འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 119 · folio 138a

པ་དང་། རྣམ་པར་མི་རྟོག་པའི་མཚན་མ་ཚད་མེད་པ་ཡང་དག་པར་ཤེས་པ་དང་། རྣམ་པར་དག་པ་དང་ཆ་མཐུན་པ་རྣམ་པར་རྟོག་པ་མེད་པའི་མཚན་མ་ཀུན་དུ་འབྱུང་བ་དང་། གོང་མ་བས་ཀྱང་ཆེས་གོང་མ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། ཡོངས་སུ་འགྲུབ་

པར་བྱ་བའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། ཐེག་པ་ཆེན་པོ་བསྡུས་པ་ཡང་དགོངས་པ་མི་མཐུན་པས་དེའི་ཕྱིར་དེ་ལ་མདོ་སྡེ་ཁོངས་སུ་བཞག་ནས་བསྟན་པ་ལས་འདི་ལྟར་རྣམ་པ་ལྔ་པོ་དེ་དག་ཀྱང་བྱང་ཆུབ་སེམས་

དཔའ་རྣམས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་རྣམ་པ་གསུམ་ལས་བརྩམས་ནས་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། ཞི་གནས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་དང་། ལྷག་མཐོང་གི་བསྔགས་པ་བརྗོད་པའི་ཡོན་ཏན་དང་། དེ་གཉི་གའི་ཕྱོགས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་ནོ། །ཞི་གནས་ཀྱི་

བསྔགས་པ་བརྗོད་པའི་ཡོན་ཏན་ཡང་རྣམ་པ་གཉིས་ཏེ། སྐད་ཅིག་རེ་རེ་ལ་གོང་ནས་གོང་དུ་ཤིན་ཏུ་སྦྱངས་པ་ཉིད་དུ་གྱུར་པས་རྒྱུན་ཆད་པ་མེད་པར་གནས་ཀུན་དུ་ཁྱབ་པའི་ཕྱིར་སྐད་ཅིག་སྐད་ཅིག་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཇིག་པར་བྱེད་པ་དང་། བསྟན་པའི་ཆོས་ཐམས་ཅད་ལ་བྱེ་བྲག་

མེད་པའི་མཚན་ཉིད་དུ་མོས་པས་ཡང་དག་པ་ཉིད་དུ་སོ་སོར་རྟོག་པས་རོ་གཅིག་ཏུ་གྱུར་པའི་ཕྱིར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་སྣ་ཚོགས་ཀྱི་དོན་རྣམས་ཀྱི་མཚན་མའི་འདུ་ཤེས་དང་བྲལ་ཏེ། མདོའི་སྡེ་ལ་སོགས་པའི་དགའ་བ་ཆོས་ཀྱི་དགའ་བ་ཐོབ་པའོ། །ལྷག་མཐོང་གི་བསྔགས་

པ་བརྗོད་པའི་ཡོན་ཏན་ཡང་རྣམ་པ་གཉིས་ཏེ། ཆོས་རྣམ་པར་འབྱེད་པ་ལ་རྒྱུན་ཆད་མེད་པའི་ཕྱིར་དྲན་པའི་སྒོ་ནས་རྣམ་པར་རྟོག་པ་མེད་པའི་མཚན་མ་ཚད་མེད་པ་དང་མདོའི་སྡེ་ལ་སོགས་པའི་ཆོས་ཤེས་རབ་ཀྱིས་གསལ་བར་ཁོང་དུ་ཆུད་པ་དང་། གནས་གྱུར་པའི་མདུན་རོལ་དུ་གཟུགས་ཀྱི་དངོས་

པོ་ཇི་སྙེད་པ་དེ་དག་ལ་རྣམ་པར་རྟོག་པ་མེད་ཅིང་འབད་པ་མེད་པའི་མཚན་མ་མངོན་སུམ་དུ་གྱུར་པའོ། །ལྔ་པ་གཅིག་ཏུ་ནི་དེ་གཉི་གའི་ཕྱོགས་ཀྱི་བསྔགས་པ་བརྗོད་པའི་ཡོན་ཏན་ཏེ། ཆོས་ཀྱི་སྐུ་ནི་ཤེས་བྱའི་སྒྲིབ་པ་གཏན་དུ་སྤངས་པའི་གནས་སུ་གྱུར་པས་བསྡུས་པས་དེ་ཡང་ས་བཅུ་པ་ལ་ནི་ཡོངས་

Vol. 119 · folio 138b

སུ་རྫོགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ས་ལ་ནི་ཡོངས་སུ་གྲུབ་པ་བྱ་སྟེ། ཆོས་ཀྱི་སྐུ་མྱུར་དུ་ཡོངས་སུ་རྫོགས་པ་དང་། ཡོངས་སུ་གྲུབ་པར་བྱེད་པའི་ཕྱིར་མདོ་ལས་གསུངས་པའི་གོང་མ་བས་ཀྱང་ཆེས་གོང་མ་ཞེས་བྱ་བ་ཁུངས་སུ་བསྟན་པ་ཡིན་ནོ། །རྒྱུ་མཐུན་པའི་བག་ཆགས་ཡིན་

པས་དེའི་ཕྱིར་དེའི་རྒྱུ་ཡོངས་སུ་འཛིན་པར་བྱེད་པ་ཞེས་བྱའོ། །དེ་ལྟར་རྣམ་པ་ལྔ་པོ་དེ་དག་གིས་ནི་བསྒོམ་པ་རྣམ་པ་ལྔས་འབྲས་བུ་རྣམ་པ་ལྔ་ཐོབ་པར་བསྟན་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། མཚན་མ་ཉེ་བར་ཞི་བར་བསྒོམ་པ་དང་། མཐུན་པའི་བསྒོམ་པ་དང་། མཚན་མ་མེད་པར་བསྒོམ་པ་

དང་། རྩོལ་བ་མེད་པར་བསྒོམ་པ་དང་། མཚན་མ་བཟློག་པའི་བསྒོམ་པའོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་རྣམ་པ་གཉིས་སུ་བསྔགས་པ་བརྗོད་ན། ཅིའི་ཕྱིར་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། རྣམ་པ་གསུམ་དུ་བསྔགས་པ་བརྗོད་ཅེ་ན། སྨྲས་པ།

ཁུངས་སུ་བསྟན་པའི་མདོ་ཉིད་ལས་འཕགས་པ་བྱམས་པ་དང་། སློབ་དཔོན་ཐོགས་མེད་ཀྱིས་རྣམ་པར་ཕྱེ་བ་མེད་ཀྱི། སློབ་དཔོན་དབྱིག་གཉེན་དང་། རྟོགས་པའི་སེང་གེས་སོ་སོ་ནས་ལོགས་ཤིག་ཏུ་རིགས་པ་རེ་རེ་བསྐྱེད་ནས། མདོ་ལས་གསུངས་པའི་འབྲས་བུ་ལྔ་བཤད་པ་ཡིན་པས། དེའི་

ཕྱིར་ཕན་ཚུན་འགལ་བ་མེད་དོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གང་ལས་རྟོགས་ཤིང་གང་ལས་ཐོབ་པར་འཚལ་བར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་

ནི་གསུམ་པ་རྟོགས་པ་དང་། ཐོབ་པའི་སའི་གནས་སྐབས་རྣམ་པར་འབྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་པ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་

བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ས་དང་པོ་རབ་ཏུ་དགའ་བ་ལས་ནི་རྟོགས་པ་ཞེས་བྱའོ། །ས་གསུམ་པ་འོད་བྱེད་པ་ལས་ནི་ཐོབ་པ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ།

Vol. 119 · folio 139a

ཞུ་བ་སྔ་མའི་ལན་ཡང་དག་པར་གསུངས་པ་དང་། ལས་དང་པོ་པ་ལ་བསླབ་པར་བསྐུལ་བའོ། །འདི་ནི་དང་པོ་ཞུ་བ་སྔ་མའི་ལན་ཡང་དག་པར་གསུངས་པ་སྟེ། འདི་ལྟར་ས་དང་པོ་ཉིད་ཀྱིས་དེ་བཞིན་ཉིད་མངོན་པར་རྟོགས་པ་ཞེས་བྱ་བ་ཡང་ད་དུང་ཡོངས་སུ་མ་བྱང་བས་

ཐོབ་པ་ཞེས་མི་བྱའོ། །ཡང་ན་ས་དང་པོ་ཡན་ཆད་ཀྱི་ས་རྣམས་ནི་ཐམས་ཅད་ཀྱང་རྟོགས་པ་ཞེས་བྱའོ། །ས་གསུམ་པས་ནི་ཏིང་ངེ་འཛིན་གྱི་ས་ཐོབ་པའི་ཕྱིར་ཏིང་ངེ་འཛིན་ལ་བརྟན་ནས་ལྷག་མཐོང་བསྐྱེད་པ་དང་། ཡོངས་སུ་བྱང་བ་ཡང་ཐོབ་པས། དེའི་ཕྱིར་ས་གོང་མ་རྣམས་ལ་ཐོབ་པ་ཞེས་བྱའོ། །ཡང་དག་པའི་

དོན་དུ་ཡང་ནས་རྣམས་ཀུན་ལ་ཡང་དོན་རྣམ་པ་གཉིས་ཚང་བར་ཡོད་ཀྱང་། མཚན་ཉིད་རབ་ཏུ་གསལ་བའི་དབང་དུ་མཛད་པའི་ཕྱིར་དེ་སྐད་དུ་གསུངས་པ་ཡིན་ནོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ས་དང་པོ་ནི་རྟོགས་པ་ཞེས་བྱའོ། །ས་གསུམ་པ་ནི་ཐོབ་པ་ཞེས་བྱའོ་ཞེས་འབྱུང་ངོ་། །

རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཀྱང་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལ་བྱ་སྟེ། ད་དུང་བསྔགས་པར་བྱ་བ་མ་ཡིན་མོད་ཀྱི། འོན་ཀྱང་ལེ་ལོས་གཏང་བར་མི་བྱའོ་ཞེས་བྱ་བ་ནི་གཉིས་པ་ལས་དང་པོ་ལ་བསླབ་པར་བསྐུལ་བ་སྟེ། སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་དག་ནི་རྟོགས་

པར་ཡང་མ་གྱུར་ཐོབ་པ་ཡང་མ་ཡིན་པས་ད་དུང་བསྔགས་པར་བྱ་བ་མ་ཡིན་མོད་ཀྱི། འོན་ཀྱང་དེ་ལ་རྗེས་སུ་བསླབ་ཅིང་ཡིད་ལ་བྱེད་པས་ནན་ཏན་གྱིས་སྒྲུབ་དགོས་པས་ལེ་ལོས་གཏང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་བཞི་བཅུ་གཅིག་པ། བྱང་ཆུབ་སེམས་དཔའ་བྱམས་

པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དེ་དག་ལས་ཇི་ལྟར་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཅེས་ཇི་ལྟར་བགྱི་བར་འགྱུར་ལགས། ཇི་ལྟར་ན་རྟོག་པ་མ་མཆིས་ཤིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བགྱི་

བར་འགྱུར་ལགས། ཇི་ལྟར་ན་རྟོག་པ་མ་མཆིས་པ་དང་དཔྱོད་པ་མ་མཆིས་པའི་ཏིང་ངེ་འཛིན་ཅེས་བགྱི་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་པོ་རྟོག་པ་དང་དཔྱོད་པ་ལ་སོགས་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་

Vol. 119 · folio 139b

པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། དེ་ལ་ཞུ་བ་གསོལ་བའི་དགོངས་པ་ནི་གོང་དུ་བསྟན་པའི་ཞི་གནས་དང་ལྷག་མཐོང་རྣམ་པ་གཉིས་པོ་དེ་དག་ཀྱང་རྟོག་པ་ལ་སོགས་པ་རྣམ་པ་གསུམ་གྱི་བྱེ་བྲག་གང་གི་མཚན་ཉིད་དང་ལྡན་པ་ལགས་ན། ཇི་ལྟར་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་

པའི་ཏིང་ངེ་འཛིན་ཞེས་བགྱི་ལགས། དེ་བཞིན་དུ་ཇི་ལྟར་ན་རྟོག་པ་མ་མཆིས་པ་དང་། དཔྱོད་པ་མ་མཆིས་པའི་ཏིང་ངེ་འཛིན་ཅེས་བགྱི་ལགས་ཞེས་བསྟན་པར་འགྱུར་རོ། །རྣམ་པ་གསུམ་ཆར་ལ་ཡང་ཏིང་ངེ་འཛིན་ཞེས་གསུངས་པ་ནི། རྣམ་པར་གཡེང་བའི་གནས་སྐབས་ལས་རབ་ཏུ་དབྱེ་བའི་

ཕྱིར་དེ་སྐད་དུ་གསུངས་པ་ཡིན་ནོ། །དེ་དག་བྱེ་བྲག་ཡོད་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་སོ་སོ་བདག་ཉིད་ཐ་དད་པར་ཡོད་དེ་ཕན་ཚུན་མཚུངས་པར་ལྡན་པ་ཡིན་ནོ་ཞེས་བཤད་དོ། །མདོ་སྡེ་པའི་གཞུང་གིས་ནི་བདག་ཉིད་ཀྱི་རྣམ་པ་མཚུངས་ཀྱང་ཅིག་ཅར་འབྱུང་བ་ནི་མ་ཡིན་ནོ་ཞེས་

བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས་རྟོག་པ་དང་དཔྱོད་པའི་ལེའུ་ལས། ཁ་ཅིག་རྟོག་པ་དང་དཔྱོད་པ་ནི་སེམས་གཅིག་ལ་ཡོད་དོ་ཞེས་ཟེར་ཡང་། དངོས་པོ་དེ་ནི་དེ་ལྟ་མ་ཡིན་ཏེ་ཞེས་འབྱུང་བས་དེ་དང་སྦྱར་ན་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་བསྟན་པའི་དགོངས་

པ་ནི་དུས་གཅིག་ཏུ་འབྱུང་བ་ཡང་མ་ཡིན་ལ། སེམས་ལས་གུད་ན་ངོ་བོ་ཉིད་ཐ་དད་པར་ཡོད་པ་ཡང་མ་ཡིན་པར་སྟོན་ཏོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་གཉི་ག་ཡང་སེམས་པ་དང་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ཕན་ཚུན་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། རྩིང་བ་དང་ཞིབ་པ་ཐ་དད་

པའི་ཕྱིར་རོ་ཞེས་བཤད་དེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ལས་ཇི་སྐད་དུ་རྟོག་པ་ནི་འདི་ལྟ་སྟེ་ཀུན་དུ་ཚོལ་བའོ། །དཔྱོད་པ་ནི་འདི་ལྟ་སྟེ་སོ་སོར་རྟོག་པའོ། །ཡང་ན་སེམས་དཔའ་འམ་ཤེས་རབ་ཀྱི་ཡུལ་ཀུན་དུ་ཚོལ་བ་རྩིང་བའི་གནས་སྐབས་གང་ཡིན་པ་དེ་ནི་རྟོག་པ་ཞེས་བྱའོ། །རྣམ་

པ་དེ་གཉིས་ཀྱིས་ཡུལ་སོ་སོར་རྟོག་པ་ཞིབ་པའི་གནས་སྐབས་གང་ཡིན་པ་དེ་ནི་དཔྱོད་པ་ཞེས་བྱའོ། །སྐད་ཅིག་མ་གཅིག་ལ་ཆོས་གཉིས་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། རྣམ་པ་གཅིག་ལ་རྩིང་བ་དང་ཞིབ་པ་སྔ་ཕྱི་ཐ་དད་པའི་ཕྱིར་རོ་ཞེས་བཤད་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་

Vol. 119 · folio 140a

བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཇི་ལྟར་བཟུང་ཞིང་རྟོག་པ་དང་དཔྱོད་པའི་ཆོས་ཀྱི་མཚན་མ་དག་ལ་རགས་ཤིང་གསལ་བར་མྱོང་བ་དང་། སོ་སོར་རྟོག་པ་དང་བཅས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་

ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་བསྟན་ཏོ། །འདི་ཡང་རྣམ་གྲངས་རྣམ་པ་གཉིས་ཀྱིས་སྟོན་པས་རྣམ་པ་གཉིས་སུ་དབྱེ་སྟེ། སའི་མདུན་རོལ་ཁོ་ནའི་དབང་དུ་མཛད་ནས་བྱེ་བྲག་གི་མཚན་ཉིད་བསྟན་པ་དང་།

ས་ལ་གནས་པའི་སྤྱིའི་དབང་དུ་མཛད་ནས་བྱེ་བྲག་གི་མཚན་ཉིད་བསྟན་པའོ། །དང་པོ་ཡང་ཐ་དད་པ་རྣམ་པ་གསུམ་ཡོད་པས་དེ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། ཇི་ལྟར་ཐོས་པ་དང་བསམས་

པའི་ཤེས་རབ་རྣམ་པ་གཉིས་ཀྱིས་ཡོངས་སུ་བཟུང་བའི་ཚིག་འབྲུ་དང་། ཆོས་ཀྱི་དོན་གྱི་མཚན་མ་དེ་དག་ལ་རྟོག་པ་དང་དཔྱོད་པར་བྱེད་པས་རགས་ཤིང་གསལ་བར་མྱོང་བ་སོ་སོར་རྟོག་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱའོ་

ཞེས་བསྟན་པའོ། །གང་ལ་དེ་དག་ཉིད་ཀྱི་མཚན་མ་རགས་ཤིང་གསལ་བར་མྱོང་བ་དང་། སོ་སོར་རྟོག་པ་མེད་མོད་ཀྱི། འོན་ཀྱང་དེའི་སྣང་བའི་དྲན་པ་ཕྲ་མ་ཙམ་གྱི་མྱོང་བ་དང་སོ་སོར་རྟོག་པ་དང་བཅས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་

ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་མཚན་ཉིད་བསྟན་པ་སྟེ། སྔར་གོང་དུ་བསྟན་པའི་འདྲེས་པ་དང་། འདྲེས་པ་མ་ཡིན་པའི་ཆོས་ཀྱི་མཚན་མ་དེ་དག་ལ་རགས་ཤིང་གསལ་བའི་སོ་སོར་རྟོག་པ་མེད་ཀྱང་སྔར་བསྟན་པའི་འདྲེས་པ་དང་། འདྲེས་པ་མ་ཡིན་པའི་གསུང་རབ་

ཀྱི་ཆོས་ཀྱི་སྣང་བ་དྲན་པ་ཕྲ་མོ་ཙམ་གྱི་རྗེས་སུ་དྲན་པའི་མྱོང་བ་དང་། སོ་སོར་རྟོག་པ་དང་བཅས་པའི་ཞི་གནས་དང་། ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེའི་ཕྱིར་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་འགྲེལ་པ་ལས། རྗེས་སུ་དྲན་པས་བཟུང་བ་

Vol. 119 · folio 140b

རྟོག་པ་དང་དཔྱོད་པའི་ཆོས་དག་ལ་རགས་ཤིང་གསལ་བའི་མྱོང་བ་དང་། སོ་སོར་རྟོག་པ་མ་བསྐྱེད་པར་ཡང་ཞི་གནས་དང་ལྷག་མཐོང་གིས་སྣང་བ་དྲན་པའི་དབང་གིས་མྱོང་བ་དང་། སོ་སོར་རྟོག་པ་འབྱུང་བར་བྱེད་པའོ་ཞེས་བཤད་པ་ཡིན་ནོ། །སྣང་བའི་དྲན་པ་དེ་ཡང་རྣམ་པ་མང་བས་ཐོས་པའི་ཤེས་

རབ་ལ་བརྟེན་ནས་སྣང་བ་བསྟན་པ་ཡང་ཡོད་དེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། དེ་ལ་ཇི་ལྟར་ཐོས་པ་བཞིན་དུ་ཀུན་ཆུབ་པར་བྱས་པ་དང་། ཁོང་དུ་ཆུད་པ་རྣམས་ལ་བརྗེད་ངས་པ་མེད་པ་ནི་ཆོས་རྣམས་ཀྱི་སྣང་བ་ཞེས་བྱའོ། །དེ་དང་འགྲོགས་པ་དང་། དེ་དང་མཚུངས་པར་ལྡན་

པའི་འདུ་ཤེས་གང་ཡིན་པ་དེ་ནི་སྣང་བའི་འདུ་ཤེས་ཡིན་པར་རིག་པར་བྱའོ་ཞེས་བསྟན་པ་ལྟ་བུའོ། །ཤེས་རབ་རྣམ་པ་གསུམ་ལ་བརྟེན་ནས་ཆོས་ཀྱི་སྣང་བ་བསྟན་པ་ཡང་ཡོད་དེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་ཆོས་ཀྱི་སྣང་བ་ནི་འདི་ལྟ་སྟེ། ཇི་ལྟར་འདི་ན་ཁ་ཅིག་ཇི་ལྟར་

གཟུང་བ་དང་། ཇི་ལྟར་བསམས་པ་དང་། ཇི་ལྟར་རེག་པའི་ཆོས་རྣམས་ལ་སོ་སོར་རྟོག་པའམ། སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་བསྒོམ་པའོ་ཞེས་འབྱུང་བ་ཡིན་ནོ། །ཁ་ཅིག་ལས་རྣམ་པ་བཞིར་བསྟན་པ་ཡང་ཡོད་དེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། དེ་ལ་དོན་

གྱི་སྐབས་འདིར་སྣང་བའི་འདུ་ཤེས་ནི་ཆོས་སེམས་ཤིང་རྣལ་འབྱོར་ཡིད་ལ་བྱེད་པའི་བར་དུ་གཅོད་པ་སྤངས་པའི་ཕྱིར། །ཆོས་ཀྱི་སྣང་བ་དང་། དོན་གྱི་སྣང་བ་དང་། ཞི་གནས་ཀྱི་སྣང་བ་དང་། ལྷག་མཐོང་གི་སྣང་བ་དང་། སྣང་བ་དེ་དག་གི་དབང་དུ་བྱས་པ་ནི་སྣང་བའི་འདུ་ཤེས་ཡིན་པར་

རིག་པར་བྱའོ་ཞེས་བསྟན་པ་ལྟ་བུ་སྟེ། སྣང་བ་དེ་དག་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་དེའི་སྣང་བ་ཞེས་བྱ་བ་ནི་དེས་ཡོངས་སུ་བཟུང་བའི་ཆོས་དང་ཆ་མཚུངས་པའི་གཟུགས་བརྙན་དྲན་ཞིང་གསལ་བར་སྣང་བ་ནི་དེའི་དྲན་པ་ཞེས་བྱའོ་ཞེས་ཟེར་ཏེ། དེ་ནི་དམིགས་པར་བྱེད་པའི་

དྲན་པའོ། །བཤད་པ་འདི་དང་སྦྱར་ན་སྣང་བའི་དྲན་པ་ཉིད་ནི་སྣང་བའི་དྲན་པ་ཞེས་བྱ་སྟེ། བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །ཁ་ཅིག་ན་རེ་དམིགས་པར་བྱེད་པའི་དྲན་པས་གསལ་བར་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་དེའི་སྣང་བ་ཞེས་བྱའོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན།

Vol. 119 · folio 141a

འདི་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། དྲན་པ་ཉིད་སྣང་བ་ཡིན་པའི་ཕྱིར་རོ། །ཆོས་དེ་དག་ཐམས་ཅད་ཀྱི་མཚན་མ་ཡིད་ལ་བྱེད་པ་ཅི་ཡང་མེད་པའི་མྱོང་བ་དང་། སོ་སོར་རྟོག་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང་། དཔྱོད་

པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བ་ནི་གསུམ་པ་རྟོག་པ་དང་། དཔྱོད་པ་མེད་པའི་མཚན་ཉིད་བསྟན་པའོ། །སྔ་མའི་ཞི་གནས་དང་ལྷག་མཐོང་དེ་དག་གི་གནས་སྐབས་ཀྱི་དམིགས་པའི་ཆོས་རྣམས་ལ་རང་གི་ངང་ཉིད་དུ་ཡོངས་སུ་བྱང་བར་གྱུར་ནས་ཡིད་ལ་བྱེད་པ་ཅི་ཡང་མེད་པའི་མྱོང་བ་

དང་། སོ་སོར་རྟོག་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱ་བའི་ཐ་ཚིག་གོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཡིད་ལ་བྱེད་པ་ཅི་ཡང་མེད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སའི་མདུན་རོལ་དུ་དེ་བཞིན་དུ་བསྒོམ་པའི་རྣལ་འབྱོར་བསླབས་པས་རྣམ་པར་རྟོག་པ་རྣམས་

ཉེ་བར་ཞི་བར་གྱུར་པ་གང་ཡིན་པ་དེ་ནི་ཡིད་ལ་བྱེད་པ་མེད་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་ཡོངས་སུ་ཚོལ་བ་དང་བཅས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ས་ལ་གནས་

པའི་སྤྱིའི་དབང་དུ་མཛད་ནས་བྱེ་བྲག་གི་མཚན་ཉིད་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའོ། །འདི་ནི་སའི་མདུན་རོལ་པའི་ཡོངས་སུ་ཚོལ་བ་རྣམ་པ་བཞིའི་དབང་དུ་མཛད་ནས་གསུངས་པ་སྟེ། འདི་ལྟར་སྦྱོར་བའི་གནས་སྐབས་ན།

དྲོ་བར་གྱུར་པ་དང་རྩེ་མོའི་དགེ་བའི་རྩ་བ་ལ་གནས་པ་དག་གིས་མིང་དང་དོན་གྱི་བྱེ་བྲག་གི་རང་གི་ངོ་བོ་ཉིད་ཡོངས་སུ་ཚོལ་བ་གང་ཡིན་པ་དེ་ནི་ཡོངས་སུ་ཚོལ་བ་ཞེས་བྱ་བས་ན། དེའི་ཕྱིར་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱའོ། །སོ་སོར་རྟོག་པ་དང་བཅས་པའི་ཞི་གནས་

དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་མཚན་ཉིད་བསྟན་པའོ། །འདི་ལྟར་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམ་པ་གཉིས་ཀྱི་དགེ་བའི་རྩ་བ་ལ་གནས་པ་དག་གིས་ཡང་དག་པ་

Vol. 119 · folio 141b

ཇི་ལྟ་བ་བཞིན་དུ་མིང་ལ་སོགས་པའི་ཡུལ་བཞི་པོ་དག་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་སོ་སོར་རྟོག་པ་ཞེས་བྱ་སྟེ། དེ་ཉིད་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །འདི་ལྟར་སོ་སོར་རྟོག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་རྒྱ་ཆེར་རྣམ་པར་འབྱེད་པ་ནི། བསྟན་

བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ཐེག་པ་ཆེན་པོ་བསྡུས་པ་དང་། རྣལ་འབྱོར་སྤྱོད་པའི་སའི་ནང་ནས་བྱང་ཆུབ་སེམས་དཔའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་གང་ཡིན་པ་དེ་ནི་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་

འཛིན་ཞེས་བྱའོ་ཞེས་བྱ་བ་ནི་གསུམ་པ་རྟོག་པ་མེད་པ་དང་། དཔྱོད་པ་མེད་པའི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་ས་ལ་གནས་པ་དག་གིས་འདྲེས་པའི་ཆོས་རྣམས་ལ་དམིགས་ཤིང་དེ་བཞིན་ཉིད་དུ་བསྒོམས་པས་རྟོག་པ་དང་དཔྱོད་པ་རྣམས་དང་བྲལ་བ་གང་ཡིན་པ་དེ་ནི་རྟོག་པ་དང་དཔྱོད་པ་མེད་པ་ཞེས་

བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། དོན་གང་གི་ཕྱིར་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ལ་འཇུག་ཅེ་ན། འདྲེས་པའི་ཆོས་ལ་དམིགས་པ་འཇིག་རྟེན་ལས་འདས་པའི་ཞི་གནས་དང་ལྷག་མཐོང་གིས་ཤེས་པའི་ཕྱིར་རོ་ཞེས་བཤད་དེ། རྟོག་པ་དང་དཔྱོད་པ་དང་བཅས་པའི་

ཏིང་ངེ་འཛིན་འདིའི་བྱེ་བྲག་གི་མཚན་ཉིད་ཀྱི་དོན་ཞིབ་ཏུ་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་ཀྱི་རྒྱུ་མཚན་ནི་གང་ལགས། རབ་ཏུ་འཛིན་པའི་རྒྱུ་

མཚན་ནི་གང་ལགས། བཏང་སྙོམས་ཀྱི་རྒྱུ་མཚན་ནི་གང་ལགས་ཞེས་བྱ་བ་འདི་མན་ཆད་བཅུ་གཅིག་པ་ཞི་གནས་དང་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་

དང་པོ་ཞུ་བ་གསོལ་བ་སྟེ། དེ་ལ་དང་པོ་ཞུ་བ་གསོལ་བའི་དགོངས་པ་ནི་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ་ཞི་གནས་དང་རབ་ཏུ་འཛིན་པ་དང་། བཏང་སྙོམས་རྣམ་པ་གསུམ་པོ་དག་གི་བྱེ་བྲག་གི་མཚན་ཉིད་གསུངས་ཏེ། དེ་ལ་ཞི་གནས་ནི་སེམས་བསྲུངས་ནས་ཡུལ་ལ་གནས་

Vol. 119 · folio 142a

ཤིང་རྣམ་པར་གཡེང་བ་དང་བྲལ་བའི་ཕྱིར་ཞི་གནས་ཞེས་བྱའོ། །ལྷག་མཐོང་ནི་ཆོས་རྣམས་ཀུན་དུ་ཚོལ་ཞིང་རབ་ཏུ་རྣམ་པར་འབྱེད་པས་ལྷག་མཐོང་ཞེས་ཀྱང་བྱ། རབ་ཏུ་འཛིན་པ་ཞེས་ཀྱང་བྱ་སྟེ། བྱིང་བ་དང་བྲལ་བའི་ཕྱིར་རོ། །བཏང་སྙོམས་ནི་བྱིང་བ་དང་བྲལ་བའི་ཕྱིར་

རོ་ཞེས་གསུངས་ན། འདིར་ནི་རེ་ཞིག་ལྷག་མཐོང་མི་གླེང་སྟེ། རྣམ་པ་གསུམ་པོ་དེ་དག་གི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་སེམས་རྒོད་པའམ་རྒོད་དུ་དོགས་པ་ན།

ཀུན་དུ་སྐྱོ་བར་འགྱུར་བ་མཐུན་པར་ཆོས་རྣམས་ཡིད་ལ་བྱེད་པ་དང་། བར་ཆད་མེད་པའི་སེམས་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །ཞུ་བ་སྔ་མ་རྣམ་པ་

གསུམ་གྱི་ལན་གསུངས་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་ཞི་གནས་ཀྱི་རྒྱུ་མཚན་ཞུས་པའི་ལན་དུ་གསུངས་པ་ཉིད་དོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྒོམ་པ་ན་གལ་ཏེ་སེམས་རྒོད་པར་གྱུར་ཏམ། རྒོད་པར་འགྱུར་དུ་དོགས་པའི་ཚེ་ཡིད་ལ་བྱེད་པ་རྣམ་པ་གཉིས་

ཡོད་དེ། ཡོངས་སུ་སྐྱོ་བར་འགྱུར་བའི་ཆོས་ལ་དམིགས་པ་དང་། བར་ཆད་མེད་པའི་སེམས་ལ་དམིགས་པའོ། །འདི་ལྟར་ཡིད་ལ་བྱེད་པ་རྣམ་པ་གཉིས་པོ་དེའི་དབང་གིས་སེམས་ཞི་ཞིང་དབེན་པར་གྱུར་པ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱའོ། །བར་ཆད་མེད་པའི་སེམས་ནི་སྔར་

བསྟན་པའི་ཞི་གནས་ཀྱི་དམིགས་པར་བྱ་བའི་སྤྱོད་ཡུལ་གང་ཡིན་པའོ། །གལ་ཏེ་སེམས་བྱིང་བའམ་བྱིང་དུ་དོགས་པ་ནི་མངོན་པར་སྤྲོ་བར་འགྱུར་བའི་ཆོས་རྣམས་ཡིད་ལ་བྱེད་པ་དང་། སེམས་ཀྱི་མཚན་མ་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བ་

ནི་གཉིས་པ་རབ་ཏུ་འཛིན་པའི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྒོམ་པ་ན། སེམས་བྱིང་བར་གྱུར་ཏམ་བྱིང་བར་གྱུར་དུ་དོགས་པའི་ཚེ། ཡིད་ལ་བྱེད་པ་རྣམ་པ་གཉིས་ཡོད་དེ། མངོན་པར་སྤྲོ་བར་གྱུར་པའི་ཆོས་ལ་དམིགས་པ་དང་། སེམས་ཀྱི་མཚན་

Vol. 119 · folio 142b

མ་དེ་ལ་དམིགས་པའོ། །འདི་ལྟར་ཡིད་ལ་བྱེད་པ་རྣམ་པ་གཉིས་པོ་དེའི་དབང་གིས་སེམས་སྤྲོ་ཞིང་རྩོལ་བར་འགྱུར་བ་གང་ཡིན་པ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ། །དེ་ལ་སེམས་ཀྱི་མཚན་མ་ཞེས་བྱ་བ་ནི་སྔར་བསྟན་པའི་ལྷག་མཐོང་གིས་དམིགས་པར་བྱ་བའི་སྤྱོད་ཡུལ་གང་ཡིན་པའོ། །

ཞི་གནས་ཀྱི་ལམ་ལ་གཅིག་ཏུ་ངེས་པའམ། ལྷག་མཐོང་གི་ལམ་ལ་གཅིག་ཏུ་ངེས་པའམ། ཟུང་དུ་འབྲེལ་བའི་ལམ་ཡང་རུང་སྟེ། ཉེ་བའི་ཉོན་མོངས་པ་གཉིས་ཀྱིས་ཉེ་བར་ཉོན་མོངས་པར་གྱུར་པ་ན། འབད་པ་མེད་པའི་ཡིད་ལ་བྱེད་པ་དང་། སེམས་རང་གི་ངང་གིས་འཇུག་པའི་ཡིད་ལ་བྱེད་

པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱའོ་ཞེས་བྱ་བ་ནི་གསུམ་པ་བཏང་སྙོམས་ཀྱི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་ཞི་གནས་ལ་གཅིག་ཏུ་ངེས་པའམ། ལྷག་མཐོང་ལ་གཅིག་ཏུ་ངེས་པའམ། ཟུང་དུ་འཇུག་པའི་ལམ་ལ་ཡང་རུང་སྟེ། བྱིང་བ་དང་རྒོད་པའི་ཉེ་བའི་ཉོན་མོངས་པ་

གཉིས་ཀྱིས་ཀུན་དུ་ཉོན་མོངས་པར་གྱུར་པ་ན། རྩོལ་བ་མེད་པའི་ཡིད་ལ་བྱེད་པ་དང་། རང་གི་ངང་གིས་འཇུག་པའི་ཡིད་ལ་བྱེད་པ་ཇི་སྙེད་པ་དེ་དག་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་གཅིག་ཏུ་ངེས་ཤིང་སོ་སོ་ནས་བྱིང་བ་དང་། རྒོད་པའི་རྗེས་སུ་མཐུན་པ་དང་།

མི་མཐུན་པའི་སྒྲིབ་པ་གཉིས་དང་བྲལ་བར་གྱུར་པའི་ཕྱིར་ཡང་བཏང་སྙོམས་ཞེས་བྱའོ། །འབད་པ་མེད་པ་དང་རང་གི་ངང་གིས་འཇུག་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། རྣམ་པའི་མཚན་ཉིད་འདྲ་ཡང་རྩོལ་བ་མེད་པ་དང་པོར་མངོན་པར་གྲུབ་པ་གང་ཡིན་པ་དེ་ནི་འབད་པ་མེད་པ་ཞེས་བྱའོ། །ཕྱིས་

ཡོངས་སུ་གོམས་པར་གྱུར་པ་ན་རང་གི་ངང་གིས་འཇུག་པའི་ཕྱིར་ནི་རང་གི་ངང་གིས་འཇུག་པ་ཞེས་བྱ་སྟེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བཏང་སྙོམས་ཀྱི་མཚན་ཉིད་བསྟན་པའི་སྐབས་ནས་ཇི་སྐད་དུ་མཉམ་པ་ཉིད་དང་། རྣལ་དུ་འདུག་པ་དང་། ལྷུན་གྱིས་གྲུབ་པ་ནི་དང་པོ་དང་

བར་མ་དང་ཐ་མ་གསུམ་གྱི་བྱེ་བྲག་གི་རྣམ་པའི་མཚན་ཉིད་དོ་ཞེས་བསྟན་པ་ལྟ་བུ་སྟེ། འདི་ཡང་དེ་བཞིན་ནོ། །ཆོས་གསུམ་པོ་འདི་དག་གི་བདག་ཉིད་ཇི་ལྟ་བུ་ཞེ་ན། སྨྲས་པ། ཞི་གནས་ནི་ཏིང་ངེ་འཛིན་གྱི་བདག་ཉིད་དོ། །རབ་ཏུ་འཛིན་པ་ནི་ལྷག་མཐོང་གི་བདག་ཉིད་དོ། །བཏང་སྙོམས་ནི་

Vol. 119 · folio 143a

སྔོན་གྱི་བརྒྱུད་པ་དག་ལས་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཞི་གནས་དང་ལྷག་མཐོང་གཅིག་ཏུ་བསྡུས་པའི་བདག་ཉིད་དོ་ཞེས་ཟེར་ཏེ་བྱིང་བ་དང་རྒོད་པ་དང་བྲལ་བའི་ཕྱིར་རོ། །ཁ་ཅིག་ན་རེ་བཅུ་གཅིག་པ་དེ་དག་ལས་བཏང་སྙོམས་ཀྱི་ངོ་བོ་ཉིད་དེ། དེའི་

ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བཏང་སྙོམས་ནི་བརྩོན་འགྲུས་ཀྱི་དབང་པོ་གསུམ་གྱི་སེམས་མཉམ་པ་ཉིད་དང་། རྣལ་དུ་འདུག་པ་དང་། ལྷུན་གྱིས་གྲུབ་པ་ཉིད་དུ་གནས་པའི་བདག་ཉིད་དེ། བྱིང་བ་དང་རྒོད་པའི་གཉེན་པོར་གྱུར་པ་རབ་ཏུ་ཞི་བར་གནས་པའི་ལས་ཅན་ནོ་

ཞེས་འབྱུང་སྟེ། དེས་ན་བཏང་སྙོམས་ཀྱི་བདག་ཉིད་ཡིན་པར་མངོན་ནོ་ཞེའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱི་མ་བཟང་ངོ་། །འདིར་ནི་ཞི་གནས་དང་ལྷག་མཐོང་དང་། བཏང་སྙོམས་ལ་ཡིད་ལ་བྱེད་པ་ཞེས་གསུངས་པ་ནི་ཉེ་བར་གྱུར་པའི་རྣམ་པར་བཤད་པ་ཡིན་ཏེ། དཔེར་

ན་དྲན་པ་ཉེ་བར་གཞག་པ་བཞི་ལ་དྲན་པ་ཞེས་གསུངས་ཀྱང་། ངོ་བོ་ཉིད་ནི་ཤེས་རབ་ཡིན་པ་ལྟ་བུའོ། །ལྷག་མཐོང་རབ་ཏུ་འཛིན་པ་ཡིན་ན། ཅིའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པ་བཞི་པོ་འདི་ལྟ་སྟེ། ཞི་གནས་དང་། ལྷག་མཐོང་དང་། རབ་ཏུ་འཛིན་པ་དང་།

བཏང་སྙོམས་ཞེས་རྣམ་པར་ཕྱེ་སྟེ་བསྟན་ཞེ་ན། སྨྲས་པ། རབ་ཏུ་འཛིན་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ལྷག་མཐོང་ཡིན་ལ། ལྷག་མཐོང་གི་སྒོ་ཁ་ཅིག་ནི་རབ་ཏུ་འཛིན་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། བྱིང་བ་ལ་སོགས་པའི་གཉེན་པོར་མ་གྱུར་པའི་དུས་ནའོ། །འདི་དག་གི་བྱེ་བྲག་

གི་མཚན་ཉིད་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཞི་གནས་དང་། ལྷག་མཐོང་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་རྣམས་རེ་རེ་ལ་མཚན་ཉིད་རྣམ་པ་གསུམ་ལ་མཚན་ཉིད་རྣམ་པ་གསུམ་ཡོད་པར་བསྟན་པ་འདི་ལྟ་སྟེ། ཞི་གནས་དང་། ཞི་གནས་ཀྱི་མཚན་མ་དང་། ཞི་

གནས་ཀྱི་དུས་ཞེས་བྱ་བ་ལ་སོགས་པ་བསྟན་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་སྒོམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལགས་ན། ཇི་ལྟར་

Vol. 119 · folio 143b

ཆོས་སོ་སོ་ཡང་དག་པར་རིག་པ་ལགས། ཇི་ལྟར་ན་དོན་སོ་སོ་ཡང་དག་པར་རིག་པ་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་གཉིས་པ་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པ་

དང་། བྱང་ཆུབ་སེམས་དཔའ་བྱམས་པས་ཡང་ཞེས་བྱ་བ་ནས་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་ཇི་ལྟར་རྣམ་པར་སེལ་བར་བགྱི་ལགས་ཞེས་བྱ་བ་མན་ཆད་ཀྱིས་མཚན་མ་རྣམས་རབ་ཏུ་སེལ་བ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་ཤེས་པར་བྱ་བ་ལས་བརྩམས་ནས། ཆོས་

དང་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་ཞེས་བྱ་བ་མན་ཆད་ཀྱིས་ཡོངས་སུ་ཤེས་པར་བྱ་

བ་ལས་བརྩམས་ནས། དོན་སོ་སོ་ཡང་དག་པར་རིག་པ་བསྟན་ཏེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། ཐེག་པ་ཆེན་པོའི་ཆོས་དང་དོན་ནི་ཐོས་པ་ལ་སོགས་པའི་ཤེས་རབ་རྣམ་པ་གསུམ་གྱིས་དམིགས་པར་བྱ་བ་ཡིན་ནོ་ཞེས་བཤད་དོ། །

བཤད་པའི་རྣམ་གྲངས་གཞན་དུ་ན། དང་པོ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པའོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་ཤེས་པ་ནི་གང་ལགས། མཐོང་བ་ནི་གང་

ལགས་ཞེས་བྱ་བ་མན་ཆད་ཀྱིས་ཤེས་རབ་དང་མཐོང་བའི་བྱེ་བྲག་བསྟན་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་། འདིར་ནི་རེ་ཞིག་བཤད་པ་སྔ་མ་དང་སྦྱར་ནས་བསྟན་པར་བྱའོ། །དང་པོ་ཆོས་དང་དོན་ཡང་དག་པར་རིག་པ་བསྟན་པ་དེ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་པ་

དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བའི་གནས་གསུང་རབ་བསྟན་པ་དང་། ཇི་ལྟར་ན་ཞེས་བྱ་བ་མན་ཆད་ཀྱིས་ཞུ་བ་ཉིད་ཀྱི་ཚིག་ཡང་དག་པར་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་

Vol. 119 · folio 144a

བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་གི་མཚན་ཉིད་རྣམ་པ་ལྔས་ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་

ཏེ། ཆོས་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པའོ། །ཆོས་སོ་སོ་ཡང་དག་པར་རིག་པ་ལ་ཡང་རྣམ་པ་བཞིར་དབྱེ་སྟེ། གྲངས་སྨོས་ནས་མདོར་བསྟན་པ་དང་། གྲངས་བཞིན་དུ་མིང་བཀོད་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་

བསྟན་པ་དང་། རྣམ་པར་བཤད་ནས་སྤྱིའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོའོ། །མིང་ཤེས་པ་དང་། ཚིག་ཤེས་པ་དང་། ཡི་གེ་ཤེས་པ་དང་། སོ་སོ་བ་ཤེས་པ་དང་། འདྲེས་པ་ཤེས་པས་སོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །རྣམ་པ་ལྔ་ལས་སྔ་མ་གསུམ་ནི་བསྟན་

པའི་ངོ་བོ་ཉིད་ཡང་དག་པར་རིག་པ་ཡིན་ཏེ། མདོའི་ཚིག་འདི་དང་སྦྱར་ན། དེ་བཞིན་གཤེགས་པའི་བསྟན་པ་ནི་མིང་དང་། ཚིག་དང་ཡི་གེའི་ངོ་བོ་ཉིད་ཡིན་པར་མངོན་ནོ། །ཕྱི་མ་གཉིས་ནི་འདྲེས་པ་དང་། མ་འདྲེས་པའི་དོན་ཤེས་པ་ཡིན་ནོ། །འདྲེས་པ་དང་། མ་འདྲེས་པའི་དོན་ཤེས་པ་དེ་ལ་ཡང་

དག་པར་བཤད་པ་རྣམ་པ་ལྔ་ཡོད་དེ། ཁ་ཅིག་ན་རེ་མིང་ཤེས་པའི་ཕྱིར་ནི་སོ་སོ་བ་ཤེས་པ་ཞེས་བྱའོ། །མ་འདྲེས་པའི་ཚིག་འདི་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པ་ཤེས་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་མིང་ལ་མིང་མང་པོ་ཡོད་པས་སོ་སོ་མ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་མ་འདྲེས་པའི་ཤེས་

པ་ཞེས་བྱའོ། །སོ་སོ་བ་དང་འདྲེས་པ་གཉི་ག་གཅིག་ཏུ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པར་ཤེས་པ་ཞེས་བྱ་སྟེ། ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཀྱི་འདྲེས་པ་དང་། མ་འདྲེས་པ་ཡང་དེ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་མིང་དང་། ཚིག་དང་ཡི་གེའི་ཚོགས་དང་། སོ་སོ་མ་འདྲེས་པར་

ཤེས་པ་གང་ཡིན་པ་དེ་ནི་སོ་སོ་བ་ཤེས་པ་ཞེས་བྱའོ། །མིང་དང་ཚིག་དང་། ཡི་གེ་གཅིག་ཏུ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པ་ཤེས་པ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་མདོ་སྡེ་ལ་སོགས་པ་མང་པོ་སོ་སོ་མ་འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་སོ་སོ་བ་ཤེས་པ་ཞེས་བྱའོ། །གཅིག་ཏུ་

Vol. 119 · folio 144b

འདྲེས་པར་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པ་ཤེས་པ་ཞེས་བྱའོ་ཞེས་ཟེར་ཏེ། རྒྱ་ཆེར་སྔ་མ་བཞིན་དུ་རིག་པར་བྱའོ། །ཁ་ཅིག་ན་རེ་འདྲེས་པ་དང་སོ་སོ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདྲེས་པ་དང་མ་འདྲེས་པ་ལ་དམིགས་པའི་སེམས་ཤེས་པ་གང་ཡིན་པ་དེ་ནི་འདྲེས་པ་དང་། སོ་སོ་བ་ཤེས་པ་ཞེས་བྱ་བའི་

མིང་ལ་སོགས་པ་ཤེས་པ་ནི་མ་ཡིན་ནོ་ཞེའོ། །གལ་ཏེ་སེམས་ཤེས་པ་ལ་བྱ་ན། ཇི་ལྟར་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བར་འགྱུར་ཞེ་ན། སྨྲས་པ། བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་དུ་འཆད་པ་པོ་དང་། གང་གི་ཆེད་དུ་བཤད་པར་བྱ་བ་དེ་ཡང་ཡི་གེ་ཤེས་པ་ཞེས་བྱའོ་ཞེས་བཤད་

