འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 119 · folio 164a
ནམ་ཞེས་བྱ་བ་ལ་སོགས་པ་དེ་སྐད་དུ་འདྲི་ན། དོན་དེ་དག་ནི་ངེས་པར་དེ་ཡིན་ནོ་ཞེས་མགོ་གཅིག་ཏུ་ལུང་བསྟན་པ་ལྟ་བུའོ། །རྣམ་པར་ཕྱེ་ནས་ལུང་བསྟན་པ་ནི། དཔེར་ན་ཁ་ཅིག་འགག་པར་འགྱུར་བ་ཐམས་ཅད་ངེས་པར་ཡང་སྐྱེ་བ་ཡིན་ནམ། སངས་རྒྱས་དང་། ཆོས་དང་། དགེ་འདུན་
དཀོན་མཆོག་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནམ། འོན་ཏེ་དམན་པ་ཞིག་ཡིན་ཞེས་བྱ་བ་ལ་སོགས་པ་དེ་སྐད་དུ་འདྲི་བ་ལ། སླར་དེ་ཉིད་ལས་ཁྱོད་གང་ལ་ལྟོས་ཏེ་འདྲི་ཞེས་སླར་དྲིས་ནས་ལུང་བསྟན་པ་ལྟ་བུའོ། །མི་སྨྲ་བར་གཞག་པས་ལུང་བསྟན་པ་ནི། དཔེར་ན་ཁ་ཅིག་བདག་ཡང་དག་པར་ཡོད་པ་དེ་དགེ་
བ་ཞིག་གམ། འོན་ཏེ་མི་དགེ་བ་ཞིག་ཅེས་ཟེར་བ་དང་། མོ་གཤམ་གྱི་བུ་དེ་ནག་པོ་ཞིག་གམ་འོན་ཏེ་དཀར་པོ་ཞིག་ཅེས་དེ་སྐད་དུ་འདྲི་ན། ཅང་མི་སྨྲ་བར་གཞག་པས་ལན་གདབ་པར་བྱ་སྟེ། ལུང་བསྟན་པར་མི་རིགས་པའི་ཕྱིར་དང་། སྤྲོས་པ་སྐྱེད་པར་བྱེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་
ནི་མཛོད་ཀྱི་བསྟན་བཅོས་དང་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །
གསང་བའི་ཕྱིར་དང་། བསྒྲགས་པའི་ཕྱིར་ཞེས་བྱ་བ་ནི་བཅུ་གཅིག་པ་གསང་བ་དང་བསྒྲགས་པ་རབ་ཏུ་དབྱེ་བའི་སྒོ་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་དུ་གསང་བའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་བསྟན་པ་གང་ཡིན་པའོ། །བསྒྲགས་པའི་བསྟན་
པ་ནི་འདི་ལྟ་སྟེ། ཕལ་ཆེར་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བསྟན་པ་གང་ཡིན་པའོ་ཞེས་བསྟན་པ་ལྟ་བུའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སངས་རྒྱས་རྣམས་ཀྱི་མཛད་པ་ནི་རྣམ་པ་གཉིས་ཏེ་གསང་བ་དང་
རབ་ཏུ་བསྟན་པའོ། །ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་གང་ཡིན་པས་ནི་ཉན་ཐོས་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །རབ་ཏུ་ཕྱེ་བའི་བསྟན་པ་ལ་བརྟེན་ནས་ནི་བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་བཟོད་པ་ལ་སོགས་པ་ཐོབ་པར་འགྱུར་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཡང་ན་
Vol. 119 · folio 164b
ངོ་བོ་ཉིད་རྣམ་པ་གསུམ་སྟོན་པའི་བསྟན་པ་གང་ཡིན་པ་དེ་ནི་བསྒྲགས་པ་ཞེས་བྱའོ། །ངོ་བོ་ཉིད་མེད་པ་གསུམ་གྱི་བསྟན་པ་གང་ཡིན་པ་དེ་ནི་གསང་བ་ཞེས་བྱའོ། །དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ནི་ཡོངས་སུ་ཤེས་པར་བྱ་བའི་དོན་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་ཟླས་བསྟན་པ་སྟེ། མདོ་ཉིད་ཀྱིས་
བརྡ་ཕྲད་པར་ཟད་དོ། །དེ་ལ་ཡོངས་སུ་ཤེས་པ་ནི་སྔ་མ་གཉིས་ཡོངས་སུ་འཛིན་པར་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ཡིན་པ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་ལ་སོགས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་ཡོངས་སུ་ཤེས་པ་རྣམ་པར་བསྟན་པ་སྟེ།
འདི་ལྟར་སྔ་མ་གཉིས་ཀྱི་ཡུལ་ཡོངས་སུ་འཛིན་པར་བྱེད་པ་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་གང་ཡིན་པ་དག་གོ། །ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་ཡོངས་སུ་ཤེས་པའི་འབྲས་བུ་ཐོབ་པ་རྣམ་པར་བཤད་པའོ། །
འདི་ལ་ཡང་མདོར་བསྟན་པ་དང་རྣམ་པར་བཤད་པས་བསྟན་ཏེ་འདི་ནི་མདོར་བསྟན་པ་ཉིད་དོ། །འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གཏན་དུ་འདུལ་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གཏན་དུ་སྤངས་པ་དགེ་སྦྱོང་གི་འབྲས་བུ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་
གཉིས་པ་ཡང་དག་པར་བཤད་པའོ། །འདི་ཡང་རྣམ་པར་དབྱེ་བ་སྟེ། འདུས་མ་བྱས་ཀྱི་འབྲས་བུ་བསྟན་པ་དང་། འདུས་བྱས་ཀྱི་འབྲས་བུ་བསྟན་པ་སྟེ། འདི་ནི་དང་པོའོ། །དེ་ལ་འདུལ་བ་ཞེས་བྱ་བ་ནི་འགོག་པར་བྱེད་པ་སྟེ། འདི་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དེ་དག་འདུལ་ཞིང་འགོག་
པར་བྱེད་པ་ཉིད་དོ། །གཏན་དུ་སྤངས་པ་ཞེས་བྱ་བ་ནི་ཡང་དག་པར་འགོག་པ་ཉིད་ཀྱི་ནུས་པ་བསྟན་པ་སྟེ། ཡང་དག་པར་འགོག་པ་དེ་ཉིད་ནི་དགེ་སྦྱོང་གི་འབྲས་བུ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གཏན་དུ་འགོག་
པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མ་ལུས་པར་སྤངས་པ་དགེ་སྦྱོང་གི་འབྲས་བུ་བཞི་ཞེས་བསྟན་པ་ཡིན་ནོ། །ངས་ཉན་ཐོས་དང་། དེ་བཞིན་གཤེགས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཇི་སྙེད་པ་དེ་དག་མངོན་དུ་བྱ་བར་བསྟན་
Vol. 119 · folio 165a
པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་འདུས་བྱས་ཀྱི་འབྲས་བུ་བསྟན་པའོ། །འདི་ལྟ་སྟེ། ཉན་ཐོས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་ཐར་པ་བརྒྱད་ལ་སོགས་པ་ཐུན་མོང་དུ་གྱུར་པའི་ཡོན་ཏན་རྣམས་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་མ་འདྲེས་པའི་
ཡོན་ཏན་བརྒྱ་བཞི་བཅུ་པོ་དེ་དག་མངོན་སུམ་དུ་བྱ་བར་བསྟན་པ་གང་ཡིན་པ་རྣམས་སོ། །ཅིའི་ཕྱིར་རང་སངས་རྒྱས་ཀྱི་ཡོན་ཏན་མ་བསྟན་ཞེ་ན། སྨྲས་པ། ཡང་དག་པའི་དོན་དུ་ན། རང་སངས་རྒྱས་ཀྱི་ཡོན་ཏན་དང་ཡང་ལྡན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། ཐེག་པ་གསུམ་ཆར་གྱི་
ཡོན་ཏན་སྤྱིར་བསྟན་པ་ཡིན་ནོ། །མདོ་ལས་ནི་ཟླས་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་མདོར་བསྡུས་ནས་མ་བསྟན་ཏོ། །ཡང་ན་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ནང་དུ་བསྡུས་པའི་ཕྱིར་རོ། །དེ་རབ་ཏུ་རིག་པར་བྱེད་པ་ནི་འདི་ལྟ་སྟེ། མངོན་སུམ་དུ་བྱས་པའི་ཆོས་དེ་དག་ཉིད་ལས་རྣམ་པར་གྲོལ་བའི་ཤེས་པ་རྣམས་ཀྱིས་
གཞན་དག་ལ་རྒྱ་ཆེར་སྟོན་པར་མཛད་པ་དང་། རྣམ་པར་ཕྱེ་ནས་སྟོན་པ་གང་ཡིན་པའོ་ཞེས་བྱ་བ་ནི་ལྔ་པ་རབ་ཏུ་རིག་པར་བྱེད་པའི་དོན་རྣམ་པར་བཤད་པའོ། །འདི་ལྟར་ཕྱིས་ཐོབ་པའི་ཤེས་པས་འདུས་བྱས་དང་། འདུས་མ་བྱས་མངོན་སུམ་དུ་བྱས་པ་ཡོན་ཏན་ཇི་སྙེད་ཡོད་པ་ཤེས་ཤིང་མངོན་དུ་བྱེད་པ་
རྣམ་པར་གྲོལ་བའི་ཤེས་པ་རྣམས་ཀྱིས་གཞན་དག་ལ་རྒྱ་ཆེར་སྟོན་པ་དང་། རྣམ་པར་ཕྱེ་ནས་སྟོན་པ་གང་ཡིན་པ་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། རྣམ་པར་གྲོལ་བ་ཤེས་པ་དང་། རྣམ་པར་གྲོལ་བ་མྱོང་བས་གཞན་དག་ལ་རྒྱ་ཆེར་སྟོན་པ་ཞེས་གསུངས་པ་ཡིན་ནོ། །ཡང་ན་
རྣམ་པར་གྲོལ་བའི་ཤེས་པ་རྣམས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་སྒྲིབ་པ་དང་བྲལ་བ་ལ་རྣམ་པར་གྲོལ་བའི་ཤེས་པ་ཞེས་བྱའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། ཡོངས་སུ་ཤེས་པའི་འབྲས་བུ་ལ་ལོངས་སྤྱོད་པ་ཞེས་འབྱུང་ངོ་། །རིགས་ཀྱི་བུ་དེ་ལྟར་ན་དོན་ལྔ་པོ་དེ་དག་གིས་དོན་ཐམས་ཅད་
བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་ལྔ་པ་སྤྱིའི་མཇུག་བསྡུ་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པའི་དོན་རྣམ་པ་ལྔ་ཡང་མདོ་ལས་གསུངས་པ་དང་མཐུན་པས་དེ་ལས་གཞན་དུ་བཤད་པ་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་
Vol. 119 · folio 165b
ལས་ནི་ཚིག་རྣམ་པ་གཉིས་འབྱུང་བས། ཚིག་སྔ་མ་དང་སྦྱར་ན་དོན་རྣམ་པ་དྲུག་ཏུ་ཕྱེ་ནས་ཚིག་གི་དོན་བཤད་པ་ཡང་ཅུང་ཟད་མི་མཐུན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་འདི་ལྟ་སྟེ། ཕུང་པོ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་འདི་ལྟ་སྟེ། མི་རྟག་པ་
ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་རྒྱུ་དང་རྐྱེན་ནི་འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་ཅིང་དབང་པོའི་སྒོ་བསྡམས་པ་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་རང་གི་ངོ་བོ་ཉིད་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ། །ཡོངས་སུ་ཤེས་པར་བྱ་བའི་འབྲས་བུ་ནི་འདི་ལྟ་སྟེ། རྣམ་པར་གྲོལ་
བའོ། །དེ་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ་ཞེས་བསྟན་པ་ཡིན་ནོ། །ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་དྲུག་པོ་དག་གི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པའི་ཚིག་ཕྱི་མ་དང་
སྦྱར་ན། དེ་ལ་རོ་མྱང་བ་ཞེས་བྱ་བའི་མདོ་ཞེས་བྱ་བ་ཁུངས་སུ་བཞག་ནས་མདོ་འདི་ལས་གསུངས་པའི་དོན་ལྔ་པོ་དེ་དག་སྟོན་པས་མིང་ནི་མདོ་ལས་གསུངས་པ་དང་མཐུན་ཡང་ཚིག་གི་དོན་བཤད་པ་ནི་ཐ་དད་པས་དེའི་ཕྱིར་དེ་ཉིད་ལས་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པའོ། །
ཡོངས་སུ་ཤེས་པར་བྱ་བའི་དོན་ནི་འདི་ལྟ་སྟེ། རོ་མྱང་བ་ལ་སོགས་པ་སྟེ། དོན་གྱི་བྱེ་བྲག་དེས་གཟུགས་ལ་སོགས་པའི་དངོས་པོ་དེ་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ནི་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་དེ་དག་ལ་དེ་ལྟར་གསུམ་དུ་བསྒྱུར་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །
དེ་ལ་གསུམ་དུ་བསྒྱུར་བ་ནི་སྔ་མའི་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པར་བྱེད་པ་འདི་ཉིད་ལ་གསུམ་དུ་བསྒྱུར་བ་ཞེས་བྱ་སྟེ། འདི་ལྟར་ཕུང་པོ་ལྔ་པོ་དག་ལ་ལན་གསུམ་དུ་སོ་སོར་རྟོག་པའི་ཕྱིར་རོ། །བཤད་པ་གཞན་དུ་ན་ཕུང་པོ་ལྔ་པོ་དག་ལ་
ལན་གསུམ་དུ་སོ་སོར་རྟོག་པའི་ཕྱིར་གསུམ་དུ་བསྒྱུར་བ་ཞེས་བྱ་སྟེ། དང་པོ་ནི་རོ་མྱང་བ་ཉིད་དུ་ཀུན་འབྱུང་བའི་བདེན་པ་ལ་སོ་སོར་རྟོག་པའོ། །གཉིས་པ་ནི་ཉེས་དམིགས་སུ་སྡུག་བསྔལ་གྱི་བདེན་པ་ལ་སོ་སོར་རྟོག་པའོ། །གསུམ་པ་ནི་ངེས་པར་འབྱུང་བ་ཉིད་དུ་ལམ་དང་འགོག་པའི་བདེན་པ་ལ་སོ་སོར་རྟོག་པའོ། །
Vol. 119 · folio 166a
ཡང་ན་མཚན་ཉིད་བསྟན་པ་དང་། བསྒྲུབ་པར་བསྐུལ་བ་དང་། རྟོག་པའི་བསྐོར་བ་ལ་གསུམ་དུ་བསྒྱུར་བ་ཞེས་བྱའོ། །ཡོངས་སུ་ཤེས་པའི་འབྲས་བུ་འདི་ལྟ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་འདི་ལས་ཞེས་བྱ་བ་ནས། ལྷ་དང་མི་དང་བཅས་པའི་བར་ལས་རྣམ་པར་གྲོལ་བ་ནས་
རྣམ་པར་ཐར་པ་རབ་ཏུ་གྲོལ་བ་ཞེས་བྱ་བའི་བར་དུའོ། །དེ་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། བདག་ཉིད་ཀྱིས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ་ཞེས་ཤེས་པ་གང་ཡིན་པའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་དོན་
རྣམ་པ་བཞི་སོ་སོ་ཡང་དག་པར་རིག་པའི་ཕྱིར། དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་དོན་རྣམ་པ་བཞི་ལས་བརྩམས་ནས་དོན་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་པ་དང་། རྣམ་པར་ཕྱེ་སྟེ་བཤད་པ་དང་།
མཇུག་བསྡུ་བ་སྟེ་འདི་ནི་དང་པོའོ། །དོན་རྣམ་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་བརྟག་པ་དང་ལན་དུ་གསུངས་པས་བསྟན་ཏེ་འདི་ནི་དང་པོའོ། །སེམས་ཀྱི་ལེན་པའི་དོན་དང་། མྱོང་བའི་དོན་དང་། རྣམ་པར་རིག་པའི་དོན་དང་། ཀུན་ནས་ཉོན་
མོངས་པ་དང་། རྣམ་པར་བྱང་བའི་དོན་གྱིས་ཏེ་ཞེས་བྱ་བ་ནི་གཉིས་པ་ལན་དུ་ཡང་དག་པར་གསུངས་པའོ། །དོན་རྣམ་པ་བཞི་པོ་འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་སེམས་ཀྱི་ལེན་པའི་དོན་ཞེས་བྱ་བ་ནི་འདི་ལྟ་སྟེ། བདག་ཉིད་ཀྱིས་སེམས་ཡུལ་ལེན་པར་ཤེས་པ་གང་ཡིན་པའོ། །མྱོང་བའི་དོན་
ཞེས་བྱ་བ་ནི་འདི་ལྟ་སྟེ། ཚོར་བ་རྣམ་པ་གསུམ་གྱིས་མྱོང་བའི་དོན་ཤེས་པ་གང་ཡིན་པའོ། །རྣམ་པར་རིག་པའི་དོན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་སོ་སོར་རིག་པའི་དོན་ཤེས་པ་གང་ཡིན་པའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དོན་ཞེས་བྱ་བ་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ཀུན་
ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཤེས་པ་གང་ཡིན་པའོ་ཞེའོ། །ཁ་ཅིག་ན་རེ་བཞི་པོ་འདི་དག་ནི་གོ་རིམས་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་གིས་དམིགས་པར་བྱ་བའི་ཡུལ་བཞི་པོ་འདི་ལྟ་སྟེ། ལུས་དང་ཚོར་བ་དང་། སེམས་དང་། ཆོས་ཤེས་པ་གང་ཡིན་པའོ། །དེ་ལ་སེམས་ཀྱི་ལེན་པ་ཞེས་
Vol. 119 · folio 166b
གསུངས་པ་ནི་ལེན་པར་བྱེད་པ་སྨོས་ཤིང་བླང་བར་བྱ་བའི་ལུས་བསྟན་པ་ཡིན་ནོ་ཞེའོ། །རིགས་ཀྱི་བུ་དོན་རྣམ་པ་བཞི་པོ་དེ་དག་གིས་ཀྱང་དོན་ཐམས་ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་ཡིན་པར་རིག་པར་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ནི་དོན་རྣམ་པ་
གསུམ་སོ་སོ་ཡང་དག་པར་རིག་པའི་ཕྱིར་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་དོན་རྣམ་པ་གསུམ་ལས་བརྩམས་ནས། དོན་སོ་སོ་ཡང་དག་པར་རིག་པ་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་པ་དང་། མིང་བཀོད་པ་དང་། རྣམ་པར་
ཕྱེ་ནས་བཤད་པ་སྟེ་འདི་ནི་དང་པོའོ། །དོན་རྣམ་པ་གསུམ་གང་ཞེ་ན། ཚིག་འབྲུའི་དོན་དང་ཁམས་ཀྱི་དོན་གྱིས་སོ་ཞེས་བྱ་བ་ནི་གཉིས་པ་ཞུས་པ་དང་ལན་དག་གིས་མིང་བཀོད་པའོ། །རིགས་ཀྱི་བུ་དེ་ལ་ཚིག་འབྲུའི་དོན་ནི་འདི་ལྟ་སྟེ། མིང་གི་ཚོགས་ལ་སོགས་པའོ། །ཞེས་བྱ་བ་ལ་སོགས་པ་ནི་གསུམ་པ་ཕྱེ་སྟེ་
བཤད་པ་སྟོན་ཏོ། །འདི་ཡང་དོན་རྣམ་པ་གསུམ་བསྟན་པ་ཉིད་ཀྱིས་རྣམ་པ་གསུམ་དུ་དབྱེ་སྟེ་འདི་ནི་དང་པོའོ། །དེ་ལ་ཚིག་འབྲུའི་དོན་ནི་འདི་ལྟ་སྟེ། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་གང་ཡིན་པ་སྟེ་མིང་ལ་སོགས་པ་གསུམ་པོ་འདི་དག་ཀུན་ཀྱང་གསལ་བའི་དོན་དང་ལྡན་པས་ཚོགས་ཞེས་
བྱའོ། །ཡང་ན་ཚོགས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་དོན་ཏེ། འདི་ལྟར་མིང་ལ་སོགས་པ་གསུམ་པོ་དག་ཀུན་ཀྱང་ངོ་བོ་ཉིད་དང་ལྡན་པའི་ཕྱིར་ཚོགས་ཞེས་བྱའོ། །གསུམ་པོ་འདི་དག་གིས་དོན་སྟོན་པ་གང་ཡིན་པ་དེ་ནི་ཚིག་འབྲུ་ཞེས་བྱའོ། །ཚིག་འབྲུ་འདི་ཉིད་ནི་བརྗོད་པར་བྱ་བའི་དོན་ཡིན་པས་དེའི་ཕྱིར་ཚིག་འབྲུའི་དོན་
ཞེས་བྱའོ། །དོན་གྱི་དོན་ནི་རྣམ་པ་བཅུ་ཡོད་པར་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དོན་གྱི་དོན་རྣམ་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང་གྲངས་བཞིན་དུ་མིང་བཀོད་པའོ། །འདི་ནི་དང་པོ་སྟེ། སྔར་བསྟན་པའི་ཚིག་འབྲུའི་དོན་གྱི་དོན་ཉིད་དོ། །དེ་ཁོ་ནའི་མཚན་ཉིད་
ཅེས་བྱ་བ་འདི་མན་ཆད་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །འདི་ནི་མཚན་ཉིད་དང་པོ་སྟེ། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་མཚན་ཉིད་དེ། དེའི་ཕྱིར་འོག་ནས་མདོ་ལས། བདེན་པ་ནི་འདི་ལྟ་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པའོ་ཞེས་གསུངས་ཏེ། བདེན་པ་ཉིད་ནི་དེ་ཁོ་ནའི་མཚན་ཉིད་
Vol. 119 · folio 167a
ཡིན་པས་སོ། །ཡོངས་སུ་ཤེས་པའི་མཚན་ཉིད་དང་། །གཏན་དུ་སྤངས་པའི་མཚན་ཉིད་དང་། །མངོན་དུ་བྱས་པའི་མཚན་ཉིད་དང་། བསྒོམས་པའི་མཚན་ཉིད་དང་ཞེས་བྱ་བ་རྣམ་པ་བཞི་པོ་འདི་དག་ནི་གོ་རིམས་བཞིན་དུ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་
གྱི་བདེན་པ་བཞི་པོ་དག་གི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་དེ་དག་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་ཅེས་བྱ་བ་འདི་མན་ཆད་ནི་མཚན་ཉིད་ནི་དྲུག་པ་སྟེ། འདི་ནི་སྔར་བསྟན་པའི་མཚན་ཉིད་ལྔ་པོ་དེ་དག་རེ་རེ་ལ་ཡང་དོན་གྱི་རྣམ་གྲངས་ཀྱི་རྣམ་པའི་བྱེ་བྲག་མང་པོ་ཡོད་པས་
