འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 120 · folio 83a
པའོ། །དེ་ལ་སྤོང་བའི་གནས་སྐབས་བསྟན་པ་ཡང་མདོར་བསྡུ་ན་སྒོ་རྣམ་པ་བཞིས་བསྟན་ཏེ། དང་པོ་ནི་གནས་པ་གསུམ་ལ་གནས་པ་སྤོང་བའི་ཕྱིར་ལྤགས་ཤུན་ལ་ཡོད་པ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ་སྔར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་
ཇི་སྐད་དུ་བསྟན་པ་ལྟ་བུའོ། །གཉིས་པ་ནི་བག་ལ་ཉལ་རྣམ་པ་གསུམ་རབ་ཏུ་ཕྱེ་བའི་སྒོ་ནས་ལྤགས་ཤུན་ལ་ཡོད་པ་ལྟ་བུ་ལ་སོགས་པ་སྤངས་པ་ཞེས་བཤད་དེ། མདོ་འདི་ཉིད་ལས་ཇི་སྐད་བསྟན་པ་ཉིད་དོ། །གསུམ་པ་ནི་འཇུག་པ་དང་། གནས་པ་དང་། འབྱུང་བའི་རྗེས་སུ་ལྤགས་ཤུན་ལ་ཡོད་པ་ལྟ་བུ་
ལ་སོགས་པ་སྤངས་པ་ཞེས་བཤད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཇི་སྐད་དུ་སའི་མདུན་རོལ་དང་། ས་བཅུ་པོ་དག་ཏུ་འཇུག་པ་དང་། གནས་པ་དང་། འབྱུང་བ་ལ་བརྟེན་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ས་རེ་རེ་ཞིང་ལྤགས་ཤུན་ལ་ཡོད་པ་ལྟ་
བུ་ལ་སོགས་པ་གསུམ་སྤོང་བར་བྱེད་དོ་ཞེས་བཤད་པ་ལྟ་བུའོ། །བཞི་པ་ནི་ཡང་དག་པ་ཉིད་ལས་བརྩམས་ནས་གནས་པ་བཅུའི་གཉིས་པོ་དག་གིས་གནས་ངན་ལེན་སྤོང་བར་རབ་ཏུ་དབྱེ་བ་སྟེ། མཚན་ཉིད་ཀྱི་རྗེས་སུ་རབ་ཏུ་དབྱེ་བའི་ཕྱིར་གནས་པ་དག་གིས་གསུམ་པོ་དག་སྤོང་ངོ་ཞེས་བཤད་དེ།
བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་བསྟན་པ་ལྟ་བུའོ། །འདི་ལྟར་བསྟན་པ་རྣམས་ཐ་དད་པར་གྱུར་ཅིང་ལྤགས་ཤུན་ལ་ཡོད་པ་ལྟ་བུ་ལ་སོགས་པ་གསུམ་བསྟན་པ་ཡང་དོན་གྱིས་སྤང་བར་བྱ་བ་ལ་རགས་པ་དང་། ཕྲ་བའི་དོན་ཡོད་པ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་སྒོ་རྣམ་པ་བཞི་ལ་
བརྟེན་ནས་གནས་ངན་ལེན་གྱི་དོན་བསྟན་པས་འགལ་བ་མེད་དེ། བརྟགས་ན་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཡན་ཆད་དུ་བག་ལ་ཉལ་དང་གནས་ངན་ལེན་གྱི་བྱེ་བྲག་གི་མཚན་ཉིད་བསྟན་ནས། ད་ནི་མདོའི་ཚིག་གི་དོན་བཤད་པར་བྱའོ། །དེ་ལ་འདིར་ཞུ་བ་གསོལ་བའི་དགོངས་པ་ནི་འདི་ཡིན་ཏེ། གནས་
ངན་ལེན་རྣམ་པ་གསུམ་ལས་རྣམ་པ་དུ་ཞིག་སྤངས་པས་བག་ལ་ཉལ་དེ་དག་རབ་ཏུ་དབྱེ་བ་ལགས་ཞེས་བྱ་བའི་ཐ་ཚིག་གོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། སྐྱོན་རྣམ་པ་དུ་ཞིག་སྤངས་པས་ཉོན་མོངས་པ་དེ་དག་སྤངས་པ་ཞེས་བགྱི་བ་ལགས་ཞེས་འབྱུང་སྟེ། མདོ་ལས་ཉོན་མོངས་པ་
Vol. 120 · folio 83b
ཞེས་གསུངས་པ་ནི་གནས་ངན་ལེན་ལ་བརྟགས་པ་ཙམ་དུ་ཉོན་མོངས་པ་སྤངས་པ་ཞེས་གསུངས་ཀྱི་ཡང་དག་པའི་དོན་དུ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་ལྟ་བུའི་བར་དུ་འཇོག་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། སྐྱོན་རྣམ་པ་དུ་ཞིག་སྤངས་པས་
ཉོན་མོངས་པ་རྣམས་སྤོང་ཞེས་འབྱུང་བ་ཡང་མཚམས་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་དང་དོན་མཐུན་ནོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམ་པ་གཉིས་ཀྱིས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་
དེ་བཞིན་གཤེགས་པས་ཡང་དག་པར་ལེན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གྲངས་སྨོས་ནས་ལན་མདོར་བསྟན་པ་དང་། རྣམ་པར་ཕྱེ་ནས་བསྟན་པའོ། །འདི་ནི་དང་པོ་གྲངས་སྨོས་ནས་ལན་མདོར་གསུངས་པ་སྟེ། འདི་ལྟར་ལྤགས་ཤུན་དང་སྤྲི་དང་རྐང་ལ་ཡོད་པ་ལྟ་བུའི་
གནས་ངན་ལེན་རྣམ་པ་གསུམ་སྤངས་པའི་ཕྱིར་བག་ལ་ཉལ་རབ་ཏུ་དབྱེ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་ངན་ལེན་སྤངས་པའི་དོན་ནི་གཞན་ནས་བསྟན་པ་བཞིན་ནོ། །འདི་ལྟར་ལྤགས་ཤུན་ལ་ཡོད་པ་ལྟ་བུ་ནི་གནས་ངན་ལེན་སྤངས་པའི་ཕྱིར་ནི་དང་པོ་དང་། གཉིས་པ་དེ་དག་གིས་རབ་ཏུ་དབྱེ་བ་
ཡིན་ནོ། །སྤྲི་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་པའི་ཕྱིར་ནི་དེས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཁོ་ན་བསྟན་པ་དང་། རྐང་ལ་ཡོད་པ་ལྟ་བུ་སྤངས་པ་ཉིད་བསྟན་ཅིང་ལོགས་ཤིག་ཏུ་རྣམ་པར་ཕྱེ་སྟེ་མ་བསྟན་པའོ། །འདི་
ནི་དང་པོ་རྣམ་པ་གཉིས་ཁོ་ན་བསྟན་པ་སྟེ། འདི་ལྟར་སྤྱིར་བསྟན་པའི་བག་ལ་ཉལ་རྣམ་པ་གསུམ་ལས་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་རྣམ་པ་གཉིས་ཁོ་ན་རབ་ཏུ་ཕྱེ་བ་ཡིན་ཏེ། འདི་ལྟ་སྟེ། དང་པོ་ནི་ས་རབ་ཏུ་དགའ་བ་ནས་ས་བདུན་པའི་བར་གྱིས་ལྤགས་ཤུན་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤོང་བར་
བྱེད་དེ། གནས་ངན་ལེན་འདི་གཅིག་སྤངས་པའི་དོན་གྱི་ཕྱིར་ནི་གྲོགས་ཡང་དག་པར་བཅོམ་པ་དང་། ཉམས་སྟོབས་ཆུང་བའི་བག་ལ་ཉལ་གྱི་གནས་ངན་ལེན་སྤངས་པའི་དོན་རབ་ཏུ་དབྱེ་བ་ཡིན་ནོ། །གནས་ངན་ལེན་སྤངས་པའི་ཕྱིར་ནི་ས་བརྒྱད་པ་དང་། དགུ་པ་དང་བཅུ་པའི་ཤིན་ཏུ་ཕྲ་བའི་བག་ལ་
Vol. 120 · folio 84a
ཉལ་གྱི་གནས་ངན་ལེན་སྤངས་པའི་དོན་རབ་ཏུ་ཕྱེ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་གནས་པ་གསུམ་གྱིས་གནས་ངན་ལེན་རྣམ་པ་གསུམ་སྤོང་བར་བྱེད་དོ་ཞེས་བསྟན་པ་ཇི་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་ཞེ་ན། མདོ་འདི་དང་
བསྟན་བཅོས་དེ་ལས་མི་འདྲ་ཡང་དོན་མི་མཚུངས་པས་བརྡ་ཕྲད་ཅིང་རྣམ་པར་བཤད་མི་དགོས་སོ། །ཡང་ན་མདོ་འདི་དང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དེ་དོན་ལ་བྱེ་བྲག་མེད་དེ། འདི་ལྟར་ལྤགས་ཤུན་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་ནི་ས་དང་པོ་པས་སྤོང་ངོ་། །ས་བརྒྱད་པས་ནི་སྤྲི་
ལ་ཡོད་པ་ལྟ་བུ་སྤོང་ངོ་། །སངས་རྒྱས་ཀྱི་ས་ལས་ནི་རྐང་ལ་ཡོད་པ་ལྟ་བུ་སྤོང་བས་སོ། །གྲོགས་ཡང་དག་པར་བཅོམ་པ་ལ་སོགས་པ་གསུམ་གྱི་དོན་གྱི་མཚན་ཉིད་རབ་ཏུ་མ་ཕྱེ་བས་ས་དང་པོ་པས་ལྤགས་ཤུན་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་ན་གྲོགས་ཡང་དག་པར་བཅོམ་པ་དང་། ཉམས་སྟོབས་
ཆུང་བ་ཉིད་ཀྱི་དོན་གདོད་རབ་ཏུ་གསལ་བར་འགྱུར་བའི་ཕྱིར་ལྤགས་ཤུན་ལ་ཡོད་པ་ལྟ་བུ་སྤངས་པའི་ཕྱིར་ནི་དང་པོ་དང་གཉིས་པ་དེ་དག་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །གཉིས་པ་ནི་ས་བརྒྱད་པ་ལ་སྤྲི་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤངས་པས་ཤིན་ཏུ་ཕྲ་བའི་དོན་གསལ་བར་འགྱུར་བའི་
ཕྱིར་སྤྲི་ལ་ཡོད་པ་ལྟ་བུ་སྤངས་པའི་ཕྱིར་ནི་གསུམ་པ་དེ་རབ་ཏུ་དབྱེ་བ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ལེན་གསུངས་པ་ལ་བཤད་པ་རྣམ་པ་གཉིས་ཡོད་པ་བཞིན་དུ་ཞུ་བ་གསོལ་བ་ཡང་དགོས་པ་རྣམ་པ་གཉིས་ཡོད་པ་ནི་ལན་དུ་གསུངས་པ་བཞིན་དུ་རིག་པར་བྱའོ། །རྐང་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་
སྤང་བ་གང་ཡིན་པ་དེ་ནི་ངས་བག་ལ་ཉལ་ཐམས་ཅད་གཏན་དུ་སྤངས་པའི་གནས་སྐབས་སངས་རྒྱས་ཀྱི་ས་ཡིན་པར་ཡོངས་སུ་བསྟན་ཏོ་ཞེས་བྱ་བས་ནི་གཉིས་པ་རྐང་ལ་ཡོད་པ་ལྟ་བུ་སྤང་བ་ཉིད་དུ་བསྟན་ཅིང་། ལོགས་ཤིག་ཏུ་རྣམ་པར་ཕྱེ་སྟེ་རྣམ་པར་མ་བསྟན་ཏོ། །དེ་ནི་འདི་སྐད་དུ་ཤེས་བྱའི་སྒྲིབ་པ་
ལས་རྐང་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་ནི་ཤིན་ཏུ་ཕྲ་བའི་ཕྱིར་རྣམ་པར་གྲོལ་བའི་ལམ་གྱི་ཚེ་གདོད་སྤོང་བས་ཟད་པར་འགྱུར་ཏེ། གནས་སྐབས་འདི་ནི་བག་ལ་ཉལ་རྣམ་པ་གསུམ་གྱི་གནས་ངན་ལེན་དང་བྲལ་བའི་དོན་ལོགས་ཤིག་ཏུ་རྣམ་པར་ཕྱེ་ནས་མི་སྟོན་གྱི། སྤྱིར་སངས་རྒྱས་ཀྱི་གནས་པ་ལ་
Vol. 120 · folio 84b
བག་ལ་ཉལ་རྣམ་པ་གསུམ་གྱི་ས་བོན་གཏན་དུ་སྤོང་བ་རབ་ཏུ་སྟོན་ཏོ་ཞེས་བསྟན་པར་འགྱུར་རོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། སྐྱོན་རྣམ་པ་དུ་ཞིག་སྤངས་པས་ཉོན་མོངས་པ་དེ་དག་སྤངས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ།
རྣམ་པ་གསུམ་གྱིས་ཏེ་དང་པོ་ནི་ལྤགས་ཤུན་ལ་ཡོད་པ་ལྟ་བུའི་སྐྱོན་སྤངས་པའོ། །གཉིས་པ་ནི་སྤྲི་ལ་ཡོད་པ་ལྟ་བུའི་སྐྱོན་སྤངས་པའོ། །གསུམ་པ་ནི་རྐང་ལ་ཡོད་པ་ལྟ་བུའི་སྐྱོན་སྤངས་པའོ། །ཉོན་མོངས་པ་ཐམས་ཅད་སྤངས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ས་ཁོ་ན་ལ་བསྐལ་པ་གསུམ་དུ་
བསྟན་ཏོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་རྐང་ལ་ཡོད་པ་ལྟ་བུ་རྣམ་པ་དུ་ཞིག་སྤངས་པས་ཉོན་མོངས་པ་སྤངས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་ལ་ཡོད་པ་ལྟ་བུ་རྣམ་པ་གཉིས་སྤངས་པས་ཉོན་མོངས་པ་རྣམས་སྤོང་བར་
འགྱུར་ཏེ། སྤྱན་རས་གཟིགས་དབང་ཕྱུག་དང་པོ་ལྤགས་ཤུན་ལ་ཡོད་པ་ལྟ་བུའི་སྒྲིབ་པ་སྤངས་པས་ནི་སྐྱོན་དང་པོ་དང་བྲལ་བར་འགྱུར་རོ། །དེའི་འོག་ཏུ་སྤྲི་ལ་ཡོད་པ་ལྟ་བུའི་སྒྲིབ་པ་སྤངས་པས་ནི་སྐྱོན་གཉིས་པ་དང་བྲལ་བར་འགྱུར་རོ། །དེའི་འོག་ཏུ་རྐང་ལ་ཡོད་པ་ལྟ་བུའི་སྒྲིབ་པ་སྤངས་པས་
ནི་སྐྱོན་གསུམ་པ་དང་བྲལ་བར་འགྱུར་རོ། །ངས་ཉོན་མོངས་པ་ཐམས་ཅད་ཟད་པ་གང་ཡིན་པ་དེ་ནི་སངས་རྒྱས་ས་ལ་བསྐལ་པ་གསུམ་མོ་ཞེས་བསྟན་ཏོ་ཞེས་འབྱུང་སྟེ། མདོ་དེ་གཉིས་མདོ་འདི་ཉིད་དང་ཐ་དད་པར་འགྱུར་བ་ནི། ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །བཤད་པའི་རྣམ་པ་
གཞན་དུ་ན་འདིས་གནས་ངན་ལེན་རྣམ་པ་གསུམ་ནི་ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་རྣམ་པ་གསུམ་བསྟན་པ་ཡིན་ཏེ། རྐང་ལ་ཡོད་པ་ལ་སངས་རྒྱས་ཀྱི་ས་ལ་མངའ་བར་གསུངས་པ་ནི་རྣམ་པར་གྲོལ་བའི་ལམ་གྱི་གནས་ངན་ལེན་སྤོང་བའི་ཕྱིར་རོ། །ཡང་ན་འདིར་གནས་ངན་ལེན་རྣམ་
པ་གསུམ་གསུངས་པ་ནི་སྔར་གོང་དུ་རྣམ་པ་གཉིས་ནི་ཉོན་མོངས་པའི་སྒྲིབ་པར་གཏོགས་སོ། །གསུམ་པ་ནི་ཤེས་བྱའི་སྒྲིབ་པར་གཏོགས་སོ་ཞེས་བསྟན་པའི་ཕྱིར་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་བསྟན་པ་ལྟ་བུའོ། །སྒྲིབ་པ་གཉིས་པོ་དག་སོ་སོ་ནས་བག་ལ་ཉལ་
Vol. 120 · folio 85a
དང་གནས་ངན་ལེན་དང་ལྡན་པ་ཡིན་ནམ་ཞེ་ན་ཅིའི་ཕྱིར་མདོ་འདི་ལས་བག་ལ་ཉལ་བསྟན་པའི་སྐབས་སུ་ནི་ཉོན་མོངས་པ་ཁོ་ན་བཟུང་ལ་གནས་ངན་ལེན་བསྟན་པའི་གནས་སྐབས་སུ་ནི་ཤེས་བྱ་ཁོ་ན་བཟུང་། འདི་ལ་དགོངས་པ་ཅི་ཡོད་ཅེ་ན། སྨྲས་པ། འཕགས་པ་
རྣམས་ཀྱི་བསྟན་པ་ལ་ཆོས་བསྟན་པའི་སྒོ་མང་བས་དང་པོ་དེ་ཁོ་ན་ཉིད་ལས་བརྩམས་པ་དོན་མཐར་ཐུག་པའི་སྒོ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། འདི་ལྟར་ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་རྣམ་པ་དང་། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་རྣམ་པ་གསུམ་སོ་སོར་ཕྱེ་ནས་བསྟན་པ་ལྟ་
བུ་སྟེ། སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །གཉིས་པ་ནི་ཕན་ཚུན་གཅིག་གིས་གཅིག་བསྟན་པའི་སྒོ་སྟེ། འདི་ལྟར་མདོ་འདི་ཉིད་ཀྱི་ནང་ནས་བག་ལ་ཉལ་བསྟན་པའི་སྒོ་ནས་ཉོན་མོངས་པ་འབའ་ཞིག་ཡིན་པར་བསྟན་གྱི། ཤེས་བྱའི་ནི་མ་ཡིན་པར་བསྟན་པ་ལྟ་བུ་ནི་གཅིག་གིས་གཅིག་བསྟན་པ་ཡིན་པས་
ཤེས་བྱའི་སྒྲིབ་པ་རྣམ་པ་གསུམ་ཡོད་པར་བསྟན་ཏོ། །གནས་ངན་ལེན་གྱི་དོན་བསྟན་པའི་སྐབས་སུ་ཤེས་བྱའི་སྒྲིབ་པ་ཁོ་ན་ཡིན་པར་བསྟན་པ་ཡང་གཅིག་གིས་གཅིག་བསྟན་པ་ཡིན་པས་ཉོན་མོངས་པའི་སྒྲིབ་པ་ལ་ཡང་རྣམ་པ་གསུམ་ཡོད་པར་བསྟན་ཏོ། །སྒྲིབ་པ་གཉིས་པོ་དེ་དག་རེ་རེ་ལ་ཡང་
གནས་ངན་ལེན་རྣམ་པ་གསུམ་ཡོད་པར་བསྟན་པ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་པ་བཞིན་དུ་རིག་པར་བྱ་སྟེ། དེར་བརྟགས་ནས་ཁོང་དུ་ཆུད་པར་བྱའོ།། །།བམ་པོ་དྲུག་ཅུ་ལྔ་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྐལ་པ་གྲངས་མ་མཆིས་པ་དུ་དག་གིས་གནས་ངན་ལེན་དེ་དག་ཡོངས་སུ་སྤོང་བར་འགྱུར་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་གནས་ངན་ལེན་སྤོང་བའི་དུས་རབ་ཏུ་དབྱེ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་
པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་བསྐལ་པ་གྲངས་མེད་པ་གསུམ་གྱིས་སམ། ཡང་ན་བསྐལ་པ་དཔག་ཏུ་མེད་པ་འདི་ལྟ་སྟེ། ལོ་དང་ཟླ་བ་དང་། ཟླ་བ་ཕྱེད་དང་། ཞག་དང་།
Vol. 120 · folio 85b
ཉི་མ་ཕྱེད་དང་། ཐུན་དང་། ཐུན་ཕྱེད་དང་། ཡུད་ཙམ་དང་། ཐང་ཅིག་དང་། སྐད་ཅིག་གི་ཚད་ཀྱིས་བསྐལ་པ་གྲངས་མེད་པར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་འདི་གཉིས་པ་གནས་ངན་ལེན་སྤོང་བའི་དུས་སྟོན་ཏེ། འདིར་བསྐལ་པ་གྲངས་མེད་པ་གསུམ་གྱིས་སམ། ཡང་ན་བསྐལ་པ་དཔག་ཏུ་མེད་
པ་དག་གིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་འདི་ཉིད་ཀྱི་དཔེ་གསུམ་ཆར་ལས་ཀྱང་མི་མཐུན་པར་བསྟན་པ་མེད་དོ། །མདོའི་ཚིག་འདི་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་བསྐལ་པ་གྲངས་མེད་པ་དང་པོ་ལ་ནི་ལྤགས་ཤུན་ལ་ཡོད་པ་ལྟ་བུ་སྤོང་ངོ་། །གཉིས་པ་ལ་ནི་སྤྲི་ལ་ཡོད་པ་
ལྟ་བུའོ། །གསུམ་པ་ལ་ནི། རུས་པ་ལ་ཡོད་པ་ལྟ་བུ་སྟེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། ལྤགས་ཤུན་དང་། སྤྲི་དང་། སྙིང་པོ་ལ་ཡོད་པ་ལྟ་བུའི་ཉོན་མོངས་པ་རྣམ་པ་གསུམ་བསལ་བའི་དབང་དུ་མཛད་པའི་ཕྱིར་བསྐལ་པ་གྲངས་མེད་པ་
གསུམ་རྣམ་པར་གཞག་པའི་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཐེག་པ་ཐ་མས་ནི་གནས་ངན་ལེན་གསུམ་གྱི་དབང་དུ་བྱས་ནས། བསྐལ་པ་གྲངས་མེད་པ་གསུམ་གྱི་དུས་ཀྱིས་ཐོབ་པར་འགྱུར་རོ་ཞེས་འབྱུང་སྟེ། གནས་ངན་ལེན་རྣམ་པ་གསུམ་ཡོངས་
སུ་སྤང་བ་ལས་སྤངས་པའི་བྱེ་བྲག་གི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་བསྐལ་པ་གྲངས་མེད་པ་སྔ་མ་གཉིས་པ་ནི་ལྤགས་ཤུན་ལ་ཡོད་པ་ལྟ་བུའི་གནས་ངན་ལེན་སྤོང་ངོ་། །གསུམ་པ་ནི་སྤྲི་ལ་ཡོད་པ་ལྟ་བུ་སྤོང་ངོ་། །དེ་བཞིན་གཤེགས་པའི་ས་ལ་ཞུགས་ནས་ནི་རུས་པ་ལ་ཡོད་པ་ལྟ་བུའི་གནས་
ངན་ལེན་སྤོང་ངོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་། བཤད་པ་ཕྱི་མ་ནི་མདོའི་ཚིག་དང་རྗེས་སུ་མཐུན་ཏེ་ཡང་བསམ་པར་བྱའོ། །དེ་ལ་དཔག་ཏུ་མེད་པ་ཞེས་བྱ་བ་ནི་ལོ་དང་ཟླ་བ་ལ་སོགས་པ་ལ་བརྟེན་ནས་བགྲང་བར་མི་ནུས་པའི་ཕྱིར་བསྐལ་པ་དཔག་ཏུ་མེད་པ་ཞེས་བྱའོ། །
འདི་ལྟར་གྲངས་རྣམ་པ་དགུ་ཡོད་དེ། འདི་ལྟ་སྟེ། ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ཉིན་ཞག་དང་། ཐུན་དང་། ཐུན་ཕྱེད་དང་། ཡུད་ཙམ་དང་། ཐང་ཅིག་དང་། སྐད་ཅིག་ནི་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་སམ། དུས་ཚོད་ཚད་
Vol. 120 · folio 86a
མེད་པ་དང་། ཟླ་བ་དང་། ཟླ་བ་ཚད་མེད་པ་དང་། ཉི་མ་ཚད་མེད་པ་དང་། ཐང་ཅིག་ཚད་མེད་པ་དང་། སྐད་ཅིག་ཚད་མེད་པ་དང་། ཡུད་ཙམ་ཚད་མེད་པ་ཞེས་འབྱུང་ངོ་། །དོན་གྱིས་ནི་སྐད་ཅིག་ལ་སོགས་པའི་ཚད་བསྟན་ནས། དེའི་འོག་ཏུ་བསྐལ་པ་ཆེན་པོ་བཤད་པ་
ཡིན་ན་ཅིའི་ཕྱིར་སྐད་ཅིག་ལ་སོགས་པ་ཕྱིས་བསྟན་ཅེ་ན། སྨྲས་པ། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ་བསྟན་པ་བཞིན་ཏེ། དེའི་ཕྱིར་དེ་ཉིད་ལས་སྐད་ཅིག་ལ་སོགས་པའི་འོག་ཏུ་ཉིན་ཞག་མངོན་པར་འགྲུབ་བོ། །ཉིན་ཞག་བསགས་པ་ལས་ནི་ཟླ་བ་ཕྱེད་དང་། ཟླ་བ་ལ་
སོགས་པ་མངོན་པར་འགྲུབ་བོ། །ཟླ་བ་ཕྱེད་དང་། ཟླ་བ་ལ་སོགས་པ་བསགས་པ་ལས་ནི་བསྐལ་པ་ཆེན་པོ་མངོན་པར་འགྲུབ་པ་ཡིན་ན། ཅིའི་ཕྱིར་སྔར་རགས་པ་བསྟན་ལ་ཕྱིས་ཕྲ་བ་བསྟན་ཅེ་ན། སྨྲས་པ། བསྟན་བཅོས་བྱེད་པ་དག་གིས་རབ་ཏུ་བསྟན་པར་འདོད་པའི་ཕྱིར། ཁ་ཅིག་འདི་སྐད་
དུ་ཆོས་མངོན་པ་དག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་ཚོལ་བར་བྱེད་ཀྱི། སྔ་མ་ནི་མ་ཡིན་ཏེ། ཆོས་ཀྱི་མཚན་ཉིད་དང་མི་འགལ་ན། ཇི་ལྟར་འདོད་པ་བཞིན་དུ་བཤད་ཀྱང་ཉེས་པ་མེད་དོ་ཞེས་ཟེར་རོ། །སློབ་དཔོན་གཞན་ཁ་ཅིག་ནི་འདི་སྐད་དུ་བསྟན་བཅོས་བྱེད་པས་སྔར་རགས་པ་བསྟན་ལ་ཕྱིས་ཕྲ་བ་བསྟན་
