འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 120 · folio 110a

ཕྱིར་དང་། མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བ་ཉིད་དུ་བསྟན་པའི་ཕྱིར་དང་། འཇིག་རྟེན་པ་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་དང་། ལྷ་དང་མི་རྣམས་ནི་གཟུགས་ཀྱི་ལུས་ལ་མངོན་པར་ཞེན་པས་ན་གཟུགས་སུ་ལུས་མི་རྟག་ཅིང་འཇིག་

པའི་ཆོས་ཅན་ཉིད་དུ་བསྟན་ཅིང་རྟག་པར་གནས་པའི་རྣམ་པར་དག་པའི་ཆོས་ཀྱི་སྐུ་གཉེར་དུ་གཞུག་པའི་ཕྱིར་དང་། མི་རྟག་པའི་མཐུ་སྟོབས་ཆེ་ཞིང་བསྒྱུར་དུ་མི་རུང་བ་ཉིད་དུ་བསྟན་པའི་ཕྱིར་དང་། འདུས་བྱས་ཀྱི་ཆོས་ཇི་ལྟར་འདོད་པ་བཞིན་དུ་མི་འགྱུར་ཞིང་རང་དབང་མེད་པ་

ཉིད་དུ་བསྟན་པའི་ཕྱིར་དང་། ཁམས་གསུམ་གྱི་ཆོས་རྣམས་ནི་སོ་མ་བཏང་བའི་སྣོད་དང་འདྲ་བས་མི་བརྟན་པ་ཉིད་དུ་བསྟན་པའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་འདས་པ་ནི་དེ་ཁོ་ན་ཉིད་མཆོག་ཡིན་ཏེ། འཇིག་པ་མེད་པ་ཉིད་དུ་བསྟན་པའི་ཕྱིར་དང་། སྐྱེ་ཤི་ཡོངས་

སུ་སྤངས་པས་བྱུང་ནས་ཞིག་པ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་ཏེ། དངོས་པོ་རྣམ་པ་འདི་བཅུས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་ས་བཅུ་པའི་འགྲེལ་པ་ལས་ནི། ཅིའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པར་

མཛད་ཅེ་ན། སེམས་ཅན་ལེ་ལོ་ཅན་བརྩོན་པའི་སེམས་ཀྱིས་ལམ་བསྒོམ་དུ་གཞུག་པའི་ཕྱིར་རོ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ནི། གཞན་ཡང་ལྷ་དང་མི་ཁ་ཅིག་ཡོངས་སུ་རྫོགས་པའི་རབ་ཏུ་དབེན་པ་ཐོས་པར་མོས་པས་ན་བྱང་ཆུབ་

སེམས་དཔའ་དེ་དག་གི་ཆེད་དུ་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་ཏོ་ཞེས་གསུངས་སོ། །དེ་ཡན་ཆད་དུ་དེ་བཞིན་གཤེགས་པས་སྤྲུལ་པ་སྟོན་པའི་མཚན་ཉིད་མདོ་ཙམ་དུ་བསྟན་ཏེ། རྒྱ་ཆེར་རྣམ་པར་དབྱེ་བ་ནི་འཕགས་པ་རྒྱ་ཆེར་རྣམ་པར་རོལ་པའི་མདོ་དང་། ཀུན་ཏུ་

གསལ་བའི་མདོ་དང་། རྒྱུ་དང་འབྲས་བུ་བསྟན་པའི་མདོ་དང་། སངས་རྒྱས་ཕལ་པོ་ཆེའི་མདོ་དང་། བཀོད་པ་ཆེན་པོའི་མདོ་ལ་སོགས་པ་ལས་བསྟན་པ་བཞིན་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་སྤྲུལ་པའི་སྐུ་སྟོན་པའི་ཐབས་ལ་མཁས་པ་

Vol. 120 · folio 110b

བཤད་པའམ་མཇུག་བསྡུ་བའི་ཕྱིར་གསུངས་པའོ།། །།བམ་པོ་དྲུག་ཅུ་བརྒྱད་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་བྱིན་གྱིས་བརླབས་པའི་