པ་ལྟ་བུ་སྟེ། དེའི་ཕྱིར་སོ་སོ་ཡང་དག་པར་རིག་པ་ལ་དམིགས་པའི་སེམས་ལ་ཡང་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །མིང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་བསྟན་ཏོ། །འདི་ཡང་རྣམ་པ་ལྔར་དབྱེ་སྟེ། རེ་རེ་ལ་ཞུ་བ་གསོལ་

བ་དང་། ལན་དུ་གསུངས་པ་ཡོད་པར་སྦྱར་ཏེ་འདི་མིང་ནི་ཞུས་པ་ཉིད་དོ། །འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ཡང་རང་གི་ངོ་བོ་ཉིད་རྣམ་པར་བཞག་ནས། འདུ་ཤེས་ཀྱི་བརྡར་བཏགས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་ཡང་དག་པར་བཤད་

པའོ། །འདི་ལྟར་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལས་གུད་ན་མེད་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་རྗོད་པར་བྱེད་པ་འདུ་ཤེས་ཀྱི་བརྡར་བཏགས་པ་གང་ཡིན་པ་དེ་ནི་མིང་ཞེས་བྱ་སྟེ། དེ་ནི་དོན་དུ་ན་འདི་སྐད་དུ་

ཆོས་ཐམས་ཅད་ནི་དོན་རྣམ་པ་གཉིས་དང་ལྡན་པས། དང་པོ་ནི་རང་གི་ངོ་བོ་ཉིད་དེ། ལྷ་དང་མི་དང་། མིག་དང་། རྣ་བ་ཞེས་བྱ་བ་ལ་སོགས་པ་རང་གི་ངོ་བོ་ཉིད་རྗོད་པ་ལྟ་བུ་སྟེ། དེའི་མིང་ཞེས་བྱའོ། །མིང་དེ་ཡང་འདུ་ཤེས་ལས་བྱུང་བའི་ཕྱིར་འདུ་ཤེས་ཞེས་གསུངས་སོ། །ཡང་དག་པའི་དོན་

དུ་ན། ཆོས་རྣམས་ནི་ཐ་སྙད་དང་བྲལ་བ་ཡིན་ཡང་བཏགས་པ་ཙམ་དུ་བརྗོད་པ་ཡིན་པའི་ཕྱིར་བརྡར་བཏགས་པ་ཞེས་བྱའོ། །ཚིག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཚིག་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །འདི་ལྟ་

Vol. 119 · folio 145a

སྟེ། མིང་དེ་དག་ཉིད་ཀྱི་ཚོགས་པ་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དོན་རྗེས་སུ་ཐ་སྙད་གདགས་པའི་གནས་དང་། འཛིན་པར་བྱེད་པ་རྣམ་པར་གཞག་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟེ། འདི་ལྟར་མིང་དེ་དག་ཉིད་ཀྱི་

ཚོགས་པ་ལས་ལོགས་ཤིག་ཏུ་བཏགས་པའི་ཆོས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་བྱེ་བྲག་གི་དོན་རྗོད་པར་བྱེད་པ་སྟེ། ཚིག་གི་ཆོས་འདིས་བརྗོད་པར་བྱ་བའི་གནས་བྱེད་པའི་ཕྱིར་གནས་ཞེས་བྱའོ། །བརྗོད་པར་བྱ་བ་སྡུད་ཅིང་མི་སྟོར་བ་ཉིད་དུ་བྱེད་པའི་ཕྱིར་འཛིན་པར་བྱེད་པ་ཞེས་

བྱའོ། །ཡང་ན་གནས་ཞེས་བྱ་བ་ནི་འདི་ལྟ་སྟེ། ཚིག་དོན་ལ་བརྟེན་ནས་དེ་རབ་ཏུ་སྟོན་པའི་ཕྱིར་གནས་ཞེས་བྱའོ། །ཡི་གེ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཡི་གེའི་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །

འདི་ལྟ་སྟེ། དེ་གཉི་གའི་གནས་ཀྱི་ཡིག་འབྲུ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟེ། འདི་ལྟར་ཡི་གེ་དེ་རྗོད་པར་བྱེད་མི་ནུས་ཀྱང་དེ་དག་གི་གནས་བྱེད་དོ། གལ་ཏེ་ཡི་གེ་དང་བྲལ་ན་གཉི་ག་མངོན་པར་མི་འགྲུབ་པའི་ཕྱིར་རོ། །རྣམ་པ་གསུམ་པོ་དེ་དག་ལ་བྱེ་བྲག་

ཡོད་པ་ཡང་། རྒྱ་གར་སྐད་དུ་ནཱ་མ་ཞེས་བསྒྱུར་ན་མིང་ཞེས་ཟེར་བར་རྗེས་སུ་ཕྱོགས་པའི་དོན་ཡིན་ཏེ། བརྗོད་པར་བྱ་བའི་རྗེས་སུ་འགྲོ་བའི་ཕྱིར་རོ། །མིང་དེ་ཡང་བསྟན་བཅོས་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི་དོན་རྣམ་པ་གསུམ་གྱི་ཕྱིར་ཏེ།

འདི་ལྟ་སྟེ། རྗེས་སུ་འབྲང་བ་དང་། འབོད་པ་དང་། འབྱོར་པའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཅིའི་ཕྱིར་མིང་ཞེས་བྱ་ཞེ་ན། སྨྲས་པ། མིང་ཞེས་བྱ་བ་ནི་རྗེས་སུ་འབྲང་བ་ཞེས་ཀྱང་བྱའོ། །འབོད་པ་ཞེས་ཀྱང་བྱའོ། །འབྱོར་པ་ཞེས་ཀྱང་བྱའོ། །དེ་ལ་རྗེས་སུ་འབྲང་བ་ནི་ཇི་ལྟར་

བྱས་པ་བཞིན་དུ་འགྲོ་ཞིང་མཐུན་པར་གྱུར་པའོ། །འབོད་པ་ནི་དོན་དེ་རྣམ་པར་བཞག་ནས་ཇི་ལྟར་འདོད་པ་བཞིན་དུ་ལན་འདེབས་པའོ། །འབྱོར་པ་ནི་ཚིག་ལེའུར་བྱས་པ་དང་། རྣམ་པར་བཤད་པ་བྱས་པའི་རྗེས་སུ་དོན་འབྱོར་པར་འགྱུར་བའོ་ཞེས་བཤད་དེ། །བསྟན་བཅོས་ཕུང་པོ་ལྔ་པའི་རབ་ཏུ་བྱེད་པ་

Vol. 119 · folio 145b

ལས་ནི་འདུ་བྱེད་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་འབྱུང་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཞེས་བྱ་བ་ནི་འདི་ལྟ་སྟེ། ལྷ་དང་མི་དང་། མིག་དང་། རྣ་བ་ཞེས་བྱ་བ་

ལ་སོགས་པར་བརྗོད་པའི་དངོས་པོ་གང་ཡིན་པའོ་ཞེས་བཤད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་བཤད་པ་ལ་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། མིང་ཞེས་བྱ་བའི་དོན་གང་ཞེ་ན་སྣ་ཚོགས་སུ་ཐུན་མོང་དུ་ལེགས་པར་ཤེས་པར་བྱེད་པའི་ཕྱིར་མིང་

ཞེས་བྱའོ། །ཡང་དག་གིས་མིང་དུ་འབོད་པའི་ཕྱིར་ཡང་མིང་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །རྒྱ་གར་སྐད་དུ་པ་ད་ཞེས་བསྒྱུར་ན་རྗེས་ལ་བྱ་སྟེ་དཔེར་ན་གླང་པོ་ཆེའི་རྗེས་མཐོང་བ་ལས་གླང་པོ་ཆེ་ཡིན་པར་ཤེས་པ་ལྟར། དེ་བཞིན་དུ་

ཚིག་བཞི་ཡོད་པ་ལས་ཚིགས་སུ་བཅད་པར་འགྱུར་བར་བསྟན་པའོ། །དོན་གྱི་རྗེས་སུ་བསྒྱུར་ན་ནི་ཚིག་ཅེས་བྱའོ། །ཚིག་ཅེས་བྱ་བ་ནི་རྣམ་པར་བཤད་པ་ཡང་བསྟན་བཅོས་རྣམས་ལས་མི་མཐུན་པས། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི། དོན་ཡོངས་སུ་རྫོགས་པར་སྟོན་པས་ན་

ཚིག་ཅེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་ཕུང་པོ་ལྔ་པོའི་རབ་ཏུ་བྱེད་པ་ལས་ནི་ཚིག་གི་ཚོགས་གང་ཞེ་ན་འདི་ལྟ་སྟེ། ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་ཀྱི་ངོ་བོ་ཉིད་དོ་ཞེས་འབྱུང་སྟེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །ཆོས་

མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཁྱད་པར་གྱི་ཚིག་བླ་དགས་ཞེས་བྱ་བ་ནི་འདི་ལྟ་སྟེ། འདུ་བྱེད་རྣམས་མི་རྟག་གོ་ཞེས་བྱ་བ་དང་སེམས་ཅན་ཐམས་ཅད་མཐར་འཆི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་བསྟན་པའི་དོན་གང་ཡིན་པའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་

པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་བཤད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་མིང་རྣམས་ཀྱི་མཐའ་བླངས་ནས་མངོན་དུ་མི་གསལ་བའི་དོན་གསལ་བར་སྟོན་པའི་ཕྱིར་མིང་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་

Vol. 119 · folio 146a

ཀྱང་དེ་སྐད་དུ་བསྟན་ཏོ། །རྒྱ་གར་སྐད་དུ་བྱཉྫ་ན་ཞེས་བྱ་བ་བསྒྱུར་ན་ཡིག་འབྲུ་ཞེས་ཟེར་ཏེ། འདི་ནི་གཙུག་ལག་གི་ཚིག་གོ། །རྒྱ་གར་སྐད་དུ་ཨཀྵ་ར་ཞེས་བྱ་བ་བསྒྱུར་ན་ཡི་གེ་ཞེས་ཟེར་ཏེ། འདི་ནི་ཕལ་ཆེ་བའི་ཚིག་གོ། །ཡིག་འབྲུ་དང་ཡི་གེ་ཞེས་བྱ་བ་གཅིག་པ་ཉིད་

དུ་མི་ཤེས་སུ་དོགས་པའི་ཕྱིར། ཁ་ཅིག་ལས་ཡིག་འབྲུ་ནི་ཡི་གེ་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཡི་གེའི་ཚོགས་ནི་འདི་ལྟ་སྟེ། དེ་གཉི་གའི་གནས་ཡི་གེ་རྣམས་ལ་ཡི་གེའི་ཚོགས་ཞེས་གདགས་ཏེ་ཞེས་འབྱུང་སྟེ། འདི་

ཉིད་ཀྱི་བཤད་པ་ལས་དེ་གཉི་གའི་གནས་ཡི་གེ་རྣམས་ཞེས་བྱ་བ་ནི་འདི་ལྟ་སྟེ། ངོ་བོ་ཉིད་ཀྱི་ཁྱད་པར་ཚིག་བླ་དགས་ཀྱི་གནས་སུ་གྱུར་པའི་ཡི་གེ་རྣམས་ཏེ། དཔེར་ན་ཨ་ཨི་ཨུ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡིག་འབྲུ་ནི་སྒྲིབ་པར་བྱེད་པའི་དོན་ཏེ། དེ་གཉི་གའི་སྒྲིབ་པའི་ཕྱིར་རོ། །ཡིག་

འབྲུ་ནི་གསལ་བར་བྱེད་པ་ཞེས་ཀྱང་བྱ་སྟེ། དོན་གསལ་བར་བྱེད་པའི་ཕྱིར་རོ། །འདི་ནི་ཡི་གེ་ཞེས་ཀྱང་བྱ་སྟེ་ཐ་དད་པར་འཇུག་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན་མིག་ལ་མིག་ཅེས་བྱ་བ་ནི་མིང་དེ་ལས་གུད་ན་གཞན་གསལ་བར་བྱེད་པ་དང་། ཁྲིད་བྱེད་ཅེས་བྱ་བ་ལ་སོགས་

པའི་མིང་གི་རྣམ་གྲངས་སུ་འགྱུར་ཞིང་འཇུག་པ་ཡོད་པས་དེ་དག་གི་དབང་གིས་མཚུངས་པར་དེའི་མཚན་ཉིད་རབ་ཏུ་སྟོན་པའི་ཕྱིར། ཨ་ཨི་ལ་སོགས་པའི་ཡི་གེ་ནི་དེ་ལྟ་མ་ཡིན་ཏེ། ཨ་ཨི་ལ་སོགས་པའི་ཁྱད་པར་ལས་ལོགས་ཤིག་ན་ཁྱད་པར་གཞན་གྱིས་ཡི་གེ་འདི་དག་རབ་ཏུ་སྟོན་པར་བྱེད་པའི་

ཕྱིར། ཐ་དད་པ་མེད་པར་འཇུག་པ་ལ་ཡི་གེ་ཞེས་བཤད་དོ། །དེ་ལ་ཐ་དད་པ་མེད་པར་འཇུག་པ་ནི་འདི་ལྟ་སྟེ། གཞན་དུ་མི་འགྱུར་བའོ་ཞེས་འབྱུང་སྟེ། བསྟན་བཅོས་ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང་། རྣམ་པར་བཤད་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བཤད་དོ། །གཞན་ཡང་བསྟན་

བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མིང་དང་ཚིག་གི་རྗེས་སུ་གསལ་བར་བྱེད་པའི་ཕྱིར་ཡི་གེ་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །དེའི་ངོ་བོ་ཉིད་བསྟན་པ་ཡང་། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་སྒྲ་ལས་ལོགས་ཤིག་ན་

Vol. 119 · folio 146b

ངོ་བོ་ཉིད་དུ་གྱུར་པ་ཡོད་དོ། །དེ་ཡང་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ཡིན་ནོ་ཞེས་བཤད་དེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །མདོ་སྡེ་པ་དག་ནི་སྒྲ་ལ་བརྟེན་ནས་

བཏགས་པ་ཙམ་དུ་མིང་ལ་སོགས་པ་ཞེས་ཟེར་བས་དེ་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་སྒྲའི་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་ཏེ། སྒྲ་ལས་ལོགས་ཤིག་ན་མིང་དང་ཚིག་ལ་སོགས་པ་མེད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་ཡིན་ཏེ་ཡིད་ཀྱི་རྣམ་

པར་ཤེས་པ་ཙམ་ཁོ་ན་ཡིན་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་སྒྲའི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་བསྡུས་པའི་ཕྱིར་རོ་ཞེའོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པས་བཏགས་པ་ཡིན་གྱི། རྫས་སུ་

ཡོད་པ་མ་ཡིན་ནོ་ཞེས་བཤད་དེ། ཞིབ་ཏུ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་དག་སོ་སོ་ལས་ཡང་དག་པར་རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་བཞི་པ་མ་

འདྲེས་པར་རྣམ་པར་བཤད་པ་བསྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པས་བསྟན་ཏེ་འདི་ནི་ཞུ་བ་གསོལ་པའོ། །མ་འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟེ། འདི་ལྟར་མིང་ལ་སོགས་པ་མ་འདྲེས་པའི་

མཚན་ཉིད་ཀྱི་བརྗོད་པ་དང་། ནུས་པ་སོ་སོ་ཐ་དད་པར་ཤེས་པ་གང་ཡིན་པ་དེ་ནི་སོ་སོ་བ་ལས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བས་སོ། །དེ་དག་བསྡུས་པ་ལས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་ལྔ་པ་འདྲེས་པ་རྣམ་པར་བཤད་པ་བསྟན་ཏོ། །འདི་ཡང་ཞུ་བ་

གསོལ་བ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་པའོ། །འདི་ལྟ་སྟེ། འདྲེས་པ་ལ་དམིགས་པའི་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་ནི། གཉིས་པ་ཡང་དག་པར་ལན་དུ་གསུངས་པ་སྟེ། འདི་ལྟར་མིང་ལ་སོགས་པ་རྣམ་པ་གསུམ་འདྲེས་པ་གཅིག་ཏུ་བསྡུས་ནས་བརྗོད་

Vol. 119 · folio 147a

པར་བྱ་བའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདྲེས་པ་ཡང་དག་པར་རིག་པ་ཞེས་བྱའོ། །འདྲེས་པ་དང་མ་འདྲེས་པ་དེ་དག་རྣམ་པར་བཤད་པ་ལ་ཡང་རྣམ་པ་ལྔ་ཡོད་པ་ནི་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་ཆོས་སོ་སོ་ཡང་དག་

པར་རིག་པ་ཞེས་བྱའོ་ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་ཡིན་པ་རིག་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་མཚན་ཉིད་རྣམ་པ་བཅུས་དོན་སོ་སོ་ཡང་དག་པར་རིག་པར་འགྱུར་ཏེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་

པ་གཉིས་སུ་དབྱེ་སྟེ། ཞི་གནས་དང་ལྷག་མཐོང་གི་དོན་རིག་པར་འགྱུར་བར་བསྟན་པ་དང་། ཤེས་རབ་རྣམ་པ་གསུམ་གྱི་དོན་རིག་པར་འགྱུར་བར་བསྟན་པའོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཤེས་རབ་རྣམ་པ་གསུམ་ནི་དོན་སོ་སོ་ཡང་དག་པར་རིག་པའི་ནང་དུ་མ་གཏོགས་པས། དོན་སོ་སོ་ཡང་དག་པར་

རིག་པ་དེ་ཉིད་ཀྱང་རྣམ་པ་བཞིར་དབྱེ་སྟེ། དོན་རྣམ་པ་བཅུ་ལས་བརྩམས་ནས། དོན་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པ་དང་དོན་རྣམ་པ་ལྔ་ལས་བརྩམས་ནས་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པ་དང་དོན་རྣམ་པ་བཞི་ལས་བརྩམས་ནས། དོན་སོ་སོ་ཡང་དག་པར་རིག་པ་རྣམ་

པར་བཤད་པ་དང་དོན་རྣམ་པ་གསུམ་པ་ལས་བརྩམས་ནས་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པའོ། །དོན་རྣམ་པ་བཅུ་ལས་བརྩམས་པ་དེ་ཡང་རྣམ་པ་བཞིར་དབྱེ་སྟེ། སྒོ་བསྟན་ནས་གྲངས་སྨོས་པ་དང་། གྲངས་སྨོས་པ་བཞིན་དུ་མིང་བཀོད་པ་དང་། གོ་རིམས་བཞིན་དུ་

རྣམ་པར་ཕྱེ་སྟེ་བཤད་པ་དང་སྤྱིའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོ་སྒོ་བསྟན་ནས་གྲངས་སྨོས་པའོ། །ཇི་སྙེད་ཡོད་པ་ཉིད་ཤེས་པ་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཤེས་པ་དང་། འཛིན་པའི་དོན་ཤེས་པ་དང་། གཟུང་བའི་དོན་ཤེས་པ་དང་། རྣམ་པར་གཞག་པའི་དོན་ཤེས་པ་དང་།

ལོངས་སྤྱོད་ཀྱི་དོན་ཤེས་པ་དང་། ཕྱིན་ཅི་ལོག་གི་དོན་ཤེས་པ་དང་། ཕྱིན་ཅི་མ་ལོག་པའི་དོན་ཤེས་པ་དང་། ཀུན་ནས་ཉོན་མོངས་པའི་དོན་ཤེས་པ་དང་། རྣམ་པར་བྱང་བའི་དོན་ཤེས་པས་སོ་ཞེས་བྱ་བ་ནི་གཉིས་པ་གྲངས་སྨོས་པ་བཞིན་དུ་མིང་བཀོད་པའོ། །རིགས་ཀྱི་བུ་ཇི་

Vol. 119 · folio 147b

སྙེད་ཡོད་པ་ཉིད་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ལ་རྣམ་པ་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་མཐར་ཐུག་པ་གང་ཡིན་པ་དེ་ནི་འདིར་ཇི་སྙེད་ཡོད་པ་ཉིད་ཅེས་བྱ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་ནས་བཤད་པ་སྟེ། དོན་རྣམ་པ་བཅུ་

རྣམ་པར་ཕྱེ་སྟེ། བཤད་པ་ཉིད་ལས་རྣམ་པ་བཅུར་དབྱེའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཡང་དག་པར་རྣམ་པར་བཤད་པ་དང་། དངོས་པོ་བསྟན་ནས་ཟླས་རྣམ་པར་བཤད་པའོ། །འདི་ནི་དང་པོ་སྟེ། མདོའི་ཚིག་འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། མདོར་བསྟན་པ་དང་། རྣམ་

པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ལྟར་ཡོངས་སུ་ཤེས་པར་བྱ་བའི་ཆོས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ལས་གུད་ན་མེད་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ལ་རྣམ་པར་རབ་ཏུ་དབྱེ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཆོས་རྣམས་མ་ལུས་པར་བསྡུས་

པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཕུང་པོ་རྣམས་ཀྱི་གྲངས་ལྔས་སོ། །ནང་གི་སྐྱེ་མཆེད་རྣམས་ཀྱི་ནི་གྲངས་དྲུག་གིས་སོ། །ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་ཡང་གྲངས་དྲུག་གོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དོ་ཞེས་བྱ་བ་ནི་གཉིས་པ་དངོས་པོ་བསྟན་

ནས། ཟླས་རྣམ་པར་བཤད་པའོ། །ཇི་ལྟར་ཕུང་པོ་རྣམས་ཀྱི་ནི་གྲངས་ལྔས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་ཉིད་ནི་དངོས་པོ་བསྟན་པ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་གཉིས་ཡོད་པས། དང་པོ་ནི་འདུས་བྱས་ཐམས་ཅད་དེ། དཔེར་ན་ཕུང་པོའི་གྲངས་ནི་ལྔའོ་ཞེས་བྱ་

བས་འདུས་བྱས་མཐའ་དག་བསྡུས་པའི་ཕྱིར་ཇི་སྙེད་ཡོད་པ་ཉིད་ཅེས་གསུངས་སོ། །གཉིས་པ་ནི་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ནི་ནང་གི་སྐྱེ་མཆེད་དྲུག་དང་། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་སྟེ། བཅུ་གཉིས་པོ་དེ་དག་གིས་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་བསྡུས་པའི་ཕྱིར་ཡང་

ཇི་སྙེད་ཡོད་པ་ཉིད་ཅེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དོ་ཞེས་བྱ་བས་ནི་ཟླས་རྣམ་པར་བཤད་པ་ཉིད་བསྟན་ཏེ། ཕུང་པོ་དང་སྐྱེ་མཆེད་ལ་ཇི་ལྟ་བ་དེ་བཞིན་དུ་ཁམས་བཅོ་བརྒྱད་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི་འདི་ལྟ་སྟེ། ཀུན་ནས་

Vol. 119 · folio 148a

ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འདིར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྡུས་ནས་བསྟན་

པ་དང་། རྒྱ་ཆེར་བཤད་པའོ། །དང་པོ་མདོར་བསྡུས་ནས་བསྟན་པ་འདི་ཡང་རྣམ་པ་གསུམ་དུ་ཕྱེ་ནས་བསྟན་ཏེ། མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ལ་རོ་གཅིག་པའི་དེ་བཞིན་ཉིད་དང་།