པར་འདོད་པ་རྣམས་རིམ་གྱིས་འཇུག་པའི་ཕྱིར་རོ་ཞེས་འབྱུང་ངོ་། །མདོ་འདི་ཡང་དེ་དང་འདྲ་བས་ཉེས་པ་མེད་དོ། །མདོའི་ཚིག་འདི་ཡང་མས་ཡར་བཤད་པར་བྱ་སྟེ། དེ་ལ་སྐད་ཅིག་ཅེས་བྱ་བ་ནི་སྐད་ཅིག་དང་དེའི་སྐད་ཅིག་ཅེས་པ་ལ་བྱའོ། །དེ་ལ་སྐད་ཅིག་ཅེས་བྱ་བ་ནི། འཕགས་པ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དུས་ཀྱི་ནང་ནས་མཆོག་ཏུ་ཐུང་བ་སྟེ། ཐང་ཅིག་དྲུག་ཅུའི་ཆ་གཅིག་གོ་ཞེས་བཤད་དོ། །བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས། སྐད་ཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། སྐད་ཅིག་མ་གཅིག་གི་ནང་ན་མཆོག་ཏུ་ཐུང་བའི་སྐད་ཅིག་ཡིན་པའི་ཕྱིར་སྐད་ཅིག་ལ་
དུས་ཀྱི་ཚད་དུ་བསྟན་པ་ཡིན་ནོ། །དེ་ལ་སྐད་ཅིག་གི་ཚད་ཀྱི་དངོས་པོ་ནི་ཁ་ཅིག་ན་རེ་དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ཤིན་ཏུ་མྱུར་བར་ལུས་བསྒྱུར་ནས་སྐར་མ་མང་པོ་ལྟ་བ་ཇི་ལྟར་སྐར་མ་གཅིག་ཁོ་ན་ལ་ལྟ་བའི་ཚད་དེ་ནི་སྐད་ཅིག་གོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་
Vol. 120 · folio 86b
ཡང་བསྟན་བཅོས་བྱེ་བྲག་ཏུ་སྨྲ་བ་ཆེན་པོ་ལས། སྐད་ཅིག་གི་ཚད་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁ་ཅིག་ན་རེ་བསྟན་བཅོས་གདགས་པ་བྱས་པ་ལས། དཔེར་ན་བུད་མེད་དར་ལ་བབ་པ་བལ་འཁལ་བ་འབྲིང་གིས་ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་བར་བལ་བསྙད་པ་དེ་ཙམ་གྱི་ཡུན་གང་ཡིན་པ་དེ་ནི་དེའི་
སྐད་ཅིག་གི་ཚད་ཡིན་ནོ་ཞེས་བཤད་དེ། དེ་ལས་བསྟན་པ་ཡང་བལ་དང་སྐུད་པའི་རིང་ཐུང་ལ་བྱ་བ་མ་ཡིན་གྱི། བལ་དེ་ལག་པ་ནས་འབྱིན་ཅིང་བསྙད་པའི་ཚད་ལ་དེའི་སྐད་ཅིག་ཅེས་བསྟན་པ་ཡིན་ནོ། །སྔར་སྐད་ཅིག་གི་ཚད་དྲིས་པ་ཡིན་ན་ཅིའི་ཕྱིར་བསྟན་བཅོས་གདགས་པ་བྱས་པ་ལས་བསྟན་པ་དེའི་སྐད་ཅིག་གི་
ཚད་ཁུངས་སུ་བསྟན་ཅེ་ན། སྨྲས་པ། འདིར་ནི་རགས་པ་སྨོས་ནས་ཕྲ་བ་བསྟན་པ་ཡིན་ཏེ། འདི་ལྟར་ཕྲ་བ་ནི་ཁོང་དུ་ཆུད་པར་དཀའ་ཞིང་གསལ་བར་བསྟན་པར་མི་ནུས་པའི་ཕྱིར་རོ། །འདི་ལྟ་སྟེ། སྐད་ཅིག་བརྒྱ་ཉི་ཤུ་ལ་ནི་སྐད་ཅིག་གཅིག་གོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །ཁ་ཅིག་ན་རེ་
འདི་ནི་རགས་པ་ཡིན་པ་སྐད་ཅིག་གི་ཚད་ནི་མ་ཡིན་ཏེ། བདག་གིས་བཤད་པའི་དོན་ལྟ་ན་སྐྱེས་བུ་སྟོབས་དང་ལྡན་པའི་སེ་གོལ་གཏོགས་པ་གཅིག་ལ་ནི་སྐད་ཅིག་དྲུག་ཅུ་རྩ་བཞི་ཡོད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེ་ནི་དེ་ལྟ་མ་ཡིན་ཏེ། བདག་གིས་བཤད་པ་དེ་ལྟ་ན། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་
གཉིས་ཀྱིས་ཀ་ཤི་ཀའི་སྐུད་པ་ཕྲ་མོ་མང་པོ་ཕན་ཚུན་དྲངས་ནས་གཅོད་པ། སྐུད་པ་ཇི་ཙམ་ཆད་པ་སྐད་ཅིག་ཀྱང་དེ་སྙེད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་འོན་ཀྱང་དེ་དག་ནི་རགས་པ་ཡིན་པས་སྐད་ཅིག་གི་ཚད་ནི་མ་ཡིན་ཏེ། ཡང་དག་པའི་སྐད་ཅིག་གི་ཚད་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །དེ་ལྟར་
ཅི་མངོན་ཞེ་ན། མདོ་ལས་ཇི་སྐད་དུ་དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ། ཞབས་གཉིས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲོག་དང་ལྡན་པ་དག་གི་སྐྱེ་བ་དང་། འཇིག་པ་ཤིན་ཏུ་མྱུར་བ་ཇི་
ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་བཤད་པར་ནུས་ཀྱང་ཁྱོད་ཀྱིས་ཤེས་པར་མི་ནུས་སོ། །དགེ་སློང་དེས་གསོལ་པ། དཔེ་འགའ་ཞིག་གིས་དེ་གསལ་བར་བགྱིར་རུང་བ་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐད་ཅིག་མ་ཞེས་བྱ་བ་ཡོད་དེ།
Vol. 120 · folio 87a
ཁྱོད་ལ་དཔེ་བསྟན་པར་བྱའོ། །དཔེར་ན་འཕོང་ལ་ཤིན་ཏུ་མཁས་པའི་སྐྱེས་བུ་བཞི་ཞིག་སོ་སོ་ནས་མདའ་ཐོགས་ཤིང་ཕན་ཚུན་རྒྱབ་སྤྲད་དེ་འགྲེང་ནས་ཕྱོགས་བཞིར་མདའ་འཕང་བར་འདོད་པ་ལས་ཡང་སྐྱེས་བུ་ཤིན་ཏུ་སྐྱེན་མྱུར་ཆེ་བ་ཞིག་འོངས་ནས་འདི་སྐད་དུ། ཀྱེ་ཁྱེད་ཀྱི་དེང་
དུས་གཅིག་ཏུ་མདའ་འཕོངས་ཤིག་དང་། བདག་གིས་གཅིག་ཀྱང་མི་ལྟུང་བར་འཛིན་ནུས་ཞེས་ཟེར་ན། དེ་ཇི་སྙམ་དུ་སེམས། སེམས་ཤིན་དུ་མྱུར་བ་ཡིན་ནམ། དགེ་སློང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཤིན་ཏུ་མྱུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། གང་ཟག་དེའི་མྱུར་བ་ནི་གནོད་སྦྱིན་ས་ལ་འགྲོ་བ་ཙམ་གྱི་མྱུར་བར་མི་ཕོད་དོ། །གནོད་སྦྱིན་ས་ལ་འགྲོ་བའི་མྱུར་བ་ནི་ནམ་མཁའ་ལ་འགྲོ་བའི་གནོད་སྦྱིན་གྱི་མྱུར་བ་ཙམ་མི་ཕོད་དོ། །ནམ་མཁའ་ལ་འགྲོ་བའི་མྱུར་བ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་མྱུར་བ་ཙམ་མི་ཕོད་དོ། །ལྷ་དེ་
དག་གི་མྱུར་བ་ནི་ཉི་མ་ཟླ་བའི་དཀྱིལ་འཁོར་བདག་གི་མྱུར་བ་ཙམ་མི་ཕོད་དོ། །ཉི་མ་དང་ཟླ་བའི་དཀྱིལ་འཁོར་བ་དག་གི་མྱུར་བ་ནི་ལྷའི་བུའི་བསྟན་པར་འགྲོ་བ་ཙམ་མི་ཕོད་དོ། །དེ་ནི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་འདྲེན་པར་བྱེད་པའོ། །ལྷ་འདི་དག་ལ་སོགས་པ་ནི་གོང་ནས་གོང་དུ་ཆེས་མྱུར་བ་
ཡིན་པས་སྲོག་དང་ལྡན་པའི་སྐྱེ་བ་དག་འཇིག་པ་ནི་དེ་དག་ལས་ཆེས་ཤིན་ཏུ་མྱུར་བ་ཡིན་པས་སྐད་ཅིག་མ་འཇུག་པ་རེ་ཞིག་ཙམ་དུ་ཡང་མི་གནས་པའོ་ཞེས་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡང་དག་པའི་སྐད་ཅིག་མའི་ཚད་ནི་མ་གསུངས་པར་ཤེས་སོ། །ཅིའི་ཕྱིར་བཅོམ་ལྡན་
འདས་ཀྱིས་གཞན་དག་ལ་ཡང་དག་པའི་སྐད་ཅིག་མའི་ཚད་མ་གསུངས་ཤེ་ན། སྨྲས་པ། སེམས་ཅན་གང་ཡང་ཤེས་པར་ནུས་པ་མེད་པའི་ཕྱིར་རོ། །ཅི་འཕགས་པ་ཤཱ་རིའི་བུས་ཀྱང་ཤེས་པར་མི་ནུས་སམ། སྨྲས་པ། དེས་ཤེས་པར་ནུས་མོད་ཀྱི། དེ་ལ་དགོངས་པ་མེད་པས་དེའི་ཕྱིར་མ་
གསུངས་ཏེ། བཅོམ་ལྡན་འདས་དོན་མེད་པར་ཆོས་སྟོན་པར་མི་མཛད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་ལ་ཐང་ཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། མིག་འཚུམས་པ་ཙམ་མོ། །ཡང་ན་དབུགས་དབྱུང་བ་ཙམ་གྱི་དོན་ཏོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་སྐད་ཅིག་བརྒྱ་ཉི་ཤུ་ལ་ནི་
Vol. 120 · folio 87b
དེའི་སྐད་ཅིག་གཅིག་གོ། །དེའི་སྐད་ཅིག་དྲུག་ཅུ་ལ་ནི་ཐང་ཅིག་གཅིག་སྟེ། དེ་ལ་ནི་སྐད་ཅིག་བདུན་སྟོང་ཉིས་བརྒྱ་ཡོད་དོ་ཞེས་བཤད་དོ། །དེ་ལ་ཡུད་ཙམ་ཞེས་བྱ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་གཅིག་སྟེ། འདི་ལ་སྐད་ཅིག་ཁྲི་ཕྲག་ཉི་ཤུ་
རྩ་གཅིག་དང་དྲུག་སྟོང་ཡོད་དོ་ཞེས་བཤད་དོ། །དེ་ལ་ཐུན་ཕྱེད་ཅེས་བྱ་བ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། ཉིན་དང་ཞག་ལ་སོ་སོ་ནས་དུས་གསུམ་ཡོད་པས་དྲུག་ཏུ་འགྱུར་ཏེ། འདིར་ཐུན་ཕྱེད་ཅེས་གསུངས་པ་ནི་དུས་གཅིག་གི་དུས་ཕྱེད་ལ་བྱའོ། །དེ་ལ་ཐུན་
ཞེས་བྱ་བ་ནི་དུས་དྲུག་ལས་དུས་གཅིག་གོ། །བཤད་པའི་རྣམ་པ་གཞན་དུ་ན་མཛོད་ཀྱི་བསྟན་བཅོས་ལས་ནི་ལོ་གཅིག་ལ་དུས་གསུམ་དུ་འབྱེད་དེ། འདི་ལྟ་སྟེ། གྲང་བ་དང་། ཚ་བ་དང་། ཆར་གྱི་དུས་སོ། །རེ་རེ་ལ་ཡང་ཟླ་བ་བཞི་བཞི་སྟེ། ཐུན་ཕྱེད་ཅེས་གསུངས་པ་ནི་ཆར་གྱི་དུས་སོ། །ཐུན་
ཞེས་གསུངས་པ་ནི་ཟླ་བ་བཞི་ལ་བྱའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་བཟང་སྟེ། དེའི་ཕྱིར་མདོ་འདིའི་དགོངས་པ་ནི་ཐུང་ངུ་ནས་རིང་པོར་བརྩེགས་ཏེ་བསྟན་པ་ཡིན་ནོ། །མཛོད་ཀྱི་བསྟན་བཅོས་ལས་ནི་དུས་རིང་པོ་གང་ཡིན་པ་དེ་ནི་ཉིན་ཞག་གཅིག་གོ་ཞེས་སྟོན་
པས་དེའི་ཕྱིར་བཤད་པ་སྔ་མ་ནི་ཡང་དག་པ་ཡིན་ནོ། །འཕགས་པ་པདྨ་དཀར་པོའི་མདོའི་འགྲེལ་པ་ལས་ནི་དུས་རིང་པོ་གང་ཡིན་པ་ནི་ཟླ་བའོ་ཞེས་བཤད་དོ། །དེའི་ཕྱིར་འགྲེལ་པ་དེ་ཉིད་ལས། ཉི་མ་དང་། ཞག་དང་། ཟླ་བ་དང་། དུས་དང་། ལོ་བགྲང་བར་མི་ནུས་པའི་ཕྱིར་རོ་ཞེས་བཤད་པ་
ཡིན་ནོ། །དེ་ལ་ཉི་མ་དང་། ཞག་ཅེས་བྱ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་གཅིག་སྟེ། འདི་ལ་སྐད་ཅིག་མ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་། ཁྲི་ཕྲག་བརྒྱད་ཡོད་དེ་ཞེས་བཤད་དེ། ཕུང་པོ་ལྔའི་ལུས་འདི་ནི་ཉིན་ཞག་གཅིག་ལ་སྐྱེ་ཤིའི་མི་
རྟག་པ་དེ་སྙེད་དང་ལྡན་ནོ། །དེ་ལ་ཟླ་བ་ཕྱེད་ཅེས་བྱ་བ་ནི་ཞག་བཅོ་ལྔའོ། །དེ་ལ་ཟླ་བ་ཞེས་བྱ་བ་ནི་ཞག་སུམ་ཅུའོ། །དེ་ལ་ལོ་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ཏེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས། སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གཅིག་གོ། །དེ་སྐད་ཅིག་དྲུག་ཅུ་ལ་ཐང་ཅིག་གོ། །
Vol. 120 · folio 88a
ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་གཅིག་གོ། །ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ། །ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ། །ལོ་གཅིག་ལ་དུས་གསུམ་དུ་དབྱེ་བ་འདི་ལྟ་སྟེ། གྲང་བ་དང་། ཚ་བ་དང་། ཆར་གྱི་དུས་སོ། །རེ་རེ་ལ་
ཡང་ཟླ་བ་བཞི་བཞིའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །སྐད་ཅིག་ལ་སོགས་པ་ལ་བསྐལ་པ་ཞེས་བསྟན་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་བསྟན་པ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཅིའི་ཕྱིར་བསྐལ་པ་ཞེས་བྱ། བསྐལ་པ་ཞེས་བྱ་
བའི་དོན་ཅི་ཡིན་ཞེ་ན། སྨྲས་པ། དུས་གསུམ་གྱི་ཆ་རབ་ཏུ་འབྱེད་པའི་ཕྱིར་བསྐལ་པ་ཞེས་བྱ་སྟེ། འདི་ལྟར་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་གྱི་དུས་ཀྱི་ཆ་རབ་ཏུ་དབྱེ་བ་ལས་ནི་ཉིན་ཞག་མངོན་པར་འགྲུབ་པར་འགྱུར་རོ། །ཉིན་ཞག་གི་དུས་ཀྱི་ཆ་རབ་ཏུ་དབྱེ་བ་ལས་ནི་ཟླ་བ་ཕྱེད་དང་། ཟླ་བ་དང་། དུས་དང་།
ལོ་མངོན་པར་འགྲུབ་པར་འགྱུར་རོ། །ཟླ་བ་ཕྱེད་ལ་སོགས་པའི་དུས་ཀྱི་རབ་ཏུ་དབྱེ་བ་ལས་ནི་བསྐལ་པ་མངོན་པར་འགྲུབ་པར་འགྱུར་ཏེ། བསྐལ་པའི་ཚད་ཀྱི་ཆ་ནི་དུས་རབ་ཏུ་དབྱེ་བའི་མཐའ་ཡིན་པའི་ཕྱིར་སྤྱིའི་མིང་ཐོབ་པ་ཡིན་ནོ། །སྒྲར་སྨྲ་བ་དག་ནི་གནས་སྐབས་རབ་ཏུ་འབྱེད་པའི་ཕྱིར་བསྐལ་པ་ཞེས་བྱའོ་ཞེས་
ཟེར་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་ནི་འདུས་བྱས་ཀྱི་འདུ་བྱེད་རྣམ་པར་འབྱེད་པའི་ནང་ན་མཐར་ཐུག་པའི་གནས་སྐབས་ཡིན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །དེ་ལ་ཨ་ས་ཁྱ་ཞེས་བྱ་བ་ལ་བསྒྱུར་ན་གྲངས་མེད་པ་ཞེས་ཟེར་ཏེ། གྲངས་མེད་པ་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་
པས་མཛོད་ཀྱི་བསྟན་བཅོས་ལས་གྲངས་ཀྱི་འགྲེས་དྲུག་ཅུ་ལས་གྲངས་མེད་པ་ཞེས་བྱ་བ་ནི་གཅིག་གི་མིང་ཡིན་ཏེ། དེའི་བསྟན་བཅོས་དེ་ལས་བསྐལ་པ་ནི་རྣམ་པ་བཞིར་རིག་པར་བྱའོ། །འདི་ལྟ་སྟེ། འཇིག་པ་དང་། ཆགས་པ་དང་། བར་མ་ཆེན་པོའོ། །དེ་ལ་འཇིག་པ་ནི་སེམས་ཅན་དམྱལ་བ་དག་ཏུ་མི་
སྐྱེ་བ་ནས་ཕྱི་རོལ་གྱི་སྣོད་ཅི་ཡང་མ་ལུས་པའི་བར་གང་ཡིན་པའོ། །ཆགས་པའི་བསྐལ་པ་ནི་རླུང་གི་དཀྱིལ་འཁོར་ལངས་པ་ནས་སེམས་ཅན་དམྱལ་བར་དང་པོར་སྐྱེ་བའི་བར་གང་ཡིན་པའོ། །བར་གྱི་བསྐལ་པ་ནི་དང་པོ་དཔག་ཏུ་མེད་པ་ལས་འགྲིབས་ནས་ལོ་བཅུ་ལ་ཐུག་པ་དང་། བར་དུ་ཡར་སྐྱེ་བ་
Vol. 120 · folio 88b
དང་། མར་འགྲིབ་པ་བཅོ་བརྒྱད་དང་། ཐ་མར་ཡར་སྐྱེ་བ་ནས་ལོ་བརྒྱད་ཁྲི་ལ་ཐུག་པ་སྟེ། དེ་ལྟར་ཆགས་ནས་གནས་པ་གང་ཡིན་པ་དེ་ནི་བར་གྱི་བསྐལ་པ་ཞེས་བྱའོ། །ཆགས་པ་དང་། འཇིག་པ་དང་། ཞིག་ནས་སྟོང་པར་གནས་པའི་དུས་ཀྱང་འདྲ་བས་གནས་པའི་བསྐལ་པ་ནི་བར་གྱི་བསྐལ་པ་
བརྒྱད་ཅུའོ། །དེ་ལ་བསྐལ་པ་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གང་ཡིན་པའོ་ཞེས་བྱ་བ་ནས། གཞན་ཡང་དེ་ལས་དེ་ལྟར་བསྟན་པའི་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོང་པ་ཡང་སོ་སོ་ནས་བར་གྱི་བསྐལ་པ་ཉི་ཤུ་ཉི་ཤུ་ཡོད་པ་ལས་བརྒྱད་ཅུར་འགྱུར་རོ། །བརྒྱད་ཅུ་པོ་
དག་བསྡུས་པ་ལས་ནི་བསྐལ་པ་ཆེན་པོའི་ཚད་མངོན་པར་འགྲུབ་པར་འགྱུར་རོ། །བར་དུ་བསྟན་པ་ཡིན་ནོ། །བསྐལ་པ་ཞེས་བྱ་བའི་ངོ་བོ་ཉིད་ཅི་ཡིན་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་པོ་དག་ཉིད་ཁོ་ནའོ། །མདོ་དག་ལས་ནི་བསྐལ་པ་གྲངས་མེད་པ་གསུམ་པོ་དག་ཏུ་ནན་ཏན་བརྩོན་འགྲུས་སྤྱད་
ནས་གདོད་སངས་རྒྱས་སུ་འགྲུབ་བོ་ཞེས་གསུངས་ན་སྔར་བསྟན་པའི་བསྐལ་པ་བཞི་པོ་དག་ལས། བསྐལ་པ་གང་དག་བརྩེགས་པ་ལས། བསྐལ་པ་གྲངས་མེད་པ་གསུམ་མངོན་པར་འགྲུབ་པར་འགྱུར་ཞེ་ན། སྔ་མའི་བསྐལ་པ་ཆེན་པོ་དག་བཅུ་དང་། བརྒྱད་སྟོང་དུ་བརྩེགས་པ་ནས། དེ་བཞིན་
དུ་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བརྩེགས་པ་ལས་སོ། །གལ་ཏེ་གྲངས་མེད་པ་ཞེས་བརྗོད་པ་ཡིན་ན། ཅིའི་ཕྱིར་གསུམ་ཞེས་ཀྱང་བརྗོད་ཅེ་ན། གྲངས་མེད་པ་མ་ཡིན་པའི་ཚིག་གིས་བགྲང་དུ་མེད་པ་རབ་ཏུ་སྟོན་པས་སོ། །རྣམ་པར་གྲོལ་བའི་མདོ་ལས་ནི་གྲངས་རྣམ་པ་དྲུག་ཅུ་ལས་
གྲངས་མེད་པ་ཞེས་བྱ་བ་ནི་གྲངས་གཅིག་གི་མིང་ངོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་འབྱུང་སྟེ། དེ་ལ་གྲངས་མེད་པ་ཞེས་བྱ་བ་ནི་ལྔ་བཅུ་གཉིས་པའི་མིང་ཡིན་ཏེ། འདི་ལྟར་འདོན་པ་བརྒྱུད་པ་དག་གིས་ཕྱི་མ་བརྒྱད་བརྗོད་པའི་ཕྱིར་རོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས།
གྲངས་མེད་པ་ཞེས་བྱ་བ་ནི་གྲངས་དྲུག་ཅུ་ལས་ལྔ་བཅུ་གཉིས་པ་ཡིན་ནོ་ཞེས་བསྟན་ཏོ། །ཡང་ན་གྲངས་མེད་པ་ཞེས་བྱ་བ་ནི་གྲངས་དྲུག་ཅུའི་མིང་ཡིན་ཏེ། འདོན་པ་བརྒྱུད་པ་དག་གིས་སྔ་མ་དག་གི་མིང་བརྗོད་པས་སོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་ནང་ནས་གྲངས་མེད་ཀྱི་ལེའུ་ལས་ནི་གྲངས་
Vol. 120 · folio 89a
ཀྱིས་བསྒྱུར་བ་བརྒྱ་ཉི་ཤུ་ལས། བརྒྱ་རྩ་གསུམ་པ་ནི་གྲངས་མེད་པ་ཞེས་བྱ་བའོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ནི་གྲངས་ཀྱིས་བསྒྱུར་བ་བཅུ་གཅིག་ལས་གྲངས་བཅུ་གཅིག་པ་ནི་གྲངས་མེད་པ་ཞེས་བྱའོ་ཞེས་བཤད་དོ། །
གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བསམ་གྱིས་མི་ཁྱབ་པའི་མདོ་ཁུངས་སུ་བསྟན་པ་ལས་ནི་གྲངས་བརྒྱ་ཉི་ཤུ་རྩ་གཉིས་ལ་གྲངས་མེད་པ་ཞེས་བྱ་བ་ནི་གྲངས་བརྒྱ་བདུན་པའི་མིང་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་བཤད་པ་བཞིན་དུ་
བཤད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་མངོན་པར་བསྒྲུབ་པ་ལ་བསྐལ་པ་གྲངས་མེད་པ་གསུམ་དགོས་སམ། འོན་ཏེ་མ་ངེས་ཤེ་ན། སྨྲས་པ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། ས་ཡོངས་སུ་འཛིན་པ་དང་། འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་
པའི་མདོ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས་ནི། ངེས་པར་བསྐལ་པ་གྲངས་མེད་པ་གསུམ་དགོས་སོ་ཞེས་བཤད་དོ། །འཕགས་པ་དོན་ཚད་མེད་པའི་མདོ་དང་། སངས་རྒྱས་ཕལ་པོ་ཆེའི་མདོ་ལ་སོགས་པ་ལས་ནི་བསྐལ་པ་གྲངས་མེད་པ་གསུམ་མ་ཚང་
བར་ཡང་སངས་རྒྱས་སུ་འགྲུབ་པ་ཞེས་གསུངས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་སྤྱོད་པ་སྤྱད་པས། སངས་རྒྱས་སུ་འགྲུབ་པོ་ཞེས་བསྟན་པ་དེའི་མདོ་ནི་དེ་ལྟ་མ་ཡིན་ཏེ། བསྐལ་པ་དཔག་ཏུ་མེད་པས་འགྲུབ་པའི་ཕྱིར་རོ་ཞེས་གསུངས་
སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་དག་གིས་ས་དེ་དག་ལ་ཉོན་མོངས་པ་སྐྱེ་བའི་མཚན་ཉིད་ནི་གང་ལགས། སྐྱོན་ནི་གང་ལགས། ཡོན་ཏན་ནི་གང་ལགས་པར་རིག་པར་
བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི། བཞི་པ་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་དང་། སྐྱོན་དང་ཡོན་ཏན་རབ་ཏུ་དབྱེ་བ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་གསུངས་པས་བསྟན་ཏེ། ཞུ་བ་གསོལ་བའི་དགོངས་པ་ནི་ལན་དུ་གསུངས་པ་བཞིན་དུ་རིག་པར་བྱའོ། །བཅོམ་