སོ། །གནས་དང་གནས་རབ་ཏུ་འབྲེལ་བའི་མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་བདེན་པ་སྟེ། བསྟན་བཅོས་རྣམ་པར་བཤད་པ་ལས། གནས་དང་གནས་པར་རབ་ཏུ་འབྲེལ་བའི་མཚན་ཉིད་ནི་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ནི་གནས་ཡིན་ལ། རྒྱུར་བྱས་པའི་གཟུགས་རྣམས་ནི་གནས་པ་ཡིན་ནོ། །ཡང་ན་
མིག་ལ་སོགས་པ་ནི་གནས་ཡིན་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་གནས་པ་ཡིན་ནོ། །ཡང་ན་བརྗོད་པར་བྱ་བ་ནི་གནས་ཡིན་ལ། རྗོད་པར་བྱེད་པ་ནི་གནས་པ་ཡིན་ཏེ། ཕན་ཚུན་འབྲེལ་པ་གང་ཡིན་པ་དེ་ནི་རབ་ཏུ་འབྲེལ་བའི་མཚན་ཉིད་ཅེས་བྱའོ་ཞེས་བཤད་དོ། །ཡོངས་སུ་ཤེས་པ་ལ་སོགས་
པའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་བརྒྱད་པ་སྟེ། བདེན་པ་བཞི་པོ་དག་གིས་སྤང་བར་བྱ་བའི་ཉོན་མོངས་པ་གང་ཡིན་པ་དེ་ནི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །མདོའི་ཚིག་འོག་ནས་བསྟན་པ་དང་སྦྱར་ན་ནི་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པའི་བར་
དུ་གཅོད་པའི་ཀུན་ནས་ཉོན་མོངས་པའི་ཆོས་གང་ཡིན་པ་དེ་ནི་དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །དེ་དག་གི་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་མཚན་ཉིད་དགུ་པ་སྟེ། བདེན་པ་བཞི་པོ་དག་གིས་ཉོན་མོངས་པ་སྤོང་བར་བྱེད་པའི་ཤེས་པ་གང་ཡིན་པ་དེ་ནི་རྗེས་སུ་མཐུན་པའི་
ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །མདོའི་ཚིག་འོག་ནས་བསྟན་པ་དང་སྦྱར་ན་ནི། དེ་དག་ལ་བྱ་བ་མང་དུ་བྱེད་པའི་ཆོས་ཡོད་པ་གང་ཡིན་པ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །ཡོངས་སུ་མི་ཤེས་པ་ལ་སོགས་པ་དང་། ཉེས་དམིགས་དང་། ཡོན་ཏན་གྱི་མཚན་ཉིད་དོ་ཞེས་བྱ་བ་ནི་མཚན་ཉིད་བཅུ་
Vol. 119 · folio 167b
པ་སྟེ། འདི་ལྟར་ཡོངས་སུ་མི་ཤེས་པ་ལ་སོགས་པ་ལ་ཉེས་དམིགས་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་ཤེས་པ་ལ་ཡོན་ཏན་ཉིད་དུ་རབ་ཏུ་དབྱེ་བ་སྟེ། དེའི་ཕྱིར་འོག་ནས་མདོ་ལས། དེ་དག་གི་ཉེས་དམིགས་ཀྱི་མཚན་ཉིད་ནི་བར་དུ་གཅོད་པའི་ཆོས་དེ་དག་གི་ཉེས་དམིགས་ཇི་སྙེད་ཡོད་པ་ཉིད་ཡིན་
པར་རིག་པར་བྱའོ། །དེ་དག་གི་ཕན་ཡོན་གྱི་མཚན་ཉིད་ནི་རྗེས་སུ་མཐུན་པའི་ཆོས་དེ་དག་ཡོན་ཏན་ཇི་སྙེད་ཡོད་པ་ཉིད་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བཤད་པའི་རྣམ་གྲངས་གཞན་དུ་ན་བདེན་པ་བཞི་བསྟན་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་མཚན་ཉིད་ཅེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་
འབྱོར་སྤྱོད་པའི་ས་ལས་དང་པོ་ནི་བདེན་པའི་མཚན་ཉིད་དོ་ཞེས་འབྱུང་སྟེ། མཚན་ཉིད་གཞན་དགུ་པོ་དག་གི་མིང་ནི་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །སྡུག་བསྔལ་གྱི་བདེན་པ་ནི་ཡོངས་སུ་ཤེས་པའི་མཚན་ཉིད་ཅེས་བྱའོ། །ཀུན་འབྱུང་བའི་བདེན་པ་ནི་གཏན་དུ་སྤང་བར་བྱ་བའི་མཚན་ཉིད་ཅེས་
བྱའོ། །འགོག་པའི་བདེན་པ་ནི་མངོན་དུ་བྱ་བའི་མཚན་ཉིད་ཅེས་བྱའོ། །ལམ་གྱི་བདེན་པ་ནི་བསྒོམ་པའི་མཚན་ཉིད་ཅེས་བྱའོ། །བདེན་པ་རྣམ་པ་བཅུ་དྲུག་ཏུ་དབྱེ་བ་ནི་དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་དེ་དག་ཉིད་ཀྱི་རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་ཅེས་བྱའོ། །རྒྱུ་ཀུན་འབྱུང་བ་དང་། འབྲས་བུ་སྡུག་བསྔལ་བ་དང་།
རྒྱུ་ལམ་དང་། འབྲས་བུ་འགོག་པ་ཕན་ཚུན་མཐུན་པར་གྱུར་པའི་དོན་གང་ཡིན་པ་དེ་ནི་གནས་དང་གནས་པར་འབྲེལ་པའི་མཚན་ཉིད་ཅེས་བྱའོ། །དེ་ལ་རྒྱུ་ནི་གནས་ཞེས་བྱའོ། །འབྲས་བུ་ནི་གནས་པ་ཞེས་བྱའོ། །བདེན་པ་བཞིའི་གནས་ཀྱི་ཆོས་བསྟན་པ་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་
པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །རབ་ཏུ་རྣམ་པར་འབྱེད་པའི་ཕྱོགས་ལ་སོགས་པ་ནི་དེ་དག་གི་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་ཅེས་བྱའོ། །ཉོན་མོངས་པའི་ཉེས་དམིགས་དང་། ཡོངས་སུ་ཤེས་པའི་ཡོན་ཏན་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པ་ལ་སོགས་པ་དང་། ཡོངས་སུ་ཤེས་པ་ལ་སོགས་
པའི་ཉེས་དམིགས་དང་། ཡོན་ཏན་གྱི་མཚན་ཉིད་ཅེས་བྱའོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི། རོ་མྱང་བའི་མདོ་ཁུངས་སུ་བཞག་ནས་མཚན་ཉིད་རྣམ་པ་བཅུ་པོ་དག་ཞིབ་ཏུ་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དེ་ལ་དེ་ཁོ་ནའི་མཚན་ཉིད་ནི་འདི་ལྟ་སྟེ། ཉེ་
Vol. 119 · folio 168a
བར་ལེན་པའི་ཕུང་པོ་ལྔས་བསྡུས་པ་སྡུག་བསྔལ་གྱི་བདེན་པ་གང་ཡིན་པའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་འདི་ལྟ་སྟེ། རོ་མྱང་བ་ལ་སོགས་པས་དེ་དག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །གཏན་དུ་སྤོང་བའི་མཚན་ཉིད་དང་། མངོན་སུམ་དུ་བྱེད་པའི་མཚན་
ཉིད་ནི་འདི་ལྟ་སྟེ། འཇིག་རྟེན་ཐམས་ཅད་ལས་རྣམ་པར་གྲོལ་བ་སྟེ། སྒྲིབ་པ་གཏན་དུ་སྤོང་བ་དང་གནས་གྱུར་པ་མངོན་དུ་བྱེད་པའི་ཕྱིར་རོ། །བསྒོམ་པའི་མཚན་ཉིད་ནི་འདི་ལྟ་སྟེ། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་པའོ། །རྣམ་པ་རབ་ཏུ་དབྱེ་བའི་མཚན་ཉིད་ནི་དེ་ཁོ་ནའི་མཚན་ཉིད་
རྣམ་པ་ལྔར་དབྱེ་བ་སྟེ། གཟུགས་ནས་རྣམ་པར་ཤེས་པའི་བར་དུའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་རྣམ་པ་གསུམ་དུ་དབྱེ་སྟེ། རོ་མྱང་བའི་ཕྱིར་དང་། ངེས་པར་འབྱུང་བའི་བར་ལ་ངེས་པར་འབྱུང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །གཏན་དུ་སྤོང་བའི་མཚན་ཉིད་དང་། མངོན་སུམ་དུ་བྱ་བའི་
མཚན་ཉིད་ནི་རེ་རེ་ལ་ཡང་གཉིས་གཉིས་སུ་དབྱེ་སྟེ། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། སྡུག་བསྔལ་ལས་རྣམ་པར་གྲོལ་བའོ། །དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནས་ལྷ་དང་མིར་བཅས་པའི་སྐྱེ་དགུའི་བར་ལས་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ཞེས་བྱ་སྟེ།
དེ་བས་ན་བྱེ་བྲག་ཏུ་བྱ་བའི་དོན་རབ་ཏུ་བསྟན་པའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱ་བ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མདོ་གཞན་དག་ལས་ངེས་པར་འབྱུང་བ་གང་ཡིན། འདུན་པ་དང་། འདོད་ཆགས་འདུལ་བ་དང་། འདུན་པ་དང་འདོད་ཆགས་སྤོང་བ་དང་། འདུན་པ་དང་འདོད་ཆགས་ལས་
ཡང་དག་པར་འདས་པའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་འོངས་པའི་སྡུག་བསྔལ་མངོན་པར་གྲུབ་པར་བྱེད་པའི་ཉོན་མོངས་པ་དང་བྲལ་ན་སྡུག་བསྔལ་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་རབ་ཏུ་བསྟན་པའི་ཕྱིར་འཆིང་བ་དང་བྲལ་བ་དང་། རབ་ཏུ་རྣམ་པར་གྲོལ་བ་ཞེས་བྱ་བ་གསུངས་
སོ། །བསྒོམ་པའི་མཚན་ཉིད་ནི་རྣམ་པ་གཉིས་སུ་དབྱེ་སྟེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་མོ། །དེ་ལ་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཞེས་བྱ་བས་ནི་མཐོང་བའི་ལམ་བསྟན་ཏོ། །ལམ་མང་དུ་གནས་པ་ཞེས་བྱ་བས་ནི་བསྒོམ་པའི་ལམ་བསྟན་ཏོ། །གནས་དང་གནས་པར་རབ་ཏུ་འབྲེལ་
Vol. 119 · folio 168b
པའི་མཚན་ཉིད་ནི་འདི་ལྟ་སྟེ། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་གོང་མ་གོང་མའི་གནས་ཡིན་པར་སྟོན་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་མཚན་ཉིད་ནི་འདི་ལྟ་སྟེ། དེ་ལྟར་རྣམ་པ་གསུམ་དུ་བསྒྱུར་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་མི་ཤེས་པའོ། །ཡོངས་སུ་ཤེས་པ་ལ་
སོགས་པའི་རྗེས་སུ་མཐུན་པའི་མཚན་ཉིད་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པ་འདི་དག་ཇི་ལྟར་གནས་པའི་ཆོས་ལ་རོ་མྱང་བ་ལ་སོགས་པའི་མཚན་ཉིད་དུ་སོ་སོར་རྟོག་པའོ། །ཡོངས་སུ་མི་ཤེས་པ་ལ་སོགས་པའི་ཉེས་དམིགས་ཀྱི་མཚན་ཉིད་ནི་འདི་ལྟ་སྟེ། རྣམ་པར་མི་གྲོལ་བ་ནས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་བར་དུའོ། །དེ་ལས་བཟློག་པ་ནི་ཡོངས་སུ་ཤེས་པ་ལ་སོགས་པའི་ཡོན་ཏན་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་ཁམས་ཀྱི་དོན་ནི་ཁམས་རྣམ་པ་ལྔ་པོ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཁམས་ཀྱི་དོན་རྣམ་པར་བཤད་པ་སྟོན་ཏོ། །
འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོར་བསྟན་ཅིང་གྲངས་སྨོས་པ་དང་། གྲངས་བཞིན་དུ་མིང་བཀོད་པ་དང་། དོན་རྣམ་པ་གསུམ་བསྟན་པའི་མཇུག་བསྡུ་བ་སྟེ་འདི་ནི་དང་པོའོ། །སྣོད་ཀྱི་འཇིག་རྟེན་གྱི་ཁམས་དང་། སེམས་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། འདུལ་བའི་ཁམས་དང་། འདུལ་
བའི་ཐབས་ཀྱི་ཁམས་ཏེ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་དཔག་ཏུ་མེད་པ་ལྔ་ཞེས་འབྱུང་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དཔག་ཏུ་མེད་པའི་དངོས་པོ་ལྔ་ཡང་དང་པོ་ནི་འདུལ་བའི་དངོས་པོ་དཔག་ཏུ་མེད་པ་སྟེ། སེམས་ཅན་གྱི་ཁམས་ཐམས་
ཅད་སྡུད་པའི་ཕྱིར་རོ། །གཉིས་པ་ནི་ཡོངས་སུ་སྦྱང་བར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་སྟེ། སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྡུས་པའི་ཕྱིར་རོ། །གསུམ་པ་ནི་ཐོབ་པར་བྱ་བའི་དངོས་པོ་དཔག་ཏུ་མེད་པ་སྟེ། ཆོས་ཀྱི་ཁམས་ཐམས་ཅད་སྡུད་པའི་ཕྱིར་རོ། །བཞི་པ་ནི་ཡོངས་སུ་སྨིན་པར་བྱ་
བའི་དངོས་པོ་དཔག་ཏུ་མེད་པ་སྟེ། གདུལ་བར་བྱ་བའི་སེམས་ཅན་ཐམས་ཅད་སྡུད་པའི་ཕྱིར་རོ། །ལྔ་པ་བསྟན་པའི་དངོས་པོ་དཔག་ཏུ་མེད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་སྡུད་པར་བྱེད་པ་སྟེ། གདུལ་བའི་ཐབས་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་
Vol. 119 · folio 169a
ལས་ཀྱང་། དཔག་ཏུ་མེད་པ་ལྔ་ཞེས་འབྱུང་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། སེམས་ཅན་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན་སེམས་ཅན་ཐམས་ཅད་ཀྱི་བྱེ་བྲག་གི་མཚན་ཉིད་ནི། རྐང་གཉིས་སམ། རྐང་བཞི་
པའམ། རྐང་མངས་སམ། གཟུགས་ཅན་ནམ། གཟུགས་མེད་པའམ། འགྲོ་བ་ལྔའམ་སྐྱེ་བ་རྣམ་པ་བཞི་ལ་སོགས་པའོ་སྙམ་དུ་སེམས་པ་གང་ཡིན་པའོ། །འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔས་ཕྱོགས་བཅུ་དཔག་ཏུ་མེད་པའི་སྣོད་ཀྱི་འཇིག་རྟེན་གྱི་མཚན་ཉིད་དག་
ལ་འཇིག་རྟེན་གྱི་ཁམས་འདི་ནི་ཡོངས་སུ་མ་དག་པའོ། །འདི་ནི་ཆགས་པའོ་འཇིག་པའོ་ཞེས་རྣམ་པ་སྣ་ཚོགས་ཀྱི་དབྱིབས་ཀྱི་བྱེ་བྲག་རྣམ་པར་གཞག་པ་སེམས་པ་གང་ཡིན་པའོ། །ཆོས་ཀྱི་ཁམས་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་
ཀྱི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དག་ལ་འདི་ནི་གཟུགས་ཅན་བསྟན་དུ་ཡོད་པའོ། །བསྟན་དུ་མེད་པའོ་ཞེས་བྱ་བ་ལ་སོགས་པའོ་སྙམ་དུ་སེམས་པ་གང་ཡིན་པའོ། །གདུལ་བ་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་
ཁམས་དག་གི་སེམས་ཅན་གྱི་སྤྱོད་པ་སྣ་ཚོགས་དང་། རིགས་སྣ་ཚོགས་ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་དང་། དེ་བཞིན་གཤེགས་པའི་རིགས་ཅན་དབང་པོ་ཐ་མ་དང་། འབྲིང་དང་། རབ་དག་ལས་ཁྱད་པར་འཕགས་པ་དང་། དམན་པའི་བྱེ་བྲག་ལ་སོགས་པའོ་སྙམ་དུ་
སེམས་པ་གང་ཡིན་པའོ། །གདུལ་བའི་ཐབས་དཔག་ཏུ་མེད་པ་ནི་བྱང་ཆུབ་སེམས་དཔས་ཕྱོགས་བཅུ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་གདུལ་བའི་ཐབས་དག་ལ་འདི་ནི་གསང་བའི་ཆོས་བསྟན་པའི་རྒྱུས་འདུལ་བར་འགྱུར་རོ། །འདི་ནི་ཡོངས་སུ་བཟུང་བའི་རྒྱུས་འདུལ་
བར་འགྱུར་རོ། །འདི་ནི་སྨ་ཕབ་པའི་ཐབས་ཀྱི་རྒྱུས་འདུལ་བར་འགྱུར་རོ་སྙམ་དུ་སེམས་པ་གང་ཡིན་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་འོག་ནས་མདོ་ལས་བསྟན་དུ་རིག་པར་བྱའོ། །རིགས་ཀྱི་བུ་དོན་རྣམ་པ་གསུམ་པོ་དེ་དག་གིས་ཀྱང་དོན་ཐམས་
Vol. 119 · folio 169b
ཅད་བསྡུས་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་དོན་རྣམ་པ་གསུམ་བཤད་པའི་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ།། །།བམ་པོ་བཞི་བཅུ་བཞི་པ། བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐོས་པ་ལས་བྱུང་བའི་
ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང་། བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དང་། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་སོ་སོ་ཡང་དག་པར་རིག་པ་གང་ལགས་པ་དེ་དག་ལ་བྱེ་བྲག་ཏུ་
བགྱི་བ་ཅི་མཆིས་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཤེས་རབ་རྣམ་པ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པ་སྟོན་ཏོ། །བཤད་པའི་རྣམ་གྲངས་གཞན་དུ་ན་སྔར་གོང་དུ་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་ལ་རྣམ་པ་གཉིས་སུ་ཕྱེ་སྟེ། ཡོངས་སུ་ཤེས་པར་བྱ་བ་ལས་བརྩམས་ནས་ཆོས་
དང་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པ་དང་། ཡོངས་སུ་ཤེས་པ་ལས་བརྩམས་ནས་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པ་ལས། དེ་ཡན་ཆད་དུ་ཡོངས་སུ་ཤེས་པར་བྱ་བ་ལས་བརྩམས་ནས་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་བསྟན་པ་ནས། འདི་མན་ཆད་ནི་ཡོངས་སུ་ཤེས་པ་
ལ་སོགས་པ་ལས་བརྩམས་ནས་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པ་སྟོན་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཤེས་རབ་རྣམ་པ་གསུམ་གྱིས་དོན་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་བསྟན་པ་དང་། ཤེས་པ་དང་། མཐོང་བ་རྣམ་པ་གཉིས་ཀྱིས་བྱེ་བྲག་བསྟན་པའོ། །དང་པོ་ཡང་རྣམ་པ་
གཉིས་ཏེ་ཞུ་བ་གསོལ་པ་དང་ལན་དུ་གསུངས་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏོ། །ཞུ་བ་གསོལ་པ་ནི་གནས་བསྟན་པ་དང་ཞུ་བ་གསོལ་བ་ཉིད་ཀྱི་ཚིག་ཡང་དག་པར་བསྟན་པ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་
པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཐོས་པ་ལས་བྱུང་བའི་ཤེས་རབ་ནི་ཚིག་འབྲུ་ལ་གནས་པ་སྒྲ་ཇི་བཞིན་པ། ད་དུང་དགོངས་པ་ལ་མི་མཁས་པ། མངོན་སུམ་དུ་མ་གྱུར་པ་རྣམ་པར་ཐར་པའི་རྗེས་སུ་མཐུན་པ། ད་དུང་རྣམ་པར་ཐར་པ་མངོན་པར་གྲུབ་པའི་དོན་སོ་སོ་ཡང་དག་པར་རིག་པར་མི་ནུས་པའོ་ཞེས་
Vol. 119 · folio 170a
བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པའོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །རྣམ་པར་བཤད་པ་ལ་ཡང་ཤེས་རབ་རྣམ་པ་གསུམ་བསྟན་པ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་
ཐོས་པའི་ཤེས་རབ་བསྟན་པའོ། །སྤྱིར་དོན་རྣམ་པ་དྲུག་ལས་བརྩམས་ནས་ཤེས་རབ་རྣམ་པ་གསུམ་གྱི་བྱེ་བྲག་གི་མཚན་ཉིད་བསྟན་པ་ལས་འདི་ནི་ཐོས་པའི་ཤེས་རབ་ཀྱི་དོན་རྣམ་པ་དྲུག་གི་བྱེ་བྲག་བསྟན་པའོ། །དང་པོ་ཚིག་འབྲུ་ལ་གནས་པ་ནི་འདི་ལྟར་ཐོས་པའི་ཤེས་རབ་ནི་ཚིག་འབྲུའི་དབང་གིས་འབྱུང་བའི་ཕྱིར་
རོ། །གཉིས་པ་སྒྲ་ཇི་བཞིན་པ་ནི་འདི་ལྟར་ཚིག་འབྲུ་ཇི་ལྟ་བ་བཞིན་དུ་དོན་འཛིན་པར་བྱེད་ཀྱི། ཤེས་རབ་གཉིས་པོ་དག་ལྟར་དོན་གྱིས་ཚིག་འབྲུ་འཛིན་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ད་དུང་དགོངས་པ་ལ་མི་མཁས་པ་ནི་འདི་ལྟར་ད་དུང་འཕགས་པའི་གསུང་རབ་ཀྱི་དགོངས་པ་ལེགས་པར་ཁོང་དུ་མ་ཆུད་པའི་