མཉམ་པའི་ཆོས་ཉིད་ཡོད་པ་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ། །ངོ་བོ་ཉིད་འདི་གཉིས་ཀྱང་དང་པོ་མདོ་འདི་ཉིད་ལས་གསུངས་པ་ཡིན་པས། བསྟན་བཅོས་མཛད་པའི་སློབ་དཔོན་རྣམས་ཀྱིས་འདི་ལྟར་སོ་སོ་ནས་དོན་གྱིས་མདོའི་ཚིག་བཟུང་ནས་མི་མཐུན་པ་རྣམ་པ་སྣ་ཚོགས་སུ་བཤད་དེ།

བསྟན་བཅོས་རྣམ་པར་བཤད་པ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། མདོ་འདི་ཉིད་དང་མཐུན་པར་བཤད་དོ། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསུམ་པོ་

དག་ནི་ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །བདེན་པ་བཞི་དང་། རྣམ་པ་བཅུ་དྲུག་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་ཕྱག་རྒྱ་བཞི་དང་། རྣམ་པར་ཐར་པ་གསུམ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས།

ཇི་སྙེད་ཡོད་པ་ཉིད་ནི་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་དང་། རྣམ་པ་བཅུ་དྲུག་དང་། དེ་བཞིན་ཉིད་དང་། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་

ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བ་དང་། སྟོང་པ་དང་སྨོན་པ་མེད་པ་དང་མཚན་མ་མེད་པའོ་ཞེས་འབྱུང་སྟེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པའི་ནང་ནས་འདི་ཉིད་ཀྱི་བཤད་པ་ལས་ནི། ཕྱོགས་ཀྱི་ཚད་དང་མཐའ་ནི་འདི་དག་ཏུ་ཟད་དོ་ཞེས་དེའི་ཕུང་པོ་

Vol. 119 · folio 148b

དང་ཁམས་དང་སྐྱེ་མཆེད་གསུམ་པོ་དག་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །དོན་དེ་ལྟ་བུ་ལ་སོགས་པའི་ཁྱད་པར་གྱི་སྒོ་ནས་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་

བཞིན་ནོ། །གོང་དུ་བསྟན་པའི་བསྟན་བཅོས་རྣམ་པ་གཉིས་ལས་མདོའི་དགོངས་པ་བཤད་པ་དང་སྦྱར་ན་ཆོས་ཀྱི་རྣམ་གྲངས་གསུམ་གྱིས་ཆོས་རྣམས་མ་ལུས་པར་བསྡུས་པས་ན། ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །འདི་ལྟར་འཕགས་པའི་བདེན་པ་བཞིའི་རིགས་པ་བསྟན་པ་ནས་སྨོན་པ་མེད་པ་ལ་སོགས་

པའི་བར་དུ་བསྟན་པ་གང་ཡིན་པ་དེ་དག་གིས་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ཁོང་དུ་ཆུད་པར་འགྱུར་བས། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱའོ། །དེ་བཞིན་ཉིད་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བྱ་བ་ནི་མ་ཡིན་ཞེས་བསྟན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་མིང་བཀོད་པར་ཟད་ཀྱི། རྣམ་

པར་བཤད་པ་ནི་མེད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་སྦྱར་ན་ནི་སྔར་བཤད་པ་དག་དང་མི་མཐུན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། དེ་ལ་ཇི་སྙེད་ཡོད་པ་ཉིད་གང་ཡིན་ཞེ་ན། འདི་ལྟ་སྟེ། ཕན་ཆད་གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་

དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་མེད་དོ་ཞེས་ཆོས་ལྔས་འདུས་བྱས་ཀྱིས་དངོས་པོ་ཐམས་ཅད་བསྡུས་པ་དང་། ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ཆོས་ཐམས་ཅད་བསྡུས་པ་དང་། འཕགས་པའི་བདེན་པ་བཞི་པོ་དག་གིས་ཤེས་བྱའི་དངོས་པོ་ཐམས་ཅད་བསྡུས་པ་གང་ཡིན་པ་དེ་ནི་

ཇི་སྙེད་ཡོད་པ་ཉིད་ཅེས་བྱའོ། །དེ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། དམིགས་པའི་ཡང་དག་པ་ཉིད་གང་ཡིན་པ་དང་། དེ་བཞིན་ཉིད་གང་ཡིན་པ་དེ་ནི་དམིགས་པ་རྣམ་པ་བཞི་པོ་འདི་ལྟ་སྟེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་།

ཆོས་ཉིད་ཀྱི་རིགས་པ་དང་ལྡན་པ་སྟེ་ཞེས་འབྱུང་བ་ཡིན་ཏེ། དེ་ལ་མི་མཐུན་པ་ཞེས་བྱ་བ་ཡང་བསྟན་བཅོས་ཆོས་མངོན་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། འཕགས་པའི་བདེན་པ་བཞི་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་བཤད་དེ་གོང་དུ་བསྟན་པ་བཞིན་ནོ། །བསྟན་བཅོས་

Vol. 119 · folio 149a

རྣལ་འབྱོར་སྤྱོད་པའི་ས་ལས་ནི། དོན་གྱིས་འཕགས་པའི་བདེན་པ་བཞི་ལ་ཇི་སྙེད་ཡོད་པ་ཉིད་ཅེས་བཤད་པས་སོ། །དེ་ལྟར་བཤད་པ་ཡང་འཕགས་པའི་བདེན་པ་བཞི་པོ་དག་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་བསྡུས་པས་དོན་དེ་ལས་

བརྩམས་པའི་ཕྱིར་ཇི་སྙེད་ཡོད་པ་ཉིད་ཅེས་བསྟན་ཏེ། སོ་སོ་ནས་དོན་རེ་རེ་སྨོས་པའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་གཅིག་ལས་རིགས་པ་རྣམ་པ་བཞི་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་མ་བསྟན་པ་དང་། བསྟན་

བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཆོས་ཀྱི་ཕྱག་རྒྱ་རྣམ་པ་བཞི་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཅེས་མ་བསྟན་པའི་ཕན་ཚུན་གཅིག་གིས་གཅིག་རབ་ཏུ་བསྟན་པས་ན་འགལ་བ་མེད་དོ། །དེ་བཞིན་ཉིད་དང་ཁམས་དང་སྐྱེ་མཆེད་ཀྱིས་མ་བསྡུས་སམ་ཞེ་ན། ཅིའི་ཕྱིར་ཇི་སྙེད་ཡོད་པ་ཉིད་ཅེས་

མ་བསྟན་ཞེ་ན། སྨྲས་པ། ཡང་དག་པའི་དོན་དུ་ན་ངོ་བོ་ཉིད་གཉིས་པ་དག་གི་ངོ་བོ་ཉིད་ལ་ཡངས་དོག་མེད་ཀྱང་། ཁམས་དང་སྐྱེ་མཆེད་ཀྱིས་ཆོས་ཐམས་ཅད་བསྡུས་པའི་ཕྱིར་དང་། རགས་པ་རྣམ་པ་བཞི་པོ་དག་གིས་ཆོས་རྣམས་མ་ལུས་པར་བསྡུས་པའི་ཕྱིར། ཕན་ཚུན་གཅིག་གིས་གཅིག་

བསྟན་པའི་དབང་དུ་མཛད་ནས་ཕུང་པོ་ལ་སོགས་པའི་ཆོས་གསུམ་པོ་དག་ལ་ནི་ཇི་སྙེད་ཡོད་པ་ཞེས་བསྟན་ལ། དེ་བཞིན་ཉིད་བདུན་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཞེས་བསྟན་ཏོ། །ཡང་ན་མཚན་ཉིད་ཀྱི་རྗེས་སུ་རྣམ་པར་དབྱེ་ན་མུ་རྣམ་པ་བཞིར་འགྱུར་ཏེ། ཇི་སྙེད་པ་ཡིན་ལ་ཇི་ལྟ་བ་བཞིན་མ་ཡིན་

པ་ཡང་ཡོད་དེ། ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་ལྟ་བུའོ། །ཇི་ལྟ་བ་བཞིན་ཡིན་ལ་ཇི་སྙེད་པ་མ་ཡིན་པ་ཡང་ཡོད་དེ། དེ་བཞིན་ཉིད་བདུན་ལ་སོགས་པ་ལྟ་བུའོ། །ཇི་སྙེད་པ་ཡང་མ་ཡིན་ལ་ཇི་ལྟ་བ་བཞིན་ཡོད་པ་ཡང་ཡོད་དེ། འཕགས་པའི་བདེན་པ་བཞི་པོ་ལྟ་བུའོ། །ཇི་སྙེད་པ་ཡང་མ་ཡིན་

ལ་ཇི་ལྟ་བ་བཞིན་མ་ཡིན་པ་ཡང་ཡོད་དེ། ནམ་མཁའི་མེ་ཏོག་ལ་སོགས་པ་ལྟ་བུའོ།། །།བམ་པོ་བཞི་བཅུ་གཉིས་པ། དེ་ཡང་རྣམ་པ་བདུན་ཏེ་ཞེས་བྱ་བ་འདི་མན་ཆད་ཀྱིས་གཉིས་པ་དེ་བཞིན་ཉིད་རྣམ་པ་བདུན་རྒྱ་ཆེར་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་མདོར་

Vol. 119 · folio 149b

སྨོས་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་དང་། མཉམ་པ་ཉིད་རྣམ་པ་བཞི་ལས་བརྩམས་ནས་དེ་བཞིན་ཉིད་བདུན་བསྡུ་བ་སྟེ། འདི་ནི་དང་པོའོ། །འཇུག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ཀྱི་ཐོག་མ་དང་ཐ་མ་མེད་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་

གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །དེ་བཞིན་ཉིད་བདུན་པོ་འདི་ཉིད་ནི་དང་པོའི་མདོ་སྡེ་དེ་ཉིད་ལས་གསུངས་པ་ཡིན་པས། བསྟན་བཅོས་མཛད་པའི་སློབ་དཔོན་རྣམས་ཀྱིས་ཀྱང་མདོ་འདི་ཉིད་ཀྱི་ཚིག་འདི་ལ་བརྟེན་ནས། སོ་སོ་ནས་མི་མཐུན་པར་བསྟན་ཏེ། འཕགས་པ་

སངས་རྒྱས་ཀྱི་སའི་འགྲེལ་པ་དང་། བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་དང་། སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་ལས་ནི་དེ་བཞིན་ཉིད་ཁོ་ན་ལས་བརྩམས་ནས་རྣམ་པ་བདུན་དུ་འབྱེད་དེ། བཤད་པ་འདི་དང་སྦྱར་ན་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་དེ་བཞིན་ཉིད་གཅིག་པུ་ནི་ལས་ཡོངས་སུ་འཛིན་

པ་ཁོ་ནའི་རྣམ་པར་བཤད་པ་ཡིན་ཏེ། དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་བཞིན་ཉིད་ལ་ནི་དོན་རྣམ་པ་གཉིས་ཡོད་དེ། དང་པོ་ནི་བཏགས་པ་དང་རྫས་སུ་ཡོད་པ་སོ་སོར་ཕྱེ་སྟེ། བརྗོད་ན་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཁོ་ན་ཡིན་པར་འགྱུར་བས།

འགོག་པའི་བདེན་པ་ནི་བཏགས་པའི་ཡོད་པ་ཡིན་ལ། དེ་བཞིན་ཉིད་ནི་རྫས་སུ་ཡོད་པ་ཡིན་ཏེ། འགོག་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི་བཏགས་པ་རྫས་སུ་ཡོད་པའི་རྗེས་སུ་བསྡུ་ན། ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། འགོག་པ་ཉིད་དེ་བཞིན་ཉིད་ཡིན་པའི་ཕྱིར། གཞན་

ལྔ་པོ་དག་ནི་བདག་པོ་དབང་དུ་བྱས་པའི་རྣམ་པར་བཤད་པ་ཁོ་ན་ཡིན་ཏེ། འདི་ལྟ་སྟེ། འཇུག་པའི་དེ་བཞིན་ཉིད་ཅེས་བྱ་བ་ནས་ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཅེས་བྱ་བའི་བར་གྱི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །བསྟན་བཅོས་མདོ་སྡེའི་རྒྱན་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ནི་མཚན་

ཉིད་ཁོ་ནའི་དབང་དུ་མཛད་ནས་སྟོན་ཏེ། འཇུག་པ་ལ་སོགས་པ་དེ་དག་སོ་སོ་ནས་རང་གི་བདག་ཉིད་ཇི་ལྟ་བ་བཞིན་དུ་རང་གི་ངོ་བོ་ཉིད་མི་སྟོན་པས་དེ་བཞིན་ཉིད་ཅེས་བྱའི་རོ་གཅིག་པའི་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་བྱ་བ་ན་མ་ཡིན་ནོ། །དེ་ལ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གཅིག་པུ་ནི་ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་དེ་བཞིན་

Vol. 119 · folio 150a

ཉིད་དོ། །རྣམ་པར་དག་པ་དོན་གཉིས་དང་ལྡན་པ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །གཞན་ལྔ་པོ་དག་ནི་ཡང་དག་པའི་དེ་བཞིན་ཉིད་མ་ཡིན་ནོ་ཞེས་བཤད་དེ་བཤད་པ་འདི་དང་སྦྱར་ན། དེ་བཞིན་ཉིད་བདུན་ཆར་ཡང་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ནོ། །བསྟན་བཅོས་

རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་དོན་རྣམ་པ་གཉིས་ཀྱིས་སྟོན་ཏེ། དང་པོ་དེ་བཞིན་ཉིད་ལས་བརྩམས་པ་ནི་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བསྟན་པ་དང་མཐུན་ནོ། །གཉིས་པ་མཚན་ཉིད་ཀྱི་དབང་དུ་བྱས་པ་ནི་མདོ་སྡེའི་རྒྱན་ལ་སོགས་པ་ལས་བསྟན་པ་དག་དང་མཐུན་ཏེ། དེའི་ཕྱིར་བསྟན་

བཅོས་དེ་ཉིད་ལས། དེ་ཁོ་ན་ཉིད་བདུན་པོ་འདི་དག་ནི་ཡོངས་སུ་གྲུབ་པས་བསྡུས་ཏེ། རྩ་བ་དང་རྗེས་ལས་ཐོབ་པའི་ཡེ་ཤེས་གཉིས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །མཚན་ཉིད་ཀྱི་རྗེས་སུ་བསྡུ་ན་འཇུག་པ་དང་། སྡུག་བསྔལ་དང་། ཀུན་འབྱུང་གསུམ་གྱི་ངོ་བོ་ཉིད་སྔ་མ་གཉིས་ཀྱིས་བསྡུས་ཏེ། ཡང་དག་པ་

མ་ཡིན་པས་ཀུན་ནས་ཉོན་མོངས་པར་མངོན་པར་ཞེན་པའི་ཕྱིར་རོ། །གཞན་བཞི་པོ་དག་ནི་ཡོངས་སུ་གྲུབ་པས་བསྡུས་སོ་ཞེས་འབྱུང་བ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་དེ་བཞིན་ཉིད་བདུན་པོ་ཐམས་ཅད་ཀྱང་དག་པའི་དེ་བཞིན་ཉིད་ཡིན་ནོ་ཞེས་བཤད་དེ། དེ་ལས་དེ་བཞིན་ཉིད་བདུན་པོ་དག་ལ་

ཀུན་དུ་ཁྱབ་པ་ཞེས་སྟོན་པའི་ཕྱིར་རོ། །ཡང་ན་མཚན་ཉིད་ཀྱི་རྗེས་སུ་རབ་ཏུ་དབྱེ་ན་སྔ་མ་གསུམ་ནི་ཡང་དག་པའི་དེ་བཞིན་ཉིད་ཡིན་ནོ། །ཕྱི་མ་བཞི་ནི་བདེན་པ་བཞི་ཡིན་ནོ་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ཕལ་ཆེར་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་བས།

དེའི་ཕྱིར་ལོགས་ཤིག་ཏུ་རྣམ་པར་ཕྱེ་སྟེ་མ་བསྟན་ཏོ། །རྒྱ་ཆེར་རྣམ་པར་དབྱེ་བ་ནི་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་དང་སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་ལ་སོགས་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འདིར་དེ་བཞིན་ཉིད་རྣམ་པ་བདུན་སྟོན་པར་མཛད་པས་དེ་ཉིད་ལས་རྣམ་པ་བདུན་དུ་དབྱེ་སྟེ།

འདི་ནི་དང་པོ་འཇུག་པའི་དེ་བཞིན་ཉིད་རྣམ་པར་བཤད་པའོ། །འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་ཀྱི་ཐོག་མ་དང་ཐ་མ་མེད་པ་ཉིད་ཅེས་བྱ་བ་གང་ཡིན་པ་ཞེས་བྱ་བ་འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་འདུ་བྱེད་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ཁོ་ནའི་ངོ་བོ་ཉིད་ལ་ཐོག་མ་དང་ཐ་མའི་མཐའ་མེད་པའི་

Vol. 119 · folio 150b

ཕྱིར་ཐོག་མ་དང་ཐ་མ་མེད་པ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་རེ་འཇུག་པ་ཉིད་ལ་དེ་བཞིན་ཉིད་ཅེས་བཤད་དེ། འདི་ལྟར་འདུ་བྱེད་ཐམས་ཅད་ནི་སྐད་ཅིག་རེ་རེ་ལ་སྐྱེ་འགག་དང་བཅས་པས་སྔོན་མེད་པ་ལས་ཡོད་པར་གྱུར་པ་གང་ཡིན་པ་དེ་ནི་སྐྱེ་བ་ཞེས་བྱ་བས་དེའི་ཕྱིར་ཐོག་མ་མེད་པ་ཉིད་ཅེས་བྱའོ། །

ཡོད་པར་གྱུར་ནས་ཡང་མེད་པར་གྱུར་པ་གང་ཡིན་པ་དེ་ནི་འགག་པ་ཞེས་བྱ་བས་ན་ཐ་མ་མེད་པ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་རེ་འདུ་བྱེད་རྣམས་འཇུག་པ་ལ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་ཉིད་ཅེས་བྱའོ་ཞེའོ། །བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་དང་སྟོང་པ་

ཉིད་བཅོ་བརྒྱད་བསྟན་པ་དང་སྦྱར་ན། རེ་རེ་ལ་ཡང་བཤད་པ་རྣམ་པ་གསུམ་གསུམ་ཡོད་པ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་གང་ཟག་བདག་མེད་པ་དང་ཆོས་བདག་མེད་པ་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་

མཚན་ཉིད་ཀྱི་དེ་བཞིན་ཉིད་རྣམ་པར་བཤད་པ་སྟེ། ཆོས་ཐམས་ཅད་ལ་བདག་མེད་པའི་དེ་བཞིན་ཉིད་གང་ཡིན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་བདག་མེད་པ་གཉིས་ཀྱིས་ཡོངས་སུ་བཟུང་བའི་དེ་ཁོ་ན་ཉིད་གང་ཡིན་པའོ་ཞེས་བཤད་དོ། །ཅིའི་ཕྱིར་མདོ་སྡེ་དང་། བསྟན་

བཅོས་ལས་དེ་ལྟར་ཐ་དད་པར་གྱུར་ཞེ་ན། ཡང་དག་པའི་དོན་དུ་ན་བདག་མེད་པ་ཉིད་ནི་ཆོས་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་དེ་ཁོ་ན་ཉིད་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་ན། མདོ་འདི་ལས་ནི་གང་ལ་མངོན་པར་ཞེན་པ་དེ་ལས་རབ་ཏུ་གསལ་བར་བྱེད་པའི་མིང་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་

ལས་ནི། དེ་ཁོ་ན་ཉིད་ཀྱི་དབང་དུ་མཛད་ནས་བསྟན་པའི་ཕྱིར། རབ་ཏུ་གསལ་བར་བྱ་བ་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། འདུས་བྱས་དང་འདུས་མ་བྱས་གང་ཡིན་པ་དེ་ནི་ཡོད་པ་ཞེས་བྱའོ། །བདག་དང་བདག་གི་མེད་པ་གང་ཡིན་པ་དེ་ནི་མེད་པ་ཞེས་བྱའོ་ཞེས་

བསྟན་པ་ཡིན་པའོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་རྣམ་པར་རིག་པ་ཙམ་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་གསུམ་པ་རྣམ་པར་རིག་པ་ཙམ་གྱི་དེ་བཞིན་ཉིད་རྣམ་པར་བཤད་པའོ། །དེ་བཞིན་ཉིད་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། སངས་རྒྱས་ཀྱི་སའི་འགྲེལ་པ་

Vol. 119 · folio 151a

ལ་སོགས་པ་ལས་བསྟན་པ་དང་སྦྱར་ན་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྣམ་པར་རིག་པ་ཙམ་ཉིད་ཅེས་བྱའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་དང་སྦྱར་ན་ནི་དོན་རྣམ་པ་གཉིས་ཡོད་དེ། གཅིག་ནི་སངས་རྒྱས་ཀྱི་

སའི་འགྲེལ་པ་ལས་བསྟན་པ་དང་མཐུན་ནོ། །ཡང་བཤད་པ་གཅིག་ཡོད་པ་ལས་ནི་འདུ་བྱེད་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་བསྒོམ་པའི་ཤེས་པའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མཚན་ཉིད་ཀྱི་རྗེས་སུ་བྱས་ཏེ་བརྗོད་ན་ཡོངས་སུ་གྲུབ་པས་གསུངས་

སོ་ཞེས་བཤད་དེ། དེ་ལྟར་མཚན་ཉིད་ཀྱི་རྗེས་སུ་བྱ་ན་ཡོངས་སུ་གྲུབ་པ་ཡིན་པར་བཤད་པ་དང་སྦྱར་ན་ཟག་པ་མེད་པ་རྣམ་པར་རིག་པ་ཙམ་དུ་སྒོམ་པའི་ཤེས་པ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་མདོ་སྡེའི་རྒྱན་ལས་རྣམ་པར་རིག་པ་ཙམ་གྱི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། རྣམ་པར་

མི་རྟོག་པའི་ཡེ་ཤེས་གང་ཡིན་པའོ་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་རྣམ་པར་རིག་པ་ཙམ་གྱི་དེ་བཞིན་ཉིད་ནི་འདུས་བྱས་དང་འདུ་བྱེད་རྣམས་སེམས་ཙམ་དུ་ཤེས་པ་གང་ཡིན་པའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །གནས་

པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ངས་སྡུག་བསྔལ་འཕགས་པའི་བདེན་པ་རྣམས་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ནི་བཞི་པ་སྡུག་བསྔལ་གྱི་བདེན་པའི་དེ་བཞིན་ཉིད་རྣམ་པར་བཤད་པའོ། །དེ་བཞིན་ཉིད་འདི་ཡང་དོན་རྣམ་པ་གཉིས་དང་ལྡན་ཏེ། འདི་ལྟར་སྡུག་བསྔལ་གྱི་བདེན་པའི་དེ་ཁོ་ན་ཉིད་དམ། ཡང་ན་

སྡུག་བསྔལ་གྱི་བདེན་པ་ནི་ཀུན་འབྱུང་བའི་བདེན་པའི་རྒྱུ་ལས་མངོན་པར་གྲུབ་པའི་ཕྱིར་གནས་པ་ཞེས་བྱའོ། །ཡང་ན་བདེན་པ་བཞི་པོ་ཀུན་ཀྱང་རྣམ་པར་གཞག་པ་ཞེས་བྱ་སྟེ། སྡུག་བསྔལ་གྱི་བདེན་པ་དང་པོར་སྨོས་པས་གནས་པའི་མིང་ཐོབ་པ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་དང་། རྣལ་འབྱོར་

སྤྱོད་པའི་ས་ལས་ནི་དོན་གྱིས་གནས་པ་སྟོན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་མངོན་པར་ཞེན་པ་ཞེས་འབྱུང་སྟེ། བདག་དང་བདག་གིར་འཛིན་པའི་གནས་སུ་གྱུར་པའི་ཕྱིར་རོ། །བསྟན་བཅོས་སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་ལས་ནི་གནས་ཞེས་འབྱུང་སྟེ། སེམས་ཅན་གྱི་རྟེན་

