི་རྒྱུར་གྱུར་པའི་ལྷའི་མིག་མ་ཉམས་པ་ཟིན་ཏེ་ཞེས་བྱ་བའི་དོན་ཏོ། །ལྷའི་མིག་མངོན་པར་ཤེས་པ་མི་ཟད་པ་བཤད་ཟིན་ཏོ།། །།ཚིག་མངོན་སུམ་པ་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བ་མངོན་པར་ཤེས་པ་མི་ཟད་པ་གང་ཞེ་ན་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། དེ་མི་ཟད་པ་ཡང་རྣ་བ་དེས་དམིགས་པར་བྱ་བའི་སྒྲ་ཟད་མི་ཤེས་པས་དེ་ལ་དམིགས་པར་བྱེད་པའི་ལྷའི་རྣ་བ་ཡང་ཟད་མི་ཤེས་པའི་ཕྱིར་མི་ཟད་པའོ། །ཡང་ན་འོག་ནས་དེའི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེས་
བྱ་བ་ལ་སོགས་པ་གསུངས་པའི་ཚུལ་གྱི་ལྷའི་རྣ་བ་དེའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཆོས་ཀྱི་དབྱིངས་དེ་ལ་ཟད་པ་མེད་པའི་ཕྱིར་ལྷའི་རྣ་བ་ཡང་མི་ཟད་པའོ། །དེ་ཡང་རྣམ་པ་དགུར་རིག་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལས་ཁྱད་
Vol. 114 · folio 193a
པར་དུ་གྱུར་པ་དང་། སྒྲ་ཐམས་ཅད་ལ་དམིགས་པ་དང་། རྒྱུ་གང་ལས་བྱུང་བ་ཤེས་པ་དང་། འབྲས་བུ་གང་ལས་འབྱུང་བ་ཤེས་པ་དང་། རྒྱུ་དང་འབྲས་བུ་མི་མཐུན་པ་ཤེས་པ་དང་། གཉིས་ཀའི་ཆ་ལ་ཉོན་མོངས་པ་མེད་པ་དང་། དུས་གསུམ་མ་འདྲེས་
པ་ཤེས་པ་དང་། ལས་དང་རྒྱུའོ། །ལྷ་ཐམས་ཅད་ཀྱི་ཞེས་བྱ་བ་ནས་བརྩམས་ཏེ། ཆེས་འོད་གསལ་ཞེས་བྱ་བ་ཡན་ཆད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལས་ཁྱད་ཞུགས་པ་བསྟན་ཏོ། །ལྷའི་རྣ་བ་དེས་ཞེས་བྱ་བ་ནས་བརྩམས་ཏེ། སྒྲ་དེ་དག་ཐམས་ཅད་ཀྱང་
ཐོས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་སྒྲ་ཐམས་ཅད་ལ་དམིགས་པ་བསྟན་ཏོ། །སེམས་ཀྱི་དམིགས་པ་ཞེས་བྱ་བ་ནས་བརྩམས་ཏེ། ལས་འབྱུང་བ་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་གང་ལས་འབྱུང་བ་ཤེས་པ་བསྟན་ཏོ། །ངག་
གི་ལས་དགེ་བའི་རྒྱུ་ཞེས་བྱ་བ་ནས་བརྩམས་ཏེ། ལུང་དུ་མི་སྟོན་པའི་རྒྱུ་ཡོངས་སུ་འཛིན་པ་དེ་དག་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་འབྲས་བུ་གང་འབྱུང་བ་ཤེས་པ་བསྟན་ཏོ། །འདོད་ཆགས་བག་ལ་ཉལ་ཞེས་བྱ་བ་ནས་བརྩམས་
ཏེ། ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་ཐོགས་པ་མེད་པ་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་བྱ་བ་ཡན་ཆད་ཀྱིས་རྒྱུ་དང་འབྲས་བུའི་མི་མཐུན་པ་ཤེས་པ་བསྟན་ཏོ། །དེ་དག་གི་ལྷའི་རྣ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས་འཕགས་པ་ཞེས་བྱ་བ་ནས་བརྩམས་