ཕྱིར་རོ། །བཞི་པ་མངོན་སུམ་དུ་མ་གྱུར་པ་ནི་འདི་ལྟར་ཡུལ་ལ་དམིགས་པའི་ཚེ། ཆ་མཐུན་པའི་གཟུགས་བརྙན་ད་དུང་མངོན་སུམ་དུ་མ་གྱུར་པ་དང་། ཏིང་ངེ་འཛིན་ད་དུང་མ་ཐོབ་པའི་ཕྱིར་རོ། །ལྔ་པ་རྣམ་པར་ཐར་པའི་རྗེས་སུ་མཐུན་པ་ནི་འདི་ལྟར་ཡུན་རིང་པོར་མྱ་ངན་ལས་འདས་པའི་རྣམ་པར་གྲོལ་བ་དང་། རྗེས་སུ་མཐུན་
པའམ། ཡང་ན་འདུས་བྱས་དང་། འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་རྣམ་པ་གཉིས་ཀ་ཡང་སྡུད་པའི་ཕྱིར་རོ། །དྲུག་པ་ད་དུང་རྣམ་པར་ཐར་པ་མངོན་པར་མ་གྲུབ་པའི་དོན་སོ་སོ་ཡང་དག་པར་རིག་པར་མ་ནུས་པ་ནི་འདི་ལྟར་འགོག་པ་མ་ཐོབ་པས་རྣམ་པར་གཡེང་བའི་སེམས་ལ་གནས་ཤིང་ཀུན་དུ་སྦྱོར་བ་མ་
སྤངས་པའི་ཕྱིར་རོ། །བསམ་པ་ལས་བྱུང་བའི་ཤེས་རབ་ཀྱང་ཚིག་འབྲུ་ལ་གནས་པ་ཁོ་ན་ཡིན་ལ། སྒྲ་ཇི་བཞིན་མ་ཡིན་པའོ། །དགོངས་པ་ལ་མཁས་པ་མངོན་སུམ་དུ་མ་གྱུར་པ་རྣམ་པར་ཐར་པའི་རྗེས་སུ་ཆེས་མཐུན་པ་ད་དུང་རྣམ་པར་ཐར་པ་མངོན་སུམ་པར་གྲུབ་པའི་དོན་སོ་སོ་ཡང་དག་པར་རིག་པར་མི་
ནུས་པའོ་ཞེས་བྱ་བ་ནི་གཉིས་པ་བསམས་པའི་ཤེས་རབ་རྣམ་པར་བཤད་པ་སྟེ། བསམས་པའི་ཤེས་རབ་ཀྱི་དོན་རྣམ་པ་དྲུག་ལས། དང་པོ་ཚིག་འབྲུ་ལ་གནས་པ་ནི་འདི་ལྟར་ཐོས་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་མཐུན་ནོ། །གཉིས་པ་སྒྲ་ཇི་བཞིན་མ་ཡིན་པ་ནི་ངེས་པ་དང་ངེས་པ་མ་ཡིན་པའི་
Vol. 119 · folio 170b
བསྟན་པའི་བྱེ་བྲག་གི་ཕྱིར་རོ། །གསུམ་པ་དགོངས་པ་ལ་མཁས་པ་ནི་འདི་ལྟར་འཕགས་པའི་གསུང་རབ་ཀྱི་དགོངས་པ་ལེགས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །བཞི་པ་མངོན་སུམ་དུ་མ་གྱུར་པ་ཡང་ཐོས་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་མཐུན་ནོ། །ལྔ་པ་རྣམ་པར་ཐར་པའི་རྗེས་སུ་ཆེས་མཐུན་པ་
ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་སྟེ། ཐོས་པའི་ཤེས་རབ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དྲུག་པ་ད་དུང་རྣམ་པར་ཐར་པ་མངོན་པར་གྲུབ་པའི་དོན་སོ་སོ་ཡང་དག་པར་རིག་པར་མི་ནུས་པའོ་ཞེས་བྱ་བ་ཡང་ཐོས་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་མཐུན་ཏེ། འདི་ལྟར་བསམས་པའི་ཤེས་རབ་འདི་
སྔ་མའི་ཐོས་པའི་ཤེས་རབ་ལ་ལྟོས་ན་དོན་རྣམ་པ་གསུམ་གྱིས་མཚུངས་ཏེ། འདི་ལྟ་སྟེ། དང་པོ་དང་། བཞི་པ་དང་། དྲུག་པའོ། །དོན་རྣམ་པ་གསུམ་ནི་མི་མཚུངས་ཏེ། འདི་ལྟ་སྟེ། གཉིས་པ་དང་། གསུམ་པ་དང་། ལྔ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ནི་
ཚིག་འབྲུ་ལ་གནས་པ་དང་། ཚིག་འབྲུ་ལ་གནས་པ་མ་ཡིན་པ་དང་། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་མ་ཡིན་པ་དང་། དགོངས་པ་ལ་མཁས་པ་དང་། ཤེས་བྱའི་དངོས་པོ་དང་ཆ་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་མངོན་སུམ་དུ་གྱུར་པ་རྣམ་པར་ཐར་པའི་རྗེས་སུ་ཆེས་ཤིན་ཏུ་མཐུན་
པ། རྣམ་པར་ཐར་པའི་མངོན་པར་གྲུབ་པའི་དོན་ཀྱང་སོ་སོ་ཡང་དག་པར་རིག་པ་ཡིན་ཏེ་ཞེས་བྱ་བ་ནི་གསུམ་པ་བསྒོམས་པའི་ཤེས་རབ་རྣམ་པར་བཤད་པ་སྟེ། དོན་རྣམ་པ་དྲུག་ལས་དང་པོ་ཚིག་འབྲུ་ལ་གནས་པ་མ་ཡིན་པ་ནི་འདི་ལྟ་སྟེ། བསྒོམས་པའི་ཤེས་རབ་འདི་འདྲེས་པ་དང་། འདྲེས་པ་མ་ཡིན་
པའི་ཆོས་ལ་དམིགས་པ་ནས་དོན་ལེན་པའི་ཕྱིར་ནི་ཚིག་འབྲུ་ལ་གནས་པའོ། །རེས་འགའ་བསྟན་པ་སྤངས་ནས་དོན་ལེན་པའི་ཕྱིར་ནི་ཚིག་འབྲུ་ལ་གནས་པ་མ་ཡིན་པའོ། །གཉིས་པ་སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་མ་ཡིན་པའི་དོན་ནི་བསམས་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་འདྲའོ། །
གསུམ་པ་དགོངས་པ་ལ་མཁས་པ་ཡང་བསམས་པའི་ཤེས་རབ་ཀྱི་སྐབས་སུ་བསྟན་པ་དང་འདྲ་སྟེ། འདི་ནི་ལྡེམ་པོར་དགོངས་པ་བཞི་དང་། དགོངས་པ་བཞི་ལ་སོགས་པའོ། །བཞི་པ་ཤེས་བྱའི་དངོས་པོ་དང་མཐུན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་མངོན་སུམ་དུ་གྱུར་པ་ནི་ཏིང་ངེ་
Vol. 119 · folio 171a
འཛིན་ཐོབ་པའི་ཕྱིར་རོ། །ལྔ་པ་རྣམ་པར་ཐར་པའི་རྗེས་སུ་ཆེས་ཤིན་ཏུ་མཐུན་པ་ནི་རྣམ་པར་གྲོལ་བའི་འབྲས་བུ་དང་ཤིན་ཏུ་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་རོ། །དྲུག་པ་རྣམ་པར་ཐར་པ་མངོན་པར་གྲུབ་པའི་དོན་ཡང་སོ་སོ་ཡང་དག་པར་རིག་པ་ནི་འདི་ལྟར་བསྒོམས་པའི་ཤེས་རབ་དེ་ཏིང་
ངེ་འཛིན་ཁོ་ན་ལ་གནས་ནས་མངོན་པར་ཤེས་པ་དང་། ཟག་པ་མེད་པ་སྐྱེད་པའི་ཕྱིར་ཉོན་མོངས་པ་སྤངས་ནས་འགོག་པ་མངོན་དུ་བྱེད་པས་དོན་རྣམ་པ་དྲུག་དང་ལྡན་པ་མ་ཡིན་ནོ། །འདི་ལྟ་སྟེ། བསྒོམས་པའི་ཤེས་རབ་འདི་ནི་སྔ་མའི་ཐོས་པའི་ཤེས་རབ་ལ་ལྟོས་ན་དོན་རྣམ་པ་དྲུག་ཅར་ཡང་མི་མཚུངས་སོ། །
སྔ་མའི་བསྒོམས་པའི་ཤེས་རབ་ལ་ལྟོས་ན་དོན་རྣམ་པ་གཉིས་ནི་མཚུངས་ཏེ། འདི་ལྟ་སྟེ། གཉིས་པ་དང་། གསུམ་པའོ། །དོན་རྣམ་པ་བཞི་ནི་མི་མཚུངས་ཏེ། འདི་ལྟ་སྟེ། དང་པོ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པའོ། །མདོ་འདི་ལས་ནི་འདི་ལྟར་དོན་རྣམ་པ་དྲུག་གི་ཤེས་རབ་རྣམ་པ་གསུམ་གྱིས་མཚུངས་
པ་དང་མི་མཚུངས་པའི་བྱེ་བྲག་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་རྒྱུ་རྣམ་པ་ལྔས་མཚུངས་པ་དང་། མི་མཚུངས་པ་བསྟན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གཞན་ཡང་རྒྱུ་རྣམ་པ་ལྔ་ཡོད་དེ། འདི་ལྟ་སྟེ། བདག་གིས་མ་ཐོས་པ་མཉན་པར་བྱའོ་ཞེས་པ་དང་། བདག་གིས་
ཐོས་པ་རྣམས་བྱང་བར་བྱའོ་ཞེས་བྱ་བ་དང་། བདག་གིས་སོམ་ཉི་སྤང་བར་བྱའོ་ཞེས་བྱ་བ་དང་། བདག་གིས་ལྟ་བ་རྣམས་ལ་རྒྱབ་ཀྱིས་ཕྱོགས་པར་བྱའོ་ཞེས་བྱ་བ་དང་། བདག་གིས་ཤེས་རབ་ཀྱིས་དོན་དང་ཚིག་ཟབ་མོ་ཐམས་ཅད་རྟོགས་པར་བྱའོ་ཞེས་བྱ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྒྱུ་རྣམ་པ་
ལྔ་པོ་དེ་དག་གིས་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམ་པ་གསུམ་གྱི་རྣམ་པར་བྱང་བའི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། དང་པོའི་རྣམ་པ་གཉིས་ཀྱིས་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་བསྟན་ཏོ། །བར་མའི་རྣམ་པ་གཉིས་ཀྱིས་ནི་བསམས་པ་ལས་
བྱུང་བའི་ཤེས་རབ་ཡོངས་སུ་བསྟན་ཏོ། །ཐ་མའི་རྣམ་པ་གཅིག་གིས་ནི་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཡོངས་སུ་བསྟན་ཏོ་ཞེས་འབྱུང་བ་ཡིན་ཏེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །ཤེས་རབ་རྣམ་པ་གསུམ་པོ་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་
Vol. 119 · folio 171b
པ་མི་མཐུན་ཏེ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ཐོས་པའི་ཤེས་རབ་ནི་མིང་ལ་དམིགས་པའོ། །བསམས་པའི་ཤེས་རབ་ནི་མིང་དང་དོན་ལ་དམིགས་པའོ། །བསྒོམས་པའི་ཤེས་རབ་ནི་དོན་ལ་དམིགས་པའོ་ཞེས་བསྟན་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པ་ལས།
ཐོས་བསམས་བསྒོམས་ལས་བྱུང་བ་ནི། །མིང་དང་གཉི་ག་དོན་གྱི་ཡུལ། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་ཤེས་རབ་གསུམ་པོ་འདི་དག་གི་མཚན་ཉིད་ཀྱི་བྱེ་བྲག་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་དག་ན་རེ་འདི་ལྟ་སྟེ། ཤེས་རབ་གསུམ་པོའི་མཚན་ཉིད་ཀྱང་གོ་རིམས་བཞིན་དུ་མིང་དང་གཉི་ག་དང་
དོན་ལ་དམིགས་པའི་བྱེ་བྲག་ཡོད་དེ། ཐོས་པ་ལས་བྱུང་བའི་ཤེས་རབ་ནི་མིང་གི་ཡུལ་ཁོ་ན་ལ་དམིགས་པར་བྱེད་དེ། ཡི་གེ་མ་སྤངས་པར་དོན་ལ་སོ་སོར་རྟོག་པའི་ཕྱིར་རོ། །བསམས་པ་ལས་བྱུང་བའི་ཤེས་རབ་ནི་མིང་དང་དོན་གྱི་ཡུལ་ལ་དམིགས་པར་བྱེད་དེ། རེས་འགའ་ནི་ཡི་གེས་དོན་འདྲེན་པར་བྱེད་
ལ་རེས་འགའ་ནི་དོན་གྱིས་ཡི་གེ་འདྲེན་པར་བྱེད་དེ། ཡི་གེ་ཚང་བར་མ་སྤངས་པར་ཡང་དོན་ལ་སོ་སོར་རྟོག་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དོན་གྱི་ཡུལ་ལ་དམིགས་པ་ཁོ་ན་སྟེ། འདི་ལྟར་ཡི་གེ་སྤངས་ནས་དོན་ཙམ་ལ་སོ་སོར་རྟོག་པའི་ཕྱིར་རོ། །དཔེར་ན་འགའ་ཞིག་འབབ་ཆུ་ཟབ་
ཅིང་རྒྱུན་དྲག་པོ་ལ་རྐྱལ་བར་འདོད་པ་གང་སྔོན་མ་བསླབས་པ་གང་ཡིན་པ་དེ་ནི་རྟེན་སྤོང་བར་མི་བྱེད་དོ། །གང་བསླབས་ནས་ད་དུང་མ་བྱང་བ་གང་ཡིན་པ་དེ་ནི་རེས་འགའ་ནི་སྤོང་བར་བྱེད་ལ། རེས་འགའ་ནི་འཛིན་པར་བྱེད་དོ། །གང་བསླབས་ནས་ལེགས་པར་བྱང་བ་གང་ཡིན་པ་དེ་ནི་རྟེན་ལ་མི་ལྟོས་པར་ཡང་
རང་གི་མཐུས་ཕ་རོལ་ཏུ་ཕྱིན་པར་ནུས་པ་བཞིན་དུ་ཤེས་རབ་རྣམ་པ་གསུམ་པོ་དག་ཀྱང་དེ་བཞིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གལ་ཏེ་དེ་ལྟ་ན་བསམས་པའི་ཤེས་རབ་མངོན་པར་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་དེ་གལ་ཏེ་མིང་ལ་དམིགས་པ་དང་། དོན་ལ་དམིགས་པ་གཉི་གར་གཏོགས་པ་
ཡང་ཡིན་ན་ནི་གོ་རིམས་བཞིན་དུ་ཐོས་པ་དང་བསྒོམས་པ་ལས་བྱུང་བ་ཡིན་པར་འགྱུར་རོ་ཞེས་འབྱུང་སྟེ། འདི་ནི་སློབ་དཔོན་དབྱིག་གཉེན་གྱིས་སློབ་དཔོན་གཞན་དག་གི་ཚིག་བཟླས་ནས་ཐམས་ཅད་ཡོད་པར་སྨྲ་བ་དག་སུན་འབྱིན་པ་ཡིན་ནོ། །འདི་ལྟར་གསུམ་པོ་དག་གི་མཚན་ཉིད་དཔྱད་ན་སོ་སོ་ཐ་
Vol. 119 · folio 172a
དད་པར་བསྟན་པ་ལས་གོང་ན་མེད་དེ་འདི་ལྟར་རྣལ་འབྱོར་པ་དག་ཡང་དག་པའི་བསྟན་པ་ཐོས་པ་ལ་བརྟེན་ཏེ། འབྱུང་བ་ཁྱད་པར་དུ་འཕགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བ་ཞེས་བྱའོ། །བསམ་པའི་རིགས་པ་ལ་བརྟེན་ཏེ་བྱུང་བ་ཁྱད་པར་དུ་འཕགས་པའི་ཤེས་
རབ་གང་ཡིན་པ་དེ་ནི་བསམས་པ་ལས་བྱུང་བ་ཞེས་བྱའོ། །ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ཏེ་བྱུང་བ་ཁྱད་པར་དུ་འཕགས་པའི་ཤེས་རབ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བ་ཞེས་བྱའོ། །དེ་ལ་དེ་དག་ལས་བྱུང་བ་ཞེས་གསུངས་པ་ནི་ཁྱད་པར་དུ་འཕགས་པའི་ཤེས་རབ་རྣམ་པ་གསུམ་པོ་དེ་དག་ཐོས་པ་
དང་བསམས་པ་ལ་སོགས་པའི་རྒྱུ་གསུམ་པོ་དག་ལས་མངོན་པར་གྲུབ་པ་ཡིན་པར་བསྟན་པ་ཡིན་ཏེ། དཔེར་ན་འཇིག་རྟེན་སྲོག་དང་བ་ལང་ལ་སོགས་པ་ལ་གོ་རིམས་བཞིན་དུ་ཟས་དང་རྩྭ་ལས་མངོན་པར་གྲུབ་པ་ཞེས་བསྟན་པ་ལ་སློབ་དཔོན་དབྱིག་གཉེན་གྱིས་སྡེ་པ་རྣམས་ཀྱི་དོན་བསྟན་པ་ལས་ནི་དཔེར་ན་
ཟས་ཀྱིས་ནི་སྲོག་མངོན་པར་གྲུབ་པ་དང་། རྩྭ་ལས་ནི་མཛོད་མངོན་པར་གྲུབ་པ་ཞེས་བརྗོད་པ་ཡིན་ནོ་ཞེས་བཤད་དོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་དང་། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འབྱུང་སྟེ་མངས་ཀྱིས་
དོགས་ནས་འདིར་མ་བརྗོད་དོ། །མདོ་སྡེ་པ་དག་གི་གཞུང་ནི་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་ཇི་སྐད་དུ་ཚིག་ལས་རྟོགས་པ་གང་ཡིན་པ་དེ་ནི་ཐོས་པའི་ཤེས་རབ་བོ། །དོན་གྱི་དགོངས་པ་ལས་རྟོགས་པ་གང་ཡིན་པ་དེ་ནི་བསམས་པའི་ཤེས་རབ་པོ། །ཤེས་རབ་གཉིས་པོ་དེ་དག་ལས་སེམས་ཀྱི་དགའ་
བ་སྐྱེ་བ་ནས་སེམས་བསྡུས་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་པ་སྐྱེ་བའི་བར་གང་ཡིན་པ་དེ་ནི་བསྒོམས་པའི་ཤེས་རབ་བོ་ཞེས་འབྱུང་བ་ལྟ་བུའོ། །གཞན་ཡང་བསྟན་བཅོས་དེ་ཉིད་ཀྱི་ནང་ནས་ཤེས་རབ་རྣམ་པ་གསུམ་བསྟན་པའི་ལེའུ་ལས། གསུང་རབ་ཡན་ལག་བཅུ་གཉིས་ལས་སྐྱེས་པ་གང་ཡིན་པ་དེ་ནི་
ཐོས་པའི་ཤེས་རབ་ཅེས་བྱའོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་སེམས་པ་གང་ཡིན་པ་དེ་ནི་བསམས་པའི་ཤེས་རབ་ཅེས་བྱའོ། །བསམས་པའི་འོག་ཏུ་ནི་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབས་པར་ཤེས་པ་དང་། མཐོང་བ་མངོན་སུམ་དུ་གྱུར་པ་གང་ཡིན་པ་དེ་ནི་བསྒོམས་པའི་ཤེས་རབ་ཅེས་
Vol. 119 · folio 172b
བྱའོ། །ཇི་སྐད་བསྟན་པ་བཞིན་དུ་བསྒྲུབས་པས་ཞེས་བྱ་བ་ནི་སེམས་དེ་ལས་ཕུང་པོ་ལྔ་དག་སྐྱེ་བ་དང་། འཇིག་པ་ཉིད་དུ་མཐོང་བའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཡང་ཕལ་ཆེར་སློབ་དཔོན་དབྱིག་གཉེན་གྱིས་བསྟན་པ་དག་དང་མཐུན་ཏེ།
དེའི་ཕྱིར་དགེ་བསྙེན་གྱི་སྡོམ་པ་བསྟན་པའི་མདོ་ལས། ཤེས་རབ་ནི་རྣམ་པ་གསུམ་སྟེ། ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ། །ཡི་གེ་ལས་དོན་ཐོབ་པ་གང་ཡིན་པ་དེ་ནི་ཐོས་པ་ལས་བྱུང་བ་ཞེས་བྱའོ། །བསམས་པ་ལས་དོན་ཐོབ་པ་གང་ཡིན་པ་དེ་ནི་བསམས་
པ་ལས་བྱུང་བ་ཞེས་བྱའོ། །བསྒོམས་པ་ལས་དོན་ཐོབ་པ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ལས། ཐོས་པ་ལས་བྱུང་བའི་ཤེས་རབ་ཅེས་བྱ་བ་ལ་ཐོས་པ་ནི་མཉན་པས་ཐོས་པའོ། །དེ་ནི་རྣ་བའི་དབང་པོས་
རྣ་བའི་རྣམ་པར་ཤེས་པ་སྐྱེད་པ་སྟེ། ཚིག་གིས་བསྟན་པ་ཐོས་པའི་ཕྱིར་རོ། །ཐོས་པ་ལས་བྱུང་བའི་ཚིག་འབྲུ་དང་དོན་ཤེས་པའི་ཤེས་རབ་དང་ཤེས་རབ་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ། །བསམས་པ་ནི་སེམས་པར་བྱེད་པ་སྟེ། བསྟན་པ་སེམས་ཤིང་ཤེས་རབ་བསྐྱེད་
ནས་ཆོས་སེམས་པ་དང་། རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་རོ། །བསམས་པ་ལས་བྱུང་བའི་ཆོས་ཤེས་པའི་ཤེས་རབ་དང་ཤེས་རབ་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ། །བསྒོམས་པ་ནི་ཡོངས་སུ་གོམས་པར་བྱེད་པ་སྟེ། དེ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་དུ་འཕགས་
པས་ཤེས་རབ་བསྐྱེད་ནས་གཉེན་པོ་སྒོམ་པར་བྱེད་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བའི་དོན་དང་དངོས་པོ་ཤེས་པའི་ཤེས་རབ་དང་ཤེས་རབ་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་ལས་ནི་ཐོས་པའི་
ཤེས་རབ་ནི་ཚིག་འབྲུ་དང་དོན་ཤེས་པའོ། །བསམས་པའི་ཤེས་རབ་ནི་ཆོས་ཀྱི་མཚན་ཉིད་ཤེས་པའོ། །བསྒོམས་པའི་ཤེས་རབ་ནི་དོན་དང་དངོས་པོ་ཤེས་པའོ་ཞེས་བསྟན་ན་ཅིའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཐོས་པའི་ཤེས་རབ་ནི་ཆོས་ལ་དམིགས་པའོ། །བསམས་པ་དང་བསྒོམས་
Vol. 119 · folio 173a
པའི་ཤེས་རབ་གཉིས་ནི་དོན་ལ་དམིགས་པའོ་ཞེས་བསྟན། གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པ་གསུམ་གྱིས་ན་འཕགས་པའི་བདེན་པ་ཡོངས་སུ་འཛིན་པར་བྱེད་དེ། གསུམ་གང་ཞེ་ན། ཐོས་པའི་ཤེས་རབ་ཀྱིས་ནི་ཚིག་འབྲུ་ཡོངས་སུ་
འཛིན་པར་བྱེད་དོ། །བསམས་པའི་ཤེས་རབ་ཀྱིས་ནི་མཚན་ཉིད་ཡོངས་སུ་འཛིན་པར་བྱེད་དོ། །བསྒོམས་པའི་ཤེས་རབ་ཀྱིས་ནི་མངོན་སུམ་དུ་བྱེད་པ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ཏེ། ཅིའི་ཕྱིར་འདི་ལྟར་མི་མཐུན་པར་གྱུར། དེ་ཅི་ལྟར་བརྡ་ཕྲད་པར་བྱ་ཞེ་ན། སྨྲས་པ།
ཐེག་པ་ཆེན་པོའི་གཞུང་གི་བསྟན་པ་དང་སྦྱར་ན་ཡང་དག་པའི་དོན་དུ་ན་ཐོས་པ་ལ་སོགས་པའི་ཤེས་རབ་གསུམ་ཆར་དོན་དང་ཚིག་འབྲུ་ཤེས་པ་ཡིན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཐོས་པའི་ཤེས་རབ་ནི་ཆོས་ལ་དམིགས་པའོ། །བསམས་པའི་ཤེས་རབ་ནི་དོན་ཡོངས་སུ་འཛིན་པའོ་ཞེས་
བྱ་བ་ལ་སོགས་པ་བསྟན་པ་ནི་མཚན་ཉིད་ཀྱི་དབང་དུ་མཛད་ནས་རབ་ཏུ་བསྟན་པ་ཡིན་ནོ། །ཁམས་དང་སའི་བྱེ་བྲག་ཐ་དད་པ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་འདོད་པའི་ཁམས་ན་ནི་ཐོས་པ་དང་བསམས་པའི་ཤེས་རབ་གཉིས་ཁོ་ན་དང་ལྡན་པའོ། །གཟུགས་ཀྱི་ཁམས་ན་ནི་ཐོས་པ་དང་བསྒོམས་
པའི་ཤེས་རབ་གཉིས་ཁོ་ན་དང་ལྡན་ནོ། །གཟུགས་མེད་པའི་ཁམས་ན་ནི་བསྒོམས་པའི་ཤེས་རབ་ཁོ་ནའོ་ཞེས་ཟེར་ཏེ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་སོགས་པ་ལས་བསྟན་པ་བཞིན་ནོ། །མདོ་སྡེ་པའི་གཞུང་གིས་འདོད་པ་དང་གཟུགས་ཀྱི་ཁམས་ན་ནི་བསྒོམས་པ་ཁོ་ནའོ་ཞེས་ཟེར་ཏེ།
དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས་ཤེས་རབ་རྣམ་པ་གསུམ་བསྟན་པའི་ལེའུ་ལས། ཤེས་རབ་གསུམ་པོ་དེ་དག་ལས་དུ་ནི་འདོད་པའི་ཁམས་ཀྱི་ཡིན། དུ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཡིན་ཞེ་ན། སྨྲས་པ། འདོད་པ་དང་། གཟུགས་ཀྱི་ཁམས་ནི་ཐམས་ཅད་དོ། །