Vol. 119 · folio 151b

གྱི་གནས་སུ་གྱུར་པའི་ཕྱིར་རོ། །ལོག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ངས་ཀུན་འབྱུང་བ་འཕགས་པའི་བདེན་པ་རྣམས་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ནི་ལྔ་པ་ཀུན་འབྱུང་བའི་བདེན་པའི་དེ་བཞིན་ཉིད་རྣམ་པར་བཤད་པ་སྟེ། འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་པ་ནི་གོང་དུ་སྡུག་

བསྔལ་གྱི་བདེན་པའི་དེ་བཞིན་ཉིད་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། རྣམ་པར་དག་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ངས་འགོག་པ་འཕགས་པའི་བདེན་པ་རྣམས་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ནི་དྲུག་པ་འགོག་པ་འཕགས་པའི་བདེན་པའི་དེ་བཞིན་ཉིད་རྣམ་པར་བཤད་པ་སྟེ། འདི་

ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ནི་འདི་ལྟ་སྟེ། ངས་ལམ་འཕགས་པའི་བདེན་པ་རྣམས་བསྟན་པ་གང་ཡིན་པའོ་ཞེས་བྱ་བ་ནི་བདུན་པ་ལམ་འཕགས་པའི་བདེན་པའི་དེ་བཞིན་ཉིད་རྣམ་པར་བཤད་པ་སྟེ། འདི་ལ་ཡང་

བཤད་པ་རྣམ་པ་གཉིས་ཡོད་པ་ནི་བརྡ་ཕྲད་པར་ཟད་དོ། །དེ་ལ་འཇུག་པའི་དེ་བཞིན་ཉིད་དང་གནས་པའི་དེ་བཞིན་ཉིད་དང་ལོག་པར་སྒྲུབ་པའི་དེ་བཞིན་ཉིད་ཀྱི་ཕྱིར་ནི་སེམས་ཅན་ཐམས་ཅད་མཚུངས་ཤིང་མཉམ་མོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་མཉམ་པ་ཉིད་རྣམ་པ་བཞི་ལས་བརྩམས་ནས།

དེ་བཞིན་ཉིད་དང་བདུན་བསྡུ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་བ་ལས་འདི་ནི་དང་པོ་སྟེ། འདི་ལྟར་དེ་བཞིན་ཉིད་རྣམ་པ་གསུམ་གྱི་ཕྱིར། སེམས་ཅན་རྣམས་མཚུངས་ཤིང་མཉམ་པར་གྱུར་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་འཇུག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་པོ་དག་ཡིན་ལ།

གནས་པ་དང་ལོག་པར་སྒྲུབ་པ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ཡིན་ཏེ། འདི་དག་གི་དབང་གིས་སེམས་ཅན་རྣམས་མངོན་པར་གྲུབ་ཅིང་གནས་པའི་ཕྱིར་རོ། །མཚན་ཉིད་ཀྱི་དེ་བཞིན་ཉིད་དང་རྣམ་པར་རིག་པའི་དེ་བཞིན་ཉིད་ཀྱི་ཕྱིར་ནི་ཆོས་ཐམས་ཅད་མཚུངས་ཤིང་མཉམ་མོ་ཞེས་བྱ་བ་ནི་གཉིས་པ་

དེ་བཞིན་ཉིད་ཀྱི་རྣམ་པ་གཉིས་ཀྱི་ཕྱིར་ཆོས་ཐམས་ཅད་མཉམ་པར་གྱུར་པ་ཉིད་དུ་བསྟན་པ་སྟེ། ཆོས་རྣམས་ཐམས་ཅད་ནི་དེ་བཞིན་ཉིད་རྣམ་པར་རིག་པ་ཙམ་གྱི་རིགས་པས་རང་གི་ངོ་བོ་ཉིད་བྱེད་པའི་ཕྱིར་རོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་ཕྱིར་ནི་ཉན་ཐོས་ཀྱི་བྱང་ཆུབ་གང་ཡིན་པ་དང་། རང་

Vol. 119 · folio 152a

སངས་རྒྱས་ཀྱི་བྱང་ཆུབ་གང་ཡིན་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པའི་བྱང་ཆུབ་ཐམས་ཅད་མཚུངས་ཤིང་མཉམ་མོ་ཞེས་བྱ་བ་ནི་གསུམ་པ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་ཕྱིར། ཐེག་པ་གསུམ་གྱི་བྱང་ཆུབ་མཚུངས་ཤིང་མཉམ་པ་

ཉིད་དུ་བསྟན་པ་སྟེ། ཐམས་ཅད་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། སོ་སོར་བརྟགས་པའི་འགོག་པའི་མྱ་ངན་ལས་འདས་པ་བརྙེས་པར་བྱེ་བྲག་མེད་པའི་ཕྱིར་རོ། །མདོ་སྡེ་རྣམས་ལས་ཐེག་པ་གསུམ་གྱི་འཕགས་པ་རྣམས་ནི་རྣམ་པར་གྲོལ་བའི་གདན་ལ་བཞུགས་པར་མཚུངས་སོ་ཞེས་

གསུངས་པའི་དགོངས་པ་ཡང་ཐོབ་པར་བྱ་བའི་འགོག་པ་དང་། ཐོབ་པར་བྱེད་པའི་ཤེས་པ་ལ་མཉམ་པའི་དོན་ཡོད་པ་ཉིད་སྨོས་པ་ཡིན་ནོ། །ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་ཀྱི་ཕྱིར་ནི་ཡང་དག་པའི་ཆོས་ཐོས་པ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་། ལྷག་མཐོང་ཁྱད་པར་དུ་འཕགས་

པས་བསྡུས་པའི་ཤེས་རབ་མཚུངས་ཤིང་མཉམ་མོ་ཞེས་བྱ་བ་ནི་བཞི་པ་དེ་བཞིན་ཉིད་གཅིག་གི་ཕྱིར་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཤེས་རབ་མཉམ་པ་ཉིད་དུ་བསྟན་པ་སྟེ། དེ་བཞིན་ཉིད་བདུན་པོ་འདི་དག་རྒྱ་ཆེར་རྣམ་པར་འབྱེད་པའི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་

པར་བྱའོ། །འཛིན་པའི་དོན་ནི་འདི་ལྟ་སྟེ། ནང་གི་སྐྱེ་མཆེད་གཟུགས་ཅན་ལྔ་དང་། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་། སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་བྱ་བ་ནི་གསུམ་པ་འཛིན་པའི་དོན་རྣམ་པར་བཤད་པ་སྟེ། འདི་ལྟར་འཛིན་པའི་དོན་ནི་དབང་པོ་གཟུགས་ཅན་ལྔ་པོ་དག་ཉིད་

དེ། ཡུལ་ལྔ་པོ་དག་ཡོངས་སུ་འཛིན་པའི་ཕྱིར་རོ། །སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱད་པོ་དག་གོ། །དེ་ཡང་དོན་རྣམ་པ་གཉིས་ཏེ་སྤྱི་དང་བྱེ་བྲག་སྟེ། ཞིབ་ཏུ་ནི་གོང་དུ་བསྟན་པ་བཞིན་ནོ། །དེ་དག་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་རྣམས་

ཀྱང་འཛིན་པ་ཞེས་བྱ་སྟེ། ཡུལ་མཚུངས་པར་གྱུར་པའི་ཕྱིར་རོ། །རྒྱ་ཆེར་ནི་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཟུང་བའི་དོན་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་ཡིན་ནོ། །ཡང་འཛིན་

Vol. 119 · folio 152b

པའི་དོན་གང་ཡིན་པ་ན་གཟུང་བའི་དོན་ཀྱང་ཡིན་ནོ་ཞེས་བྱ་བ་ནི་བཞི་པོ་གཟུང་བའི་དོན་རྣམ་པར་བཤད་པ་སྟེ། འདི་ལྟར་སྐྱེ་མཆེད་བཅུ་གཉིས་པོ་དག་ལས་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་དང་། སེམས་ལས་བྱུང་བ་རྣམས་མ་གཏོགས་པ་གང་ཡིན་པ་དེ་ནི་གཟུང་བ་ཁོ་ན་ཡིན་གྱི་འཛིན་པ་ནི་མ་ཡིན་པའི་ཕྱིར་རོ། །

ཡང་སྔར་བསྟན་པའི་འཛིན་པ་གང་ཡིན་པ་དེ་ནི་གཟུང་བ་ཡང་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་དག་གིས་ཡུལ་འཛིན་པར་བྱེད་པའི་ཕྱིར་རོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་བཞིན་

དུ་རིག་པར་བྱའོ། །རྣམ་པར་གཞག་པའི་དོན་ནི་འདི་ལྟ་སྟེ། སྣོད་ཀྱི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེར། །སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམ་པར་གཞག་པ་སྣང་བ་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་རྣམ་པར་གཞག་པའི་དོན་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སྤྱི་དང་

བྱེ་བྲག་བསྟན་པའོ། །འདི་ནི་དང་པོ་སྤྱི་བསྟན་པ་སྟེ། འདི་ལྟར་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་ཉིད་ནི་སེམས་ཅན་རྣམ་པར་གཞག་པའི་གནས་ཡིན་ཏེ། སེམས་ཅན་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་རྣམ་པར་གཞག་པ་ཞེས་བྱའོ། །འདི་ལྟ་སྟེ། གྲོང་ཚིགས་གཅིག་དང་གྲོང་ཚིགས་བརྒྱ་དང་།

གྲོང་ཚིགས་སྟོང་དང་གྲོང་ཚིགས་བརྒྱ་སྟོང་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་གཞག་པའི་ཕྱིར་བྱེ་བྲག་བསྟན་པའོ། །འདི་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། །ཁ་ཅིག་ན་རེ་འདི་ནི་གོ་རིམས་བཞིན་དུ་རྣམ་པ་བཅུར་དབྱེ་སྟེ། གྲོང་ཚིགས་ཀྱི་ཚད་དང་། ས་ཆེན་པོའི་ཚད་དང་། འཛམ་བུ་

གླིང་གི་ཚད་དང་། གླིང་བཞི་པའི་ཚད་དང་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་སྟོང་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་། འཇིག་རྟེན་གྱི་ཁམས་བྱེ་བའི་ཚད་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པའི་ཚད་དང་། རྡུལ་ཕྲ་རབ་སྙེད་

ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྟན་པའོ་ཞེའོ། །ཁ་ཅིག་ན་རེ་འདི་ནི་རྣམ་པ་བདུན་དུ་དབྱེ་སྟེ། སྔར་བསྟན་པའི་བདུན་པོ་དག་གོ། །སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྟན་པ་ཉིད་ལ་བྱེ་བྲག་རྣམ་པ་བཞི་ཡོད་དེ། བརྒྱ་སྟོང་གི་ཚད་དང་། བྱེ་བའི་ཚད་དང་། གྲངས་མེད་པའི་ཚད་དང་། རྡུལ་ཕྲ་རབ་ཀྱི་ཚད་

Vol. 119 · folio 153a

དོ་ཞེའོ། །ཁ་ཅིག་ན་རེ་འདི་ལ་ཡང་རྣམ་པ་ལྔ་ཡོད་དེ་གྲོང་ཚིགས་ཀྱི་ཚད་དང་། ས་ཆེན་པོའི་ཚད་དང་། གླིང་བཞི་པའི་ཚད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དོ་ཞེའོ། །དེ་ལྟར་རྣམ་པ་གསུམ་

དུ་བཤད་པ་ཡོད་ཀྱང་འདིར་ནི་རེ་ཞིག་གསུམ་དང་སྦྱར་ནས་བཤད་པར་བྱ་སྟེ། འདི་ནི་དང་པོའོ། །ས་ཆེན་པོ་གཅིག་ནས་རྒྱ་མཚོའི་མཐའ་ལ་ཐུག་པ་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་བརྒྱ་སྟོང་ཞེས་བྱ་བ་ནི་གཉིས་པ་ས་ཆེན་པོའི་ཚད་རྣམ་པར་འབྱེད་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །

འཛམ་བུའི་གླིང་གཅིག་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་བརྒྱ་སྟོང་དང་། གླིང་བཞི་པ་གཅིག་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་བརྒྱ་སྟོང་ཞེས་བྱ་བ་ནི་གསུམ་པ་གླིང་བཞི་པའི་ཚད་རྣམ་པར་འབྱེད་པའོ། །དེ་ལ་གླིང་བཞི་པ་ཞེས་བྱ་བ་ལ་དང་པོ་ནི་ལྷོའི་འཛམ་བུ་གླིང་སྟེ། ཤིང་ལས་མིང་དུ་

བཏགས་པའོ། །བྱང་ནི་ཞེང་ཆེ་ལ་ལྷོ་ནི་ཞེང་ཆུང་ངོ་། །དེའི་དབྱིབས་ཤིང་རྟ་འདྲ་སྟེ་ལྷོའི་ངོས་ནི་དཔག་ཚད་ཕྱེད་དང་བཞིའོ། །གཞན་ངོས་གསུམ་པོ་དག་ནི་ཀུན་ཀྱང་དཔག་ཚད་ཉིས་སྟོང་ཉིས་སྟོང་ཡོད་དོ། །གཉིས་པ་ནི་ཤར་གྱི་ལུས་འཕགས་གླིང་སྟེ། ཤར་གྱི་ངོས་ནི་ཞེང་ཆུང་ལ་ནུབ་ཀྱི་ངོས་ནི་ཞེང་

ཆེ་སྟེ། དབྱིབས་ནི་ཟླ་བ་ཁམ་པ་འདྲའོ། །ངོས་གསུམ་གྱི་ཚད་ནི་མཉམ་མོ། །ཤར་གྱི་ངོས་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ངོས་གཞན་གསུམ་པོ་དག་ནི་དཔག་ཚད་ཉིས་སྟོང་ཉིས་སྟོང་ངོ་། །གསུམ་པ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་སྟེ། དབྱིབས་ཟླ་བ་ཉ་བ་འདྲའོ། །དེའི་ཚད་ནི་དཔག་ཚད་བདུན་

སྟོང་ལྔ་བརྒྱའོ། །བཞི་པ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་སྟེ། གནས་ཁྱད་པར་དུ་འཕགས་པ་ཞེས་ཀྱང་བྱ་ཁྱད་པར་དུ་སྐྱེས་པ་ཞེས་ཀྱང་བྱ་སྟེ་དབྱིབས་ནི་གྲུ་བཞིའོ། །ངོས་བཞི་ཆར་ཚད་མཉམ་སྟེ། དཔག་ཚད་ཉིས་སྟོང་ཉིས་སྟོང་ངོ་། །གླིང་གི་རྗེས་སུ་མིའི་གདོང་ཡང་དེ་དང་འདྲའོ། །རྒྱ་ཆེར་

རྣམ་པར་འབྱེད་པ་ནི་མཛོད་ཀྱི་བསྟན་བཅོས་དང་། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་གཅིག་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་བརྒྱ་སྟོང་དང་། སྟོང་བར་མའི་འཇིག་རྟེན་གྱི་ཁམས་གཅིག་དང་། དེ་བརྒྱ་

Vol. 119 · folio 153b

དང་། དེ་སྟོང་དང་། དེ་བརྒྱ་སྟོང་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་བརྒྱ་སྟོང་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གསུམ་

དུ་དབྱེ་སྟེ། བརྒྱ་སྟོང་གི་ཚད་བསྟན་པ་དང་། བྱེ་བའི་ཚད་བསྟན་པ་དང་། གྲངས་མེད་པའི་ཚད་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་གྱིས་བསྟན་པ་སྟེ། སྟོང་ཆུང་ངུ་བསྟན་པ་དང་། སྟོང་བར་མ་བསྟན་པ་དང་། སྟོང་ཆེན་པོ་བསྟན་པའོ། །སྟོང་ཆུང་ངུ་དང་།

སྟོང་བར་མ་དང་། ཆེན་པོ་འདི་དག་རེ་རེ་ལ་ཡང་ཚིག་བཞི་བཞི་ཡོད་དེ། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་གཅིག་དང་། འཇིག་རྟེན་གྱི་ཁམས་བརྒྱ་དང་། འཇིག་རྟེན་གྱི་ཁམས་སྟོང་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ངོ་། །འཇིག་རྟེན་གྱི་ཁམས་ཀྱི་ཚད་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་

པས་སློབ་དཔོན་ཡང་དག་བདེན་པའི་སྡེ་པ་རྣམས་ཀྱི་བརྗེད་བྱང་ལས་ནི། འདི་ལྟར་གླིང་བཞི་པ་ལ་རྣམ་གྲངས་གཅིག་ཏུ་བྱས་ཏེ་གྲངས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་གང་ཡིན་པ་དེ་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སོ། །སྟོང་ཆུང་ངུའི་སུམ་འགྱུར་གང་ཡིན་པ་དེ་ནི་སྟོང་གསུམ་ཞེས་

བྱ་བས། འདི་ལྟ་སྟེ། ལན་གཅིག་བསྐྱེད་པ་སྟོང་ཆུང་ངུ་བཅུ་ལ་ཐུག་པ་དང་ལན་གཉིས་བསྐྱེད་པ་བརྒྱ་སྟོང་ལ་ཐུག་པ་དང་། ལན་གསུམ་བསྐྱེད་པ་འབུམ་ཕྲག་བཅུ་ལ་ཐུག་པ་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སོ། །སྟོང་གསུམ་འགྱུར་གང་ཡིན་པ་དེ་ནི་སྟོང་ཆེན་པོ་ཞེས་བྱ་བས།

འདི་ལྟ་སྟེ། ལན་གཅིག་བསྐྱེད་ལ་སྟོང་གསུམ་པ་ཕྲག་བཅུ་ལ་ཐུག་པ་དང་། ལན་གཉིས་བསྐྱེད་པ་སྟོང་གསུམ་པ་ཕྲག་བརྒྱ་ལ་ཐུག་པ་དང་། ལན་གསུམ་བསྐྱེད་པ་སྟོང་གསུམ་པ་ཕྲག་སྟོང་ལ་ཐུག་པ་གང་ཡིན་པ་དེ་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ་ཞེས་བཤད་དོ། །སློབ་དཔོན་

ཡང་དག་བདེན་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་བརྗེད་བྱང་ལས། སྟོང་གསུམ་ཞེས་བྱ་བ་ནི་སྟོང་བར་མ་སྨོས་པའོ། །སྟོང་ཆེན་པོ་ཞེས་བྱ་བ་ནི་སྟོང་ཆེན་པོའི་ཕྱི་མ་སྨོས་པ་ཡིན་ཏེ། སྟོང་ཆུང་ངུ་ལན་གསུམ་དུ་བསྐྱེད་པ་ནི་སྟོང་གསུམ་ཞེས་བྱ་བས་སོ་ཞེས་བཤད་དོ། །ལུང་རིང་

Vol. 119 · folio 154a

པོ་ལས་ནི་ཉི་མ་དང་ཟླ་བ་སྟོང་དང་། རི་རབ་སྟོང་དང་། གླིང་བཞི་པ་སྟོང་དང་། འདོད་པའི་ཁམས་ཀྱི་ལྷ་རིས་སྟོང་དང་། ཚངས་པ་སྟོང་གང་ཡིན་པ་དེ་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་དེ་ནི་སྟོང་བར་མའི་

འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་བར་མའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ་ཞེས་གསུངས་ཏེ། ལུང་སྣ་ཚོགས་ལས་ནི་དེ་སྐད་དུ་འབྱུང་ངོ་། །མཛོད་ཀྱི་བསྟན་བཅོས་དང་སྦྱར་ན་ནི་དེ་ལས་དོན་རྣམ་པ་གཉིས་སྟོན་ཏེ།

གནས་ཀྱི་ཚད་བསྟན་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་ཉིད་ཡང་དག་པར་བསྟན་པའོ། །དེ་ལ་གནས་ཀྱི་ཚད་བསྟན་པ་ནི་བསྟན་བཅོས་དེ་ལས་འཐབ་བྲལ་ལ་སོགས་པའི་ལྷ་དེ་དག་གི་གཞལ་མེད་ཁང་གནས་ཀྱི་ཚད་ཇི་ཙམ་ཞེ་ན། སློབ་དཔོན་ཁ་ཅིག་ནི་འདི་ཡན་ཆད་ཀྱི་ལྷ་བཞི་པོ་དག་གི་གནས་ཀྱི་ཚད་ནི།

རི་རབ་ཀྱི་རྩེ་མོའི་ཚད་ཙམ་མོ་ཞེས་ཟེར་རོ། །གཞན་དག་ན་རེ་ཉིས་འགྱུར་རོ་ཞེས་ཟེར་རོ། །གཞན་ཁ་ཅིག་ན་རེ་བསམ་གཏན་དང་པོའི་ས་པའི་གཞལ་མེད་ཁང་གི་ཚད་ནི་གླིང་བཞི་པ་གཅིག་དང་མཉམ་མོ། །བསམ་གཏན་གཉིས་པའི་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་དང་མཉམ་མོ། །བསམ་གཏན་གསུམ་

པའི་ནི་སྟོང་བར་མའི་འཇིག་རྟེན་གྱི་ཁམས་ཙམ་མོ། །བསམ་གཏན་བཞི་པའི་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་མོ་ཞེས་ཟེར་རོ། །གཞན་ཁ་ཅིག་ན་རེ་བསམ་གཏན་འོག་མ་དག་གི་ཚད་ཀྱི་གོ་རིམས་བཞིན་དུ་སྟོང་ཆུང་ངུ་དང་། བར་མ་དང་ཆེན་པོའི་ཚད་ཙམ་མོ། །བསམ་གཏན་བཞི་པའི་ནི་

མཐའ་མེད་དོ་ཞེས་ཟེར་རོ་ཞེས་འབྱུང་ངོ་། །དེ་ལ་སྟོང་གསུམ་པ་ཞེས་བྱ་བ་ནི་བསྟན་བཅོས་དེ་ལས་ཇི་ཙམ་གྱིས་ན། སྟོང་ཆུང་ངུ་དང་། སྟོང་བར་མ་དང་། སྟོང་ཆེན་པོ་ཞེས་བྱ་ཞེ་ན། ཚིག་ལེའུར་བྱས་པ་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་

ལ་ནི། །སྟོང་ནི་ཆུང་ངུ་ཞེས་བྱའོ། །ཆུང་ངུ་དེ་ཉིད་སྟོང་ལ་ནི། །སྟོང་ནི་བར་མ་གཅིག་ཅེས་བྱ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་མཉམ་དུ་འབྱུང་། །ཞེས་བསྟན་པ་ཡིན་ཏེ། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་ཀྱང་ཕལ་ཆེར་མཛོད་ཀྱི་བསྟན་བཅོས་ལས་

Vol. 119 · folio 154b

འབྱུང་བ་དང་མཐུན་པར་བཤད་དོ། །དེ་དག་བྱེ་བྲག་ཡོད་པ་ཡང་བསྟན་བཅོས་དེ་ལས་འདིར་སྟོང་ཆུང་ངུ་ཞེས་བྱ་བས་ནི་ཚངས་པའི་འཇིག་རྟེན་མན་ཆད་ཁོ་ན་ཡིན་པས། དེའི་ཕྱིར་འོད་ཆུང་ལ་སོགས་པ་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཀྱིས་བསྡུས་པ་མ་ཡིན་ནོ། །སྟོང་ཆུང་ངུ་ལ་སོགས་པ་

ལས་བརྩེགས་པ་གང་ཡིན་པ་དེ་ནི་སྟོང་བར་མ་དང་ཆེན་པོ་ཞེས་བྱ་བས་དེའི་ཕྱིར་སྟོང་བར་མ་དང་ཆེན་པོས་ཀྱང་དེ་དག་མ་བསྡུས་སོ། །གཞན་ཡང་ཆུང་ངུ་ཞེས་བྱ་བ་ནི་དམན་པའི་དོན་ཡིན་ཏེ་གོང་མ་མ་གཏོགས་པའི་ཕྱིར་རོ། །དཔེར་ན་རྩ་བཅད་པའི་གླང་བཞིན་དུ་ཆུང་ངུ་བརྩེགས་པ་ལས་གཞན་མངོན་པར་

