འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 119 · folio 189b

ཉིད་ཅེས་བྱའོ་ཞེའོ། །གཞན་ཡང་ཁ་ཅིག་ན་རེ་འདུས་མ་བྱས་ཀྱི་ཆོས་ལ་སྐྱེ་བ་དང་། གནས་པ་དང་། འགག་པ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །འདུས་བྱས་ཀྱི་ཆོས་སྐྱེ་བ་དང་། གནས་པ་དང་། འགག་པ་དང་བཅས་པ་གང་ཡིན་པ་དེ་ནི་དངོས་པོ་ཡོད་པ་སྟོང་པ་ཉིད་ཅེས་

བྱའོ། །དེ་གཉི་ག་ཡང་སྟོང་པའི་ཕྱིར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེའོ། །དོན་དམ་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས་བྱ་སྟེ། འཇིག་པ་དང་ཉམས་པར་མི་འགྱུར་བའི་ཕྱིར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱང་སྟོང་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། ལེན་པ་མེད་པ་

དང་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་འདི་ལས་སྟོང་པ་ཉིད་ཀྱི་མཚན་མ་རྣམ་པར་སེལ་བར་གསུངས་པ་ལ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ནི་མཚན་མ་སྔ་མ་གཉིས་རྣམ་པར་

འཇིག་པར་བྱེད་དོ། །དངོས་པོ་མེད་པའི་སྟོང་པ་ཉིད་ཀྱིས་ནི་རྣམ་པར་རིག་པ་ཙམ་གྱི་མཚན་མ་རྣམ་པར་འཇིག་པར་བྱེད་དོ། །དོན་དམ་པའི་སྟོང་པ་ཉིད་ཀྱིས་ནི་དོན་དམ་པའི་མཚན་མ་རྣམ་པར་འཇིག་པར་བྱེད་དོ་ཞེའོ། །ཁ་ཅིག་ན་རེ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ནི་མཚན་མ་སྔ་མ་གཉིས་རྣམ་པར་འཇིག་

པར་བྱེད་དོ། །རྣམ་པར་རིག་པ་ཙམ་གྱི་མཚན་མ་ལ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ། །གཞན་གྱི་དབང་ལ་དོན་དམ་པ་སྟོང་པ་ཉིད་དུ་མངོན་པར་ཞེན་པའི་མཚན་མ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ། །ཡོངས་སུ་

གྲུབ་པ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེའོ། །ཁ་ཅིག་ན་རེ་གོ་རིམས་བཞིན་དུ་སྔ་མའི་མཚན་མ་རྣམ་པ་བཞི་རྣམ་པར་སེལ་བར་བྱེད་དེ། དེས་ན་བདག་ཏུ་འཛིན་པའི་མཚན་མ་གང་ཡིན་པ་དེ་ནི་ཀུན་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་རྣམ་པར་

སེལ་ཏོ། །ཆོས་སུ་འཛིན་པའི་མཚན་མ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་སྟོང་པ་ཉིད་ཀྱིས་རྣམ་པར་སེལ་ཏོ་ཞེས་བསྟན་པ་ཡིན་ཏེ། ཡང་དག་པའི་དོན་དུ་ན་ཆོས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམས་ཀྱིས་ཡོངས་སུ་བསལ་དགོས་པས་གོང་དུ་བསྟན་པའི་སྟོང་པ་ཉིད་རྣམས་ཀྱང་ཆོས་སྟོང་པ་ཉིད་ཀྱིས་ཡོངས་སུ་

Vol. 119 · folio 190a

བསལ་བ་ཡིན་ཏེ། དེའི་ཕྱིར་འདིར་རེ་ཞིག་དངོས་པོ་མེད་པ་སྨོས་ནས་ཆོས་སྟོང་པ་ཉིད་རྣམ་པར་སེལ་བར་བསྟན་པ་ཡང་ཆོས་རྣམ་པར་རིག་པ་ཙམ་ལས་གུད་ན་མེད་པར་རབ་ཏུ་བསྟན་པའི་ཕྱིར་འདི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ནི་རྣམ་པར་རིག་པ་ཙམ་གྱི་མཚན་མ་

རྣམ་པར་སེལ་ཏོ། །དོན་དམ་སྟོང་པ་ཉིད་ཀྱིས་ནི་དོན་དམ་པའི་མཚན་མ་རྣམ་པར་སེལ་ཏོ་ཞེས་བསྟན་ཏེ། མིང་དང་དོན་དུ་འཚམ་པའི་ཕྱིར་དོན་གྱིས་རབ་ཏུ་བསྟན་པ་ཡིན་པས་བརྡ་ཕྲད་པར་ཟད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་མཚན་མ་རྣམ་པ་བཞི་པོ་དེ་དག་སྟོང་པ་ཉིད་རྣམ་པ་ལྔས་རྣམ་

པར་སེལ་བར་བྱེད་དོ་ཞེས་སྟོན་ཏེ། འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དོ་ཞེས་འབྱུང་སྟེ། མདོ་དེ་དང་སྦྱར་ན་དེ་ལས་སྟོང་པ་ཉིད་བཅོ་བརྒྱད་ཚང་བར་སྟོན་ཏེ།

དེའི་ཕྱིར་མདོ་དེ་ཉིད་ལས་བྱམས་པ་བསྒོམ་པར་དཀའ་བའི་མཚན་མ་ནི་རྣམ་པ་བཅུ་ཡོད་དེ། སྟོང་པ་ཉིད་བཅོ་བརྒྱད་ལ་བརྟེན་ནས་བསྒོམ་པར་དཀའ་བའི་མཚན་མ་དེ་དག་བལྟ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་དོན་སོ་སོ་ཡང་དག་པར་རིག་པའི་ཕྱིར་འདུས་མ་བྱས་ཀྱི་

མཚན་མ་དང་འགྱུར་བ་མེད་པའི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་དགུ་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང་། སྟོང་པ་ཉིད་བསྟན་པས་བསྟན་ཏེ། འདི་ནི་མཚན་མ་བསྟན་པའོ། །འདི་ལྟར་སྔར་གོང་དུ་བསྟན་པའི་རྣམ་པར་དག་པའི་དེ་བཞིན་ཉིད་འགོག་པའི་བདེན་པ་སོ་

སོར་ཡང་དག་པར་རིག་པའི་ཕྱིར། དེ་སོ་སོ་ཡང་དག་པར་རིག་པར་གྱུར་པ་ན་མཚན་མ་རྣམ་པ་གཉིས་འབྱུང་སྟེ། འདུས་མ་བྱས་པའི་མཚན་མ་དང་འགྱུར་བ་མེད་པའི་མཚན་མའོ། །དེ་ནི་འདུས་མ་བྱས་སྟོང་པ་ཉིད་དང་འགྱུར་བ་མེད་པ་སྟོང་པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ།

གཉིས་པ་གཉེན་པོར་གྱུར་པའི་སྟོང་པ་ཉིད་སྟོན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། འདུས་མ་བྱས་སྟོང་པ་ཉིད་ནི་འདི་ལྟ་སྟེ། སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འགྱུར་བ་མེད་པ་དང་། འཇིག་པ་མེད་པ་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །

Vol. 119 · folio 190b

འགྱུར་བ་མེད་པ་ནི་འདི་ལྟ་སྟེ། གཏོང་བ་མེད་པ་དང་། དོར་བ་མེད་པ་དང་། སྤངས་པ་མེད་ཅིང་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་འགྱུར་བ་མེད་པའོ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འདུས་མ་བྱས་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་མེད་པ་ཞེས་བྱ་སྟེ། རྟག་པར་

མི་སྐྱེ་བ་དང་། མི་འགག་པ་དང་། ནམ་མཁའ་ལྟ་བུའོ་ཞེས་བཤད་དེ། འགྱུར་བ་མེད་པ་སྟོང་པ་ཉིད་ནི་འགྲེལ་པ་དེ་ལས་རྣམ་པར་བཤད་པ་མེད་དོ། །མདོ་འདི་ལས་ཀྱང་ཕལ་ཆེར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་གསུངས་པ་དང་མཐུན་པར་སྟོན་ཏེ། འདི་ལྟར་སྟོང་པ་ཉིད་མངོན་དུ་གྱུར་པའི་ཚེ།

མཚན་མ་གཉིས་མེད་པའི་ཕྱིར་སྟོང་པ་ཉིད་རྣམ་པ་གཉིས་ཀྱིས་རབ་ཏུ་སྤོང་ངོ་། །མཚན་མ་དེའི་གཉེན་པོར་སྟོང་པ་ཉིད་དེ་ཉིད་ཡིད་ལ་བྱེད་པའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་མ་ཡོད་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་བཅུ་པ་སྟོན་ཏོ། །འདི་ཡང་མཚན་མ་བསྟན་པ་དང་། སྟོང་པ་ཉིད་བསྟན་པས་བསྟན་ཏེ།

འདི་ནི་མཚན་མ་བསྟན་པའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་མཚན་མ་དེའི་ཞེས་བྱ་བ་ནི་སྔར་བཤད་མ་ཐག་པའི་འདུས་མ་བྱས་ཀྱི་མཚན་མ་དང་། འགྱུར་བ་མེད་པའི་མཚན་ཉིད་དོ། །གཉེན་པོ་སྟོང་པ་ཉིད་ཅེས་བྱ་བ་ནི་འདི་ལྟ་སྟེ། སྔར་བཤད་མ་ཐག་པའི་འདུས་མ་

བྱས་སྟོང་པ་ཉིད་དང་། འགྱུར་བ་མེད་པ་ཉིད་དེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཇི་སྐད་དུ་བསྟན་པ་བཞིན་ནོ། །དེ་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་མཚན་མ་གཉིས་ཀྱི་གཉེན་པོར་སྟོང་པ་གཉིས་ཡིད་ལ་བྱེད་པའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་མ་སྣང་བར་གྱུར་ཏོ་ཞེས་བསྟན་པར་

འགྱུར་རོ་ཞེའོ། །ཁ་ཅིག་ན་རེ་མཚན་མ་དེའི་ཞེས་བྱ་བ་ནི་འདི་ལྟ་སྟེ། མཚན་མ་སྔ་མ་དགུ་པོ་དག་གོ། །གཉེན་པོ་སྟོང་པ་ཉིད་ཅེས་བྱ་བ་ནི་སྟོང་པ་ཉིད་སྔ་མ་བཅུ་དྲུག་པོ་དག་སྟེ། སྔ་མའི་སྟོང་པ་ཉིད་བཅུ་དྲུག་པོ་དག་ཡིད་ལ་བྱེད་པའི་ཕྱིར་སྟོང་པ་ཉིད་བཅུ་དྲུག་གི་མཚན་མ་སྣང་བར་གྱུར་པའོ་ཞེའོ། །ད་ནི་སྟོང་

པ་ཉིད་ཀྱིས་ཡང་དག་པར་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་གཉེན་པོར་གྱུར་པའི་སྟོང་པ་ཉིད་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྟོང་པ་ཉིད་འདིས་སྟོང་པས་ན་སྟོང་པ་ཉིད་སྟོང་པ་ཉིད་ཅེས་

Vol. 119 · folio 191a

བྱའོ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་དོན་དེ་སྐད་དུ་སྟོན་ཏེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་འདི་ལྟར་སྟོང་པ་ཉིད་འདིས་སྔ་མའི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་རྣམ་པ་གསུམ་

འཇིག་པར་བྱེད་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། སྟོང་པ་ཉིད་ཀྱི་ཤེས་པ་ཡང་སྟོང་པས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། ནང་གི་སྐྱེ་

མཆེད་ལ་སོགས་པ་དེ་ཡང་གང་གིས་སྟོང་པར་མཐོང་ཞེ་ན། སྟོང་པ་ཉིད་ཤེས་པ་སྟེ། དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་དོ་ཞེས་བཤད་པས་དོན་གྱིས་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པ་དང་མཐུན་པར་སྔ་མའི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། ཆེན་པོ་

སྟོང་པ་ཉིད་རྣམ་པར་འཇིག་པ་ཡིན་ནོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ནི་ཡོད་པ་དང་། མེད་པ་ཅིག་ཅར་རྣམ་པར་སེལ་བའི་ཕྱིར་སྟོང་པ་ཉིད་ཅེས་བསྟན་ཏེ། དེའི་ཕྱིར་མདོ་དེ་ཉིད་ལས་ཡོད་པ་གང་ཡིན་པ་དང་། མེད་པ་གང་ཡིན་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་ནི་ཡིན་པ་ཡང་མ་ཡིན་མ་ཡིན་པ་ཡང་

མ་ཡིན་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་ཏེ། ཁེན་ཕབ་ཤི་ན་རེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ནི་ཡོད་པ་དང་མེད་པར་མཚུངས་ཏེ། བདག་ཉིད་མཚུངས་པའི་ཕྱིར་མེད་པའི་ཆོས་ནི་ཡོད་པར་འགྱུར་ལ། ཡོད་པའི་ཆོས་ནི་མེད་པར་འགྱུར་ཏེ་འདུས་མ་བྱས་ཡོད་པའི་ཕྱིར་ཡོད་པ་ཡིན་ཡང་།

ཡོད་པ་ཉིད་ཀྱང་མ་ཡིན་ལ་འདུས་བྱས་མེད་པའི་ཕྱིར་མེད་པ་ཡིན་ཡང་། མེད་པ་ཉིད་ཀྱང་མ་ཡིན་ཏེ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་བཤད་དོ། །མདོ་འདི་ལས་གསུངས་པའི་དོན་ནི་སྔར་བསྟན་པ་དང་མི་མཐུན་པས་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་

ཅིག་ན་རེ་འདི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ནི་མཚན་མ་རྣམ་པ་དགུའི་ནང་ན་སྟོང་པ་ཉིད་རྣམ་པ་གཉིས་པོ་འདུས་མ་བྱས་སྟོང་པ་ཉིད་དང་། འགྱུར་བ་མེད་པ་སྟོང་པ་ཉིད་ཀྱི་མཚན་མ་རྣམ་པར་སེལ་བའི་ཕྱིར་སྟོང་པ་ཉིད་ཅེས་བྱ་སྟེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། འདུས་མ་བྱས་

Vol. 119 · folio 191b

དང་། འགྱུར་བ་མེད་པའི་སྟོང་པ་ཉིད་ཀྱི་མཚན་མའི་གཉེན་པོར་གྱུར་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་འདི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ནི་སྔ་མའི་སྟོང་པ་ཉིད་བཅུ་དྲུག་པོ་དག་གི་མཚན་མ་རྣམ་པར་སེལ་བར་བྱེད་པའི་ཕྱིར་

སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སྟོང་པ་ཉིད་རྣམ་པ་གཉིས་ཀྱི་མཚན་མ་རྣམ་པར་སེལ་བར་བསྟན་པ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །བཅོམ་ལྡན་འདས་དེ་ལྟར་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བར་བགྱིད་པ་ན་གང་དག་རྣམ་པར་

སེལ་བར་བགྱིད་ཅིང་། མཚན་མ་གང་ལས་ཡོངས་སུ་གྲོལ་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་མཚན་མ་ཡོངས་སུ་བསལ་བའི་རྣམ་པར་གྲོལ་བ་རྣམ་པར་འབྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུས་པ་དང་། ལན་དག་གིས་མཚན་མ་ཡོངས་སུ་བསལ་བ་རྣམ་པར་གྲོལ་

བ་རྣམ་པར་འབྱེད་པ་དང་། རིགས་ཀྱི་བུ་གཙོ་བོའི་དབང་དུ་བྱས་ནས་ཞེས་བྱ་བ་མན་ཆད་གཞན་གྱིས་བརྒལ་བའི་ཐེ་ཚོམ་གཅོད་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བའོ། །ཞུ་བ་གསོལ་བ་ལ་ཡང་དགོངས་པ་རྣམ་པ་གཉིས་ཡོད་

དེ། མཚན་མ་གང་དག་རྣམ་པར་སེལ་བར་འགྱུར་བ་ཞུ་བ་དང་། མཚན་མ་གང་ལས་ཡོངས་སུ་གྲོལ་བར་འགྱུར་བ་ཞུ་བའོ། །ཞུས་པ་དང་པོའི་དགོངས་པ་ཡང་བཤད་པ་མི་མཐུན་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་གོང་དུ་བསྟན་པའི་ཡོངས་སུ་འཛིན་པའི་མཚན་མ་དེ་དག་རྣམ་པར་སེལ་བ་ན།

མཚན་མ་གང་དག་ཡོངས་སུ་བསལ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ་ཞེའོ། །ཁ་ཅིག་ན་རེ་གོང་དུ་མཚན་མ་རྣམ་པ་བཅུ་ཡོངས་སུ་བསལ་བར་བསྟན་པ་དེ་ཡང་ཏིང་ངེ་འཛིན་དང་། རྣམ་པར་གཡེང་བའི་མཚན་མའི་ནང་ནས་མཚན་མ་གང་ལས་བརྩམས་ནས་བསྟན་ཞེས་བྱ་བའི་ཐ་ཚིག་གོ་ཞེའོ། །ཁ་ཅིག་ན་རེ་གོང་

དུ་ཡོངས་སུ་འཛིན་པའི་མཚན་མ་རྣམ་པར་སེལ་བར་བསྟན་པ་དེ་ཡང་མཚན་མ་ཇི་ལྟ་བུ་ཞིག་ཅེས་བྱ་བའི་ཐ་ཚིག་གོ་ཞེའོ། །ཞུས་པ་གསུམ་པ་འདི་དག་དང་སྦྱར་ན་ལན་ཡང་རྣམ་པ་གསུམ་དུ་འགྱུར་ཏེ། མདོའི་ཚིག་ཐད་ཀར་བབ་པ་ན་བཤད་པར་བྱའོ། །རིགས་ཀྱི་བུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་གྱི་

Vol. 119 · folio 192a

མཚན་མ་རྣམ་པར་སེལ་བར་བྱེད་ཅིང་ཀུན་ནས་ཉོན་མོངས་པའི་མཚན་མ་ལས་ཡོངས་སུ་གྲོལ་བར་འགྱུར་ལ་དེ་ཡང་རྣམ་པར་སེལ་ཏོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ཞུས་པ་རྣམ་པ་གཉིས་ཀྱི་ལན་དུ་གསུངས་པའོ། །ལན་དུ་གསུངས་པ་འདི་ཡང་

སྔ་མའི་ཞུས་པ་རྣམ་པ་གསུམ་ཡོད་པ་ཉིད་ཀྱིས་འདི་ལ་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་སྟོང་པ་ཉིད་བསྒོམས་པས་ཀུན་དུ་བརྟགས་པའི་མཚན་མ་རྣམ་པ་བཅུ་པོ་དག་རྣམ་པར་སེལ་བ་ན་སྟོང་པ་ཉིད་དུ་བསྒོམས་པའི་སེམས་ལ་ད་དུང་གཞན་གྱི་དབང་སྟོང་པ་འདྲ་བའི་གཟུགས་བརྙན་སྟོང་པ་

ཉིད་ཀྱི་སེམས་ཀྱི་རྗེས་སུ་སྣང་བས། སྟོང་པ་ཉིད་ཀྱི་རྣལ་འབྱོར་དེ་ལས་མངོན་པར་རྟོགས་པའི་ཤེས་པ་ལ་ཞུས་ནས་ཡང་སྟོང་པ་འདྲ་བའི་གཟུགས་བརྙན་གྱི་རྒྱུ་མཚན་གྱི་རྣམ་པ་རྣམ་པར་སེལ་བར་བྱེད་དེ། རྒྱུ་མཚན་གྱི་རྣམ་པ་ཡོངས་སུ་བསལ་བ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་འཆིང་བའི་ས་བོན་ལས་

ཡོངས་སུ་གྲོལ་བར་འགྱུར་རོ། །ཡོངས་སུ་གྲོལ་བའི་སེམས་ཀྱང་ཡོངས་སུ་སྤོང་བར་འགྱུར་བའི་ཕྱིར་དེ་ཡང་རྣམ་པར་སེལ་ཏོ་ཞེས་བྱ་བ་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་གོང་དུ་བསྟན་པ་ལྟར་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བ་ན། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཞན་གྱི་དབང་གིས་གཟུགས་བརྙན་གྱི་རྒྱུ་མཚན་

གྱི་རྣམ་པ་ཁོ་ན་རྣམ་པར་སེལ་བར་བྱེད་དེ། ཏིང་ངེ་འཛིན་གྱི་གཟུགས་བརྙན་རྣམ་པར་སེལ་བ་ཉིད་ཀྱི་ཕྱིར་ཟག་པ་དང་བཅས་པའི་མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་བའི་མཐུའི་ཕྱིར་དམིགས་པར་བྱེད་པ། ལྟ་བའི་རྣམ་པ་ཡང་རྣམ་པར་སེལ་

བར་བྱེད་དོ། །ཡང་ན་མངོན་དུ་སྤྱོད་པའི་མཚན་མའི་འཆིང་བ་ལས་ཡོངས་སུ་གྲོལ་བའི་མཐུའི་ཕྱིར་མཚན་མའི་འཆིང་བའི་ས་བོན་ལས་ཀྱང་ཡོངས་སུ་གྲོལ་བར་འགྱུར་བའོ་ཞེའོ། །ཁ་ཅིག་ན་རེ་གོང་དུ་བསྟན་པ་ལྟར་མཚན་མ་རྣམ་པ་བཅུ་རྣམ་པར་སེལ་བ་དེ་ནི་ཏིང་ངེ་འཛིན་ལ་བརྟེན་ནས་སྣང་བའི་གཟུགས་བརྙན་

ཀུན་བརྟགས་པའི་མཚན་མའོ། །འདི་ལྟར་ཏིང་ངེ་འཛིན་ལ་གཟུགས་བརྙན་དང་བཅས་པ་སྣང་བས་ཕྱིས་རྣམ་པར་གཡེང་བར་སེམས་ཀྱང་། གཟུགས་བརྙན་དེ་ལ་བརྟེན་ནས་ཡང་དག་པ་མ་ཡིན་པའི་སེམས་ཀྱི་རྗེས་སུ་ཡོངས་སུ་འཛིན་པའི་མཚན་མ་ཡོད་པར་འགྱུར་བས། དེའི་ཕྱིར་སྟོང་པ་

Vol. 119 · folio 192b

ཉིད་དུ་བསྒོམས་པའི་ཚེ་མཚན་མ་དེ་ལྟ་བུ་དག་རྣམ་པར་སེལ་བར་བྱེད་དེ། ཡོངས་སུ་འཛིན་པའི་མཚན་མ་རྣམ་པར་སེལ་བའི་ཕྱིར་ཀུན་ནས་ཉོན་མོངས་པའི་མཚན་མ་ལས་ཡོངས་སུ་གྲོལ་བར་འགྱུར་རོ་ཞེའོ། །ཡང་ན་སློབ་དཔོན་ཆོས་སྐྱོང་གིས་བསྟན་པ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་

རྣམ་པར་སེལ་བ་ཞེས་བྱ་བ་ཡང་སྔར་བསྟན་པ་བཞིན་དུ་མངོན་དུ་མི་སྣང་བའི་ཕྱིར་རྣམ་པར་སེལ་བ་ཞེས་བྱའི། རང་གི་བདག་ཉིད་ཀྱང་མེད་པའི་ཕྱིར་རྣམ་པར་སེལ་བ་ཞེས་བྱ་བ་ནི་མ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣལ་འབྱོར་པ་ཀུན་བརྟགས་པའི་ངོ་བོ་ཉིད་ལ་ཡང་དག་པར་ཞུགས་པའི་

ཚེ་ངོ་བོ་ཉིད་གང་གི་རྗེས་སུ་འཇུག་ཅེ་ན། སྨྲས་པ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་རྗེས་སུ་འཇུག་གོ། །རྣལ་འབྱོར་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྗེས་སུ་ཞུགས་པའི་ཚེ། ངོ་བོ་ཉིད་གང་རྣམ་པར་སེལ་ཅེ་ན། སྨྲས་པ། གཞན་གྱི་དབང་གི་ངོ་བོ་ཉིད་རྣམ་པར་སེལ་བར་བྱེད་དོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་