གཟུགས་མེད་པའི་ཁམས་ནི་བསྒོམས་པའི་ཤེས་རབ་ཁོ་ནའོ་ཞེས་འབྱུང་བ་ཡིན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཡང་ཕལ་ཆེར་ཐམས་ཅད་ཡོད་པར་སྨྲ་བ་དག་གིས་བསྟན་པ་དང་མཐུན་ནོ། །ལེའུ་ཆེན་པོའི་མདོ་ལས་ནི་འདོད་པའི་ཁམས་ན་ཡང་ཏིང་ངེ་འཛིན་ཡོད་དོ་ཞེས་
Vol. 119 · folio 173b
གསུངས་སོ། །ཁ་ཅིག་ན་རེ་ཐེག་པ་ཆེན་པོའི་བསྟན་པ་ལས་ཤེས་རབ་རྣམ་པ་གསུམ་ནི་ཁམས་གསུམ་པོ་ཀུན་དུ་གཏོགས་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་གཏུགས་པར་བྱའོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ནི་སོ་སོ་ཡང་དག་པར་རིག་པ་
རྣམ་པ་གསུམ་གྱི་བྱེ་བྲག་ཅེས་བྱའོ་ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཇུག་བསྡུ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་བསྒོམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སོ་སོ་ཡང་དག་
པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པའི་ཤེས་པ་ནི་གང་ལགས། མཐོང་བ་ནི་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཤེས་པ་དང་མཐོང་བའི་བྱེ་བྲག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །
བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་རྣམ་གྲངས་དུ་མར་ཤེས་པ་དང་མཐོང་བའི་བྱེ་བྲག་བསྟན་མོད་ཀྱི། འོན་ཀྱང་འདིར་ཁྱོད་ལ་མདོར་བསྡུས་ཏེ་དེའི་མཚན་ཉིད་བཤད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་
ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བཤད་པར་བཀས་གནང་བ་དང་། ཡང་དག་པར་བཤད་པ་སྟེ། འདི་ནི་དང་པོའོ། །འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམས་པའི་ཤེས་རབ་ཁྱད་པར་ཅན་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ་ཞེས་
བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཤེས་པ་བསྟན་པ་དང་། མཐོང་བ་བསྟན་པ་སྟེ། འདི་ནི་ཤེས་པ་བསྟན་པའོ། །མ་འདྲེས་པའི་ཆོས་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམས་པའི་ཤེས་རབ་ཁྱད་པར་ཅན་
གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་མཐོང་བ་རྣམ་པར་ཕྱེ་སྟེ་བཤད་པའོ། །ཡང་དག་པའི་དོན་དུ་ན་ཆོས་རྣམ་པ་གཉི་ག་ཡང་ཤེས་པ་དང་མཐོང་བར་གཏོགས་པ་ཡིན་ཏེ། ཡོངས་སུ་ཚོལ་བ་དང་། ཡོངས་སུ་གཅོད་པ་ནི་དོན་དང་ལྡན་པའི་ཕྱིར་རོ། །འདིར་ནི་རྣམ་པ་གཉིས་ཀྱིས་ཁྱད་
Vol. 119 · folio 174a
པར་དུ་འཕགས་པ་དང་དམན་པ་དག་རབ་ཏུ་བསྟན་པའི་ཕྱིར་འདྲེས་པ་མ་ཡིན་པ་ལ་དམིགས་པའི་མཐོང་བ་ཞེས་བསྟན་ལ་འདྲེས་པ་ལ་དམིགས་པ་ནི་ཤེས་པ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་དང་འདི་མི་མཐུན་པར་གྱུར་པ་ནི་ལོ་ཙཱ་བ་དག་གི་བསམ་
པ་ཐ་དད་པའི་ཕྱིར་རོ། །ཤེས་པ་དང་མཐོང་བ་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏོ། མཛོད་ཀྱི་བསྟན་བཅོས་ལས་བཟོད་པ་ནི་ཤེས་པའི་ངོ་བོ་ཉིད་མ་ཡིན་ཏེ། རང་གི་ཐེ་ཚོམ་གཅད་པར་བྱ་བ་དང་མ་ཆད་པའི་ཕྱིར་ལྟ་བའི་ངོ་བོ་ཉིད་ཀྱིས་བསྡུས་ཏེ་རྟོག་པའི་བདག་ཉིད་ཀྱི་ཕྱིར་རོ། །ཟད་པ་དང་སྐྱེ་
བའི་ཡེ་ཤེས་གཉིས་ཀྱང་ལྟ་བའི་ངོ་བོ་ཉིད་མ་ཡིན་ཏེ། ཡོངས་སུ་ཚོལ་བའི་སེམས་ཉེ་བར་ཞི་བ་དང་ཡང་རྟོག་པ་མི་བྱེད་པའི་ཕྱིར་རོ། །དེ་ལས་གཞན་པ་རྣམས་ནི་ཡེ་ཤེས་དང་ལྟ་བ་གཉི་གའི་ངོ་བོ་ཉིད་དུ་གཏོགས་ཏེ། རང་གི་ཐེ་ཚོམ་ཆད་པ་དང་རྟོག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཟག་པ་དང་བཅས་པའི་ཤེས་པ་
རྣམས་ནི་ཆོས་ཤེས་པའི་ངོ་བོ་ཉིད་ཀྱིས་བསྡུས་ཏེ། དེ་ལས་རྣམ་པ་དྲུག་ནི་ལྟ་བའི་ངོ་བོ་ཉིད་ཁོ་ན་ཡིན་ཏེ། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ལྟ་བ་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དྲུག་སྟེ། ཇི་སྐད་དུ་བསྟན་པའི་འཕགས་པའི་གང་ཟག་དང་བཅས་པའི་ཤེས་རབ་ནི་ཆོས་
རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ཤེས་རབ་ཀྱི་བདག་ཉིད་ཀྱིས་བསྡུས་པ་ཡིན་ནོ་ཞེས་འབྱུང་ངོ་། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་མཐོང་བ་གང་ཞེ་ན། སྨྲས་པ། མིག་ལ་སོགས་པའི་ལྟ་བ་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། སློབ་པ་དང་མི་སློབ་པའི་མཐོང་བའོ། །
ཤེས་པ་གང་ཞེ་ན། སྨྲས་པ། རྣམ་པར་ཤེས་པ་ལྔ་དང་། མཚུངས་པར་ལྡན་པའི་ཤེས་རབ་དང་། ཟག་པ་མེད་པའི་བཟོད་པ་མ་གཏོགས་པ་གཞན་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་བཟོད་པ་རྣམས་སོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་
ཅི་མཐོང་བ་རྣམས་ཤེས་པ་ཡིན་ཞེ་ན། སྨྲས་པ། དེ་ཡང་མུ་བཞིར་དབྱེ་སྟེ། དང་པོ་ནི་མཐོང་བ་ཡིན་ལ་ཤེས་པ་མ་ཡིན་པའང་ཡོད་དེ། །འདི་ལྟ་སྟེ། མིག་གི་དབང་པོ་དང་ཟག་པ་མེད་པའི་བཟོད་པ་དག་གོ། །གཉིས་པ་ནི་ཤེས་པ་ཡིན་ལ་མཐོང་བ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། རྣམ་པར་
Vol. 119 · folio 174b
ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ཤེས་རབ་དང་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་དང་ལྟ་བ་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མ་གཏོགས་པ་གཞན་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཟག་པ་དང་བཅས་པའི་ཤེས་རབ་བོ། །གསུམ་པ་ནི་མཐོང་བ་ཡང་ཡིན་ལ།
ཤེས་པ་ཡང་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ལྟ་བ་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། ཟག་པ་མེད་པའི་བཟོད་པ་དང་། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་མ་གཏོགས་པ་གཞན་ཟག་པ་མེད་པའི་ཤེས་རབ་སློབ་པའི་ཤེས་པ་བརྒྱད་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་དག་གོ། །
དེའི་ཟག་པ་མེད་པའི་ཤེས་རབ་དང་། སྔ་མའི་ལྟ་བ་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཤེས་པ་དང་། མཐོང་བ་གཉིས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་མུ་གསུམ་པས་བསྡུས་སོ། །བཞི་པ་ནི་མཐོང་བ་ཡང་མ་ཡིན་ཤེས་པ་ཡང་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། སྔ་མའི་མཚན་ཉིད་དང་།
མཚན་ཉིད་ཀྱི་གཞིའི་མིང་མ་གཏོགས་པ་ཆོས་གང་མུ་གསུམ་པས་བསྟན་པར་བྱ་བའི་ཆོས་གང་ཡིན་པ་དེ་ནི་མཚན་ཉིད་ཅེས་བྱའོ། །དེ་ལས་གཞན་པའི་ཆོས་རྣམས་ནི་མུ་བཞི་པ་ཡིན་པས་མུ་བཞི་པས་བསྟན་པར་བྱ་བ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ལས་མིག་མ་
གཏོགས་པ་གཟུགས་གཞན་རྣམས་དང་འདུ་བྱེད་ཀྱི་ཕུང་པོ་ལས་ཤེས་རབ་མ་གཏོགས་པ་འདུ་བྱེད་གཞན་རྣམས་ཕུང་པོ་གཞན་གསུམ་པོ་རིལ་དང་འདུས་མ་བྱས་ཀྱི་ཆོས་ནི་མུ་བཞི་པ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་སྡེ་པ་དག་ནི་ཤེས་པ་དང་མཐོང་བ་ནི་ཐ་མི་དད་དོ་ཞེས་
འཆད་དེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པའི་ནང་ནས་ཤེས་པ་དང་མཐོང་བ་བསྟན་པའི་ལེའུ་ལས། མཐོང་བ་དང་ཤེས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། བདག་ཉིད་གཅིག་པ་ཡིན་པས་བྱེ་བྲག་ཏུ་གྱུར་པ་མེད་དོ་ཞེས་བྱ་བ་ནས་མཐོང་བ་དང་ཤེས་པ་ནི་ཆོས་རྟོགས་ཤིང་མངོན་དུ་བྱེད་པ་ཐོབ་པ་
ཡིན་པས་དོན་གཅིག་གོ། །མདོ་དག་ལས་ཤེས་པ་དང་མཐོང་བ་དག་གིས་ཟག་པ་ཟད་པ་ཐོབ་པར་འགྱུར་རོ་ཞེས་གསུངས་ན་དེ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། དང་པོ་ཁོ་ནར་འཇིག་པར་ཤེས་པ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །གནས་སྐབས་སུ་ཞུགས་པ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །
Vol. 119 · folio 175a
ཐོག་མར་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །རྟོགས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱ་སྟེ། དེའི་ཟབ་པ་དང་ཟབ་པ་མ་ཡིན་པའི་བྱེ་བྲག་ཡོད་དོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་
པོ་བསྟན་པ་དང་སྦྱར་ན། ཡང་སོ་སོ་ནས་བཤད་པ་མི་མཐུན་པས་སློབ་དཔོན་དབྱིག་གཉེན་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་འགྲེལ་པ་མཛད་པ་ལས་ནི། ཤེས་པ་དང་མཐོང་བ་གཅིག་ཏུ་བསྟན་པ་ལ་དགོངས་པ་རྣམ་པ་གཉིས་ཡོད་དེ། རྗེས་སུ་དཔག་པའི་ཤེས་པ་ལས་རབ་ཏུ་
དབྱེ་བ་དང་། ཤའི་དང་ལྷའི་མིག་ལས་རབ་ཏུ་དབྱེ་བ་ཡིན་ནོ་ཞེས་བཤད་དེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་མཁྱེན་ཏོ་ཞེས་བྱ་བས་མཆོག་གམ། ཅི་ན་ཅིའི་ཕྱིར་ཡང་དེ་བཞིན་གཤེགས་པས་གཟིགས་སོ་ཞེས་བྱ་བ་གསུངས་ཤེ་ན། གལ་ཏེ་གཟིགས་སོ་ཞེས་བྱ་བ་མ་གསུངས་ན་ཁ་ཅིག་འདི་ལྟར་དེ་བཞིན་
གཤེགས་པའི་རྗེས་སུ་འཕགས་པའི་མཁྱེན་པས་མཁྱེན་པ་ཡིན་ནོ་སྙམ་དུ་སེམས་པར་གྱུར་པས་སོ། །གལ་ཏེ་དེ་ལྟ་ན་གཟིགས་ཞེས་བྱ་བས་ཆོག་མོད། ཅིའི་ཕྱིར་ཡང་དེ་བཞིན་གཤེགས་པས་མཁྱེན་ཏོ་ཞེས་བྱ་བ་གསུངས་ཤེ་ན། གལ་ཏེ་མཁྱེན་ཏོ་ཞེས་བྱ་བ་མ་གསུངས་ན། ཁ་ཅིག་འདི་ལྟར་དེ་བཞིན་
གཤེགས་པ་ནི་ཤའི་སྤྱན་ལ་སོགས་པས་གཟིགས་པ་ཡིན་ནོ་སྙམ་དུ་སེམས་པར་གྱུར་པས་སོ་ཞེས་འབྱུང་སྟེ། སློབ་དཔོན་ཡོན་ཏན་བྱིན་གྱིས་འགྲེལ་པ་ལས་ཀྱང་དོན་ཕལ་ཆེར་འདི་དང་མཐུན་པར་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་དཔེར་ན་གཞན་དག་
ལས་ཀློག་པ་དང་ཁ་ཏོན་སློབ་པ་དང་རྣམ་པར་འབྱེད་ཅིང་དཔྱོད་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །རང་གི་ལུས་ཀྱི་མངོན་དུ་བྱས་པ་ཐོབ་པ་ལྟ་བུ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །དཔེར་ན་རྣ་བས་དངོས་པོ་དག་ཐོས་ན་ད་དུང་ཐེ་ཚོམ་དང་བཅས་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་པ་ཞེས་
བྱའོ། །རང་གི་མིག་གིས་གསལ་བར་མཐོང་ནས་ཐེ་ཚོམ་མེད་པ་ལྟ་བུ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་དང་པོར་ཤེས་པ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། ཕྱིས་ཤིན་ཏུ་ཞུགས་པ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །ཤེས་པ་ནི་མཐར་མ་ཕྱིན་པ་ཞེས་བྱའོ། །
Vol. 119 · folio 175b
མཐོང་བ་ནི་མཐར་ཕྱིན་པ་ཞེས་བྱའོ། །ཤེས་པ་དང་མཐོང་བ་ལ་ཡང་མུ་བཞི་ཡོད་དེ། དང་པོ་ནི་ཤེས་པ་ཡིན་ལ་མཐོང་བ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ཇི་སྙེད་པ་ཤེས་པ་གང་ཡིན་པ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། ལྟ་བ་ལྔ་པོ་མ་གཏོགས་པ་དེ་ལས་གཞན་པའི་ཤེས་རབ་ཀྱི་ཆོས་གང་ཡིན་པ་དེ་
ནི་ཤེས་པ་ཞེས་བྱའོ། །གཉིས་པ་ནི་མཐོང་བ་མ་ཡིན་ལ་ཤེས་པ་མ་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ། ལྟ་བ་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། བཟོད་པ་བརྒྱད་པོ་དག་གོ། །དེ་ལས་གཞན་ཟག་པ་མེད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་ཀྱང་བྱའོ། །མཐོང་བ་ཞེས་ཀྱང་བྱའོ། །
མཐོང་བ་དང་ཤེས་པ་དེ་ལས་མ་གཏོགས་པའི་ཆོས་གཞན་གང་ཡིན་པ་དེ་ནི་མཐོང་བ་ཡང་མ་ཡིན་ལ་ཤེས་པ་ཡང་མ་ཡིན་ནོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་ཇི་ལྟར་ཏིང་ངེ་འཛིན་བསྒོམས་པས་ཤེས་པ་དང་མཐོང་བ་ཐོབ་པར་འགྱུར་ཞེ་ན། དེ་ལ་མིག་མེད་པར་ཡང་གཟུགས་ཀྱི་ཡུལ་རྣམས་ལ་
ལྟ་བ་དང་། རྟོག་པ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བཤད་དོ། །ལྷ་རྣམས་ཀྱི་མིང་ནི་འདི་ལྟ་བུའོ། །རིགས་དང་རྣམ་པ་ནི་འདི་ལྟ་བུའོ་ཞེས་ཤེས་པ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཤེས་པ་དང་མཐོང་བ་གཉིས་ལ་ཁྱད་
པར་ཅི་ཡོད་ཅེ་ན། འདས་པ་དང་། མ་འོངས་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །ད་ལྟར་གྱི་ཡུལ་ཅན་གྱི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་གཟུང་བས་དམིགས་པར་བྱས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །
འཛིན་པས་དམིགས་པར་བྱས་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་ཉོན་མོངས་
པ་སྤོང་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །ཉོན་མོངས་པ་སྤངས་ནས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་རང་གི་མཚན་ཉིད་ཀྱི་ཡུལ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །སྤྱིའི་མཚན་
Vol. 119 · folio 176a
ཉིད་ཀྱི་ཡུལ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་གདགས་པ་ལ་བརྟེན་ཏེ། ནང་དང་ཕྱི་རོལ་གྱི་འདུ་བྱེད་ལ་འདི་ལྟ་སྟེ། བདག་ཅེས་བྱ་བའམ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་
ཆེན་པོ་ཞེས་བྱ་བའམ། དམག་དང་། ནགས་ཚལ་དང་། ཁང་ཁྱིམ་དང་། རི་ཞེས་བྱ་བའམ། དེ་ལྟ་བུ་ལ་སོགས་པའི་རྣམ་པའི་བརྡའི་ཚུལ་གྱིས་ཞེས་བྱ་བ་དེ་དང་དེ་དག་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ལ་
མཛད་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་ཆོས་རྣམས་ཡོངས་སུ་ཚོལ་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །ཡོངས་སུ་བསལ་བ་ལ་སོ་སོར་རྟོག་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་རྣམ་པར་མི་རྟོག་པའི་གཟུགས་བརྙན་
ཡུལ་དུ་གྱུར་པ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཡུལ་དུ་གྱུར་པ་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་ཤེས་བྱ་གཟུགས་ཅན་གྱི་གཟུགས་བརྙན་ལ་དམིགས་པའི་ཤེས་
རབ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །ཤེས་བྱ་གཟུགས་ཅན་མ་ཡིན་པའི་གཟུགས་བརྙན་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པ་ཞེས་བྱའོ་ཞེས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་ཞི་གནས་དང་ལྷག་མཐོང་བསྒོམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་བགྱིད་པ་གང་གིས་མཚན་མ་གང་དག་ཇི་ལྟར་རྣམ་པར་སེལ་བར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་མ་རྣམས་རབ་ཏུ་སེལ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ།
ཞུས་པ་དང་ལན་དག་གིས་མཚན་མ་རྣམས་རབ་ཏུ་སེལ་བ་རྣམ་པར་འབྱེད་པ་དང་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་མན་ཆད་ཞུས་པ་དང་། ལན་དག་གིས་སོ་སོར་བརྟག་པར་ནུས་པ་དང་མི་ནུས་པ་རྣམ་པར་འབྱེད་པ་དང་། བཅོམ་ལྡན་འདས་ཞེས་བྱ་བ་མན་
Vol. 119 · folio 176b
ཆད་ཞུས་པ་དང་ལན་དག་གིས་མཚན་མ་བསལ་བར་དཀའ་བ་རྣམས་རྣམ་པར་འབྱེད་པའོ། །དེ་ལ་དང་པོ་མཚན་མ་རྣམས་རབ་ཏུ་སེལ་བ་ཡང་རྣམ་པ་བཞིར་དབྱེ་སྟེ་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། བསྟན་པ་དང་། རྣམ་པར་བཤད་པ་སྟེ། འདི་ནི་དང་པོ་ཞུ་བ་གསོལ་པའོ། །དེ་ལ་ཞུ་བ་
གསོལ་པ་ལ་ཡང་དགོངས་པ་རྣམ་པ་གསུམ་ཡོད་དེ། དང་པོ་ཡིད་ལ་བགྱིད་པ་གང་གིས་ཞེས་བྱ་བ་ནི་སེལ་བར་ཞུས་པ་ཡིད་ལ་བྱེད་པ་ཞུས་པ་སྟེ། ཡིད་ལ་བྱེད་པ་རྣམས་ལས་ཡིད་ལ་བྱེད་པ་གང་གིས་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་ཅེས་བྱ་བ་ནི་ཡོངས་སུ་བསལ་བར་བྱ་བའི་མཚན་མ་ཞུས་པའོ། །
ཇི་ལྟར་རྣམ་པར་སེལ་བར་བགྱིད་ལགས་ཞེས་བྱ་བ་ནི་མཚན་མ་བསལ་བའི་ཐབས་ཞུས་པ་སྟེ། རྣལ་འབྱོར་ཇི་ལྟ་བུ་ཞིག་དང་རྣལ་འབྱོར་གྱི་ཆོ་ག་ཇི་འདྲ་བ་ཞིག་གིས་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་སེམས་གང་གིས་ཆོས་ཀྱི་མཚན་མ་གང་ཞིག་ལ་རྟོག་