གྲུབ་པ་ཡིན་ཡང་དེ་དག་བསྡུས་པ་མ་ཡིན་ནོ་ཞེས་འབྱུང་ངོ་། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས་བསྟན་པ་དང་སྦྱར་ན། སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་མན་ཆད་ཁོ་ན་དང་སྦྱར་ཏེ། འཕགས་པའི་གསུང་རབ་ལས་ཚངས་པའི་འཇིག་རྟེན་མན་ཆད་

ལ་ཐུག་པ་ཁོ་ནར་གསུངས་པའི་ཕྱིར་དང་། ཁམས་ཆུང་ངུ་བརྩེགས་པ་ལས་བར་མ་དང་ཆེན་པོ་མངོན་པར་གྲུབ་པའི་ཕྱིར་རོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་རྣམས་དང་སྦྱར་ན་ཡང་། སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། སངས་རྒྱས་ཀྱི་སའི་འགྲེལ་

པ་དང་། རྣལ་འབྱོར་སྤྱོད་པའི་ས་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྔར་གོང་དུ་ལུང་རིང་པོ་ལ་སོགས་པ་ཁུངས་སུ་བསྟན་པ་ལས་འབྱུང་བ་དག་དང་མཐུན་པར་བཤད་དེ། དེ་ལས་ཐ་དད་པའི་རྣམ་པར་བཤད་པ་མེད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་ཕལ་ཆེར་

གོང་དུ་བསྟན་པ་དག་དང་མཐུན་པར་འབྱུང་སྟེ། དེ་ལ་བྱེ་བྲག་ཡོད་པ་ཡང་བསྟན་བཅོས་དེ་ལས་རྒྱུ་དང་རྐྱེན་གང་གང་གི་ཕྱིར་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ལ་དམན་ཞིང་ཆུང་བ་ཞེས་བྱ་ཞེ་ན། སྨྲས་པ། དཔེར་ན་གླང་རྩ་གཉིས་བཅད་པ་ཉམས་ཤིང་མ་ཚང་བའི་ཕྱིར་དམན་ཞིང་ཆུང་བ་ཞེས་བརྗོད་པ་ལྟར་དེ་

བཞིན་དུ་ཚངས་པའི་འཇིག་རྟེན་མན་ཆད་ན་ཡོད་པའི་སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་ས་འོག་མ་དག་དང་མི་མཚུངས་པའི་ཕྱིར་དམན་ཞིང་ཆུང་བ་ཞེས་བྱའོ། འདི་ལྟར་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དེ་ཡང་འཇིག་པ་གསུམ་གྱིས་འཇིག་པར་འགྱུར་ཏེ། འདི་ལྟ་སྟེ་མེ་དང་རླུང་དང་ཆུ་དག་

Vol. 119 · folio 155a

གིས་འཇིག་པའོ་ཞེས་འབྱུང་བས་བཤད་པ་འདི་དང་སྦྱར་ན། སྟོང་ཆུང་ངུ་ནི་ས་གོང་མ་དག་ཏུ་མི་ཐུག་ལ་བར་མ་དང་ཆེན་པོས་ནི་ས་གོང་མ་དག་ཏུ་ཐུག་པར་རིག་པར་བྱའོ། །གཞན་ཡང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ནི་འཇིག་པ་གསུམ་གྱིས་འཇིག་པར་འགྱུར་རོ་ཞེས་

འབྱུང་བས། དེའི་ཕྱིར་བསམ་གཏན་དང་པོ་ནི་སྟོང་ཆུང་ངུའོ། །བསམ་གཏན་གཉིས་པ་ནི་སྟོང་བར་མའོ། །བསམ་གཏན་གསུམ་པ་ནི་སྟོང་ཆེན་པོ་ཡིན་པར་རིག་པར་བྱའོ། །གཞན་ཡང་བསྟན་བཅོས་རྣམ་པར་ཤེས་པ་བམ་པོ་བཅོ་བརྒྱད་པ་ལས་ནི་གོང་དུ་བསྟན་པ་ལས་ཅུང་ཟད་ཐ་དད་དེ། དེའི་ཕྱིར་

བསྟན་བཅོས་དེ་ལས་རྒྱུ་དང་རྐྱེན་གང་གི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འཇིག་རྟེན་གྱི་ཁམས་མང་པོ་ཡོད་པར་གྱུར་ལ། འོག་མིན་གྱི་བར་ལ་འཇིག་རྟེན་གྱི་ཁམས་གཅིག་ཏུ་བཤད་ཅིང་། དེ་ཡང་ཚངས་པའི་འཇིག་རྟེན་མན་ཆད་དོ་ཞེས་བསྟན་ཞེ་ན། རྒྱུ་རྣམ་པ་གཉིས་ཀྱི་

ཕྱིར་ཏེ། ཆགས་པ་དང་འཇིག་པ་མཚུངས་པའི་ཕྱིར་དང་། འཁོར་འདུས་པ་རྣམ་པར་གཞག་པའི་ཕྱིར་རོ་ཞེས་འབྱུང་སྟེ། བཤད་པ་འདི་དང་སྦྱར་ན་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་བསམ་གཏན་བཞི་པ་མན་ཆད་དུ་ཐུག་པར་རིག་པར་བྱའོ། །ལུང་རིང་པོ་ལ་སོགས་པ་ལས་ཚངས་པའི་འཇིག་རྟེན་མན་

ཆད་ཅེས་གསུངས་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་སོ། །དང་པོ་ཆགས་པ་དང་འཇིག་པ་མཚུངས་པ་ནི་འདི་ལྟ་སྟེ། འཇིག་པ་གསུམ་གྱིས་ཆགས་པ་དང་འཇིག་པ་དང་ལྡན་པའི་ཕྱིར་རོ། །གཉིས་པ་འཁོར་འདུས་པ་རྣམ་པར་གཞག་པ་ནི། འདི་ལྟ་སྟེ། བསམ་གཏན་དང་པོ་མན་ཆད་རྒྱལ་པོའི་འཁོར་གྱི་བྱེ་བྲག་

གི་འཁོར་འདུས་པའི་ཕྱིར་རོ། །སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་གལ་ཏེ་འོག་མིན་ཡང་གཏོགས་པ་ཡིན་ན། ཅིའི་ཕྱིར་འཇིག་པ་གསུམ་གྱིས་འཇིག་པ་ལས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྣམ་པར་གཞག་པ་ཡིན་ཞེས་བསྟན་ཞེ་ན། སྨྲས་པ། རེ་ཞིག་འཇིག་པ་གསུམ་གྱི་དབང་

དུ་མཛད་ནས་སྟོང་གསུམ་རྣམ་པར་གཞག་པ་ཡིན་པར་བཤད་ཀྱང་ཡང་དག་པའི་དོན་དུ་ན་བསམ་གཏན་བཞི་པ་ཡང་སྟོང་ཆེན་པོར་གཏོགས་པ་ཡིན་ཏེ། དེའི་ཕྱིར་འཕགས་པ་ས་བཅུའི་མདོ་ལས། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ནི། ཕལ་ཆེར་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་བདག་

Vol. 119 · folio 155b

པོ་ཚངས་པ་ཆེན་པོར་འགྱུར་རོ། །ས་དགུ་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོར་འགྱུར་རོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་ནི་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོར་འགྱུར་རོ་ཞེས་གསུངས་སོ། །དགོངས་

པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་གོང་དུ་བསྟན་པ་དང་ཅུང་ཟད་མི་མཐུན་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས་དེ་བརྒྱ་དང་། དེ་སྟོང་དང་། དེ་བརྒྱ་སྟོང་དང་། འཛམ་བུའི་གླིང་དང་། དེ་བརྒྱ་དང་། དེ་སྟོང་དང་། དེ་བརྒྱ་སྟོང་གང་ཡིན་པ་དེ་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གི་འཇིག་རྟེན་གྱི་ཁམས་

དེ་བརྒྱ་འགྱུར་དང་། སྟོང་འགྱུར་དང་། དེ་བརྒྱ་སྟོང་འགྱུར་དུ་གྱུར་པ་གང་ཡིན་པ་དེ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དེ་བརྒྱ་འགྱུར་དང་། སྟོང་འགྱུར་དང་། བརྒྱ་སྟོང་འགྱུར་གང་ཡིན་པ་དེ་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་

ཞེས་བྱའོ་ཞེས་གསུངས་པ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་ནི། གཟུགས་མེད་པའི་ཁམས་ཀྱང་གཏོགས་སོ་ཞེས་བཤད་དེ། དེའི་ཕྱིར་མདོ་དེ་ལས་མིའི་རྒྱལ་པོ་དེ་ལག་པས་པོག་ཕོར་བཏེག་སྟེ་མདོ་

སྡེ་ལ་མཆོད་པ་བྱེད་པའི་ཚེ། དེ་ཐང་ཅིག་ཡུད་ཙམ་ཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཉི་ཟླ་འབུམ་ཕྲག་བརྒྱ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་འབུམ་ཕྲག་བརྒྱའི་བར་དུ་ཀུན་དུ་ཁྱབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། འདི་དང་སྦྱར་ན་ཐེག་པ་ཆེན་པོའི་བསྟན་པ་ལས་སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་ཡང་གཏོགས་པར་བསྟན་ཏོ། །གལ་ཏེ་དེ་ལྟ་ན། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་དེ་དག་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་ཞེ་ན། སྨྲས་པ། འཕགས་པའི་བསྟན་པ་ནི་རྣམ་པ་གཉིས་ཡོད་པས་

དང་པོ་ནི་ཐུན་མོང་གི་བསྟན་པ་སྟེ། ལུང་རིང་པོ་ལ་སོགས་པའོ། །གཉིས་པ་ནི་ཐུན་མོང་མ་ཡིན་པའི་བསྟན་པ་སྟེ། འཕགས་པ་གསེར་འོད་དམ་པའི་མདོ་ལ་སོགས་པའོ། །ཐུན་མོང་གི་བསྟན་པ་དེ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལ་

Vol. 119 · folio 156a

སོགས་པ་དང་སྦྱར་ན་ནི། བསམ་གཏན་དང་པོ་མན་ཆད་ཁོ་ན་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཞེས་སྟོན་ཏོ། བསྟན་བཅོས་རྣམ་པར་བཤད་པ་དང་སྦྱར་ན་ནི། ཡང་དག་པའི་དོན་དུ་ན་བསམ་གཏན་བཞི་པ་མན་ཆད་ལ་བྱ་བར་བཤད་དོ། །རྒྱུ་རྣམ་པ་གཉིས་ཀྱི་ཕྱིར་ལུང་རིང་པོ་ལ་

སོགས་པ་ལས་བསམ་གཏན་དང་པོ་མན་ཆད་ཁོ་ན་ལ་བྱ་བར་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་དེ་སུ་ཡིན་ཞེ་ན། སྨྲས་པ། དོན་འདིའི་བཤད་པ་ནི་བསྟན་བཅོས་རྣམས་ལས་སོ་སོ་ནས་མི་མཐུན་པས། འཕགས་པ་ལེའུ་ཆེན་པོའི་མདོ་

ལ་སོགས་པ་ལས་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པས་བདག་པོ་བྱེད་དོ་ཞེས་བཤད་དེ། དེའི་ཕྱིར་མདོ་དེ་ཉིད་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྤྲུལ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དབང་བྱེད་དོ་ཞེས་གསུངས་སོ། །འདུས་པ་ཆེན་པོའི་མདོ་ལས་ནི་བདུད་ཀྱི་རྒྱལ་

པོས་དབང་བྱེད་དོ་ཞེས་བཤད་དོ། །དེའི་ཕྱིར་མདོ་དེ་ལས་བདུད་ཀྱི་རྒྱལ་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་དབང་བྱེད་པ་ཡིན་ནོ། །འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ནི། བསམ་གཏན་དང་པོ་ལ་ནི་ཚངས་པའི་རྒྱལ་པོས་བདག་པོ་བྱེད་དོ་ཞེས་བཤད། དེའི་ཕྱིར་

མདོ་དེ་ལས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་ནི་ཚངས་པ་ཆེན་པོ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་ནི་ལྷའི་རྒྱལ་པོ་ཚངས་པ་རལ་པ་ཅན་ཡིན་ནོ་ཞེས་བསྟན་ཏོ། །

གཞན་ཡང་ལུང་རིང་པོ་ལ་སོགས་པ་ལས་ཀྱང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ནི་བསམ་གཏན་དང་པོ་ཡན་ཆད་དོ་ཞེས་བསྟན་པའི་ཕྱིར་རོ། །འཕགས་པ་ས་བཅུའི་མདོ་ལས་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པས་བདག་པོ་བྱེད་དོ་ཞེས་བཤད་དོ། དེའི་ཕྱིར་མདོ་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་ས་བཅུ་པ་ནི་

ཕལ་ཆེར་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་ནི་འོག་མིན་ཡང་གཏོགས་པར་བསྟན་པའི་ཕྱིར་རོ། །འཕགས་པ་

Vol. 119 · folio 156b

མིའི་རྒྱལ་པོས་ཞུས་པའི་མདོ་ལས་ནི། བཅོམ་ལྡན་འདས་བདག་པོ་མཛད་པར་བཤད་དེ་དེའི་ཕྱིར་མདོ་དེ་ཉིད་ལས། ཡོངས་རྫོགས་ཡེ་ཤེས་མཚན་མ་མེད་པ་ཁམས་གསུམ་བདག །ཅེས་གསུངས་པའོ། །འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་

སུ་ནི་གཟུགས་མེད་པ་ཡང་གཏོགས་པར་གསུངས་པའི་ཕྱིར་རོ། །དེ་བྱེ་བ་དང་། དེ་བྱེ་བ་ཕྲག་བརྒྱ་དང་། དེ་བྱེ་བ་ཕྲག་སྟོང་དང་། དེ་བྱེ་བ་ཕྲག་བརྒྱ་སྟོང་ངོ་ཞེས་བྱ་བ་ནི་གཉིས་པ་བྱེ་བའི་ཚད་བསྟན་པའོ། །ཚིག་ཟློས་བུར་བྱ་བ་ཞེས་གསུངས་པ་ནི་ཐེར་འབུམ་ལ་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་

མདོ་ལས་ཀྱང་ཐེར་འབུམ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་ཐེར་འབུམ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ཉི་ཟླ་འབུམ་ཕྲག་བརྒྱ་ནས་ཚངས་པ་ཆེན་པོ་འབུམ་ཕྲག་བརྒྱའི་བར་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་

བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་ཉི་མ་དང་། ཟླ་བ་བྱེ་བ་ཕྲག་བརྒྱ་དང་། ཚངས་པའི་འཇིག་རྟེན་གྱི་བར་དུ་བྱེ་བ་ཕྲག་བརྒྱ་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ་ཞེས་འབྱུང་བས་བྱེ་བ་ཞེས་བྱ་བ་ནི་ཐེར་འབུམ་ལ་བྱ་བར་མངོན་ནོ། །

བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི། གཅིག་ལས་བརྩེགས་པ་སྟོང་ཕྲག་བརྒྱ་གང་ཡིན་པ་དེ་ནི་འབུམ་ཞེས་བྱའོ། །འབུམ་ཕྲག་བརྒྱ་སྟོང་གང་ཡིན་པ་དེ་ནི་བྱེ་བ་ཞེས་བྱའོ། །བྱེ་བ་ཕྲག་བརྒྱ་སྟོང་གང་ཡིན་པ་དེ་ནི་ས་ཡ་ཞེས་བྱའོ་ཞེས་འབྱུང་ངོ་། །མཛོད་ཀྱི་བསྟན་བཅོས་ལས་ནི་གཅིག་

ཕྲག་བཅུ་ལ་བཅུའོ། །བཅུ་ཕྲག་བཅུ་ལ་བརྒྱའོ། །བརྒྱ་ཕྲག་བཅུ་ལ་སྟོང་ངོ་། །སྟོང་ཕྲག་བཅུ་ལ་ཁྲིའོ། །ཁྲི་ཕྲག་བཅུ་ལ་འབུམ་མོ། །འབུམ་ཕྲག་བཅུ་ལ་ཐེར་འབུམ་མོ། །ཐེར་འབུམ་བཅུ་ལ་བྱེ་བའོ། །བྱེ་བ་ཕྲག་བཅུ་ལ་མ་ཏའོ། །མ་ཏ་ཕྲག་བཅུ་ལ་ཨུ་སྣུ་ཏ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི། གཅིག་གཅིག་གང་ཡིན་པ་དེ་ནི་གཉིས་ཞེས་བྱའོ། །གཉིས་གཉིས་གང་ཡིན་པ་དེ་ནི་བཞི་ཞེས་བྱའོ། །གསུམ་གསུམ་གང་ཡིན་པ་དེ་ནི་དགུ་ཞེས་བྱའོ། །བཅུ་བཅུ་གང་ཡིན་པ་དེ་ནི་བརྒྱ་ཞེས་བྱའོ། །བརྒྱ་ཕྲག་བཅུ་གང་ཡིན་པ་དེ་ནི་སྟོང་ཞེས་བྱའོ། །སྟོང་ཕྲག་བཅུ་གང་ཡིན་པ་དེ་

Vol. 119 · folio 157a

ནི་ཁྲི་ཞེས་བྱའོ། །ཁྲི་ཕྲག་བཅུ་གང་ཡིན་པ་དེ་ནི་འབུམ་ཞེས་བྱའོ། །འབུམ་ཕྲག་བཅུ་གང་ཡིན་པ་དེ་ནི་ས་ཡ་ཞེས་བྱའོ་ཞེས་འབྱུང་ངོ་། །བྱེ་བ་དེ་ཡང་བརྒྱུད་དེ་བཤད་པ་རྣམ་པ་གསུམ་ཡོད་དེ། དང་པོ་ནི་ཁྲི་ཕྲག་བཅུའི་འོ། །གཉིས་པ་ནི་ཁྲི་ཕྲག་བརྒྱའི་འོ། །གསུམ་པ་ནི་ཁྲི་ཕྲག་སྟོང་གིའོ་

ཞེས་བཤད་དོ། །འདི་ལྟ་སྟེ། བྱེ་བ་གཅིག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སམ། གྲངས་བརྒྱ་ལ་ཐུག་པའམ། གྲངས་སྟོང་ལ་ཐུག་པའི་འམ། གྲངས་བརྒྱ་སྟོང་ལ་ཐུག་པའི་ཞེས་བྱ་བའི་ཐ་ཚིག་གོ། །དེ་གྲངས་མེད་པ་དང་། དེ་གྲངས་མེད་པ་ཕྲག་བརྒྱ་དང་། དེ་གྲངས་མེད་པ་ཕྲག་

སྟོང་དང་། དེ་གྲངས་མེད་པ་ཕྲག་བརྒྱ་སྟོང་ཞེས་བྱ་བ་ནི་གསུམ་པ་གྲངས་མེད་པའི་ཚད་བསྟན་པའོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། མཛོད་ཀྱི་བསྟན་བཅོས་ལས་གྲངས་ཀྱི་མིང་དྲུག་ཅུ་ཡོད་པ་ལས། ལྔ་བཅུ་གཉིས་པ་གང་ཡིན་པ་དེ་ནི་གྲངས་མེད་པ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པའི་འགྲེལ་པ་ལས། མི་ཤེས་པར་མི་ནུས་པ་འམ། བགྲང་བའི་མཐར་ཐུག་པའི་གྲངས་ཡིན་པས། ཡང་ཤེས་པར་མི་ནུས་པ་གང་ཡིན་པ་དེ་ནི་གྲངས་མེད་པ་ཞེས་བྱའོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོའི་ནང་ནས་གྲངས་བསྟན་པའི་ལེའུ་ལས་

གྲངས་བརྒྱ་ཉི་ཤུ་བསྟན་པ་ལས་བརྒྱ་རྩ་གསུམ་པ་གང་ཡིན་པ་དེ་ནི་གྲངས་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ་། །འདི་ལྟ་སྟེ། གྲངས་མེད་པ་གཅིག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སམ། གྲངས་བརྒྱ་ལ་ཐུག་པའི་འམ། གྲངས་སྟོང་ལ་ཐུག་པའི་འམ། གྲངས་བརྒྱ་སྟོང་ལ་ཐུག་པའི་ཞེས་བྱ་བའི་ཐ་ཚིག་

གོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཕྲག་བརྒྱ་སྟོང་གི་རྡུལ་ཕྲ་རབ་ཀྱི་ཚད་སྙེད་ཀྱི་ཕྱོགས་བཅུའི་ངོས་དཔག་ཏུ་མེད། གྲངས་མེད་པའི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སོ་ཞེས་བྱ་བ་ནི་ལྔ་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྟན་པའོ། །འདི་ཡང་དང་པོ་ནི་སྟོང་གསུམ་གྱི་

འཇིག་རྟེན་གྱི་ཁམས་སོ། །གཉིས་པ་ནི་གྲངས་མེད་པ་ཕྲག་བརྒྱ་སྟོང་གི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སོ། །གསུམ་པ་རྡུལ་ཕྲ་རབ་སྙེད་ཀྱི་ཕྱོགས་བཅུའི་ཚད་མེད་པའི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་

Vol. 119 · folio 157b

དང་། གྲངས་མེད་པ་ཕྲག་བརྒྱ་སྟོང་གི་འཇིག་རྟེན་གྱི་ཁམས་དང་། རྡུལ་ཕྲ་རབ་ཀྱི་ཚད་སྙེད་ཀྱི་ཕྱོགས་བཅུ་དཔག་ཏུ་མེད་པའི་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ཞེས་འབྱུང་བ་ཡིན་ནོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཕྱོགས་གཅིག་གི་གྲངས་མེད་པ་ཕྲག་བརྒྱ་སྟོང་དང་། རྡུལ་ཕྲ་རབ་ཀྱི་ཚད་སྙེད་ཀྱི་སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དང་། ཕྱོགས་བཅུ་དཔག་ཏུ་མེད་གྲངས་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དང་། ཕྱོགས་བཅུ་དཔག་ཏུ་མེད་གྲངས་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་དག་ཀྱང་རྣམ་

པར་གཞག་པའི་དོན་ཞེས་བྱའོ་ཞེས་བསྟན་པའོ། །ལོངས་སྤྱོད་པའི་དོན་ནི། འདི་ལྟ་སྟེ། ངས་སེམས་ཅན་རྣམས་ལོངས་སྤྱད་པར་བྱ་བའི་ཕྱིར་ཡོངས་སུ་བཟུང་བ་དང་། ཡོ་བྱད་བསྟན་པ་གང་ཡིན་པ་དག་གོ་ཞེས་བྱ་བ་ནི་དྲུག་པ་ལོངས་སྤྱོད་པའི་དོན་རྣམ་པར་བཤད་པའོ། །འདི་ལྟར་སེམས་ཅན་རྣམས་ལོངས་

སྤྱད་པར་བྱ་བའི་ཕྱིར་ཡོངས་སུ་བཟུང་བའི་ཡོ་བྱད་བཅུ་པོ་དག་ཕུན་སུམ་ཚོགས་པར་བསྟན་པ་གང་ཡིན་པ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཡོ་བྱད་བཅུ་གང་ཞེ་ན། ཟས་དང་སྐོམ་དང་བཞོན་པ་དང་གོས་དང་རྒྱན་དང་བཞད་གད་དང་གླུ་བྲོ་དང་རོལ་མོའི་སྒྲ་དང་སྤོས་དང་མེ་ཏོག་ཕྲེང་བ་དང་བྱུག་པ་