ལས་རྣལ་འབྱོར་པས་ཇི་ལྟར་དམིགས་པའི་ཡུལ་གྱི་མཚན་མ་རྣམ་པར་སེལ་བར་བྱེད་ཅེ་ན། སྨྲས་པ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་གཟུགས་བརྙན་ལ་སྔར་སོ་སོར་བརྟགས་པས་ཕྱིས་དོན་དམ་པའི་ཡིད་ལ་བྱས་པའི་སྟོབས་ཀྱིས་མཚན་མ་དང་བཅས་པ་ཉིད་ནི་རྣམ་པར་ལྡོག་ལ་མཚན་མ་མེད་པ་ཉིད་ནི་

ཐོབ་པར་འགྱུར་རོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་གཅོད་པར་ནུས་ཤིང་སྤོང་བར་ནུས་པའི་ཕྱིར་རྣམ་པར་སེལ་བ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས། དེ་ལ་རྣམ་པར་སེལ་བའི་བསྒོམ་པ་ནི་འདི་ལྟ་སྟེ། ཇི་ལྟར་ཁ་ཅིག་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ཡིད་

ལ་བྱས་པའི་ཕྱིར། ཆོས་རྣམས་ཀྱི་རྩ་བའི་ངོ་བོ་ཉིད་ཀྱི་མཚན་མ་རྣམ་པར་སེལ་བར་བྱེད་ཅིང་། ཡང་སྣང་བར་མི་འགྱུར་བར་བྱེད་པས་ཁྱི་གུས་ཁྱི་གུ་དབྱུང་བའི་རིགས་པ་ལ་རྟེན་པར་བྱེད་དེ། དཔེར་ན་སྐྱེས་བུ་ལ་ལ་ཁྱི་གུ་ཕྲ་མོས་ཁྱི་གུ་སྦོམ་པོ་འབྱིན་པ་ལྟར། ལུས་ཤིན་ཏུ་སྦྱངས་པས་ལུས་ཀྱི་གནས་ངན་ལེན་

རྣམ་པར་སེལ་བར་བྱེད་པ་ལྟ་བུའོ་ཞེས་འབྱུང་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །རིགས་ཀྱི་བུ་གཙོ་བོའི་དབང་དུ་བྱས་ནས་སྟོང་པ་ཉིད་དེ་དག་ནི་མཚན་མ་དེ་དག་གི་གཉེན་པོར་གྱུར་པ་ཞེས་བསྟན་ཀྱང་། རེ་རེ་ལ་ཡང་མཚན་མ་ཐམས་ཅད་ཀྱི་གཉེན་པོར་མི་འགྱུར་བ་ནི་མ་ཡིན་པར་

Vol. 119 · folio 193a

རིག་པར་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གཞན་གྱིས་བརྒལ་བའི་ཐེ་ཚོམ་གཅོད་པའོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དོན་བསྟན་པ་དང་། དཔེས་ཉེ་བར་མཚོན་པ་དང་། དཔེ་དང་། དོན་སྦྱར་བའོ། །འདི་ནི་དང་པོའི་བསྟན་པ་སྟེ། གཞན་དག་ན་རེ་ཅི་རེ་རེས་ཀྱང་མཚན་མ་

རྣམ་པ་བཅུ་པོ་དག་ཡོངས་སུ་སེལ་བར་མི་བྱེད་དམ། ཅིའི་ཕྱིར་སོ་སོ་ནས་མཚན་མ་ཐ་དད་པ་རེ་རེ་རྣམ་པར་སེལ་བར་བྱེད་ཅེས་རྒོལ་བས་དེའི་ཕྱིར་ལན་དུ་འདི་གསུངས་པ་ཡིན་ཏེ། ཡང་དག་པའི་དོན་དུ་ན་རེ་རེས་ཀྱང་མཚན་མ་ཐམས་ཅད་རྣམ་པར་སེལ་བར་བྱེད་མོད་ཀྱི། གཙོ་བོའི་དབང་དུ་མཛད་པའི་ཕྱིར་མཚན་

མ་རེ་རེ་རྣམ་པར་སེལ་བར་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་མ་རིག་པ་ནས་རྒ་ཤིའི་བར་གྱི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་མི་བསྐྱེད་པ་མ་ཡིན་མོད་ཀྱི། གཙོ་བོའི་དབང་དུ་བྱས་ནས་འདུ་བྱེད་སྐྱེད་པ་ཞེས་བསྟན་ཏེ། འདུ་བྱེད་རྣམས་ཀྱི་ཉེ་བའི་རྐྱེན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཉིས་

པ་དཔེ་ཉེ་བར་མཚོན་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །འདི་ལ་ཡང་ཚུལ་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་དཔེ་དང་སྦྱར་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་སྟོང་པ་ཉིད་གང་གིས་

སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་གང་ལགས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་རྟོགས་ནས་སྟོང་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་ཉམས་པར་མི་འགྱུར་ཞིང་། མངོན་པའི་ང་རྒྱལ་ཡོངས་སུ་སྤོང་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་ཞུས་པ་དང་ལན་དག་གིས་སྟོང་པ་

ཉིད་ཀྱི་མཚན་ཉིད་བསྡུས་པ་རྣམ་པར་འབྱེད་པའོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་སྟེ། འདི་ནི་དང་པོ་ཞུ་བ་གསོལ་པའོ། །འདི་ལ་སྟོང་པ་ཉིད་གང་ལགས། སྟོང་པ་ཉིད་ཀྱི་མཚན་ཉིད་མདོར་བསྡུས་པ་ཞེས་བྱ་བ་ནི་སྟོང་པ་ཉིད་མདོར་བསྡུས་པ་གང་ཡིན་པ་ཉིད་ཡང་དག་

པར་ཞུས་པའོ། །དེ་ལ་ཞུ་བ་གསོལ་བའི་དགོངས་པ་ནི་འདི་ཡིན་ཏེ། ངོ་བོ་ཉིད་རྣམ་པ་གསུམ་ལས་ཆོས་སྟོང་པ་ཉིད་ནི་སྟོང་པ་ཉིད་གང་གིས་བསྡུས་པ་ལགས་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་ཞུ་བ་གསོལ་བའི་དགོངས་པ་བསྟན་པ་སྟེ།

Vol. 119 · folio 193b

གལ་ཏེ་སྟོང་པ་ཉིད་མདོར་བསྡུས་པ་ཁོང་དུ་ཆུད་པར་གྱུར་ན། རབ་ཏུ་ཉམས་པར་གྱུར་པ་སྟོང་པ་ཉིད་དུ་ཉེ་བར་གཟུང་བའི་སྐྱོན་མེད་པས་དེའི་དབང་གིས་མ་ཐོབ་པར་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་གྱི་ཉེས་པ་ཡང་ཡོངས་སུ་སྤོང་བར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་

པ་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས་རིགས་ཀྱི་བུ་ཁྱོད་ཀྱིས་དེང་འདིར་དེ་བཞིན་གཤེགས་པ་ལ་འདི་ལྟར་དོན་ཟབ་མོ་འདྲི་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སྟོང་པ་ཉིད་ཀྱི་མཚན་ཉིད་ལས་རབ་ཏུ་ཉམས་པར་མི་འགྱུར་བར་བྱ་བའི་ཆེད་དུའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་

བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུས་པའི་བསྔགས་པ་བརྗོད་ནས་བཤད་པར་གནང་བ་བསྟན་པ་དང་ཞུས་པ་བཞིན་དུ་ལན་ཡང་དག་པར་གསུངས་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ཞུ་བ་ཞུས་པ་ལ་ཕན་ཡོན་ཡོད་པར་

བསྔགས་པ་དང་། ཞུ་བ་མ་གསོལ་བའི་ཉེས་དམིགས་བསྟན་པ་དང་། མཉེན་པར་བསྐུལ་ཞིང་བཤད་པར་གནང་བ་སྟེ། འདི་ནི་དང་པོ་ཞུ་བ་ཞུས་པ་ལ་ཕན་ཡོན་ཡོད་པར་བསྔགས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་སྟོང་པ་ཉིད་ཀྱི་མཚན་ཉིད་ལས་རབ་ཏུ་

ཉམས་པ་ནི་ཐེག་པ་ཆེན་པོ་མཐའ་དག་ལས་རབ་ཏུ་ཉམས་པར་འགྱུར་བས་ཞེས་བྱ་བས་ནི་གཉིས་པ་ཞུ་བ་མ་གསོལ་བའི་ཉེས་དམིགས་བསྟན་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་ཉམས་པར་མི་འགྱུར་བའི་

གཏན་ཚིགས་བསྟན་པའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་ཉམས་པར་འགྱུར་བའི་མཚན་ཉིད་རབ་ཏུ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་སྟོང་པ་ཉིད་ཀྱི་མཚན་ཉིད་ལས་རབ་ཏུ་ཉམས་པ་ནི་ཐེག་པ་ཆེན་པོ་མཐའ་དག་ལས་ཀྱང་རབ་ཏུ་ཉམས་པར་འགྱུར་

ཞེས་བྱ་བ་ལ་ཐེག་པ་ཆེན་པོ་མཐའ་དག་ཅེས་བྱ་བ་ནི་སྔར་ཁུངས་སུ་བསྟན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། སྟོང་པ་ཉིད་བཅོ་བརྒྱད་ལ་སོགས་པ་ཇི་སྐད་དུ་བསྟན་པ་ཉིད་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །འདིར་རབ་ཏུ་ཉམས་པར་འགྱུར་ཞེས་གསུངས་པ་དེ་ཡང་། བསྟན་

Vol. 119 · folio 194a

བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལས་རབ་ཏུ་ཉམས་པ་ཡིན་ཞེ་ན། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་གལ་ཏེ་ཆོས་རྣམས་ཀྱི་ཟབ་པ་དང་། ངོ་བོ་ཉིད་མེད་པ་ཉིད་ཐོས་ན་རང་བཞིན་གྱིས་ཉོན་མོངས་པའི་རིམས་ནད་ཉིད་མེད་

པར་ཡོངས་སུ་འཛིན་ཅིང་བདག་ཉིད་འཁོར་བའི་ནད་ལྕི་བ་མེད་དོ་སྙམ་དུ་སེམས་ཏེ། དཔེར་ན་རིམས་ཀྱིས་བཏབ་པར་གྱུར་པ་དེ་ཉིད་བདག་ཉིད་ནད་མེད་པར་རློམ་པར་བྱེད་པ་རིམས་ཀྱི་ནད་ལས་ཐར་བར་མི་འགྱུར་ཞིང་རབ་ཏུ་ཉམས་པར་འགྱུར་བ་དང་འདྲ་བར་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་བལྟ་བར་

བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དང་། སྟོང་པ་ཉིད་ཉེས་པར་བཟུང་བ་ལ་རབ་ཏུ་ཉམས་པ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་གང་ཟག་རྣམ་པ་གཉིས་ནི་སངས་རྒྱས་ཀྱི་ཆོས་འདུལ་བ་ལས་རབ་ཏུ་ཉམས་པར་

འགྱུར་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་དང་གཟུགས་ལ་སོགས་པའི་དངོས་པོ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་། འདོགས་པའི་མཚན་མའི་གཞི་དང་། འདོགས་པའི་མཚན་མའི་རྟེན་དུ་གྱུར་པ་བརྗོད་དུ་མེད་པའི་

བདག་ཉིད་ཀྱི་དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་ཞེས་སྐུར་པ་འདེབས་ཤིང་། ཆུད་གསོན་པར་བྱེད་པ་གང་ཡིན་པ་ཞེས་བྱ་བ་ནས་སྟོང་པ་ཉིད་ཉེས་པར་བཟུང་བའི་བར་གང་ཡིན་པ་དེ་ནི་རབ་ཏུ་ཉམས་པ་ཞེས་བྱའོ་ཞེས་བཤད་དེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་

བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་ཁྱོད་ཀྱིས་ལེགས་པར་ཉོན་ཅིག་དང་། ཁྱོད་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་བཤད་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་མཉན་པར་བསྐུལ་ཞིང་བཤད་པར་གནང་བ་བསྟན་པའོ། །རིགས་ཀྱི་བུ་གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་

ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཀུན་བརྟགས་པའི་མཚན་ཉིད་ཤིན་ཏུ་རྣམ་པར་བྲལ་བ་ཉིད་དང་། དེ་ལ་ཅི་ཡང་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་ཞུས་པ་བཞིན་དུ་ལན་

Vol. 119 · folio 194b

ཡང་དག་པར་གསུངས་པའོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་ཏེ། ཞུས་པ་བཞིན་དུ་ལན་ཡང་དག་པར་བསྟན་པ་དང་། དེ་ནི་ཞེས་བྱ་བ་མན་ཆད་ནི་མཇུག་བསྡུ་ཞིང་གཞན་དག་གིས་བརྒལ་བའི་ལན་བཏབ་པའོ། །ལན་ཡང་དག་པར་བསྟན་པ་ལ་ཡང་རྒྱ་གར་ཡུལ་པའི་སློབ་དཔོན་དག་གི་བཤད་པ་རྣམ་པ་

གཉིས་ཡོད་དེ། དང་པོ་སློབ་དཔོན་བྷ་བྱ་ལ་སོགས་པས་མདོ་འདི་ལས་ནི་ངོ་བོ་ཉིད་རྣམ་པ་གསུམ་ཆར་ཡང་སྟོང་པ་ཉིད་དུ་སྟོན་པར་མཛད་དོ་ཞེས་བཤད་དེ། མདོ་འདི་ལས་ཇི་སྐད་དུ་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཀུན་

བརྟགས་པའི་མཚན་ཉིད་ཤིན་ཏུ་རྣམ་པར་བྲལ་བ་ཉིད་ཅེས་གསུངས་པས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་བསྟན་ཏོ། །དེ་ལ་ཅི་ཡང་དམིགས་སུ་མེད་པ་གང་ཡིན་པ་ཞེས་གསུངས་པས་ནི་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྣམ་པ་གཉིས་ཀྱིས་སྟོང་པའི་དོན་བསྟན་ཏེ། དེ་ལྟར་ངོ་བོ་

ཉིད་རྣམ་པ་གསུམ་པོ་དག་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་བསྡུས་པ་ཞེས་བྱའོ། །གཞན་གྱི་དབང་ཡང་རྣམ་པར་སེལ་བར་ཇི་ལྟར་ཤེས་ཤེ་ན། དེས་མདོ་ལས་གསུངས་པ་ཁུངས་སུ་བསྟན་པ། ཆོས་ནི་གང་ཡང་ཅུང་ཟད་སྐྱེ་བ་མེད། །ཆོས་ནི་ཅུང་ཟད་གང་ཡང་འགག་

པ་མེད། །ལྟ་བ་དག་ལས་ཆོས་རྣམས་རབ་བརྟགས་ན། །ཡོད་པ་མ་ཡིན་མེད་པའང་མིན། །ཞེས་གསུངས་པ་དང་གཞན་ཡང་མདོ་གཉིས་པོ་དག་ལས། ཆོས་རྣམས་རྐྱེན་ལས་གང་སྐྱེས་པ། །རྐྱེན་དང་ཆོས་ནི་གཉི་ག་མེད། །དེ་ལྟར་ཡང་དག་གང་སྐྱེས་པ། །རྐྱེན་ནི་རྟོགས་པ་ཞེས་བྱའོ། །

ཆོས་ནི་རྐྱེན་ལས་གང་སྐྱེས་པ། །ཆོས་དེ་དངོས་པོ་ཅི་ཡང་མེད། །ཆོས་དངོས་མེད་པ་གང་ཡིན་པ། །ཆོས་དེ་རྐྱེན་ལས་སྐྱེས་མ་ཡིན། །ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་། ཆོས་རྣམས་ནི་དམིགས་སུ་མེད་པའོ་ཞེས་བྱ་བས་ན་

ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་ཞེས་གསུངས་པས་དེའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་དམིགས་སུ་མེད་པར་ཤེས་པར་བྱའོ། །གལ་ཏེ་དེ་ལྟ་ན་མདོ་ལས་གསུངས་པ་དེ་ཅི་ལྟར་བརྡ་སྤྲད་ཅིང་རྣམ་པར་བཤད་པར་བྱ་སྟེ། མདོ་ལས་ནི། ཀུན་བརྟགས་དག་ནི་ཡོད་མ་ཡིན། །གཞན་

Vol. 119 · folio 195a

གྱི་དབང་ནི་ཡོད་མ་ཡིན། །རྣམ་པར་རྟོག་ན་རབ་ཉམས་ཤིང་། །སྒྲོ་འདོགས་སྐུར་འདེབས་མཐར་ལྟུང་འགྱུར། །ཞེས་གསུངས་སོ་ཞེ་ན། སྨྲས་པ། དེ་ལ་མིང་ནི་ཀུན་བརྟགས་པ་ཡིན་ལ། དོན་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ཏེ། མིང་ནི་དོན་ལ་ཡོད་པ་མ་ཡིན་པའི་ཕྱིར་

མེད་ལ། དོན་ནི་འཇིག་རྟེན་པའི་རྗེས་སུ་མེད་པ་མ་ཡིན་པའི་ཕྱིར་ཡོད་པས་འདི་ཁུངས་སུ་བཞག་ནས། གཞན་གྱི་དབང་ཡོད་པར་བསྒྲུབ་ཏུ་མི་རུང་ངོ་ཞེས་བཤད་དེ། འདི་ལ་སོགས་པའི་གཏན་ཚིགས་མང་པོ་ཡོད་པ་ནི་འདིར་མ་བརྗོད་དོ། །གཉིས་པ་ནི་སློབ་དཔོན་ཆོས་སྐྱོང་ལ་སོགས་པས་ངོ་བོ་

ཉིད་རྣམ་པ་གསུམ་ལས། ཀུན་བརྟགས་བསལ་བར་ཟད་ཀྱི་ངོ་བོ་ཉིད་གཞན་གཉིས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། དེའི་ཕྱིར་མདོ་དེ་ཉིད་ལས་གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཀུན་དུ་བརྟགས་པའི་

མཚན་ཉིད་ཤིན་ཏུ་རྣམ་པར་བྲལ་བ་ཉིད་ཅེས་གསུངས་པ་འདི་ནི་ངོ་བོ་ཉིད་རྣམ་པ་གཉིས་ཀུན་བརྟགས་ཡོངས་སུ་སྤང་བར་བསྟན་པས་དེའི་ཕྱིར་ཀུན་བརྟགས་པ་ཡོངས་སུ་བསལ་བ་ཉིད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཅི་ཡང་དམིགས་པ་གང་ཡིན་པ་ཞེས་བྱ་བ་ནི་ཡང་དག་པར་

བཤད་དེ། འདི་ལྟར་སྟོང་པ་ཉིད་ཀྱིས་མཚན་ཉིད་བསྡུས་པ་དེ་ལ་མཚན་མ་བཅུ་པོ་ཐམས་ཅད་དམིགས་སུ་མེད་པ་ལ་བྱའི། སྔར་བསྟན་པ་ལྟར་སྟོང་པ་ཉིད་བཅུ་དྲུག་པོ་དག་གི་སོ་སོ་ནས་མཚན་མ་རེ་རེ་རྣམ་པར་སེལ་བ་ལ་བྱ་བ་ནི་མ་ཡིན་པའོ། །ཡང་ན་ཀུན་དུ་བརྟགས་པའི་ངོ་བོ་ཉིད་གཉིས་པོ་དེ་

ལ་གཏན་དུ་བྲལ་བའམ། ཅི་ཡང་མི་དམིགས་པའོ། །གཞན་ཡང་མདོ་གཞན་དག་ལས། ཀུན་བརྟགས་དག་ནི་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་མ་ཡིན། །རྣམ་པར་རྟོག་ན་རབ་ཉམས་ཤིང་། །སྒྲོ་འདོགས་སྐུར་འདེབས་མཐར་ལྟུང་འགྱུར། །ཞེས་གསུངས་པ་དང་། གཞན་ཡང་

མདོ་འདི་ཉིད་ཀྱི་ནང་ནས་རང་གི་ངོ་བོ་ཉིད་མེད་པའི་མཚན་གྱི་ལེའུ་ལས། འོན་ཀྱང་སེམས་ཅན་རྣམས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་འདོགས་པའི་ཕྱིར། དེས་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་རྣམ་པར་གཞག་པ་ཡིན་ཏེ་

Vol. 119 · folio 195b

ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཀུན་དུ་བརྟགས་པའི་ངོ་བོ་ཉིད་རྣམས་ནི་གདོན་མི་ཟ་བར་ཡོད་པ་མ་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་ཉིད་རྣམས་ནི་མིང་དང་འདུ་ཤེས་ཀྱིས་བརྟགས་པ་ཙམ་དུ་ཡོད་ཅིང་ཐ་སྙད་དུ་བརྗོད་པའོ། །ཡོངས་སུ་གྲུབ་པའི་ངོ་

བོ་ཉིད་རྣམས་དང་བདག་མེད་པ་ཉིད་དེ། ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པའི་ནང་ནས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་

ཁུངས་སུ་བསྟན་པ་ལས་ཀྱང་ཀུན་དུ་བརྟགས་པས་བསགས་པ་དང་། བསྐྱེད་པ་དང་། བླངས་པ་དང་། རྟག་པར་རྒྱུན་དུ་རྣམ་པར་འགྱུར་བ་མེད་པའོ་སྙམ་པའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་ནི་མེད་པ་ཞེས་བྱའོ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པ་གང་ཡིན་པ་དེ་དག་ནི་ཡོད་པ་ཞེས་བཤད་དོ། །གཞན་

ཡང་དེ་བཞིན་གཤེགས་པས་དེ་དང་དེ་དག་ཏུ་ངོ་བོ་ཉིད་རྣམ་པ་གསུམ་པོ་དེ་དག་ལས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་སྟོང་པའོ། །གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གཉིས་པོ་དག་ནི་ཡོད་པ་ཡིན་ནོ་ཞེས་གསུངས་པས། དེའི་ཕྱིར་སྟོང་པ་ཉིད་དུ་གསུངས་པའི་བསྟན་པ་དག་ལ་དགོངས་པ་གཞན་

ཡོད་པས་དེའི་ཕྱིར་སྒྲ་ཇི་བཞིན་དུ་བཟུང་ནས་ཆོས་རྣམས་མེད་དོ་ཞེས་སྐུར་དུ་མི་རུང་ངོ་། །སྒྲ་ཇི་བཞིན་དུ་དོན་འཛིན་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ་སྐུར་པ་བཏབ་པ་ཡིན་ཏེ། སྟོང་པ་ཉིད་ཉེས་པར་བཟུང་བ་མ་ཡིན་པས་ལོག་པར་ལྟ་བ་ཆེན་པོ་ཉིད་མངོན་པར་གྲུབ་པར་འགྱུར་རོ་ཞེས་བཤད་དེ། དེ་ལྟ་བུའི་གཏན་

ཚིགས་ལ་སོགས་པ་མང་པོ་གཞན་ཡོད་པ་ནི་འདིར་མ་བརྗོད་དོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་སྔར་མདོ་སྡེ་ཁུངས་སུ་བཞག་ནས་གཞན་གྱི་དབང་ཡོངས་སུ་བསལ་བར་བསྟན་པ་དེ་དག་ཇི་ལྟར་བརྡ་སྤྲད་ཅིང་རྣམ་པར་བཤད་པར་བྱ་ཞེ་ན། སློབ་དཔོན་ཆོས་སྐྱོང་གིས་བཤད་པ་ལས་འབྱུང་བར་སྔར་མདོ་དག་

ལས། ཆོས་ནི་གང་ཡང་ཅུང་ཟད་སྐྱེ་བ་མེད། །ཆོས་ནི་གང་ཡང་ཅུང་ཟད་འགག་པ་མེད། །ཅེས་གསུངས་པ་དེའི་དགོངས་པ་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཀྱི་རང་གི་ངོ་བོ་ཉིད་ཀྱི་བྱེ་བྲག་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བའི་བདག་ཉིད་སྟོང་ཞིང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཉིད་དུ་བསྟན་