པར་བགྱིད་ཅེས་འབྱུང་བ་ནི་ལོ་ཙཱ་བ་དག་གིས་ནོར་རོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་ཉིད་ཡིད་ལ་བྱེད་པས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །ལན་དུ་གསུངས་པ་འདི་ལ་ཡང་
བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་སའི་མདུན་རོལ་པའི་རྣལ་འབྱོར་བསྒོམ་པའི་སྒོ་ཡིན་པས་གོང་དུ་ཞུས་པ་དག་གི་ལན་དུ་གསུངས་པ་ཡིན་ཏེ། གོང་དུ་ཞུས་པ་རྣམ་པ་གསུམ་གྱི་ལན་བསྟན་པ་ཉིད་ལས་གསུམ་དུ་དབྱེའོ་ཞེའོ། །འདི་ནི་ཞུས་པ་དང་པོའི་ལེན་དུ་གསུངས་པ་སྟེ། འདི་ལྟར་
བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་བྱེད་པ་རྣམས་ཀྱི་ནང་ནས་དེ་བཞིན་ཉིད་ཡིད་ལ་བྱེད་པའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། དེ་བཞིན་ཉིད་བསྒོམ་པའི་སེམས་ཞེས་འབྱུང་ངོ་། །དེ་ལ་ཡིད་ལ་བྱེད་པ་རྣམས་ཞེས་བྱ་བ་ནི་བསྟན་བཅོས་རྣལ་
འབྱོར་སྤྱོད་པའི་ས་ལས་བསྟན་པའི་ཡིད་ལ་བྱེད་པ་བཞི་བཅུ་པོ་དག་སྟེ། དེ་བཞིན་ཉིད་ཡིད་ལ་བྱེད་པ་ཞེས་བྱ་བ་འདི་ནི་ཡིད་ལ་བྱེད་པ་བཞི་བཅུའི་ནང་ནས་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བསྟན་པ་ཉིད་དོ། །ཆོས་ཀྱི་མཚན་མ་དང་། དོན་གྱི་མཚན་མ་རྣམ་པར་སེལ་བར་བྱེད་དེ་ཞེས་བྱ་བ་ནི་ཞུས་པ་གཉིས་པའི་
Vol. 119 · folio 177a
ལན་དུ་གསུངས་སོ། །འདི་ལྟར་ཡོངས་སུ་བསལ་བར་བྱ་བའི་མཚན་མ་ནི་རྣམ་པ་གཉིས་ལས་མེད་དེ། གོང་དུ་བསྟན་པའི་རྗོད་པར་བྱེད་པའི་མིང་ལ་སོགས་པ་དང་། བརྗོད་པར་བྱ་བ་དོན་བཅུ་ལ་སོགས་པ་དོན་རྣམས་ཀྱི་གཟུགས་བརྙན་གྱི་མཚན་མའམ། ཡང་ན་ཆོས་དང་དོན་ལ་མངོན་པར་
ཞེན་པའི་མཚན་མ་དག་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལ་ཞུགས་པའི་ཚེ་དེ་དག་མི་མཐོང་བའི་ཕྱིར་རོ། །ནམ་མིང་ལ་མིང་གི་ངོ་བོ་ཉིད་མི་དམིགས་པ་ན་དེའི་གནས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་རྣམ་པར་སེལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་ཞུས་པ་གསུམ་པའི་ལན་དུ་གསུངས་པ་སྟེ། རྣལ་འབྱོར་བསྒོམ་
པའི་ཆོ་ག་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། མིང་ལས་བརྩམས་ནས་རྣལ་འབྱོར་རྣམ་པར་འབྱེད་པ་དང་། ཟླས་ཚིག་ལ་སོགས་པ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་མིང་ལ་སོ་སོར་རྟོག་པའི་ཚེ། མིང་རྣམས་དང་། མིང་གི་ངོ་བོ་ཉིད་དེ་དག་རང་གི་
སེམས་གྱུར་པ་བཏགས་པ་ཙམ་དུ་ཡོད་པ་ཉིད་དུ་མཐོང་བས་ཡང་དག་པ་ཉིད་དུ་མངོན་པར་ཞེན་པ་དག་མི་དམིགས་ཏེ། དེ་ལྟར་རྟོག་པའི་ཚེ་མིང་འབའ་ཞིག་དམིགས་སུ་མེད་པར་མཐོང་བ་མ་ཡིན་གྱི། མིང་ལ་སོགས་པ་དེ་དག་ནི་གནས་མངོན་པར་ཤེས་པའི་ངོ་བོ་ཉིད་རྣམ་པར་ཤེས་པ་ལ་ཡང་མི་རྟོག་གོ། །བཤད་
པ་གཞན་དུ་ན་མངོན་པར་ཞེན་པའི་མིང་དམིགས་སུ་མེད་པས་མཐོང་བའི་ཚེ་ཀུན་དུ་བརྟགས་པའི་མིང་ལ་སོགས་པ་དེ་དག་གི་གནས་གཞན་གྱི་དབང་དང་མིང་ལ་སོགས་པ་ལ་ཡང་མི་རྟོག་སྟེ་དེ་ནི་འདི་སྐད་དུ་དེ་བཞིན་ཉིད་བསྒོམ་པ་ལ་ཞུགས་ནས་མངོན་པར་ཞེན་པ་བསལ་བ་ན་གཞན་གྱི་དབང་དང་མིང་
ལ་སོགས་པ་སྣང་བར་མི་འགྱུར་བའི་ཕྱིར་རྣམ་པར་སེལ་བ་ཞེས་བྱ་བའི་སྟོང་པ་དང་། རང་གི་ངོ་བོ་ཉིད་ཅི་ཡང་མེད་པར་བརྟགས་པ་ལ་རྣམ་པར་སེལ་བར་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། རྣམ་པར་མི་
རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་ན་ཡུལ་གྱི་དོན་ཐམས་ཅད་སྣང་བར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་དེ་བཞིན་ཉིད་ཀྱི་རྣལ་འབྱོར་གྱིས་ཀུན་བརྟགས་པ་ཡོངས་སུ་བསལ་བའི་ཚེ། གཞན་གྱི་དབང་སྣང་བར་མི་འགྱུར་བས་དམིགས་སུ་མེད་
Vol. 119 · folio 177b
པའོ་ཞེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྣང་བར་མི་འགྱུར་བས་དམིགས་སུ་མེད་པ་ཞེས་བྱ་བ་ནི་ཆོས་རྣམས་ཡོངས་སུ་བཙལ་བ་ན་རང་གི་ངོ་བོ་ཉིད་མི་མཐོང་བ་ལ་བྱའི། རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པ་ལ་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཀུན་དུ་བརྟགས་པའི་ངོ་བོ་ཉིད་མི་དམིགས་
པའི་ཚེ་གཞན་གྱི་དབང་གི་རང་གི་མཚན་ཉིད་ལ་སོ་སོར་རྟོག་པར་མི་བྱེད་དེ། སོ་སོར་མི་རྟོག་པའི་ཕྱིར་གཞན་གྱི་དབང་མི་སྣང་ངོ་ཞེས་བསྟན་ཏོ། །མིང་ལ་ཇི་ལྟ་བ་བཞིན་དུ་ཚིག་དང་ཡི་གེ་དང་། དོན་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་ཟླས་ཚིག་ལ་སོགས་པའོ། །
འདི་ཡང་རྣམ་པ་གཉིས་ཏེ། ཟླས་ཚིག་དང་། ཡི་གེ་དང་། དོན་རྣམ་པ་བཅུ་བསྟན་པ་དང་། ཟླས་དོན་རྣམ་པ་ལྔ་ལ་སོགས་པ་བསྟན་པའོ། །ཁམས་ཀྱི་བར་ཞེས་བྱ་བ་མན་ཆད་ཀྱིས་ནི་ཟླས་དོན་རྣམ་པ་གསུམ་བསྟན་པའོ། །འདི་ནི་དང་པོ་ཟླས་དོན་རྣམ་པ་གསུམ་པོ་ཚིག་དང་ཡི་གེ་དང་། དོན་རྣམ་པ་བཅུ་
བསྟན་པ་སྟེ། ཇི་ལྟར་མིང་ལ་མིང་གི་ངོ་བོ་ཉིད་མི་དམིགས་པའི་ཚེ། དེའི་གནས་ཀྱི་མཚན་མ་ཡང་དག་པར་མི་མཐོང་བ་དེ་བཞིན་དུ་ཚིག་དང་ཡི་གེ་དང་དོན་རྣམ་པ་བཅུ་པོ་རེ་རེ་ལ་ཡང་རང་གི་ངོ་བོ་ཉིད་མི་དམིགས་པ་དང་། དེ་དག་གི་གནས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བ་ཡང་སྔ་མ་བཞིན་དུ་
རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁམས་ཀྱི་བར་ལ་ཡང་ཁམས་ཀྱི་ངོ་བོ་ཉིད་མི་དམིགས་པ་ན་དེའི་གནས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་དེ་ལྟར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་ཟླས་དོན་རྣམ་པ་ལྔ་ལ་སོགས་པ་བསྟན་པའོ། །འདི་ལྟ་སྟེ། དོན་རྣམ་པ་ལྔ་དང་། དོན་རྣམ་པ་བཞི་དང་། དོན་རྣམ་
པ་གསུམ་བསྟན་པ་ལས་ཚིག་འབྲུའི་དོན་དང་། དོན་གྱི་དོན་ཞེས་བྱ་བ་ནས་ཁམས་ལྔ་པོའི་བར་དག་གམ། ཡང་ན་ཚིག་འབྲུའི་དོན་དང་དོན་གྱི་དོན་དང་། ཁམས་ཀྱི་དོན་གྱི་བར་དག་གང་ཡིན་པ་དེ་དག་རེ་རེ་ལ་ཡང་དོན་རྣམ་པ་གཉིས་གཉིས་ཡོད་དེ། རང་གི་ངོ་བོ་ཉིད་དམིགས་སུ་མེད་པ་དང་། དེ་དག་
གི་གནས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བ་ཡང་གོང་མ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་གྱི་སྒོ་དེ་དག་ཀྱང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་
Vol. 119 · folio 178a
བསྟན་པའི་དོན་བརྗོད་པར་བྱའོ། །བསྟན་བཅོས་དེ་ལས་རེ་ཞིག་ཀུན་དུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་ལས་བརྩམས་ནས་མིང་དང་དོན་དེ་དག་ལ་སོ་སོར་རྟོག་པར་སྟོན་ཏོ། །འདི་ལྟ་སྟེ། དྲོ་བར་གྱུར་པ་དང་། རྩེ་མོའི་གནས་སྐབས་སུ་ནི་ཡོངས་སུ་ཚོལ་
བ་བཞི་ལ་བརྟེན་ནས་གཟུང་བའི་མིང་དང་། དོན་གྱི་རང་གི་ངོ་བོ་ཉིད་དང་བྱེ་བྲག་དམིགས་སུ་མེད་པར་སོ་སོར་རྟོག་གོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་ལ་བརྟེན་ནས་ནི། འཛིན་པའི་མིང་དང་། དོན་གྱི་རྣམ་པར་ཤེས་པ་དམིགས་སུ་མེད་པར་སོ་སོར་རྟོག་སྟེ། དེའི་ཕྱིར་ཚིག་ལེའུར་བྱས་པ་ལས།
ཅི་ཡང་རུང་སྟེ་མདུན་གཞག་ནས། །དེ་ནི་རྣམ་རིག་ཙམ་སྙམ་ནས། །དམིགས་པ་དང་ནི་བཅས་པའི་ཕྱིར། །རྣམ་རིག་ཙམ་ལ་གནས་པ་མིན། །ཞེས་འབྱུང་བ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་པ་ལས་མཐོང་བའི་ལམ་ལ་འཇུག་པའི་ཕྱིར། རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ལ་གནས་པས་ཡང་སྦྱོར་བ་བསྒོམས་
ནས་འཛིན་པ་གཉིས་རྣམ་པར་གནོན་ཅིང་སེལ་བར་བྱེད་དེ། འདི་ལྟ་སྟེ། དྲོ་བར་གྱུར་པ་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་དགེ་བའི་རྩ་བ་བཞི་པོ་དེ་དག་གིས་ཀུན་དུ་ཚོལ་བ་བཞི་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་ལ་བརྟེན་ནས་དང་པོ་དང་ཐ་མའི་གནས་
སྐབས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཀུན་དུ་ཚོལ་བ་བཞི་ནི་མིང་དང་དོན་དང་ངོ་བོ་ཉིད་དང་བྱེ་བྲག་སྟེ། གཞན་གྱི་དབང་ནི་བཏགས་པ་ཙམ་དུ་ཡོད་པ་དང་། ཀུན་དུ་བརྟགས་པ་ནི་ཡང་དག་པར་མེད་པའི་ངོ་བོ་ཉིད་གང་ཡིན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་བཞི་པོ་དག་ནི་རྣམ་པར་ཤེས་པ་ལས་གུད་ན་
ཡང་མེད་ལ་རྣམ་པར་ཤེས་པ་ཉིད་ཀྱང་མ་ཡིན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ཞེས་བྱའོ། །སྣང་བ་ཐོབ་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ་ཀུན་དུ་ཚོལ་བ་ཐ་མ་བསྐྱེད་ནས་གཟུང་བ་མེད་པ་ཉིད་དུ་མཐོང་བ་ལས་ནི་བྲོ་བར་གྱུར་པའི་གནས་སྐབས་རྣམ་པར་གཞག་སྟེ། འདི་ལྟར་གནས་སྐབས་འདིར་ཐོག་མ་
ཁོ་ནར་གཟུང་བ་མིང་ལ་སོགས་པའི་ཆོས་བཞི་པོ་དེ་དག་ནི་རང་གི་སེམས་གྱུར་པ་བཏགས་པ་ཙམ་དུ་ཡོད་ཀྱི། ཡང་དག་པར་ན་དམིགས་སུ་མེད་པ་ཉིད་དུ་མཐོང་བས་སོ། སྣང་བ་མཆེད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ་ཀུན་དུ་ཚོལ་བ་མཆོག་བསྐྱེད་ནས་གཟུང་བ་མེད་པ་ཉིད་དུ་མཐོང་བ་ལས་ནི་རྩེ་མོའི་གནས་སྐབས་
Vol. 119 · folio 178b
རྣམ་པར་གཞག་སྟེ། འདི་ལྟར་གནས་སྐབས་འདིར་ཡང་ནས་ཡང་དུ་གཟུང་བ་མིང་ལ་སོགས་པའི་ཆོས་བཞི་པོ་དག་ནི་རང་གི་སེམས་གྱུར་པར་བཏགས་པ་ཙམ་དུ་ཡོད་ཀྱི། ཡང་དག་པར་ནི་དམིགས་སུ་མེད་པ་ཉིད་དུ་མཐོང་བས་སོ། །རྗེས་སུ་མཐུན་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ་ཡང་དག་པའི་ཇི་ལྟ་བ་བཞིན་
དུ་ཤེས་པ་ཐ་མ་བསྐྱེད་ནས་གཟུང་བ་མེད་པ་ཉིད་ལ་ཡང་ངེས་པ་ཉིད་དུ་འཛིན་པར་བྱེད་ལ་འཛིན་པ་མེད་པ་ལ་ཡང་གཞོལ་བ་དང་། འདོད་པ་དང་བཟོད་པར་བྱེད་དེ། ཡུལ་ཡང་ཡང་དག་པར་ཡོད་པ་མ་ཡིན་ན་འཛིན་པ་དང་བྲལ་བའི་རྣམ་པར་ཤེས་པ་ལྟ་གཟུང་བའི་ཡུལ་ལས་གུད་ན་ཡང་དག་པའི་རྣམ་པར་ཤེས་
པ་ག་ལ་ཡོད་སྙམ་སྟེ། གཟུང་བ་དང་འཛིན་པ་དག་ནི་ཕན་ཚུན་ལྟོས་པ་ལས་རྣམ་པར་གཞག་པའི་ཕྱིར་རོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མཆོག་བསྐྱེད་ནས་འཛིན་པ་གཉིས་སྟོང་པ་ཉིད་དུ་མཐོང་བ་ལས་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམ་པར་གཞག་སྟེ། འདི་
ལྟར་སྔ་མའི་བཟོད་པ་ཆེན་པོས་ནི་གཟུང་བ་འབའ་ཞིག་སྟོང་པ་ཉིད་དུ་མཐོང་བ་ལ་འདིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་གིས་ནི་སྟོང་པ་ཉིད་གཉི་ག་མཐོང་བས་སོ། །འཛིན་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་ནི་གཟུང་བ་སྟོང་པ་ཉིད་སོ་སོར་རྟོག་སྟེ། བཟོད་པ་ཐ་མ་བྱུང་བའི་ཚེ་སྟོང་པ་ཉིད་ཀྱི་མཚན་མ་འཇིག་པར་
བྱེད་དོ། །བཟོད་པ་འབྲིང་འཇུག་པའི་གནས་སྐབས་སུ་ནི་འཛིན་པའི་རྣམ་པར་ཤེས་པ་ལ་ཡང་ཡུལ་ཇི་ལྟ་བ་བཞིན་དུ་སྟོང་པ་ཡིན་པར་གཞོལ་བ་དང་མོས་པ་དང་བཟོད་པར་བྱེད་དོ། །བཟོད་པ་ཆེན་པོ་འབྱུང་བའི་གནས་སྐབས་སུ་ནི་འཛིན་པ་སྟོང་པ་ཉིད་ཀྱང་འཇིག་པར་བྱེད་དོ། །འཇིག་རྟེན་ཆོས་ཀྱི་མཆོག་གི་
དུས་སུ་ནི་སྟོང་པ་དང་མཚན་མ་མེད་པ་གཉི་ག་ཡང་འཇིག་པར་བྱེད་དེ་མཚན་མ་དང་བཅས་པའི་ཕྱིར་དང་། དེ་ཁོ་ན་མངོན་སུམ་དུ་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་གནས་བཞི་པོ་དེ་དག་ཏུ་ཅི་ཡང་རུང་བ་ཞིག་མདུན་དུ་བཞག་ནས་འདི་ནི་རྣམ་པར་རིག་པ་ཙམ་དུ་དོན་དམ་པའི་ངོ་བོ་ཉིད་ཡིན་ནོ་སྙམ་དུ་སེམས་
ན་འདི་ལྟར་དེ་དག་སྟོང་པ་དང་། ཡོད་པའི་མཚན་མ་གཉིས་མ་སྤངས་ཤིང་མཚན་མ་དང་བཅས་པས་སེམས་ལ་སོ་སོར་རྟོག་པས་དམིགས་པ་དང་བཅས་པའི་ཕྱིར། ཡང་དག་པར་རྣམ་པར་རིག་པ་ཙམ་གྱི་དོན་ལ་གནས་པ་མ་ཡིན་གྱི་དེའི་མཚན་མ་ཉེ་བར་ཞི་བར་གྱུར་པ་ན་གདོད་ཡང་དག་པར་གནས་
Vol. 119 · folio 179a
པ་ཞེས་བྱའོ་ཞེས་བསྟན་པ་ཡིན་ཏེ། དེའི་ཕྱིར་ཚིགས་སུ་བཅད་པ་ལས། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །གཟུགས་བརྙན་སེམས་ཙམ་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་གྱུར་ནས། །རང་གི་འདུ་ཤེས་ངེས་པར་གཟུང་། །དེ་ལྟར་ནང་དུ་སེམས་གནས་པས། །
གཟུང་བ་མེད་པར་རྟོག་པར་འགྱུར། །དེ་ཡི་འོག་ཏུ་འཛིན་མེད་པས། །དེ་ནས་མི་དམིགས་ལེགས་པར་འགྱུར། །ཞེས་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །ཚིགས་སུ་བཅད་པ་འདི་ཉིད་ཀྱི་བཤད་པ་ནི། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་
པ་ལས་ཇི་སྐད་དུ་བསྟན་པ་བཞིན་ནོ། །དེ་ལ་མིང་ལ་སོགས་པ་མེད་པ་ནི་དྲོ་བར་གྱུར་པ་དང་། རྩེ་མོའི་གནས་སྐབས་གཉིས་སུ་གཟུང་བ་སྟོང་པ་ཉིད་དུ་མཐོང་བས་སོ། །དེའི་ཕྱིར་གནས་སྐབས་ཀྱི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་ཚེ་འཛིན་པ་
སྟོང་པ་ཉིད་དུ་མཐོང་བས་སོ། །ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་ས་ལ་གནས་པ་ཡན་ཆད་ཀྱི་རྣལ་འབྱོར་གྱི་སྒོ་ཡིན་པས་ཞུས་པ་སྔ་མའི་ལན་དུ་གསུངས་པ་ཡིན་ཏེ། འདི་ལྟར་ས་ལ་གནས་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལ་ཞུགས་པ་ན་མིང་ལ་སོགས་པ་རང་གི་ངོ་བོ་ཉིད་
དང་། དེ་དག་གི་གནས་ཀྱི་མཚན་མ་རྣམས་མི་དམིགས་པས་ཡུལ་དང་ཤེས་པ་རོ་གཅིག་པའི་མཉམ་པ་ཉིད་ཐོབ་ནས་འཛིན་པའི་མཚན་མ་ཡོངས་སུ་སྤོང་བའི་ཕྱིར་རོ་ཞེའོ།། །།བམ་པོ་བཞི་བཅུ་ལྔ་པ། བཅོམ་ལྡན་འདས་ཅི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་མཚན་མ་གང་
ལགས་པ་དེས་དེ་བཞིན་ཉིད་ཀྱི་མཚན་མ་ཡང་རྣམ་པར་སེལ་བར་བགྱིད་ལགས་སམ་ཞེས་བྱ་བ་ནི་གསུམ་པ་བརྟག་པ་སྟེ། འདི་ལྟར་སྔར་བསྟན་པའི་དེ་བཞིན་ཉིད་ཡིད་ལ་བགྱིད་པས་དམིགས་པའི་དེ་བཞིན་ཉིད་དེ་ཡང་རྣམ་པར་སེལ་བར་བགྱིད་ལགས་སམ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བུ་དེ་
བཞིན་ཉིད་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་ནི་མཚན་མ་ཡང་མེད་ལ་དམིགས་སུ་ཡང་མེད་ན་ཅི་ཞིག་རྣམ་པར་སེལ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བཞི་པ་དེ་བཞིན་གཤེགས་པས་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཡང་དག་པར་རྣམ་པར་བཤད་པ་དང་། བཟླས་
Vol. 119 · folio 179b
ཏེ་རྣམ་པར་བཤད་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་སའི་མདུན་རོལ་པའི་རྣལ་འབྱོར་གྱི་དབང་དུ་མཛད་ནས་གསུངས་པས་ཕྱི་རོལ་པས་བརྒལ་བའི་ལན་དུ་གསུངས་པ་ཡིན་ཏེ། འདི་ལྟར་དེ་བཞིན་ཉིད་དུ་བསྒོམ་པའི་ཚེ། མཚན་
མ་རྣམས་ཅི་ཡང་མེད་དེ་མཚན་མ་མེད་པའི་ཕྱིར་དམིགས་སུ་ཡང་མེད་པ་ནི་ཅི་ཞིག་རྣམ་པར་སེལ་བར་བྱེད་ཅེའོ། །ཁ་ཅིག་ན་རེ་མདོའི་ཚིག་འདི་ནི་ས་ལ་གནས་པ་མན་ཆད་ཀྱི་དབང་དུ་མཛད་ནས་གསུངས་པས་ཕྱི་རོལ་ལས་བརྒལ་བའི་ལན་དུ་གསུངས་པ་ཡིན་ཏེ། འདི་ལྟར་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལ་ཞུགས་
པ་ན་གཟུང་བ་དང་འཛིན་པའི་མཚན་མ་ཅི་ཡང་མི་དམིགས་པས་དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་ནང་ནས་རབ་ཏུ་རྟོགས་པའི་གནས་སྐབས་ཀྱི་ཚིགས་སུ་བཅད་པ་ལས། ནམ་ཞིག་དམིགས་པ་དག་ལ་ནི། །ཤེས་པས་མི་དམིགས་དེ་ཡི་ཚེ། །རྣམ་པར་རིག་པ་ཙམ་ལ་གནས། །འཛིན་
གཉིས་མཚན་མ་བྲལ་ཕྱིར་རོ། །ཞེས་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་པ་ལས། ནམ་ཞིག་བྱང་ཆུབ་སེམས་དཔའ་དམིགས་པར་བྱ་བའི་ཡུལ་དག་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཅིག་ཅར་ཡང་མི་དམིགས་པ་ན་སྤྲོས་པའི་མཚན་མ་རྣམ་པ་སྣ་ཚོགས་མི་ལེན་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་
དེ་ཉིད་ལས་བསྟན་པ་བཞིན་ནོ། །རིགས་ཀྱི་བུ་ད་ནི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་ཚེ། ཆོས་དང་དོན་གྱི་མཚན་མ་ཐམས་ཅད་ཟིལ་གྱིས་གནོན་པར་སྨྲ་སྟེ། སོ་སོ་ཡང་དག་པར་རིག་པ་དེ་མ་ཡིན་པ་གཞན་གྱིས་གནོན་པར་མི་ནུས་པས་སོ་ཞེས་བྱ་བ་ནི། གཉིས་པ་བཟླས་ཏེ་རྣམ་པར་བཤད་པའོ། །
དེ་བཞིན་ཉིད་ཀྱི་མཚན་ནི་གཞན་གྱིས་བསལ་བར་ནུས་པ་མ་ཡིན་ཏེ། དེ་ནི་འདི་སྐད་དུ་མཚན་མ་གཞན་ཐམས་ཅད་ནི་མཚན་མ་དང་བཅས་པའི་ཕྱིར་དེ་བཞིན་ཉིད་ཀྱིས་རྣམ་པར་སེལ་བར་འགྱུར་ལ་དེ་བཞིན་ཉིད་མངོན་དུ་གྱུར་པའི་ཚེ། དེ་བཞིན་ཉིད་མངོན་དུ་གྱུར་པ་དེ་ལ་མཚན་མ་ཅི་ཡང་མེད་པས་ཆོས་