དང་སྣོད་སྤྱད་དང་སྣང་བ་དང་སྐྱེས་པ་དང་བུད་མེད་དགའ་མགུར་སྤྱོད་པ་རྣམས་སོ་ཞེས་བསྟན་པ་དག་ཡིན་ནོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ཡོངས་སུ་བཟུང་བའི་དངོས་པོ་རྣམ་པ་བདུན་ནོ། །ཡོ་བྱད་ཅེས་བྱ་བ་ནི་ཡོ་བྱད་བཅུ་པོ་དག་ཉིད་དོ། །དེ་ལ་ཡོངས་སུ་བཟུང་བའི་

དངོས་པོ་རྣམ་པ་བདུན་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་ཡོངས་སུ་བཟུང་བའི་དངོས་པོ་བདུན་གང་ཞེ་ན། བདག་དང་ཕ་མའི་དངོས་པོ་དང་བུ་དང་ཆུང་མའི་དངོས་པོ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་ཞོ་ཤས་འཚོ་བའི་དངོས་པོ་དང་། མཛའ་བཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་

མཚམས་ཀྱི་དངོས་པོ་དང་། ཞིང་དང་། ཁང་ཁྱིམ་དང་། ཟོང་དགྲམ་པའི་དངོས་པོ་དང་། བསོད་ཉམས་བྱ་བ་དང་ལས་ཀྱི་མཐའ་ལ་སྦྱོར་བའི་དངོས་པོ་དང་། ནོར་ལ་སོགས་པའི་དངོས་པོ་ཞེས་བསྟན་པའོ། །ཡོ་བྱད་རྣམ་པ་བཅུ་ནི་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །ཕྱིན་ཅི་ལོག་གི་དོན་ནི་འདི་ལྟ་སྟེ།

Vol. 119 · folio 158a

འཛིན་པ་ལ་སོགས་པའི་དོན་དེ་དག་ཉིད་ལ་མི་རྟག་པར་འཛིན་པས། འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། སྡུག་བསྔལ་ལ་བདེ་བར་འཛིན་པ་དང་། མི་གཙང་བ་ལ་གཙང་བར་འཛིན་པ་དང་། བདག་མེད་པ་ལ་བདག་

ཏུ་འཛིན་པས། འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་གང་ཡིན་པའོ་ཞེས་བྱ་བ་ནི་བདུན་པ་ཕྱིན་ཅི་ལོག་གི་དོན་རྣམ་པར་བཤད་པའོ། །འདི་ལྟ་སྟེ། གོང་དུ་བསྟན་པའི་འཛིན་པ་ལ་སོགས་པའི་དོན་དེ་དག་ལ་ཕྱིན་ཅི་ལོག་བདུན་དུ་གྱུར་པ་གང་ཡིན་པ་དེ་

དག་ནི་ཕྱིན་ཅི་ལོག་གི་དོན་ཞེས་བྱ་སྟེ། ཕྱིན་ཅི་ལོག་བདུན་པོ་དག་ནི་བསྟན་བཅོས་བཅུ་བདུན་བསྟན་པ་ལས། ཇི་སྐད་དུ་བསྟན་པ་ཉིད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཕྱིན་ཅི་ལོག་གིས་ཡོངས་སུ་བཟུང་བ་ནི་འདི་ལྟ་སྟེ། ཕྱིན་ཅི་ལོག་བདུན་པོ། འདུ་ཤེས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དང་།

སེམས་ཕྱིན་ཅི་ལོག་དང་། མི་རྟག་པ་ལ་རྟག་གོ་སྙམ་པ་ཕྱིན་ཅི་ལོག་དང་། སྡུག་བསྔལ་ལ་བདེ་བའོ་སྙམ་པ་ཕྱིན་ཅི་ལོག་དང་། མི་གཙང་བ་ལ་གཙང་ངོ་སྙམ་པའི་ཕྱིན་ཅི་ལོག་དང་། བདག་མེད་པ་ལ་བདག་གོ་སྙམ་པའི་ཕྱིན་ཅི་ལོག་གོ། །འདུ་ཤེས་ཕྱིན་ཅི་ལོག་ནི་འདི་ལྟ་སྟེ། མི་རྟག་པ་ལ་རྟག་གོ་སྙམ་པ་དང་།

སྡུག་བསྔལ་བ་ལ་བདེའོ་སྙམ་པ་དང་། མི་གཙང་བ་ལ་གཙང་ངོ་སྙམ་པ་དང་། བདག་མེད་པ་ལ་བདག་གོ་སྙམ་པའི་འདུ་ཤེས་ཀྱི་རྟོག་པ་གང་ཡིན་པའོ། །ལྟ་བ་ཕྱིན་ཅི་ལོག་ནི་འདི་ལྟ་སྟེ། འདུ་ཤེས་ཀྱི་ཡོངས་སུ་རྟོག་པ་དེ་ཉིད་ལ་དེ་བཞིན་དུ་བཟོད་པ་དང་། འདོད་པ་དང་རྣམ་པར་འཇོག་པ་དང་། མངོན་པར་ཞེན་

པ་གང་ཡིན་པའོ། །སེམས་ཕྱིན་ཅི་ལོག་ནི་འདི་ལྟ་སྟེ། མངོན་པར་ཞེན་པ་དེ་ཉིད་ལ་དེ་བཞིན་དུ་འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པ་གང་ཡིན་པའོ། །དེ་ལ་ཉོན་མོངས་པ་རྣམས་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཉོན་མོངས་པ་ལས་ཕྱིན་ཅི་ལོག་གི་རྩ་བ་ཡང་ཡོད་དོ། །ཉོན་

མོངས་པ་ལས་ཕྱིན་ཅི་ལོག་གི་བདག་ཉིད་ཡིན་པ་ཡང་ཡོད་དོ། །ཉོན་མོངས་པ་ལས་ཕྱིན་ཅི་ལོག་གི་རྒྱུ་མཐུན་པ་ཡིན་པ་ཡང་ཡོད་དོ། །དེ་ལ་ཕྱིན་ཅི་ལོག་གི་རྩ་བ་ནི་འདི་ལྟ་སྟེ། མ་རིག་པའོ། །ཕྱིན་ཅི་ལོག་གི་བདག་ཉིད་ནི་འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བའི་ཕྱོགས་གཅིག་དང་། ལྟ་

Vol. 119 · folio 158b

བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདོད་ཆགས་སོ། །ཕྱིན་ཅི་ལོག་གི་རྒྱུ་མཐུན་པ་ནི་འདི་ལྟ་སྟེ། ལོག་པར་ལྟ་བ་དང་། མཐར་འཛིན་པར་ལྟ་བའི་ཕྱོགས་གཅིག་དང་། ཁོང་ཁྲོ་བ་དང་ང་རྒྱལ་དང་། ཐེ་ཚོམ་མོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་བདག་

མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་པའོ། །མཐར་འཛིན་པར་ལྟ་བའི་ཕྱོགས་གཅིག་ནི་མི་རྟག་པ་ལ་རྟག་གོ་སྙམ་པའི་ཕྱིན་ཅི་ལོག་པའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་མི་གཙང་བ་ལ་གཙང་ངོ་སྙམ་དུ་ཕྱིན་ཅི་ལོག་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྡུག་བསྔལ་ལ་བདེ་བའོ་སྙམ་དུ་ཕྱིན་

ཅི་ལོག་པའོ། །འདོད་ཆགས་ནི་མི་གཙང་བ་ལ་གཙང་ངོ་སྙམ་དུ་ཕྱིན་ཅི་ལོག་པ་དང་། སྡུག་བསྔལ་ལ་བདེ་བའོ་སྙམ་དུ་ཕྱིན་ཅི་ལོག་པ་གཉིས་ཀ་ཡང་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ་རྒྱ་ཆེར་རྣམ་པར་འབྱེད་པ་ནི། མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་

ཆེན་པོ་དང་། ཕྱིན་ཅི་ལོག་བཞི་བསྟན་པ་དག་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཕྱིན་ཅི་མ་ལོག་པའི་དོན་ནི་གོང་མ་ལས་བཟློག་པ་སྟེ། དེའི་གཉེན་པོར་གྱུར་པ་ལས་དེའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་བརྒྱད་པ་ཕྱིན་ཅི་མ་ལོག་པའི་དོན་རྣམ་པར་བཤད་པ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ། །

ཀུན་ནས་ཉོན་མོངས་པའི་དོན་ནི་འདི་ལྟ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་རྣམ་པ་གསུམ་པོ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གང་ཡིན་པའོ་ཞེས་བྱ་བ་ནི་དགུ་པ་ཀུན་ནས་ཉོན་མོངས་པའི་དོན་རྣམ་པར་བཤད་པའོ། །མདོའི་

ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བསྟན་པའི་སྒོ་བསྟན་པ་དང་། གྲངས་བསྟན་པ་དང་། མིང་བཀོད་པའོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། དེ་ལ་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་འདྲེས་པ་དང་། རྙོག་པ་དང་ཡོངས་སུ་མ་དག་

པའི་དོན་ཏོ། །ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གསུམ་སྟེ། ཉོན་མོངས་པས་བྱས་པ་དང་། ལས་ཀྱིས་བྱས་པ་དང་། སྐྱེ་བས་བྱས་པའོ་ཞེས་བཤད་དོ། །ཉོན་མོངས་པའི་སེམས་མི་དབེན་ཞིང་འཁྲུལ་བར་བྱེད་པས་འདྲེས་པ་ཞེས་བྱའོ། །ལས་ངོ་བོ་ཉིད་ཀྱིས་བྱས་པས་སེམས་

Vol. 119 · folio 159a

དང་མི་འགྱུར་བས་རྙོག་པ་ཞེས་བརྗོད་དོ། །འཁོར་བར་བར་ཆད་དང་བཅས་པས་ཡོངས་སུ་མ་དག་པ་ཞེས་བྱའོ། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་

ཐམས་ཅད་གཅིག་ཏུ་བསྡུས་པ་ལ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། ཉོན་མོངས་པའི་རྒྱུས་བསྐྱེད་པའམ། ཉོན་མོངས་པའི་རྒྱུས་དགེ་བའི་ཆོས་ཀྱི་གྲོགས་ཀྱི་རྐྱེན་བྱས་ནས་བསྐྱེད་པ་གང་ཡིན་པ་སྟེ། ཅི་རིགས་པར་ཁམས་གསུམ་པས་

བསྡུས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་སོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་དང་ལས་ཀྱི་རྒྱུའི་ཕྱིར་སྐྱེས་པར་གྱུར་པ་དང་། སྐྱེས་པའི་ཕྱིར་སྡུག་བསྔལ་བར་གྱུར་པ་གང་ཡིན་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་

བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །རྣམ་པར་བྱང་བའི་དོན་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དེ་དག་ཉིད་དང་བྲལ་བར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཇི་སྙེད་ཡོད་པ་རྣམས་ཏེ་ཞེས་བྱ་བ་ནི། བཅུ་པ་རྣམ་པར་བྱང་བའི་དོན་རྣམ་པར་བཤད་པའོ། །

བྲལ་བར་བྱ་བ་བྱང་ཆུབ་ཀྱི་ཆོས་ཇི་སྙེད་པ་ཞེས་བྱ་བ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་བྲལ་བར་བྱ་བ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཇི་སྙེད་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་དོན་ཞེས་བྱའོ་ཞེས་ཟེར་ཏེ། འདི་ནི་མི་མཐུན་པའི་རྣམ་པར་བཤད་པའོ། །ཁ་ཅིག་ན་རེ་བྲལ་བར་བྱ་བ་བྱང་ཆུབ་

ཀྱི་ཕྱོགས་ཀྱི་ཆོས་ཇི་སྙེད་པ་ཞེས་བྱ་བ་ནི་འབྲས་བུ་སྨོས་ནས་རྒྱུ་རབ་ཏུ་བསྟན་པ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་དོན་ཞེས་བྱའོ་ཞེས་ཟེར་ཏེ། འདི་ནི་བདག་པོའི་དབང་པོ་བྱས་པའི་རྣམ་པར་བཤད་པའོ། །འདི་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱི་མ་བཟང་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་

ལས། རྣམ་པར་བྱང་བའི་དོན་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དག་ལས་བྲལ་བ་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་བསྒོམ་པ་གང་ཡིན་པའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། རྣམ་པར་བྱང་བའི་དོན་

Vol. 119 · folio 159b

ཞེས་བྱ་བ་ནི། ཤིན་ཏུ་གསལ་བ་དང་། གཙང་བ་དང་། རབ་ཏུ་གསལ་བའི་དོན་ཡིན་ནོ། །རྣམ་པར་བྱང་བ་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་རྣམ་པར་བྱང་བ་ནི་ཟག་པ་དང་བཅས་པའི་ལམ་གྱིས་རེ་ཞིག་ཙམ་དུ་ཀུན་ནས་དཀྲིས་པའི་ཉོན་མོངས་པ་ཉམས་སྨོད་ཅིང་རྣམ་པར་གནོན་པའི་ཕྱིར་རོ། །འཇིག་

རྟེན་ལས་འདས་པའི་ཆ་རྣམ་པར་བྱང་བ་ནི་ཟག་པ་མེད་པའི་ལམ་གྱིས་བག་ལ་ཉལ་གཏན་དུ་སྤོང་བའི་ཕྱིར་རོ་ཞེས་བཤད་དེ། ཉོན་མོངས་པ་དང་བྲལ་བས་ན་ཤིན་ཏུ་གསལ་བ་ཞེས་བརྗོད་དོ། །ལས་དང་བྲལ་བས་ན་ཤིན་ཏུ་གཙང་བ་ཞེས་བྱའོ། །སྐྱེ་ཤིའི་དོན་དང་བྲལ་བས་ན་རབ་ཏུ་གསལ་བ་ཞེས་བརྗོད་དོ། །རིགས་

ཀྱི་བུ་དེ་ལྟར་རྣམ་པ་བཅུ་པོ་དེ་དག་གིས་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་བཞི་པ་སྤྱིའི་མཇུག་བསྡུ་བ་སྟེ། དོན་རྣམ་པ་བཅུ་པོ་དག་གིས་དོན་རྣམས་སྡུད་པར་བྱེད་པས་སོ། །དོན་རྣམ་པ་བཅུ་པོ་དེ་དག་ཀྱང་བསྟན་བཅོས་རྣམ་པར་བཤད་པ་ལས་མདོ་ལས་གསུངས་པ་དང་མཐུན་པར་འབྱུང་སྟེ། དེ་

ལ་བྱེ་བྲག་ཡོད་པ་ཡང་བསྟན་བཅོས་དེ་ལས་དེ་བཞིན་ཉིད་རྣམ་པ་བདུན་པོ་དེ་དག་མིང་བཀོད་པ་ཁོ་ནར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་པས་སོ།། །།བམ་པོ་བཞི་བཅུ་གསུམ་པ། གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པ་ལྔས་དོན་སོ་སོ་ཡང་དག་པར་རིག་པའི་ཕྱིར་དོན་སོ་སོ་

ཡང་དག་པར་རིག་པ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དོན་རྣམ་པ་ལྔ་ལས་བརྩམས་ནས། དོན་སོ་སོ་ཡང་དག་པར་རིག་པའི་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། མདོར་བསྟན་ནས་གྲངས་སྨོས་པ་དང་། ཞུས་པའི་ལན་དག་གིས་གྲངས་ཀྱི་མིང་བཀོད་པ་དང་། གོ་རིམས་

བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་དང་། དོན་རྣམ་པ་ལྔ་བཤད་པ་སྤྱིའི་མཇུག་བསྡུ་བ་སྟེ། འདི་ནི་དང་པོའོ། །དོན་ལྔ་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་དང་། དེ་རབ་ཏུ་རིག་པར་བྱེད་

པའོ་ཞེས་བྱ་བ་ནི་གཉིས་པ་ཞུས་པ་དང་། ལན་དག་གིས་གྲངས་ཀྱི་མིང་བཀོད་པའོ། །རྣམ་པ་ལྔ་པོ་དེ་དག་ཀྱང་མདོར་བསྡུ་ན་རྣམ་པ་གསུམ་དུ་དབྱེ་སྟེ། དང་པོ་གཉིས་ནི་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ལོ། གསུམ་པ་ནི་ཡོངས་སུ་ཤེས་པར་བྱེད་པའི་ཤེས་པ་སྟེ། རྒྱུའི་སྤྱོད་པའོ། །ཕྱི་མ་གཉིས་ནི་སྤྱོད་

Vol. 119 · folio 160a

པས་ཐོབ་པའི་འབྲས་བུའོ། །རིགས་ཀྱི་བུ་དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཤེས་བྱ་ཐམས་ཅད་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཕུང་པོ་རྣམས་ཞེས་བྱ་བའམ། ནང་གི་སྐྱེ་མཆེད་རྣམས་ཞེས་བྱ་བའམ། ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཞེས་བྱ་བའམ་དེ་ལྟ་བུ་ལ་སོགས་པ་

ཐམས་ཅད་དོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ཡང་རྣམ་པ་ལྔ་བསྟན་པ་ཉིད་ཀྱི་ས་རྣམ་པ་ལྔར་དབྱེ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ལ་ཡང་རྣམ་པ་གསུམ་སྟེ། མདོར་བསྟན་པ་དང་། རྣམ་པར་བཤད་པ་དང་། ཟླས་དངོས་པོའི་བདག་ཉིད་

བསྟན་པའོ། །འདི་ལྟར་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བའི་ཡུལ་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་པོ་དེ་ཡང་ནང་གི་སྐྱེ་མཆེད་དྲུག་དང་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་གོ། །དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ཅེས་བྱ་བ་ནི་ཟླས་ཁམས་རྣམས་ཀྱང་ཡོངས་སུ་ཤེས་པར་བྱ་བ་ཡིན་པར་བསྟན་པ་སྟེ།

བསྟན་བཅོས་རྣམ་པར་བཤད་པ་ལས། ཕུང་པོ་དང་སྐྱེ་མཆེད་དང་ཁམས་ལ་སོགས་པའོ་ཞེས་བསྟན་པས་སོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དྲན་པ་ཉེ་བར་གཞག་

པ་དང་། ཡང་དག་པར་སྤོང་བ་ལ་སོགས་པའོ་ཞེས་བཤད་དེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་རྣམ་པའི་བྱེ་བྲག་ཇི་སྙེད་ཡོད་པ་དག་གིས་ཤེས་བྱ་ཤེས་པར་བྱ་བ་གང་ཡིན་པ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡོངས་སུ་ཤེས་པར་བྱ་

བའི་དོན་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་པ་དང་། རྣམ་པར་ཕྱེ་སྟེ་བཤད་པ་དང་། ཟླས་བསྟན་པའོ། །འདི་ནི་དང་པོ་སྟེ། སྔ་མའི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་བྱེ་བྲག་ཡོད་པ་ཡང་སྔ་མ་ནི་ཤེས་པར་བྱ་བའི་ཡུལ་གྱི་བདག་ཉིད་བསྟན་ཀྱང་། དོན་རྣམ་པ་སྣ་

ཚོགས་ཀྱི་སྒོའི་བྱེ་བྲག་མ་བསྟན་པས་དེའི་ཕྱིར་སྒོ་འདིས་དོན་གྱི་བྱེ་བྲག་བསྟན་པ་ཡིན་ནོ། །འདི་ལྟ་སྟེ། ཀུན་རྫོབ་ཀྱི་ཕྱིར་དང་དོན་དམ་པའི་ཕྱིར་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བཤད་པ་བསྟན་པའོ། །རྣམ་པར་ཕྱེ་ན་བཤད་པ་འདི་ཡང་སྒོ་རྣམ་པ་བཅུ་གཅིག་གིས་བསྟན་ཏེ། འདི་ནི་དང་པོ་ཀུན་རྫོབ་དང་དོན་

Vol. 119 · folio 160b

དམ་པའི་སྒོའོ། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཇི་སྐད་དུ། ཇི་ལྟར་ན་ཀུན་རྫོབ་ཏུ་ཡོད་པ་ཡིན། ཀུན་རྫོབ་ཡོད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་ཀུན་རྫོབ་ཏུ་ཡོད་པར་བརྟག་ཅེ་ན། ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཡོད་པའོ། །དེ་ལ་

ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དེ། ཆོས་སུམ་ཅུ་རྩ་ལྔ་དང་ལྡན་པའི་ཕྱིར་ཐམས་ཅད་ཅེས་བྱ་བ་བསྟན་ཏོ། བདག་ལ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་ཀུན་རྫོབ་ཏུ་བརྟག་གོ། །ཇི་ལྟར་ན་དོན་དམ་པར་ཡོད་དོན་

དམ་པར་ཡོད་པ་རྣམས་ནི་དུ་ཞིག །ཅིའི་ཕྱིར་དོན་དམ་པར་ཡོད་པར་བརྟག་ཅེ་ན། འདི་ལྟ་སྟེ། རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པར་ཡོད་པའོ། །ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ། །བདག་ལ་རྣམ་པར་དག་པའི་མཚན་ཉིད་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་དོན་དམ་པར་ཡོད་

པར་བརྟག་པ་ཡིན་ནོ་ཞེས་འབྱུང་བ་ལྟ་བུ་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ་ཞེས་བྱ་བ་ནི། འདི་ལྟར་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་གུད་ན་མེད་པའི་ཕྱིར་བཤད་དེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བདེན་པ་གཉིས་བསྟན་པ་ལས་འབྱུང་བ་བཞིན་

དུ་རིག་པར་བྱའོ། །ཡོན་ཏན་གྱི་ཕྱིར་དང་སྐྱོན་གྱི་ཕྱིར་ཞེས་བྱ་བ་ནི་གཉིས་པ་ཡོན་ཏན་དང་སྐྱོན་གྱི་སྒོ་བསྟན་པའོ། །འདི་ལྟ་སྟེ། ཚད་མེད་པ་བཞི་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱ་བཞི་བཅུ་པོ་དག་ནི་ཡོན་ཏན་ཞེས་བྱའོ། །མཚམས་མེད་པ་ལྔ་དང་། མི་དགེ་བ་བཅུ་དང་། ལྕི་བ་བཞི་

དང་ཉོན་མོངས་པ་ལ་སོགས་པ་ནི་སྐྱོན་ཞེས་བྱ་སྟེ། དེའི་ཕྱིར་འོག་ནས་མདོ་ལས་སྐྱོན་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་སོ། །ཡོན་ཏན་ནི་རྣམ་པར་བྱང་བའི་ཆོས་རྣམས་སོ་ཞེས་བསྟན་ཏོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་མྱ་ངན་ལས་འདས་པ་ནི་ཡོན་ཏན་ཞེས་བྱའོ། །འཁོར་བ་ནི་ཉེས་

དམིགས་ཞེས་བྱའོ་ཞེས་བསྟན་ཏོ། །རྐྱེན་གྱི་ཕྱིར་དང་དུས་ཀྱི་ཕྱིར་དང་ཞེས་བྱ་བ་ནི་གསུམ་པ་རྐྱེན་བཞི་རབ་ཏུ་དབྱེ་བའི་སྒོ་དང་། བཞི་པ་དུས་གསུམ་རབ་ཏུ་དབྱེ་བའི་སྒོའོ། །དེ་ལ་རྐྱེན་བཞི་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། རྐྱེན་བཞི་སྟེ། རྒྱུའི་རྐྱེན་ནི་འདི་ལྟ་སྟེ། ས་བོན་གང་ཡིན་པའོ། །

Vol. 119 · folio 161a

མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་གང་གི་མཇུག་ཐོགས་སུ་རྣམ་པར་ཤེས་པ་གང་དག་འབྱུང་བར་ངེས་པ་གང་ཡིན་པ་དེ་ནི་དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏོ། །དམིགས་པའི་རྐྱེན་ནི་འདི་ལྟ་སྟེ། སེམས་ལས་བྱུང་བའི་ཆོས་གང་དག་གི་དམིགས་