གསུང་ཁྱད་པར་དུ་ཞིག་མཆིས་ན། གསུང་དེས་འདུལ་བའི་སེམས་ཅན་ཡོངས་སུ་མ་སྨིན་པ་ནི་ཡོངས་སུ་སྨིན་པར་མཛད་ལ་ཡོངས་སུ་སྨིན་པ་ནི་དེ་དམིགས་པ་དེ་ཉིད་ཀྱིས་མྱུར་དུ་རྣམ་པར་གྲོལ་བ་ཐོབ་པར་བགྱིད་པ་ལགས་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་གསུང་གི་བྱེ་བྲག་གི་མཚན་ཉིད་

བསྟན་པ་ཞེས་སྟོན་ཏོ། །འདི་ཡང་རྣམ་པ་བཞིར་དབྱེ་སྟེ། ཞུ་བ་མདོར་གསོལ་བ་དང་། ལན་མདོར་གསུངས་པ་དང་། བརྟག་པ་དང་། རྒྱ་ཆེར་རྣམ་པར་བཤད་པའོ། །འདི་ནི་དང་པོ་ཞུ་བ་མདོར་གསོལ་བ་སྟེ། གསུང་གི་བྱེ་བྲག་གི་མཚན་ཉིད་བསྟན་པའི་མདོའི་ཚིག་འདི་

ཡང་རྣམ་པ་གསུམ་དུ་དབྱེའོ། །དེ་ཡང་འཇམ་དཔལ་ཞེས་བྱ་བ་ལ་སོགས་པ་ནི་ཞུ་བ་གསོལ་བའི་གླེང་བསླངས་པའོ། །རྣམ་པ་དུ་ཞིག་མཆིས་ན་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པའི་གྲངས་སུ་མང་ཉུང་ཞུས་པའོ། །གསུང་དེས་ཞེས་བྱ་བ་ལ་སོགས་པས་ནི་གསུང་གི་ནུས་པའི་

ཕན་ཡོན་བསྟན་པའོ། །ཞུ་བ་གསོལ་བའི་དགོངས་པ་ནི་འདི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་ལ་བརྟེན་ནས་བསྐྱེད་པ་བྱིན་གྱིས་བརླབས་པའི་འཕགས་པའི་བསྟན་པ་རྣམ་པ་དུ་ཞིག་མཆིས་ན་གསུང་དེས་ཡོངས་སུ་མ་སྨིན་པར་ཡོངས་སུ་སྨིན་པར་མཛད་ལ། གང་

ཡོངས་སུ་སྨིན་པ་ནི་རྣམ་པར་གྲོལ་བར་མཛད་ཅེས་བསྟན་པར་འགྱུར་རོ། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཀྱང་། དོན་གྱིས་མདོ་འདི་ལས་གསུངས་པ་དང་མཐུན་པར་སྟོན་ཏོ། །བསྟན་བཅོས་ཡང་དག་པར་རིག་པ་དང་རྗེས་སུ་མཐུན་པར་ལས་ནི་ཚིག་ཡོངས་

སུ་རྫོགས་པས་གསུང་གི་བྱེ་བྲག་རྣམ་པ་གསུམ་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྡེ་སྣོད་གསུམ་པོ་དེ་དག་གིས་བྱེ་བྲག་གང་ཞེ་ན། དགེ་བའི་རྩ་བ་མ་བསྐྱེད་པ་དང་། དོན་དམ་པ་ལ་སྤྲོ་བ་མེད་པ་རྣམས་སྤྲོ་བར་བྱེད་པའི་ཕྱིར་ནི་མདོ་སྡེ་གསུངས་པ་ཡིན་ནོ། །གང་སྤྲོ་བ་

Vol. 120 · folio 111a

བསྐྱེད་པ་དང་། སྤྲོ་བར་འགྱུར་བ་དག་ཡོངས་སུ་སྨིན་ཅིང་རྒྱུན་ཆད་པ་མེད་པར་བྱ་བ་རྣམས་མེད་པར་བྱ་བའི་ཕྱིར་ནི་འདུལ་བ་གསུངས་པ་ཡིན་ནོ། །ཡོངས་སུ་སྨིན་ཅིང་བྱ་བ་བྱས་པ་རྣམས་རྣམ་པར་གྲོལ་བའི་ཡང་དག་པའི་སྦྱོར་བ་ཁོང་དུ་ཆུད་པར་བྱ་བའི་