Vol. 120 · folio 89b
ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་དུའོ་ཞེས་བྱ་བ་ལ་སོགས་པས་ནི། གཉིས་པ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་གོང་མ་ཞུས་
ཚིག་གསུམ་གྱི་ལན་བསྟན་པ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་ཞུ་བ་དང་པོའི་ལན་བསྟན་པའོ། །འདི་ཡང་རྣམ་པ་བཞི་སྟེ། འདི་ནི་དང་པོ་མིང་སྨོས་ནས་ལན་མདོར་གསུངས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་ནི་གཉིས་པ་སླར་བརྟག་པའོ། །བྱང་ཆུབ་སེམས་དཔའ་དེ་དག་
ས་དང་པོ་ལ་སོ་སོར་ངེས་པ་ཁོ་ནར་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཐམས་ཅད་རབ་ཏུ་རྟོགས་པས། རྒྱུ་དང་རྐྱེན་ངེས་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་ཤེས་བཞིན་ཁོ་ནར་སྐྱེ་བ་ཡིན་གྱི། མི་ཤེས་པ་ནི་མ་ཡིན་པ་ཞེས་བྱ་བ་ནི་གསུམ་པ་ཡང་དག་པར་རྣམ་པར་བཤད་པ་བསྟན་པ་སྟེ། འདི་ལྟར་ཉོན་
མོངས་པའི་སྐྱོན་ཁོང་དུ་ཆུད་ནས་གདོད་ཉོན་མོངས་པ་བསྐྱེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་ཅེས་བྱའོ། །ཡང་དག་པའི་དོན་དུ་ན་ཀུན་ནས་ཉོན་མོངས་པ་ཡིན་ཡང་ཤེས་པ་ལས་སྐྱེས་པ་ནས་ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱའོ། །གཞན་ཡང་འཕགས་པ་བླ་ན་མེད་པའི་
གནས་བསྟན་པའི་མདོ་ལས་ཀུན་དགའ་བོ་སངས་རྒྱས་ཐམས་ཅད་ནི་རྒྱུའི་གནས་སྐབས་སུ་དེ་བཞིན་གཤེགས་པའི་དབྱིངས་ལ་བརྟེན་ནས་དགེ་བའི་རྩ་བ་མངོན་པར་བསྒྲུབས་པས་སེམས་ཅན་ལ་ཕན་འདོགས་པའི་ཆེད་དུ་ཁམས་གསུམ་དག་ཏུ་འཇུག་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་སྐྱེ་བ་དང་།
རྒ་བ་ལ་སོགས་པ་སྡུག་བསྔལ་ནི་ཡང་དག་པར་ཡོད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་དུ་དེ་བཞིན་གཤེགས་པའི་དབྱིངས་མཐོང་བའི་ཕྱིར་རོ། །ཉོན་མོངས་པ་དང་ལྡན་ཡང་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་རོ་ཞེས་གསུངས་པ་སྟེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །དེའི་ཕྱིར་
ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་ཅེས་བསྟན་ཏོ་ཞེས་བྱ་བ་ནི་བཞི་པ་མཇུག་བསྡུ་བ་སྟེ་བརྡ་ཕྲད་པར་ཟད་དོ། །རང་གི་རྒྱུད་ལ་སྡུག་བསྔལ་བསྐྱེད་པར་མི་ནུས་པའི་ཕྱིར་སྐྱོན་མེད་པ་ཡིན་ནོ། །ཞུས་པའི་ལན་གཉིས་པའི་ལན་བསྟན་པ་སྟེ། ཉོན་མོངས་པ་དང་ལྡན་ཡང་ཟིལ་གྱིས་མནན་པའི་ཕྱིར་དང་།
Vol. 120 · folio 90a
སྡུག་བསྔལ་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །སྐྱོན་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས་ནི། སྡུག་བསྔལ་འདྲེན་པར་མི་བྱེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་སྣ་
ཚོགས་ཀུན་ལས་བཏུས་པ་ལས་བྱང་ཆུབ་སེམས་དཔའ་དེ་དག་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་སྔགས་དང་སྨན་གྱིས་བསད་པའི་དུག་ལྟ་བུར་ཉོན་མོངས་པའི་ཉེས་པ་ཐམས་ཅད་མི་སྐྱེད་དེ། དཔེར་ན་ཉོན་མོངས་པ་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ་ཞེས་བཤད་
དེ། བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས་ཀྱིས་བསད་པའི་དུག་དང་འདྲ། །
སངས་རྒྱས་རྣམས་ནི་ཉོན་མོངས་ལས། །ཉོན་མོངས་ཟད་པས་ཀུན་མཁྱེན་བརྙེས། །ཞེས་འབྱུང་སྟེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། །ཉོན་མོངས་ཐུལ་ལ་སྤངས་པ་མེད། །ཅེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སྐབས་དང་། དེ་དག་ཉོན་མོངས་པ་ཐུལ་ཅིང་མ་སྤངས་
པའོ། །སྔགས་ཀྱིས་བསད་པའི་དུག་དང་འདྲ། །ཞེས་བྱ་བ་ནི་དཔེར་ན། སྔགས་ཀྱིས་བསད་པའི་དུག་ནི་ངོ་བོ་ཉིད་མ་སྤངས་ཀྱང་ནང་དུ་མི་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་ཡང་དེ་བཞིན་ཏེ། འདི་ལྟར་དྲན་པ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་ཀུན་ནས་དཀྲིས་པ་ཟིལ་གྱིས་མནན་ཀྱང་བག་ལ་ཉལ་ནི་ལུས་པའི་
ཕྱིར་རོ། །ཅིའི་ཕྱིར་ཉོན་མོངས་པའི་བག་ལ་ཉལ་ལྷག་མ་འཇོག་ཅེ་ན། ཉན་ཐོས་ཀྱི་ཐེག་པ་དང་འདྲ་བར་མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་སྙམ་པའི་ཕྱིར་རོ། །རིགས་པ་དེས་ན་ཉོན་མོངས་པས་རྒྱུ་བྱས་པས་ཉོན་མོངས་པ་ཟད་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། ཚིགས་སུ་
བཅད་པ་ལས་ཇི་སྐད་དུ། དྲན་དང་ཤེས་པའི་སྟོབས་ཀྱིས་རབ་ཟིན་ན། །ཉན་ཐོས་བྱང་ཆུབ་དག་ནི་ཐོབ་པར་འགྱུར། །ཇི་ལྟར་དུག་ནི་སྔགས་ཀྱིས་བསད་པ་བཞིན། །སྐྱོན་ནི་ཡོན་ཏན་ཉིད་དུ་མངོན་པར་འགྲུབ། །ཅེས་བཤད་པ་ལྟ་བུའོ་ཞེས་འབྱུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་
Vol. 120 · folio 90b
པ་ལས་ཀྱང་ཕལ་ཆེར་དེ་སྐད་དུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་དེ་ལྟ་བུ་བསྐྱེད་ནས་སེམས་ཅན་གྱི་ཁམས་སུ་སྡུག་བསྔལ་གྱི་རྒྱུ་བཟློག་པར་ནུས་པས་དེའི་ཕྱིར་དེ་དག་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་ཞུས་ཚིག་གསུམ་པའི་ལན་བསྟན་ཏོ། །
འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དེ་བཞིན་གཤེགས་པས་ལན་དུ་གསུངས་པ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་བསྔགས་པ་བརྗོད་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཆེད་དུ་ཉོན་མོངས་པ་བསྐྱེད་ནས་སེམས་ཅན་གྱི་སྡུག་བསྔལ་བརླག་པར་བྱེད་
པས་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ལ་སྡུག་བསྔལ་སྤོང་བའི་རྒྱུ་ཞེས་བཤད་དོ། །བཤད་པའི་རྣམ་གྲངས་གཞན་དུ་ན་བྱང་ཆུབ་སེམས་དཔའ་ནི་ཆེད་དུ་སེམས་ཅན་གྱི་ཉོན་མོངས་པ་གཅོད་པར་བྱེད་པས། སེམས་ཅན་གྱི་ཉོན་མོངས་པ་ཉིད་ལ་སྡུག་བསྔལ་གྱི་རྒྱུ་ཞེས་བཤད་དེ།
སྐྱེ་ཤིའི་སྡུག་བསྔལ་མངོན་པར་འགྲུབ་པ་ནི་ཉོན་མོངས་པ་ལས་འབྱུང་བའི་ཕྱིར་རོ། །ས་དང་པོ་ནས་ས་བདུན་པའི་བར་དུ་ཉོན་མོངས་པ་བསྐྱེད་པ་ལ་ཡང་དགོས་པ་གཉིས་ཡོད་དེ། དང་པོ་ནི་རང་གི་ཤེས་པ་ལ་དབང་གི་སྟོབས་ཡོད་པར་རབ་ཏུ་བསྟན་པའི་ཕྱིར་ཆེད་དུ་ཉོན་མོངས་པ་བསྐྱེད་ནས་ཟིལ་གྱིས་
མནན་ཅིང་རབ་ཏུ་སེལ་བར་བྱེད་དེ། དཔེར་ན་བྱི་ལས་བྱི་བ་ལ་རྩེད་མོ་བྱེད་པ་བཞིན་ནོ། །དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། ཆེད་འགའ་ནི་ཟིལ་གྱིས་གནོན་པར་ཡང་མི་བྱེད་དེ། དེའི་མཐུ་ཉམས་སད་པའི་ཕྱིར་ཆེད་དུ་སེམས་བསྐྱེད་ནས་རེ་ཞིག་ལྡང་བར་བྱེད་དོ་ཞེས་བསྟན་པ་
ཡིན་ནོ། །གཉིས་པ་ཉོན་མོངས་པ་བསྐྱེད་དེ་དངོས་པོ་ཅན་གྱི་ལུས་བླངས་ནས་སེམས་ཅན་ལ་ཕན་འདོགས་པར་བྱེད་པས། དེས་ན་དེའི་ཕྱིར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་
ཉོན་མོངས་པས་སེམས་ཅན་ཐམས་ཅད་ཀྱི་ཕན་པའི་བྱ་བ་དག་བྱེད་པས་བསོད་ནམས་དཔག་ཏུ་མེད་པ་དག་སྐྱེད་དོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སྲོག་གཅོད་པ་ལ་སོགས་པའི་ལས་རྣམ་པ་བཅུ་
Vol. 120 · folio 91a
བྱས་ཀྱང་ཁ་ན་མ་ཐོ་བ་མེད་པ་ལ་བསོད་ནམས་དཔག་ཏུ་མེད་པ་ཡང་སྐྱེ་བར་འགྱུར་ཞིང་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། སྡུག་བསྔལ་མི་སྐྱེད་པའི་ཕྱིར་ཁ་ན་མ་ཐོ་བ་ཡང་མེད་དོ། །ལམ་གྱི་
གྲངས་སུ་གྱུར་པའི་ཕྱིར་བསོད་ནམས་དཔག་ཏུ་མེད་པ་སྐྱེ་བར་ཡང་འགྱུར་རོ་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བླ་ན་མ་མཆིས་པའི་བྱང་ཆུབ་གང་ཡོན་ཏན་གྱི་ཕན་ཡོན་ཆེན་པོ་དེ་ལྟ་
བུ་དང་ལྡན་པ་ནི་ངོ་མཚར་ཆེ་བ་ལགས་པས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བྱང་ཆུབ་སེམས་དཔའ་བསྔགས་པ་བརྗོད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་སངས་རྒྱས་ཀྱི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བསྔགས་པ་བརྗོད་པའོ། །འདི་ནི་
སངས་རྒྱས་ཀྱི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་མ་འོངས་པ་ན་བླ་ན་མེད་པའི་བྱང་ཆུབ་གཉེར་བར་བྱེད་པས། ཡོན་ཏན་གྱི་ཕན་ཡོན་དེ་ལྟ་བུ་དང་ལྡན་པར་གྱུར་པའོ། །ཡང་ན་ད་ལྟར་གྱིའམ། ཡང་ན་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་
བྱང་ཆུབ་ཀྱི་ཕན་ཡོན་གྱི་དབང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ཁྱད་པར་དུ་འཕགས་པར་འགྱུར་བའོ། །བྱང་ཆུབ་སེམས་དཔའ་རྣམས་ལས་ཉོན་མོངས་པ་སྐྱེ་བ་དག་གིས་ཀྱང་སེམས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལས་ཁྱད་པར་དུ་
འཕགས་པར་བགྱིད་ན། དེ་ལས་གཞན་པའི་ཡོན་ཏན་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ནི་གཉིས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བསྔགས་པ་བརྗོད་པའོ། །བྱང་ཆུབ་སེམས་དཔའ་ཉོན་མོངས་པ་སྐྱེ་བ་དག་གི་དགེ་བའི་རྩ་བ་ཡང་སོ་སོའི་སྐྱེ་བོ་དང་ཐེག་པ་གཉིས་པོ་ཐམས་ཅད་ཀྱི་
དགེ་བའི་རྩ་བ་ལས་ཁྱད་པར་དུ་འཕགས་ན། དེ་ལས་གཞན་པའི་དགེ་བའི་ཡོན་ཏན་དང་ལྡན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སོ་སོ་སྐྱེ་བོ་ལས་སེམས་བསྐྱེད་པ་ཡང་ཐེག་པ་གཉིས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ན། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་འདོགས་
Vol. 120 · folio 91b
པའི་ཆེད་དུ་ཉོན་མོངས་པ་བསྐྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱང་ཟག་པ་ཟད་པ་ཡིན་ཡང་། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ཙམ་མི་ཕོད་དེ།
དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བུ་མངལ་ན་གནས་ཀྱང་། གཞན་དག་གི་བུ་ལས་ཁྱད་པར་དུ་འཕགས་པ་དང་། གཞན་ཡང་དཔེར་ན་རྒྱལ་པོའི་བུ་རྒྱལ་པོར་དབང་མ་བསྐུར་མོད་ཀྱི། འོན་ཀྱང་བློན་པོ་ཐབས་དང་ལྡན་པ་དང་། ཕྱུག་པོ་དག་ལས་ཁྱད་པར་དུ་འཕགས་པ་བཞིན་ནོ། །
དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ནི་རང་གི་བདེ་བ་གཉེར་བ་དང་། བདག་ཉིད་ཀྱི་ལུས་ཀྱི་ཕྱིར་གཉེན་བཤེས་ལ་སྲེད་པར་བྱེད་དོ། །ཐེག་པ་གཉིས་པོ་དག་ནི་འཇིག་རྟེན་པ་བདེ་བ་ལ་སྲེད་པ་མེད་ཀྱང་། རང་གི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པའི་ཕྱིར། མྱ་ངན་ལས་འདས་པའི་བདེ་བ་ཚོལ་བར་
སེམས་ཅན་ལ་ཕན་མི་འདོགས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཡོངས་སུ་བཟླ་བའི་ཆེད་དུ་སེམས་བསྐྱེད་པ་ཡིན་པས། དེའི་ཕྱིར་ཁྱད་པར་དུ་འཕགས་སོ། །གཞན་ཇི་སྐད་དུ་དཔེར་ན་མངོན་པར་ཤེས་པ་དྲུག་དང་ལྡན་པའི་དགྲ་བཅོམ་པ་ཞིག་གིས། དགེ་ཚུལ་གཅིག་ལ་ཆོས་
གོས་དང་ལྷུང་བཟེད་བསྐུར་ནས། ལམ་དུ་ཞུགས་ཏེ་སོང་བ་ལས་དགེ་ཚུལ་དེ་འདི་སྙམ་དུ། བདག་གིས་ཐེག་པ་གང་གིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་ཞེས་བསམས་པ་ལས། སངས་རྒྱས་བཅོམ་ལྡན་འདས་མཆོག་དམ་པ་ཡིན་པས་བདག་ནི་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་
མྱ་ངན་ལས་འདའ་བར་བྱའོ་ཞེས་སེམས་བསྐྱེད་པ་དེའི་བསམ་པ་སློབ་དཔོན་གྱིས་རིག་ནས། ཆོས་གོས་དང་ལྷུང་བཟེད་སླར་བླངས་ཏེ། བདག་ཉིད་ཀྱིས་ཁྱེར་ནས་དགེ་ཚུལ་མདུན་དུ་གཏོང་ངོ་། །དགེ་ཚུལ་དེ་ཡང་འདི་སྙམ་དུ་བླ་ན་མེད་པའི་བྱང་ཆུབ་ནི་ཤིན་ཏུ་ཐག་རིང་སྟེ། ཡུན་རིང་པོར་
འཁོར་བ་ན་གནས་ཤིང་སྡུག་བསྔལ་ཚད་མེད་པ་དང་དུ་བླངས་དགོས་པས་རེ་ཞིག་ཐེག་པ་ཆུང་ངུའི་མྱ་ངན་ལས་འདས་པས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་ན་རུང་ངོ་སྙམ་དུ་སེམས་བསྐྱེད་པ་དང་། སློབ་དཔོན་གྱིས་རིག་ནས་ཆོས་གོས་དང་ལྷུང་བཟེད་དེ་དག་དགེ་ཚུལ་ལ་བསྐུར་ནས་ཕྱི་བཞིན་འགྲོར་
Vol. 120 · folio 92a
བཅུག་གོ། །དེ་ལྟར་ལན་གསུམ་དུ་བྱས་པས་དགེ་ཚུལ་དེས་སློབ་དཔོན་ལ་སྨྲས་པ། སློབ་དཔོན་བགྲེས་པས་བྱིས་པ་ཆུང་ངུ་དང་འདྲ་སྟེ། རེས་འགའ་ནི་བདག་མདུན་དུ་བཏང་། རེས་འགའ་ནི་བདག་ཕྱི་བཞིན་དུ་མཆིར་གསལ་བ་ཅི་ལགས། སློབ་དཔོན་གྱིས་སྨྲས་པ། ཁྱོད་དང་
པོ་ནི་སངས་རྒྱས་མངོན་པར་བསྒྲུབ་པར་སེམས་བསྐྱེད་པས་སེམས་དེ་བཙུན་པར་བྱས་པ་ཡིན་ཏེ། དེ་ནི་སློབ་དཔོན་གྱི་ལམ་ལ་གནས་པ་ཡིན་པས། གང་ཟག་དེ་ལྟ་བུ་དེ་ལ་ནི་སངས་རྒྱས་ཀྱིས་ཀྱང་མཆོད་པར་བྱ་བ་ཡིན་ན་དགྲ་བཅོམ་པ་ལྟ་ཅི་སྨོས་ཏེ། དེའི་ཕྱིར་ཁྱོད་མདུན་དུ་བཏང་བ་ཡིན་ནོ། །ཁྱོད་ཡང་
སེམས་འགྱོད་པར་གྱུར་ནས། ཐེག་པ་ཆུང་ངུ་གཉེར་བར་འདོད་པ་ནི་ཁྱོད་དང་ངའི་བར་ན་ཐག་ཤིན་ཏུ་རིང་བས་དེའི་ཕྱིར་ཁྱེད་ཕྱི་བཞིན་དུ་འགྲོར་བཅུག་པ་ཡིན་ནོ། །དགེ་ཚུལ་དེ་སྐད་དུ་ཐོས་པས་ཤིན་ཏུ་སྐྲག་པ་སྐྱེས་ཏེ་བདག་གི་སློབ་དཔོན་ནི་བདག་གི་སེམས་ཤེས་ཏེ། བདག་གིས་ལན་ཅིག་ཙམ་
སེམས་བསྐྱེད་པ་ཡང་ཐེག་པ་གཉིས་ལས་ཁྱད་པར་དུ་འཕགས་པར་གྱུར་ན་ཡོངས་སུ་རྫོགས་པར་གྱུར་པ་ལྟ་ཅི་སྨོས་ཞེས་བདག་ཉིད་བརྟན་པར་ཐེག་པ་ཆེན་པོའི་ཆོས་ལ་གནས་པར་གྱུར་ཏོ་ཞེས་འབྱུང་བ་ལྟ་བུའོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བའི་ཐེག་པ་པ་གཉིས་འོད་མའི་ཚལ་བཞིན་དུ་གྱུར་པ་ལ་མཆོད་པ་བྱས་པས། །གང་གིས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་པ་བསོད་ནམས་ཆེའོ། །ཐེག་པ་པ་གཉིས་ནི་དེ་ཁོ་ན་ཉིད་ཀྱི་མཐའ་
མངོན་དུ་གྱུར་པས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་གཞི་ཡིན་ན། ཅིའི་ཕྱིར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཙམ་མི་ཕོད་ཅེ་ན། སྨྲས་པ། དངོས་པོ་གསུམ་གྱི་ཕྱིར་དེ་ཙམ་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་སེམས་ལ་སྤྱད་པ་དང་། རྟག་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་
སོགས་པའི་ཡོན་ཏན་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའ་ཁམས་གསུམ་གྱི་ཉེས་པ་སྤང་ཞིང་ཐེག་པ་གསུམ་པོ་དག་འབྱུང་བར་བྱེད་པ་ཡིན་ལ། ཐེག་པ་པ་གཉིས་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར་ཁྱད་པར་དུ་འཕགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་
Vol. 120 · folio 92b
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་འདས་ཀྱིས་ཇི་སྐད་དུ་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་ནི་ཐེག་པ་གཅིག་གོ་ཞེས་བཀའ་སྩལ་པ་དེ་ལ་དགོངས་པ་གང་ལགས་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་དེ་བཞིན་
གཤེགས་པས་ཐེག་པ་གཅིག་ཏུ་གསུངས་པའི་དགོངས་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་གསུངས་པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བ་ཉིད་དོ། །འདི་ལྟར་བཅོམ་ལྡན་འདས་ཀྱི་སྔར་ཉན་ཐོས་ཀྱི་ཐེག་པ་ཞེས་གང་གསུངས་པ་དང་། ཐེག་པ་ཆེན་པོའི་མདོ་དག་
ལས། བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་གང་གསུངས་པ་དེ་དག་ནི་ཐེག་པ་གཅིག་གོ་ཞེས་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་དག་གི་དགོངས་པ་གང་ལགས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་
དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་དེ་དག་ཏུ་ཆོས་རྣམ་པ་སྣ་ཚོགས་ཀྱི་ངོ་བོ་ཉིད་འདི་ལྟ་སྟེ། ཕུང་པོ་ལྔ་དང་། ནང་གི་སྐྱེ་མཆེད་དྲུག་དང་། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་དང་། དེ་དག་ལ་སོགས་པ་གང་དག་བསྟན་པ་ནི་ཐེག་པ་ཆེན་པོར་ཆོས་དེ་དག་ཆོས་ཀྱི་
དབྱིངས་གཅིག་པར་མཚུངས་ཤིང་ཚུལ་གཅིག་པར་མཚུངས་པའི་ཕྱིར་ང་ནི་ཐེག་པ་ཐ་དད་པ་ཉིད་དུ་མི་སྨྲའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དགོངས་པ་ཡང་དག་པར་བཤད་པ་དང་།