གཞན་གྱིས་དེ་བཞིན་ཉིད་འདི་ཡོངས་སུ་བསལ་བར་བྱར་རུང་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ནི་དོན་ཚད་མེད་པའི་མདོ་ལས་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས་གང་བསྟན་པ་དེ་ནི་མཚན་མ་མེད་པ་ལ་མཚན་མར་མི་བྱེད་པ་མཚན་མ་མེད་པ་ཞེས་གསུངས་པ་ཉིད་དེ། དེ་ལ་མཚན་མ་མེད་པ་ལ་
Vol. 119 · folio 180a
མཚན་མར་མི་བྱེད་པ་ཞེས་བྱ་བ་ནི་མཚན་མ་མེད་པ་རྣམ་པར་མི་སེལ་བའོ། །མཚན་མར་མི་བྱེད་པ་མཚན་མ་མེད་པ་ཞེས་བྱ་བ་ནི་མཚན་མ་མེད་པ་ཉིད་ཡོངས་སུ་བསལ་བར་མི་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཆབ་རྙོག་མ་ཅན་མཆིས་པའི་སྣོད་ཀྱི་དཔེ་དང་། མེ་ལོང་ཡོངས་སུ་
མ་དག་པའི་དཔེ་དང་། མཚེའུ་འཁྲུགས་པའི་དཔེས་གཞན་གྱི་གཟུགས་བརྙན་གྱི་མཚན་མ་བརྟག་པར་མི་ནུས་ལ་དེ་ལས་བཟློག་པས་ནི་ནུས་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞུས་པ་དང་། ལན་དག་གིས་སོ་སོར་བརྟག་པར་ནུས་པ་དང་། མི་ནུས་པ་རྣམ་པར་འབྱེད་པ་ཞེས་སྟོན་ཏོ། །འདི་ཡང་རྣམ་
པ་གཉིས་ཏེ། ཞུ་བ་གསོལ་པ་དང་། ལན་དུ་གསུངས་པའོ། །ཞུ་བ་གསོལ་པ་ཡང་རྣམ་པ་གཉིས་ཏེ། གནས་ཀྱི་བརྟག་པ་སྨོས་པ་དང་། བསྟན་པ་བཞིན་དུ་ཞུ་བ་གསོལ་པ་ཉིད་དོ། །དང་པོ་ཡང་རྣམ་པ་གཉིས་ཏེ། དཔེས་བསྟན་པ་དང་། དཔེ་དང་དོན་དུ་སྦྱར་བ་སྟེ། འདི་ནི་བསྟན་པའོ། །མདོའི་ཚིག་འདི་
ཡང་རྣམ་པ་གཉིས་ཏེ། སོ་སོར་བརྟག་པར་ནུས་པའི་དཔེ་དང་སོ་སོར་བརྟག་པར་མི་ནུས་པའི་དཔེའོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆུ་རྙོག་མའི་སྣོད་ཀྱི་དཔེ་དང་། མེ་ལོང་ཡོངས་སུ་མ་དག་པའི་དཔེ་དང་། མཚེའུ་འཁྲུགས་པའི་དཔེ་རྣམ་པ་གསུམ་པོ་དེ་དག་གིས་རང་གི་བཞིན་གྱི་གཟུགས་བརྙན་གྱི་
མཚན་མ་སོ་སོར་བརྟག་པར་མི་ནུས་པར་གསུངས་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། སྣོད་ཡོངས་སུ་མ་དག་པ་དང་། མེ་ལོང་ཡོངས་སུ་མ་དག་པ་དང་། ཆུ་ལ་སོགས་པ་རྙོག་པ་དག་གིས་བཞིན་གྱི་གཟུགས་བརྙན་མི་མཐོང་ཞེས་འབྱུང་ངོ་། །ཆུ་ཡོངས་སུ་དང་བའི་སྣོད་ཀྱི་
དཔེ་དང་། མེ་ལོང་ཡོངས་སུ་དག་པའི་བཞིན་གྱི་དཔེ་དང་། མཚེའུ་ཡོངས་སུ་དང་བའི་དཔེ་རྣམ་པ་གསུམ་པོ་དེ་དག་ནི་གོ་རིམས་བཞིན་དུ་ཤེས་རབ་རྣམ་པ་གསུམ་གྱི་དཔེར་བསྟན་པ་ཡིན་ཏེ། ཆུ་ཡོངས་སུ་དང་བའི་སྣོད་ཀྱིས་ཀྱང་གཟུགས་བརྙན་སྟོན་པར་ནུས་མོད་ཀྱི། འོན་ཀྱང་མེ་ལོང་ཙམ་དུ་མི་ཕོད་པའི་
ཕྱིར། ཐོས་པའི་ཤེས་རབ་ཀྱི་དཔེར་བསྟན་ཏོ། །ཡོངས་སུ་དག་པའི་མེ་ལོང་གསལ་བ་ཡིན་མོད་ཀྱི། དང་བའི་ངོ་བོ་ཉིད་མེད་པའི་ཕྱིར་བསམས་པའི་ཤེས་རབ་ཀྱི་དཔེར་བསྟན་ཏོ། །ཆུའི་རང་བཞིན་ནི་དུལ་ཞིང་མཉེན་ལ་ཡོངས་སུ་དང་བ་དང་། ཡོངས་སུ་དག་པའི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་བསྒོམས་པའི་
Vol. 119 · folio 180b
ཤེས་རབ་ཀྱི་དཔེར་བསྟན་ཏེ། ཡང་ན་གསུམ་ཆར་ཡང་ཤེས་རབ་རྣམ་པ་གསུམ་གྱི་དཔེར་བསྟན་པ་ཡིན་ནོ། །དེ་བཞིན་དུ་ལེགས་པར་མ་བསྒོམས་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་ཉིད་ཇི་སྙེད་ཡོད་པ་སོ་སོར་བརྟག་པར་མི་ནུས་ཀྱི། ལེགས་པར་བསྒོམས་པ་གང་ཡིན་པ་དེས་
ནི་ནུས་སོ་ཞེས་བཀའ་སྩལ་པ་གང་ལགས་པ་ཞེས་བྱ་བ་ནི་གཉིས་པ་དཔེ་དང་དོན་དུ་སྦྱར་བ་སྟེ། གོ་རིམས་བཞིན་དུ་ཤེས་རབ་རྣམ་པ་གསུམ་མ་ཐོབ་པའི་ཚེ། ལེགས་པར་སེམས་མ་བསྒོམས་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་ཉིད་ཀྱི་མཚན་ཉིད་སོ་སོར་བརྟག་པར་མི་ནུས་པས་ཆུ་རྙོག་པ་ལ་
སོགས་པ་བཞིན་དུ་རང་གི་བཞིན་མཐོང་བར་མི་འགྱུར་ལ་ལེགས་པར་སེམས་བསྒོམས་པ་གང་ཡིན་པ་དེས་ནི་སོ་སོར་བརྟག་པར་ནུས་པས་ཆུ་ཡོངས་སུ་དང་བ་ལ་སོགས་པས་རང་གི་བཞིན་མཐོང་བར་འགྱུར་བ་བཞིན་ནོ། །དེ་ལ་ཇི་ལྟ་བུ་ཞིག་ལ་སོ་སོར་བརྟག་པའི་སེམས་ལེགས་པར་གསུངས་ཤིང་
དེ་བཞིན་ཉིད་ནི་གང་ལས་དགོངས་ཏེ་དེ་སྐད་བཀའ་སྩལ་ལགས་ཞེས་བྱ་བ་ནི་གཉིས་པ་བསྟན་པ་བཞིན་དུ་ཞུ་བ་གསོལ་པ་ཉིད་དོ། །ཞུ་བ་གསོལ་བའི་དགོངས་པ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་སོ་སོར་བརྟག་པའི་སེམས་ཞུས་པ་སྟེ། སོ་སོར་བརྟག་པའི་སེམས་གང་ལས་དགོངས་ཏེ། དེ་སྐད་
དུ་གསུངས་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་པ་ནི་སོ་སོར་བརྟག་པར་བྱ་བའི་ཡུལ་ཞུས་པ་སྟེ། དེ་བཞིན་ཉིད་གང་ལས་དགོངས་ཏེ་དེ་སྐད་དུ་བཀའ་སྩལ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བུ་འདིར་ནི་སོ་སོར་བརྟག་པའི་སེམས་རྣམ་པ་གསུམ་བསྟན་པ་ཡིན་ཏེ། འདི་ལྟར་ཐོས་པ་ལས་བྱུང་
བའི་སོ་སོར་བརྟག་པའི་སེམས་དང་། བསམས་པ་ལས་བྱུང་བའི་སོ་སོར་བརྟག་པའི་སེམས་དང་། བསྒོམས་པ་ལས་བྱུང་བའི་སོ་སོར་བརྟག་པའི་སེམས་སོ། །རྣམ་པར་རིག་པའི་དེ་བཞིན་ཉིད་ལས་དགོངས་ཏེ་དེ་སྐད་བསྟན་པ་ཡིན་ན་ནི་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་
པར་ལན་དུ་གསུངས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་སོ་སོར་བརྟག་པའི་ལན་བསྟན་ཏེ། ཤེས་རབ་རྣམ་པ་གསུམ་གྱི་སེམས་ཉིད་དོ། །དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སེམས་ཀྱིས་སོ་སོར་བརྟག་པ་རྣམ་པ་གསུམ་ཞེས་གསུངས་པ་ཡིན་ནོ། །
Vol. 119 · folio 181a
གཉིས་པ་སོ་སོར་བརྟག་པར་བྱ་བའི་ལམ་བསྟན་པ་ཡིན་ཏེ། དེ་བཞིན་ཉིད་རྣམ་པ་བདུན་ལས་རྣམ་པར་རིག་པའི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་འདུ་བྱེད་ཐམས་ཅད་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་སྟེ།
འདི་ནི་ཀུན་རྫོབ་ཏུ་རྣམ་པར་རིག་པ་ཙམ་དུ་བསྒོམ་པའོ། །གཉིས་པ་ནི་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ལ་རྣམ་པར་རིག་པའི་ངོ་བོ་ཉིད་ཅེས་བྱ་སྟེ། འདི་ནི་དོན་དམ་པར་རྣམ་པར་རིག་པ་ཙམ་དུ་བསྒོམ་པའོ། །དེ་ཡང་སའི་མདུན་རོལ་པ་གང་ཡིན་པ་དེ་དག་ནི་རྣམ་པར་རིག་པ་ཙམ་གྱི་མཚན་མ་ལ་
སོ་སོར་རྟོག་པར་བྱེད་དོ། །ས་དང་པོ་ཡན་ཆད་ཀྱིས་ནི་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ལ་སོ་སོར་རྟོག་པར་བྱེད་དེ། འདི་ནི་རྣལ་འབྱོར་པ་གཉི་ག་སྤྱིར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ལྟར་ཆོས་དང་དོན་སོ་སོ་ཡང་དག་པར་རིག་པའི་བྱང་ཆུབ་སེམས་དཔའ་མཚན་མ་རྣམས་རྣམ་པར་སེལ་བ་ལ་
སྦྱོར་བར་བརྩོན་པས་མཚན་མ་དུ་ཞིག་རྣམ་པར་བསལ་དཀའ་ལགས་ལ། གང་གིས་ནི་རྣམ་པར་སེལ་བར་བགྱིད་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཞུས་པ་དང་། ལན་དག་གིས་མཚན་མ་བསལ་བར་དཀའ་བ་རྣམས་རྣམ་པར་འབྱེད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ།
ཞུས་པ་དང་ལན་དག་གིས་མཚན་མ་བསལ་བར་དཀའ་བ་ལ་སོགས་པ་རྣམ་པར་འབྱེད་པ་དང་། བཅོམ་ལྡན་འདས་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བར་བགྱིད་པ་ན་ཞེས་བྱ་བ་མན་ཆད་ཞུས་པ་དང་ལན་དག་གིས་མཚན་མ་ཡོངས་སུ་བསལ་བའི་རྣམ་པར་གྲོལ་བ་རྣམ་པར་འབྱེད་པ་དང་། དེ་ནས་བྱང་
ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་མན་ཆད་ཞུས་པ་དང་། ལན་དག་གིས་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་རྣམ་པར་འབྱེད་པའོ། །དེ་ལ་དང་པོར་མཚན་མ་བསལ་བ་དཀའ་བ་རྣམ་པར་འབྱེད་པ་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་མཚན་མ་ཡོངས་སུ་བསལ་
བར་དཀའ་བའི་གྲངས་དང་རྣམ་པར་སེལ་བར་བྱེད་པའི་སྟོང་པ་ཉིད་ཞུས་པའོ། །རིགས་ཀྱི་བུ་མཚན་མ་ནི་རྣམ་པ་བཅུ་ཡོད་དེ། སྟོང་པ་ཉིད་ཀྱི་རྣམ་པར་སེལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །དེ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། གྲངས་
Vol. 119 · folio 181b
སྨོས་ནས་ལན་མདོར་གསུངས་པ་དང་། བརྟག་པ་དང་། དེ་བཞིན་གཤེགས་པས་རྒྱ་ཆེར་རྣམ་པར་བཤད་པ་སྟེ་འདི་ནི་དང་པོའོ། །དེ་ལ་མཚན་མ་ནི་རྣམ་པ་བཅུ་ཞེས་བྱ་བ་ནི་ཞུས་པ་དང་པོའི་ལན་གསུངས་པ་སྟེ། འདི་ལྟར་མཚན་མ་ཡོངས་སུ་བསལ་བར་དཀའ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་ཡོད་པས་སོ། །
མཚན་མ་རྣམ་པ་བཅུ་པོ་དེ་དག་ཀྱང་སྟོང་པ་ཉིད་དུ་བསྒོམས་པས་རྣམ་པར་སེལ་བར་འགྱུར་གྱི། ཇི་ལྟར་དངོས་པོ་དག་ལ་མི་གཙང་བ་ཉིད་དུ་སྒོམ་པ་ལ་སོགས་པ་ལྟ་བུ་ནི་མ་ཡིན་ནོ། །སྟོང་པ་ཉིད་བསྒོམས་པས་ཡོངས་སུ་གཙང་བ་ལ་སོགས་པ་རྣམ་པར་སེལ་བ་མ་ཡིན་མོད་ཀྱི། དེ་ལས་རབ་ཏུ་དབྱེ་བའི་
ཕྱིར་རྣམ་པར་བསལ་དཀའ་བའོ་ཞེས་བྱ་བ་གསུངས་སོ། །འོག་ནས་མདོ་ལས་གསུངས་པ་དང་སྦྱར་ན་མཚན་མ་རྣམ་པ་བཅུ་དྲུག་ཡོད་ན། ཅིའི་ཕྱིར་མཚན་མ་རྣམ་པ་བཅུ་ཁོ་ན་གསུངས་ཤེ་ན། སྨྲས་པ། ཡང་དག་པའི་དོན་དུ་ན་རབ་ཏུ་དབྱེ་བའི་མཚན་མ་རྣམ་པ་བཅུ་དྲུག་ཡོད་ཀྱང་སོ་སོར་ཡང་དག་པར་
རིག་པའི་དོན་རྣམ་པ་བཅུ་ཡོད་པའི་ཕྱིར། མདོར་བསྡུས་ནས་མཚན་མ་རྣམ་པ་བཅུ་བསྟན་པ་ཡིན་ནོ། །སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་ཞུས་པ་གཉིས་པའི་ལན་དུ་གསུངས་པ་སྟེ། སྟོང་པ་ཉིད་རྣམ་པ་བཅུ་བདུན་གྱིས་རྣམ་པར་སེལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་ཟབ་མོ་རྣམ་
པར་དགྲོལ་བའི་མདོ་ལས་ནི་སྟོང་པ་ཉིད་བཅོ་བརྒྱད་འབྱུང་སྟེ་མཚན་མ་བརྒྱད་པ་ལ་སྟོང་པ་ཉིད་ལྔ་ཡོད་པའི་ཕྱིར་རོ། །བཅུ་གང་ཞེ་ན་ཞེས་བྱ་བ་ནི་གཉིས་པ་བརྟག་པའོ། །ཆོས་དང་དོན་སོ་སོ་ཡང་དག་པར་རིག་པའི་ཕྱིར་ཚིག་འབྲུ་དང་ཡི་གེ་སྣ་ཚོགས་ཡོད་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་
གསུམ་པ་དེ་བཞིན་གཤེགས་པས་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་མཚན་མ་རྣམ་པ་བཅུ་པོ་དག་སྟོང་པ་ཉིད་ཀྱིས་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བ་བསྟན་པ་ཉིད་ཀྱིས་རྣམ་པ་བཅུར་དབྱེ་སྟེ་འདི་ནི་དང་པོའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཡོངས་སུ་བསལ་བར་བྱ་བའི་མཚན་མ་སྨོས་པ་
དང་། ཡོངས་སུ་སེལ་བར་བྱེད་པའི་སྟོང་པ་ཉིད་བསྟན་པ་སྟེ་འདི་ནི་དང་པོའོ། །དེ་ལ་ཆོས་དང་དོན་ཞེས་བྱ་བ་ལ། ཆོས་ནི་བསྟན་པའི་ཆོས་སོ། །དོན་ནི་ཡུལ་གྱི་དོན་ཏོ། །ཆོས་ཉིད་དོན་ཡིན་པའི་ཕྱིར་འདི་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །ཚིག་འབྲུ་དང་ཡི་གེ་ཞེས་བྱ་བ་ནི་མིང་དང་
Vol. 119 · folio 182a
ཡི་གེའི་ཚོགས་ཀྱང་སྤྱིར་ཚིག་འབྲུ་དང་ཡི་གེ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་མདོ་སྡེའི་ལུས་ནི་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཚིག་འབྲུ་དང་དོན་ཏོ། །དེ་ལ་ཚིག་འབྲུ་ནི་གནས་ཡིན་ལ་དོན་ནི་དེ་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཚིག་
འབྲུ་གང་ཞེ་ན། འདི་ལྟ་སྟེ། མིང་གི་ཚོགས་དང་ཚིག་གི་ཚོགས་དང་། ཡི་གེའི་ཚོགས་སོ་ཞེས་འབྱུང་བས་དེའི་ཕྱིར་ཚིག་འབྲུ་ནི་མིང་དང་ཚིག་དང་ཡི་གེ་ལ་བྱ་བར་མངོན་ནོ། །དེ་ནི་འདི་སྐད་དུ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཐོག་མ་ཁོ་ནར་རྣལ་འབྱོར་བསྒོམ་པའི་ཚེ། གསུང་རབ་ཡན་ལག་བཅུ་གཉིས་པོ་དག་ཡུལ་
གྱི་དོན་དུ་སོ་སོར་ཡང་དག་པར་རིག་པར་བྱ་བའི་ཕྱིར། ཚིག་འབྲུ་དང་ཡི་གེའི་མཚན་མ་སྣ་ཚོགས་སྣང་བར་གྱུར་ཏོ་ཞེས་བསྟན་པར་འགྱུར་རོ། །དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་སེལ་བར་བྱེད་པའི་སྟོང་པ་ཉིད་བསྟན་པའོ། །སྟོང་པ་ཉིད་དེ་
དག་ཀྱང་སོ་སོ་ནས་བཤད་པ་མི་མཐུན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་དུམ་བུ་དང་པོ་ལས་ནི་སྟོང་པ་ཉིད་རྣམ་པ་ཉི་ཤུའི་དོན་སྟོན་པར་མཛད་དེ། དེའི་ཕྱིར་མདོ་དེ་ཉིད་ལས། གཞན་ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའི་མཚན་ཉིད་ནི་འདི་
ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་
པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རྣམ་པར་འགྱུར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དང་། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་
པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོའི་མཚན་ཉིད་ཅེས་བྱའོ། །རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་གང་ལགས། བཅོམ་ལྡན་
Vol. 119 · folio 182b
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནང་ནི་ནང་གི་ཆོས་ནང་གི་སྐྱེ་མཆེད་དྲུག་པོ་དག་ཉིད་དེ་དེ་ལ་མིག་ནི་མིག་གིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་ཏེ། རང་བཞིན་གྱིས་དེ་ལྟ་ཡིན་པའི་ཕྱིར་རོ། །རྣ་བ་ལ་སོགས་པ་ཡང་དེ་བཞིན་ནོ། །ཕྱི་ནི་ཕྱི་རོལ་གྱི་ཆོས་ཕྱི་རོལ་གྱི་
སྐྱེ་མཆེད་དྲུག་པོ་རྣམས་ཏེ་གོང་མ་བཞིན་དུ་རིག་པར་བྱའོ། །ཕྱི་ནང་ཞེས་བྱ་བ་ནི་ཕྱི་ནང་གི་ཆོས་སྐྱེ་མཆེད་བཅུ་གཉིས་པོ་དག་སྟེ། དེ་ལ་ནང་གི་སྐྱེ་མཆེད་དྲུག་ནི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་གིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་ཏེ་རང་བཞིན་གྱིས་དེ་ལྟ་ཡིན་པའི་ཕྱིར་རོ། །སྟོང་པ་
ཉིད་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་སྟེ། སྟོང་པ་ཉིད་འདི་ནི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་ཏེ་རང་བཞིན་གྱིས་དེ་ལྟ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེན་པོ་སྟོང་པ་ཉིད་ནི་འདི་ལྟ་སྟེ།
ཕྱོགས་བཅུ་སྟོང་པ་ཉིད་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་དམ་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཉིད་དེ་དོན་དམ་པ་འདི་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཁམས་
གསུམ་པོ་དག་གང་ཡིན་པའོ། །དེ་ལ་འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་སྟེ། གཟུགས་དང་གཟུགས་མེད་པ་ཡང་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་མ་བྱས་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགྱུར་བ་མེད་པ་དང་། འགག་
པ་མེད་པ་གང་ཡིན་པའོ། །འདུས་མ་བྱས་འདི་ནི་འདུས་མ་བྱས་ཀྱིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། སྟོང་པ་ཉིད་རྣམས་མཐར་དམིགས་སུ་མེད་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཐོག་མ་དང་ཐ་མ་མི་དམིགས་
ཤིང་འགྲོ་བ་དང་འོང་བའི་མཐའ་མི་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོར་བ་མེད་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། དོར་ཞིང་བསལ་བ་དག་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འགྱུར་བ་མེད་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། དོར་ཞིང་
Vol. 119 · folio 183a
བསལ་བ་མེད་པས་ཡོངས་སུ་སྤང་བར་བྱ་བ་མེད་པ་དག་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་བཞིན་གྱིས་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་འདུས་བྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་དམ་འདུས་མ་བྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་
གང་ཡིན་པ་དེ་དག་ནི་ཐེག་པ་གསུམ་པོ་དག་གིས་བྱས་པ་མ་ཡིན་གཞན་གྱིས་ཀྱང་བྱས་པ་མ་ཡིན་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རྣམ་པར་འགྱུར་ཞིང་ཐོགས་པ་དང་བཅས་པ་ནི་གཟུགས་ཀྱི་རང་གི་མཚན་
ཉིད་དོ། །མྱོང་བ་ནི་ཚོར་བའི་རང་གི་མཚན་ཉིད་དོ། །མཚན་མར་འཛིན་པ་ནི་འདུ་ཤེས་ཀྱི་རང་གི་མཚན་ཉིད་དོ། །མངོན་པར་འདུ་བྱེད་པ་ནི་འདུ་བྱེད་ཀྱི་རང་གི་མཚན་ཉིད་དོ། །རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདུས་བྱས་ཀྱི་རང་གི་མཚན་ཉིད་དམ།