Vol. 119 · folio 196a

པར་བཞེད་པའོ། །ལྟ་བ་དག་ལས་ཆོས་རྣམ་པར་བརྟགས་ན་ཡོད་པ་མ་ཡིན་མེད་པ་མིན་ཞེས་གསུངས་པ་ནི་ཀུན་བརྟགས་པ་དང་བྲལ་བའི་ལྟ་བ་ཡོངས་སུ་དག་པས་འཇིག་རྟེན་པའི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཆོས་རྣམས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཉིད་དུ་མཐོང་ན་ཕྱི་

མའི་མདོ་གཉིས་ལས་གསུངས་པ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། འདི་ལྟར་མདོ་ཕྱི་མ་གཉིས་ལས་ཀྱང་རྐྱེན་ལས་བྱུང་བའི་ཆོས་རྣམས་རང་གི་ངོ་བོ་ཉིད་མེད་པ་ཉིད་དུ་སྟོན་པར་མཛད་པས་ཕན་ཚུན་འགལ་བ་མེད་དོ། །འདི་ལྟར་རྐྱེན་ལས་སྐྱེ་བའི་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་དུ་བརྟགས་པའི་ངོ་བོ་

ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །འདི་ནི་དོན་གྱིས་ཀུན་དུ་བརྟགས་པའི་རང་གི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་ཉིད་དུ་སྟོན་པར་མཛད་ཀྱི། གཞན་གྱི་དབང་ནི་མ་ཡིན་ནོ་ཞེས་བཤད་དེ། དེ་ཡན་ཆད་དུ་སློབ་དཔོན་ཆོས་སྐྱོང་ལ་སོགས་པས་གསུངས་པ་དག་ཕན་ཚུན་བརྡ་སྤྲོད་པར་བསྟན་ཏོ། །

སློབ་དཔོན་བྷ་བྱ་ཡང་མདོ་སྡེ་ཁུངས་སུ་བཞག་ནས་འདི་སྐད་དུ། གལ་ཏེ་གཞན་གྱི་དབང་ཡོད་པ་ཡིན་ན། ཅིའི་ཕྱིར་མདོ་ལས་ཆོས་ཀྱི་དངོས་པོ་ཐམས་ཅད་ནི་མི་སྟོང་པ་གང་ཡང་མེད་དོ་ཞེས་གསུངས། གཞན་ཡང་ཅིའི་ཕྱིར་མདོ་ལས། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་པ།

གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཉིད་ནི་ཐམས་ཅད་དུ་མེད་པའོ་ཞེས་བྱ་བ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱིས་བློ་གྲོས་ཆེན་པོ་ལ་བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་དངོས་པོ་ནི་སྐྱེ་བ་མེད་དེ། སྔར་ཡོད་པའམ་སྔར་མེད་པ་ཡང་སྐྱེ་བར་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་ཞེས་

གལ་འཛུགས་ཏེ། སློབ་དཔོན་ཆོས་སྐྱོང་གིས་ནི་འདི་ལ་དགོངས་པ་ཡོད་དེ་དགོངས་པ་དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། མདོ་སྡེ་དེ་དག་ནི་ཀུན་དུ་བརྟགས་པ་རྣམ་པར་གཞིག་པ་ཁོ་ནའི་ཆེད་དུ་གསུངས་པ་ཡིན་གྱི། ཐམས་ཅད་མེད་པ་ནི་མ་ཡིན་ཏེ། གལ་ཏེ་ཐམས་ཅད་མེད་དོ་ཞེས་ཟེར་ན། འོ་ན་ནི་ལོག་པར་

ལྟ་བ་ཉིད་དུ་འགྱུར་རོ། །དེ་ལྟ་བུའི་དགོངས་པ་ཅི་ལྟར་ཤེས་ཤེ་ན། མདོ་གཞན་དག་ལས་རབ་ཏུ་ཕྱེ་ནས་བསྟན་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་སྔར་འདི་སྐད་དུ། ང་ནི་མཚུངས་པར་ལྡན་པའི་རང་གི་ངོ་བོ་ཉིད་ཁོ་ན་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་བསྟན་ཏེ།

Vol. 119 · folio 196b

གལ་ཏེ་ཁ་ཅིག་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཀྱི་ངོ་བོ་ཉིད་ཀྱང་མེད་དོ་ཞེས་ཟེར་ན་སྟོང་པ་ཉིད་ཉེས་པར་བཟུང་བ་དེ་ནི་ལོག་པར་ལྟ་བ་ཞེས་བྱའོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །དོན་དེའི་ཕྱིར་སློབ་དཔོན་དབྱིག་གཉེན་

གྱིས་མཛད་པ་རྣམ་པར་རིག་པ་ཙམ་གྱི་བསྟན་བཅོས་ཉི་ཤུ་པའི་འགྲེལ་པ་ལས། ཆོས་རྣམས་རྣམ་པ་ཐམས་ཅད་དུ་མེད་པར་ཤེས་པ་ལ་ཆོས་བདག་མེད་པར་འཇུག་པ་ཞེས་བྱ་བ་མ་ཡིན་གྱི། བྱིས་པ་རྣམས་ཀྱིས་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཀྱི་བྱེ་བྲག་ཡོངས་སུ་སྤངས་པ་ཆོས་རྣམས་ཀྱི་བདག་

མེད་པ་གང་ཡིན་པ་དེ་ལ་ཆོས་བདག་མེད་པར་འཇུག་པ་ཞེས་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཡུལ་གང་ཡིན་པ་བརྗོད་དུ་མེད་པའི་ཆོས་ཉིད་ཅི་ཡང་མེད་པ་ནི་མ་ཡིན་པས་དེའི་ཕྱིར་ཆོས་བདག་མེད་པའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པའི་ཐེག་པ་ཆེན་པོ་བསྡུས་

པའི་འགྲེལ་པ་ལས། རྒྱུ་མེད་པ་ལ་ནན་གྱིས་རྒྱུ་ཡོད་པ་ཉིད་དུ་འཇུག་པའི་ཕྱིར་སྒྲོ་འདོགས་པ་ཞེས་བྱའོ། །ཡོད་པ་དང་མེད་པའི་རྒྱུ་ལ་ནན་གྱིས་མེད་པ་ཉིད་དུ་སྐུར་པའི་ཕྱིར་སྐུར་པ་ཞེས་བྱའོ་ཞེས་བྱ་བ་ནས་ཀུན་བརྟགས་པ་ལ་ནི་སྒྲོ་འདོགས་པ་ཁོ་ན་ཡིན་གྱི། སྐུར་པ་འདེབས་པ་ནི་མེད་དེ་ཅི་ཡང་མེད་

པའི་ཕྱིར་རོ། །འདི་ལྟར་ཡོད་པ་ལ་གདོང་སྐུར་པ་འབྱུང་བས་སོ། །གཞན་གྱི་དབང་ལ་ནི་སྒྲོ་འདོགས་པ་དང་སྐུར་པར་མི་བྱེད་དེ། བདག་ཉིད་ཀྱིས་ཡོད་པའི་ཕྱིར་རོ། །ང་འདི་ལྟར་ཡོད་པ་མ་ཡིན་པ་ལ་གདོད་སྒྲོ་འདོགས་པ་ཡོད་པས་སོ། །སྐུར་པར་ཡང་མི་བྱེད་དེ་ཡང་དག་པ་མ་ཡིན་པ་ཙམ་དུ་ཡོད་པའི་

ཕྱིར་རོ། །ཡོངས་སུ་གྲུབ་པ་ལ་ནི་སྒྲོ་འདོགས་པར་མི་བྱེད་དེ་ཡང་དག་པར་ཡོད་པའི་ཕྱིར་རོ། །སྐུར་པ་ཁོ་ན་ཡོད་དོ་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ལ་མེད་

དོ་ཞེས་སྐུར་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ལོག་པར་ཟིན་པ་ཞེས་བྱའོ་ཞེས་བཤད་དེ། སྔར་གོང་དུ་བསྟན་པ་བཞིན་དུ་རབ་ཏུ་དབྱེ་བར་བྱའོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཡོད་པར་ལྟ་བ་ལ་མང་དུ་མངོན་པར་ཞེན་པ་དང་། མེད་པར་ལྟ་བ་ལ་མང་དུ་མངོན་

Vol. 119 · folio 197a

པར་ཞེན་པའི་སེམས་ཅན་དེ་དག་ནི་ཡོད་པར་ལྟ་བ་དང་མེད་པར་ལྟ་བ་ལ་མངོན་པར་ཞེན་པ་སྟེ། ལྟ་བ་རྣམ་པ་གཉིས་པོ་དེ་དག་ནི་ཡང་དག་པ་མ་ཡིན་པ་ཡིན་གྱི་ཡང་དག་པ་ནི་མ་ཡིན་པས་དབུ་མའི་ལམ་འཇིག་པར་བྱེད་པའོ། །དཔེར་ན་ལ་ལ་ཞིག་ལམ་དོག་པར་ཞུགས་ཏེ། འགྲོ་བ་

ངོས་གཅིག་ཏུ་ནི་ཆུ་ཤིན་ཏུ་ཟབ་པ་ཡོད་ལ་ངོས་གཅིག་ཏུ་མེ་ཆེན་པོ་ཡོད་ན་ཕྱོགས་གང་དུ་སོང་ཡང་འཆི་བར་འགྱུར་བ་བཞིན་དུ། ཡོད་པ་ལ་མངོན་པར་ཞེན་པ་དང་། མེད་པ་ལ་མངོན་པར་ཞེན་པ་ཡང་དངོས་པོ་གཉི་ག་སྟོང་པར་འགྱུར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ་ཞེའོ། །སྟོང་

པ་ཉིད་བསྡུས་པ་འདི་དང་། སྟོང་པ་ཉིད་བཅུ་བདུན་པོ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ། འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ངོ་བོ་ཉིད་ལ་བྱེ་བྲག་མེད་ཀྱང་སྤྱི་དང་བྱེ་བྲག་ནི་ཐ་དད་དོ་ཞེའོ། །ཁ་ཅིག་ན་རེ་སྟོང་པ་ཉིད་བསྡུས་པ་འདིས་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་རྣམ་པར་

སེལ་བར་བྱེད་ལ་སྔ་མའི་སྟོང་པ་ཉིད་བཅུ་བདུན་པོ་དག་གིས་ནི་གཟུགས་བརྙན་རྣམ་པར་སེལ་བར་བྱེད་པའི་ཕྱིར་བྱེ་བྲག་ཡོད་དོ་ཞེའོ། །བྱང་ཆུབ་སེམས་དཔའ་བྱམས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་འདི་དག་གིས་ཏིང་

ངེ་འཛིན་ཁྱད་པར་དུ་འཕགས་པ་དུ་ཞིག་སྡུད་པར་བགྱིད་ལགས་ཅེས་པ་འདི་མན་ཆད་ནི་བཅུ་གསུམ་པ་ཞི་གནས་དང་ལྷག་མཐོང་གིས་ཏིང་ངེ་འཛིན་གཞན་རྣམས་བསྡུ་བ་ཞེས་བྱ་བའི་སྒོ་ཞེས་བྱ་བར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་

བ་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་ཇི་སྐད་དུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དཔག་ཏུ་མེད་པ་ཇི་སྙེད་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་

འདིས་བསྡུས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟེ། ཐེག་པ་གསུམ་པོ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དཔག་ཏུ་མེད་པ་དག་ནི་ཞི་གནས་དང་ལྷག་མཐོང་འདིའི་ནང་དུ་བསྡུས་པར་རིག་པར་བྱ་སྟེ། ཏིང་ངེ་འཛིན་གཞན་གང་ཡང་

Vol. 119 · folio 197b

འདིས་མ་བསྡུས་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་འདི་དག་གི་རྒྱུ་གང་གིས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅུ་བཞི་པ་ཞི་གནས་དང་ལྷག་མཐོང་གི་རྒྱུ་དང་འབྲས་བུ་དང་ལས་བྱེད་པའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རྒྱུ་བསྟན་པ་དང་། འབྲས་བུ་

བསྟན་པ་དང་། ལས་བསྟན་པ་སྟེ། འདི་ནི་དང་པོ་རྒྱུ་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་པའོ། །རིགས་ཀྱི་བུ་ཚུལ་ཁྲིམས་རྣམ་པར་དག་པ་དང་། ཐོས་པ་དང་བསམས་པ་ལས་བྱུང་བའི་ཡང་དག་པའི་ལྟ་བ་རྣམ་པར་དག་པས་དེ་དག་

གི་རྒྱུ་བྱེད་དོ་ཞེས་བྱ་བ་ནི་གཉིས་པ་ལན་དུ་གསུངས་པའོ། །འདི་ལྟར་ཞི་གནས་དང་ལྷག་མཐོང་དེ་དག་གི་ཏིང་ངེ་འཛིན་གྱིས་ཐོབ་པའི་ཕྱིར་རྣམ་པར་གྲོལ་བའི་ཚུལ་ཁྲིམས་ཐོབ་པ་གང་ཡིན་པ་དང་། རྣམ་པར་གཡེང་བའི་གནས་སྐབས་སུ་ཡང་ཐོས་པ་དང་བསམས་པའི་ཤེས་རབ་གཉིས་ཀྱིས་དེ་དག་གི་རྒྱུ་བྱེད་པས་སོ། །

བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དེ་དག་གི་འབྲས་བུ་གང་ལགས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་པའོ། །རིགས་ཀྱི་བུ་སེམས་ཤིན་ཏུ་རྣམ་པར་དག་པ་དང་། ཤེས་རབ་

ཤིན་ཏུ་རྣམ་པར་དག་པས་དེ་དག་གི་འབྲས་བུ་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ལན་དུ་ཡང་དག་པར་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་གྲངས་གཉིས་ཀྱིས་བསྟན་ཏེ་འདི་ནི་དང་པོའོ། །དེ་ལ་སེམས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ཞི་གནས་ཀྱི་འབྲས་བུའོ། །ཤེས་རབ་ཤིན་ཏུ་རྣམ་པར་དག་པ་ཞེས་

བྱ་བ་ནི་ལྷག་མཐོང་གི་འབྲས་བུའོ། །འདི་དག་ནི་རྒྱུ་མཐུན་པའི་འབྲས་བུའི་དབང་དུ་མཛད་ནས་གསུངས་པའོ། །དབང་གི་འབྲས་བུ་དང་སྦྱར་ན་ནི་འབྲས་བུ་གཉིས་གཉིས་ཐོབ་པར་འགྱུར་བ་ཡིན་ནོ། །ཡང་ན་སེམས་ཤིན་ཏུ་རྣམ་པར་དག་པ་དང་། ཤེས་རབ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ཟག་པ་མེད་

པའི་ཕྱིར་ཤིན་ཏུ་ཞེས་བྱའོ། །དཔེ་གཞན་ཁ་ཅིག་ལས་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་དང་། སེམས་ཤིན་ཏུ་རྣམ་པར་དག་པ་དང་། ཤེས་རབ་ཤིན་ཏུ་རྣམ་པར་དག་པ་ཞེས་འབྱུང་བ་ནི་ནོར་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། དཔེ་གཞན་དག་དང་གཏུགས་པ་ལས་ཀྱང་

Vol. 119 · folio 198a

ཚུལ་ཁྲིམས་ཞེས་མི་འབྱུང་བས་སོ། །གཞན་ཡང་རིགས་ཀྱི་བུ་ཉན་ཐོས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ལ་སོགས་པའི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་དེ་དག་གིས་ཐོབ་པའི་འབྲས་བུ་ཡིན་པར་རིག་

པར་བྱའོ་ཞེས་བྱ་བས་ནི་རྣམ་གྲངས་གཉིས་པས་དེ་དག་གི་འབྲས་བུ་བསྟན་པའོ། །མདོའི་ཚིག་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་པས། ཁ་ཅིག་ན་རེ་ཚིག་འདིས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་བསྟན་པ་ཡིན་ནོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་

སོགས་པ་ཞེས་བྱ་བའི་ཚིག་གིས་ནི་བྱང་ཆུབ་སེམས་དཔའ་ཡང་བཟུང་བ་ཡིན་ཏེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་རྣམས་ཀྱིས་ཞེས་འབྱུང་བ་ཡིན་ནོ། །ཁ་ཅིག་ན་རེ་འདིར་ཉན་ཐོས་ཞེས་གསུངས་པ་ཉིད་ཀྱིས་

རང་སངས་རྒྱས་ཀྱང་བསྡུས་པ་ཡིན་ནོ་ཞེས་ཟེར་ཏེ། གཞན་ནི་སྔར་བཤད་པ་བཞིན་ནོ། །ཁ་ཅིག་ན་རེ་སྩོགས་པ་ཞེས་བྱ་བ་ནི་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བསྡུས་པ་ཡིན་ནོ་ཞེས་ཟེར་ཏེ། གཞན་ནི་སྔར་བསྟན་པ་བཞིན་ནོ། །དེ་ནི་འདི་སྐད་དུ་ཐེག་པ་གསུམ་པོ་དག་གིས་འཇིག་རྟེན་

པ་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ཞི་གནས་དང་ལྷག་མཐོང་གིས་ཐོབ་པར་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །དེ་བཞིན་གཤེགས་པས་བརྙེས་པའི་འབྲས་བུ་ཐམས་ཅད་ནི་ཟག་པ་མེད་པ་ཡིན་ན། ཅིའི་ཕྱིར་དེ་དག་ལ་འཇིག་རྟེན་

པ་ཞེས་བསྟན་ཞེ་ན་སྨྲས་པ། འཇིག་རྟེན་པ་ནི་རྣམ་པ་གཉིས་ཏེ། དང་པོ་ནི་ངོ་བོ་ཉིད་ཀྱིས་ཟག་པ་དང་བཅས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །གཉིས་པ་ནི་ངོ་བོ་ཉིད་ཀྱིས་ཟག་པ་མེད་པ་ཡིན་ཡང་འཇིག་རྟེན་པ་ལ་དམིགས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །འདི་ལྟ་སྟེ། རྗེས་ལས་ཐོབ་པའི་ཡེ་ཤེས་དང་

མཚུངས་པར་ལྡན་པའི་སེམས་ལ་སོགས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ལ་ཡང་འཇིག་རྟེན་པའི་ཆོས་མངའོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་གིས་ལས་གང་དག་བགྱིད་ལགས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་ཞི་གནས་དང་། ལྷག་མཐོང་གི་ལས་སྟོན་ཏོ། །འདི་ཡང་ཞུ་བ་

Vol. 119 · folio 198b

གསོལ་པ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །རིགས་ཀྱི་བུ་དེ་དག་གིས་འཆིང་བ་རྣམ་པ་གཉིས་པོ་དག་ལས་རྣམ་པར་ཐར་པར་བྱེད་དོ། འདི་ལྟ་སྟེ། མཚན་མའི་འཆིང་བ་དང་། གནས་ངན་ལེན་གྱི་འཆིང་བ་དག་ལས་སོ་ཞེས་བྱ་བས་ནི་གཉིས་པ་དེ་བཞིན་གཤེགས་

པས་ཡང་དག་པར་ལན་དུ་གསུངས་པའོ། །འཆིང་བ་རྣམ་པ་གཉིས་ལས་རྣམ་པར་ཐར་པའི་ལས་བྱེད་དེ། འདི་ལྟ་སྟེ། མཚན་མའི་འཆིང་བ་དང་། གནས་ངན་ལེན་གྱི་འཆིང་བ་དག་ལས་སོ། །དེ་མཚན་མའི་འཆིང་བ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་རྒྱུ་མཚན་གྱི་རྣམ་པ་ཉིད་དེ། འདི་ལྟར་ཟག་པ་དང་བཅས་

པའི་རྒྱུ་མཚན་གྱིས་ལྟ་བའི་རྣམ་པ་དེ་རང་དབང་མེད་པར་བྱེད་པས་མཚན་མའི་འཆིང་བ་ཞེས་བྱ་སྟེ། མཚན་མ་ཉིད་འཆིང་བ་ཡིན་པས་མཚན་མའི་འཆིང་བ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཉོན་མོངས་པ་ཅན་གྱི་ཡིད་ནི་མཚན་མའི་འཆིང་བའི་ངོ་བོ་ཉིད་བྱེད་དེ། འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དབང་གིས་

གཞན་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དམིགས་པར་བྱ་བའི་མཚན་མ་དག་ལ་རང་དབང་མེད་པར་བྱེད་པས་སོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་མཚན་མའི་འཆིང་བ་ཡིན་པའི་ཕྱིར་མཚན་མའི་འཆིང་བ་ཞེས་བྱའོ། །དེ་ལ་གནས་ངན་ལེན་གྱི་འཆིང་བ་ཡང་རྣམ་པ་གཉིས་ཡོད་དེ། དང་

པོ་ནི་ཟག་པ་དང་བཅས་པའི་ཆོས་ལ་ལས་སུ་མི་རུང་བའི་ངོ་བོ་ཉིད་ཡོད་པ་གང་ཡིན་པ་དེ་ནི་གནས་ངན་ལེན་གྱི་འཆིང་བ་ཞེས་བྱ་སྟེ། ཟག་པ་དང་བཅས་པའི་ཆོས་དང་། གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པའོ། །བདག་ཉིད་གུད་ན་མེད་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །སྤངས་

པ་དང་མ་སྤངས་པ་ཐ་དད་པའི་ཕྱིར་གཅིག་པ་མ་ཡིན་པ་ཞེས་བྱའོ། །གཉིས་པ་ནི་སྒྲིབ་པ་གཉིས་ཀྱི་ས་བོན་གང་ཡིན་པ་དེ་ནི་སྤྱིར་གནས་ངན་ལེན་ཞེས་བྱ་སྟེ། དེ་ཡང་དགོངས་པ་རྣམ་པ་གཉིས་ཀྱིས་ས་བོན་ལ་གནས་ངན་ལེན་ཞེས་བྱའོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་དོན་དམ་པའི་བདེན་པ་མཚན་

ཉིད་ཀྱི་ལེའུ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ།། །།བམ་པོ་བཞི་བཅུ་བདུན་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་གགས་རྣམ་པ་ལྔ་གསུངས་པ་གང་ལགས་པ་དེ་དག་ལས་དུ་ནི་ཞི་གནས་ཀྱི་གགས་དག་ལགས། དུ་ནི་ལྷག་མཐོང་གི་གགས་དག་ལགས།

Vol. 119 · folio 199a

དུ་ནི་གཉི་གའི་གགས་དག་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཅོ་ལྔ་པ་ཞི་གནས་ཀྱི་གགས་དང་། གཉེན་པོར་གྱུར་པ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། གགས་རྣམ་པ་ལྔ་པོ་དག་ཞི་གནས་དང་། ལྷག་མཐོང་གི་གགས་སུ་གྱུར་པ་བསྟན་པའི་

སྒོ་དང་། སྒྲིབ་པ་ལྔ་པོ་དག་ཞི་གནས་དང་ལྷག་མཐོང་གི་སྒྲིབ་པར་བསྟན་པའི་སྒོ་དང་། རྣམ་པར་གཡེང་བ་རྣམ་པ་ལྔ་རུ་དབྱེ་བའི་སྒོ་དང་། ཞི་གནས་དང་ལྷག་མཐོང་གི་སྒྲིབ་པ་བཅུ་གཅིག་གི་གཉེན་པོར་གྱུར་པ་བསྟན་པའི་སྒོ་སྟེ་འདི་ནི་དང་པོའོ། །དང་པོ་ལ་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་པ་

དང་། ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞུ་བ་གསོལ་པ་སྟེ། གནས་རྣམ་པ་ལྔ་པོ་དེ་དག་ལས། དུ་ནི་ཞི་གནས་ཀྱི་གགས་ལགས། དུ་ནི་ལྷག་མཐོང་གི་གགས་ལགས། དུ་ནི་གཉི་གའི་གགས་ལགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གགས་རྣམ་པ་ལྔ་ཞེས་བྱ་བ་ནི་བསྟན་བཅོས་དེ་ཁོ་ན་ཉིད་