ཕྱིར་ནི་ཆོས་མངོན་པ་གསུངས་པ་ཡིན་ནོ་ཞེས་འབྱུང་ངོ་། །འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་ནི། བྱ་བ་སྒྲུབ་པའི་ཡེ་ཤེས་ལ་ཚིག་གསུམ་ཡོད་པར་སྟོན་ཏེ། འཕགས་པའི་བསྟན་པ་ལ་གཟུད་པ་དང་། ཡོངས་སུ་སྨིན་པ་དང་། རྣམ་པར་གྲོལ་བར་མཛད་པ་སྟེ། དེའི་ཕྱིར་

མདོ་དེ་ཉིད་ལས། བྱ་བ་སྒྲུབ་པའི་ཡེ་ཤེས་ཐབས་ལ་མཁས་པ་དེས་ཀྱང་འཕགས་པའི་བསྟན་པ་ལ་གཟུད་པར་མཛད། ཡོངས་སུ་སྨིན་པར་མཛད་དོ་ཞེས་གསུངས་པ་ཡིན་ནོ། །སློབ་དཔོན་ཉེ་བའི་འོད་ཀྱིས་འགྲེལ་པ་ལས་ནི། རྣམ་གྲངས་འདིས་མདོའི་ཚིག་གསུམ་བཤད་དེ། དེ་ལ་དང་

པོ་ནི་ཐོག་མ་ཁོ་ནར་ཡིད་ཆེས་པ་སྐྱེད་པར་བྱེད་པའི་ཕྱིར་སེམས་ཅན་རྣམས་འཕགས་པའི་བསྟན་པ་ལ་འཇུག་པར་མཛད་པ་ཞེས་བྱ་སྟེ། ཇི་ལྟར་རྫུ་འཕྲུལ་མངོན་པར་བསྟན་ནས་འོད་སྲུངས་ལ་སོགས་པས་བཏུལ་བ་ལྟ་བུ་སྟེ། འཕགས་པ་སངས་རྒྱས་ཀྱི་སྔོན་གྱི་སྤྱོད་པ་བསྟན་པའི་

མདོ་ལས་ཇི་སྐད་དུ་བསྟན་པ་བཞིན་ནོ། །དེའི་འོག་ཏུ་དུལ་ཞིང་ལས་སུ་རུང་བའི་ཕྱིར་ཡོངས་སུ་སྨིན་པ་ཞེས་བྱའོ། །དགེ་བའི་རྩ་བ་རྣམས་འཕེལ་ཞིང་བརྟས་པར་བྱ་བའི་ཕྱིར་རྣམ་པར་གྲོལ་བ་དང་ཆ་མཐུན་པའི་དགེ་བའི་རྩ་བ་དང་། ངེས་པར་འབྱེད་པ་དང་ཆ་མཐུན་པའི་དགེ་བའི་

རྩ་བ་དང་། ཁམས་གསུམ་པ་དང་། ངན་འགྲོ་ལས་རིགས་དང་ལྡན་པ་དང་། རིགས་མེད་པ་དག་གོ་རིམས་བཞིན་དུ་རྣམ་པར་གྲོལ་བར་མཛད་པའི་ཕྱིར་རྣམ་པར་གྲོལ་བ་མཛད་པ་ཞེས་བྱའོ། །འདི་ལྟར་བསྟན་པས་བཏུལ་བའི་སྟོབས་ཀྱིས་རིགས་དང་ལྡན་པ་གང་ཡིན་པ་དེ་དག་ནི་

འཕགས་པའི་ལམ་སྐྱེས་པས་ཁམས་གསུམ་པ་ལས་རྣམ་པར་གྲོལ་བར་མཛད་ལ། རིགས་མེད་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་པའི་དགེ་བ་བསྒྲུབ་ཏུ་བཅུག་པས་རྟག་པར་བདེ་འགྲོར་སྐྱེ་བར་མཛད་དེ། དགེ་བའི་རྩ་བ་དེ་དག་གི་ཕྱིར་ཆོས་ཡང་དག་པར་བསྟན་པས་ནི་ཁམས་གསུམ་