ཏེ། འཕགས་པ་མ་ཡིན་པའི་སྒྲ་ལ་སྙིང་རྗེ་ཆེན་པོ་འཐོབ་བོ་ཞེས་བྱ་བ་ཡན་ཆད་ཀྱིས་གཉི་གའི་ཆ་ལ་ཉོན་མོངས་པ་མེད་པ་བསྟན་ཏོ། །སྒྲ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་དང་ཞེས་བྱ་བ་ལ་སོགས་པས་དུས་སུ་མ་འདྲེས་པ་ཤེས་པ་བསྟན་ཏོ། །དེ་དག་ལྷའི་རྣ་བའི་མངོན་པར་
ཤེས་པའི་ཡེ་ཤེས་དེས་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་གང་དག་ཆོས་ཤེས་པར་བྱེད་པ་མ་ཡིན་པ་དེ་དག་ནི་མི་ཐོས་སོ་ཞེས་བྱ་བ་ཡན་ཆད་ཀྱིས་ལས་བསྟན་ཏོ། །དེ་དག་གི་རྣ་བའི་ཁམས་དེ་ཆོས་ཀྱི་དབྱིངས་ཞེས་བྱ་བ་ནས་བརྩམས་ཏེ། ལྷའི་སྙན་དུ་བསྔོས་པ་ཞེས་བྱ་བ་
Vol. 114 · folio 193b
ཡན་ཆད་ཀྱིས་རྒྱུ་བསྟན་ཏོ། །གོང་དུ་ལྷའི་མིག་གི་སྐབས་སུ་བཤད་པ་དང་དོན་མཐུན་པའི་ཚིག་རྣམས་འདིར་མ་བཤད་དོ། །སེམས་ཀྱི་དམིགས་པ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མི་སྟོན་པ་གང་དག་གིས་སེམས་ཅན་དེ་དག་གི་ངག་གི་ལས་འབྱུང་བ་ཐམས་ཅད་ཀྱང་ཡང་དག་པ་
ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ནི་སེམས་ཅན་དེ་དག་གི་ཚིག་རབ་ཏུ་སྨྲ་བ་དེའི་རྒྱུ་ནི་སེམས་ཀྱི་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པའི་ཆོས་ལ་དམིགས་པ་ཡིན་ཏེ། དེ་དག་གི་སེམས་ཀྱི་ཆོས་གང་ལ་དམིགས་ནས་ངག་གི་ལས་ཚིག་ཏུ་སྨྲ་བ་ནི་སྒྲ་གང་བྱུང་བའི་རྒྱུ་རྣམས་
ཀྱང་རབ་ཏུ་ཤེས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་ལས་བྱུང་བ་ཤེས་པ་བཤད་ཟིན་ཏོ། །ངག་གི་ལས་གང་དགེ་བའི་རྒྱུ་ཡོངས་སུ་འཛིན་པ་ལ་སོགས་པ་ནི་སེམས་ཅན་དེ་དག་གིས་ཚིག་ཏུ་སྨྲ་བ་དེ་དག་ཐོས་ནས་ཚིག་དེ་དག་སྨྲས་པའི་རྒྱུས་འབྲས་བུ་ཅི་དང་ཅིར་འགྱུར་བ་ཕྱིན་ཅི་མ་
ལོག་པར་ཤེས་པའི་དོན་ཏོ། །འབྲས་བུ་གང་བྱུང་བ་ཡང་བཤད་ཟིན་ཏོ། །འདོད་ཆགས་བག་ལ་ཉལ་བའི་ངག་གི་ལས་གང་སྡང་བ་དང་འབྱིན་པ་དང་ཞེས་བྱ་བ་ལ་སོགས་པས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ལས་གཅིག་ནི་ཚིག་མངོན་པར་སྨྲ་བའི་རྒྱུའི་གཙོ་བོ་
ཡིན་པར་སྟོན། གཅིག་ནི་གྲོགས་ཡིན་པར་སྟོན་ཏེ། དེ་ལ་འདོད་ཆགས་བག་ལ་ཉལ་ལ་སྡང་བས་འབྱིན་པ་ནི་ཚིག་འབྱུང་བའི་གཞི་འདོད་ཆགས་ལས་བླངས་ལ། འདོད་ཆགས་དངོས་སུ་མ་བྱུང་བར་བག་ལ་ཉལ་ཏེ་ཞེ་སྡང་དངོས་སུ་བྱུང་བས་ཚིག་ཏུ་སྨྲས་པས་ཤེས་སོ་ཞེས་བྱ་བའི་
དོན་ཏོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ངག་གི་ལས་གང་བསམ་པ་དག་ལ་སྦྱོར་བ་ཉམས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། བསམ་པ་མ་ནོར་ལ་ཚིག་ཏུ་སྨྲ་བའི་སྦྱོར་བ་འཁྲུལ་ཞིང་ནོར་བ་དང་། ཚིག་ཏུ་སྨྲ་བའི་སྦྱོར་བ་མ་ནོར་མ་འཁྲུལ་ལ། བསམ་པ་འཁྲུལ་
པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་བྱའོ། །རྒྱུ་དང་འབྲས་བུ་མི་མཐུན་པར་ཤེས་པ་བཤད་ཟིན་ཏོ། །འཕགས་པའི་སྒྲ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་གསུངས་པ་དང་། ཆོས་འཆད་པའི་སྒྲའོ། །
Vol. 114 · folio 194a
འཕགས་པ་མ་ཡིན་པའི་སྒྲ་ནི་སོ་སོའི་སྐྱེ་བོ་རྣམས་འོང་བ་དང་འགྲོ་བ་ལ་སོགས་པ་ཐ་སྙད་སྣ་ཚོགས་ཀྱི་སྒྲ་འབྱིན་པའོ། །འཕགས་པའི་སྒྲ་ལ་བྱམས་པ་ཆེན་པོ་འཐོབ་ཅིང་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་སྒྲ་ཐོས་ནས་ཆོས་བཤད་པའི་སྒྲ་འདིས་སེམས་ཅན་ཐམས་ཅད་ལ་
ཕན་བཏགས་སོ་ཞེས་སྒྲ་དེ་ལ་བདག་ཉིད་བྱམས་པ་ཆེན་པོའི་སེམས་བསྐྱེད་པའོ། །འཕགས་པ་མ་ཡིན་པའི་སྒྲ་ལ་སྙིང་རྗེ་ཆེན་པོ་འཐོབ་ཅེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྨྲ་བའི་སྒྲ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྒྱུ་ལས་བྱུང་བས་ན་སྡུག་བསྔལ་སྣ་ཚོགས་བསྐྱེད་པའི་
རྒྱུ་ཡིན་ནོ་ཞེས་སྙིང་རྗེ་ཆེན་པོའི་སེམས་སྐྱེའོ། །གཉི་གའི་ཆ་ལ་ཉོན་མོངས་པ་མེད་པ་བཤད་ཟིན་ཏོ། །སྒྲ་ཐམས་ཅད་ལ་ཡང་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་འདས་པའི་སྒྲ་དང་མ་འོངས་པའི་སྒྲ་གང་ཡིན་པ་བྱེ་བྲག་ཕྱེད་པར་ཤེས་པ་ནི་སྔོན་གྱི་མཐའ་དང་
ཕྱི་མའི་བར་བྱེ་བྲག་འབྱེད་པ་ཤེས་པ་ཞེས་བྱ་སྟེ། ཤེས་པ་དེས་སྒྲ་འདི་དག་ནི་འདས་པའི་ཚིག་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །དེ་ལྟར་དུས་གཉིས་ཀྱི་སྒྲ་བྱེ་བྲག་ཕྱེད་པར་ཤེས་ན། ད་ལྟར་བྱུང་བའི་དུས་ཀྱི་ཚིག་ཀྱང་ཤེས་པར་མངོན་པའི་ཕྱིར་མདོ་ལས་མ་
གསུངས་ཏེ། དུས་གསུམ་འདྲེས་པ་བཤད་ཟིན་ཏོ། །དྲན་པ་ནི་ཐོས་པའི་ཆོས་རྣམས་ཀྱི་ཚིག་དང་དོན་མ་བརྗེད་པའོ། །ཤེས་བཞིན་ནི་ཆོས་དེ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་བྱེ་བྲག་ཕྱེད་པའོ། །དེ་གཉིས་མི་བརྗེད་པ་དང་བྱེ་བྲག་ཕྱེད་པར་བྱེད་པས་ན་དྲན་པ་དང་ཤེས་བཞིན་
གཉིས་ལ་མི་བརྗེད་པའི་ཆོས་ཉིད་ཅེས་བྱའོ། །སེམས་ཅན་རྣམས་ལ་དྲན་པར་བྱེད་ཅེས་བྱ་བ་ནི་ཐོས་པའི་ཆོས་དེ་དག་སེམས་ཅན་ལ་སྟོན་ཅིང་སེམས་ཅན་རྣམས་ཀྱང་མི་བརྗེད་པའི་ཆོས་ཉིད་ལ་འཇོག་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །སྙིང་པོ་དང་སྙིང་པོ་མ་ཡིན་པའི་
ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། དོན་དམ་པ་བསྟན་པའི་ཆོས་རྣམས་ནི་སྙིང་པོའི་ཆོས་སོ། །ཀུན་རྫོབ་ཏུ་ཆོས་བསྟན་པ་ཐམས་ཅད་ནི་སྙིང་པོ་མ་ཡིན་པའི་ཆོས་ཏེ། སེམས་ཅན་རྣམས་མི་བརྗེད་པའི་ཆོས་ཉིད་ལ་བཀོད་པས། སྙིང་པོ་དང་སྙིང་པོ་མ་ཡིན་