གྲུབ་པ་ལས་སེམས་ཀྱི་འཆིང་བ་ལྔ་ཞེས་འབྱུང་སྟེ། ཉོན་མོངས་པའི་སྡིག་པའི་ཆོས་ཀྱིས་སེམས་འཆིང་ཞིང་སྤོང་བར་མི་བྱེད་པའི་ཕྱིར་སེམས་ཀྱི་འཆིང་བ་ཞེས་བྱ་སྟེ། རང་གི་ལུས་ལ་ཆགས་པ་དང་། ཕྱི་རོལ་གྱི་འདོད་པ་ལྔ་པོ་དག་ལ་ཆགས་པ་དང་། ཁྱིམ་པ་དག་དང་འདྲེས་པར་མོས་པ་དང་། འཕགས་པའི་གཏམ་

ལ་སེམས་ཀྱིས་མོས་པ་མེད་པ་དང་། དགེ་བའི་ཆོས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའོ་ཞེས་བཤད་དོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། གགས་ནི་རྣམ་པ་གསུམ་མོ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་གགས་ནི་གསུམ་སྟེ། འདོད་ཆགས་ཀྱི་གགས་དང་། ཞེ་སྡང་

དང་གཏི་མུག་གི་གགས་སོ། །གསུམ་པོ་དེ་དག་ལ་གནས་པའི་ཕྱིར་ལུས་དང་ལོངས་སྤྱོད་ལ་ལྟ་བ་དང་། བློ་མ་བྱང་བ་དང་འདྲེ་བར་གནས་པ་དང་། དགེ་བ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པས་དེའི་དབང་གིས་དགེ་བའི་ཆོས་རྣམས་མི་སྒྲུབ་པའི་ཕྱིར་གགས་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་

ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། བློ་མ་བྱང་བ་ཞེས་འབྱུང་བ་ནི་མདོ་འདི་ཉིད་ལས་འཕགས་པའི་བསྟན་པ་རྣམས་ལ་འདོད་པ་བཞིན་དུ་མ་ཐོབ་པ་ཞེས་གསུངས་པ་ཉིད་དོ། །གཞན་ཡང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། གགས་རྣམ་པ་ལྔ་ལས་བརྩམས་ནས་

Vol. 119 · folio 199b

གགས་ཀྱི་དོན་སྟོན་ཏོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། གཞན་ཡང་ལུས་ལ་ལྟ་བ་ལ་སོགས་པ་དང་བཅས་པ་ནི་སེམས་ཀྱི་གགས་རྣམ་པ་ལྔའི་དབང་དུ་བྱས་ཏེ་བསྟན་པའོ། །ལྔ་གང་ཞེ་ན་འདི་ལྟ་སྟེ། ལུས་ལ་ལྟ་བ་དང་། འདོད་པ་རྣམས་ལ་ལྟ་བ་དང་། འདྲེ་བར་གནས་པར་མོས་པ་དང་། རྗེས་སུ་མཐུན་

པའི་རྗེས་སུ་བསྟན་པ་དང་། གདམས་ངག་མེད་པ་དང་། དགེ་བའི་ཆོས་རྣམས་ལ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པས་སེམས་ཀྱི་གགས་སུ་གྱུར་པའི་ཕྱིར་སེམས་ཀྱི་གགས་ཞེས་བྱའོ་ཞེས་བཤད་དེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་ཀུན་ལས་བཏུས་པ་ཐ་

དད་པར་གྱུར་པ་ཡང་དེར་ལས་གསུམ་པར་བསྟན་པ་འདིར་ཞི་བར་བྱས་པའི་ཕྱིར་རོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་མིང་བཀོད་པར་ཟད་ཀྱི། རྣམ་པར་བཤད་པ་ནི་མེད་དེ། དེའི་ཕྱིར་འདིར་ལྔ་པོ་དག་ལས་བརྩམས་ནས་ཞུ་བ་གསོལ་བ་ཡིན་ནོ། །རིགས་ཀྱི་བུ་ལུས་དང་ལོངས་སྤྱོད་ལ་ལྟ་བ་ནི་ཞི་

གནས་ཀྱི་གགས་ཡིན་ནོ། །འཕགས་པའི་བསྟན་པ་རྣམས་ལ་འདོད་པ་བཞིན་དུ་མ་ཐོབ་པ་ནི་ལྷག་མཐོང་གི་གགས་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ལྟར་ལུས་ལ་ལྟ་བ་དང་། ལོངས་སྤྱོད་ལ་ལྟ་བ་རྣམ་པ་གཉིས་པོ་དག་ནི་ཞི་

གནས་ལ་སྒྲིབ་པར་བྱེད་པ་འཕགས་པའི་བསྟན་པ་རྣམས་ལས་འདོད་པ་བཞིན་དུ་མ་ཐོབ་པས་དེས་ནི་བསྟན་པའི་དགོངས་པ་རྣམས་རབ་ཏུ་དབྱེ་བར་མི་ནུས་པས་དེའི་ཕྱིར་ལྷག་མཐོང་ལ་སྒྲིབ་པར་བྱེད་དོ། །འདྲེ་བར་གནས་པར་མོས་པ་དང་། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་གཉི་གའི་གགས་ཡིན་པར་

རིག་པར་བྱ་སྟེ། དང་པོའི་ཕྱིར་ནི་སྒོམ་པར་མི་བྱེད་དོ། །གཉིས་པའི་ཕྱིར་ནི་སྦྱོར་བ་མཐར་ཐུག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གཉི་གའི་གགས་བསྟན་པ་སྟེ། འདི་ལྟར་གཉི་གའི་གགས་ནི་རྣམ་པ་གཉིས་ཏེ། འདྲེ་བར་གནས་པར་མོས་པ་དེའི་དབང་གིས་ནི་ཞི་གནས་དང་ལྷག་མཐོང་སྒོམ་པར་མི་བྱེད་ལ།

ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་སྟོབས་ཀྱིས་ནི་ཞི་གནས་དང་། ལྷག་མཐོང་སྒོམ་པ་མཐར་ཐུག་པར་མི་འགྱུར་བས་སོ། །བཅོམ་ལྡན་འདས་སྒྲིབ་པ་ལྔ་པོ་གང་ལགས་པ་དེ་དག་ལས། དུ་ནི་ཞི་གནས་ཀྱི་སྒྲིབ་པ་ལགས། དུ་ནི་ལྷག་མཐོང་གི་སྒྲིབ་པ་ལགས། དུ་ནི་གཉི་གའི་སྒྲིབ་པ་དག་ལགས་

Vol. 119 · folio 200a

ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སྒྲིབ་པ་ལྔ་པོ་དག་ཞི་གནས་དང་ལྷག་མཐོང་གི་སྒྲིབ་པར་བསྟན་པའི་སྒོ་ཞེས་བྱ་བར་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྒྲིབ་པ་ལྔ་པོ་དག་ཞི་གནས་དང་། ལྷག་མཐོང་ལ་སྒྲིབ་པར་བསྟན་པ་དང་། བཅོམ་ལྡན་འདས་ཞེས་བྱ་བ་མན་ཆད་ཀྱིས་ཞི་

གནས་དང་ལྷག་མཐོང་གི་ལམ་གཉིས་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་བསྟན་པའོ། །དང་པོ་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་བསྟན་ཏེ། འདི་ནི་དང་པོ་ཞུ་བ་གསོལ་བ་ཉིད་དོ། །རིགས་ཀྱི་བུ་རྒོད་པ་དང་འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པ་ཡིན་ནོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་

ལྷག་མཐོང་གི་སྒྲིབ་པ་ཡིན་ནོ། །འདོད་པ་ལ་འདུན་པ་དང་གནོད་སེམས་ནི་གཉི་གའི་སྒྲིབ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །འདི་ལྟར་སྒྲིབ་པ་ལྔ་པོ་དག་ལས་རྒོད་པ་དང་འགྱོད་པ་ནི་ཞི་གནས་ཀྱི་སྒྲིབ་པ་ཡིན་ཏེ། རྣམ་པར་གཡེང་བར་

བྱེད་པའི་ཕྱིར་རོ། །རྨུགས་པ་དང་གཉིད་དང་ཐེ་ཚོམ་ནི་ལྷག་མཐོང་གི་སྒྲིབ་པ་ཡིན་ཏེ། འདི་ལྟར་མི་གསལ་ཞིང་ངེས་པ་མེད་པའི་ཕྱིར་རོ། །འདོད་པ་ལ་འདུན་པ་དང་གནོད་སེམས་ནི་གཉི་གའི་སྒྲིབ་པ་ཡིན་ཏེ། རྩ་བའི་ཉོན་མོངས་པ་ཡིན་པས་སྒྲིབ་པའི་ནུས་པ་མཆོག་ཏུ་གྱུར་པའི་ཕྱིར་རོ། །སྒྲིབ་པ་ལྔ་པོ་འདི་

དག་གི་ངོ་བོ་ཉིད་དང་། མཚན་ཉིད་དང་ངེས་ཚིག་བསྟན་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་འདི་ཉིད་ལས་སྒྲིབ་པ་ནི་ལྔ་ཡོད་དེ། འདི་ལྟ་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་དང་། གནོད་སེམས་ཀྱི་སྒྲིབ་པ་དང་། རྨུགས་པ་དང་གཉིད་ཀྱི་

སྒྲིབ་པ་དང་། རྒོད་པ་དང་འགྱོད་པའི་སྒྲིབ་པ་དང་། ཐེ་ཚོམ་གྱི་སྒྲིབ་པའོ། །སྒྲིབ་པ་ལྔ་པོ་འདི་དག་གི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། སྨྲས་པ། འདོད་པའི་ཁམས་ཀྱི་དངོས་པོ་སུམ་ཅུའི་ངོ་བོ་ཉིད་དེ། འདི་ལྟ་སྟེ། འདོད་པ་ལ་འདུན་པ་དང་གནོད་སེམས་འདོད་པའི་ཁམས་ཀྱི་སྡེ་ལྔ་དང་སོ་སོར་སྦྱར་བའི་དངོས་པོ་

བཅུ་དང་། རྨུགས་པ་དང་རྒོད་པ་ཁམས་གསུམ་གྱི་སྡེ་ལྔ་པོ་དག་དང་། སོ་སོར་སྦྱར་ན་མི་དགེ་བ་དང་ལུང་དུ་མི་སྟོན་པར་ཡང་གཏོགས་པ་ལས། མི་དགེ་བ་ཁོ་ན་སྒྲིབ་པར་གཞག་པའི་དངོས་པོ་བཅུ་དང་གཉིད་ནི་འདོད་པའི་ཁམས་ཀྱི་སྡེ་ལྔ་དང་སྦྱར་ན་དགེ་བ་དང་མི་དགེ་བ་དང་ལུང་དུ་མི་སྟོན་པར་ཡང་

Vol. 119 · folio 200b

གཏོགས་པ་ལས། མི་དགེ་བ་ཁོ་ན་སྒྲིབ་པར་གཞག་པའི་དངོས་པོ་ལྔ་དང་འགྱོད་པ་ནི་འདོད་པའི་ཁམས་ཁོ་ནའི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། དགེ་བ་དང་མི་དགེ་བར་ཡང་གཏོགས་པ་ལས། མི་དགེ་བ་ཁོ་ནའི་སྒྲིབ་པར་གཞག་པའི་དངོས་པོ་གཅིག་དང་། ཐེ་ཚོམ་ནི་ཁམས་གསུམ་གྱི་སྡེ་བཞིར་གཏོགས་

ཏེ། མི་དགེ་བ་དང་ལུང་དུ་མི་སྟོན་པར་ཡང་གཏོགས་པ་ལས། མི་དགེ་བ་ཁོ་ན་སྒྲིབ་པར་གཞག་པའི་དངོས་པོ་བཞི་སྟེ། དེས་ན་སྒྲིབ་པ་ལྔ་པོ་དེ་དག་ནི་འདོད་པའི་ཁམས་ཀྱི་དངོས་པོ་སུམ་ཅུའི་ངོ་བོ་ཉིད་ཡིན་ནོ། །སྒྲིབ་པ་ལ་མཚན་ཉིད་ཇི་ལྟ་བུ་ཞིག་ཡོད་ཅེ་ན། བཙུན་པ་བཤེས་གཉེན་གྱིས་འདི་སྐད་དུ། ངོ་བོ་ཉིད་

གང་ཡིན་པ་དེ་ཉིད་མཚན་ཉིད་ཡིན་ལ་མཚན་ཉིད་གང་ཡིན་པ་དེ་ཉིད་ནི་ངོ་བོ་ཉིད་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་མཚན་ཉིད་ནི་ཕན་ཚུན་མི་འབྲལ་བའི་ཕྱིར་རོ་ཞེའོ། །གཞན་ཡང་འདོད་པ་རྣམས་གཉེར་ཞིང་ཚོལ་བ་གང་ཡིན་པ་དེ་ནི་འདོད་པ་ལ་འདུན་པའི་མཚན་ཉིད་དོ། །སེམས་ཅན་ལ་མནར་སེམས་

དང་བཅས་པ་གང་ཡིན་པ་དེ་ནི་གནོད་སེམས་ཀྱི་མཚན་ཉིད་དོ། །ལུས་དང་སེམས་བྱིང་བ་གང་ཡིན་པ་དེ་ནི་རྨུགས་པའི་མཚན་ཉིད་དོ། །ལུས་དང་སེམས་འཕྱར་ཞིང་གཡོ་བ་གང་ཡིན་པ་དེ་ནི་རྒོད་པའི་མཚན་ཉིད་དོ། །སེམས་མི་གསལ་ཞིང་སྡུད་པ་གང་ཡིན་པ་དེ་ནི་གཉིད་ཀྱི་མཚན་ཉིད་དོ། །ཡིད་ལ་

གཅགས་པ་གང་ཡིན་པ་དེ་ནི་འགྱོད་པའི་མཚན་ཉིད་དོ། །སེམས་ཡིད་གཉིས་ཟ་བ་གང་ཡིན་པ་དེ་ནི་ཐེ་ཚོམ་གྱི་མཚན་ཉིད་དེ་སྒྲིབ་པའི་ངོ་བོ་ཉིད་དང་མཚན་ཉིད་བཤད་ཟིན་ཏོ། །ངེས་པའི་ཚིག་འདིར་བཤད་པར་བྱ་སྟེ། ཅིའི་ཕྱིར་སྒྲིབ་པ་ལྔ་ཡིན། སྒྲིབ་པ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། བར་དུ་གཅོད་པའི་དོན་

གང་ཡིན་པ་དེ་ནི་འདི་ལྟ་སྟེ། འཕགས་པའི་ལམ་གྱི་བར་དུ་གཅོད་པ་དང་། འཕགས་པའི་ལམ་གྱི་སྦྱོར་བའི་དགེ་བའི་རྩ་བའི་བར་དུ་གཅོད་པའི་ཕྱིར་སྒྲིབ་པ་ཞེས་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་དགེ་བའི་ཕྱོགས་

གསལ་བར་མི་བྱེད་པ་གང་ཡིན་པ་དེ་ནི་སྒྲིབ་པའི་དོན་ཏོ་ཞེས་བཤད་དེ། གོང་དུ་སྨོས་པའི་བསྟན་བཅོས་དག་ལས་ནི་སེམས་ལ་སྒྲིབ་ཅིང་དགེ་བའི་ཕྱོགས་རྣམས་ལ་འཇུག་པར་མི་བྱེད་པའི་ཕྱིར་རོ་ཞེས་བསྟན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཉོན་མོངས་པ་ལ་སྤྱིར་སྒྲིབ་པ་ཞེས་བཤད་དེ།

Vol. 119 · folio 201a

དེའི་ཕྱིར་དེ་ཉིད་ལས་དེ་ཁོ་ནའི་དོན་ལ་སྒྲིབ་གཡོགས་བྱེད་པས་ན་སྒྲིབ་པ་རྣམས་སོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་ཤེས་བྱའི་དངོས་པོ་ལ་ཤེས་པའི་སྒྲིབ་པར་གྱུར་པའི་ཕྱིར་སྒྲིབ་པ་རྣམས་སོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་སྒྲིབ་པ་ལྔ་ནི་གནས་སྐབས་ལྔ་དང་མི་

མཐུན་པ་ལས་རྣམ་པར་གཞག་པར་རིག་པར་བྱ་སྟེ། ཁྱིམ་ན་གནས་པའི་ཡུལ་གྱིས་ཕྲོགས་པའི་ཕྱིར་འཕགས་པའི་བསྟན་པ་དང་མི་མཐུན་པའི་སྒོ་ནས་ནི་འདོད་པའི་འདུན་པ་སྒྲིབ་པར་རྣམ་པར་གཞག་གོ། །ཆོས་མཐུན་པ་རྣམས་ཀྱིས་གླེང་བ་དང་། སྨ་དབབ་པ་དང་། རྗེས་སུ་བསྟན་པ་ལ་སོགས་པས་གདུལ་

བ་མི་བཟོད་པས་ཡང་དག་པར་དགའ་བར་བྱ་བའི་ཆོས་དང་མི་མཐུན་པའི་སྒོ་ནས་གནོད་སེམས་ཀྱི་སྒྲིབ་པ་རྣམ་པར་གཞག་གོ། །ཞི་གནས་དང་མི་མཐུན་པའི་སྒོ་ནས་ནི་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་རྣམ་པར་བཞག་གོ། །ལྷག་མཐོང་དང་མི་མཐུན་པའི་སྒོ་ནས་ནི་རྒོད་པ་དང་འགྱོད་པའི་སྒྲིབ་པ་རྣམ་པར་

གཞག་གོ། །ཆོས་ཀྱི་འབེལ་བའི་གཏམ་ཕྱིན་ཅི་ལོག་མེད་པར་རབ་ཏུ་འབྱེད་པ་དང་། ཆོས་སྤྱོད་པ་དང་སྟོན་པའི་བསྟན་པ་དང་། མྱ་ངན་ལས་འདས་པ་ལ་མོས་པ་དང་མི་མཐུན་པའི་སྒོ་ནས་ནི་ཐེ་ཚོམ་གྱི་སྒྲིབ་པ་རྣམ་པར་གཞག་གོ་ཞེས་འབྱུང་སྟེ། སྒྲིབ་པ་ལྔ་རྒྱ་ཆེར་རྣམ་པར་བཤད་པ་ནི་བསྟན་བཅོས་

བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་། དེ་ཁོ་ན་ཉིད་སྒྲིབ་པ་དང་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་དང་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བཅོམ་ལྡན་འདས་ཅི་ཙམ་གྱིས་ན་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས་པར་རྣམ་པར་དག་པ་ཐོབ་

པ་ཞེས་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཞི་གནས་དང་ལྷག་མཐོང་གི་ལམ་གཉིས་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞི་གནས་ཀྱི་ལམ་བསྟན་པ་དང་། ལྷག་མཐོང་གི་ལམ་བསྟན་པའོ། །རེ་རེ་ལ་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་

པས་བསྟན་ཏེ། འདི་ནི་དང་པོ་ཞི་གནས་ཀྱི་ལམ་དུ་ཞུགས་པའོ། །རིགས་ཀྱི་བུ་ཇི་ཙམ་དུ་རྨུགས་པ་དང་གཉིད་ཡོད་པ་དག་ཡང་དག་པར་ལེགས་པར་རབ་ཏུ་བསལ་བར་གྱུར་པ་དེ་ཙམ་གྱིས་ན་ཞི་གནས་ཀྱི་ལམ་ཡོངས་སུ་རྫོགས་པ་རྣམ་པར་དག་པ་ཐོབ་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་

Vol. 119 · folio 201b

བཞིན་གཤེགས་པས་ལན་དུ་ཡང་དག་པར་གསུངས་པའོ། །འདི་ལྟ་སྟེ། རིགས་ཀྱི་བུ་དང་པོའི་ཐོབ་པ་ལྟ་བུ་ལ་བྱ་བ་མ་ཡིན་གྱི། ཅི་ཙམ་དུ་རྒོད་པ་དང་འགྱོད་པ་རབ་ཏུ་བསལ་ཏེ་ཡོངས་སུ་རྫོགས་པར་གྱུར་པ་ན། རྨུགས་པ་དང་གཉིད་རབ་ཏུ་སེལ་བར་བྱེད་པས་གདོད་ཡོངས་སུ་རྫོགས་པར་ཐོབ་པ་ཞེས་

བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པར་རྣམ་པར་དག་པ་ཐོབ་པ་ཞེས་བགྱི་ལགས་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པར་འགྱུར་བ་ཞུས་པའོ། །རིགས་ཀྱི་བུ་ཇི་ཙམ་དུ་རྒོད་པ་དང་འགྱོད་པ་ཡོད་པ་དག་ཡང་དག་པར་

ལེགས་པར་རབ་ཏུ་བསལ་བར་གྱུར་པ་དེ་ཙམ་གྱིས་ན་ལྷག་མཐོང་གི་ལམ་ཡོངས་སུ་རྫོགས་པར་རྣམ་པར་དག་པ་ཐོབ་པ་ཞེས་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །འདི་ལྟ་སྟེ། རིགས་ཀྱི་བུ་དང་པོའི་ཐོབ་པ་ལྟ་བུ་ལ་བྱ་བ་མ་ཡིན་གྱི་ཇི་ཙམ་དུ་རྨུགས་

པ་རབ་ཏུ་བསལ་བ་ནས་འགྱོད་པའི་བར་དུ་བསལ་བར་གྱུར་པ་དེ་ཙམ་གྱིས་ན་གདོད་ཡོངས་སུ་རྫོགས་པར་ཐོབ་པ་ཞེས་བྱ་བས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་སྒྲིབ་པ་ལྔ་པོ་དག་ཞི་གནས་དང་ལྷག་མཐོང་ལ་སྒྲིབ་པར་བསྟན་པ་ལས། རྒོད་པ་དང་འགྱོད་པ་ནི་ཞི་གནས་ལ་སྒྲིབ་པར་བྱེད་ལ།

ལྷག་མཐོང་ལ་མ་ཡིན་རྨུགས་པ་དང་གཉིད་ནི་ལྷག་མཐོང་ལ་སྒྲིབ་པར་བྱེད་ལ་ཞི་གནས་ཡོངས་སུ་རྫོགས་པ་ལ་མ་ཡིན། གོང་དུ་བསྟན་པ་དག་དང་འགལ་བར་འགྱུར་རོ་ཞེ་ན། སྨྲས་པ། ཞི་གནས་དང་ལྷག་མཐོང་ནི་རེ་རེ་ལ་ཡང་སྒྲིབ་པ་གཉིས་གཉིས་ཡོད་དེ། དང་པོ་ནི་ངོ་བོ་ཉིད་དང་མཚན་ཉིད་དང་

ཕན་ཚུན་རྗེས་སུ་མཐུན་པའི་སྒྲིབ་པ་ཡིན་པས་རྨུགས་པ་ནི་ཞི་གནས་ལ་སྒྲིབ་པར་བྱེད་ལ། རྒོད་པ་ནི་ལྷག་མཐོང་ལ་སྒྲིབ་པར་བྱེད། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྨུགས་པ་ནི་ཞི་གནས་ལ་སྒྲིབ་པར་བྱེད་དོ། །རྒོད་པ་ནི་ལྷག་མཐོང་ལ་སྒྲིབ་པར་བྱེད་དོ་ཞེས་བཤད་དོ། །

བྱིང་བ་དང་ཡང་ཞིང་རྣོ་བའི་ངོ་བོ་ཉིད་ཀྱི་རྗེས་སུ་མཐུན་པའི་ཕྱིར་རོ། །གཉིས་པ་ནི་ངོ་བོ་ཉིད་དང་མཚན་ཉིད་དང་ཕན་ཚུན་བཟློག་པའི་སྒྲིབ་པ་ཡིན་པས་རྨུགས་པ་ནི་ལྷག་མཐོང་ལ་སྒྲིབ་པར་བྱེད་ལ། རྒོད་པ་དེ་ནི་ཞི་གནས་ལ་སྒྲིབ་པར་བྱེད་དེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་