Vol. 120 · folio 111b

ལས་རྣམ་པར་གྲོལ་བར་མཛད་དོ། །འོད་ཟེར་བཀྱེ་ནས་སྡུག་བསྔལ་ཉེ་བར་ཞི་བར་མཛད་པས་ནི་བདེ་འགྲོ་ལ་འཇོག་པར་མཛད་དོ། །གཞན་ཡང་དེ་དག་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་སྐྱེད་པར་མཛད་པས་གོ་རིམས་བཞིན་དུ་ཚིག་གསུམ་གསུངས་སོ། །གཞན་

ཡང་རྣམ་པར་གྲོལ་བ་དང་ཆ་མཐུན་པ་དང་། ངེས་པར་འབྱེད་པ་དང་ཆ་མཐུན་པ་དང་། འཕགས་པའི་ལམ་སྐྱེད་པར་མཛད་པས་གོ་རིམས་བཞིན་དུ་ཚིག་གསུམ་གསུངས་སོ། །གཞན་ཡང་དེ་དག་མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མི་སློབ་པའི་ལམ་ལ་གཟུད་པའི་

ཕྱིར་གོ་རིམས་བཞིན་དུ་ཚིག་གསུམ་གསུངས་སོ་ཞེས་འབྱུང་ངོ་། །བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། རྣམ་པར་བཤད་པ་དང་། མདོ་སྡེའི་རྒྱན་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་ལང་གི་ཚེ་བསྒྱུར་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པ་

སྣ་ཚོགས་སུ་བཤད་པ་འབྱུང་བ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་གསུང་ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་དེ། མདོ་སྡེ་དང་། འདུལ་བ་དང་།

མ་མོའོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པས་ལན་མདོར་གསུངས་པ་སྟོན་ཏོ། །མདོའི་ཚིག་འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་སྨོས་པའོ། །མདོ་སྡེ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་སྨོས་པ་བཞིན་དུ་མིང་སྨོས་པའོ། །དེ་ལ་

མདོ་སྡེ་ཞེས་བྱ་བ་ནི་འདི་ལྟར་རིགས་པ་དང་མཐུན་ཞིང་སེམས་ཅན་གྱི་དབང་པོ་དང་འཚམ་པར་འགྱུར་བའི་ཕྱིར་མདོ་སྡེ་ཞེས་བྱའོ། །མདོ་ཞེས་བྱ་བའི་དོན་དེ་ཡང་བསྟན་པ་རྣམས་ལས་སོ་སོ་ནས་མི་མཐུན་པས་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། དོན་རྣམ་པ་གཉིས་

ཀྱིས་མདོ་སྡེ་ཞེས་བཤད་དེ། དེའི་ཕྱིར་མདོ་སྡེ་དེ་ཉིད་ལས་བརྒྱུས་པ་སྡུད་པར་བྱེད་པའི་ཕྱིར་མདོ་ཞེས་བྱ་སྟེ། འདི་ལྟར་འཕགས་པའི་གསུང་རབ་ཀྱིས་བཤད་པར་བྱ་བའི་ཕྱིར་དང་། གདུལ་བར་བྱ་བའི་སེམས་ཅན་བརྒྱུས་ཤིང་སྡུད་པར་བྱེད་པའི་ཕྱིར་རོ་ཞེས་འབྱུང་སྟེ། འདུལ་བ་

Vol. 120 · folio 112a

དུམ་བུ་བཞི་པ་ལས་ཀྱང་། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་བསྟན་པ་དང་མཐུན་པར་བཤད་དོ། །བསྟན་བཅོས་སེམས་སྣ་ཚོགས་ཀུན་ལས་བཏུས་པ་ལས་ནི་དོན་རྣམ་པ་ལྔས་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་མདོ་སྡེ་ཞེས་བྱ་བ་ནི་དོན་རྣམ་པ་

ལྔ་དང་ལྡན་ཏེ། དང་པོ་ནི་འབྱུང་གནས་ཏེ་དོན་རྣམས་འབྱུང་བར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་ཆུ་མིག་ལྟ་བུ་སྟེ་དོན་གྱི་རོ་ལ་ཟད་པ་མེད་པའི་ཕྱིར་རོ། །གསུམ་པ་ནི་རབ་ཏུ་བསྟན་པ་སྟེ་དོན་རབ་ཏུ་སྟོན་པའི་ཕྱིར་རོ། །བཞི་པ་ནི་ཐིག་ལྟ་བུ་སྟེ་ལོག་པར་ཡང་དག་པར་རབ་ཏུ་འབྱེད་