Vol. 114 · folio 194b
པའི་ཆོས་རྣམས་ཀྱང་སེམས་ཅན་དེ་དག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་སྦྱར་རོ། །གང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སྒྲ་གང་དག་ཐོས་པ་དེ་དག་ཀྱང་དྲན་པ་དང་ཤེས་བཞིན་གྱིས་དུས་དུས་སུ་བརྗོད་དོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་སྔོན་གཞན་ལས་དགེ་བའི་
སྒྲ་ཐོས་པ་དང་། མི་དགེ་བའི་སྒྲ་ཐོས་པ་དང་། ལུང་དུ་མ་བསྟན་པའི་སྒྲ་ཐོས་པ་རྣམས་ཀྱང་སྨྲ་བར་བྱ་བའི་སྣོད་དང་དུས་སུ་སྦྱར་ཏེ་སྒྲའོ་ཞེས་བྱ་བའི་དོན་ཏོ། །སྣོད་དང་སྦྱར་བ་ནི་གལ་ཏེ་སེམས་ཅན་དེ་དག་ཆོས་བཤད་པའི་སྣོད་ཡིན་ན་ནི་སྨྲའི། མ་ཡིན་ན་ནི་མི་སྨྲའོ། །དུས་སུ་སྦྱར་
བ་ནི་ཆོས་བཤད་པའི་དུས་ལ་བབ་ན་ནི་སྨྲའི། དུས་ལ་མ་བབ་ན་ནི་མི་སྨྲའོ། །དེ་ཉིད་ཀྱི་དོན་གལ་ཏེ་འཁོར་གྱི་དུས་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་ཚིག་འོག་མ་རྣམས་ཀྱིས་གསལ་བར་བཤད་དེ། འཁོར་རྣམས་ཚོགས་སུ་ཟིན་ཀྱང་ཆོས་བཤད་པའི་དུས་དང་སྐབས་སུ་
མ་བབ་ན་ཆོས་ཐོས་པ་རྣམས་ཀྱང་མི་སྟོན་པར་འཇོག་གོ། །ཆོས་བསྟན་པའི་དུས་ལ་བབ་ན་ནི་འཁོར་མང་པོ་མ་ཚོགས་ཀྱང་གདུལ་བྱ་འགའ་ཙམ་ལ་ཡང་ཆོས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །དབང་གཅིག་གིས་ཞེས་བྱ་བ་ནི་ཕ་རོལ་པོ་ཉན་པ་གཅིག་པུ་ཞིག་ཡོད་ཀྱང་རུང་ཞེས་བྱ་
བའི་དོན་ཏོ། །བདེན་པར་ལུང་བསྟན་པ་ཡང་གཞན་ལ་གནོད་ན་ལུང་མི་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་དགེ་བ་དང་མི་དགེ་བ་ལ་སོགས་པའི་དངོས་པོའི་སྒྲའི་སྒོ་ནས་ཐོས་ཏེ་ལུང་བསྟན་དུ་ཡོད་ཀྱང་སེམས་ཅན་ལ་གནོད་ན་བདེན་ཞིང་ཐོག་ཏུ་བབ་ཀྱང་ལུང་མི་
སྟོན་ལ། སེམས་ཅན་ལ་ཕན་ན་མི་བདེན་ཞིང་ཐོག་ཏུ་མ་བབ་ཀྱང་ལུང་སྟོན་ཏེ། ཐབས་མཁས་པ་དང་། བདག་གི་སེམས་ལ་གཡོ་མེད་པའི་སྒོ་ནས་ཡོངས་སུ་དག་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་མི་འགལ་བའི་ཕྱིར་བརྫུན་དུ་སྨྲ་བར་ཡང་མི་འགྱུར་རོ། །སྒྲ་ཇི་ལྟ་བུ་
ཉན་པར་འདོད་པ་ཞེས་བྱ་བ་ལ་སོགས་པའི་ཆོས་ཉན་པའི་སེམས་ཅན་རྣམས་ཀྱང་ཆོས་གང་དང་སྒྲ་ཇི་ལྟ་བུ་ཉན་ཅིང་ཐོས་པར་འདོད་པའི་ཆོས་དེ་དང་སྒྲ་དེ་ལྟ་བུ་ཐོས་ཀྱི་སྒྲ་གང་དང་ཆོས་ཉན་པར་མི་འདོད་པའི་སྒྲ་དེ་དང་ཆོས་དེ་ནི་མི་ཐོས་སོ་ཞེས་བྱ་བའི་དོན་ཏོ། །འཁོར་གང་ན་ཆོས་སྟོན་པ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words