Vol. 119 · folio 202a

ལས་བཏུས་པ་དང་། རྣམ་པར་བཤད་པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས། ཇི་སྐད་དུ་རྨུགས་པ་ནི་ལྷག་མཐོང་གི་གནས་སྐབས་དང་རྒོད་པ་ནི་ཞི་གནས་ཀྱི་གནས་སྐབས་དང་ཕན་ཚུན་མི་མཐུན་པ་ཡིན་ནོ་ཞེས་བཤད་པ་ལྟ་བུ་སྟེ། དེའི་ཕྱིར་སྒྲིབ་པའི་

སྐབས་སུ་ནི་ཕན་ཚུན་མི་མཐུན་པའི་སྒྲིབ་པ་བསྟན་པ་ལ་འདིར་ཡོངས་སུ་རྫོགས་པའི་གནས་སྐབས་སུ་ནི། སོ་སོ་ནས་ཅིག་ཅར་རྗེས་སུ་མཐུན་པ་དང་། ཕན་ཚུན་མི་མཐུན་པའི་སྒྲིབ་པ་གཉིས་པོ་དག་བསལ་ན་ཡོངས་སུ་རྫོགས་པ་ཐོབ་པའི་ཕྱིར་རོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་

དཔའ་རྣམས་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་གྱུར་པ་ན་སེམས་རྣམ་པར་གཡེང་བར་འགྱུར་བའི་ཆོས་དུ་ཞིག་ཁོང་དུ་ཆུད་པར་བགྱི་འཚལ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་རྣམ་པར་གཡེང་བ་རྣམ་པ་ལྔ་རབ་ཏུ་དབྱེ་བའི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་

གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་ཞི་གནས་དང་ལྷག་མཐོང་སྐྱེས་པར་གྱུར་པའི་ཚེ་སེམས་རྣམ་པར་གཡེང་བའི་རྒྱུར་འགྱུར་བའི་ཆོས་དུ་ཞིག་ཤེས་པར་བྱ་དགོས་པ་ཞུས་པ་ཡིན་ནོ། །རིགས་ཀྱི་བུ་རྣམ་པ་ལྔ་ཤེས་པར་བྱ་དགོས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཡང་

དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། གྲངས་སྨོས་ནས་ལན་མདོར་གསུངས་པ་དང་། གྲངས་བཞིན་དུ་མིང་བཀོད་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་དང་པོ་སྟེ་རྣམ་པར་གཡེང་བ་ནི་མདོར་བསྡུ་ན་རྣམ་པ་ལྔ་ཡོད་པར་ཤེས་

པར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་གཡེང་བ་དེ་དག་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། མདོ་འདི་ལས་ནི་རྣམ་པ་ལྔར་གསུངས་ཏེ། མདོ་ལས་གསུངས་པ་བཞིན་དུ་རིག་པར་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། རྣམ་

པ་ལྔར་གསུངས་ཏེ། མིང་ལ་ཐ་དད་པ་ཡོད་ཀྱང་དོན་ནི་མཐུན་ཏེ། དེའི་ཕྱིར་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སེམས་རྣམ་པར་གཡེང་བ་དང་ཉོན་མོངས་པས་རྣམ་པར་གཡེང་བ་ཞེས་གསུངས་ཏེ། གཞན་གསུམ་ནི་མདོ་འདི་ལས་གསུངས་པ་དང་མཐུན་ནོ། །ལང་གི་ཚེ་བསྒྱུར་

Vol. 119 · folio 202b

བའི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་རྣམ་པ་ལྔར་བསྟན་ཏེ། མདོ་འདི་ལས་གསུངས་པ་དང་མི་མཐུན་ནོ། །དེའི་ཕྱིར་དེ་ཉིད་ལས་རྣམ་པར་གཡེང་བ་རྣམ་པར་སེལ་བར་བྱེད་པའི་ཕྱིར་རྣམ་པར་སྨོད་པ་ཞེས་བྱ་སྟེ། འདིས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ། །

འདི་ཉིད་ཀྱི་འགྲེལ་པ་ལས་རྣམ་པར་གཡེང་བ་ནི་རྣམ་པ་ལྔ་ཡོད་དེ། ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔའོ། །ཕྱི་རོལ་དུ་གཡེང་བ་ནི་འདི་ལྟ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ཕ་རོལ་གྱི་ཡུལ་ལ་འཕྲོ་བ་གང་ཡིན་པའོ། །ནང་གི་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ།

སེམས་མཐོ་དམན་དུ་གྱུར་ནས་རོ་མྱོང་བ་ལ་སོགས་པ་གང་ཡིན་པའོ། །གནས་ངན་ལེན་གྱི་གཡེང་བ་ནི་འདི་ལྟ་སྟེ། བདག་དང་བདག་གིར་འཛིན་པ་ལ་སོགས་པ་གང་ཡིན་པའོ། །ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ། སེམས་དམན་པས་ཐེག་པ་ཆེན་པོ་སྤངས་ནས་ཐེག་པ་ཆུང་ངུ་

པའི་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་འབྱུང་བ་ཡིན་ཏེ། རྣམ་པ་ལྔ་ལས་མཚན་མའི་རྣམ་པར་གཡེང་བ་བཏོན་ནས་ངོ་བོ་ཉིད་ཀྱི་རྣམ་པར་གཡེང་བ་བསྣན་པས་སོ། །སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་ནི་རྣམ་པར་ཕྱེ་བ་མེད་དོ། །བསྟན་བཅོས་ཆོས་མངོན་པ་

ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་རྣམ་པར་གཡེང་བ་རྣམ་པ་དྲུག་གོ་ཞེས་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་བསྟན་པ་དང་མཐུན་པར་བཤད་དེ། དེའི་ཕྱིར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་རྣམ་པར་གཡེང་བ་ནི་རྣམ་པ་

དྲུག་ཡོད་དེ། ངོ་བོ་ཉིད་ཀྱི་རྣམ་པར་གཡེང་བ་དང་། ཕྱི་རོལ་དུ་རྣམ་པར་གཡེང་བ་དང་། ནང་དུ་རྣམ་པར་གཡེང་བ་དང་། མཚན་མའི་རྣམ་པར་གཡེང་བ་དང་། གནས་ངན་ལེན་གྱི་རྣམ་པར་གཡེང་བ་དང་། ཡིད་ལ་བྱེད་པའི་རྣམ་པར་གཡེང་བའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་

ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་འབྱུང་བ་དང་མཐུན་པར་རྣམ་པ་དྲུག་གོ་ཞེས་བཤད་དེ། དེ་ལ་བྱེ་བྲག་ཡོད་པ་ཡང་ཡིད་ལ་བྱེད་པ་ནི་དང་པོར་བསྟན་ལ། ངོ་བོ་ཉིད་ནི་དྲུག་པར་འབྱུང་ངོ་། །མདོ་ལས་ནི་རྣམ་པ་ལྔའོ་ཞེས་གསུངས་ན་ཅིའི་

Vol. 119 · folio 203a

ཕྱིར་བསྟན་བཅོས་རྣམས་ལས་ཡང་ངོ་བོ་ཉིད་ཀྱིས་ཞེས་བྱ་བས་བསྣན་ནས་གཅིག་ཏུ་བསྡུས་ཏེ་རྣམ་པ་དྲུག་གོ་ཞེས་བསྟན་ཞེ་ན། སྨྲས་པ། བསྟན་བཅོས་རྣམས་ཀྱང་མདོ་ལ་བརྟན་ནས་རྣམ་པ་ལྔ་ཞེས་བསྟན་པའི་རིགས་པ་ལས་ལོགས་ཤིག་ཏུ་བསྟན་པར་གྱུར་པ་ཡང་། སངས་རྒྱས་ཀྱི་སའི་

གནས་སྐབས་མ་གཏོགས་པ་གནས་སྐབས་གཞན་དག་ན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་རྣམ་པར་གཡེང་བ་ཁོ་ན་ཡིན་ཏེ། མཉམ་པར་གཞག་པ་མ་ཡིན་པས་དེའི་ཕྱིར་ལོགས་ཤིག་ཏུ་ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ཞེས་བསྟན་ཏོ། །མདོ་ལས་ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ཞེས་མ་གསུངས་

པ་ནི་ཏིང་ངེ་འཛིན་ལ་སྒྲིབ་པར་བྱེད་པའི་རིང་དུ་གྱུར་པའི་ཕྱིར་དང་། སྒྲིབ་པ་མཆོག་མ་ཡིན་པའི་ཕྱིར་མདོར་བསྡུས་ནས་མ་གསུངས་སོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་རྣམ་པར་གཡེང་བ་ལྔ་ཡོད་པར་བསྟན་པ་དེ་ཡང་སྐྱོན་རྣམ་པ་གཉིས་ཡོད་དེ། མདོ་

དག་དང་མི་མཐུན་པ་དང་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པའི་འགྲེལ་པ་ལས་ཀྱང་དེ་ལྟ་བུའི་བཤད་པ་མེད་པའི་ཕྱིར་ཚད་མར་གཟུང་དུ་མི་རུང་ངོ་། །དེ་ལས་གཞན་པའི་ཚིག་གི་དོན་རྣམས་ནི་མདོའི་ཚིག་ཐད་ཀར་བབ་པ་ན་སྟོན་པས་དེའི་ཕྱིར་འདིར་མ་བསྟན་ཏོ། །ཡིད་ལ་བྱེད་པའི་རྣམ་

པར་གཡེང་བ་དང་། ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་དང་། ནང་དུ་སེམས་རྣམ་པར་གཡེང་བ་དང་། མཚན་མའི་རྣམ་པར་གཡེང་བ་དང་། གནས་ངན་ལེན་གྱི་རྣམ་པར་གཡེང་བའོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །རིགས་ཀྱི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་

ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར་ལྟུང་བར་གྱུར་ན་དེ་ནི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་སྟོན་ཏོ། །རྣམ་པར་གཡེང་བ་དེ་དག་ཀྱང་

མདོར་བསྡུ་ན་སྒོ་རྣམ་པ་གཉིས་སུ་རབ་ཏུ་ཕྱེ་ནས། དེའི་འོག་ཏུ་འདོད་པ་མདོའི་ཚིག་གི་དོན་བཤད་པར་བྱའོ། །འདི་ལྟ་སྟེ། ངེས་ཚིག་བསྟན་པ་དང་། ངོ་བོ་ཉིད་བསྟན་པའོ། །དེ་ལ་དང་པོ་ངེས་ཚིག་བསྟན་པ་ཡང་སྤྱི་དང་བྱེ་བྲག་གིས་བསྟན་ཏེ། དེ་ལ་སྤྱི་ནི་རྣམ་པར་གཡེང་བ་ལྔ་ཞེས་བསྟན་པའོ། །དེ་ལ་

Vol. 119 · folio 203b

ལྔ་ཞེས་བྱ་བ་ནི་གྲངས་སྨོས་པའོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ལ་སོགས་པ་དེ་དག་གིས་ནི་སེམས་རྣམ་པར་འཕྲོ་བར་བྱེད་པའི་ཕྱིར་རྣམ་པར་གཡེང་བ་ཞེས་བྱ་སྟེ། རྣམ་པར་བཤད་པ་རྣམ་པ་དྲུག་ལས་གྲངས་དང་བཅས་པའི་རྣམ་པར་བཤད་པའོ། །དེ་ལ་བྱེ་བྲག་གི་མིང་ཡང་རྣམ་པ་ལྔ་སྟེ། ཡིད་ལ་བྱེད་

པ་དང་ཕྱི་རོལ་གྱི་སེམས་དང་། ནང་གི་སེམས་དང་མཚན་མ་དང་། གནས་ངན་ལེན་ཞེས་བྱ་བ་དག་གོ། །དེ་ལ་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་མདོ་ལས་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བཏང་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པར་ལྟུང་བར་གྱུར་ན་དེ་ནི་ཡིད་ལ་བྱེད་པའི་

རྣམ་པར་གཡེང་བ་ཞེས་གསུངས་པ་སྟེ། མདོའི་ཚིག་འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཡིད་ལ་བྱེད་པ་ཉིད་རྣམ་པར་གཡེང་བའི་ངོ་བོ་ཉིད་ཅེས་བྱའོ་ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་རྣམ་པར་བཤད་པ་རྣམ་པ་དྲུག་ལ། འདི་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། འདི་

ལྟར་མིང་ལ་བྱེད་པ་དེ་ཉིད་རྣམ་པར་གཡེང་བ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་མདོ་འདི་ལས་ནི་ཡིད་ལ་བྱེད་པ་རྣམ་པ་གཉིས་ཀྱིས་རྣམ་པར་གཡེང་བ་འདྲེན་པར་བྱེད་པའི་ཕྱིར་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་བསྟན་ཀྱང་ཡང་དག་པའི་དོན་དུ་རྣམ་པར་གཡེང་བ་ཉིད་ཀྱིས་ངོ་བོ་ཉིད་བྱེད་དོ་

ཞེས་ཟེར་ཏེ། བཤད་པ་འདི་དང་སྦྱར་ན་འདི་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །འདི་ལ་དོན་རྣམ་པ་གཉིས་ཡོད་དེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་པར་བཤད་དོ། །དེའི་ཕྱིར་དགོངས་པ་ཟབ་

མོ་རྣམ་པར་དགྲོལ་བའི་མདོ་ལས། ཡང་དག་པ་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཞེས་འབྱུང་བ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་ཉན་ཐོས་ཀྱི་ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ཡིན་པའི་ཕྱིར། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་དམན་པའི་སེམས་ཀྱིས་ཡིད་ལ་བྱེད་པ་ཞེས་བསྟན་པ་

ཡིན་ནོ་ཞེས་ཟེར་ཏེ། འདི་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་ཕྱི་མ་ཡང་དག་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། རྣམ་པར་གཡེང་བའི་ཆོས་དེ་ཡང་རྣམ་པ་དྲུག་ཡོད་པར་བསྟན་པ་ཡིན་ནོ། །དེ་ལ་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་

Vol. 119 · folio 204a

ཞེས་བྱ་བ་ནི་མདོ་ལས། གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་དང་འདྲེས་པའི་མཚན་མ་རྣམས་ལ་ཡོད་པའི་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པ་དང་ཕྱི་རོལ་གྱི་དམིགས་པའི་ཡུལ་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་ཞེས་གང་གསུངས་པའོ། །མདོའི་ཚིག་འདི་ནི་དོན་གྱིས་ཕྱི་

རོལ་ནི་རྣམ་པ་གསུམ་ཡོད་པར་བསྟན་ཏེ། དང་པོ་ནི་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་གོ། །གཉིས་པ་ནི་འདྲེས་པའི་མཚན་མ་རྣམས་ཏེ། དེ་ཉིད་ནི་འདུ་འཛིའི་མཚན་མ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། འདོད་པའི་ཡོན་ཏན་ལྔ་པོ་དག་དང་། འདུ་འཛིའི་མཚན་མ་

ཞེས་འབྱུང་བ་ཡིན་ནོ། །གསུམ་པ་ནི་སྔ་མ་གཉིས་མ་གཏོགས་པ་དེ་ལས་གཞན་པའི་ཕྱི་རོལ་གྱི་ཡུལ་རྣམས་ཏེ། ཡུལ་རྣམ་པ་གསུམ་པོ་དག་ལ་རྣམ་པར་གཡེང་བ་ཐ་དད་ཀྱི་ངོ་བོ་ཉིད་དོ། །བཤད་པ་འདི་དང་སྦྱར་ན་འདི་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །དེ་ལ་ནང་གི་རྣམ་པར་

གཡེང་བ་ཞེས་བྱ་བ་ནི་མདོ་ལས་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་བྱིང་བའམ། སྙོམས་པར་འཇུག་པའི་རོ་མྱང་བའམ། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན་དེའི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་གང་གསུངས་པ་སྟེ། དེ་ལ་

ནང་དུ་སེམས་ཞེས་བྱ་བ་ནི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་ནང་གི་ཏིང་ངེ་འཛིན་གྱི་སེམས་སོ། །དེ་ནི་འདི་སྐད་དུ་ནང་གི་ཏིང་ངེ་འཛིན་ལ་སྒྲིབ་པར་གྱུར་པ་ནི་རྣམ་པ་བཞི་ཡོད་དེ། རྨུགས་པ་དང་གཉིད་དང་བྱིང་བ་ལ་སོགས་པའི་ལས་ཀྱི་ནུས་པ་དང་། སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་

གང་ཡང་རུང་བས་ནང་གི་ཏིང་ངེ་འཛིན་གྱི་སེམས་ལ་སྒྲིབ་པར་བྱེད་པའི་ཕྱིར་ནང་གི་སྙོམས་པར་འཇུག་པ་ཞེས་བྱའོ་ཞེས་བསྟན་པར་འགྱུར་རོ། །འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་རྨུགས་པ་ལ་སོགས་པ་བཞི་པོ་དག་ཉིད་ལ་རྣམ་པར་གཡེང་བའི་ངོ་བོ་ཉིད་ཅེས་བྱའོ་ཞེའོ། །ཁ་ཅིག་ན་

རེ་རྨུགས་པ་ལ་སོགས་པའི་སྟོབས་ཀྱིས་བསྐྱེད་པའི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་དྲངས་པའི་རྣམ་པར་གཡེང་བའི་ངོ་བོ་ཉིད་ཅེས་ཟེར་ཏེ། བཤད་པ་རྣམ་པ་གཉིས་ཀྱི་དོན་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་མཚན་མའི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་མདོ་ལས་གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་

Vol. 119 · folio 204b

བརྟེན་ནས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་རྣམས་ཡིད་ལ་བྱེད་ན་དེ་ནི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་གང་གསུངས་པ་སྟེ། ཏིང་ངེ་འཛིན་ལ་བརྟེན་ནས་ཕྱི་རོལ་གྱི་མཚན་མ་ཡིད་ལ་བྱེད་ཀྱི། ཏིང་ངེ་འཛིན་ལ་ཞུགས་པའི་ཚེ་ན་ཚིག་གི་བརྗོད་པ་དང་བྲལ་བས་རྒྱུ་དང་རྐྱེན་དེས་ན་ཞི་

གནས་དང་ལྷག་མཐོང་ལ་སྒྲིབ་པར་བྱེད་པས་མཚན་མའི་རྣམ་པར་གཡེང་བ་ཞེས་བྱའོ། །བཤད་པ་རྣམ་པ་གཉིས་ཀྱི་ངོ་བོ་ཉིད་བསྟན་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ལུས་ཀྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་

ལ་བྱེད་པ་ནི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཕྱི་རོལ་གྱི་མཚན་མ་ཡིད་ལ་བྱེད་པ་ལ་བརྟེན་ནས་ནང་གི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པ་ཞེས་འབྱུང་སྟེ། དེ་ལྟར་ན་མདོ་སྡེ་དང་བསྟན་བཅོས་རྣམས་ལས་ཀྱང་མདོ་འདི་ལས་

གསུངས་པ་དང་དོན་མཐུན་པ་ཡིན་ཏེ། བསྟན་པ་གཞན་དག་ལས་མཐུན་པ་དང་མི་མཐུན་པའི་བྱེ་བྲག་ཡོད་པ་ནི་མདོའི་ཚིག་ཐད་ཀར་བབ་པའི་ཚེ་བཤད་པར་བྱའོ། །དེ་ལ་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་མདོ་ལས་གལ་ཏེ་ནང་གི་ཡིད་ལ་བྱེད་པས་རྐྱེན་བྱས་པ་ལས་བྱུང་བའི་ཚོར་བ་

ལ་གནས་ངན་ལེན་གྱི་ལུས་ཀྱིས་ངའོ་སྙམ་པའི་རློམ་སེམས་སྐྱེད་པར་བྱེད་ན་དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་གང་གསུངས་པ་སྟེ། ཏིང་ངེ་འཛིན་ལ་གནས་པའི་བདེ་བ་ལ་བདག་གིར་འཛིན་ཅིང་གནས་ངན་ལེན་གྱི་ལུས་ལ་ངའོ་སྙམ་དུ་རློམ་སེམས་སྐྱེད་པའོ། །ཡང་ན་གལ་ཏེ་

ནང་གི་ཡིད་ལ་བྱེད་པས་རྐྱེན་བྱས་པ་ལས་བྱུང་བའི་ཚོར་བ་བདེ་བ་ལ་སོགས་པས་དམིགས་པའི་ཡུལ་དུ་གྱུར་པ་ལ་གནས་ངན་ལེན་གྱི་ས་བོན་གྱི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་བདག་ཏུ་ལྟ་བའི་ང་རྒྱལ་གྱིས་སྔ་མའི་ཚོར་བ་རྣམས་ལ་བདག་ཏུ་ལྟ་བ་སྐྱེད་པ་དང་། བདག་གོ་སྙམ་དུ་ང་རྒྱལ་བསྐྱེད་པ་སྟེ་

བདག་ཏུ་ལྟ་བའི་ང་རྒྱལ་དང་མཚུངས་པར་ལྡན་པའི་རྣམ་པར་གཡེང་བ་དེ་ཉིད་ལ་གནས་ངན་ལེན་ཞེས་བྱའོ། །དོན་རྣམ་པ་གཉིས་ལས་བཤད་པ་སྔ་མ་དང་སྦྱར་ན་ནི་གནས་ངན་ལེན་གྱི་ལུས་ལ་བརྟེན་ནས་བདག་ཏུ་ལྟ་བ་ལ་སོགས་པ་སྐྱེས་པས་རྒྱུ་དང་རྐྱེན་དེས་བསྐྱེད་པའི་རྣམ་པར་གཡེང་བ་ལ་

Vol. 119 · folio 205a

གནས་ངན་ལེན་ཞེས་བྱའོ་ཞེས་བསྟན་ཏོ། །བཤད་པ་ཕྱི་མ་དང་སྦྱར་ན་ནི་བདག་ཏུ་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཕྱིར་གནས་ངན་ལེན་ཞེས་བྱའོ་ཞེས་བསྟན་ཏོ། །འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་བདག་ཏུ་ལྟ་བ་དང་ང་རྒྱལ་ལ་སོགས་པ་ནི་གནས་

ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་དེ་ལས་བྱུང་བའི་རྣམ་པར་གཡེང་བའི་ངོ་བོ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་ལ་གཉིས་པོའི་ངོ་བོ་ཉིད་བསྟན་པ་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་ཡང་དག་བདེན་པས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པའི་བརྗེད་བྱང་བྱས་པ་ལས་

ཀྱང་རྣམ་པར་གཡེང་བ་རྣམ་པ་ལྔའི་ངོ་བོ་ཉིད་སྟོན་ཏོ། གཞན་ནས་བསྟན་པ་དག་དང་བྱེ་བྲག་ཏུ་གྱུར་པ་མེད་དོ། །རྒྱ་ཆེར་རྣམ་པར་འབྱེད་པ་ནི་སྡེ་པ་རྣམས་ཀྱི་བརྗེད་བྱང་དང་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་འབྱུང་སྟེ། མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །དེ་ལ་ཡིད་ལ་

བྱེད་པའི་རྣམ་པར་གཡེང་བ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ལྔ་ཀུན་དུ་འགྲོ་བ་ལས་འདི་ནི་ཡིད་ལ་བྱེད་པའི་ངོ་བོ་ཉིད་དེ། ཡིད་ལ་བྱེད་པ་དེ་ཡང་ཤེས་རབ་རྣམ་པ་གསུམ་དང་ལྡན་ནོ། །ཡང་ན་དགེ་བ་ལ་སོགས་པའི་ངོ་བོ་ཉིད་རྣམ་པ་གསུམ་དུ་ཡང་དགོངས་ཏེ། བསྟན་བཅོས་

ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་རྣམ་པར་གཡེང་བ་ཞེས་བྱ་བ་ནི་རྣམ་པར་གཡེང་བའི་རྐྱེན་སྨོས་ནས་ཡིད་ལ་བྱེད་པ་ཞེས་བསྟན་པ་ཡིན་ནོ་ཞེས་བཤད་དོ་ཞེའོ། །ཁ་ཅིག་ན་རེ་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ནང་ནས་རྣམ་པར་གཡེང་བའི་ངོ་བོ་ཉིད་དེ་ཡིད་ལ་བྱེད་པའི་རྐྱེན་སྨོས་ནས་རྣམ་