རྨོངས་པ་དག་གི་ནོར་བ་འཛིན་པར་བསྟན་པ་དང་། དགོངས་པ་བཤད་པའི་མཇུག་བསྡུ་བའོ། །འདི་ནི་དགོངས་པ་རྣམ་པར་བཤད་པ་སྟེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ཇི་ལྟར་ངས་ཉན་ཐོས་ཀྱི་ཐེག་པ་དེ་དག་ཏུ་ཕུང་པོ་ལ་སོགས་
པ་བཤད་པའི་དགོངས་པ་དེས་ནི་ཐེག་པ་རྣམ་པ་ཐ་དད་པར་འགྱུར་བ་ཡིན་ལ། ངས་འདིར་ཐེག་པ་ཆེན་པོའི་བསྟན་པ་ལས་ནི་ངོ་བོ་ཉིད་གཅིག་པའི་དེ་བཞིན་ཉིད་དང་མཚུངས་པར་བསྟན་པའི་ཕྱིར་དང་། ཚུལ་གཅིག་པའི་ལམ་མཚུངས་པ་ཉིད་དུ་བསྟན་པའི་ཕྱིར་ཐེག་པ་གཅིག་ཏུ་བསྟན་ཀྱང་
Vol. 120 · folio 93a
ཐེག་པ་རྣམས་ཀྱི་ཐ་དད་པ་ནི་མེད་པ་མ་ཡིན་ནོ། །དེ་ལ་གང་དག་དོན་ལ་སྒྲ་ཇི་བཞིན་ཁོ་ནར་ཡང་དག་པ་མ་ཡིན་པ་རྣམ་པར་རྟོག་པ་བསྐྱེད་པ་ཁ་ཅིག་ནི་སྒྲོ་འདོགས་པར་བྱེད་དེ། ཁ་ཅིག་སྐུར་བ་འདེབས་པར་བྱེད་ཅེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྨོངས་པ་དག་གི་ནོར་བར་
འཛིན་པ་བསྟན་ཏོ། །འདིར་ཡང་རྣམ་པ་གཉིས་ཏེ། སྒྲོ་འདོགས་ཤིང་སྐུར་པ་འདེབས་པ་བསྟན་པ་དང་། རྩོད་པར་སྨྲ་བ་བསྟན་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་དེ་བཞིན་གཤེགས་པས་ཐེག་པ་གསུམ་གྱི་བསྟན་པ་དང་། སྒྲུབ་པ་བཤད་པ་ལ་སྒྲ་ཇི་བཞིན་དུ་དོན་འཛིན་པས་ཐེག་པ་གསུམ་
པོ་དག་ཡོད་པར་བསྟན་པ་ཐོས་ན། ངེས་པར་ཐེག་པ་གསུམ་པོ་དག་ཡོད་པར་འཛིན་ཅིང་ཕྱོགས་གཅིག་ཏུ་ཐ་དད་དོ་ཞེས་ཟེར་བ་ནི་སྒྲོ་འདོགས་པ་ཞེས་བྱ་སྟེ། སངས་རྒྱས་སུ་གྲུབ་པར་མ་ངེས་པའི་དོན་ནི་མི་འདོད་པའི་ཕྱིར་རོ། །གལ་ཏེ་ཐེག་པ་གཅིག་གིས་ཐམས་ཅད་སངས་རྒྱས་སུ་འགྲུབ་པར་
འགྱུར་རོ་ཞེས་ཐོས་ན་ཐེག་པ་ནི་གཅིག་ཁོ་ན་ཞེས་ཟེར་བ་ནི་སྐུར་པ་འདེབས་པ་ཞེས་བྱ་སྟེ། ཞི་བ་ཕྱོགས་གཅིག་པ་སངས་རྒྱས་སུ་མི་འགྲུབ་པའི་ཕྱིར་རོ། །གཞན་ཡང་ཐེག་པ་རྣམས་ཐ་དད་པར་གྱུར་པའི་རིགས་པ་ལ་ཕན་ཚུན་མི་མཐུན་པར་སེམས་ཤིང་དེ་བཞིན་དུ་གཅིག་ལ་གཅིག་ཕན་ཚུན་རྩོད་པ་སྨྲ་བར་བྱེད་པ་
གང་ཡིན་པ་ཞེས་བྱ་བས་ནི་གཉིས་པ་རྩོད་པར་སྨྲ་བ་བསྟན་ཏེ། འདི་ལྟར་ཐེག་པ་གཅིག་ཏུ་གསུངས་པར་ཐོས་ན་ངེས་པར་གསུམ་དུ་གསུངས་པ་ཐབས་ཀྱིས་བསྟན་པ་ཡིན་པར་ཤེས་པར་བྱའོ། །ཐེག་པ་གསུམ་དུ་གསུངས་པར་ཐོས་པ་ལས་ངེས་པར་ཐེག་པ་གསུམ་ཡོད་པ་ཉིད་དུ་འཛིན་པར་བྱེད་ན་ནི་ཐེག་
པ་གཅིག་ཏུ་གསུངས་པ་མི་མཐུན་པར་འགྱུར་རོ། །ཐ་དད་པའི་དོན་བརྗོད་པའི་ཕྱིར་ཐེག་པ་གསུམ་ཡོད་པར་གསུངས་ཀྱང་། ཐེག་པ་གཅིག་ཏུ་གསུངས་པ་དང་འགལ་བར་མི་འགྱུར་ཏེ། ཐེག་པ་གསུམ་པོ་དག་ཐ་དད་པར་གྱུར་ཀྱང་། དེ་བཞིན་ཉིད་གཅིག་ཏུ་མཚུངས་པའི་ཕྱིར་ཐེག་པ་གསུམ་དང་གཅིག་
ཏུ་གསུངས་ཀྱང་འགལ་བ་མེད་དེ། དེའི་ཕྱིར་གོང་དུ་མདོ་ལས། གཞན་ཡང་དོན་དམ་ཡང་དག་འཕགས་ཉན་ཐོས་པའི་རིགས་ཅན་གྱི་སེམས་ཅན་དག་གིས་ཀྱང་ལམ་འདི་ཉིད་དང་། སྒྲུབ་པའི་གནས་འདི་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བདེ་བ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། སངས་རྒྱས་ཀྱི་ཐེག་
Vol. 120 · folio 93b
པའི་རིགས་ཅན་གྱི་སེམས་ཅན་དང་། དེ་བཞིན་གཤེགས་པའི་རིགས་ཅན་གྱི་སེམས་ཅན་རྣམས་ཀྱིས་ཀྱང་ལམ་འདི་ཉིད་དང་། སྒྲུབ་པའི་གནས་འདི་ཉིད་ཀྱི་ཕྱིར་བླ་ན་མེད་པའི་བདེ་བའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། གཉིས་པ་གང་ཡང་མེད་པས་ས་དེ་ལས་དགོངས་ནས་ཐེག་པ་
ནི་གཅིག་ཁོ་ནའོ་ཞེས་བསྟན་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས་ཅན་གྱི་རིགས་རྣམ་པ་སྣ་ཚོགས་དབང་པོ་རྟུལ་པོ་ཉིད་དང་། དབང་པོ་འབྲིང་པོ་ཉིད་དང་། དབང་པོ་རྣོན་པོ་ཉིད་ཀྱི་བྱེ་བྲག་དང་མེད་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ་ཞི་བ་ལ་ཕྱོགས་གཅིག་ཏུ་བགྲོད་པའི་ཉན་ཐོས་ཀྱི་རིགས་
ཅན་གྱི་གང་ཟག་ནི་སངས་རྒྱས་རྣམས་ཀྱིས་བརྩོན་པ་དང་། སྦྱོར་བའི་ཐབས་རྣམ་པ་སྣ་ཚོགས་ཀྱིས་གདུལ་བར་མཛད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་གཞག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་སོ་ཞེས་གསུངས་ཏི། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །དེའི་
ཕྱིར་གཅིག་ཏུ་གསུངས་པ་ནི་དོན་དང་སྤྱོད་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པར་རིག་པར་བྱའོ། །དེ་ནི་འདིར་དགོངས་པ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པ་མཇུག་བསྡུ་བ་སྟེ། མདོ་འདི་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །དེ་ལྟར་ཐེག་པ་གསུམ་པོ་དག་ཐ་དད་པར་གྱུར་ཀྱང་དོན་གྱི་ཚུལ་གྱི་དབང་དུ་མཛད་
ན་ཚུལ་གཅིག་ཏུ་གྱུར་པས་དེའི་ཕྱིར་དགོངས་པས་ཐེག་པ་གཅིག་ཏུ་གསུངས་ཏེ། དེ་ཡང་ཕུང་པོ་ལ་སོགས་པའི་ཆོས་ལས་ཡིན་གྱི། ཚིག་ལས་བརྩམས་ནས་གཅིག་ཅེས་གསུངས་པ་ནི་མ་ཡིན་ནོ། །ཐེག་པ་གཅིག་རྒྱ་ཆེར་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་པས་མདོར་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གླེང་བསླང་བ་དང་། ཚིགས་སུ་བཅད་པ་ཉིད་ཀྱིས་ཡང་དག་པར་བསྟན་པ་སྟེ། འདི་ནི་
དང་པོའོ། །ས་རྣམས་བསྡུས་དང་འདུ་ཤེས་མི་མཐུན་ཕྱོགས། །ཁྱད་པར་སྐྱེད་དང་སྨོན་དང་བསླབ་པ་རྣམས། །འདི་བརྟེན་སངས་རྒྱས་རྣམས་ཀྱིས་ཐེག་ཆེན་བཤད། །འདི་ལ་རབ་བསྒོམས་སངས་རྒྱས་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཚིགས་སུ་བཅད་པས་
Vol. 120 · folio 94a
ཡང་དག་པར་བཤད་པ་སྟོན་ཏོ། །འདིར་ཚིགས་སུ་བཅད་པ་གསུམ་གསུངས་པ་འདིས་ནི་གོང་དུ་བསྟན་པའི་ཚིག་རྐྱང་པ་ཡིན་ནོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དེ་ལ་ཚིགས་སུ་བཅད་པ་དང་པོ་ནི་གོང་དུ་བསྟན་པའི་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་ཟློས་པ་ཡིན་
ནོ། །ཚིགས་སུ་བཅད་པ་ཕྱི་མ་གཉིས་ནི་གོང་དུ་བསྟན་པའི་ཐེག་པ་གཅིག་ཏུ་གསུངས་པ་ཟློས་པ་ཡིན་ཏེ། འདི་ནི་དང་པོའོ། །དེ་ལ་ས་རྣམས་བསྡུས་ཞེས་བྱ་བ་ནི་གོང་དུ་མདོ་ལས་གསུངས་པའི་རྣམ་པར་དག་པ་བཞི་དང་། ཡན་ལག་བཅུ་གཅིག་བསྟན་པ་དག་ཟློས་པའོ། །དེ་ལ་འདུ་ཤེས་
བསྡུས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ས་བཅུ་གཅིག་གི་མིང་བསྟན་པ་ཟློས་པའོ། །འདུ་ཤེས་ནི་མིང་ལ་བྱ་སྟེ། མིང་ནི་འདུ་ཤེས་ལ་སྐྱེ་བས་རྒྱུ་ལ་མིང་དུ་བཏགས་པའི་ཕྱིར་འདུ་ཤེས་ཞེས་བྱའོ། །ས་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི་ཀུན་ཏུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་
ལེན་བཅུ་གཅིག་ཟློས་པ་སྟེ། འཕགས་པ་ས་བཅུའི་མདོ་ལས་སྤྱོད་པའི་མི་མཐུན་པའི་ཕྱོགས་ཡིན་པར་གསུངས་པའི་ཕྱིར་རོ། །ས་རྣམས་ཀྱི་ཁྱད་པར་ཞེས་བྱ་བའི་མིང་ནི་གོང་དུ་བསྟན་པའི་རྣམ་པར་དག་པ་བརྒྱད་ཟློས་པའོ། །ས་རྣམས་ཀྱི་ཁྱད་པར་ཞེས་བྱ་བ་ནི་གོང་དུ་མདོ་ལས་བྱང་ཆུབ་
སེམས་དཔའི་སྐྱེ་བ་ཁྱད་པར་དུ་འཕགས་པ་གསུངས་པ་ཟློས་པའོ། །ས་རྣམས་ཀྱི་སྨོན་ལམ་ཞེས་བྱ་བ་ནི། གོང་དུ་མདོ་ལས་སྨོན་ལམ་གསུམ་གསུངས་པ་ཟློས་པའོ། །ས་རྣམས་ཀྱི་བསླབ་པ་རྣམས་ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་སྒོ་སྣ་ཚོགས་ཟློས་པའོ། །ཅིའི་ཕྱིར་
བག་ལ་ཉལ་ལ་སོགས་པས་བཟླས་ཏེ་མ་བསྟན་ཞེ་ན། སྔར་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་ནང་དུ་བསྡུས་པའི་ཕྱིར་ལོགས་ཤིག་ཏུ་མ་བསྟན་ཏོ། །དེ་ཡན་ཆད་ནི་ཡང་དག་པར་བཤད་པའི་ཚིགས་སུ་བཅད་པ་བསྟན་ནས། ད་ནི་ཚིག་ཕྱི་མ་གཉིས་ཀྱིས་ཐེག་པ་ཆེན་པོ་བསླབ་པ་རྣམས་བླ་ན་
མེད་པའི་བྱང་ཆུབ་ལེན་པར་བསྟན་ཏོ། །ཡང་ན་ཚིག་ཕྱི་མ་གཉིས་ནི་ཚིགས་སུ་བཅད་པ་ཕྱི་མ་གཉིས་ཀྱི་མཚམས་སྦྱར་བ་ཡིན་ནོ། །ཆོས་རྣམས་སྣ་ཚོགས་ཉིད་ནི་གང་བསྟན་པ། །དེ་དག་ཉིད་ནི་ཚུལ་གཅིག་པར་ཡང་བསྟན། །འདི་ལྟར་ཐེག་པ་དམན་དང་ཐེག་ཆེན་དང་། །དེ་ཕྱིར་ངས་ནི་ཐེག་ཉིད་
Vol. 120 · folio 94b
ཐ་དད་མེད་པར་བཤད། །ཅེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཚིགས་སུ་བཅད་པ་གཉིས་ཀྱི་གོང་དུ་ཐེག་པ་གཅིག་ཏུ་གསུངས་པ་ཟློས་པ་སྟོན་ཏེ། འདི་ནི་གོང་དུ་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། ང་ནི་ཐེག་པ་ཐ་དད་པ་ཉིད་དུ་མི་སྨྲའོ་ཞེས་བྱ་བའི་བར་དུ་གསུངས་
པ་དག་ཟློས་པ་སྟེ། འདི་ལྟར་ཉན་ཐོས་དང་དེ་བཞིན་གཤེགས་པ་ཚུལ་གཅིག་པ་ཉིད་དུ་མཚུངས་པའི་ཕྱིར། ད་ནི་ཐེག་པ་ཐ་དད་དུ་མི་སྨྲའོ་ཞེས་གསུངས་ཏེ། དེ་བཞིན་དུ་མཚུངས་པའི་ཕྱིར་རོ། །དོན་ལ་སྒྲ་བཞིན་དུ་རྣམ་པར་རྟོག་པར་བྱེད་པ། ཁ་ཅིག་སྒྲོ་འདོགས་ཁ་ཅིག་སྐུར་པ་འདེབས་ཤིང་
ཞེས་བྱ་བ་ནི་གོང་དུ་མདོ་ལས་དེ་དག་ལ་གང་དག་ཅེས་བྱ་བ་ནས་ཁ་ཅིག་ནི་སྐུར་པ་འདེབས་པར་བྱེད་ཅེས་བྱ་བའི་བར་དུ་གསུངས་པ་དག་ཟློས་པའོ། །དེ་ཉིད་འགལ་བ་ཙམ་དུ་གང་སེམས་པ། །རྨོངས་པའི་བློ་ཅན་མི་མཐུན་རྩོད་སྨྲར་འགྱུར། །ཞེས་བྱ་བ་ནི་གོང་དུ་མདོ་ལས་གཞན་ཡང་ཐེག་པ་རྣམས་
ཞེས་བྱ་བ་ནས། དེ་ནི་འདིའི་དགོས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་དག་ཟློས་པའོ། །ཐེག་པ་གཅིག་ཏུ་གསུངས་པ་རྒྱ་ཆེར་བསྟན་པ་ནི་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། བདག་གིས་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བཀའ་བཞིན་དུ་མ་བསྒྲུབས་པའི་ཕྱོགས་ཞེས་བྱ་བ་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་པ་དང་། ལན་དུ་གསུངས་པ་བསྟན་
ཏེ། འདི་ནི་དང་པོ་ཇི་ལྟར་གསུངས་པའི་དོན་དུ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་ཞེས་བྱ་སྟེ། ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་འདི་ཁྱོད་ཀྱིས་ཡོངས་
སུ་གཟུང་བར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་ཡོངས་སུ་ཞུ་ཞིང་བསླབ་པར་བསྐུལ་བ་དང་། བསྟན་པ་གསུངས་པའི་ཕན་ཡོན་གྱིས་བསྟན་ཏེ། འདི་ནི་དང་པོར་ཡོངས་སུ་གཟུང་ཞིང་བསླབ་པར་
Vol. 120 · folio 95a
བསྐུལ་བའོ། །ས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པའི་དོན་བསྟན་པ་འདི་བཤད་པ་ན། འཁོར་འདུས་པ་ཆེན་པོ་དེ་ལས་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་གིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་སྣང་བ་ཐོབ་པར་གྱུར་ཏོ་ཞེས་བྱ་བས་
ནི་གཉིས་པ་བསྟན་པ་གསུངས་པའི་ཕན་ཡོན་བསྟན་ཏོ། །དེ་ལ་ཏིང་ངེ་འཛིན་ཐེག་པ་ཆེན་པོ་སྣང་བ་ཞེས་བྱ་བ་ནི་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཇི་སྐད་དུ། ཐེག་པ་ཆེན་པོ་སྣང་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདི་ལྟ་སྟེ། འདིར་ཐེག་པ་ཆེན་པོའི་དོན་དམ་པ་དང་།
བསྟན་པ་དང་། བསྒྲུབ་པ་དང་། འབྲས་བུའི་ཤེས་པའི་སྣང་བ་སློང་ཞིང་གསལ་བར་བྱེད་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུའོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས། ཐེག་པ་ཆེན་པོ་སྣང་བའི་ཏིང་ངེ་འཛིན་ཞེས་བྱ་བ་ལ། ཐེག་
པ་ཆེན་པོ་ནི་རྣམ་པ་གསུམ་སྟེ། ངོ་བོ་ཉིད་དང་། རྗེས་སུ་འབྲང་བ་དང་། ཐོབ་པའོ། །དེ་ལ་ངོ་བོ་ཉིད་ནི་དང་པོ་ངོ་བོ་ཉིད་མེད་པ་གསུམ་མོ། །རྗེས་སུ་འབྲང་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་བསྡུས་པས་ངོ་བོ་ཉིད་མེད་པ་དང་རྗེས་
སུ་མཐུན་པའོ། །ཐོབ་པ་ནི་ཡོན་ཏན་བཞི་དང་ལྡན་པའི་འབྲས་བུ་ཐོབ་པར་གྱུར་པ་སྟེ། ཏིང་ངེ་འཛིན་ནི་ཡུལ་རྣམ་པ་འདི་གསུམ་ལ་དམིགས་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །ཏིང་ངེ་འཛིན་འདི་ལ་གནས་ནས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པར་འགྱུར་ལ། ཡེ་ཤེས་
འདིས་ནི་དེ་བཞིན་ཉིད་དང་སངས་རྒྱས་ཐ་དད་པ་ཉིད་དུ་གསལ་བར་བྱེད་པའི་ཕྱིར་གསལ་བ་ཞེས་བྱའོ། །གཞན་ཡང་ཏིང་ངེ་འཛིན་འདིས་འདོད་ཆེན་པའི་མ་རིག་པའི་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་ཕྱིར་སྣང་བ་ཞེས་བྱའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་ངེས་པར་འགྲེལ་
པའི་མདོ་ལས་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།བམ་པོ་དྲུག་ཅུ་རྩ་དྲུག་པ། ལེའུ་འདི་གཅིག་བསྟན་པ་ཡང་སྒོ་རྣམ་པ་གསུམ་དུ་རྣམ་པར་ཕྱེ་ནས་བཤད་པར་བྱ་སྟེ། ལེའུ་ཉིད་ཀྱི་མིང་གི་དོན་བསྟན་པ་དང་། ལེའུ་བསྟན་པའི་དགོངས་པ་
Vol. 120 · folio 95b
བསྟན་པ་དང་། ཚིག་གི་དོན་ཡང་དག་པར་བཤད་པའོ། །དེ་ལ་ལེའུའི་མིང་གི་དོན་བསྟན་པ་ལ་ཡང་དོན་རྣམ་པ་གཉིས་ཡོད་དེ། དེ་ལ་དང་པོ་དེ་བཞིན་གཤེགས་པ་ཞེས་བྱ་བས་ནི་འདུལ་བར་མཛད་པའི་བདག་པོ་བསྟན་ཏོ། །གཉིས་པ་བྱ་བ་སྒྲུབ་པའི་ལེའུ་ཞེས་བྱ་བས་ནི་ལས་སུ་བྱ་བ་
ཉིད་བསྟན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བས་ནི་མདོར་བསྡུ་ན་དོན་རྣམ་པ་གསུམ་དང་ལྡན་ཏེ། དོན་དམ་པ་ལས་བརྩམས་ཏེ། དེ་བཞིན་གཤེགས་པ་ཞེས་བསྟན་པ་དང་། སྒྲུབ་པ་ལས་བརྩམས་པ་དང་། དོན་དམ་པ་དང་། སྒྲུབ་པ་གཉིས་ཀ་ལས་བརྩམས་པའོ། །དེ་
ལ་དོན་དམ་པ་ཁོ་ན་ལས་བརྩམས་པ་ནི་དེ་བཞིན་ཉིད་ལ་བརྟེན་ནས་བསྟན་པ་གང་ཡིན་པ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཇི་སྐད་དུ་གང་ནས་ཀྱང་མ་བྱོན་པ་གང་དུ་ཡང་མི་གཤེགས་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་དང་།
གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་མདོ་ལས། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དེ་བཞིན་ཉིད་དེ། གང་དུ་ཡང་མི་གཤེགས་གང་ནས་ཀྱང་མ་བྱོན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་དང་། འཕགས་པ་སྟུག་
པོ་བཀོད་པའི་མདོ་ལས། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ལ་སོགས་པའི་བསྟན་པ་དག་ལས་དེ་བཞིན་གཤེགས་པ་ཞེས་གསུངས་པ་ནི། ལས་ཡོངས་སུ་འཛིན་པ་ནི་རྣམ་པར་བཤད་པའོ། །དེ་ལ་བསྒྲུབ་པ་ཁོ་
ན་ལས་བརྩམས་ནས་བསྟན་པ་ནི་གནས་བཅུའི་འགྲེལ་པ་ལས་ཇི་སྐད་དུ། དེ་བཞིན་ཉིད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་སྟེ། ཆོས་དྲུག་པོ་འདི་དག་གིས་སངས་རྒྱས་ཀྱི་སར་འགྲོ་བར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པའི་འགྲེལ་པ་ལས་དེ་ཁོ་ན་ཉིད་ཀྱི་ལམ་ལ་བཅིབས་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ་ཞེས་བསྟན་པ་ལྟ་བུ་སྟེ། བཤད་པ་འདི་དང་སྦྱར་ན་དེ་བཞིན་ཉིད་ཀྱི་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འདི་ནི་བདག་པོའི་དབང་དུ་བྱས་པའི་རྣམ་པར་
Vol. 120 · folio 96a
བཤད་པའོ། །དེ་ལ་དོན་དམ་པ་དང་། སྒྲུབ་པ་ལས་བརྩམས་ནས་བསྟན་པ་ནི་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཇི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་བཅུ་གཅིག་ལ་བཅིབས་ནས་དེ་བཞིན་གཤེགས་པའི་ཕྱིར་དེ་བཞིན་
གཤེགས་པ་ཞེས་བྱའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་གནས་བཅུའི་འགྲེལ་པ་ལས། དེ་ལ་དེ་བཞིན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །གཤེགས་པ་ཞེས་བྱ་བ་ནི་ཤེས་རབ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བསྟན་པ་ལྟ་བུ་སྟེ། དེ་ལ་ཕ་
རོལ་ཏུ་ཕྱིན་པ་དྲུག་ནི་སྒྲུབ་པ་ཡིན་ལ། སྟོང་པ་ཉིད་དང་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ནི་མངོན་དུ་བྱ་བའི་དོན་ཡིན་ཏེ། འདི་ལྟར་རྒྱུ་དང་ཡུལ་ལ་མངོན་པར་སངས་རྒྱས་པར་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འདི་ཡང་དབང་པོའི་དབང་དུ་བྱས་པའི་རྣམ་པར་བཤད་པའོ། །རྒྱ་
ཆེར་རྣམ་པར་འབྱེད་པའི་མཚན་ཉིད་རྣམ་པར་བསྟན་པ་ལས་བཤད་པ་བཞིན་དུ་རིག་པར་བྱའོ། །དེ་ལ་སྒྲུབ་པའི་ལེའུ་ཞེས་བྱ་བ་ནི་ལས་སུ་བྱ་བ་ཉིད་ཡང་དག་པར་བསྟན་པའོ། །སྒྲུབ་པ་ཞེས་བྱ་བ་འདི་ལྟ་སྟེ། བྱ་བ་ཉིད་ལ་སོགས་པར་སྒྲུབ་པར་ནུས་པའོ། །བྱ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡུལ་