པ་གང་ཡིན་པའོ། །བདག་པོའི་རྐྱེན་ནི་འདི་ལྟ་སྟེ། ས་བོན་མ་གཏོགས་པ་གནས་གཞན་གང་ཡིན་པ་སྟེ། ཇི་ལྟར་མིག་དང་དེའི་གྲོགས་སུ་གཏོགས་པའི་ཆོས་མིག་གི་རྣམ་པར་ཤེས་པ་ལ་ལྟོས་པ་བཞིན་དུ་རྣམ་པར་ཤེས་པ་ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །གཞན་ཡང་དགེ་བ་དང་མི་དགེ་བའི་ངོ་བོ་

ཉིད་གང་གིས་འདོད་པ་དང་། མི་འདོད་པའི་འབྲས་བུ་ཡོངས་སུ་འཛིན་པར་བྱེད་པ་གང་ཡིན་པ་དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་བདག་པོའི་རྐྱེན་ཏོ་ཞེས་བསྟན་པ་ལྟ་བུ་སྟེ། རྒྱ་ཆེར་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་དུས་གསུམ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་

པའི་ས་ལས་ཇི་སྐད་དུ། དེ་ལ་དུས་གསུམ་རྣམ་པར་གཞག་པ་ཇི་ལྟ་བུ་ཡིན་ཞེ་ན། ས་བོན་རྣམས་ཀྱི་ཆོས་དེ་ལས་ཐ་མི་དད་པའི་ཕྱིར་ཆོས་བཞིན་དུ་རྣམ་པར་གཞག་གོ། །གཞན་ཡང་འབྲས་བུ་བྱིན་མ་བྱིན་པའི་དབང་གི་ཕྱིར། ཆོས་རྣམས་ཀྱི་འབྲས་བུ་འགགས་པའི་མཚན་ཉིད་གང་ཡིན་པ་དེ་ནི་འདས་པའོ། །རྒྱུ་

ཡོད་ལ་མ་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ནི་མ་འོངས་པའོ། །བྱུང་ལ་མ་འགགས་པའི་མཚན་ཉིད་གང་ཡིན་པ་དེ་ནི་ད་ལྟར་བྱུང་བའོ་ཞེས་བསྟན་པ་ལྟ་བུའོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ས་བོན་གྱི་རྒྱུན་འབྲས་བུ་བསྐྱེད་ཟིན་པ་ནི་ཁམས་འདས་པ་ཞེས་བྱའོ། །ས་བོན་གྱི་རྒྱུན་འབྱུང་

བ་འབྲས་བུ་མ་བསྐྱེད་པ་ནི་ཁམས་མ་འོངས་པ་ཞེས་བྱའོ། །དེ་ལྟར་གྱི་ས་བོན་གྱི་རྒྱུན་འབྲས་བུ་མ་བསྐྱེད་པ་ཉིད་ནི་ཁམས་ད་ལྟར་བྱུང་བ་ཞེས་བྱ་སྟེ། འདི་ལ་དགོངས་པ་ནི་དེ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་འདས་པའི་འདུ་བྱེད་རྣམས་ནི་འབྲས་བུ་བསྐྱེད་ཟིན་པའི་ཕྱིར་

ཡོད་ལ། འདུ་བྱེད་མ་འོངས་པ་རྣམས་ནི་རྒྱུ་ཡོངས་སུ་འཛིན་པའི་ཕྱིར་ཡོད་དོ། །ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་འདུ་བྱེད་རྣམས་ནི་མཚན་ཉིད་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དང་པོ་ནི་འདས་པའི་འབྲས་བུའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། གཉིས་པ་ནི་མ་འོངས་པའི་རྒྱུའི་ངོ་བོ་ཉིད་ཡིན་པའི་ཕྱིར་

Vol. 119 · folio 161b

དང་། གསུམ་པ་ནི་རང་གི་མཚན་ཉིད་ཀྱི་རྒྱུན་མི་འཆད་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣམ་པར་བཤད་པ་ལས་ཀྱང་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་ས་ལས་

བསྟན་པ་དང་མཐུན་པར་བཤད་དོ། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཐེག་པ་ཆེན་པོའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡང་དག་པའི་རིགས་པ་ལས་ཡིད་ཆོས་པར་བྱ་སྟེ། འདི་ལྟར་ཡང་དག་པའི་རིགས་པ་འདི་ནི་ཤིན་ཏུ་ཟབ་ཅིང་གྱ་ནོམ་པའི་ཚིག་དང་བྲལ་བས་རྒྱུ་དང་

འབྲས་བུ་ལ་སོགས་པ་ཞེས་བྱ་བ་ནི་བཏགས་པ་ཙམ་ཡིན་ཏེ། ད་ལྟར་གྱི་ཆོས་ལ་བརྟགས་ན་ཕྱི་མ་འདྲེས་པའི་ནུས་པ་དང་ལྡན་པས་མ་འོངས་པའི་འབྲས་བུ་ཞེས་གདགས་ཏེ། དེ་ལྟར་གྱི་རྒྱུ་ལ་ལྟོས་ནས་བསྟན་པའོ། །ད་ལྟར་གྱི་ཆོས་ལ་བརྟགས་ན་སྔ་མའི་མཚན་ཉིད་དང་མཐུན་པ་ཡོད་པས་སྔོན་གྱི་རྒྱུ་ཞེས་

གདགས་ཏེ། ད་ལྟར་གྱི་འབྲས་བུ་ལ་ལྟོས་ནས་བསྟན་པའོ། །དེ་ལ་བཏགས་པ་ནི་འདི་ལྟ་སྟེ། སྣང་བའི་རྣམ་པར་ཤེས་པ་གང་ཡིན་པའོ། །ང་འདི་ལྟར་དེའི་མཚན་ཉིད་ལས་རྒྱུ་དང་འབྲས་བུ་དེ་དག་སྣང་བ་ནི་རིགས་པ་ཉིད་ཀྱིས་དེ་ལྟར་རབ་ཏུ་ཕྱེ་བ་ཡིན་པས་མཐའ་གཉིས་ཡོངས་སུ་སྤངས་པ་དབུ་མའི་ལམ་

ཁོང་དུ་ཆུད་པར་འགྱུར་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །སྐྱེ་བ་དང་། གནས་པ་དང་། འཇིག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ལྔ་པ་སྐྱེ་བ་ལ་སོགས་པའི་མཚན་ཉིད་གསུམ་བསྟན་པ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་

ལས། ཇི་སྐད་དུ་རྐྱེན་གྱི་དབང་གིས་རྒྱུ་སྔོན་མ་བྱུང་བ་ལས་དང་པོ་ཆོས་གང་དུ་བྱུང་བ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ཞེས་བྱའོ། །དེ་ཉིད་གཞན་དུ་འགྱུར་བ་ནི་རྒ་བའོ། །དེ་ཡང་རྣམ་པ་གཉིས་ཏེ། གཞན་ཉིད་གཞན་དུ་འགྱུར་བ་དང་། །ཐ་དད་པར་གཞན་དུ་འགྱུར་བའོ། །དེ་ལ་འདྲ་བར་འབྱུང་བ་ནི་གཞན་

ཉིད་དུ་འགྱུར་བའོ། །མི་འདྲ་བར་འབྱུང་བ་ནི་ཐ་དད་པར་གཞན་དུ་འགྱུར་བའོ། །སྐྱེས་མ་ཐག་པའི་སྐྱེ་བ་ཙམ་གྱི་རྗེས་སུ་འཇུག་པ་ནི་གནས་པའོ། །སྐྱེ་བའི་སྐད་ཅིག་ཕན་ཆད་སྐད་ཅིག་མི་གནས་པ་ནི་མི་རྟག་པ་ཉིད་དེ། དེ་དག་ཀྱང་ཆོས་དེ་ཉིད་ཀྱི་དུས་ཀྱི་བྱེ་བྲག་ལས་མཚན་ཉིད་བཞིར་འགྱུར་རོ་ཞེས་བསྟན་

Vol. 119 · folio 162a

པ་ལྟ་བུ་སྟེ། རྒྱ་ཆེར་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ནད་ལྟ་བུ་ལ་སོགས་པའི་ཕྱིར་ཞེས་བྱ་བ་ནི་དྲུག་པ་ནད་ལྟ་བུ་ལ་སོགས་པར་རྣམ་པར་འབྱེད་པའི་སྒོ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་མི་མཐུན་པའི་འདུ་ཤེས་ནི་རྣམ་

པ་བཞི་པོ་འདི་ལྟ་སྟེ། འདུ་བྱེད་རྣམས་ལ་ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་ཡིན་པར་ཡིད་ལ་བྱེད་པའོ། །དེ་ལ་ནད་ལྟ་བུ་ནི་འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་ཁམས་མ་སྙོམས་པའི་རྒྱུ་ལས་བྱུང་བའི་ནད་ཀྱིས་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་བསྒོམ་པའོ། །འབྲས་བུ་ནི་འདི་ལྟ་

སྟེ། སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བའི་འབྲས་བུ་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་བསྒོམ་པའོ། །ཟུག་རྔུ་ལྟ་བུ་ནི་འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་དགྲ་གཞན་གྱིས་བསྣུན་པའི་ཟུག་རྔུའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་བསྒོམ་པའོ། །སྡིག་པ་ལྟ་བུ་ནི་འདི་ལྟ་སྟེ། གཉེན་པོ་

དང་ལོངས་སྤྱོད་ལ་སོགས་པ་ལས་གྱུར་པའི་ཕོངས་པ་རྣམས་ལ་རང་གི་ལོག་པར་རྟོག་པའི་སྡིག་པའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་ལ་མི་མཐུན་པའི་འདུ་ཤེས་བསྒོམ་པ་གང་ཡིན་པ་སྟེ། འདི་ནི་རྣལ་འབྱོར་པས་འདུ་བྱེད་རྣམས་ལ་མི་མཐུན་པར་བསྒོམ་པའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་འཕགས་པ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འཁོར་ལྔ་པོ་དག་ལ་འཁྲུག་པ་རྣམས་སྐྱེ་བར་རྟོགས་པའི་ཕྱིར་ནད་ལྟ་བུ་ཞེས་གསུངས་སོ། །ཁ་ཅིག་འཁོར་ལོ་ལྔ་པོ་ནད་ལྟ་བུ་ཡིན་པར་ཐོས་ནས་དེ་ནི་ངས་ཡ་ང་བ་ཡིན་ནོ་སྙམ་དུ་སེམས་པས་ན། དེའི་ཕྱིར་འབྲས་ལྟ་བུར་འབྱང་དཀའ་བ་ཞེས་

གསུངས་སོ། །འོན་ཀྱང་དེ་ནི་གསོར་རུང་ངོ་སྙམ་དུ་སེམས་པས་ན་དེའི་ཕྱིར་ཟུག་རྔུ་ལྟར་ལུས་ལ་རེག་མ་ཐག་ཏུ་དེ་དབྱུང་དུ་མི་རུང་བ་ཞེས་བྱ་བ་གསུངས་སོ། །ཁ་ཅིག་ན་རེ་དཔེར་ན་ཟུག་རྔུ་ལུས་ལ་ཡོད་པ་བཞིན་དུ་དབྱུང་བར་དཀའ་མོད་ཀྱི་དཔྱད་མཁས་པ་དང་། སྒྱུ་རྩལ་རབ་དག་གིས་ནི་ཕྱིན་པར་འགྱུར་རོ་སྙམ་དུ་སེམས་པས་

ན། དེའི་ཕྱིར་རྟག་པར་ན་ཞིང་འཁྲུག་པར་འགྱུར་བ་ཞེས་བྱ་བ་གསུངས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་བ་ལ་སོགས་པའི་ཕྱིར་ཞེས་བྱ་བ་ནི་བདུན་པ་བདེན་པ་བཞི་རྣམ་པར་འབྱེད་པའི་སྒོའོ། །སོགས་པ་ཞེས་བྱ་བས་ནི་འགོག་པ་དང་། ལམ་གྱི་བདེན་པ་གཉིས་

Vol. 119 · folio 162b

ཀྱང་བཟུང་བའོ། །བདེན་པ་བཞི་པོ་དག་གི་དོན་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་ཕྱིར་ཞེས་བྱ་བ་ནི་བརྒྱད་པ་དེ་བཞིན་ཉིད་ཀྱི་མིང་གི་རྣམ་གྲངས་མང་པོ་བསྟན་པའི་སྒོའོ། །དེ་ལ་དེ་བཞིན་ཉིད་

ཅེས་བྱ་བ་ནི། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དེ། ཡང་དག་པ་མ་ཡིན་པར་བསྟན་པའོ། །ཉིད་ཅེས་བྱ་བ་ནི་རྟག་པ་ཉིད་དེ་རྣམ་པར་འགྱུར་བ་མེད་པར་བསྟན་པ་སྟེ། འདི་ལྟར་དེ་ཁོ་ན་ཉིད་འདི་གནས་སྐབས་ཐམས་ཅད་དུ་རྟག་པར་ངོ་བོ་ཉིད་

ཇི་ལྟ་བ་བཞིན་པ་ཉིད་ཀྱིས་ན། དེའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ནི་རྣམ་པར་མི་འགྱུར་བ་བརྫུན་པ་མ་ཡིན་པའི་དོན་ཏོ་ཞེས་བསྟན་པ་ལྟ་བུའོ། །གཞན་ཡང་དེ་ཉིད་ལས་དོན་ཉིད་བརྫུན་པ་དང་། ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་

པ་ལས། ཡང་དག་པ་མ་ཡིན་པ་དང་། ཕྱིན་ཅི་ལོག་གི་མིང་བཏགས་པ་ཐམས་ཅད་དང་བྲལ་བས་ན་དེ་བཞིན་ཉིད་ཅེས་བྱའོ་ཞེས་བཤད་དོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། དེ་བཞིན་ཉིད་ཀྱི་ཕྱིར་ཡང་དག་པའི་མཐའ་ཞེས་བྱའོ། །མཐར་ཐུག་པས་

ན་མཐའ་ཞེས་བྱ་སྟེ། མཐའ་ཞེས་བྱ་བའི་སྒྲ་ནི་མུའི་མཐའ་ལ་ཞེས་བྱ་བས་ན། དེའི་ཕྱིར་དེ་བཞིན་ཉིད་ལ་མཐའ་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། ཆོས་རྣམས་སོ་སོར་བསྲེས་ཏེ། བརྟགས་ན་འདི་ལས་གོང་དུ་བཟླར་མེད་དེ། འདི་ཁོ་ན་བདེན་པས་བཏགས་པ་ཙམ་

དུ་ཡང་དག་པའི་མཐའ་ཞེས་རྣམ་པར་གཞག་པ་ཡིན་ནོ་ཞེས་བཤད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཆོས་ཀྱི་དབྱིངས་ནི་འདི་ལྟ་སྟེ། ཆོས་རྣམ་པར་བྱང་བའི་ཐམས་ཅད་ཀྱི་རྒྱུའོ་ཞེས་བཤད་དོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས། དགེ་

བའི་ཆོས་ཐམས་ཅད་ཀྱི་གནས་བྱེད་པས་བཏགས་པ་ཙམ་དུ་ཆོས་ཀྱི་དབྱིངས་ཞེས་བྱའོ་ཞེས་བསྟན་ཏོ། །དེ་ལ་སོགས་པ་ཞེས་བྱ་བ་ནི་སྟོང་པ་དང་། བདག་མེད་པ་ལ་སོགས་པ་བསྡུ་བའོ། །མིང་གི་རྣམ་གྲངས་མང་པོ་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས། བསྟན་བཅོས་

Vol. 119 · folio 163a

དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ནི་མདོར་བསྡུས་ནས་བདག་མེད་པ་ལ་སོགས་པའི་མིང་དྲུག་གིས་བསྟན་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས། སྟོང་པ་ཉིད་ཀྱི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །

ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་མདོར་བསྡུས་ནས་མིང་བདུན་གྱིས་བསྟན་ཏེ། འདི་ལྟ་སྟེ། དེ་བཞིན་ཉིད་དང་། བདག་མེད་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།

ཡང་དག་པའི་མཐའ་དང་། དོན་དམ་པ་དང་། ཆོས་ཀྱི་དབྱིངས་ཏེ་རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་། སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཀྱང་། མིང་གི་རྣམ་གྲངས་མང་པོ་སྟོན་ཏེ། དེ་ཡང་ཡོངས་སུ་རྫོགས་པ་མ་ཡིན་ནོ། །འཕགས་པ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི་མིང་བཅུ་གཅིག་སྟོན་པར་མཛད་དེ། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་དང་། ཆོས་ཉིད་དང་། ཡང་དག་པ་ཉིད་དང་། མི་འགྱུར་བ་ཉིད་དང་། མཉམ་པ་ཉིད་དང་། སྐྱོན་མེད་པ་ཉིད་དང་། ཆོས་ངེས་པ་ཉིད་དང་། ཆོས་གནས་པ་ཉིད་དང་། ཡང་དག་པའི་མཐའ་དང་། ནམ་

མཁའི་ཁམས་དང་། བསམ་གྱིས་མི་ཁྱབ་པའི་ཁམས་སོ་ཞེས་གསུངས་སོ། །རྒྱས་པ་དང་བསྡུས་པའི་ཕྱིར་ཞེས་བྱ་བ་ནི་དགུ་པ་རྒྱས་པ་དང་བསྡུས་པ་རྣམ་པར་འབྱེད་པའི་སྒོའོ། །བསྟན་བཅོས་རྣམ་པར་བཤད་པ་ལས། བསྡུས་པ་དང་། རྒྱས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྔར་ནི་ཆོས་ཚིག་གཅིག་

བསྟན་ནས། ཕྱི་མ་ཕྱི་མའི་ཚིག་ཚད་མེད་པ་དག་གིས་རྣམ་པར་འབྱེད་ཅིང་རབ་ཏུ་ཕྱེ་བས་ཁོང་དུ་ཆུད་པ་མཐར་ཐུག་པ་གང་ཡིན་པའོ་ཞེས་འབྱུང་སྟེ། མདོ་འདི་ཉིད་ལས་ཀྱང་འོག་ནས་བསྡུས་པ་དང་། རྒྱས་པ་ཞེས་འབྱུང་བས་བསྟན་བཅོས་རྣམ་པར་བཤད་པ་དང་མཐུན་ནོ། །གཞན་ཡང་བསྟན་བཅོས་

རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་བསྡུས་པའི་དོན་ནི་འདི་ལྟ་སྟེ། རིགས་པ་དང་འབྲེལ་པའི་ཆོས་བསྟན་པ་ལས་སོ། །དེ་ལ་རྒྱས་པའི་དོན་ནི་འདི་ལྟ་སྟེ། སོ་སོ་དང་འབྲེལ་པའི་ཆོས་བསྟན་པ་ལས་སོ། །གཞན་ཡང་བསྡུས་པའི་དོན་ནི་རྣམ་པ་གཉིས་ཏེ། མིང་བསྡུས་པ་དང་དོན་བསྡུས་པ་ལས་སོ། །བསྡུས་

Vol. 119 · folio 163b

པའི་དོན་ཇི་ལྟ་བ་བཞིན་དུ་རྒྱས་པའི་དོན་ཡང་རྣམ་པ་གཉིས་ཏེ། མིང་རྒྱས་པ་དང་། དོན་རྒྱས་པ་ལས་ཏེ། མདོ་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཤཱ་རིའི་བུ་ང་ནི་མདོར་བསྡུས་ཏེ་ཆོས་སྟོན་པར་ཡང་བྱེད་རྒྱས་པར་ཡང་བྱེད་མོད་ཀྱི་ཤེས་པར་ཡང་བྱེད་པ་ཤིན་ཏུ་དཀོན་ནོ་ཞེས་གསུངས་པ་ལྟ་བུའོ། །

དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་མདོའི་སྡེ་ལ་ནི་ཚིག་འབྲུ་རྒྱས་པ་ཡིན་ལ་དོན་བསྡུས་པ་ཡིན་པ་དང་། ཚིགས་སུ་བཅད་པའི་སྡེ་ལ་ནི་དོན་རྒྱས་པ་ཡིན་ལ་ཚིག་འབྲུ་བསྡུས་པ་ཡིན་པར་ཡོངས་སུ་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་བསྟན་ཏོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་

འགྲེལ་པ་ལས། སངས་རྒྱས་རྣམས་ཆོས་སྟོན་པ་ཡང་རྣམ་པ་གཉིས། རེས་འགའ་ནི་སྔར་ནི་བསྡུས་ཏེ་སྟོན་པར་མཛད་ལ། ཕྱིས་ནི་རྒྱས་པ་སྟོན་པར་མཛད་དེ་དོན་རྣམ་པར་བཤད་པར་མཛད་པའི་ཕྱིར་རོ། །རེས་འགའ་ནི་སྔར་རྒྱས་པ་སྟོན་པར་མཛད་ལ། ཕྱིས་ནི་བསྡུས་པ་སྟོན་པར་མཛད་དེ། གཟུང་སླ་བའི་

ཕྱིར་རོ་ཞེས་འབྱུང་ངོ་། །བསྟན་བཅོས་གནས་པ་བཅུའི་བཤད་པས་བསྡུས་ཏེ་བསྟན་པ་ནི་ཚིག་ཉུང་ངུས་དོན་མང་པོ་བསྡུས་པས་གང་ཟག་དབང་པོ་རྣོན་པོས་ཐོས་ན་གོ་བར་འགྱུར་བ་གང་ཡིན་པའོ། །རྒྱས་པར་བསྟན་པ་ནི་དངོས་པོ་གཅིག་དང་། དོན་གཅིག་ལ་རྒྱུ་དང་རྐྱེན་མང་པོས་དབང་པོ་རྟུལ་པོ་རྣམ་པར་དབྱེ་

བ་ལ་མོས་པ་རྣམས་ཀྱི་ཆེད་དུ་བསྟན་པ་གང་ཡིན་པའོ། །བསྡུས་པ་དང་རྒྱས་པར་སྟོན་པ་ནི་འདི་ལྟར་ཚིག་གཅིག་གིས་དོན་རྒྱས་པ་སྡུད་པ་དང་། གཞན་ཡང་རྣམ་པ་སྣ་ཚོགས་ཀྱིས་དོན་གཅིག་སྟོན་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །མགོ་གཅིག་ཏུ་ལུང་བསྟན་པའི་ཕྱིར་དང་། རྣམ་པར་ཕྱེ་ནས་ལུང་

བསྟན་པའི་ཕྱིར་དང་། དྲིས་ནས་ལུང་བསྟན་པའི་ཕྱིར་དང་། གཞག་པས་ལུང་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བཅུ་པ་ལུང་བསྟན་པ་རྣམ་པ་བཞི་རབ་ཏུ་དབྱེ་བའི་སྒོ་སྟེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཇི་སྐད་དུ་ལུང་བསྟན་པ་རྣམ་པ་བཞི་ནི་མགོ་གཅིག་ཏུ་ལུང་བསྟན་པ་དང་། རྣམ་པར་ཕྱེ་ནས་

ལུང་བསྟན་པ་དང་། དྲིས་ནས་ལུང་བསྟན་པ་དང་། མི་སྨྲ་བར་གཞག་པས་ལུང་བསྟན་པའོ། །དེ་སྔ་མ་མགོ་གཅིག་ཏུ་ལུང་བསྟན་པ་ནི་དཔེར་ན་ཁ་ཅིག་སྐྱེ་བ་ཐམས་ཅད་གདོན་མི་ཟ་བར་འགག་པར་འགྱུར་རམ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་བསོད་ནམས་ཀྱི་ཞིང་གཤིན་པ་ཡིན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words