པར་གཡེང་བ་དེ་བསྟན་པ་ཡིན་ནོ་ཞེའོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་རྣམ་པར་གཡེང་བ་ལ་བརྟེན་ནས་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཞེས་བཤད་དེ། འདོད་པའི་ཡོན་ཏན་ལྔ་དང་འདུ་འཛི་དང་ཡུལ་གཞན་གསུམ་

པོ་དག་ལ་སེམས་རྣམ་པར་འཕྲོ་བར་བྱེད་པས་ཉེ་བའི་ཉོན་མོངས་པ་ལས་གཡེང་བའི་ངོ་བོ་ཉིད་དོ། །དེ་ལ་ནང་དུ་སེམས་རྣམ་པར་གཡེང་བ་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་

Vol. 119 · folio 205b

བཏུས་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་བསྟན་པ་བཞིན་དུ་ཆོས་རྣམ་པ་གསུམ་གྱི་ངོ་བོ་ཉིད་དེ་འདི་ལྟར་བྱིང་བ་དང་རྒོད་པ་དང་རོ་མྱང་བའོ། །ཡང་ན་བསྟན་བཅོས་རྣམ་པར་བཤད་པ་དང་། མདོ་འདི་ཉིད་ལས་གསུངས་པ་བཞིན་དུ་ཆོས་བཞིའི་ངོ་བོ་ཉིད་དེ། འདི་ལྟ་སྟེ། རྨུགས་པ་

དང་གཉིད་དང་དམན་པའི་རོ་ལ་སྲེད་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་སོ། །དེ་ལ་དམན་པ་ནི་རྨུགས་པ་དང་གཉིད་ཀྱི་རྩལ་ལོ། །ཡང་ན་ཆོས་ལྔའི་སྟེ་དམན་པ་ཉིད་ནི་ལེ་ལོ་ཡིན་པས་སོ་ཞེའོ། །ཁ་ཅིག་ན་རེ་བྱིང་བ་དང་རྒོད་པ་ལ་སོགས་པའི་སྟོབས་ཀྱིས་ཉོན་མོངས་པ་ཅན་དུ་གྱུར་པའི་ཕྱིར་རྣམ་

པར་གཡེང་བ་སྐྱེད་པས་བྱིང་བ་ལ་སོགས་པས་སྨོས་ནས་རྣམ་པར་གཡེང་བ་བསྟེན་པ་ཡིན་ནོ་ཞེའོ། །དེ་ལ་མཚན་མའི་རྣམ་པར་གཡེང་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་མདུན་རོལ་དུ་ཐོབ་པའི་མཚན་མ་རྣམས་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པར་གྱུར་པའམ། ཡང་ན་ཕྱི་

རོལ་གྱི་གཟུགས་ཀྱི་མཚན་མ་ལ་བརྟེན་ནས། ནང་གི་ཏིང་ངེ་འཛིན་གྱི་གཟུགས་ཀྱི་མཚན་མ་ཡིད་ལ་བྱེད་པའོ། །ཡང་ན་མཚན་མ་ཞེས་བྱ་བ་ནི་རྒྱུ་སྟོན་པའི་མཚན་མ་སྟེ། ཡིད་ལ་བྱེད་པ་ངོ་བོ་ཉིད་དུ་གྱུར་པའོ། །ཁ་ཅིག་ན་རེ་འདི་ནི་ཡིད་ལ་བྱེད་པའི་རྐྱེན་སྨོས་ནས་རྣམ་པར་གཡེང་བ་བསྟན་པ་ཡིན་

པས་སྔ་མ་བཞིན་དུ་རིག་པར་བྱའོ་ཞེས་ཟེར་ཏེ། དེ་ལ་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱ་བ་ལ་ལྟ་བ་དང་ང་རྒྱལ་གྱི་ས་བོན་ནི་གནས་ངན་ལེན་ཞེས་བྱ་སྟེ། དེ་དག་གིས་རྐྱེན་བྱས་པས་བདག་ཉིད་ཀྱི་བདེ་བ་ལ་སོགས་པའི་ཚོར་བ་ལ་བདག་དང་བདག་གིར་འཛིན་ཅིང་ངའོ་སྙམ་དུ་རློམ་པར་བྱེད་

པས་མངོན་དུ་སྤྱོད་པའི་བདག་ཏུ་ལྟ་བ་དང་ངའོ་སྙམ་དུ་རློམ་པ་ཉིད་ཀྱིས་ངོ་བོ་ཉིད་བྱེད་དོ། །ཡང་ན་བདག་ཏུ་ལྟ་བ་དང་ངའོ་སྙམ་དུ་རློམ་པ་ལས་རྣམ་པར་གཡེང་བ་འབྱུང་བས་རྣམ་པར་གཡེང་བ་ཉིད་ཀྱི་ངོ་བོ་ཉིད་དོ་ཞེའོ། །གོང་དུ་བསྟན་པའི་བཤད་པ་རྣམ་པ་གཉིས་ལ་གལ་ཏེ་བཤད་པ་དང་པོ་དང་

སྦྱར་བར་གྱུར་ན། བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་དེ་དག་ཇི་ལྟར་ཁོང་དུ་ཆུད་ཅིང་རྣམ་པར་བཤད་པར་བྱ་སྟེ། འདི་ལྟར་བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་འདི་ལྟ་སྟེ། རྣམ་པར་གཡེང་བའི་ངོ་བོ་ཉིད་

Vol. 119 · folio 206a

དེ་ཡང་རྣམ་པ་དྲུག་གོ་ཞེས་བསྟན་ལ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་ལ་རྣམ་པར་གཡེང་བ་ཞེས་བཤད་པས་སོ་ཞེ་ན། སྨྲས་པ། དེ་ལ་ངོ་བོ་ཉིད་རྣམ་པར་གཡེང་བ་ལ་བརྟེན་ནས་རྣམ་པར་གཡེང་བའི་ངོ་བོ་ཉིད་བསྟན་པས་ཕན་

ཚུན་འགལ་བ་མེད་དོ། །གལ་ཏེ་བཤད་པ་ཕྱི་མ་དང་སྦྱར་བར་གྱུར་ན། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པ་ལས་བསྟན་པ་དེ་དག་ཇི་ལྟར་ཁོང་དུ་ཆུད་ཅིང་རྣམ་པར་བཤད་པར་བྱ་སྟེ། འདི་ལྟར་བསྟན་བཅོས་དེ་ཉིད་ལས་ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བ་ནི་རྣམ་པར་ཤེས་པའི་

ཚོགས་ལྔའོ་ཞེས་བཤད་པས་སོ་ཞེ་ན། སྨྲས་པ། རྣམ་པར་གཡེང་བ་ནི་རྣམ་པ་གཉིས་ཡོད་དེ། དང་པོ་ནི་ཉེ་བའི་ཉོན་མོངས་པའི་རྣམ་པར་གཡེང་བ་སྟེ། དེ་ནི་ཉོན་མོངས་པའི་ངོ་བོ་ཉིད་ཁོ་ནའོ། །གཉིས་པ་ནི་སངས་རྒྱས་མ་གཏོགས་པ་དེ་ལས་གཞན་པ་རྣམས་ཀྱི་རྣམ་པར་ཤེས་པ་ལྔ་པོ་དག་ནི་མཉམ་

པ་ཉིད་ལས་བྱུང་བ་མ་ཡིན་པའི་ཕྱིར་སྤྱིར་རྣམ་པར་གཡེང་བ་ཞེས་བྱའོ། །དེ་ཡང་ངོ་བོ་ཉིད་རྣམ་པར་རྟོག་པ་ཡང་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། གཞན་ཡང་རྣམ་པར་ཤེས་པ་ལྔ་པོ་དག་ལས་རྣམ་པར་གཡེང་བ་ཞེས་བསྟན་པ་ནི་གཞན་དག་ལས་བྱུང་བ་

བསྟན་པ་ཡིན་གྱི། སངས་རྒྱས་ལས་བྱུང་བའི་བསྟན་པ་ནི་མ་ཡིན་པའི་ཕྱིར་རོ་ཞེས་འབྱུང་བས། དེས་ན་རྣམ་པར་ཤེས་པ་ལྔ་པོ་དག་ལ་རྣམ་པར་གཡེང་བ་ཞེས་བྱ་བས་ན་དེའི་ཕྱིར་ཕན་ཚུན་འགལ་བ་མེད་དོ། །དོན་བཤད་ཟིན་ཏོ། །ད་ནི་ཚིག་གི་དོན་བཤད་པར་བྱ་སྟེ། འདི་ཡང་རྣམ་པར་གཡེང་བ་

རྣམ་པ་ལྔ་རྣམ་པར་ཕྱེ་སྟེ་བཤད་པ་ཉིད་ལས་རྣམ་པ་ལྔར་དབྱེ་སྟེ་འདི་ནི་དང་པོའོ། །དེ་ལ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་སྒོམ་པ་གང་ཞེ་ན། འདི་ལྟར་ན་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་

སེམས་དཔའི་ཆོས་ཉིད་ལ་གནས་པ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པ་འམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་བདག་གི་དོན་དང་གཞན་གྱི་དོན་ལ་ལྟ་བ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་དེ་ཉིད་ལས་དེ་ལ་ཉན་

Vol. 119 · folio 206b

ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་སྒོམ་པ་གང་ཞེ་ན། སྨྲས་པ། འདི་ལྟར་དེ་ནི་ཉན་ཐོས་ཀྱི་ཆོས་ཉིད་ལ་གནས་པ་ཡང་དག་པ་ཉིད་དུ་སྐྱོན་མེད་པར་མ་ཞུགས་པའམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་སེམས་ཅན་གྱི་དོན་ལ་མི་ལྟ་བ་བདག་གི་དོན་ལ་ལྟ་བ་ཞེས་འབྱུང་སྟེ། རྒྱ་ཆེར་

དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་མཐུན་པར་འབྱུང་སྟེ། དེ་ནི་འདི་སྐད་དུ་ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་སྤངས་ནས་

ཐེག་པ་འོག་མ་གཉིས་དང་ལྡན་པའི་ཡིད་ལ་བྱེད་ན་ཞེས་བསྟན་པར་འགྱུར་རོ། །ཡིད་ལ་བྱེད་པ་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། ཐེག་པ་ཆེན་པོ་དང་ལྡན་པའི་མཚན་མ་ཡང་དག་པའི་དྲན་པ་བཏང་སྟེ་ཐེག་པ་

གཉིས་ཀྱི་དྲན་པ་ཞེས་འབྱུང་ངོ་། །ལང་གི་ཚེ་བསྒྱུར་བ་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ནི། ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ། དམན་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཡིད་ལ་བྱེད་པ་བཏང་ནས་ཐེག་པ་དམན་པའི་ཡིད་ལ་བྱེད་པ་ཞེས་

འབྱུང་ངོ་། །བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་འདི་ལྟ་སྟེ། སྙོམས་པར་འཇུག་པ་བཞག་ནས་ཐེག་པ་གཞན་ལ་འཇུག་པ་དང་གནས་པའི་རྣམ་པར་འཕྲོ་བ་གང་ཡིན་པའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་སྙོམས་པར་འཇུག་པ་གཞན་ལས་སྙོམས་པར་འཇུག་པ་

དང་། ཐེག་པ་གཞན་ལ་བརྟེན་པ་སྔ་མ་ལ་ལྟོས་པའི་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་སྟེ། འདི་ནི་ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་རྣམ་པར་གཡེང་བའི་དབང་དུ་བྱས་ཏེ་བཤད་པའོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། རྣམ་པར་བཤད་

པ་ལ་སོགས་པ་ལས་ནི་ཡིད་ལ་བྱེད་པ་ཞེས་འབྱུང་ངོ་། །དབུས་དང་མཐའ་རྣམ་པར་འབྱེད་པ་རྙིང་འགྱུར་ལས་ནི་སེམས་པ་ཞེས་འབྱུང་སྟེ། སེམས་པ་དང་དྲན་པ་ཞེས་བྱ་བ་ཡང་ཡིད་ལ་བྱེད་པའི་རྣམ་གྲངས་ཡིན་ཏེ། ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་མིང་གདགས་པ་མི་མཐུན་

Vol. 119 · folio 207a

པར་གྱུར་པ་ཡིན་ནོ།། །།བམ་པོ་བཞི་བཅུ་བརྒྱད་པ། གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་དང་འདྲེས་པའི་མཚན་མ་རྣམས་ལ་ཡོད་པའི་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པ་དང་། ཕྱི་རོལ་གྱི་དམིགས་པའི་ཡུལ་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན། དེ་

ནི་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་སྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། །རྣམ་པར་གཡེང་བ་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་

པ་མི་མཐུན་ཏེ། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ནི་དགེ་བ་ལ་ཞུགས་པའི་ཚེ། །འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སེམས་རྣམ་པར་འཕྲོ་བའོ་ཞེས་འབྱུང་སྟེ། །ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པའི་ནང་ནས་འདི་ཉིད་ཀྱིས་འགྲེལ་པ་ལས། འདི་ལྟར་ཐོབ་པ་ལ་

སོགས་པའི་དགེ་བ་ལ་སྦྱོར་བ་བསྒོམ་པ་ན་དེ་ལ་དམིགས་པ་བཏང་ནས། ཕྱི་རོལ་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སེམས་རྣམ་པར་འཕྲོ་བར་རིག་པར་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ནི་ཕྱི་རོལ་གྱི་ཡུལ་ཞེས་འབྱུང་ངོ་། །བསྟན་བཅོས་དབུས་དང་མཐའ་

རྣམ་པར་འབྱེད་པ་གསར་འགྱུར་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་དམིགས་པ་ལ་སེམས་རྣམ་པར་འཕྲོ་བ་ཞེས་འབྱུང་ངོ་། །བསྟན་བཅོས་རྣམ་པར་བཤད་པ་ལས་རྣམ་པ་གཉིས་ལ་དམིགས་ན་ཉམས་པར་འགྱུར་ཏེ། །འདི་ལྟ་སྟེ་འདོད་པའི་ཡོན་ཏན་ལྔ་དང་། །འདུ་འཛིའི་མཚན་མའོ་ཞེས་

བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཉམས་པར་འགྱུར་བ་རྣམ་པ་གསུམ་དང་ལྡན་པར་བཤད་དེ། འདི་ལྟ་སྟེ། འདོད་པའི་ཡོན་ཏན་ལྔ་དང་འདུ་འཛིའི་གནས་དང་མཚན་མ་ལ་མངོན་པར་ཞེན་པའོ། །མདོ་འདི་ཉིད་ལས་ནི་ཡུལ་རྣམ་པ་གསུམ་ལས་བརྩམས་ནས་

ཕྱི་རོལ་གྱི་རྣམ་པར་གཡེང་བ་སྟོན་པར་མཛད་དོ། །དེ་ལ་སེམས་རྣམ་པར་འཕྲོ་བར་གཏོང་ན་ཞེས་བྱ་བ་ནི་རྣམ་པར་གཡེང་བ་རྣམ་པ་གསུམ་གྱི་བདག་ཉིད་ཡང་དག་པར་བསྟན་ཏེ། འདོད་པའི་ཡོན་ཏན་ལྔ་པོ་དག་ལ་སེམས་རྣམ་པར་འཕྲོ་བ་དང་། འདྲེས་པའི་མཚན་མ་རྣམས་ལ་རྣམ་པར་འཕྲོ་བ་དང་།

Vol. 119 · folio 207b

ཡུལ་སྔ་མ་གཉིས་ལས་གཞན་པའི་དམིགས་པའི་ཡུལ་ལ་སེམས་རྣམ་པར་འཕྲོ་བའོ། །དེ་ལ་གལ་ཏེ་ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ཅེས་བྱ་བས་ནི་ཡུལ་དང་པོ་སྨོས་པ་ཡིན་ཏེ། སེམས་ཀྱི་རྗེས་སུ་མཐུན་པའི་ཡུལ་ལྔ་པོ་དག་ནི་འདོད་པའི་ཡོན་ཏན་ལྔ་ཞེས་བྱའོ། །འདྲེས་པའི་མཚན་

མ་རྣམས་ཞེས་བྱ་བ་ནི་འདུ་འཛིའི་མཚན་ཉིད་ཡིན་ཏེ། ཡུལ་གཉིས་པ་སྨོས་པའོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས་འདོད་པའི་ཡོན་ཏན་ལྔ་དང་འདུ་འཛིའི་མཚན་མ་ཞེས་སྟོན་ཏོ། །ཡོད་པའི་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བའི་ཡུལ་སྔ་མ་གཉིས་

ཀྱི་ཉེ་བའི་ཉོན་མོངས་པ་ཇི་སྙེད་ཡོད་པ་དག་ལས་སྤྱིར་རྣམ་པར་རྟོག་པ་ཞེས་བསྟན་ཏེ། ཐམས་ཅད་ལ་ཡང་དམིགས་པ་ལ་གཏོད་པའི་ནུས་པ་ཡོད་པའི་ཕྱིར་རོ། །ཕྱི་རོལ་གྱི་དམིགས་པའི་ཡུལ་ཞེས་བྱ་བས་ནི་ཡུལ་གསུམ་པ་སྨོས་པ་སྟེ། སྔ་མའི་ཡུལ་

གཉིས་པོ་དག་ལས་གཞན་པ་དབང་པོ་ལ་སོགས་པའི་རྣམ་པ་རྣམས་ནི་ཕྱི་རོལ་ཞེས་བྱའོ། །འདིར་ཡང་ཡོད་པའི་རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པ་ལ་ཞེས་སྨོས་པའི་རིགས་པ་ལས། སྔ་མའི་ཟླས་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་མདོར་བསྡུས་ནས་གསུངས་ཏེ། དེའི་ཕྱིར་དགོངས་

པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཡུལ་རྣམ་པ་གསུམ་བསྟན་པའི་རྗེས་ལ་ཉེ་བའི་ཉོན་མོངས་པ་ཞེས་གསུངས་པ་ཡིན་ནོ། །ལ་ཞེས་བྱ་བ་ནི་བསྟན་བཅོས་རིགས་པའི་སྒོ་བསྟན་པ་ལས་དགར་བའི་དོན་ཡིན་ནོ་ཞེས་བསྟན་ཏོ། །དེ་ནི་འདི་སྐད་དུ་ཡུལ་རྣམ་པ་གསུམ་པོ་དག་ལ་ཡོད་པའི་

རྣམ་པར་རྟོག་པའི་ཉེ་བའི་ཉོན་མོངས་པ་རྣམས་ལས་ཁྲོ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་གཞན་དགར་ཞིང་སེམས་རྣམ་པར་འཕྲོ་བའི་ཉེ་བའི་ཉོན་མོངས་པ་གཅིག་ཁོ་ན་ཕྱི་རོལ་གྱི་རྣམ་པར་གཡེང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ལ་ཞེས་བྱ་བ་གསུངས་སོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་

རྨུགས་པ་དང་གཉིད་ཀྱིས་བྱིང་བའམ། སྙོམས་པར་འཇུག་པའི་རོ་མྱང་བའམ་སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་ན་དེའི་ནང་དུ་སེམས་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་ནང་གི་རྣམ་པར་གཡེང་བ་སྟོན་ཏོ། །མདོའི་

Vol. 119 · folio 208a

ཚིག་འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་བཤད་པ་དང་མཇུག་བསྡུ་བའོ། །རྣམ་པར་གཡེང་བ་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་དེའི་ཕྱིར་བསྟན་པ་རྣམས་ལས་འབྱུང་བ་སྔར་བསྟན་ནས། དེའི་འོག་ཏུ་མདོའི་ཚིག་གི་དོན་བསྟན་པར་བྱའོ། །བསྟན་

བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་འདི་ལྟ་སྟེ། དགེ་བ་ལ་ཞུགས་པ་ན་བྱིང་བ་དང་རོ་མྱོང་བར་བྱེད་པའོ་ཞེས་འབྱུང་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པའི་ནང་ནས་འདི་ཉིད་ཀྱི་འགྲེལ་པ་ལས་ནི་བྱིང་བ་དང་རྒོད་པ་དང་རོ་མྱང་བ་འབྱུང་བར་བྱེད་པའི་ཕྱིར་ཏིང་ངེ་འཛིན་ལས་ཉམས་

པར་བྱེད་པའོ་ཞེས་བཤད་དོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ནི་ཏིང་ངེ་འཛིན་གྱི་རོ་མྱང་བ་དང་། རྒོད་པ་ནི་ནང་གི་གཡེང་བའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་བ་ལང་གི་ཚེ་བསྒྱུར་བ་ལས། ནང་གི་སེམས་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ།

རྣམ་པར་གཡེང་བའི་སེམས་མཐོ་དམན་དུ་གྱུར་པ་དང་། རོ་མྱང་བའོ་ཞེས་བཤད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་འདི་ལྟ་སྟེ། རྨུགས་པ་དང་གཉིད་ཀྱིས་དམའ་བར་གྱུར་པའམ། ཏིང་ངེ་འཛིན་རྣམས་ཀྱི་རོ་མྱང་བའམ། ཏིང་ངེ་འཛིན་སྣ་ཚོགས་ཀྱི་ཉེ་བའི་ཉོན་མོངས་པའི་

ཕྱིར་སེམས་རྣམ་པར་གཡེང་བར་གྱུར་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་གལ་ཏེ་བྱང་ཆུབ་སེམས་དཔའ་གཉིད་ཀྱིས་ནོན་པ་དང་། སེམས་ཀྱིས་ཏིང་ངེ་འཛིན་ལ་མངོན་པར་ཞེན་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་གཞན་གྱི་

ཉོན་མོངས་པར་གྱུར་པ་གང་ཡིན་པ་དེ་ནི་ནང་དུ་སེམས་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་གསུངས་ཏེ། བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་དང་མཐུན་པར་འབྱུང་བས། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལ་བརྟེན་ནས་མདོའི་ཚིག་འདི་བཤད་པར་བྱའོ། །འདི་ལྟར་ན་ནང་གི་རྣམ་

པར་གཡེང་བ་ནི་རྣམ་པ་ལྔ་སྟེ། དང་པོ་ནི་རྨུགས་པའོ། །གཉིས་པ་ནི་གཉིད་དོ། །གསུམ་པ་ནི་འཆིང་བའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ཞན་པའི་སེམས་ཞེས་འབྱུང་སྟེ། སེམས་ཀྱི་ངོ་བོ་ཉིད་ཞན་ཅིང་ཏིང་ངེ་འཛིན་གཉེར་བའི་སེམས་མེད་པས་དེའི་ཕྱིར་ཞན་པའི་སེམས་

Vol. 119 · folio 208b

ཞེས་བྱ་སྟེ། ལེ་ལོའི་ངོ་བོ་ཉིད་དོ། །བཞི་པ་ནི་སྙོམས་པར་འཇུག་པའི་རོ་མྱང་བ་སྟེ། འདིས་འདོད་པའི་ཁམས་ཀྱི་འདོད་ཆགས་བསྟན་ཏོ། །གོང་མའི་ཏིང་ངེ་འཛིན་ལ་མངོན་པར་ཞེན་པའི་ཕྱིར་སྙོམས་པར་འཇུག་པའི་རོ་མྱང་བ་ཞེས་བྱའི་ཐམས་ཅད་ཡོད་པར་སྨྲ་བ་དག་ལྟར་ཁམས་གོང་མའི་འདོད་

ཆགས་ལ་རོ་མྱང་བའི་ཏིང་ངེ་འཛིན་ཅེས་བསྟན་པ་ནི་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ཀྱི་ཉོན་མོངས་པས་གོང་མར་མི་འགྲོ་བའི་ཕྱིར་རོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་ང་རྒྱལ་མཆོག་ཏུ་གྱུར་པའི་བསམ་གཏན་དང་། ཐེག་པ་མཆོག་ཏུ་གྱུར་པའི་བསམ་གཏན་དང་། ལྟ་བ་མཆོག་