ལ་བརྟེན་ནས་སྒྲུབ་པ་མངོན་པར་གྲུབ་པ་གང་ཡིན་པ་སྟེ། དེ་བཞིན་གཤེགས་པའི་སྐུ་དང་། ཞིང་ལ་སོགས་པ་སྟོན་པའི་སྐུ་ཕྲིན་ལས་སུ་བྱ་བ་རྣམས་འབྱོར་པར་གྱུར་པའོ། །ཡང་དག་པའི་དོན་དུ་ན་སྐུ་གསུམ་སྒྲུབ་པའི་ལེའུ་ཞེས་བྱ་བ་ལས། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་
ལ་ཕན་འདོགས་པ་སྔོན་དུ་གཏང་བས་དེའི་ཕྱིར་འདུལ་བའི་དབང་དུ་མཛད་ནས་ལེའུ་འདི་སྨོས་པ་ཡིན་ནོ། །ཡང་ན་སྐུ་གསུམ་ཆར་ཡང་སེམས་ཅན་གདུལ་བའི་བྱ་བ་མཛད་པར་སྤྱོད་པས་སོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་མཛད་པ་
དང་རྗེས་སུ་མཐུན་པའི་གནས་ངེས་པའི་དོན་བསྟན་པའི་ལེའུ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། བྱང་ཆུབ་སེམས་དཔའ་འཇམ་དཔལ་ཆོས་ཀྱི་རྒྱལ་བུས་ཞུ་བ་ཞུས་པའི་ལེའུ་ཞེས་འབྱུང་ངོ་། །དེ་ལ་ལེའུ་གཉིས་བསྟན་པའི་དགོངས་པ་བསྟན་
Vol. 120 · folio 96b
པ་ནི། དེ་ཡན་ཆད་དུ་སྤྱོད་ཡུལ་དང་། སྒྲུབ་པ་མཚུངས་པ་མེད་པར་བཤད་ཟིན་པས། དེའི་ཕྱིར་འདི་མཚུངས་པ་མེད་པའི་འབྲས་བུ་དོན་ཡང་དག་པར་བསྟན་པ་ཡིན་ཏེ། དོན་དེ་ལ་བརྟེན་ནས་སྤྱོད་པ་སྐྱེ་བ་དང་། སྤྱོད་པའི་རྒྱུ་འབྲས་ཐོབ་པ་ནི་དོན་གྱི་གོ་རིམས་ཡིན་པའི་ཕྱིར་རོ། །དེ་
ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་གསུངས་ན། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཚན་ཉིད་ཇི་ལྟ་
བུ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིག་གི་དོན་ཡང་དག་པར་བཤད་པ་ཞེས་བྱ་བ་སྟོན་ཏོ། །ལེའུ་འདི་གཅིག་ཀྱང་མདོར་བསྡུ་ན་རྣམ་པ་གཉིས་སུ་དབྱེ་སྟེ། ཞུ་བ་གསོལ་བ་དང་། ལན་དག་གིས་ཡང་དག་པར་བཤད་པའི་དོན་དང་། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་
གྱི་ཞེས་བྱ་བ་ནས། ཇི་ལྟར་ཡོངས་སུ་བསྲུང་བར་བགྱི་ཞེས་བྱ་བའི་བར་གྱི་བཀའ་བཞིན་དུ་སྒྲུབ་པའི་ཕྱོགས་བསྟན་པའོ། །དེ་ལ་ཡང་དག་པར་བཤད་པའི་ཕྱོགས་ཀྱང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བཅུ་གཉིས་ཡོད་པ་གཉིས་ལས་རྣམ་པ་བཅུ་གཉིས་སུ་དབྱེ་སྟེ།
ཞུ་བ་གསོལ་བ་དང་། ལན་དག་གིས་ཆོས་ཀྱི་སྐུའི་མཚན་ཉིད་རབ་ཏུ་དབྱེ་བ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་སྐྱེ་བ་མེད་པར་འབྱུང་བའི་མཚན་ཉིད་བསྟན་པ་དང་། སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་བསྟན་པ་དང་། དེ་བཞིན་གཤེགས་པའི་གསུང་གི་བྱེ་བྲག་
བསྟན་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཞེས་བྱ་བ་འདི་མན་ཆད་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སྐྱེ་བའི་མཚན་ཉིད་བསྟན་པ་དང་། སྤྲུལ་པའི་སྐུ་ལ་སེམས་མངའ་འམ་མི་མངའ་བ་བསྟན་པ་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་བྱེ་བྲག་གི་མཚན་
ཉིད་བསྟན་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་གཉིས་སུ་མེད་པའི་མཚན་ཉིད་རྣམ་པ་གསུམ་བསྟན་པ་དང་། དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱི་དམིགས་པ་མཛད་པའི་བྱེ་བྲག་བསྟན་པ་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་
Vol. 120 · folio 97a
དང་། ཐེག་པ་གཉིས་ཀྱི་རྣམ་པར་གྲོལ་བའི་སྐུའི་བྱེ་བྲག་གི་སྐུའི་མཚན་ཉིད་བསྟན་པ་དང་། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱི་མཐུས་སེམས་ཅན་ཡོངས་སུ་འཛིན་པའི་མཚན་ཉིད་བསྟན་པ་དང་། ཞིང་ཡོངས་སུ་དག་པ་
དང་། ཡོངས་སུ་མ་དག་པ་གཉིས་ཀྱི་བྱེ་བྲག་གི་མཚན་ཉིད་བསྟན་པ་དང་། འདི་ནི་དང་པོ་ཞུ་བ་གསོལ་པ་དང་། ལན་དག་གིས་ཆོས་ཀྱི་སྐུའི་མཚན་ཉིད་རབ་ཏུ་དབྱེ་བའོ། །ཡང་ན་རྣམ་པ་བཅུ་གཉིས་པོ་དེ་དག་རྣམ་པ་གསུམ་དུ་བསྡུས་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་བསྟན་པ་དང་། བྱང་
ཆུབ་སེམས་དཔའ་འཇམ་དཔལ་གྱི་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་མན་ཆད་ཀྱིས་སྤྲུལ་པའི་སྐུའི་མཚན་ཉིད་བསྟན་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ཞེས་བྱ་བ་མན་ཆད་ཀྱིས་ལོངས་སྤྱོད་
རྫོགས་པའི་སྐུའི་མཚན་ཉིད་བསྟན་པའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་། འདིར་ནི་རེ་ཞིག་བཤད་པ་ཕྱི་མ་དང་སྦྱར་ནས་བཤད་པར་བྱའོ། །སྐུ་གསུམ་པོ་དེ་དག་གི་མཚན་ཉིད་ཀྱང་ཁོང་དུ་ཆུད་པར་དཀའ་བས་དེའི་ཕྱིར་འདིར་སྐུ་གསུམ་གྱི་དོན་བསྟན་ནས། དེའི་འོག་ཏུ་མདོའི་
ཚིག་གི་དོན་བཤད་པར་བྱ་སྟེ། སྐུ་གསུམ་གྱི་དོན་གྱི་མཚན་ཉིད་བསྟན་པ་དག་བཤད་པ་བཞིན་དུ་རིག་པར་བྱའོ། །ཚིག་གི་དོན་བཤད་པ་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གྱིས་ཞུ་བ་གསོལ་བ་ཉིད་དོ། །
དེ་ལ་བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་བདེན་པའི་སེམས་རྟག་པར་ཞི་ཞིང་དབེན་ལ། དགྲ་ཟུན་ཀུན་ལ་ཕན་འདོགས་ཤིང་གནོད་པ་མི་བྱེད་པའི་འཇམ་དཔལ་ཞེས་བྱའོ། །འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། འཇིག་རྟེན་པ་ཐམས་
ཅད་ཀྱིས་བསྙེན་བཀུར་བྱེད་ཅིང་མཆོད་པ་དང་ཀུན་གྱིས་བསྔགས་པ་བརྗོད་པའི་ཕྱིར་དཔལ་གྱི་དོན་དང་ལྡན་པ་ཡིན་ནོ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ནི། འདས་
Vol. 120 · folio 97b
པའི་སངས་རྒྱས་ཀླུའི་རིགས་ཀྱི་གཙོ་བོ་ཞེས་བྱ་བ་ཡིན་ནོ་ཞེས་འབྱུང་ངོ་། །འཕགས་པ་སོར་མོ་ཕྲེང་བའི་མདོ་ལས། འཕགས་པ་འཇམ་དཔལ་ནི་བྱང་ཕྱོགས་ཀྱི་སངས་རྒྱས་རབ་ཏུ་དགའ་བའི་ནོར་བུ་རིན་པོ་ཆེ་བརྩེགས་པ་ཡིན་ནོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་འདི་ཡང་དག་
པར་དེ་བཞིན་གཤེགས་པ་ཡིན་ཡང་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་གཟུགས་སུ་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་ས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་ངེས་
པར་འབྱུང་བས་གནས་སུ་གྱུར་པ་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་བསྟན་
པ་དང་། རྣམ་པར་གྲོལ་བའི་སྐུ་བསྟན་པའོ། །དངོས་པོ་ཡང་རྣམ་པ་གཉིས་ཏེ། ཆོས་ཀྱི་སྐུའི་མཚན་ཉིད་ཡང་དག་པར་བསྟན་པ་དང་། བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དུ་བསྟན་པ་སྟེ། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་བཞིར་དབྱེ་སྟེ། དེ་ལ་དང་པོ་བཅོམ་ལྡན་འདས་ཀྱིས་
འཇམ་དཔལ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི་འཆད་པ་པོ་དང་། ཉན་པ་པོ་སྨོས་སོ། །གཉིས་པ་ས་དང་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་བསྒོམས་པའི་ངེས་པར་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྐུའི་རྒྱུ་རྣམ་པ་གཉིས་ཡོད་པ་ཉིད་དུ་རབ་ཏུ་བསྟན་ཏེ། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ས་ནི་རྒྱུ་
ཡང་དག་པར་བསྒྲུབས་པས་གནས་པར་བྱ་བའི་སའོ། །ཕ་རོལ་ཏུ་ཕྱིན་པ་ནི་ས་ལ་བརྟེན་ནས་མངོན་པར་སྒྲུབ་པ་ཡང་དག་པའི་རྒྱུ་ཉིད་དེ། ཆོས་ཀྱི་སྐུ་ལ་ལྟོས་ན་ནི་གསལ་བར་བྱེད་པའི་རྒྱུ་ཡིན་ལ། རྒྱུ་གཉིས་ཀྱིས་ནི་སྐྱེད་པའི་རྒྱུ་ཡིན་ནོ། །འདིར་ནི་གསལ་བར་བྱེད་པའི་རྒྱུ་ཉིད་དུ་ཡང་དག་པར་སྟོན་ཏེ།
ཆོས་ཀྱི་སྐུ་ལ་གསལ་བར་བྱེད་པའི་ཕྱིར་རོ། །དེ་ལ་ཤིན་ཏུ་བསྒོམས་པའི་ངེས་པར་འབྱུང་བ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམས་པའི་དབང་གིས་ཉོན་མོངས་པ་ལས་ངེས་པར་འབྱུང་བའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱའོ། །དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྤྱད་པ་རྣམས་མྱ་ངན་ལས་
Vol. 120 · folio 98a
འདས་པ་དང་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་ངེས་པར་འབྱུང་བ་ཞེས་བཤད་དོ། །ཡང་ན་མྱ་ངན་ལས་འདས་པ་ལ་ངེས་པར་འབྱུང་བ་ཞེས་བྱ་སྟེ། འདིར་ཡང་ལམ་བསྒོམས་པ་ལས་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པར་གྱུར་པའི་ཕྱིར་ངེས་པར་འབྱུང་བ་
ཞེས་བྱའོ། །གཞན་ཡང་ངེས་པར་འབྱུང་བ་ཞེས་བྱ་བ་ནི་བགྲོད་པའི་དོན་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། བགྲོད་པར་བྱ་བ་མཐར་ཐུག་པའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱའོ། །བཤད་པས་ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་བགྲོད་པའི་
དོན་ཡིན་ནོ། །གསུམ་པ་གནས་གྱུར་པ་ཡང་དག་པར་བསྒྲུབ་ཅིང་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཡང་དག་པར་བསྟན་ཏོ། །དེ་ལ་གནས་གྱུར་པ་ཞེས་བྱ་བ་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཇི་སྐད་དུ། འདི་ལྟར་དེ་ཁོ་ན་ཉིད་ཀྱི་དོན་མ་ཡིན་
པ་དག་ནི་མངོན་དུ་མི་སྣང་ལ། དེ་ཁོ་ན་ཉིད་ཀྱི་དོན་ཇི་སྙེད་པ་དག་ནི་མངོན་དུ་སྣང་བའི་ཕྱིར། གནས་གྱུར་པ་ལྟ་བུའོ་ཞེས་བསྟན་པ་ལྟ་བུའོ། །དེ་ལ་ཡོངས་སུ་གྲུབ་པར་རྫོགས་པ་ཞེས་བྱ་བ་ནི་ཐ་དད་པའི་ཡོངས་སུ་རྫོགས་པ་ལས་རབ་ཏུ་དབྱེ་བའོ། །དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ།
རྒྱུའི་གནས་སྐབས་ལ་གནས་པ་གང་ཡིན་པ་དེ་ནི་རྫོགས་པ་ཞེས་བྱའོ། །འབྲས་བུའི་གནས་སྐབས་ལ་གནས་པ་གང་ཡིན་པ་དེ་ནི་ཡོངས་སུ་གྲུབ་པར་རྫོགས་པ་ཞེས་བྱ་སྟེ་ཡོངས་སུ་གྲུབ་པ་དང་ཡོངས་སུ་གྲུབ་པའི་མིང་གི་རྣམ་གྲངས་སོ། །མདོ་འདི་ཉིད་ལས་ཀྱང་དེ་གོང་དུ་དེ་བཞིན་གཤེགས་
པའི་ས་ལ་ནི་སྒྲིབ་པ་གཉིས་པོ་བཅོམ་པ་སྟེ། དགོངས་པ་ཡོངས་སུ་གྲུབ་པ་ལ་བརྟེན་ནས། ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་རྣམ་པར་གཞག་པ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། ཤེས་བྱའི་
སྒྲིབ་པ་གཏན་བཅོམ་པ་གནས་སུ་གྱུར་པས་བསྡུས་པ་གང་ཡིན་པའོ། །དེ་ཡང་ས་བཅུ་པ་ལ་ནི་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ས་ལ་ནི་ཡོངས་སུ་གྲུབ་པ་ཞེས་བྱའོ་ཞེས་བཤད་དེ། སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པ་ཐེག་པ་ཆེན་པོ་བསྡུས་
Vol. 120 · folio 98b
པའི་འགྲེལ་པ་དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་དུ་བསྟན་ཏོ། །དེ་ནི་དེ་སྐད་དུ་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་ངེས་པར་འབྱུང་བའི་ལམ་གྱི་གནས་གྱུར་པ་ཐོབ་པས། ཆོས་ཀྱི་སྐུ་མངོན་པར་གྲུབ་པ་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། འཕགས་པ་
བླ་ན་མེད་པའི་གནས་བསྟན་པའི་མདོ་ལས། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་ལས་ཀྱང་། ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་བསྒོམས་པའི་ངེས་པར་འབྱུང་བའི་ལམ་གྱི་གནས་གྱུར་པ་ཐོབ་པའི་མཚན་ཉིད་དོ་ཞེས་བཤད་དོ། །གནས་གྱུར་པའི་མཚན་
ཉིད་དེ་ཡང་རྒྱུ་ཆེར་ནི་མཚན་ཉིད་བསྟན་པ་དག་དང་། བསྟན་བཅོས་ཀུན་ལས་བཏུས་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་དང་ངོ་བོ་ཉིད་མེད་ཀྱིས་མཛད་པ་དང་། ལང་གི་ཚེ་བསྒྱུར་བ་དང་། མདོ་སྡེའི་རྒྱན་དང་། ངོ་བོ་ཉིད་མེད་པ་གསུམ་བསྟན་
པ་དང་། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །མཚན་ཉིད་དེ་ཡང་རྒྱུ་རྐྱེན་རྣམ་པ་གཉིས་ཀྱི་ཕྱིར། བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། གཉིས་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་བསྟན་ཏོ། །འདི་ཡང་
རྣམ་པ་གསུམ་སྟེ། དམ་བཅའ་བ་དང་། རྒྱུ་གཉིས་ཀྱི་མཚན་ཉིད་བསྟན་པ་དང་། ནོར་བར་གཟུང་བའི་ཉེས་པ་བསྟན་པ་སྟེ། འདི་ནི་དང་པོའོ། །སྤྲོས་པ་མེད་པའི་ཕྱིར་དང་། མངོན་པར་འདུ་བྱ་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་རྒྱུ་གཉིས་ཀྱི་མཚན་ཉིད་བསྟན་ཏེ། དང་པོ་ནི་སྤྲོས་
པ་མེད་པའོ། །གཉིས་པ་ནི་མངོན་པར་འདུ་བྱ་བ་མེད་པའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི་ཡང་དག་པ་མ་ཡིན་པ་དང་བྲལ་བ་དང་། མངོན་པར་འདུ་བྱ་བ་མེད་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། སྤྲོས་པ་དང་བྲལ་བ་དང་།
འདུས་བྱས་ཀྱི་རྣམ་པའི་མཚན་ཉིད་ཐམས་ཅད་དང་བྲལ་ཞེས་འབྱུང་ངོ་། །དེ་ལ་སྤྲོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་རྣམ་པ་བཞི་དང་། དེ་བཞིན་དུ་ཐམས་ཅད་རྟག་གོ་མི་རྟག་གོ་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་རྣམས་སོ། །དེ་ལ་མངོན་པར་འདུ་བྱ་
Vol. 120 · folio 99a
བ་ཞེས་བྱ་བ་ནི་ཐོགས་པ་དང་བཅས་པ། སྐྱེ་བ་དང་འགག་པ་ལ་སོགས་པ་ལས་དང་ཉོན་མོངས་པའི་ངོ་བོ་ཉིད་དང་། ཆོས་ཀྱི་སྐུ་དེ་ལ་ནི་སྤྲོས་པ་དང་། སྐྱེ་བ་དང་འཇིག་པ་ལ་སོགས་པ་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། འདིར་ཐེག་པ་ཆེན་པོ་བསྡུས་པའི་
འགྲེལ་པ་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་བྱས་པ་ལས། དེ་ལ་ཆོས་ཀྱི་སྐུའི་གནས་གྱུར་པའི་མཚན་ཉིད་དེ་སྒྲིབ་པ་ཐམས་ཅད་དང་བྲལ་བ། རྟག་པར་དེ་བཞིན་ཉིད་དུ་གནས་པ། རྣམ་པར་འགྱུར་བ་མེད་པའི་ཕྱིར། ལས་དང་ཉོན་མོངས་པས་མངོན་པར་འདུ་བྱས་པ་མ་ཡིན་པའོ་ཞེས་
བཤད་དོ། །གཞན་ཡང་བླ་ན་མེད་པའི་གནས་བསྟན་པའི་མདོ་ལས་ཀྱང་། རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །དང་པོ་ནི་ཚིག་གིས་བརྗོད་དུ་མེད་པ་སྟེ། ཚིག་སྤྱི་དང་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །གཉིས་པ་ནི་འཇིག་རྟེན་པའི་མཚན་ཉིད་
ཐམས་ཅད་ལས་འདས་པ་སྟེ། འཇིག་རྟེན་ན་དཔེ་ཟླ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། བསྟན་བཅོས་རྣམ་པར་བཤད་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ནི། དོན་རྣམ་པ་གསུམ་གྱིས་དེ་བཞིན་ཉིད་
བསམ་གྱིས་མི་ཁྱབ་པ་ཉིད་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ནི། འདི་ལྟར་དེ་བཞིན་ཉིད་རྣམ་པར་དག་པ་དེ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་དང་། འཇིག་རྟེན་པའི་དཔེས། དཔེར་བྱར་མེད་པའི་ཕྱིར་དང་། ཡི་གེའི་སྤྱོད་ཡུལ་མ་ཡིན་
པའི་ཕྱིར་རོ་ཞེས་འབྱུང་བ་ཡིན་ཏེ། སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་ལས། དེ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། རིག་པ་ངེས་པར་སེམས་པ་ལས་འབྱུང་བ་རྣམ་པར་རྟོག་པའི་ཤེས་པ་རྟོག་པ་དང་། དཔྱོད་པར་རྟོགས་པ་དཔེས་རབ་ཏུ་དབྱེ་བའོ། །སངས་རྒྱས་རྣམས་ནི་དེ་དག་
གི་སྤྱོད་ཡུལ་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་སྟེ། རྟོག་པ་དང་དཔྱོད་པའི་ས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་མོས་པ་བསྐྱེད་པར་བྱ་བ་ཡིན་གྱི། བསམ་པར་བྱ་བ་ནི་མ་ཡིན་ནོ་ཞེས་བཤད་དོ། །སེམས་ཅན་རྣམས་ནི་སྤྲོས་པ་ལ་མངོན་པར་ཞེན་ཅིང་མངོན་པར་འདུ་བྱ་བ་དང་
Vol. 120 · folio 99b
བཅས་པའི་ཕྱིར་རོ་ཞེས་བྱ་བས་ནི་གསུམ་པ་ནོར་པར་བཟུང་བའི་ཉེས་དམིགས་བསྟན་ཏེ། འདི་ལྟར་སེམས་ཅན་རྣམས་ཐོག་མ་མེད་པའི་དུས་ནས་ཤེས་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་ལ་ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་དང་། སྐྱེ་བ་དང་འཇིག་པ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་ལ་མངོན་
པར་ཞེན་པའི་རྒྱུ་དང་རྐྱེན་དེས་ཆོས་ཀྱི་སྐུ་ཐོབ་པར་མ་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པའི་གནས་གྱུར་པ་གང་ཡིན་པ་དེ་ཡང་ཆོས་ཀྱི་སྐུ་ལེགས་པར་བརྗོད་པར་བགྱི་འམ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྣམ་པར་གྲོལ་བའི་སྐུ་སྟོན་ཏོ། །འདི་