འདུས་མ་བྱས་ཀྱི་རང་གི་མཚན་ཉིད་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱིའི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ། དཔེར་ན་སྡུག་བསྔལ་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་སྤྱིའི་མཚན་ཉིད་དོ། །མི་རྟག་པ་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་སྤྱིའི་མཚན་
ཉིད་དོ། །བདག་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་བྱ་བ་དང་། དེ་ལྟ་བུ་ལ་སོགས་པ་སྤྱིའི་མཚན་ཉིད་དཔག་ཏུ་མེད་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ནི་འདི་ལྟ་སྟེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དེ་
གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
མི་དམིགས་པ་ནི་འདི་ལྟར་ཆོས་ཐམས་ཅད་མི་དམིགས་པ། འདི་ལྟ་སྟེ། དུས་གསུམ་མི་དམིགས་པས་འདས་པ་ལ་དུས་གཉིས་མེད་པས་མི་དམིགས་པ་དང་། མ་འོངས་པ་ལ་དུས་གཉིས་མེད་པས་མི་དམིགས་པ་དང་། ད་ལྟར་ལ་དུས་གཉིས་མེད་པས་མི་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་
Vol. 119 · folio 183b
ཀྱིས་བཀའ་སྩལ་པ། དངོས་པོ་མེད་པའི་སྟོང་པ་ཉིད་ནི་འདི་ལ་དངོས་པོ་ཅུང་ཟད་ཙམ་ཡང་མི་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངོ་བོ་ཉིད་སྟོང་པ་ཉིད་འདི་ལྟ་སྟེ། ཆོས་རྣམས་ཀྱི་འདུས་པའི་ངོ་བོ་ཉིད་མི་དམིགས་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དངོས་པོ་མེད་པའི་ངོ་བོ་ཉིད་ནི་འདི་ལྟ་སྟེ། ཆོས་རྣམས་ལ་འདུས་པར་བྱེད་པའི་ངོ་བོ་ཉིད་དང་། འདུས་པར་བྱ་བའི་ངོ་བོ་ཉིད་དང་བཅས་པ་མེད་པ་གང་ཡིན་པའོ་ཞེས་གསུངས་ཏེ། དེ་ལ་དངོས་པོ་མེད་པའི་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་བདག་ཉིད་མེད་པ་གང་ཡིན་པའོ། །ངོ་བོ་ཉིད་ཅེས་བྱ་བ་ནི་གཉི་ག་བསྡུས་ཏེ་བསྟན་པའོ། །
གཞན་ཡང་སྟོང་པ་ཉིད་ནི་རྣམ་པ་བཞི་པོ་འདི་ལྟ་སྟེ། དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དང་། རང་གི་ངོ་བོ་ཉིད་དང་། གཞན་གྱི་ངོ་བོ་ཉིད་དོ། །དེ་ལ་དངོས་པོ་ཡོད་པ་ནི་འདི་ལྟ་སྟེ། འདུས་མ་བྱས་སོ། །རང་གི་ངོ་བོ་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་གང་ཡིན་པའོ། །སྟོང་པ་ཉིད་དེ་
ཡང་ཤེས་པས་བྱས་པ་མ་ཡིན། མཐོང་བས་བྱས་པ་མ་ཡིན། གཞན་གྱིས་བྱས་པ་མ་ཡིན་ནོ། །གཞན་ཞེས་བྱ་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་ཐམས་ཅད་ནི་ཆོས་གནས་པ་ཉིད་ཅེས་བྱ་བ་ནས་ཡང་དག་པའི་མཐའ་ཞེས་བྱ་བའི་བར་དག་ཡིན་པས་
ཐམས་ཅད་ཀྱང་གཞན་གྱི་ངོ་བོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་གང་ཡིན་པའོ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དུམ་བུ་གཉིས་པ་ལས་ནི། སྟོང་པ་ཉིད་བཅོ་བརྒྱད་སྟོན་པར་མཛད་དེ། སྔར་བསྟན་པའི་སྟོང་པ་ཉིད་རྣམ་པ་ཉི་ཤུ་དང་། སྤྲོས་པ་དང་བསྡུས་པའི་བྱེ་བྲག་ཡོད་ཀྱང་དོན་ལ་ནི་
ཡངས་དོག་མེད་དོ། །རྣམ་པ་ཉི་ཤུ་ལས་དོར་བ་དང་། རྣམ་པར་འགྱུར་བ་མེད་པ་ནི་དོར་བ་དང་དོར་བ་མེད་པ་སྟོང་པ་ཉིད་ཅེས་གཅིག་ཏུ་བསྡུས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་དང་སྤྱིའི་མཚན་ཉིད་ཅེས་གཅིག་ཏུ་བསྡུས་པས་སོ། །འཕགས་པ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པའི་མདོ་དུམ་བུ་གསུམ་པ་ལས་ནི་སྟོང་
པ་ཉིད་བཅུ་དགུའི་མིང་བཀོད་ནས་རྣམ་པར་བཤད་པ་ནི་མེད་དེ། དེ་ཡང་སྟོང་པ་ཉིད་དང་པོ་རྣམ་པ་བཅུ་དྲུག་ནི་སྔར་བསྟན་པ་དང་མཐུན་ནོ། །སྟོང་པ་ཉིད་ཕྱི་མ་གསུམ་ལ་ནི་བྱེ་བྲག་ཡོད་དེ། འདི་ལྟ་སྟེ། དམིགས་པ་སྟོང་པ་ཉིད་དང་། བདག་པོ་སྟོང་པ་ཉིད་དང་། གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་དོ་ཞེས་
Vol. 119 · folio 184a
འབྱུང་ངོ་། །དུམ་བུ་གསུམ་པ་ལས་སྟོང་པ་ཉིད་རྣམ་པ་བཅུ་དྲུག་བསྟན་པ་ཡང་སྟོང་པ་ཉིད་རྣམ་པ་ཉི་ཤུ་ལས་རང་གི་མཚན་ཉིད་སྟོང་པ་ཉིད་དང་། སྤྱིའི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་དེ་མཚན་ཉིད་ཅེས་གཅིག་ཏུ་བསྡུས་པ་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། རང་
བཞིན་གྱིས་སྟོང་པ་ཉིད་ལ་ཚང་བས་སོ། །དེ་ལ་མིང་ལ་བྱེ་བྲག་ཡོད་པ་ཡང་རྣམ་པར་འགྱུར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་དེ་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་འགྱུར་ཏེ། མཚན་ཉིད་རྣམ་པར་བཤད་པ་ནི་སྟོང་པ་ཉིད་ཉི་ཤུ་བསྟན་པའི་སྐབས་སུ་བཤད་པ་དང་མཐུན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དུམ་བུ་གཉིས་པ་བམ་པོ་བཞི་བརྒྱ་གསུམ་པ་ལས་ནི། སྟོང་པ་ཉིད་རྣམ་པ་བདུན་ཡོད་པར་བསྟན་ཏེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། བདེན་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་
ཐམས་ཅད་རང་བཞིན་གྱི་ངོ་བོ་ཉིད་དོ་ཞེས་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །ལེའུ་ཆེན་པོའི་མདོ་ལས་ནི། སྟོང་པ་ཉིད་བཅོ་བརྒྱད་དང་། སྟོང་པ་ཉིད་བཞི་ཞེས་སྟོན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་། སྟོང་པ་ཉིད་བཅོ་བརྒྱད་དང་། སྟོང་པ་ཉིད་བཞི་ཞེས་སྟོན་
ཏོ། །གཞན་ཡང་དེ་བཞིན་ཉིད་ལས་སྟོང་པ་ཉིད་བཅོ་བརྒྱད་པོ་ནང་སྟོང་པ་ཉིད་ལ་སོགས་པའི་མཇུག་ཏུ་ཐམས་ཅད་ལས་རྟག་པ་ཡང་མ་ཡིན་འཇིག་པ་ཡང་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་དོན་དེ་ཇི་ལྟ་བུ་ཞེ་ན། སྨྲས་པ། གང་གིས་སྟོང་པ་ཉིད་འདི་མ་བསྒོམས་ན་གདོན་མི་ཟ་བར་མཐའ་གཉིས་པོ་རྟག་
པའམ་ཆད་པ་ཉིད་དུ་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་རྣམས་ཡང་དག་པར་ཡོད་པ་ཞིག་ཡིན་ན་ནི་འགག་པའི་དོན་མེད་པར་འགྱུར་བས་རྟག་པ་ཉིད་དུ་ལྟུང་བར་འགྱུར་ཏེ། དཔེར་ན་འགའ་ཞིག་ཁང་པ་གཅིག་ནས་བྱུང་སྟེ། ཁང་པ་གཅིག་ཏུ་འཇུག་པ་མིག་གིས་མི་མཐོང་བ་ཡང་མེད་
ཅེས་བྱར་མི་རུང་བ་བཞིན་དུ་ཆོས་རྣམས་ཀྱང་དེ་བཞིན་ཏེ། མ་འོངས་པའི་དུས་ནས་ནི་ད་ལྟར་གྱི་དུས་སུ་འཇུག་ལ། ད་ལྟར་གྱི་དུས་ནས་འདས་པའི་དུས་སུ་འཇུག་ན་ནི་ད་ལྟར་འགག་པ་མ་ཡིན་པ་ཉིད་དུ་འགྱུར་བ་ཞིག་ན་རྣལ་འབྱོར་པ་དག་ནི་ཡོད་པ་ལ་ཉེས་དམིགས་སུ་ལྟ་བས་སྟོང་པ་ཉིད་ཀྱིས་ཡོད་པར་འཛིན་པར་
Vol. 119 · folio 184b
བྱེད་དོ། །སེམས་ཀྱང་སྟོང་པ་ཉིད་ལ་གྱ་ནོམ་པ་ཉིད་དུ་བལྟས་ནས་སྟོང་པ་ཉིད་ལ་མངོན་པར་ཞེན་པར་བྱེད་ན་ནི་ཆད་པ་ཉིད་དུ་ལྟུང་བར་འགྱུར་བས་དེའི་ཕྱིར་རྣལ་འབྱོར་པ་དག་སྟོང་པ་ཉིད་ཀྱིས་ཡོད་པ་འཇིག་པར་བྱེད་ཀྱང་སྟོང་པ་ཉིད་མངོན་པར་ཞེན་པར་ཡང་མི་བྱེད་པས་མཐའ་གཉིས་སྤངས་ནས་དབུ་མའི་ལམ་དུ་འཇུག་
སྟེ། སྟོང་པ་ཉིད་བཅོ་བརྒྱད་པོ་དག་ཀྱང་ཐུགས་རྗེ་ཆེན་པོས་སེམས་ཅན་བཟླ་བའི་ཆེད་དུ་གསུངས་པ་ཡིན་པས་དེའི་ཕྱིར་སྟོང་པ་ཉིད་བཅོ་བརྒྱད་པོ་དག་གི་མཇུག་ཏུ་རྟག་པ་མ་ཡིན། འཇིག་པ་མ་ཡིན་ཞེས་བྱ་བ་གསུངས་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །འདི་ལས་བཟློག་པ་གང་ཡིན་པ་དེ་ནི་སྤྲོས་པ་ལ་
དགའ་བ་གང་ཟག་སྨྱོན་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་ལས་ཅི་ཡང་ཐོབ་པ་མེད་པ་ཡིན་ནོ། །དེ་ནི་དཔེར་ན་ལ་ལ་ཞིག་རིན་པོ་ཆེའི་ཕུང་པོའི་ནང་ནས་ནོར་བུ་དེ་ཟན་ལེན་པར་བྱེད་པའི་མིག་གིས་བཟང་བ་ཉིད་དུ་མཐོང་ཡང་རིན་ཐང་ཅི་ཡང་མེད་པ་བཞིན་ནོ། །གལ་ཏེ་སྟོང་པ་ཉིད་བཅོ་བརྒྱད་པོ་དག་གིས་སྟོང་པ་ཉིད་
རྣམས་བསྡུས་པ་ཡིན་ན། ཅིའི་ཕྱིར་ན་སྟོང་པ་ཉིད་བཞི་གསུངས་ཤེ་ན། སྨྲས་པ། སྟོང་པ་ཉིད་བཅོ་བརྒྱད་ཀྱིས་སྟོང་པ་ཉིད་མ་ལུས་པར་བསྡུས་པ་ཡིན་མོད་ཀྱི། སངས་རྒྱས་རྣམས་ཀྱིས་སྟོན་པར་མཛད་པ་ནི་རྣམ་པ་གཉིས་ཡོད་དེ། དེ་ཆེད་འགའ་ནི་སྔར་བསྡུས་ནས་ཕྱིས་རྒྱ་ཆེན་པོ་སྟོན་ཏོ། །ཆེད་འགའ་ནི་སྔར་
རྒྱ་ཆེར་བསྟན་ནས་ཕྱིས་བསྡུས་ཏེ་བསྟན་ཏོ། །དོན་རྣམ་པར་བཤད་པའི་ཕྱིར་ནི་སྔར་རྒྱ་ཆེར་བསྟན་ནས་ཕྱིས་བསྡུས་ཏེ་བསྟན་པར་མཛད་དོ། །གཟུང་སླ་བ་དང་འཁོར་འདུས་པར་ཕྱིས་འོངས་པའི་སེམས་ཅན་དག་གི་ཆེད་དུ་ནི་མདོར་བསྡུས་ནས་དོན་གཅེས་པ་ཉིད་དམ། ཡང་ན་ཚིགས་སུ་བཅད་པས་སྟོན་པར་
མཛད་དེ། དེའི་ཕྱིར་འདིར་བཅོམ་ལྡན་འདས་ཀྱིས་སྔར་ནི་རྒྱ་ཆེར་སྟོང་པ་ཉིད་བཅོ་བརྒྱད་བསྟན་ལ། ཕྱིས་ནི་བཞིར་བསྡུས་ཏེ་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ནི། སྟོང་པ་ཉིད་བཅུ་གཅིག་ཅེས་འབྱུང་ངོ་། །
འཕགས་པ་འདུས་པ་ཆེན་པོའི་མདོ་ལས་ནི་སྟོང་པ་ཉིད་བཅོ་བརྒྱད་དུ་སྟོན་ཏོ། །ལེའུ་ཆེན་པོའི་མདོ་ལས་ནི། སྟོང་པ་ཉིད་བཅོ་བརྒྱད་དང་སྟོང་པ་ཉིད་བཞི་ཞེས་སྟོན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ནི་སྟོང་པ་ཉིད་བཅུ་དྲུག་ཏུ་སྟོན་ཏོ། །འཕགས་པ་ལང་
Vol. 119 · folio 185a
ཀར་གཤེགས་པའི་མདོ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི། སྟོང་པ་ཉིད་ནི་རྣམ་པ་དྲུག་གོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་སྟོང་པ་ཉིད་ནི་བཞི་ཞེས་འབྱུང་སྟེ། མདོ་དང་བསྟན་བཅོས་ལས་སྟོང་པ་ཉིད་བཅོ་བརྒྱད་དང་།
སྟོང་པ་ཉིད་བཅུ་དྲུག་དང་། སྟོང་པ་ཉིད་བཅུ་བཞི་དང་། སྟོང་པ་ཉིད་རྣམ་པ་གཉིས་ཞེས་བསྟན་པ་ཡང་ཞིབ་ཏུ་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ཡན་ཆད་དུ་བསྟན་པ་རྣམས་ལས་བཤད་པ་དག་བརྗོད་ནས། ད་ནི་མདོའི་ཚིག་གི་དོན་བཤད་པར་བྱའོ། །མདོ་འདི་ལས་ནི་སྟོང་པ་
ཉིད་བཅུ་བདུན་སྟོན་པར་མཛད་དེ། སྟོང་པ་ཉིད་ཉི་ཤུ་ལས་དོར་བ་དང་། རང་བཞིན་གྱིས་སྟོང་པ་ཉིད་རྣམ་པ་གཉིས་མ་ཚང་ངོ་། །ཉི་ཤུ་ལས་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་སྟོང་པ་ཉིད་རྣམ་པ་གཉིས་ནི་མཚན་ཉིད་སྟོང་པ་ཉིད་རྣམ་པ་གཅིག་ཏུ་བསྡུས་པའི་ཕྱིར་བཅུ་བདུན་དུ་གྱུར་པ་ཡིན་ནོ། །སྟོང་པ་ཉིད་
བཅོ་བརྒྱད་ལས་ནི་རང་བཞིན་གྱིས་སྟོང་པ་ཉིད་མ་ཚང་ངོ་། །འདི་ནི་དང་པོ་ཆོས་ཐམས་ཅད་སྟོང་པ་ཉིད་དེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཆོས་ཐམས་ཅད་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་ཏེ། གཟུགས་ཅན་དང་། གཟུགས་
མེད་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ཐམས་ཅད་གང་ཡིན་པའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས།
ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ལ། ཆོས་ཐམས་ཅད་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ལ་སོགས་པའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ལས་སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཆོས་
ཐམས་ཅད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་སྟེ། འདིར་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པ་ཐམས་ཅད་དོ་ཞེས་བཤད་དོ། །མདོ་ལས་ནི་རྗོད་པར་བྱེད་པའི་བསྟན་པ་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་ཚིག་འབྲུ་དང་ཡི་གེ་ལ་བརྟེན་
Vol. 119 · folio 185b
ནས་ཆོས་ཐམས་ཅད་སྟོང་པ་ཉིད་རབ་ཏུ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་མདོ་འདི་ལས་མཚན་མ་རྣམ་པ་བཅུ་དང་། སྟོང་པ་ཉིད་བཅུ་བདུན་བསྟན་ཞེ་ན། སྨྲས་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཇི་སྐད་དུ་བསྡུས་ན་ནི་ཡོངས་སུ་རྫོགས་པར་མི་འགྱུར་ལ། སྤྲོས་ན་ནི་བྱ་བ་དག་མང་པོར་
འགྱུར་བའི་ཕྱིར་བཅོ་བརྒྱད་ཁོ་ནའོ་ཞེས་བསྟན་པ་ལྟ་བུ་སྟེ། འདི་ཡང་དེ་དང་མཚུངས་སོ། །གནས་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་ཕྱིར་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཞན་དུ་གྱུར་པ་ཉིད་ཀྱི་རྒྱུན་གྱི་རྗེས་སུ་འཇུག་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ནི་མཚན་མ་གཉིས་
བསྟན་པའོ། །འདི་ཡང་མཚན་མ་བསྟན་པ་དང་སྟོང་པ་ཉིད་བསྟན་པས་བསྟན་ཏེ་འདི་ནི་དང་པོའི་མཚན་མ་བསྟན་པའོ། །འདིར་གནས་པའི་དེ་བཞིན་ཉིད་ཅེས་གསུངས་པ་ནི་འཕགས་པའི་བདེན་པ་བཞི་ལས་སྡུག་བསྔལ་གྱི་བདེན་པའོ། །དེ་བཞིན་ཉིད་རྣམ་པ་བདུན་ལས་སྔར་བསྟན་པའི་གནས་པའི་དེ་བཞིན་ཉིད་
ཅེས་བྱའོ། །ལས་དང་ཉོན་མོངས་པ་ལ་སོགས་པས་རྣམ་པར་གཞག་པའི་ཕྱིར་རོ། །ཡང་ན་བདེན་པ་བཞི་རྣམ་པར་གནས་པ་ལས་སྡུག་བསྔལ་གྱི་བདེན་པ་ནི་དང་པོ་ཡིན་པས་གནས་པའི་མིང་ཐོབ་པ་ཡིན་ཏེ། ངོ་བོ་ཉིད་སྲུང་ཞིང་མི་འགྱུར་བར་བྱེད་པའི་ཕྱིར་དེ་བཞིན་ཉིད་ཅེས་པའོ། །དེས་ན་སྡུག་བསྔལ་གྱི་བདེན་པ་
ལ་སྐྱེ་བ་ལ་སོགས་པའི་མཚན་མ་རྒྱུན་གྱི་རྗེས་སུ་འཇུག་པ་ཡོད་པས་དེ་བཞིན་ཉིད་ཅེས་བྱའོ། །ཡང་ན་འདི་ལ་མཚན་མ་རྣམ་པ་གཉིས་ཡོད་དེ། དང་པོ་ནི་སྐྱེ་བ་ལ་སོགས་པའི་མཚན་མ་རྣམ་པ་བཞིའོ། །གཉིས་པ་ནི་དུས་གསུམ་གྱི་རྒྱུན་གྱི་རྗེས་སུ་འཇུག་པའི་མཚན་མ་སྟེ། དེས་ན་སྟོང་པ་ཉིད་རྣམ་པ་གཉིས་
ཀྱིས་མཚན་མ་རེ་རེ་རྣམ་པར་སེལ་བར་བྱེད་དོ། །དེ་ནི་མཚན་ཉིད་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་གཉེན་པོར་གྱུར་པའི་སྟོང་པ་ཉིད་བསྟན་པའོ། །འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་
མེད་པ་སྟོང་པ་ཉིད་དེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི། མཚན་ཉིད་སྟོང་པ་ཉིད་འདི་ལ་སྟོང་པ་ཉིད་རྣམ་པ་གཉིས་སུ་ཕྱེ་ནས་བསྟན་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་དང་། སྤྱིའི་མཚན་ཉིད་སྟོང་པ་ཉིད་དང་། དེའི་ཕྱིར་མདོ་སྡེ་དེ་ཉིད་ལས་རང་གི་མཚན་ཉིད་སྟོང་པ་ཉིད་ནི་འདི་ལྟ་སྟེ།
Vol. 119 · folio 186a
ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དེ་ཇི་ལྟར་རྣམ་པར་འགྱུར་ཞིང་ཐོགས་པ་དང་བཅས་པ་ནི་གཟུགས་ཀྱི་རང་གི་མཚན་ཉིད་དོ། །མྱོང་བ་ནི་ཚོར་བའི་རང་གི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། དེ་ལ་སྤྱིའི་མཚན་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ། ཇི་ལྟར་སྡུག་
བསྔལ་བ་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་སྤྱིའི་མཚན་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འདི་ལ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་འབྱུང་སྟེ། དེའི་ཕྱིར་མདོ་དེ་ཉིད་ལས། མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་གསུམ་མི་དམིགས་
པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མཚན་ཉིད་སྟོང་པ་ཉིད་བསྟན་པ་ཡང་མིང་ནི་མདོ་འདི་ལས་གསུངས་པ་དང་མཐུན་ལ། དོན་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་དང་མཐུན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་
པ་བཞིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དེ་ལས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་འབྱུང་སྟེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་འཇིག་རྟེན་དང་སེམས་ཅན་གྱི་ཆོས་གང་ལ་ཡང་ཐོག་མ་མེད་པའི་ཕྱིར་ཐོག་མ་མེད་པ་སྟོང་པ་ཉིད་ཅེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་
བསྟན་པ་བཞིན་ནོ། །མདོ་འདི་ཉིད་དང་སྦྱར་ན་དེ་ལས་བསྟན་པ་དང་མི་མཐུན་ཏེ། མཚན་མ་རྣམ་པ་བཞི་རྣམ་པར་སེལ་བའི་ཕྱིར་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །འཁོར་བར་འཇུག་པ་རྣམ་པར་སེལ་བའི་ཕྱིར། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ་ཞེས་སྟོན་པས་སོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་