པའི་ཕྱིར་རོ། །ལྔ་པ་ནི་ཕྲེང་བ་བརྒྱུས་པ་ལྟ་བུ་སྟེ། ཆོས་རྣམས་རབ་ཏུ་བརྒྱུས་པའི་ཕྱིར་རོ། །དོན་རྣམ་པ་ལྔ་པོ་འདི་དག་ནི་མདོའི་དོན་ཅེས་བྱའོ་ཞེས་འབྱུང་ངོ་། །བསྟན་བཅོས་ལེགས་པར་མཐོང་བ་ལས་ནི། དོན་རྣམ་པ་བདུན་གྱིས་སྟོན་ཏེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །

ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། ལང་གི་ཚེ་བསྒྱུར་བ་ལས། སྡེ་སྣོད་གསུམ་པོ་འདི་དག་རེ་རེ་ལ་ཡང་བཤད་པ་མང་པོ་འབྱུང་བ་ནི་འདིར་མངས་ཀྱིས་དོགས་ནས་མ་བཤད་དོ། །དེ་ལ་འདུལ་བ་ཞེས་བྱ་བ་ནི་འདི་ལྟར་རྣམ་པར་དག་

པའི་སྡོམ་པ་དག་གིས་ཉེས་པ་རྣམ་པ་བདུན་འདུལ་བར་བྱེད་པ་འམ། དབང་པོ་དྲུག་འདུལ་བར་བྱེད་པའི་ཕྱིར་འདུལ་བ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ལེགས་པར་མཐོང་བ་ལས། ལུས་དང་ངག་གི་ལས་འདུལ་བར་བྱེད་པ་གང་ཡིན་པ་དེ་ནི་འདུལ་བའི་དོན་དུ་ཞེས་བསྟན་པ་

དང་། གཞན་ཡང་མཛོད་ཀྱི་བསྟན་བཅོས་ལས། དེ་ལ་འདུལ་བ་ཞེས་བྱ་བ་ནི་དོན་གྱིས་འདུལ་བ་བསྟན་པ་ཡིན་ཏེ། འདིའི་དབང་གིས་དབང་པོ་རྣམས་ཤིན་ཏུ་འདུལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །བསྟན་བཅོས་གཞུང་རབ་ཏུ་བསྟན་པ་དང་། ཡང་དག་པའི་རིགས་

པ་དང་རྗེས་སུ་མཐུན་པ་ལས་ཀྱང་ཕལ་ཆེར་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་བཤད་དོ། །འདུལ་བ་ནི་འདི་ལའང་མིང་གི་དོན་མང་པོ་ཡོད་པས་སོ། །དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། མདོ་ལས་ཚུལ་ཁྲིམས་ལ་ཤཱི་ལ། སྤྱོད་པ་

Vol. 120 · folio 112b

དང་། རྐང་པ་དང་། གཟེབ་ཅེས་དང་། བྱ་ཞེས་གང་གསུངས་པ་དེ་ལ། ཤཱི་ལ་ཞེས་བྱ་བ་ནི་བསིལ་བར་བྱེད་པའི་དོན་ཡིན་ཏེ། འདི་ལྟར་ཉེས་པ་དག་གིས་ལུས་དང་སེམས་ཀུན་དུ་གདུང་བར་བྱེད་པ་ཡིན་ལ། ཚུལ་ཁྲིམས་ཀྱིས་ནི་བདེ་ཞིང་ཞི་བར་བྱེད་པའི་ཕྱིར་བསིལ་བྱེད་