ཡང་རྣམ་པ་བཞིས་བསྟན་ཏེ། ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་དང་། བརྟག་པ་དང་། རྣམ་པར་བཤད་པའོ། །འདི་ནི་དང་པོ་ཞུ་བ་གསོལ་བ་སྟེ། འདི་ལྟར་ཐེག་པ་གཉིས་པོ་དེ་དག་གིས་ཉོན་མོངས་པའི་སྒྲིབ་པ་སྤངས་པས་འཐོབ་པའི་དུས་བྱས་ཀྱང་ཆོས་ཀྱི་སྐུ་ཞེས་བགྱི་བ་ལགས་སམ་
ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བུ་ཆོས་ཀྱི་སྐུ་ཞེས་བརྗོད་པར་མི་བྱའོ་ཞེས་བྱ་བ་འདི་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟེ། མྱ་ངན་ལས་འདས་པས་ཡོངས་སུ་མངོན་དུ་བྱས་པ་ཡིན་ཡང་ཆོས་ཀྱི་སྐུ་ཞེས་བརྗོད་པར་མི་བྱ་སྟེ། ཡོན་ཏན་གྱི་ཆོས་ཀྱི་གནས་སུ་
གྱུར་པ་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་འོ་ན་ཅིའི་ལུས་ལེགས་པར་བརྗོད་པར་བགྱི་ཞེས་བྱ་བ་ནི་གསུམ་པ་བསྟན་པའོ། །རིགས་ཀྱི་བུ་རྣམ་པར་གྲོལ་བའི་ལུས་ཞེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པས་ཡང་དག་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་
པ་གཉིས་ཏེ། རྣམ་པར་གྲོལ་བའི་མཚན་ཉིད་མདོར་བསྟན་པ་དང་། བྱེ་བྲག་གི་མཚན་ཉིད་བསྟན་པའོ། །འདི་ནི་དང་པོ་མདོར་བསྟན་པ་སྟེ། འདི་ལྟར་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བས་ན་རྣམ་པར་གྲོལ་བའི་ལུས་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་གྲོལ་བའི་ལུས་ཀྱི་
ཕྱིར་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་དང་མཚུངས་ཤིང་མཉམ་མོ་ཞེས་སྟོན་ཏོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་སྐུ་གཉིས་ཀྱི་བྱེ་བྲག་གི་མཚན་ཉིད་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་གྲོལ་བའི་སྐུ་ལས་བརྩམས་ནས། ཐེག་པ་གསུམ་
Vol. 120 · folio 100a
པོ་དག་བྱེ་བྲག་མེད་པར་བསྟན་པ་དང་། ཆོས་ཀྱི་སྐུ་ལས་བརྩམས་ནས་བྱེ་བྲག་ཡོད་པར་བསྟན་པའོ། །འདི་ནི་དང་པོའོ། །འདི་ལྟར་ཐེག་པ་གཉིས་པོ་དེ་དག་ཀྱང་དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པ་སྤངས་པ་དང་། བྱེ་བྲག་མེད་པའི་ཕྱིར་
དང་། སོ་སོར་བརྟགས་པ་ཐོབ་པ་ལ་ཡང་བྱེ་བྲག་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་དང་མཚུངས་ཤིང་མཉམ་མོ་ཞེས་བྱ་བ་གསུངས་སོ། །དོན་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་རྣམ་པ་གཉིས་སུ་བཤད་དེ། དེའི་
ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། དཔྱད་པ་དག་གིས་སྨྲས་པ། དེ་ནི་འདི་སྐད་དུ་བརྗོད་པར་བྱ་སྟེ། ཟབ་པ་དང་བཅས་པའི་ཆོས་ཀྱི་བདག་ཉིད་ཇི་སྙེད་ཡོད་པའི་རྗེས་སུ་སོ་སོར་བརྟགས་པ་ཡང་དེ་སྙེད་དོ། །འཆིང་བར་བྱ་བའི་དངོས་པོ་བདག་ཉིད་ཇི་སྙེད་པའི་རྗེས་སུ་
འཆིང་བ་དང་བྲལ་བའི་བདག་ཉིད་ཀྱང་དེ་སྙེད་དོ། །སེམས་རྣམས་སོ་སོར་བརྟགས་པ་ཐོབ་པ་ན་སོ་སོ་ནས་ཐོབ་པ་གཅིག་ཡིན་ནམ། འོན་ཏེ་ཐུན་མོང་བར་གྱུར་ཞེ་ན། སློབ་དཔོན་གཞན་ཁ་ཅིག་ན་རེ་སོ་སོ་ནས་ཐ་དད་པ་ཐོབ་པར་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟ་ན་མདོ་ལས་
གསུངས་པ་དེ་ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་སྟེ། ཇི་སྐད་དུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་དང་། གཞན་དགྲ་བཅོམ་པ་ལ་སོགས་པའི་རྣམ་པར་གྲོལ་བ་ནི་གཉིས་སུ་མེད་དོ་ཞེས་གསུངས་སོ་ཞེ་ན། སྨྲས་པ། ཐེག་པ་ཆེན་པོ་དག་གི་རྒྱུད་ལ་ཡོད་པའི་རྣམ་པར་གྲོལ་བ་ཐ་
དད་མོད་ཀྱི། དགེ་བ་ཉིད་དུ་རྟག་པར་མཚུངས་པའི་ཕྱིར་ཐ་དད་པ་མེད་པ་ཞེས་བསྟན་ཏོ། །གཞན་ཡང་རྒྱུད་ཀྱི་རྒྱུན་གཅིག་པ་ལ་ཐེག་པ་གསུམ་གྱི་རིགས་དང་ལྡན་པས་རྣམ་པར་གྲོལ་བས་ཐོབ་པར་མཚུངས་ཏེ། འདི་ལྟར་གཞན་གྱི་རྒྱུད་ལ་ཡོད་པའི་རྣམ་པར་གྲོལ་བ་འཐོབ་པ་ལ་ལྟོས་ནས་
སོ་སོར་ཐ་དད་པ་ཡིན་ཡང་རྒྱུད་གཅིག་ལ་ཐེག་པ་གསུམ་གྱི་རིགས་ཡོད་པ་དང་། རྣམ་པར་གྲོལ་བ་ཐོབ་པར་མཚུངས་པས་ན་ཐེག་པ་གང་ལ་བརྟེན་ནས་འཕགས་པའི་ལམ་སྐྱེ་བར་འགྱུར་བ་དེས་མྱ་ངན་ལས་འདས་པ་འདི་ཐོབ་པར་འགྱུར་བའི་ཕྱིར་རོ། །དཔྱད་པ་དག་གིས་སྨྲས་
Vol. 120 · folio 100b
པ། དེས་དེ་སྐད་སྨྲ་བའི་མི་རིགས་ཀྱི། འདི་སྐད་དུ་ཅི་ཙམ་དུ་སེམས་ཅན་གྱི་རིགས་སུ་གཏོགས་པ་རྣམས་ནི་ཟག་པ་དང་བཅས་པའི་ཆོས་རེ་རེ་ཀུན་ལས་སོ་སོར་བརྟགས་པའི་བདག་ཉིད་རེ་རེ་ཐོབ་པར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་འབྱུང་སྟེ། །དཔྱད་པ་དག་གིས་ཐུན་མོང་
དུ་འགོག་པ་རྣམས་མངོན་དུ་བྱེད་པར་བསྟན་པའི་ཕྱིར། རྣམ་པར་གྲོལ་བ་ཡང་དཔག་ཏུ་མེད་དོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་སྡེ་དག་གི་གཞུང་གིས་ནི་ཉོན་མོངས་པ་ཡང་སྤངས་ཤིང་། འགོག་པ་མངོན་དུ་བྱེད་པར་མཚུངས་པའི་ཕྱིར་བརྟགས་པ་
ཙམ་དུ་མཚུངས་པར་ཞེས་བྱ་བའི་ཚིག་བསྟན་པ་ཡིན་ནོ་ཞེས་ཟེར་ཏེ། གུད་ན་བདག་ཉིད་གཞན་ཡོད་པ་དག་གིས་མཚུངས་པ་དང་། ཐ་དད་པར་བསྟན་པ་ནི་ཡོད་པ་མ་ཡིན་ཏེ། དེའི་གཞུང་གིས་འདོད་པའི་སོ་སོར་བརྟགས་པའི་འགོག་པ་ལ་བདག་ཉིད་མེད་པའི་ཕྱིར་རོ། །འདིར་
ཡང་ཐེག་པ་ཆེན་པོའི་བསྟན་པ་ལས་ནི། དེ་བཞིན་གཅིག་ལ་སོ་སོར་བརྟགས་པའི་འགོག་པ་ཞེས་སྟོན་པའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བ་དང་མི་མཚུངས་སོ། །དེ་བཞིན་ཉིད་ལ་བརྟགས་པ་ཙམ་དུ་རྣམ་པར་གཞག་པའི་ཕྱིར་མདོ་སྡེ་པ་དག་དང་མི་མཚུངས་སོ། །ཁ་ཅིག་ན་རེ་འདིར་
གསུངས་པའི་ཆོས་ཀྱི་སྐུ་ནི་ཡེ་ཤེས་དང་། སྤངས་པ་དང་། ཆ་རྣམ་པ་ལྔའི་ཆོས་ཀྱི་སྐུ་ཡང་བསྡུ་བ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་ཡང་དག་པ་ཡིན་ནོ། །ཆོས་ཀྱི་སྐུའི་ཕྱིར་ནི་ཁྱད་པར་ཡོད་པར་བསྟན་ཏོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་
པ་ཆོས་ཀྱི་སྐུ་ལས་བརྩམས་ནས་ཁྱད་པར་ཡོད་པར་བསྟན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། མདོར་བསྟན་པ་དང་། ཡང་དག་པར་བཤད་པའོ། །འདི་ནི་མདོར་བསྟན་པ་སྟེ། སྒྲིབ་པ་གཉིས་སྤངས་པའི་ཕྱིར་དང་ཡོན་ཏན་དཔག་ཏུ་མེད་པའི་གནས་སུ་གྱུར་པའི་ཕྱིར་ཁྱད་པར་ཡོད་པར་
གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཁྱད་པར་དང་ལྡན་པའི་ཕྱིར་ནི་ཡོན་ཏན་དཔག་ཏུ་མེད་པས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ། བགྲང་བ་དང་དཔེར་བྱ་བར་ཡང་སླ་བ་མ་ཡིན་ནོ་ཞེས་བྱ་བ་འདི་གཉིས་པ་བྱེ་བྲག་ཡོད་པར་བཤད་པ་བསྟན་པ་སྟེ།
Vol. 120 · folio 101a
འདི་ལྟར་ཆོས་ཀྱི་སྐུ་ཁྱད་པར་དང་ལྡན་པའི་ཕྱིར་ཡོན་ཏན་དཔག་ཏུ་མེད་པ་ཁྱད་པར་དུ་འཕགས་པའི་བྱེ་བྲག་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་ནི། དཔེ་ལ་སོགས་པས་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་བྱའོ། །ཡང་ན་ཡོན་ཏན་དཔག་ཏུ་མེད་པའི་རྟེན་དུ་གྱུར་པས་ཁྱད་པར་
དུ་འཕགས་པ་དག་གིས་ཐེག་པ་གཉིས་ལས་བྱེ་བྲག་ཏུ་གྱུར་པས་ན། བགྲང་བ་དང་དཔེར་བྱ་བར་སླ་བ་མ་ཡིན་ཏེ། འདི་ནི་སྐུ་གཉིས་ཀྱི་བྱེ་བྲག་གི་མཚན་ཉིད་དོ། །གཞན་ཡང་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལས། དེ་ལ་ཆོས་ཀྱི་སྐུ་དང་། རྣམ་པར་གྲོལ་བའི་ལུས་ཀྱི་ཁྱད་པར་
ནི་འདི་ཡིན་ཏེ། རྣམ་པར་གྲོལ་བ་ནི་ཉོན་མོངས་པ་འཆིང་བ་དང་བྲལ་བ་ཙམ་དུ་ཟད་དེ། དཔེར་ན་གྲོང་མི་ཞིག་ལྕགས་སྒྲོག་ལ་སོགས་པའི་འཆིང་བ་དང་བྲལ་ན་སྡུག་བསྔལ་བའི་འབྲས་བུ་ཙམ་ཟད་ཀྱི། དེ་ལས་ལྷག་པའི་དབང་ཕྱུག་དང་ལྡན་པ་ནི་མ་ཡིན་པ་ལྟ་བུའོ། །ཆོས་ཀྱི་སྐུ་ནི་བག་
ཆགས་དང་བཅས་པའི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ངོ་མཚར་གྱི་ཡོན་ཏན་དུ་མས་བརྒྱན་པ་འབྱོར་པ་ཐམས་ཅད་ཀྱི་གནས་སོ། །ཅི་ལྟར་འདོད་པ་བཞིན་དུ་སྤྱོད་པས་རང་དབང་མཆོག་བརྙེས་པའོ། །དཔེར་
ན་རྒྱལ་པོའི་བུ་བཅིངས་པ་དང་བྲལ་མ་ཐག་ཏུ་སྤྱི་བོ་ནས་དབང་བསྐུར་བ་དབང་ཕྱུག་ཕུན་སུམ་ཚོགས་པ་མཆོག་དང་ལྡན་པ་ལྟ་བུའོ་ཞེས་འབྱུང་སྟེ། ལང་གི་ཚེ་བསྒྱུར་བའི་འགྲེལ་པ་ལས་ཀྱང་དེ་སྐད་བསྟན་ཏོ། །གཞན་ཡང་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཐེག་པ་
གཉིས་ཀྱིས་ཡོངས་སུ་རྫོགས་པའི་གནས་སྐབས་གང་ཡིན་པ་དེ་ནི་རྣམ་པར་གྲོལ་བའི་ལུས་ཞེས་བྱ་སྟེ། ཐུབ་པ་ཆེན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་ཕྱིར་རོ་ཞེས་བཤད་དེ། རྣམ་པར་གྲོལ་བ་གཉིས་ལ་གལ་ཏེ་བྱེ་བྲག་མེད་པ་ཡིན་ན། བསྟན་བཅོས་ཐེག་པ་ཆེན་པོ་ལ་འཇུག་པ་དེ་ཇི་
ལྟར་གོ་ཞིང་རྣམ་པར་བཤད་པར་བྱ་སྟེ། དེ་ལས་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་ཐེག་པ་གཉིས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། །བག་ཆགས་སྤངས་པའི་ཕྱིར་རོ་ཞེས་བཤད་དོ་ཞེ་ན། སློབ་དཔོན་ཧྱན་ཙང་གིས་མདོ་སྡེ་དང་། བསྟན་བཅོས་ཕན་ཚུན་བརྡ་ཕྲད་དེ་
Vol. 120 · folio 101b
བཤད་པ་ལས་ཡང་དག་པའི་དོན་དུ་ན་དེ་བཞིན་གཤེགས་པ་དང་། ཐེག་པ་གཉིས་ཀྱིས་རྣམ་པར་གྲོལ་བའི་ངོ་བོ་ཉིད་ལ་བྱེ་བྲག་མེད་ཅིང་ཉོན་མོངས་པ་སྤངས་པར་མཚུངས་ཀྱང་འགོག་པ་མངོན་དུ་བྱེད་པའི་ཕྱིར་དང་། བག་ཆགས་སྤངས་ཤིང་འགོག་པ་སྔོན་མི་མཛད་པའི་ཕྱིར་བྱེ་བྲག་ཡོད་
པར་གྱུར་པ་ཡང་ཐེག་པ་གཉིས་ཀྱིས་རྣམ་པར་གྲོལ་བ་ནི་བག་ཆགས་ད་དུང་མ་ཟད་པ་ཡིན་ལ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་བག་ཆགས་གཏན་དུ་སྤངས་པས་རབ་ཏུ་ཆེ་བ་ཡིན་པས་དེས་ན་མདོ་སྡེ་དང་བསྟན་བཅོས་དག་ལས་སོ་སོ་ནས་དོན་རེ་རེ་སྨོས་པས་ཕན་ཚུན་འགལ་
བ་མེད་དོ་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བ་འབྱུང་བའི་མཚན་ཉིད་ཇི་ལྟ་བུར་རིག་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་
པ་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་སྐྱེ་བ་འབྱུང་བའི་མཚན་ཉིད་བསྟན་པའོ། །དང་པོ་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ། འདི་ནི་དང་པོ་སྤྲུལ་པའི་སྐུའི་མཚན་ཉིད་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ།
རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་སྤྲུལ་པའི་སྐུའི་ཕྲིན་ལས་མངོན་པར་འདུ་མཛད་པ་ནི་འཇིག་རྟེན་གྱི་ཁམས་ན་རྣམ་པ་ཐམས་ཅད་འབྱུང་བ་ལྟ་བུ་དེ་བཞིན་གཤེགས་པའི་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་པ་བྱིན་གྱིས་བརླབས་པའི་མཚན་ཉིད་དེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་
པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྤྲུལ་པའི་སྐུའི་མཚན་ཉིད་བསྟན་པ་དང་། སྐུའི་བྱེ་བྲག་གི་མཚན་ཉིད་བསྟན་པ་དང་། འདི་ནི་དང་པོའོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དོན་དང་དཔེ་
དང་དོན་དུ་སྦྱར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུའི་ཕྲིན་ལས་ནི། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་མདོ་སྡེ་འདི་ཉིད་ལས། བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྐུ་ཇི་ལྟར་རིག་པར་བྱ་ཞེ་ན།
Vol. 120 · folio 102a
རིགས་ཀྱི་བུ་དེ་བཞིན་གཤེགས་པ་སྔོན་སྤྱོད་པའི་ས་ལ་གནས་པ་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཆོས་རྣམ་པ་སྣ་ཚོགས་སྒྲུབ་པར་བྱེད་དོ། །བསྒྲུབ་པའི་ཆོས་དེ་དག་ཀྱང་བསྒོམ་པ་ཡོངས་སུ་རྫོགས་པ་དང་། བསྒོམ་པའི་སྟོབས་ཀྱི་དབང་ཐོབ་པར་འགྱུར་རོ། །
དབང་ཐོབ་པའི་སྟོབས་ཀྱི་ནི་སེམས་ཅན་གྱི་མོས་པ་དང་། སེམས་ཅན་གྱི་སྤྱོད་པ་དང་། སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་རྣམ་པ་སྣ་ཚོགས་ཁོང་དུ་ཆུད་ཅིང་དུས་ལ་མི་ལྟོས་པ་དང་། དུས་དང་གནས་ལ་མི་འདའ་བར་དུས་དང་མཐུན་པ་དང་། སྤྱོད་པ་དང་མཐུན་པ་དང་། རྗེས་སུ་མཐུན་
པར་ཆོས་བསྟན་པ་དང་། རྗེས་སུ་མཐུན་པར་སྐུ་རྣམ་པ་སྣ་ཚོགས་སྟོན་པ་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུ་ཞེས་བྱའོ་ཞེས་གསུངས་སོ། །མདོ་འདི་ཡང་དེ་བཞིན་ཏེ་སྔོན་རྒྱུ་དང་སྨོན་ལམ་རྣམ་པ་སྣ་ཚོགས་བསྒྲུབ་པ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་སྣ་ཚོགས་འབྱུང་བ་ཡང་དཔེར་ན་འཇིག་
རྟེན་གྱི་ཁམས་ན་ལས་རྣམ་པ་སྣ་ཚོགས་ཀྱི་དབང་གིས་དངོས་པོ་སྣ་ཚོགས་བྱུང་ནས་སེམས་ཅན་ཡོངས་སུ་འཛིན་པར་བྱེད་པ་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་ཡང་དེ་བཞིན་དུ་སྤྱོད་པ་སྣ་ཚོགས་དང་། །ཡོན་ཏན་གྱི་རྣམ་པ་དཔག་ཏུ་མེད་པས་བརྒྱན་པ་སེམས་ཅན་སྡུད་པ་གང་ཡིན་པ་དེ་ནི་སྤྲུལ་
པའི་སྐུའི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་སྐུའི་མཚན་ཉིད་ནི་སྐྱེ་ཞིང་འབྱུང་བ་དང་བཅས་པའོ། །ཆོས་ཀྱི་སྐུའི་མཚན་ཉིད་ནི་སྐྱེ་བ་འབྱུང་བ་མེད་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བས་ནི་གཉིས་པ་སྐུ་རྣམ་པ་གཉིས་ཀྱི་བྱེ་བྲག་གི་མཚན་ཉིད་བསྟན་ཏོ། །འདི་ལྟར་སྐུ་རྣམ་པ་གཉིས་ལས་སྤྲུལ་
པའི་སྐུ་ནི་རྒྱུ་ལས་འབྱུང་བའི་ཕྱིར་སྐྱེ་བ་འབྱུང་བའི་མཚན་ཉིད་དང་བཅས་པའོ། །དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་དེ། རྟག་པ་ཡིན་པའི་ཕྱིར་སྐྱེ་བ་འབྱུང་བ་མེད་པའི་མཚན་ཉིད་དོ།། །།བམ་པོ་དྲུག་ཅུ་བདུན་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་གང་ལགས་པར་བགྱི་ལགས་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སྤྲུལ་པའི་སྐུ་བསྟན་པའི་ཐབས་ལ་མཁས་པའི་མཚན་ཉིད་བསྟན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་བསྟན་ཏེ།
Vol. 120 · folio 102b
འདི་ནི་ཞུ་བ་གསོལ་བ་ཉིད་དོ། །སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་འདི་ནི། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱ་སྟེ། དེའི་ཕྱིར་འགྲེལ་པ་དེ་ཉིད་ལས་བྱ་བ་སྒྲུབ་པའི་ཡེ་ཤེས་ལས་བྱུང་བའི་ཕྲིན་ལས་རྣམ་པ་གསུམ་སེམས་ཅན་གྱི་
དབང་པོ་དང་འཚམ་པར་གྱུར་པའི་ཕྱིར་མཁས་པ་ཞེས་བྱའོ། །སྦྱོར་བ་རྒྱུན་མི་འཆད་པའི་ཕྱིར་ཐབས་ཞེས་བྱའོ་ཞེས་བཤད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་
བདག་པོར་གྲགས་པ་འམ། སྦྱིན་གནས་ཆེན་པོར་གྲགས་པའི་ཁྱིམ་དུ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བའོ། །རྣམ་པར་བཤད་པ་ཡང་རྣམ་པ་
གཉིས་སུ་དབྱེ་སྟེ། སྤྲུལ་པ་སྟོན་པའི་གནས་བསྟན་པ་དང་། སྤྲུལ་པའི་མཚན་ཉིད་བསྟན་པ་སྟེ། འདི་ནི་དང་པོའོ། །གནས་བསྟན་པ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་གནས་སྤྱོད་ཡུལ་གྱི་སྤྱིར་བསྟན་པ་སྟེ། འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་གང་ཡིན་པ་དེ་ནི་
སྤྲུལ་པའི་སྐུ་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་པས་སོ། །གཉིས་པ་ནི་གནས་ཐ་དད་པར་སྐྱེ་བར་བསྟན་ཏེ། འདི་ལྟར་བདག་པོའི་གྲགས་པ་ནི་རྒྱལ་རིགས་ཀྱི་ཁྱིམ་མོ། །སྦྱིན་གནས་ཆེན་པོར་གྲགས་པ་ནི་བྲམ་ཟེའི་ཁྱིམ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རྒྱལ་རིགས་ཀྱི་འཁོར་
ནི་མིའི་འགྲོ་བའི་ནང་ན་མཆོག་ཏུ་བདག་པོར་གྱུར་བའི་ཕྱིར་རོ། །བྲམ་ཟེའི་འཁོར་ནི་འཇིག་རྟེན་ན་ཀུན་གྱི་སྦྱིན་གནས་སུ་གྱུར་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །དུས་གཅིག་ཏུ་མངལ་དུ་འཇུག་པ་དང་བཅས་པ་དང་། འདོད་པ་ལ་ལོངས་སྤྱོད་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ཀུན་
ཏུ་སྟོན་པ་དང་། དཀའ་བ་སྤྱོད་པ་བཏང་ནས་མངོན་པར་བྱང་ཆུབ་པའི་རིམ་པ་ཀུན་ཏུ་སྟོན་པ་གང་ཡིན་པ་གཉིས་པ་སྤྲུལ་པའི་མཚན་ཉིད་བསྟན་པའོ། །སྤྲུལ་པའི་མཚན་ཉིད་མང་ཉུང་གི་མཚན་ཉིད་བྱེ་བྲག་ཀྱང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་བླ་ན་མེད་པའི་གནས་
Vol. 120 · folio 103a