འབྱེད་པ་ལས། འཁོར་བ་ནི་ཡུན་རིང་བས་ཐོག་མ་དང་ཐ་མའི་མཐའ་མེད་དོ་ཞེས་བཤད་དོ། །བསྟན་བཅོས་སྟོང་པ་ཉིད་བཅོ་བརྒྱད་བསྟན་པ་ལས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་དང་ཐོག་མ་མེད་པ་སྟོང་པ་ཉིད་ཅེས་ཀྱང་བྱའོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཛིན་པའི་དོན་སོ་
སོ་ཡང་དག་པར་རིག་པའི་ཕྱིར་འཇིག་ཚོགས་ལ་ལྟ་བའི་མཚན་མ་དང་། ངའོ་སྙམ་པའི་ང་རྒྱལ་གྱི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་གསུམ་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང་། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །དེ་ཡང་རྣམ་པ་
Vol. 119 · folio 186b
གཉིས་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བའི་མཚན་མ་དང་ངའོ་སྙམ་པའི་མཚན་མའོ། །གོང་དུ་བསྟན་པའི་འཛིན་པའི་དབང་པོ་ལྔ་དང་། སེམས་དང་སེམས་ལས་བྱུང་བ་སོ་སོར་ཡང་དག་པར་རིག་པའི་དབང་གིས་མཚན་མ་རྣམ་པ་གཉིས་པོ་འབྱུང་བར་འགྱུར་ཏེ། འཇིག་ཚོགས་ལ་ལྟ་བའི་མཚན་མ་འདི་
ལྟ་སྟེ། བདག་ཏུ་ལྟ་བའི་རྩ་བ་ལ་སོགས་པས་ཆོས་རྣམས་ལེན་པར་བྱེད་པ་དང་། ངའོ་སྙམ་པའི་ང་རྒྱལ་གྱི་མཚན་མ་ནི་བདག་གོ་སྙམ་པའི་སེམས་ལ་སོགས་པས་གཞན་ལས་ཁྱད་པར་དུ་འཕགས་སོ་སྙམ་པའི་ཕྱིར་རོ། །དེ་ནི་ནང་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་ཀྱིས་ཡང་དག་པར་སེལ་ཏོ་ཞེས་
བྱ་བས་ནི་གཉིས་པ་ཡོངས་སུ་སེལ་བའི་སྟོང་པ་ཉིད་སྟོན་ཏོ། །དེ་ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། དེ་ལས་ནང་སྟོང་པ་ཉིད་ནི་ནང་གི་སྐྱེ་མཆེད་དྲུག་པོ་དག་སྟོང་པ་ཉིད་གང་ཡིན་པའོ། །མི་དམིགས་
པ་སྟོང་པ་ཉིད་ནི་དུས་གསུམ་མི་དམིགས་པའི་ཕྱིར་མི་དམིགས་པ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ནང་སྟོང་པ་ཉིད་ནི་འདི་ལྟ་སྟེ། ནང་གི་སྐྱེ་མཆེད་དྲུག་པོ་དག་ལ་བདག་དང་བདག་གི་མེད་པས་མིག་ལ་སོགས་པ་མེད་པའི་ཆོས་གང་ཡིན་
པའོ། །མི་དམིགས་པའི་ཆོས་ནི་ཐམས་ཅད་དང་། རྒྱུ་དང་རྐྱེན་རྣམས་མཐར་མི་དམིགས་པས་ན། མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ་ཞེས་བཤད་དོ། །འདིར་མདོ་ཉིད་དང་སྦྱར་ན་དབང་པོ་དྲུག་པོ་སོ་སོར་ཡང་དག་པར་རིག་པ་ཉིད་ཀྱིས་རང་གི་ལུས་ལ་ཆགས་ཤིང་མངོན་པར་ཞེན་པར་གྱུར་པས་དེ་ནི་ནང་
སྟོང་པ་ཉིད་དུ་བསྒོམས་པས་ཡང་དག་པར་རྣམ་པར་སེལ་པར་བྱེད་ལ། བདག་ཡོད་པར་འཛིན་པའི་ཕྱིར་ནི་ངའོ་སྙམ་པའི་ང་རྒྱལ་འབྱུང་བར་འགྱུར་ཏེ། དེ་ནི་མི་དམིགས་པ་སྟོང་པ་ཉིད་དུ་བསྒོམས་པས་ཡང་དག་པར་རྣམ་པར་སེལ་བར་བྱེད་དེ་བདག་ཀྱང་དམིགས་སུ་མེད་ན་ང་རྒྱལ་ཇི་ལྟར་འབྱུང་བར་འགྱུར་
ཞེས་སྟོན་པར་འགྱུར་རོ། །ཡང་ན་སྟོང་པ་ཉིད་རྣམ་པ་གཉིས་ཀྱིས་མཚན་མ་རྣམ་པ་གཉིས་སྤྱིར་རྣམ་པར་སེལ་བར་འགྱུར་བའོ། །གཟུང་བའི་དོན་སོ་སོ་ཡང་དག་པར་རིག་པའི་ཕྱིར་ལོངས་སྤྱོད་ལ་ལྟ་བའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་བཞི་པ་སྟོན་ཏོ། །འདི་ཡང་
Vol. 119 · folio 187a
མཚན་མ་བསྟན་པ་དང་སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །གོང་དུ་བསྟན་པའི་སྐྱེ་མཆེད་དྲུག་ལ་སོགས་པ་གཟུང་བའི་དོན་ལ་ལོངས་སྤྱོད་དུ་ལྟ་ཞིང་ཆགས་པའི་མཚན་མ་གང་ཡིན་པའོ། །དེ་ནི་ཕྱི་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་ཡོངས་
སུ་སེལ་བར་བྱེད་པའི་སྟོང་པ་ཉིད་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཕྱི་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་གང་ཡིན་པའོ་ཞེས་གསུངས་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཕྱི་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་སྐྱེ་མཆེད་
དྲུག་པོ་དག་ལ་བདག་དང་བདག་གི་མེད་པ་གང་ཡིན་པ་དང་། ཆོས་དྲུག་པོ་མེད་པ་གང་ཡིན་པའོ་ཞེས་བཤད་དོ། །མདོ་འདི་ཡང་དེ་དང་མཐུན་པར་ཕྱི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བར་བསྟན་ཏོ། །ཡོངས་སུ་ལོངས་སྤྱོད་པའི་དོན་དུ་སྐྱེས་པ་དང་བུད་མེད་ཀྱི་བསྙེན་བཀུར་དང་། ཡོ་བྱད་དང་ལྡན་པ་སོ་སོར་ཡང་དག་པར་རིག་པའི་
ཕྱིར་ནང་གི་བདེན་པའི་མཚན་མ་དང་། ཕྱི་རོལ་གྱི་སྡུག་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་ལྔ་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང་། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །འདི་ལྟར་ཡོངས་སུ་ལོངས་སྤྱོད་པའི་དོན་དུ་སྐྱེས་པ་དང་།
བུད་མེད་ཀྱི་བསྙེན་བཀུར་དང་། ཡོ་བྱད་དག་ཉམས་སུ་ལེན་པའི་ཕྱིར་སྐྱེས་པ་དང་བུད་མེད་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལས་ནི་ནང་གི་བདེ་བའི་འདུ་ཤེས་འབྱུང་ལ། ཡོ་བྱད་སེམས་ཅན་མ་ཡིན་པ་ལས་ནི་ཕྱི་རོལ་གྱི་སྡུག་པའི་འདུ་ཤེས་འབྱུང་བས་སོ། །ཡང་ན་ནི་ནང་གི་སྐྱེ་མཆེད་དྲུག་གོ། །ཕྱི་རོལ་ནི་ཕྱི་
རོལ་གྱི་སྐྱེ་མཆེད་དྲུག་སྟེ། ནང་གི་སྐྱེ་མཆེད་དྲུག་པོ་དག་ལ་ནི་བདེ་བར་འདུ་ཤེས་སྐྱེད་ལ། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་ལ་ནི་སྡུག་པའི་འདུ་ཤེས་སྐྱེད་པའོ། །དེ་ནི་ཕྱི་ནང་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་སེལ་བར་བྱེད་པའི་སྟོང་པ་
ཉིད་བསྟན་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཕྱི་ནང་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་འདི་ལྟ་སྟེ། ཕྱི་ནང་གི་སྐྱེ་མཆེད་དྲུག་པོ་དག་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་འདུས་བྱས་ཀྱི་ངོ་བོ་ཉིད་དམ།
Vol. 119 · folio 187b
འདུས་མ་བྱས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་དག་ནི་ཐེག་པ་གསུམ་དང་། གཞན་གང་གིས་ཀྱང་བྱས་པ་མ་ཡིན་པ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཅེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཕྱི་ནང་གི་སྐྱེ་མཆེད་
དྲུག་པོ་ལ་བདག་དང་བདག་གི་མེད་པས་ཕྱི་རོལ་ཆོས་མེད་པ་གང་ཡིན་པའོ། །རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཆོས་རྣམས་རྟག་པར་སྟོང་པ་ཉིད་གང་ཡིན་པ་སྟེ། བཏགས་པ་ཙམ་དུ་རྒྱུན་མི་འཆད་པའི་ཕྱིར་ཡོད་པ་འདྲ་བས་མི་སྟོང་ངོ་། །དཔེར་ན་ཆུའི་རང་བཞིན་ངོ་བོ་ཉིད་ཀྱིས་བསིལ་བ་ཡིན་
ཡང་། མེའི་དབང་གིས་ཚ་བར་འགྱུར་བ་ན་མེ་ཞི་བར་གྱུར་ཏེ། ཡུན་རིང་དུ་ལོན་ན་ཆུ་སླར་གྲང་བར་འགྱུར་བ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱང་དེ་བཞིན་ཏེ། མ་སྐྱེས་པའི་ཚེ་ནི་སྟོང་ཞིང་དམིགས་སུ་མེད་དེ། ཅི་ལྟར་ཆུའི་རང་བཞིན་རྟག་པར་བསིལ་བ་བཞིན་ནོ། །ཆོས་རྣམས་རྐྱེན་མང་པོ་ཚོགས་པའི་
ཕྱིར་ནི་ཡོད་པ་འདྲ་བར་སྣང་སྟེ། ཇི་ལྟར་ཆུ་མེ་ཐོབ་པས་ཚ་བ་ཉིད་དུ་མངོན་པར་འགྲུབ་པ་བཞིན་ནོ། །རྐྱེན་མང་པོ་གལ་ཏེ་འགྲིབས་པར་གྱུར་ཏམ། གལ་ཏེ་མེད་པར་གྱུར་ན་ཡོད་པར་འདྲ་བའི་ཆོས་དེ་ཡང་ཇི་ལྟར་མེ་ཞི་ནས་སླར་བསིལ་བ་ཉིད་དུ་གྱུར་པ་བཞིན་ནོ་ཞེས་འབྱུང་ངོ་། །གཞན་ཡང་འགྲེལ་པ་དེ་
ཉིད་ལས། དངོས་པོ་སྟོང་པ་ཉིད་ནི་ཆོས་རྣམས་ཀྱི་དངོས་པོ་གཞིག་པ་སྟེ། ཇི་ལྟར་ཆུ་དེ་ལ་ཚ་བ་ཉིད་མེད་ཀྱང་ཆུའི་མཚན་ཉིད་ནི་མེད་པ་མ་ཡིན་པ་བཞིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ནི་མཚན་ཉིད་མེད་པ་ནས། རྒྱུ་དང་རྐྱེན་གྱིས་ཆོས་ཀྱི་མཚན་ཉིད་ཀྱང་མེད་པའི་བར་དུ་རྣམ་པར་གཞིག་པ་
བཞིན་ནོ་ཞེས་བཤད་དོ། འདིར་ནི་མདོ་འདི་བཤད་པ་ཡང་སོ་སོ་ནས་མི་མཐུན་ཏེ། ཁ་ཅིག་ན་རེ་ནང་སྟོང་པ་ཉིད་ཀྱིས་ནི་ནང་གི་བདེ་བའི་མཚན་མ་རྣམ་པར་སེལ་ཏོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་སྡུག་པའི་མཚན་མ་རྣམ་པར་སེལ་ཏོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ནི་མཚན་མ་གཉི་ག་སྤྱིར་རྣམ་པར་
སེལ་ཏོ་ཞེའོ། །ཁ་ཅིག་ན་རེ་ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་སྡུག་པའི་མཚན་མ་རྣམ་པར་སེལ་ཏོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ནི་མཚན་མ་གཉི་ག་རྣམ་པར་སེལ་ཏོ་ཞེའོ། །ཁ་ཅིག་ན་རེ་ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་ནང་གི་བདེ་བའི་མཚན་མ་རྣམ་པར་སེལ་ཏོ། །སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་
Vol. 119 · folio 188a
ནང་ཞེས་བྱའོ། །བདག་ཉིད་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་ཕྱི་ཞེས་བྱའོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ནི་སྡུག་པའི་མཚན་མ་རྣམ་པར་སེལ་ཏོ་ཞེའོ། །ཁ་ཅིག་ན་རེ་ཕྱི་ནང་སྟོང་པ་ཉིད་ཀྱིས་ནི་ནང་གི་བདེ་བའི་མཚན་མ་རྣམ་པར་སེལ་ཏེ་འདི་ལྟར་སྐྱེས་པ་དང་བུད་མེད་ལ་སོགས་པ་སྐྱེ་མཆེད་
བཅུ་གཉིས་དང་ལྡན་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བར་བྱེད་དོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ནི་སྡུག་པའི་མཚན་མ་རྣམ་པར་སེལ་བར་བྱེད་དོ་ཞེའོ། །ཕྱི་རོལ་གྱི་སྡུག་པའི་མཚན་མ་ཅིའི་ཕྱིར་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བར་བྱེད་དོ་ཞེས་མ་བསྟན་ཞེ་ན། སྨྲས་པ། ཡང་དག་པའི་དོན་དུ་ཕྱི་
སྟོང་པ་ཉིད་ཀྱིས་རྣམ་པར་སེལ་བར་བྱེད་མོད་ཀྱི། སྔར་བཤད་ཟིན་པའི་ཕྱིར་མ་བསྟན་ཏོ། །གཞན་གནས་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་ཕྱིར་ཚད་མེད་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་དྲུག་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང་། སྟོང་པ་ཉིད་བསྟན་པས་
བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །འདི་ལྟར་སྔར་བསྟན་པའི་སྣོད་ཀྱི་འཇིག་རྟེན་རྣམ་པར་གཞག་པའི་དོན་གྱི་ཕྱིར་སྟོང་གསུམ་ལ་སོགས་པའི་མཚན་མ་མེད་པ་ཡོད་པར་གྱུར་པ་གང་ཡིན་པའོ། །དེ་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་གཉེན་པོར་གྱུར་
པའི་སྟོང་པ་ཉིད་བསྟན་པའོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཆེན་པོ་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཕྱོགས་བཅུ་སྟོང་པ་ཉིད་གང་ཡིན་པའོ་ཞེས་
གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་ཕལ་ཆེར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་གསུངས་པ་དང་མཐུན་པར་འགྱུར་སྟེ། དེ་ལ་བྱེ་བྲག་ཡོད་པ་ནི་དོན་རྣམ་པ་དྲུག་གིས་ཆེན་པོ་སྟོང་པ་ཉིད་ཀྱི་མིང་ཡོངས་སུ་རྫོགས་པར་སྟོན་ཏེ། དེའི་ཕྱིར་
འགྲེལ་པ་དེ་ཉིད་ལས་ཅིའི་ཕྱིར་ཕྱོགས་བཅུ་སྟོང་པ་ཉིད་གང་ཡིན་པ་དེ་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་ཞེ་ན། སྨྲས་པ། ཤར་ཕྱོགས་ལ་མཐའ་མེད་པའི་ཕྱིར་དང་གནས་ཐམས་ཅད་དུ་ཡོད་པའི་ཕྱིར་དང་། གཟུགས་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང་། རྟག་ཏུ་ཡོད་པའི་ཕྱིར་དང་། འཇིག་རྟེན་ལ་ཕན་
Vol. 119 · folio 188b
འདོགས་པའི་ཕྱིར་དང་། སེམས་ཅན་རྣམ་པར་རྨོངས་པར་མི་བྱེད་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ཆེན་པོ་དེ་ལྟ་བུས་གདོད་འཇིག་པར་ནུས་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་འདི་ལས་ནི་ཕལ་ཆེར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་
གསུངས་པ་དང་མཐུན་པར་བསྟན་ཏོ། །གཟུགས་མེད་པ་སོ་སོར་ཡང་དག་པར་རིག་པའི་ཕྱིར་ནང་གི་ཞི་བ་རྣམ་པར་ཐར་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་བདུན་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང་། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །འདི་ལྟར་གོང་དུ་
འདོད་པ་དང་གཟུགས་ཁམས་ཀྱི་སྣོད་ཀྱི་འཇིག་རྟེན་གྱི་མཚན་མ་བསྟན་པས། གཟུགས་མེད་པའི་ནང་གི་ཞི་བ་སྟོན་ཏོ། །རྣལ་འབྱོར་པ་ཏིང་ངེ་འཛིན་སྒོམ་པ་དག་གཟུགས་མེད་པའི་ཏིང་ངེ་འཛིན་ཞི་བ་རྣམ་པར་ཐར་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རྣམ་པར་ཐར་པའི་མཚན་མ་ཞེས་བྱའོ། །དེ་ནི་འདུས་བྱས་ཀྱི་སྟོང་
པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་གཉེན་པོར་གྱུར་པའི་སྟོང་པ་ཉིད་བསྟན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། འདུས་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཁམས་གསུམ་པ་སྟོང་པ་ཉིད་གང་ཡིན་པའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་འགྲེལ་པ་ལས། འདུས་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་སྐྱེས་པའི་ཕུང་པོ་དང་། ཁམས་ལ་སོགས་པ་དོན་རྣམ་པ་གཉིས་དང་ལྡན་པའི་ཕྱིར་སྟོང་པ་ཉིད་ཅེས་བྱ་སྟེ། དང་པོ་ནི་བདག་དང་བདག་གི་བ་མེད་པས་མི་དམིགས་པའི་ཕྱིར་སྟོང་པ་ཉིད་དོ། །གཉིས་པ་ནི་འདུས་
བྱས་ཀྱི་ཆོས་ཀྱི་མཚན་ཉིད་རྣམས་སྟོང་ཞིང་སྐྱེ་བ་དང་འགག་པ་མེད་པས་མི་དམིགས་པའི་ཕྱིར་སྟོང་པ་ཉིད་དོ་ཞེས་བཤད་དེ་རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་མདོ་འདི་ཉིད་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་གསུངས་པ་དང་མཐུན་པར་བསྟན་ཏོ།། །།བམ་པོ་
བཞི་བཅུ་དྲུག་པ། མཚན་ཉིད་ཀྱི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་ཕྱིར་གང་ཟག་བདག་མེད་པའི་མཚན་མ་དང་། ཆོས་བདག་མེད་པའི་མཚན་མ་དང་། རྣམ་པར་རིག་པ་ཙམ་གྱི་མཚན་མ་དང་། དོན་དམ་པའི་མཚན་མ་ཡོད་པ་གང་ཡིན་པའོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་བརྒྱད་པ་
Vol. 119 · folio 189a
སྟོན་ཏེ། འདི་ཡང་མཚན་མ་བསྟན་པ་དང་། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །འདི་ལྟར་གོང་དུ་མཚན་ཉིད་ཀྱི་དེ་བཞིན་ཉིད་གསུངས་པའི་ཕྱིར། དེས་མཚན་མ་རྣམ་པ་བཞི་ཡོད་པར་གྱུར་པ་ཡིན་ཏེ། འདི་ལྟ་སྟེ། གང་ཟག་བདག་མེད་པའི་མཚན་
མ་དང་། ཆོས་བདག་མེད་པའི་མཚན་མ་དང་། རྣམ་པར་རིག་པ་ཙམ་གྱི་མཚན་མ་དང་། དོན་དམ་པའི་མཚན་མའི་ཕྱིར་རོ། །དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་
པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་གཉེན་པོར་གྱུར་པའི་སྟོང་པ་ཉིད་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། མཐའ་ལས་འདས་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཆོས་རྣམས་མཐར་མི་དམིགས་པ་གང་ཡིན་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། དངོས་པོ་ཅུང་
ཟད་ཙམ་ཡང་དམིགས་སུ་མེད་པ་གང་ཡིན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཆོས་རྣམས་ལ་ཚོགས་པར་བྱེད་པའི་དངོས་པོ་དང་། ཚོགས་པར་བྱ་བའི་རང་གི་ངོ་བོ་ཉིད་གང་ཡིན་པའོ། །དོན་དམ་པ་སྟོང་པ་ཉིད་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །འཕགས་
པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་ནི། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་རྣམས་བཤིག་ནས་ཡོངས་སུ་བཙལ་དུ་མེད་པ་གང་ཡིན་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཅེས་
བྱ་བ་ནི་ཆོས་གང་ཡང་འགག་པར་འགྱུར་བ་མེད་དོ། །འགག་པ་མེད་པའི་ཕྱིར་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པ་དང་དངོས་པོ་ཡོད་པའི་མཚན་མ་བླང་ཞིང་དམིགས་སུ་མེད་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །
གཞན་ཡང་ཁ་ཅིག་ན་རེ་འདས་པ་དང་མ་འོངས་པའི་ཆོས་སྟོང་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །ད་ལྟར་དང་འདུས་མ་བྱས་པའི་ཆོས་སྟོང་པ་གང་ཡིན་པ་དེ་ནི་དངོས་པོ་ཡོད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་གཉི་ག་ཡང་སྟོང་པའི་ཕྱིར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words