ཏུ་གྱུར་པའི་བསམ་གཏན་ཞེས་འབྱུང་ངོ་། །ལྔ་པ་ནི་སྙོམས་པར་འཇུག་པའི་ཉེ་བའི་ཉོན་མོངས་པ་གང་ཡང་རུང་བས་ཉོན་མོངས་པར་གྱུར་པ་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་

སོགས་པ་ལ་སྒྲིབ་པར་བྱེད་པའི་ཉེ་བའི་ཉོན་མོངས་པ་རྣམས་ཏེ། བག་མེད་པ་དང་ལེ་ལོ་ལ་སོགས་པའོ། །དེ་ལྟར་ཉེ་བའི་ཉོན་མོངས་པ་རྣམ་པ་ལྔ་པོ་དག་གིས་ཉོན་མོངས་པར་གྱུར་པའོ། །དེ་ལ་ཉོན་མོངས་པར་གྱུར་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལས་ཉམས་པར་བྱེད་པའི་ཕྱིར་ཉོན་མོངས་

པར་གྱུར་པ་ཞེས་བྱའོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་བྱིང་བ་དང་རྒོད་པ་དང་རོ་མྱང་བས་བསམ་གཏན་ལས་ཉམས་པར་བྱེད་པའོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་ལས། ངོ་བོ་ཉིད་ཀྱི་

དང་ཕྱི་རོལ་དུ་གཡེང་བས་ནི་མ་ཐོབ་པ་གང་ཡིན་པ་ཐོབ་པར་མི་འགྱུར་རོ། །ནང་གི་དང་མཚན་མའི་གཉིས་ཀྱིས་ནི་ཐོབ་ཟིན་པ་ཡང་ཉམས་པར་བྱེད་དོ། །གནས་ངན་ལེན་གྱི་གཡེང་བས་ནི་རྣམ་པར་གྲོལ་བ་ཐོབ་པར་མི་བྱེད་དོ། །དྲུག་པ་ཡིད་ལ་བྱེད་པའི་གཡེང་བས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་

པར་མི་བྱེད་པས། དེའི་ཕྱིར་རྨུགས་པ་ལ་སོགས་པས་ནི་ཐོབ་ཟིན་པ་ལས་ཀྱང་ཉམས་པར་བྱེད་དོ་ཞེས་བཤད་དོ། །ཡང་ན་བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་ལས་ནི་མཚན་ཉིད་རེ་རེ་སོ་སོར་ཕྱེ་བ་ཡིན་པས། ཡང་དག་པའི་དོན་དུ་ན་རྨུགས་པ་ལ་སོགས་པ་ནི་ཀུན་ཀྱང་མ་

Vol. 119 · folio 209a

ཐོབ་པ་ལས་ཉམས་པར་བྱེད་པས་སྒྲིབ་པ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །གལ་ཏེ་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས། ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་རྣམས་ཡིད་ལ་བྱེད་ན་དེ་ནི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་བྱ་བ་ནི་བཞི་པ་མཚན་མའི་

རྣམ་པར་གཡེང་བ་བསྟན་པའོ། །རྣམ་པར་གཡེང་བ་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་འདི་ལྟ་སྟེ། གཞན་ཡིད་ཆེས་པར་བྱ་བ་སྔོན་དུ་བཏང་སྟེ། རྒྱུས་དགེ་བ་ལ་སྦྱོར་བར་སྟོན་པའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས་གཞན་

གྱིས་བདག་ལ་ཡོན་ཏན་དང་ལྡན་པར་ཡིད་ཆེས་པར་བྱ་བའི་ཕྱིར་དེའི་མཚན་མ་སྟོན་པ་སྟེ། རྒྱུ་དང་རྐྱེན་དེས་དགེ་བ་ལ་ཞུགས་པ་ཁད་ཀྱིས་ཉམས་པར་རིག་པར་བྱའོ་ཞེས་བཤད་དོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ནི། རྒྱུས་མཚན་མ་བསྟན་ནས་ཏིང་ངེ་འཛིན་ལ་སྦྱོར་བའི་

ཕྱིར་རོ་ཞེས་འབྱུང་སྟེ། དེ་ཉིད་ཀྱི་འགྲེལ་པ་ལས་ས་འོག་མའི་ཡིད་ད་དུང་མ་ངེས་ཤིང་ཉེ་བར་མ་ཞི་བས་མཚན་མའི་གཡེང་བ་ཞེས་བྱའོ་ཞེས་བཤད་དེ། ཏིང་ངེ་འཛིན་ཐོབ་པ་ཡང་གང་ཡིན་པ་དེ་ཏིང་ངེ་འཛིན་ཐོབ་མོད་ཀྱི་ས་འོག་མ་པའི་ཡིད་ད་དུང་ངེས་པར་མ་གྱུར་ཅིག་ཉེ་བར་མ་ཞི་བས་རྒྱུས་མཚན་མ་དེ་

སྟོན་པའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། མཚན་མའི་སེམས་རྣམ་པར་གཡེང་བ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། གལ་ཏེ་བྱང་ཆུབ་སེམས་

དཔའ་ཕྱི་རོལ་གྱི་མཚན་མ་ལ་བརྟེན་ནས་ནང་གི་ལུས་ཀྱི་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་མཚན་མའི་རྣམ་པར་གཡེང་བ་ཞེས་བྱའོ་ཞེས་གསུངས་ཏེ། བསྟན་བཅོས་རྣམ་པར་བཤད་པ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་བསྟན་པ་ནི་

མདོ་འདི་ཉིད་ལས་གསུངས་པ་དང་དོན་མཐུན་ནོ། །དེ་ལ་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཞེས་བྱ་བ་ནི་འདི་ལྟ་སྟེ། ནང་གི་ཏིང་ངེ་འཛིན་ལ་ཡང་དག་པར་གནས་པ་ན་མངོན་སུམ་གྱི་མཚན་མས་བརྗོད་དུ་མེད་པའི་མཚན་མ་སྣ་ཚོགས་ཐོབ་པ་གང་ཡིན་པའོ། །དེ་ནི་འདི་སྐད་དུ་ཏིང་ངེ་འཛིན་

Vol. 119 · folio 209b

མ་ཐོབ་པའི་མདུན་རོལ་དུ་ཕྱི་རོལ་གྱི་ཡུལ་ལ་བརྟེན་ནས་འདི་སྙམ་དུ་ནང་གི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་མཚན་མ་ཐོབ་བོ་སྙམ་པ་སྟེ། འདི་ནི་ནང་གི་གང་ཡིན་པ་དེ་ཕྱི་རོལ་གྱི་མཚན་མ་དང་མཚུངས་པར་བསྟན་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བཤད་པའི་རྣམ་གྲངས་གཞན་དུ་ན་ཡང་

དག་པར་ཏིང་ངེ་འཛིན་གྱི་རང་གི་མཚན་མ་མ་ཐོབ་ཀྱང་། མཚན་མ་ཅུང་ཟད་ཅིག་མངོན་སུམ་དུ་གྱུར་པ་ལ་ཡང་དག་པར་རང་གི་ཏིང་ངེ་འཛིན་གྱི་མཚན་མ་ཐོབ་བོ་སྙམ་དུ་འཛིན་པ་གང་ཡིན་པ་དེ་ནི་རྣམ་པར་གཡེང་བ་ཞེས་བྱའོ། །གལ་ཏེ་ནང་གི་ཡིད་ལ་བྱེད་པས་རྐྱེན་བྱས་པ་ལས་བྱུང་བའི་ཚོར་བ་ལ་

གནས་ངན་ལེན་གྱི་ལུས་ཀྱིས་ངའོ་སྙམ་དུ་རློམ་སེམས་སྐྱེད་པར་བྱེད་ན་དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་ལྔ་པ་གནས་ངན་ལེན་གྱི་རྣམ་པར་གཡེང་བ་བསྟན་པའོ། །ཏིང་ངེ་འཛིན་གྱི་བདེ་བ་ལ་བདག་གིའོ་སྙམ་དུ་འཛིན་ཅིང་གནས་ངན་ལེན་གྱི་ལུས་

ལ་བདག་གོ་སྙམ་དུ་ང་རྒྱལ་བསྐྱེད་པ་གང་ཡིན་པ་དེ་ནི་གནས་ངན་ལེན་གྱི་རྣམ་པར་གཡེང་བ་ཞེས་བྱའོ། །ཡང་ན་གལ་ཏེ་ནང་གི་ཡིད་ལ་བྱེད་པས་རྐྱེན་བྱས་པ་ལས་བྱུང་བ་བདེ་བ་ལ་སོགས་པའི་ཚོར་བ་དམིགས་པའི་ཡུལ་དུ་གྱུར་པ་ལ། གནས་ངན་ལེན་གྱི་ས་བོན་གྱིས་རྒྱུ་དང་རྐྱེན་བྱས་ནས་

བསྐྱེད་པའི་བདག་ཏུ་ལྟ་བ་དང་ངའོ་སྙམ་དུ་ང་རྒྱལ་སྐྱེད་པར་བྱེད་པས་ལྟ་བ་དང་ང་རྒྱལ་དང་མཚུངས་པར་ལྡན་པའི་རྣམ་པར་གཡེང་བ་ཉིད་ལ་གནས་ངན་ལེན་ཅེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཆོས་མངོན་པར་སྣ་ཚོགས་ཀུན་ལས་བཏུས་པ་ལས། གནས་ངན་ལེན་གྱི་རྣམ་པར་གཡེང་བ་ནི་

ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་ངའོ་སྙམ་པའི་ཕྱོགས་ཀྱི་གནས་ངན་ལེན་གྱི་སྟོབས་ལ་བརྟེན་ནས། དགེ་བའི་ཆོས་སྒོམ་པའི་ཚེ་ཚོར་བ་བྱུང་བ་རྣམས་ལ་ངའམ་ང་ཡི་ཞེ་འམ། ངའོ་སྙམ་དུ་འཛིན་པ་དང་འདྲེས་པ་དང་མཚན་མར་འཛིན་པའོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། འདི་ལྟ་སྟེ།

བདག་ཏུ་འཛིན་པ་ལ་སོགས་པའི་གནས་ངན་ལེན་གྱི་སྟོབས་ཀྱིས་བདེ་བ་ལ་སོགས་པའི་ཚོར་བ་བྱུང་བ་རྣམས་ལ་བདག་གོ་ཞེ་འམ། བདག་གིའོ་ཞེ་འམ་ངའོ་སྙམ་དུ་འཛིན་པའི་ཕྱིར་དགེ་བའི་ཕྱོགས་ཡོངས་སུ་མ་དག་པར་བྱའོ་ཞེས་བཤད་དོ། །བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་དེ་

Vol. 119 · folio 210a

དག་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་སྟེ། དེ་བཞིན་གཤེགས་པའི་སའི་བར་དུ་སྒྲིབ་པ་གང་དག་གི་གཉེན་པོར་གྱུར་པ་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཞི་གནས་དང་ལྷག་མཐོང་སྒྲིབ་པ་བཅུ་གཅིག་གི་གཉེན་པོར་གྱུར་པས་བསྟན་པའི་སྒོ་ཞེས་བྱ་བ་སྟོན་ཏེ། འདི་ཡང་

རྣམ་པ་གཉིས་ཏེ། ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་སྟེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །རིགས་ཀྱི་བུ་ཞི་གནས་དང་ལྷག་མཐོང་དེ་དག་ས་དང་པོ་ལ་ནི་ངན་སོང་པའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལྔའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་

པར་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་སྒྲིབ་པ་རྣམ་པ་བཅུ་གཅིག་གི་གཉེན་པོར་གྱུར་པ་ཉིད་ཀྱིས་རྣམ་པ་བཅུ་གཅིག་ཏུ་དབྱེ་སྟེ། འདི་ནི་ས་དང་པོའི་སྒྲིབ་པ་བསྟན་པའོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་སོ་སོའི་སྐྱེ་བོའི་བདག་

ཉིད་ཀྱི་མཚན་ཉིད་ཀྱི་སྒྲིབ་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པའོ་ཞེས་བཤད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། མདོ་འདི་ཉིད་ལས་ནི་མིང་བཀོད་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །བསྟན་

བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་སོ་སོའི་སྐྱེ་བོ་ཉིད་ཀྱི་མ་རིག་པའོ་ཞེས་འབྱུང་སྟེ། ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་མདོ་ཙམ་དུ་སྟོན་ཏོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པ་ཞེས་བཤད་དེ། དེ་ལ་མཚན་ཉིད་ཀྱི་རྒྱ་

ཆེར་སྟོན་པས་དེའི་ཕྱིར་འདིར་རེ་ཞིག་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་དང་སྦྱར་ནས་སྒྲིབ་པ་དེ་དག་གི་མཚན་ཉིད་བསྟན་པར་བྱའོ། །དེ་ལ་སྒྲིབ་པའི་ངོ་བོ་ཉིད་བསྟན་པ་ཡང་དོན་རྣམ་པ་གཉིས་ཡོད་དོ། དང་པོ་ནི་མིང་གི་རྗེས་སུ་ངོ་བོ་ཉིད་བསྟན་པ་སྟེ། དེ་ནི་སྒྲིབ་པ་གཉིས་སུ་རྣམ་

པར་རྟོག་པའི་ངོ་བོ་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། སྒྲིབ་པ་གཉིས་ལས་རྣམ་པར་རྟོག་པ་ལས་བྱུང་བ་གང་ཡིན་པའོ། །དེའི་ས་བོན་ལ་བརྟེན་ནས་སོ་སོའི་སྐྱེ་བོ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ་ཞེས་

Vol. 119 · folio 210b

བཤད་དོ། །གཞན་ཡང་དེ་ཉིད་ལས་བདག་དང་ཆོས་སུ་མངོན་པར་ཞེན་པའི་ཀུན་དུ་རྨོངས་པ་གང་ཡིན་པ་དེ་ནི་འདིར་བསྟན་པའི་སོ་སོའི་སྐྱེ་བོའི་ངོ་བོ་ཉིད་དོ་ཞེས་འབྱུང་ངོ་། །གཉིས་པ་ནི་ཡང་དག་པ་ཉིད་ལས་བརྩམས་ནས་ངོ་བོ་ཉིད་བསྟན་པ་སྟེ། འདི་ནི་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་དེའི་གནས་ངན་པའི་

ངོ་བོ་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། མཐོང་བའི་ལམ་སྐྱེས་པའི་ཚེ་ངན་སོང་བའི་ལས་རྣམས་དང་། འབྲས་བུ་ལ་སོགས་པ་སྤོང་མོད་ཀྱི། འདི་ནི་རེ་ཞིག་ཉོན་མོངས་པ་འབྱུང་བར་བྱེད་པ་ཉིད་རྩ་བ་ཡིན་པའི་ཕྱིར་དེ་ནས་ས་དང་པོ་པས་ཀུན་དུ་རྨོངས་པ་གཉིས་དང་དེའི་

གནས་ངན་ལེན་སྤོང་བར་བཤད་དོ། །དང་པོ་ནི་བདག་དང་ཆོས་སུ་མངོན་པར་ཞེན་པའི་ཀུན་དུ་རྨོངས་པ་སྟེ། དེ་ནི་འདིར་བསྟན་པའི་སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པའོ། །གཉིས་པ་ནི་ངན་སོང་བའི་ཀུན་དུ་རྨོངས་པ་སྟེ། དེ་ངན་སོང་བའི་ལས་དང་འབྲས་བུ་ལ་སོགས་པ་ཡིན་པར་རིག་པར་བྱ་སྟེ་ཀུན་དུ་རྨོངས་པའི་

ཕྱོགས་ཐམས་ཅད་ཀྱང་ཀུན་དུ་རྨོངས་པ་ཞེས་བཤད་དོ། །ཡང་ན་དེ་དག་གིས་སྒྲིབ་པ་རྣོན་པོ་དང་རྟུལ་པ་གང་ཡིན་པ་གཉི་ག་ལས་ཀུན་དུ་རྨོངས་པ་གཉིས་འབྱུང་བ་ཁོ་ནར་བསྟན་ཏོ། །དེའི་གནས་ངན་ལེན་ཅེས་བྱ་བའི་ཚིག་གིས་ནི་རྣམ་པ་གཉིས་པོ་དེ་དག་གམ། ཡང་ན་གཉིས་པོ་དག་ལས་འབྱུང་བའི་

ལས་སུ་མི་རུང་བ་ཉིད་རབ་ཏུ་བསྟན་ཏོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་མདོ་ཉིད་ལས་ངན་སོང་བའི་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཞེས་གསུངས་པའི་ཕྱིར་ཡང་དག་པ་ལས་བརྩམས་ནས་ས་དང་པོ་ལ་

སྒྲིབ་པ་གཉིས་ཀྱི་གཉེན་པོར་གྱུར་པ་ལ་སོགས་པས་ངོ་བོ་ཉིད་བྱེད་པར་རིག་པར་བྱའོ། །བསྟན་པ་རྣམས་བརྡ་སྤྲོད་པ་ཡང་འཕགས་པ་ས་བཅུ་པའི་འགྲེལ་པ་ལས་སོ་སོའི་སྐྱེ་བོ་དག་གི་མཚན་ཉིད་ཀྱི་སྒྲིབ་པ་ཞེས་བསྟན་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས། སོ་སོའི་སྐྱེ་བོ་

ཉིད་ཀྱི་སྒྲིབ་པ་ཞེས་བསྟན་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། སོ་སོའི་སྐྱེ་བོ་ཉིད་ཀྱི་མ་རིག་པ་ཞེས་འབྱུང་བ་ནི་བདག་དང་ཆོས་སུ་མངོན་པར་ཞེན་པའི་ཀུན་དུ་རྨོངས་པ་ཞེས་བསྟན་པ་ཉིད་དོ། །དེ་ལ་བྱེ་བྲག་ཡོད་པ་ཡང་ལང་གི་ཚེ་བསྒྱུར་བའི་འགྲེལ་པ་ལས།

Vol. 119 · folio 211a

བསྟན་པའི་མིང་ནི་སྤངས་པ་མ་ཡིན་ཏེ་མ་རིག་པ་ཞེས་སྟོན་ཏོ། །འགྲེལ་པ་གཞན་ལས་བསྟན་པའི་མིང་ནི་སྤངས་པ་ཡིན་ཏེ། སྒྲིབ་པ་ཞེས་བྱ་བའི་ཚིག་གིས་སྟོན་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། ངན་སོང་བའི་ལས་དང་སྐྱེ་བ་དང་ཉོན་མོངས་པའི་ཀུན་

ནས་ཉོན་མོངས་པ་ཞེས་གསུངས་པ་དང་། མདོ་འདི་ཉིད་ལས་གསུངས་པ་གང་ཡིན་པ་དེ་ནི་ངན་སོང་བའི་ཉོན་མོངས་པའི་ཀུན་དུ་རྨོངས་པ་ཞེས་བསྟན་པ་ཉིད་དོ། །མདོ་འདི་གཉིས་དང་འགྲེལ་པ་གསུམ་པ་ལས་ནི་སོ་སོ་ནས་ཀུན་དུ་རྨོངས་པ་རེ་རེ་སྨོས་ལ། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཀུན་

དུ་རྨོངས་པ་གཉིས་ལ་སོགས་པ་བསྟན་པའི་ཕྱིར་ཡང་དག་པ་ལས་བརྩམས་ཏེ། བརྗོད་པ་ཀུན་དུ་རྨོངས་པ་གཉིས་ལ་སོགས་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །ཡང་ན་མདོ་གཉིས་ཀྱང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་དང་མཐུན་ཏེ། ཉོན་མོངས་པ་ཞེས་བྱ་བའི་

ཚིག་གིས་ཤེས་བྱའི་སྒྲིབ་པ་བསྡུས་པ་ཡིན་ཏེ། ངོ་བོ་ཉིད་མཚུངས་པའི་ཕྱིར་ཉོན་མོངས་པའི་མིང་གིས་བསྟན་ནོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་སོ་སོའི་སྐྱེ་བོ་ཉིད་ཀྱི་སྒྲིབ་པ་ཞེས་བྱ་བ་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། སྒྲིབ་པ་གཉིས་ལ་བརྟེན་ནས་སོ་སོའི་སྐྱེ་བོའི་ངོ་བོ་ཉིད་

རྣམ་པར་གཞག་པའི་ཕྱིར་རོ། །ངན་སོང་བའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཞེས་གསུངས་པ་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་པོ་དག་སྒྲིབ་པ་ཡིན་པའི་ཕྱིར་རོ། །ས་གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་

དུ་འབྱུང་བའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་གཉིས་པའི་སྒྲིབ་པ་བསྟན་པའོ། །འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་དང་། དེས་བསྐྱེད་པའི་འཁྲུལ་པའི་ལྟུང་བ་ལས་གསུམ་པོ་དག་གི་ངོ་བོ་ཉིད་དོ། །ཀུན་དུ་འབྱུང་བ་དང་ས་བོན་དང་ཀུན་དུ་བརྟགས་

པ་ལས་ནི་ཀུན་དུ་འབྱུང་བ་དང་ས་བོན་དང་བག་ཆགས་ཀྱང་གཏོགས་སོ། །དེ་ལས་བག་ཆགས་ནི་ལས་སུ་མི་རུང་བ་ཉིད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། གཉིས་པ་ལོག་པར་སྒྲུབ་པ་གཉིས་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་དང་། དེས་བསྐྱེད་པའི་འཁྲུལ་པའི་

Vol. 119 · folio 211b

ལྟུང་བ་ལས་གསུམ་པོ་དག་གོ་ཞེས་འབྱུང་བ་ཡིན་ཏེ། དེ་ནི་མདོ་ལས་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་དུ་རྨོངས་པ་དང་། ལས་ཀྱི་རྣམ་པ་སྣ་ཚོགས་ལ་ཀུན་དུ་རྨོངས་པ་ཞེས་གསུངས་པ་ཉིད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་སེམས་ཅན་གྱི་ལུས་ལ་སོགས་པའི་ལས་

ལ་སྤྱོད་པའི་སྒྲིབ་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་སེམས་ཅན་གྱི་དངོས་པོ་རྣམས་ལ་ལོག་པར་སྒྲུབ་པ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་ལྟུང་བ་ཕྲ་མོའི་འཁྲུལ་པ་ཞེས་འབྱུང་ངོ་། །ཀུན་དུ་འབྱུང་བ་ཡང་དོན་རྣམ་པ་

གསུམ་དང་ལྡན་ཏེ། ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་དང་སྦྱར་ན་ནི་ལས་རྣམ་པ་གསུམ་པོ་དག་གིས་ངོ་བོ་ཉིད་བྱེད་དོ། །བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་དང་སྦྱར་ན་ནི་མ་རིག་པས་ངོ་བོ་ཉིད་བྱེད་དོ། །དོན་གྱི་མཐར་གཏུགས་ཏེ་བརྗོད་ན་ནི་ལས་རྣམ་པ་གསུམ་དང་མ་རིག་པས་

ངོ་བོ་ཉིད་བྱེད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ལུས་ཀྱི་ལས་ཀྱིས་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི་མ་རིག་པ་ཞེས་བསྟན་པ་ཡང་དོན་རྣམ་པ་གཉིས་ཏེ། གལ་ཏེ་མིང་གི་རྗེས་སུ་བརྗོད་ན་ནི་མ་རིག་པས་ངོ་བོ་ཉིད་བྱེད་དོ། །ཡང་དག་པའི་དོན་

གྱི་དབང་དུ་བྱས་ཏེ་བརྗོད་ན་ནི་མ་རིག་པ་དང་ལས་ཀྱིས་ངོ་བོ་ཉིད་བྱེད་དོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། ལོག་པར་སྒྲིབ་པ་སྐྱེད་པའི་མ་རིག་པ་ཞེས་འབྱུང་བ་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །མདོ་འདི་ཉིད་ལ་སོགས་