བསྟན་པའི་མདོ་ལས་ནི་མཚན་ཉིད་རྣམ་པ་བཅུ་གསུམ་སྟོན་ཏེ། དགའ་ལྡན་གྱི་གནས་སུ་སྐྱེ་བ་དང་། ལྷའི་གནས་དེ་ལས་བབས་པ་དང་། ལྷུམས་སུ་ཞུགས་པ་དང་། བལྟམས་པ་དང་། གཞོན་ནུར་གྱུར་པ་དང་། བསླབ་པ་རྣམས་སློབ་པ་དང་། སྐྱེད་མོས་
ཚལ་དུ་རྣམ་པར་རོལ་པས་སྟོན་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ཀུན་དུ་སྟོན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་བསྟན་པའོ། །
མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི་མཚན་ཉིད་རྣམ་པ་བཅུ་གཅིག་ཏུ་སྟོན་ཏེ། ལྷུམས་སུ་ཞུགས་པ་དང་། བལྟམས་པ་དང་། ཆེར་སྐྱེས་པ་དང་། འདོད་པ་ལ་ལོངས་སྤྱོད་པ་དང་། མངོན་པར་འབྱུང་བ་དང་། དཀའ་ཐུབ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་
པ་དང་། བདུད་བཏུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་འབྱུང་ངོ་། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་མཚན་ཉིད་རྣམ་པ་བཅུ་གཉིས་སུ་སྟོན་པ་ཡང་། ཕལ་ཆེར་
མཚམས་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་དང་མཐུན་པར་ཅུང་ཟད་ཅིག་ཐ་དད་པ་ནི་འདི་ལྟ་སྟེ། ཡང་ལྷུམས་སུ་གནས་པ་དང་། ཡོངས་སུ་བཏང་བ་ཆེན་པོའི་མཚན་ཉིད་ཀྱིས་བསྣན་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་བཏུལ་བ་མ་ཚང་བས་སོ། །འདིར་
མདོ་ལས་ནི་མཚན་ཉིད་རྣམ་པ་བདུན་ལས་མི་སྟོན་པས་མདོ་སྡེ་རྣམས་ལས་ལྷའི་གནས་སུ་གནས་པ་དང་། ལྷུམས་སུ་གནས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་ཞེས་གསུངས་པས་ཀྱང་བསྟན་ནས་མཚན་ཉིད་བཅུ་གཅིག་ཏུ་བྱས་ཏེ། མདོ་འདི་
བཤད་པར་བྱའོ། །དེ་ལ་ལྷའི་གནས་སུ་གནས་པ་ཞེས་བྱ་བ་ནི་བཀོད་པ་ཆེན་པོའི་མདོའི་ནང་ནས་དགའ་ལྡན་གྱི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། བཀོད་པ་ཆེན་པོ་ཞེས་བྱ་བའི་མདོ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ཕོ་
Vol. 120 · folio 103b
བྲང་ན་བཞུགས་ཤིང་རྟག་པར་ལྟ་བ་མཐུ་བོ་ཆེ་རྣམས་མཆོད་པར་བྱེད་པ་རབ་ཏུ་སྟོན་པ་གང་ཡིན་པའོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུ་གསུངས་པ་དང་། གཞན་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་དགའ་ལྡན་གྱི་ལྷ་ནི་འདོད་པའི་ཁམས་ཀྱི་ནང་ན་མཆོག་ཡིན་ཏེ། ལྷ་འོག་མ་
དག་ནི་བག་མེད་པ་དང་ལྡན་པ་ཡིན་ལྷ་གོང་མ་དག་ནི་མི་གསལ་ཞིང་རྨོངས་རྟུལ་བ་ཡིན་པས་སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུངས་པས་ནི་གོང་མ་དང་འོག་མའི་ལུས་ཐོབ་པར་འགྱུར་རོ། །སྦྱིན་པ་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་བསྒོམས་པས་ནི་དགའ་ལྡན་གྱི་ལུས་ཐོབ་པར་འགྱུར་བས།
དེའི་ཕྱིར་མཆོག་ཅེས་བྱའོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་དགའ་ལྡན་གྱི་གནས་ཁོ་ན་ནས་སྐྱེ་ཞིང་། ལྷའི་རིས་གོང་མ་དང་། འོག་མ་དག་ཏུ་མི་སྐྱེ་ཞེ་ན། སྨྲས་པ། སངས་རྒྱས་ནི་
རྟག་པར་དབུ་མའི་ལམ་ལ་གནས་པའི་ཕྱིར་དགའ་ལྡན་གྱི་ལྷ་ནི་འདོད་པའི་ཁམས་ཀྱི་ལྷའི་རིས་དྲུག་དང་། ཚངས་པའི་གནས་གོང་མ་གསུམ་དང་། འོག་མ་གསུམ་གྱི་བར་ན་གནས་ཏེ། ལྷ་དེ་ལས་བབས་ལ་གདོན་མི་ཟ་བར་ཡུལ་གྱི་དབུས་སུ་སྐྱེ་བ་དང་། ནམ་གྱི་གུང་ཐུན་ལ་
ལྷུམས་སུ་ཞུགས་པ་དང་། ནམ་གྱི་གུང་ཐུན་ལ་རབ་ཏུ་འབྱུང་བ་དང་། དབུ་མའི་ལམ་ལ་སྤྱད་དེ་སངས་རྒྱས་ཀྱི་བྱང་ཆུབ་བརྙེས་ནས་ཀྱང་དབུ་མའི་ལམ་གྱི་ཆོས་སྟོན་པ་དང་། ནམ་གྱི་གུང་ཐུན་ལ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་དང་། ཆོས་དབུ་མ་ལེགས་པར་རྟོགས་
པར་འགྱུར་བའི་ཕྱིར་ལྷའི་གནས་བར་མར་སྐྱེ་བ་ཡིན་ནོ་ཞེས་བསྟན་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་འབའ་ཞིག་ཏུ་སྐྱེ་ཞེ་ན། གཟུགས་མེད་པའི་ཁམས་
སུ་ནི་གཟུགས་མེད་པས་ཆོས་བསྟན་དུ་མེད་པའི་ཕྱིར་དེར་མི་སྐྱེའོ། །གཟུགས་ཀྱི་ཁམས་སུ་ནི་གཟུགས་ཀྱི་ཕུང་པོ་དང་ལྡན་མོད་ཀྱི། དེར་ཆོས་བཤད་དུ་ཡང་བསམ་གཏན་ལ་མངོན་པར་ཞེན་པས་དེར་མི་སྐྱེའོ། །འདོད་པའི་ལྷའི་རིས་འོག་མ་གསུམ་པོ་དག་ནི་ཉོན་མོངས་པ་སྟུག་ཅིང་
Vol. 120 · folio 104a
སེམས་རྣམ་པར་གཡེང་བ་དག་ཡིན་ལ་འདོད་པའི་ལྷའི་རིས་གོང་མ་རྣམས་ཀྱང་ཉོན་མོངས་པ་སྟུག་ཅིང་སེམས་མཉེན་པ་ཡིན་ཡང་རྣོ་བ་ཡིན་ཏེ། དགའ་ལྡན་གྱི་ལྷ་ནི་ཉོན་མོངས་པ་ཡང་སྲབ། སེམས་ཀྱང་མཉེན་ཞིང་རྣོ་བའི་ཕྱིར། དེར་སྐྱེ་བ་ཡིན་ཞེས་
བཤད་དོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ལྷའི་གནས་ཁོ་ནར་སྐྱེ་ཞེ་ན། སྨྲས་པ། དགའ་ལྡན་གྱི་ལྷའི་གནས་ཚད་ཁོ་ནས་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། འཛམ་བུ་གླིང་
གི་མི་རྣམས་སངས་རྒྱས་མཐོང་བར་འགྱུར་བའི་ལས་ཡོངས་སུ་སྨིན་པའི་དུས་ཀྱི་ཆ་གཅིག་གིས་གཅིག་བསྡུས་པས་འདི་ལྟར་མི་ཡུལ་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་སྟོང་ཕྲག་བཅུ་ན་འདུལ་བར་བྱེད་པ་དང་། འདུལ་བར་བྱ་བའི་དགེ་བའི་རྩ་བ་གདོད་ཡོངས་སུ་སྨིན་པར་
འགྱུར་བ་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷའི་ཚེའི་ཚད་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལྷའི་གནས་དེ་འབའ་ཞིག་ཏུ་སྐྱེའོ། །གལ་ཏེ་ལྷའི་གནས་འོག་མ་དག་ཏུ་སྐྱེ་བར་གྱུར་ན་ཚེའི་ཚད་ནི་ཟད་ལ་དགེ་བའི་རྩ་བ་ད་དུང་ཡོངས་སུ་སྨིན་པར་མི་འགྱུར་བའི་ཕྱིར་དེར་མི་སྐྱེའོ་
ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་ཅིའི་ཕྱིར་ལྷའི་གནས་དེ་ཉིད་དུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མིའི་ནང་དུ་གཤེགས་ཤེ་ན། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ནི་གདོན་མི་ཟ་བར་མངལ་ནས་སྐྱེ་བ་འཛིན་པ་ཡིན་ལ།
ལྷའི་འགྲོ་བ་དག་ནི་གཅིག་ཏུ་རྫུས་ཏེ་སྐྱེ་བའི་ཕྱིར་རོ། །གཞན་ཡང་ལྷ་དང་མི་ནི་ཆོས་ཀྱི་སྣོད་ཡིན་པས་གཉི་ག་བསྡུ་བའི་ཕྱིར་མིའི་ནང་དུ་གཤེགས་པ་ཡིན་ཏེ། གལ་ཏེ་ལྷའི་ནང་དུ་སྐྱེས་པར་གྱུར་ན་མིས་དེར་འགྲོ་བར་མི་ནུས་པས་སོ། །གཞན་ཡང་ལྷའི་གནས་སུ་མངོན་པར་
རྫོགས་པར་སངས་རྒྱས་ནས་མིའི་ནང་དུ་གཤེགས་ཏེ། མི་རྣམས་གདུལ་བར་མཛད་པ་ཡང་མི་རུང་སྟེ། དེ་དག་འདི་སྙམ་དུ་སངས་རྒྱས་ནི་སྤྲུལ་པ་ཡིན་ནོ་ཞེས་ཆོས་ཡང་དག་པར་འཛིན་པར་མི་འགྱུར་བའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་མི་རྣམས་ཀྱི་ནང་ན་མངོན་པར་རྫོགས་པར་
Vol. 120 · folio 104b
སངས་རྒྱས་པ་ཡིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྐྱུར་བ་ལས། འཕགས་པ་ས་བཅུའི་འགྲེལ་པ་ལས་བཤད་པའི་རྣམ་གྲངས་མང་པོ་འབྱུང་བ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །
དེ་ལ་མངལ་དུ་འཇུག་པ་ཞེས་བྱ་བ་ནི་འཕགས་པ་ཀུན་དུ་ཁྱབ་པར་གསལ་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེའི་ཚེ་བྱང་ཆུབ་སེམས་དཔས་ལྷ་རྣམས་ལ་ཆོས་བཤད་ཟིན་ནས་ལྷའི་བུ་རྣམས་ལ་ཀྱེ་ང་ཇི་ལྟ་བུའི་གཟུགས་ཀྱིས་ཡུམ་གྱི་
ལྷུམས་སུ་འཇུག་པར་རིགས་ཞེས་དྲིས་པ་དང་། དེ་དག་ལས་ཁ་ཅིག་ནི་གཞོན་ནུའི་གཟུགས་ཀྱིས་སོ། །ཁ་ཅིག་ནི་བརྒྱ་བྱིན་དང་ཚངས་པའི་གཟུགས་ཀྱིས་སོ། །ཁ་ཅིག་ནི་བྱ་གསེར་འདབ་ཅན་གྱི་གཟུགས་ཀྱིས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཚངས་པའི་མཆོག་ཏུ་དར་བ་
ཞེས་བྱ་བ་སྔོན་དྲང་སྲོང་གི་ལམ་ནས་འོངས་པ་ཞིག་གིས་ལྷ་རྣམས་ལ་སྨྲས་པ། བདག་གིས་བྲམ་ཟེའི་སྨྲང་བརྟགས་པ་ལས། དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཡུལ་གྱི་ལྷུམས་སུ་འཇུག་པ་ནི་གླང་པོ་ཆེའི་གཟུགས་མཆོག་གོ་ཞེས་བསྔགས་ཏེ། གླང་པོ་ཆེ་དེ་ཡང་དཀར་ཞིང་སོ་
དྲུག་དང་ལྡན་པ། མགོ་ཤིན་ཏུ་ལེགས་པ་གཟི་བྱིན་དང་ལྡན་པ། གཟུགས་ཁྱད་པར་དུ་འཕགས་པའོ་ཞེས་བྲམ་ཟེའི་སྨྲང་ལས་བྱུང་བ་ནི་དེ་ལྟ་བུ་ཞེས་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་སྲོག་ཆགས་གསུམ་པ། རི་བོང་དང་རྟ་དང་གླང་པོ་ཆེ་ཡོད་དེ། དེ་ལ་རི་བོང་ཆུ་ལོང་ལས་བསྒྲལ་
བ་ནི་བདག་གཅིག་པུ་ཐར་པར་ཟད་དོ། །རྟ་ནི་དཔའ་བའི་ཤུགས་དང་ལྡན་ཆུའི་གཏིང་ཟབ་བམ་མི་ཟབ་དཔག་པར་མི་ནུས་སོ། །གླང་པོ་ཆེ་ནི་གཏིང་ཟབ་ཏུ་རྟོགས་པའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་ནི་རི་བོང་དང་རྟ་འདྲ་སྟེ། འཁོར་བ་ལས་ཡང་དག་པར་འདས་ཀྱང་ཆོས་ཀྱི་རྩ་
བ་ཉིད་མི་རྟོགས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་དཔེར་ན་གླང་པོ་ཆེ་དང་འདྲ་བས་ཁམས་གསུམ་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་བསྒྲགས་ནས་འབྱུང་བའི་རྩ་བ་རབ་ཏུ་རྟོགས་པར་བྱེད་པས་གང་ལ་ཡང་མི་སྐྱོབ་པའམ། ཕན་མི་འདོགས་པ་
Vol. 120 · folio 105a
མེད་པས་སོ། །མཛོད་ཀྱི་བསྟན་བཅོས་རྙིང་འགྱུར་ལས། །དེ་ལ་སོ་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དཔེར་བསྟན་པའོ། །རྐང་པ་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའི་དཔེར་བསྟན་པའོ། །ཡན་ལག་བདུན་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་དཔེར་བསྟན་པ་ཡིན་ནོ་ཞེས་
བཤད་དོ། །སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་གླང་པོ་ཆེའི་གཟུགས་སུ་སྟོན་པ་ནི། དོན་རྣམ་པ་གསུམ་གྱིས་ཏེ། ལུས་ཆེ་བ་དང་། སོ་དྲུག་དང་ལྡན་པ་དང་། རྐང་པ་བཞིའི་ནང་ནས་མཆོག་ཏུ་གྱུར་པས་སོ། །དེའི་ལུས་ཆེ་བ་ཡང་མི་ཡུལ་ན་ཡོད་
པའི་གླང་པོ་ཆེ་ནི་ལུས་ཀྱི་ཚད་དཔག་ཚད་གཅིག་གོ། །ལྷའི་རིས་ན་ཡོད་པའི་གླང་པོ་ཆེའི་ལུས་ཀྱི་ཚད་དཔག་ཚད་དགུ་ཡོད་དོ། །འདིར་ཆེ་བ་ཞེས་བྱ་བ་ནི་ལྷའི་རིས་ན་ཡོད་པའི་གླང་པོ་ཆེ་ལ་བྱ་སྟེ། འདིས་ནི་བྱང་ཆུབ་སེམས་དཔའ་བསོད་ནམས་ཆེ་བར་བསྟན་ཏོ། །དེ་ལ་རྐང་པ་བཞིས་
ནི་སྤྱོད་པ་བཞི་པོ་ཡེ་ཤེས་དང་། བདེན་པ་དང་། འགོག་པ་དང་། རབ་ཏུ་བདེན་པ་བསྟན་ཏོ། །སོ་དྲུག་གིས་ནི་བླ་ན་མེད་པ་དྲུག་པོ་རྙེད་པ་དང་། མཐོང་བ་དང་། ཐོས་པ་དང་། བསླབ་པ་དང་། རྗེས་སུ་དྲན་པ་དང་། རིམ་གྲོ་དག་བསྟན་པའོ། །སེང་གེ་ནི་རི་དགས་ཀྱི་རྒྱལ་པོ་ཡིན་ན།
ཅིའི་ཕྱིར་སེང་གེའི་གཟུགས་སུ་མི་སྟོན་ཅེ་ན། སེང་གེ་ནི་གཅིག་ཏུ་གྲོགས་མེད་པས་འཁོར་རྗེས་སུ་འབྲང་བ་མེད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་གདོན་མི་ཟ་བར་འཁོར་བཞི་པོ་དག་རྗེས་སུ་འབྲང་བས་སོ་ཞེས་བཤད་དོ། །འཕགས་པ་མྱ་ངན་ལས་འདས་པའི་མདོ་དང་འབྲས་བུ་
སྟོན་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ནི་གླང་པོ་ཆེ་དཀར་པོ་ལ་བཅིབས་པ་ལྟ་བུར་དམིགས་ནས་ཡུམ་གྱི་ལྷུམས་སུ་འཇུག་གོ་ཞེས་བཤད་དོ། །དེ་ལ་ལྷུམས་སུ་གནས་པ་ཞེས་བྱ་བ་ནི། འཕགས་པ་དཀོན་མཆོག་བརྩེགས་པའི་མདོའི་ནང་ནས་ལྷུམས་སུ་གནས་
པའི་ལེའུ་ལས། བྱང་ཆུབ་སེམས་དཔའ་ལྷུམས་སུ་ཟླ་བ་བཅུ་གནས་པའི་གཞལ་མེད་ཁང་དེ་ནི་ཚངས་པས་ཕུལ་བ། ཆུ་མཉམ་པར་དཔག་ཚད་སུམ་བརྒྱ་ཡོད་པ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། འདོད་པའི་ཁམས་ཀྱི་ལྷའི་རིས་དྲུག་ཡོད་པ་དག་གིས་མཐོང་བར་མི་ནུས་
Vol. 120 · folio 105b
པའོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལྷུམས་སུ་འཇུག་པ་ན་སྔར་ཡུམ་གྱི་ལྷུམས་ཀྱི་གཡས་ཕྱོགས་སུ་གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀོད་པ་དེ་ལྟ་བུ་ཡོད་པར་འགྱུར་ལ། དེའི་འོག་ཏུ་གདོད་བྱང་ཆུབ་
སེམས་དཔའ་དགའ་ལྡན་གྱི་ལྷའི་གནས་ཀྱི་གཞལ་མེད་ཁང་ནས་ཡུམ་གྱི་ལྷུམས་སུ་ཞུགས་ནས་གཞལ་མེད་ཁང་དེར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་
དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས་པ་རྟག་ཏུ་ནང་པར་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་། ཆོས་ཡང་དག་པར་ཉན་པར་བྱེད་དོ། །བརྒྱ་བྱིན་ལྷའི་དབང་པོ་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་དག་དང་རྟག་པར་ཉི་མ་གུང་ལ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་
ཅིང་། ཚངས་པ་ཆེན་པོ་ལྷའི་རྒྱལ་པོ་ལ་ཡང་ཚངས་རིས་ཀྱི་ལྷ་རྣམས་དང་རྟག་པར་ཉི་མ་གུང་ལ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་། ཆོས་ཡང་དག་པར་ཉན་པར་བྱེད་དོ། །ཕྱོགས་བཅུ་ཐམས་ཅད་ནས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མཆོད་པ་བྱེད་ཅིང་
ཆོས་ཉན་པའི་ཕྱིར་དེར་འོངས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེང་གེའི་ཁྲི་ཚད་མེད་པ་སྤྲུལ་ནས་བྱང་ཆུབ་སེམས་དཔའ་དེ་དག་སོ་སོ་ནས་དེའི་སྟེང་དུ་འདུག་སྟེ། ཕན་ཚུན་དྲིས་ལན་དག་གིས་ཐེག་པ་ཆེན་པོ་བསྟན་པར་བྱེད་ཅིང་དྲི་བར་བྱེད་ཀྱང་། བཙུན་མོ་སྒྱུ་མས་མཐོང་བར་མི་ནུས་
སོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུ་ལྷུམས་སུ་གནས་པ་ན་ཡང་ལྷ་དང་མི་ས་ཡ་སུམ་ཅུ་རྩ་དྲུག་ཐེག་པ་ཆེན་པོ་ལ་དགོད་པར་བྱེད་དོ་ཞེས་གསུངས་སོ། །དེ་ལ་བཙས་པ་ཞེས་བྱ་བ་ནི་འཕགས་པ་བཀོད་པ་ཆེན་པོའི་མདོ་ལས། བལྟམས་པ་བསྟན་པའི་ལེའུ་
ལས་དེའི་ཚེ་བཙུན་མོའི་སྒྱུ་མ་བྱང་ཆུབ་སེམས་དཔའི་མཐུས་བྱང་ཆུབ་སེམས་དཔའ་རིང་པོར་མི་ཐོགས་པར་བལྟམས་པར་རིག་ནས་ལུམ་པའི་ཚལ་དུ་ཞུགས་ཏེ། ཤིང་རྣམས་ཀུན་ཏུ་བལྟས་ནས་རིན་པོ་ཆེའི་ཤིང་པླ་ཀྵའི་དྲུང་དུ་ཕྱིན་པ་དང་། ཤིང་ལ་གྱེན་དུ་བལྟས་ལག་པ་གཡས་
Vol. 120 · folio 106a
ཤར་ཕྱོགས་ཀྱི་ཡལ་ག་ལ་འཇུས་ཏེ། ལུས་བཙིར་ནས་གླལ་བ་ཙམ་གྱིས་སྐུ་དྲང་པོར་འགྲེང་བ་བཞིན་དུ་ཡུམ་གྱི་མཆན་ཁུང་གཡས་ཕྱོགས་ནས་བདེ་བར་བལྟམས་སོ། །དེའི་ཚེ་སུ་ལ་ཡང་མི་རྟེན་པར་ཤར་ཕྱོགས་སུ་གོམ་པ་བདུན་བོར་བ་ལས་གོམ་པ་བོར་བའི་
རྗེས་རེ་རེ་ལ་པདྨ་རེ་རེ་སྐྱེས་ཏེ། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་གོམ་པ་བདུན་བདུན་བོར་བ་ལས་པདྨ་བདུན་བདུན་སྐྱེས་སོ། །འདི་སྐད་དུ་ང་ནི་འཇིག་རྟེན་ན་མཆོག་ཏུ་བཙུན་ཞིང་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསྙེན་བཀུར་བྱ་བ་ཡིན་ནོ་ཞེས་
བསྒྲགས་པའི་ཚེ། སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གྲགས་པར་གྱུར་ཏོ་ཞེས་གསུངས་སོ། །གཞན་ཡང་ཀུན་དུ་གསལ་བའི་མདོ་ལས། བརྒྱ་བྱིན་ལྷའི་དབང་པོ་དང་། ལྷའི་རྒྱལ་པོ་ཡང་དེ་མ་ཐག་ཏུ་འོངས་ནས་སྤོས་རྣམ་པ་སྣ་ཚོགས་ཀྱི་ཆུས་བྱང་
ཆུབ་སེམས་དཔའི་སྐུ་བསིལ་ཏོ། །ཀླུའི་རྒྱལ་པོ་དགུས་སྟེང་ནས་སྤོས་ཀྱི་ཆུ་ཕབ་ནས་འཕགས་པའི་སྐུ་བསིལ་ཏོ་ཞེས་གསུངས་སོ། འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས་ནི། བལྟམས་མ་ཐག་ཏུ་ས་ལ་མ་རེག་པར་བརྒྱ་བྱིན་ལྷའི་དབང་པོས་བླངས་སོ། །ཀླུའི་རྒྱལ་པོ་
དགའ་བོ་དང་ཉེ་དགའ་བོས་ཆུའི་རྒྱུན་ཕབ་ནས་སྐུ་བསིལ་ཏོ། །ལྷའི་རྒྱལ་པོ་ནོར་བུ་བཟང་གིས་རིན་པོ་ཆེའི་གདུགས་ཐོགས་ནས་ཞམ་འབྲིང་བྱས་སོ། །སའི་ལྷ་དག་གིས་ནི་པདྨ་སྤྲུལ་ནས་ཞབས་ནས་བཏེག་སྟེ། ཕྱོགས་བཞིར་གོམ་པ་བདུན་བདུན་གཤེགས་སོ་ཞེས་བཤད་དོ། །འཕགས་
པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ནི། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གོམ་པ་བདུན་བདུན་དུ་བོར་ཞེ་ན། རིན་པོ་ཆེ་སྣ་བདུན་རབ་ཏུ་བསྟན་པའི་ཕྱིར་གོམ་པ་བདུན་བདུན་བོར་རོ། །སའི་ལྷ་དག་གིས་ནི་བསམ་པ་ཡོངས་སུ་བསྐང་བའི་ཕྱིར་གོམ་པ་བདུན་བོར་རོ། །བྱང་ཆུབ་ཀྱི་
ཡན་ལག་བདུན་གྱི་མཚན་ཉིད་རབ་ཏུ་བསྟན་པའི་ཕྱིར་གོམ་པ་བདུན་བོར་རོ་ཞེས་བཤད་དོ། །དེ་ལ་ཆེར་སྐྱེས་པ་ཞེས་བྱ་བ་ནི་འཕགས་པ་བཀོད་པ་ཆེན་པོའི་མདོ་ལས་ཡི་གེ་བསྟན་པའི་ལེའུ་ལས་ཇི་སྐད་དུ། ལོ་བདུན་ལོན་ནས་ཡི་གེ་བསླབ་པའི་གན་དུ་ཕྱིན་པ་དང་། སློབ་དཔོན་གྱིས་
Vol. 120 · folio 106b
བདག་ཉིད་བྱང་ཆུབ་སེམས་དཔའི་སློབ་དཔོན་དུ་མི་ལྡོམ་པ་མཐོང་ངོ་། །དེ་ནས་རྒྱལ་བུ་ཡི་གེ་རྣམ་པ་དྲུག་ཅུ་རྩ་བཞི་ལས་ཡི་གེ་ཞིག་བདག་ལ་སློབ་པར་བྱེད་ཅེས་སྨྲས་པ་དང་། དེའི་ཚེ་སྔོན་སློབ་དཔོན་མ་ཐོས་པ་ཐོས་པས་ངོ་མཚར་ཆེར་སྐྱེས་ནས། རྒྱལ་བུ་ལ་བཤད་པར་གསོལ་
བ་བཏབ་པོ་ཞེས་གསུངས་པ་དང་། གཞན་ཡང་ཞིང་ལས་བྱེད་པ་ལ་རྟོག་པའི་ལེའུ་ལས། བྱང་ཆུབ་སེམས་དཔའ་རིམ་གྱིས་ཆེར་སྐྱེས་ནས་དུས་གཞན་ཞིག་ན་འཛམ་བུའི་གླིང་གི་ཤིང་དྲུང་ན་སྐྱིལ་མོ་ཀྲུང་བཅས་ཏེ། བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་ལས་ཤིང་གཞན་
རྣམས་ཀྱི་གྲིབ་མ་ནི་ཉི་མའི་རྗེས་སུ་འཕོས་སོ། །བྱང་ཆུབ་སེམས་དཔའ་བཞུགས་པའི་ཤིང་གི་གྲིབ་མ་ནི་མི་བསྐྱོད་པར་གནས་སོ་ཞེས་གསུངས་པ་དང་། གཞན་ཡང་རྩལ་བསྟན་པའི་ལེའུ་ལས། དེའི་ཚེ་རྒྱལ་བུ་ཤཱཀྱ་ལྔ་བརྒྱ་དང་། འཕོང་དང་ཡི་གེ་དང་གྲངས་དང་། །ཕན་ཚུན་བསྣུན་པ་
ལ་སོགས་པ་རྩལ་རྣམ་པ་སྣ་ཚོགས་འགྲན་པ་ལས། ཐམས་ཅད་རྒྱལ་བར་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་གསུངས་པ་བཞིན་ནོ། །དེ་ལ་འདོད་པ་ལ་ལོངས་སྤྱོད་པ་ཞེས་བྱ་བ་ནི་འཕགས་པ་བཀོད་པ་ཆེན་པོའི་མདོ་ནས་རྩལ་བསྟན་པའི་ལེའུ་ལས་ཇི་སྐད་
དུ། དེ་ནས་ཤཱཀྱ་རྣམས་ཀྱིས་རྒྱལ་པོ་ལ་རྒྱལ་བུ་ནི་ཆེར་སྐྱེས་ཏེ་མཚན་མཁན་དག་གིས་གལ་ཏེ་རབ་ཏུ་འབྱུང་བར་འགྱུར་ན་ནི་གདོན་མི་ཟ་བར་སངས་རྒྱས་སུ་འགྲུབ་པར་འགྱུར་རོ། །གལ་ཏེ་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པས་བཙུན་མོ་
བཙལ་ཏོ་མངོན་པར་ཞེན་པར་བགྱིས་ནས་རྒྱུ་དང་རྐྱེན་དེས་རབ་ཏུ་འབྱུང་བར་མི་འགྱུར་རོ་ཞེས་གསོལ་ཏོ། །དེའི་ཚེ་གྲོང་ཁྱེར་སེར་སྐྱ་ཉིད་ན་བློན་པོ་ལག་ན་དབྱིག་པ་ཐོགས་པ་ཞེས་བྱ་བ་ཞིག་གནས་པ་དེ་ལ་བུ་མོ་གྲགས་འཛིན་མ་ཞེས་བྱ་བ་མཚན་གྱིས་བརྒྱན་པ་མཆོག་ཏུ་བྱད་བཞིན་བཟང་བ་
ཞིག་ཡོད་དེ། དེ་ནས་རྒྱལ་པོའི་ཡབ་ཀྱིས་དེ་རྒྱལ་བུའི་བཙུན་མོར་བླངས་ཏེ་ཁབ་ཏུ་བཞེས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པའི་ཆོས་དང་མཐུན་པར་བཙུན་མོ་བརྒྱད་ཁྲི་བཞི་སྟོང་གི་ནང་ན་བཞུགས་ཤིང་། འདོད་པ་ལ་ལོངས་སྤྱོད་པར་བསྟན་ཏེ། གྲགས་འཛིན་མ་ནི་
Vol. 120 · folio 107a
མཆོག་ཏུ་གྱུར་ཏོ་ཞེས་བསྟན་པ་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནི་བཙུན་མོ་དྲུག་ཁྲི་དང་ལྷན་ཅིག་ཏུ་ཕོ་བྲང་ན་བཞུགས་ཏེ། འདོད་པའི་བདེ་
བ་ལ་ལོངས་སྤྱོད་པར་གྱུར་ཏོ་ཞེས་བཤད་དོ། །དེ་ལ་མངོན་པར་འབྱུང་བ་ཞེས་བྱ་བ་ནི་འཕགས་པ་བཀོད་པ་ཆེན་པོའི་མདོ་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་གྲོང་ཁྱེར་གྱི་ཕྱི་རོལ་དུ་བྱུང་སྟེ་གཤེགས་པ་ལས་གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོར་མི་རྒན་པོ་ཞིག་དང་ཕྲད་པ་དང་། ལྷོ་ཕྱོགས་
ཀྱི་སྒོར་ནད་པ་དང་ཕྲད་པ་དང་། ནུབ་ཕྱོགས་ཀྱི་སྒོར་ཤི་བ་དང་། བྱང་ཕྱོགས་ཀྱི་སྒོར་དགེ་སྦྱོང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་ཕྲད་ནས་རབ་ཏུ་བྱུང་བའི་ཕན་ཡོན་གྱི་ཡོན་ཏན་རྒྱ་ཆེར་བཤད་པ་ཐོས་ནས། རབ་ཏུ་བྱུང་བར་གསོལ་བ་ལས་རྒྱལ་པོ་ཡབ་ཀྱིས་མ་གནང་ངོ་ཞེས་གསུངས་
པ་དང་། གཞན་ཡང་རབ་ཏུ་བྱུང་བའི་ལེའུ་ལས། དེའི་བྱང་ཆུབ་སེམས་དཔའ་ལ་ལྷ་རྣམས་ཀྱིས་ནམ་གྱི་གུང་ཐུན་ལས་མྱུར་དུ་འབྱུང་བར་བསྐུལ་བས། མོས་པ་ཅན་ལ་བཅིབས་པ་གཏོད་ཅེས་བསྒོ་བ་དང་། མོས་པ་ཅན་གྱིས་ཆེད་དུ་ཕོ་བྲང་གི་ནང་མི་རྣམས་ཀྱིས་ཐོས་པར་བྱ་བའི་ཕྱིར་སྐད་
ཆེར་ཕྱུང་བ་ལས་ནམ་མཁའི་ལྷ་རྣམས་ཀྱི་མཐུས་དེ་དག་ཐམས་ཅད་གཉིད་ལོག་པར་གྱུར་ཏེ་གང་གིས་ཀྱང་མ་ཚོར་རོ། །མོས་པ་ཅན་གྱིས་བཅིབས་པ་གཏད་ནས་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །དེར་རྟའི་རྒྱལ་པོ་ལ་བཅིབས་ནས་དང་པོར་འབྱུང་བའི་ཚེ་ཕྱོགས་བཅུར་ས་ཆེན་པོ་
རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །ནམ་མཁའ་ལ་གཤེགས་པའི་ཚེ་རྒྱལ་པོ་ཆེན་པོ་བཞིས་ནི་རྟའི་རྐང་པ་ལ་བཏེག་སྟེ་གཤེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ཡུལ་ནི་མི་ཤེས་བྱ་བ་ནས་སྔོན་གྱི་དྲང་སྲོང་རྙིང་པ་རྣམས་དཀའ་ཐུབ་སྤྱད་པའི་ཚལ་ཡོད་པར་བྱོན་ནས་ཆིབས་པ་ལས་གཤེགས་
ཏེ་མོས་པ་ཆེ་ལ་སྤྲོ་བ་བསྐྱེད་ནས་ཁྱོད་ཀན་ད་ཀ་ཁྲིད་ལ་སླར་སོང་ཤིག་ཅེས་བསྒོ་བ་དང་། དེ་ནས་མོས་པ་ཅན་སྐད་ཆེར་ཕྱུང་སྟེ་ངུས་སོ། །ཀན་ད་ཀ་ཡང་མགོ་སྨད་ལག་པ་གཉིས་བཀུག་ནས་ས་ལ་བཙུགས་ཏེ་བྱང་ཆུབ་སེམས་དཔའི་ཞབས་ལ་ལྕེས་བལྡགས་ནས་སྐད་ཕྱུང་ནས་ངུས་སོ། །བྱང་
Vol. 120 · folio 107b
ཆུབ་སེམས་དཔའ་གལ་ཏེ་སྐྲ་དང་ཁ་སྤུ་མ་བྲེགས་ན་ནི་རབ་ཏུ་བྱུང་བའི་ཆོས་མ་ཡིན་ནོ་སྙམ་ནས། མོས་པ་ཅན་ལས་རལ་གྱི་རིན་པོ་ཆེ་རལ་གྱི་བཞེས་ཏེ་ཉིད་ཀྱི་དབུ་སྐྲ་བྲེགས་སོ། །དེའི་ཚེ་གནས་གཙང་མའི་ལྷ་ཞིག །རྔོན་པ་གོས་ངུར་སྨྲིག་གྱོན་པ་ལྟ་བུར་སྤྲུལ་ནས་བྱང་ཆུབ་སེམས་དཔའི་
སྤྱན་སྔར་འགྲེང་བ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ན་བཟའ་བསྣམས་ནས་དེ་རྣམས་ཀྱི་གོས་ངུར་སྨྲིག་དེ་དང་བརྗེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དབུ་སྐྲ་བྲེགས་ཆོས་གོས་ངུར་སྨྲིག་མནབས་ནས་འདི་སྐད་དུ། བདག་དེང་གདོད་ཡང་དག་པའི་རབ་ཏུ་བྱུང་བར་གྱུར་ཏོ་
ཞེས་བཀའ་སྩལ་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །དེ་ལ་དཀའ་བ་སྤྱད་པ་ཀུན་དུ་སྟོན་པ་ཞེས་བྱ་བ་ནི། འཕགས་པ་ཀུན་དུ་གསལ་བའི་མདོའི་ནང་ནས་དཀའ་བ་སྤྱད་པའི་ལེའུ་ལས་ཇི་སྐད་དུ། ལོ་དྲུག་གི་བར་དུ་དཀའ་ཐུབ་སྤྱད་པ་གང་ཡིན་པ་དེ་
ནི། ལྷའམ་མི་གང་གིས་ཀྱང་སྤྱད་པར་མི་ནུས་ཀྱི། ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་སྤྱོད་པར་ནུས་སོ་ཞེས་གསུངས་པ་དང་། གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མུ་སྟེགས་ཅན་ལ་སོགས་པ་ནི་དཀའ་
ཐུབ་ལ་མངོན་པར་ཡིད་ཆེས་ཤིང་མངོན་པར་ཞེན་པས་ན་གལ་ཏེ་བཅོམ་ལྡན་འདས་ཀྱིས་ལོ་དྲུག་གི་བར་དུ་དཀའ་ཐུབ་རྣམས་སྤྱད་པར་མ་གྱུར་ན་གཞན་དག་མངོན་པར་ཡིད་ཆེས་པར་མི་འགྱུར་ཏེ། འདི་སྐད་དུ་རྒྱལ་བུ་བདེ་བ་ལ་གོམས་པས་དཀའ་ཐུབ་སྤྱོད་པར་མི་ནུས་སོ་ཞེས་ཟེར་བ་དང་།
གཞན་ཡང་མུ་སྟེགས་ཅན་དཀའ་ཐུབ་ལ་དགའ་བ་ཁ་ཅིག་ཟླ་བ་གསུམ་དང་། ལོ་ཕྱེད་དང་། ལོ་གཅིག་གི་བར་དུ་སྤྱོད་པར་ཟད་ཀྱི། གང་ཡང་ལོ་དྲུག་གི་བར་དུ་ཉི་མ་གཅིག་ལ་ཏིལ་འབྲུ་གཅིག་ཙམ་ཟ་ཞིང་དཀའ་ཐུབ་སྤྱོད་པ་བྱེད་པས་མུ་སྟེགས་ཅན་རྣམས་འདི་ནི་དཀའ་ཐུབ་སྤྱོད་པའི་
མཆོག་ཡིན་ནོ་སྙམ་དུ་སེམས་པས། མངོན་པར་ཡིད་ཆེས་པར་གྱུར་ནས་ཡང་དག་པའི་ལམ་ལ་འཇུག་པར་འགྱུར་བས་རྒྱུ་དང་རྐྱེན་དེས་ན་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །དེ་ལ་དཀའ་བ་སྤྱད་པ་བཏང་ནས་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི།
Vol. 120 · folio 108a
འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་ཀྱང་དཀའ་བ་སྤྱད་པ་དེས་ལམ་རྟོགས་པར་མི་འགྱུར་བར་རིག་ནས་དེ་དག་སྤངས་ཏེ། ཆུ་བོ་ནཻརཉྫ་ནར་སྐུ་བསིལ་ནས་བ་ལང་རྫི་བོ་མོ་ལས་འོ་ཐུག་གསོལ་ཏེ། བྱང་ཆུབ་ཀྱི་
ཤིང་དྲུང་དུ་གཤེགས་ནས་བདུད་སྡིག་ཅན་བཏུལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དང་། གཞན་ཡང་འཕགས་པ་ཀུན་དུ་གསལ་བའི་མདོ་ལས། ཁྱིམ་བདག་གིས་བུ་ཁྱེའུ་འདོད་པའི་ཕྱིར་འོ་ཐུག་གིས་རི་དང་ཤིང་
གི་ལྷ་དག་ལ་མཆོད་པ་བྱས་པ་ལས་དེ་བཞིན་དུ་ཁྱེའུ་བཙས་པར་གྱུར་ནས་རབ་ཏུ་དགའ་བར་གྱུར་ནས་བ་སྟོང་བཞོས་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བླུད། དེ་ནས་ཐ་མའི་འོ་མ་སྐ་བ་ལས་ཐུག་པ་བཙོས་པ་ལས་ཟངས་ཀྱི་ཁ་ནས་འདོམ་དོ་ལྷག་ཙམ་དུ་འཕགས་པ་དང་། བུ་
མོ་དེ་ཡང་ཡ་མཚན་དུ་བཟུང་ངོ་། །བྲམ་ཟེ་ཞིག་དེར་འོངས་ནས་བུ་མོ་དེ་ལ་འོ་ཐུག་དེ་ནི་སོ་སོ་སྐྱེ་བོས་བཏུང་བར་བྱ་བ་མ་ཡིན་གྱི། གང་དེ་ཉིད་དུ་མངོན་པར་འཚང་རྒྱ་བ་དེས་འོ་ཐུག་འདི་ཞུ་བར་ནུས་སོ་ཞེས་སྨྲས་སོ། །བུ་མོ་དེས་ཁྱེར་ནས་དྲང་སྲོང་བྱང་ཆུབ་སེམས་དཔའ་ལ་ཕུལ་བ་དང་། དེས་
གསོལ་མ་ཐག་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། ངས་མུ་སྟེགས་ཅན་གྱི་དཀའ་བ་སྤྱོད་མ་ནུས་པའི་སྤངས་པ་མ་ཡིན་གྱི། དཀའ་བ་སྤྱོད་པ་དེ་དག་ལས་བརྟགས་ན་མཐར་ཉོན་མོངས་པ་
རྣམས་སྤངས་ནས་ཡང་དག་པའི་ཕན་ཡོན་ཐོབ་པར་མི་ནུས་པའི་ཕྱིར། ངས་སྤངས་ནས་ཡང་དེ་ཁོ་ན་ཉིད་ཀྱི་དབུ་མའི་སྤྱོད་པ་གྱ་ནོམ་པ་སྤྱད་པས་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་སེམས་ཅན་འཁོར་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་ལས་དྲངས་པ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །དེ་
ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་སྔར་གོང་དུ་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས་གྲོང་ཁྱེར་རྩྭ་ཅན་གྱད་ཀྱི་
Vol. 120 · folio 108b
ཤིང་སཱ་ལ་ཟུང་ཅིག་གི་དྲུང་དུ་མྱ་ངན་ལས་འདས་སོ་ཞེས་གསུངས་པ་དེ་ལ། བཅོམ་ལྡན་འདས་ཅིའི་ཕྱིར་གྲོང་ཁྱེར་རྩྭ་ཅན་དུ་ཡོངས་སུ་མྱ་ངན་ལས་འདས་ཤེ་ན། སྨྲས་པ། གྲོང་ཁྱེར་རྩྭ་ཅན་ན་གནས་པའི་གྱད་རྣམས་གདུལ་བར་བཞེད་པའི་ཕྱིར་དང་། གཞན་ཡང་མུ་སྟེགས་
ཅན་སུ་བྷ་དྲ་བསྡུ་ཞིང་འདུལ་བར་བཞེད་པའི་ཕྱིར་རོ། །ཁ་ཅིག་ན་རེ་གནས་དེར་བཅོམ་ལྡན་འདས་ཡང་ནས་ཡང་དུ་སྐུ་ལུས་བཏང་བའི་ཕྱིར་ཏེ། མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་གནས་འདིར་ལན་དྲུག་
འཁོར་ལོས་སྒྱུར་བའི་ལུས་ཡོངས་སུ་བཏོང་ངོ་། །འདིར་བདུན་པ་ལ་ནི་དེ་བཞིན་གཤེགས་པའི་མངོན་པར་རྫོགས་པར་སངས་རྒྱས་ཀྱི་སྐུ་ཡོངས་སུ་བཏང་བ་ཡིན་ནོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །གཞན་ཡང་དེ་ལས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་
བཀའ་སྩལ་པ། ཁྱེད་ཤིང་སཱ་ལ་ཟུང་ཅིག་གི་དྲུང་དུ་སོང་ལ་དེ་བཞིན་གཤེགས་པའི་ཕྱིར་ཁྲི་ཤོམས་ལ་སྔས་བྱང་ཕྱོགས་སུ་སྟོན་ཅིག །དེ་བཞིན་གཤེགས་པ་ནི་དེང་གི་ནམ་གྱི་གུང་ཐུན་ལ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་
པའི་བར་དུའོ། །བཅོམ་ལྡན་འདས་ཅིའི་ཕྱིར་ཁྲི་སྟན་བཏིང་ལ་སྔས་བྱང་ཕྱོགས་སུ་སྟོན་ཅིག་ཅེས་བཀའ་སྩལ་ཞེ་ན། ཡུལ་དེའི་སྨྲ་བའི་སློབ་དཔོན་རྣམས་ཆོས་དེ་ཡིན་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་ཡུལ་དེ་སྨྲ་བའི་སློབ་དཔོན་སྔས་བྱང་ཕྱོགས་སུ་བསྟན་པའི་ཁྲི་སྟན་བཤམས་
ནས་ཉལ་བར་བྱེད་པས་བཅོམ་ལྡན་འདས་ཀྱང་དེ་བཞིན་ཏེ། འདི་ལྟར་བཅོམ་ལྡན་འདས་ནི་སྟོན་པ་རྣམས་གདུལ་བར་སྤྱོད་པའི་ཕྱིར་དང་། བླ་ན་མེད་པའི་སྟོན་པ་མཆོག་ཡིན་པའི་ཕྱིར་འདིར་བདག་གི་རྗེས་སུ་གདན་ཤོམས་ཤིག་ཅེས་གསུངས་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་འཇིག་
རྟེན་པའི་ཡང་དག་པ་མ་ཡིན་པ་ལ་བཀྲ་ཤིས་ཀྱི་དངོས་པོ་འཛིན་པ་དང་བྲལ་བ་ཡིན་པར་རབ་ཏུ་བསྟན་པར་བཞེད་པའི་ཕྱིར་ཏེ། འདི་ལྟར་ཡུལ་དེ་ན་གང་ཤི་བ་དེ་དག་ཁྲིའི་སྟེང་དུ་བཞག་ནས་མགོ་བྱང་དུ་བསྟན་ནས་ཉལ་བར་བྱེད་པས་བཅོམ་ལྡན་འདས་ནི་ཡང་དག་མ་ཡིན་པ་ལ་བཀྲ་
Vol. 120 · folio 109a
ཤིས་ཀྱི་དངོས་པོར་འཛིན་པ་ཞིག་པར་མཛད་པས་དེའི་ཕྱིར་མྱ་ངན་ལས་འདས་པར་སྔས་བྱང་དུ་ཤོམས་ཤིག་ཅེས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་བཅོམ་ལྡན་འདས་ཆོས་ཡང་དག་པ་ལ་ཤིན་ཏུ་བཀུར་བར་ཡང་དག་པར་བསྟན་པའི་ཕྱིར་ཏེ། འདི་
ལྟར་བཅོམ་ལྡན་འདས་ཀྱིས་སྔ་ནས་མྱ་ངན་ལས་འདས་པའི་འོག་ཏུ་བླ་ན་མེད་པའི་ཆོས་ཀྱི་སྒྲོན་མ་བྱང་ཕྱོགས་སུ་རབ་ཏུ་དར་ཞིང་ཡུན་རིང་དུ་གནས་པར་ཐུགས་སུ་ཆུད་པའི་ཕྱིར་དབུ་བྱང་དུ་བསྟན་ནས་གཟིམས་པ་ཡིན་ནོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ། །གཞན་ཡང་དེ་ཉིད་
ལས་འདི་སྐད་དུ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལས་ལོགས་སུ་གཤེགས་ཏེ། རྩིབ་ལོགས་གཡས་པ་ས་ལ་ཕབ་ནས་ཞབས་གཞིབས་ཏེ་དབུ་བྱང་དུ་བསྟན་ནས་སྣང་བའི་འདུ་ཤེས་དྲན་པ་དང་ཡང་དག་པའི་མཁྱེན་པ་དང་ལྡན་པར་གཟིམས་སོ་ཞེས་བྱ་བ་ནས། རྒྱ་
ཆེར་བཤད་པའི་བར་དུའོ། །ཅིའི་ཕྱིར་བཅོམ་ལྡན་འདས་གློ་གཡས་པ་ཕབ་སྟེ་གཟིམས་ཤེ་ན། སྨྲས་པ། སངས་རྒྱས་རྣམས་རི་དགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བར་གཟིམས་པར་རབ་ཏུ་བསྟན་པའི་ཕྱིར་ཏེ། མདོ་ལས་ཇི་སྐད་དུ། ཉལ་བ་ནི་རྣམ་པ་བཞི་པོ་འདི་ལྟ་སྟེ། རི་
དགས་ཀྱི་རྒྱལ་པོ་སེང་གེ་ཉལ་བ་དང་། ལྷའི་ཉལ་བ་དང་། ཡི་དགས་ཀྱི་ཉལ་བ་དང་། འདོད་པ་ལ་ཞེན་པའི་ཉལ་བའོ། དེ་ལ་སེང་གེའི་ཉལ་བ་ནི་གློ་གཡས་པས་ཉལ་བར་བྱེད་དོ། །ལྷ་ནི་གན་རྐྱལ་དུ་ཉལ་བར་བྱེད་དོ། །ཡི་དགས་ནི་ཁ་བུབ་ཏུ་ཉལ་བར་བྱེད་དོ། །འདོད་པ་ལ་
ཞེན་པ་ནི་གློ་གཡོན་པ་ས་ལ་ཕབ་ནས་ཉལ་བར་བྱེད་དོ། །བཅོམ་ལྡན་འདས་ནི་བླ་ན་མེད་པའི་སེང་གེ་ཡིན་པའི་ཕྱིར་གློ་གཡས་པས་གཟིམས་སོ། །བཅོམ་ལྡན་འདས་ཅིའི་ཕྱིར་གཟིམས་ནས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་ཀྱི་བཞུགས་ནས་ནི་མ་ཡིན་ཞེ་ན། སྨྲས་པ།
བཅོམ་ལྡན་འདས་རྒྱུ་སྤངས་པ་ཡིན་པར་རབ་ཏུ་སྤངས་པར་བཞེད་པའི་ཕྱིར་ཏེ། གལ་ཏེ་བཅོམ་ལྡན་འདས་བཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན། མ་དད་པ་དག་འདི་སྐད་དུ་འདི་སྒྱུ་བྱེད་པ་ཡིན་ཏེ། ཤི་བའི་རོ་ལ་ཙོག་པུར་འདུག་པ་ག་ལ་ཡོད་ཅེས་ཟེར་བས་སོ། །ཁ་
Vol. 120 · folio 109b
ཅིག་ན་རེ་མ་འོངས་པ་ན་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དགག་པའི་ཕྱིར་ཏེ། གལ་ཏེ་བཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན། ད་ལྟར་གྱི་དགྲ་བཅོམ་པ་ལུས་ཀྱི་ཉམས་སྟོབས་ཆུང་བ་ཉལ་ནས་ཡོངས་སུ་མྱ་ངན་ལས་འདས་པ་དག་ལ་འཇིག་རྟེན་པ་དག་དགྲ་
བཅོམ་པ་མ་ཡིན་ནོ་ཞེས་སྐུར་བར་འགྱུར་ཏེ། གལ་ཏེ་དགྲ་བཅོམ་པ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་དང་འདྲ་བ་ཅིའི་ཕྱིར་འདུག་བཞིན་དུ་ཡོངས་སུ་མྱ་ངན་ལས་མ་འདས་ཞེས་ཟེར་བས་སོ། །བཅོམ་ལྡན་འདས་ཅིའི་ཕྱིར་ནམ་གྱི་གུང་ཐུན་ཆ་ལས་ཡོངས་སུ་མྱ་ངན་ལས་འདས་ཤེ་
ན། སྨྲས་པ། དུས་དེའི་ཚེ་མཆོག་ཏུ་དབེན་པར་གྱུར་པའི་ཕྱིར་ཏེ། འདི་ལྟར་ཡུལ་དེ་ན་ཚ་བའི་དུས་སུ་ལས་བྱེད་མི་ནུས་པས་ཕལ་ཆེར་ནམ་གྱི་ཆ་སྟོད་ལ་ལས་རྣམས་བྱེད་དེ། ནམ་གྱི་གུང་ཐུན་ཁོ་ན་ལ་ཐམས་ཅད་དབེན་པ་དང་། དེ་བཞིན་གཤེགས་པ་ཡང་རྟག་པར་དབེན་པ་ལ་
དགྱེས་ཤིང་། དབེན་པའི་བསྔགས་པ་བརྗོད་པའི་ཕྱིར་ནམ་གྱི་གུང་ཐུན་ལ་མྱ་ངན་ལས་འདས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་བཅོམ་ལྡན་འདས་དུས་གཅིག་ན་དབུ་མའི་སྤྱོད་པ་ལ་དགྱེས་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའ་མཛད་པ་ན་
ལྷར་སྐྱེ་བའི་ནང་ན་ཐ་མ་ཁོ་ནར་དགའ་ལྡན་གྱི་ལྷའི་གནས་པ་བར་མར་སྐྱེས་པ་དང་། མིར་སྐྱེ་བའི་ནང་ན་ཐ་མ་ཡུལ་གྱི་དབུས་གྲོང་ཁྱེར་སེར་སྐྱར་སྐྱེས་ཏེ། ནམ་གྱི་གུང་ཐུན་ལ་མངོན་པར་བྱུང་ནས་དབུ་མའི་སྤྱོད་པ་བསྒོམས་པས་བླ་ན་མེད་པའི་བྱང་ཆུབ་བརྙེས་ནས་སེམས་ཅན་
ལ་ཕན་གདགས་པའི་ཆེད་དུ་ཡོད་པ་དང་། མེད་པ་དང་བྲལ་བ་ཉིད་དུ་གསུངས་ཤིང་། དབུ་མའི་ཆོས་དམ་པ་ལ་གནས་པས་ན། ནམ་གྱི་གུང་ཐུན་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ནས་རྒྱ་ཆེར་བཤད་པའི་བར་དུའོ་ཞེས་ཟེར་ཏེ་ཞེས་འབྱུང་བ་ལྟ་བུ་ཡིན་
ནོ། །འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ནི། དོན་རྣམ་པ་བཅུའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་པ་ཡིན་ནོ་ཞེས་བཤད་དོ། །འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དུ་བསྟན་པའི་ཕྱིར་དང་། འདུས་བྱས་ཐམས་ཅད་བདེ་བ་མ་ཡིན་པ་ཉིད་དུ་བསྟན་པའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words