པ་ལས་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་དུ་འབྱུང་བ་ཞེས་བྱ་བ་ལ་སོགས་པར་གསུངས་པ་ཡང་སྔ་མ་བཞིན་དུ་བདག་པོའི་དབང་དུ་བྱས་པ་དང་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་པར་རབ་ཏུ་དབྱེ་བར་བྱ་སྟེ། འཁྲུལ་པ་ཀུན་དུ་འབྱུང་བའི་སྒྲིབ་པ་ཡིན་པའི་ཕྱིར་རམ། ཡང་ན་འཁྲུལ་

པ་ཀུན་དུ་འབྱུང་བ་ཉིད་སྒྲིབ་པ་ཡིན་པའི་ཕྱིར་རོ། །ས་གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་སྒྲིབ་པ་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་གསུམ་པའི་སྒྲིབ་པ་བསྟན་པ་ཡིན་ནོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་

Vol. 119 · folio 212a

ཕྱོགས་གཅིག་གིས་ནི་འདི་ལྟར་ས་གསུམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བསྒོམ་པའི་ཤེས་རབ་ལ་སྒྲིབ་པར་བྱེད་ལ་འདོད་ཆགས་ཀྱི་ཉོན་མོངས་པས་ནི་གཟུངས་དང་། ཐོས་པ་དང་བསམས་པ་དང་བསྒོམས་པའི་ཤེས་རབ་ལ་སྒྲིབ་པར་བྱེད་པས། བརྗེད་ངས་པ་དང་། ཤེས་

བཞིན་མ་ཡིན་པས་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། རྨོངས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ཐོས་པ་དང་། བསམས་པ་དང་བསྒོམས་པའི་ཆོས་བརྗེད་པར་བྱེད་པ་གང་ཡིན་

པ་སྟེ། དེས་གསུམ་པའི་ཏིང་ངེ་འཛིན་དང་། གཟུངས་ཁྱད་པར་དུ་འཕགས་པ་དང་། གཟུངས་ཀྱིས་བསྐྱེད་པའི་ཤེས་རབ་ཁྱད་པར་དུ་འཕགས་པ་རྣམ་པ་གསུམ་ལ་སྒྲིབ་པར་བྱེད་ལ་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་ལས་འདོད་པའི་འདོད་ཆགས་ཀྱི་ཀུན་དུ་རྨོངས་པ་དང་། ཐོས་པའི་གཟུངས་ཡོངས་སུ་

རྫོགས་པ་ལ་ཀུན་དུ་རྨོངས་པ་ཡང་སྡུད་པར་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །བསགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལ་སོགས་པ་ལ་ཀུན་དུ་རྨོངས་ཤིང་ཆོས་རྣམས་བརྗེད་པར་གྱུར་པའི་སྒྲིབ་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་

ནི་ཐོས་པ་དང་། བསམས་པ་དང་བསྒོམས་པ་དག་ལ་རྨོངས་རྟུལ་ཞིང་བརྗེད་ངས་པ་དང་བཅས་པའོ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་སེམས་རྩེ་གཅིག་པ་མྱུར་དུ་མི་ཤེས་པའི་མ་རིག་པ་དང་། ཐོས་པ་དང་བསམས་པ་དང་བསྒོམས་པ་བརྗེད་

པར་བྱེད་པའི་མ་རིག་པ་ཞེས་འབྱུང་སྟེ། དོན་གྱིས་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀུན་དུ་རྨོངས་པ་རྣམ་པ་གཉིས་བསྟན་པ་དང་མཐུན་ནོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། དགེ་བའི་ཆོས་ཐོབ་པར་འདོད་པའི་ཉེས་པ་ཞེས་འབྱུང་བ་དང་མདོ་འདི་ཉིད་ལས་འདོད་པའི་

འདོད་ཆགས་ཀྱི་ཀུན་དུ་རྨོངས་པ་ཞེས་གསུངས་པ་ནི་ཀུན་དུ་རྨོངས་པ་དང་པོ་བསྡུས་པ་ཡིན་ཡང་། ཡང་དག་པའི་དོན་དུ་ན་ཀུན་དུ་རྨོངས་པ་གཉི་ག་ལ་ངོ་བོ་ཉིད་དུ་སྡུད་དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་བཞིན་ནོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་གཞན་དག་

Vol. 119 · folio 212b

ལས་རྨོངས་པའི་སྒྲིབ་པ་ཞེས་བསྟན་པ་ནི་འདི་ལྟར་འདོད་ཆགས་ཉིད་རྨོངས་པའི་སྒྲིབ་པ་ཡིན་པའི་ཕྱིར་རྨོངས་པའི་སྒྲིབ་པ་ཞེས་བྱ་སྟེ། འདི་ནི་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །ཡང་ན་རྨོངས་པ་ནི་ཉོན་མོངས་པའི་མིང་ཡིན་ཏེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལ་རྨོངས་པ་ཞེས་བསྟན་པ་ནི་ངོ་བོ་ཉིད་

གཅིག་པའི་ཕྱིར་རོ། །བཤད་པ་འདི་དང་སྦྱར་ན་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། རྨོངས་པའི་སྒྲིབ་པ་ཡིན་པའི་ཕྱིར་རོ། །དེ་ལ་འདོད་པའི་འདོད་ཆགས་ཀྱི་སྒྲིབ་པ་ཞེས་བྱ་བ་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །ཡང་ན་ཆོས་ལ་སྲེད་པ་ནི་འདོད་ཆགས་ཡིན་པའི་ཕྱིར་ལས་

ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །ས་བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་དང་ཆོས་ལ་སྲིད་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་བཞི་པའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་

བདག་ཏུ་ལྟ་བ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་ཆོས་ལ་སྲེད་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་བཞི་པ་ནི་ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་

ལྷན་ཅིག་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བསྡུས་པ་གང་ཡིན་པའོ། །དེ་ལས་བཞི་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སྲེད་པར་བྱེད་དེ། ས་བཞི་པ་ལ་ཞུགས་པ་ལ་ཡོངས་སུ་སྤོང་བར་བྱེད་དོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་

ཞེས་བྱ་བའི་ཚིག་གིས་ནི་ཐོག་མ་མེད་པའི་ཤེས་བྱའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྲེད་པ་དང་། ཆོས་ལ་སྲེད་པ་ཡང་བསྡུ་བ་སྟེ། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པ་དེ་དག་ནི་ས་གསུམ་པ་དག་གིས་ཀྱང་འཕེལ་བར་བྱེད་པས་ས་བཞི་པ་ལ་ཞུགས་པའི་ཚེ། གདོད་ཡོངས་

སུ་སྤོང་བར་བྱེད་དེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནི་དེ་དག་དང་ཤིན་ཏུ་མི་མཐུན་པའི་ཕྱིར་རོ། །གཞན་ཡང་མདོ་འདི་ཉིད་ལས་འོག་ནས་ཀུན་དུ་རྨོངས་པ་རྣམ་པ་གཉིས་སོ་ཞེས་སྟོན་པར་མཛད་དེ། སྙོམས་པར་འཇུག་པ་ལ་སྲེད་པའི་ཀུན་དུ་རྨོངས་པ་དང་། ཆོས་ལ་སྲེད་པའི་ཀུན་དུ་རྨོངས་པ་དང་།

Vol. 119 · folio 213a

དེའི་གནས་ངན་ལེན་ཅེས་སྟོན་པས་སོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་མ་རིག་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཀྱང་

བཞི་པ་ནི་ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་བ་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པས་བསྡུས་པ་ཞེས་འབྱུང་སྟེ། བསྟན་བཅོས་གོང་མ་གཉིས་པོ་འདི་གཉིས་ཀྱང་དོན་གྱིས་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་བསྟན་པ་དང་མཐུན་པར་བཤད་དེ། སོགས་པ་ཞེས་བྱ་བའི་

ཚིག་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་འཕགས་པ་ས་བཅུ་པའི་འགྲེལ་པ་ལས། ཆོས་ཀྱི་ང་རྒྱལ་གྱི་སྒྲིབ་པ་ཞེས་བསྟན་ཅེ་ན། སྨྲས་པ། ས་གསུམ་པ་ལ་ཆོས་ཀྱི་བསྟན་པ་སོ་སོར་ཡང་དག་པར་རིག་པར་གྱུར་པའི་ཚེ། ཆོས་ཡང་དག་པར་རིག་པའི་ང་རྒྱལ་སྐྱེད་པ་ཉིད་ཀྱི་ཆོས་ལ་སྲེད་པ་

ཡང་སྐྱེ་བའི་ཕྱིར་ས་བཅུ་པའི་འགྲེལ་པ་ལ་སོགས་པ་ཡང་སོ་སོ་ནས་དོན་རེ་རེ་སྨོས་པས་ཕན་ཚུན་འགལ་བ་མེད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་སྙོམས་པར་འཇུག་པ་ལ་སྲེད་པའི་སེམས་ཀྱི་ཀུན་དུ་རྨོངས་པ་ཞེས་འབྱུང་བ་ནི་ཏིང་ངེ་འཛིན་གྱི་སྲེད་པ་ཡིན་ཏེ། ལོ་ཙཱ་བའི་བསམ་པ་ཐ་དད་

པའི་ཕྱིར་རོ། །མདོ་འདི་ཉིད་ལས་སྙོམས་པར་འཇུག་པ་དང་། ཆོས་ལ་སྲེད་པ་ཞེས་གསུངས་པ་ནི་ཀུན་དུ་རྨོངས་པ་གཉིས་ཅིག་ཅར་བསྡུ་བའོ། །འཇིག་ཚོགས་ལ་ལྟ་བ་ཞེས་མ་གསུངས་པ་ནི། ཡང་དག་པར་ཀུན་དུ་རྨོངས་པ་རྣམ་པ་གཉིས་ཁོ་ནར་མ་ཟད་པའི་ཕྱིར་རོ། །དེ་ལ་ངེས་པའི་ཚིག་

བསྟན་པ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་གང་ཡིན་པའོ་ཞེས་བསྟན་པའོ། །བསྟན་བཅོས་དེ་ལས་ཕྲ་མོ་ཞེས་འབྱུང་བ་ནི་དོན་རྣམ་པ་གསུམ་དང་ལྡན་ཏེ། ཕྱོགས་མ་

ཡིན་པའི་ཕྱིར་དང་། ཡིད་ཀྱི་དམིགས་པ་མི་བྱེད་པའི་ཕྱིར་དང་། ཡུན་རིང་པོར་ཀུན་དུ་འབྱུང་བའི་རྗེས་སུ་འབྲང་བའི་ཕྱིར་རོ། །ཉོན་མོངས་པ་ཞེས་འབྱུང་བ་ནི་དེ་དང་ཉོན་མོངས་པ་བདག་ཉིད་གཅིག་ཏུ་འབྱུང་བའི་ཕྱིར་ཉོན་མོངས་པ་ཞེས་བསྟན་པ་ཡིན་ཏེ། དེ་ཉིད་ཉོན་མོངས་པ་ཕྲ་མོ་ཀུན་དུ་འབྱུང་

Vol. 119 · folio 213b

བའི་སྒྲིབ་པ་ཡིན་པའི་ཕྱིར། འདི་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །མདོ་འདི་ལས་སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པའི་སྒྲིབ་པ་ཞེས་གསུངས་པ་ཡང་བདག་པོའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །ཡང་ན་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་

པ་ཡིན་ཏེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ཡང་སྲེད་པའི་མིང་ཐོབ་པ་ཡང་ཡིན་པས། དེའི་ཕྱིར་ཆོས་ལ་སྲེད་པ་ལ་སོགས་པ་སྲེད་པ་ཞེས་བྱ་བས་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་ཡིན་ནོ། །གཞན་ཡང་སྲེད་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཁོ་ནའི་མིང་ཡིན་པས་ལས་ཡོངས་སུ་འཛིན་པའི་རྣམ་

པར་བཤད་པ་ཉིད་དུ་མངོན་པར་གྲུབ་པ་ཡིན་ཏེ། འདི་ལྟར་སྔར་ནི་སྤྱིའི་མིང་གིས་ཤེས་བྱའི་སྒྲིབ་པའི་བདག་ཉིད་བསྟན་པ་ཡིན་ལ། དེའི་འོག་ཏུ་ནི་སྒྲིབ་པ་ཞེས་བསྟན་པའི་ཕྱིར་རོ། །བསྟན་བཅོས་གཞན་དག་ལས་ངེས་པའི་ཚིག་བསྟན་པ་ནི་མངས་པས་འདིར་མ་བརྗོད་དོ། །ས་ལྔ་པ་ལ་ནི་འཁོར་

བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་ཕྱོགས་པ་དང་། མངོན་དུ་ཕྱོགས་པའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་ལྔ་པའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་དང་། ཀུན་དུ་

རྨོངས་པ་ཉི་ཤུ་རྩ་གཉིས་ལས་ནི་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་ཀུན་དུ་རྨོངས་པས་ངོ་བོ་ཉིད་བྱེད་དོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ལྔ་པ་ཐེག་པ་དམན་པའི་མྱ་ངན་ལས་འདས་

པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་འཁོར་བ་ལ་ཤིན་ཏུ་སྐྱོ་བ་དང་། མྱ་ངན་ལས་འདས་པ་ལ་གཞོལ་བར་མོས་པས་ཐེག་པ་འོག་མ་གཉིས་དང་མཚུངས་པར་སྡུག་བསྔལ་ལ་སྐྱོ་ཞིང་འགོག་པ་ལ་སྤྲོ་བས་དེས་ས་ལྔ་པའི་ཁྱད་པར་མེད་པའི་ལམ་ལ་

སྒྲིབ་པ་གང་ཡིན་པའོ་ཞེས་འབྱུང་བ་ཡིན་ནོ། །ཀུན་དུ་རྨོངས་པ་རྣམ་པ་གཉིས་རྣམ་པར་བཤད་པ་ཡང་མདོ་འདི་ཉིད་ལས་འོག་ནས་ཇི་སྐད་དུ། འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཞེས་

Vol. 119 · folio 214a

གསུངས་པ་ལྟ་བུའོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་ལུས་ཡོངས་སུ་གཙང་ངོ་སྙམ་པའི་ང་རྒྱལ་གྱི་སྒྲིབ་པ་ཞེས་འབྱུང་ངོ་། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་ཐེག་པ་དམན་པའི་མྱ་ངན་ལས་འདས་པའི་མ་རིག་པ་ཞེས་

བསྟན་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ཐེག་པ་འོག་མའི་མྱ་ངན་ལས་འདས་པའི་སྒྲིབ་པ་ཞེས་འབྱུང་བ་ཡང་ཀུན་དུ་རྨོངས་པ་གཅིག་བསྡུས་པ་ཡིན་ཡང་དོན་གྱིས་ནི་ཀུན་དུ་རྨོངས་པ་གཉི་ག་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་དོན་གྱིས་མདོ་

འདི་དང་མཐུན་པར་སྟོན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་ཕྱོགས་པ་དང་། མངོན་དུ་ཕྱོགས་པ་ཞེས་བྱ་བས་ནི་ཀུན་དུ་རྨོངས་པ་གཉིས་ཡང་དག་པར་བསྡུ་བ་ཡིན་ཏེ། མིང་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ལ་ངེས་པའི་ཚིག་བསྟན་པ་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་

གྲུབ་པ་ལས། ཐེག་པ་དམན་པའི་མྱ་ངན་ལས་འདས་པའི་སྒྲིབ་པ་ཞེས་བསྟན་པ་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པ་ཡིན་ཏེ། ཐེག་པ་དམན་པའི་མྱ་ངན་ལས་འདས་པའི་སྒྲིབ་པ་ཡིན་པའི་ཕྱིར་རོ། །མདོ་འདི་ཉིད་ལས་གསུངས་པ་ནི་ལས་ཡོངས་སུ་འཛིན་པའི་དབང་དུ་མཛད་པའི་རྣམ་

པར་བཤད་པ་ཡིན་ཏེ། ཡོངས་སུ་སྐྱོ་ཞིང་རྒྱབ་ཀྱིས་ཕྱོགས་པ་ཉིད་ཤེས་བྱའི་སྒྲིབ་པ་ཡིན་པའི་ཕྱིར་རོ་ཞེས་པ་ས་དྲུག་པ་ལ་ནི་མཚན་མ་མང་པོ་ཀུན་དུ་འབྱུང་བའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་དྲུག་པའི་སྒྲིབ་པ་བསྟན་པའོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ནི་ཤེས་

བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་པ་དེས་ས་གསུམ་པ་དག་ཏུ་བདེན་པ་བཞི་སྒོམ་པར་བྱེད་དེ། བདེན་པ་བཞི་པོ་དག་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་དུ་འཛིན་པར་བྱེད་དེ། འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་འཁོར་བར་འཇུག་པ་གང་ཡིན་པ་

དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་མཚན་ཉིད་དོ། །འགོག་པ་དང་ལམ་ལུགས་ལས་ལྡོག་པ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་ཕྱོགས་ཀྱི་མཚན་ཉིད་དོ་སྙམ་དུ་སེམས་སོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་དྲུག་པ་མཚན་མ་རགས་པ་ཀུན་དུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ།

Vol. 119 · folio 214b

ཤེས་བྱའི་སྒྲིབ་པ་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་མཚན་མ་རགས་པ་ཀུན་དུ་འབྱུང་བ་ཡོད་པ་ཉིད་དུ་འཛིན་པས་དེས་ས་དྲུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། ས་དྲུག་པར་ཞུགས་པའི་ཚེ་ཡོངས་སུ་སྤོང་བར་བྱེད་

པ་དེས་ན། ས་དྲུག་པས་ནི་ཀུན་དུ་རྨོངས་པ་རྣམ་པ་གཉིས་དང་། དེའི་གནས་ངན་ལེན་སྤོང་བར་བྱེད་དེ། དང་པོ་ནི་འཁོར་བར་འཇུག་པ་སོ་སོར་རྟོག་པ་ཀུན་དུ་འབྱུང་བ་རྨོངས་པ་སྟེ། དེ་ནི་འདིར་ཀུན་ནས་ཉོན་མོངས་པ་ལ་འཁོར་བར་འཇུག་པའི་སྤྱོད་པ་རྣམས་ཡོད་པ་ཉིད་དུ་འཛིན་པས་ཀུན་ནས་ཉོན་མོངས་པའི་ཕྱོགས་

ཀྱིས་བསྡུས་པའི་ཕྱིར་རོ། །གཉིས་པ་ནི་མཚན་མ་མང་པོ་ཀུན་དུ་འབྱུང་བའི་རྨོངས་པ་སྟེ། དེ་ནི་འདིར་རྣམ་པར་བྱང་བ་ཡོད་པ་ཉིད་དུ་འཛིན་ཅིང་། རྣམ་པར་བྱང་བའི་མཚན་མ་ལེན་པའི་ཕྱིར་མཚན་མ་མང་པོ་ཀུན་འབྱུང་བས་ཡུན་རིང་དུ་མཚན་མ་མེད་པའི་རྣལ་འབྱོར་གནས་པར་མི་ནུས་པའོ་ཞེས་

འབྱུང་བ་ཡིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་བག་ཆགས་ཕྲ་མོའི་སྒྲིབ་པ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་མ་རིག་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་

པ་ལས་ནི་རྣམ་པར་རིག་པ་ཙམ་གྱི་མཚན་མ་རགས་པ་ཀུན་དུ་འབྱུང་བ་དག་ནི་མཚན་མའི་རྣམ་པའོ། །མིང་རྣམ་པར་གཞག་ཅིང་ངོ་བོ་ཉིད་བརྗོད་པ་ཡང་སྤྱིར་རྨོངས་པ་གཉིས་བསྡུས་པར་བཤད་ན་ཡང་དོན་དུ་འགལ་བ་མེད་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་

མཚན་མ་རྣམས་ཀུན་དུ་འབྱུང་བ་ཞེས་གསུངས་པ་དང་། མདོ་འདི་ཉིད་ལས་མཚན་མ་མང་པོ་ཀུན་དུ་འབྱུང་བ་ཞེས་གསུངས་པ་དང་། དོན་གྱིས་བསྟན་བཅོས་རྣམས་ལས་འབྱུང་བ་དང་མཐུན་ཏེ། དོན་འགལ་བ་མེད་པའི་ཕྱིར་རོ། །དེ་ལ་ངེས་པའི་ཚིག་བསྟན་པ་ནི་ཐམས་ཅད་ཀྱང་བདག་པོའི་དབང་

དུ་བྱས་པར་བཤད་པ་དག་ཡིན་ཏེ། མཚན་མ་མང་པོ་ཀུན་དུ་འབྱུང་བའི་མཚན་མ་ཡིན་པའི་ཕྱིར་ཏེ། བརྟགས་ན་བརྡ་ཕྲད་པར་འགྱུར་རོ། །ས་བདུན་པ་ལས་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པའི་གཉེན་པོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་ས་བདུན་པའི་སྒྲིབ་པ་བསྟན་ཏེ། འདི་ལྟར་ཤེས་བྱའི་སྒྲིབ་པ་ལས་

Vol. 119 · folio 215a

ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སྔ་མའི་ས་དྲུག་པ་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཉིད་དུ་སྒོམ་ཞིང་འཁོར་བར་འཇུག་པའི་མཚན་མ་ཕྲ་མོ་དང་། ལུགས་ལས་ལྡོག་པའི་མཚན་མ་ཡོད་པ་ཉིད་དུ་འཛིན་པས་མཚན་མ་དེ་གཉིས་ཡོངས་སུ་བཟུང་བའི་

ཕྱིར་ས་བདུན་པའི་གྱ་ནོམ་པ་མཚན་མ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། བདུན་པ་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་བྱའི་སྒྲིབ་པ་ལས་ལྷན་ཅིག་སྐྱེས་པའི་ཕྱོགས་གཅིག་གིས་སྐྱེ་བ་དང་། འཇིག་པའི་

མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཡོད་པ་ཉིད་དུ་འཛིན་པས་དེས་ས་བདུན་པའི་གྱ་ནོམ་པ་མཚན་མ་མེད་པའི་ལམ་ལ་སྒྲིབ་པར་བྱེད་དེ། ས་བདུན་པར་ཞུགས་པའི་ཚེ་ཡོངས་སུ་སྤོང་བར་བྱེད་པས་དེས་ན་ས་བདུན་པས་ནི་ཀུན་དུ་རྨོངས་པ་རྣམ་པ་གཉིས་དང་། དེའི་གནས་ངན་ལེན་སྤོང་བར་བཤད་དེ། དང་

པོ་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་རྨོངས་པ་སྟེ། དེ་འདིར་སྐྱེ་བ་ཡོད་པ་ཉིད་དུ་འཛིན་ཅིང་འཁོར་བར་འཇུག་པའི་སྐྱེ་བ་ཕྲ་མོའི་མཚན་མ་ལེན་པའི་ཕྱིར་རོ། །གཉིས་པ་ནི་གཅིག་ཏུ་མཚན་མ་མེད་པའི་ཡིད་ལ་བྱེད་པས་གཉེར་བའི་ཀུན་དུ་རྨོངས་པ་སྟེ། དེ་ནི་འདི་འགོག་པ་ཡོད་པ་ཉིད་དུ་འཛིན་

ཅིང་ལུགས་ལས་ལྡོག་པའི་མཚན་མ་ལེན་པའི་ཕྱིར་གཅིག་ཏུ་མཚན་མ་མེད་པ་ཉིད་ཡིད་ལ་བྱེད་པས་ནན་ཏན་གྱིས་ཡོངས་སུ་ཚོལ་བར་བྱེད་ཀྱང་སྟོང་པ་ཉིད་ལ་སྤྱོད་པ་ཁྱད་པར་དུ་འཕགས་པ་བསྐྱེད་པས་མི་ནུས་པའོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི་མཚན་མ་

ཕྲ་མོའི་བག་ཆགས་ཀྱི་སྒྲིབ་པ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་མ་རིག་པ་ཞེས་འབྱུང་ངོ་། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཞེས་བཤད་

དོ། །བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཀྱང་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་པ་ཞེས་བསྟན་ཏོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་ཉེས་པ་ཞེས་གསུངས་པ་དང་། མདོ་འདི་ཉིད་ལས་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བའི་སྒྲིབ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words