ཅེས་བྱའོ། །གཞན་ཡང་ཉེས་པ་དག་གིས་ངན་འགྲོའི་ཤིན་ཏུ་གདུང་བ་འདྲེན་པར་བྱེད་པ་ཡིན་ལ་ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོ་འདྲེན་པའི་ཕྱིར་བསིལ་བར་བྱེད་ཅེས་བྱའོ། །དེ་ལ་ཚུལ་ཁྲིམས་ལ་སྤྱོད་པ་ཞེས་བྱ་བ་ནི་འདི་ལྟར་འཇིག་རྟེན་ན་ཚུལ་ཁྲིམས་ལ་སྤྱོད་པ་ཞེས་བརྗོད་པས་ན། དེའི་

ཕྱིར་ཚུལ་ཁྲིམས་དང་ལྡན་པ་མཐོང་ན། འདི་ནི་སྤྱོད་པ་དང་ལྡན་པའོ་ཞེས་ཟེར་ལ། ཚུལ་ཁྲིམས་ཞིག་པ་དག་མཐོང་ན་འདི་ནི་སྤྱོད་པ་མེད་པས་སོ་ཞེས་ཟེར་བས་སོ། །གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་དང་ལྡན་པ་གང་ཡིན་པ་དེ་ནི་སྤྱོད་པ་མང་པོའི་གཞི་ཡིན་པས་མྱ་ངན་

ལས་འདས་པར་ཕྱིན་པར་བྱེད་པའི་ཕྱིར་སྤྱོད་པ་ཞེས་བྱའོ། །དེ་ལ་ཚུལ་ཁྲིམས་ལ་རྐང་པ་ཞེས་བྱ་བ་ནི་བདེ་འགྲོར་འགྲོ་ཞིང་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཕྱིར་ཇི་ལྟར་རྐང་པ་དང་ལྡན་པ་དག་ཡ་ང་བ་སྤངས་ནས་གནས་བདེ་བར་འགྱུར་ཞིང་ཕྱིན་པར་འགྱུར་བ་བཞིན་དུ།

ཚུལ་ཁྲིམས་ཡོངས་སུ་དག་པ་དང་ལྡན་པ་ཡང་ངན་འགྲོ་ལས་ཡང་དག་པར་འདས་ནས་ལྷ་དང་མིའི་གནས་སུ་སྐྱེ་བར་འགྱུར་བས་སོ། །ཡང་ན་འཁོར་བ་ལས་ཡང་དག་པར་འདས་ནས། མྱ་ངན་ལས་འདས་པའི་འགྲམ་དུ་ཕྱིན་པར་བྱེད་པའི་ཕྱིར་རྐང་པ་ཞེས་བྱའོ། །དེ་ལ་ཚུལ་

ཁྲིམས་ལ་གཟེབ་ཅེས་བྱ་བ་ནི་ཡོན་ཏན་གྱི་ཆོས་ཐམས་ཅད་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་ཏེ། འདི་ལྟར་ཚུལ་ཁྲིམས་དང་ལྡན་པས་ཡོན་ཏན་ཡོངས་སུ་ལྡན་ཅིང་མི་ཉམས་པ་དང་། སྟོར་བར་མི་འགྱུར་བར་བྱེད་པ་ནི་དཔེར་ན་གཟེབ་ཀྱི་རིན་པོ་ཆེ་ཡོངས་སུ་འཛིན་པར་བྱེད་པ་དང་

མཚུངས་པས་སོ། །བཙུན་པ་རབ་དབྱངས་ན་རེ། ཚུལ་ཁྲིམས་ནི་འཇིག་པར་མི་འགྱུར་བ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་རྐང་པ་ཉམས་པ་མེད་པས་རང་དབང་ཁོ་ནར་བདེ་བའི་གནས་སུ་འགྲོ་བ་བཞིན་དུ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་ལྡན་པའང་དེ་བཞིན་དུ་མྱ་ངན་ལས་

Vol. 120 · folio 113a

འདས་པར་འགྲོ་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་མཛོད་ཀྱི་བསྟན་བཅོས་ལས། སོ་སོར་ཐར་པའི་སྡོམ་པའི་མིང་བྱེ་བྲག་ཏུ་གྱུར་པ་ནི་འདི་ལྟ་སྟེ། ཉམ་ངའི་ལས་རྣམས་མཉམ་པ་

ཉིད་དུ་དབྱེ་བའི་ཕྱིར་ཤཱི་ལ་ཞེས་བྱའོ། །མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་སྤྱོད་པ་མཆོག་ཅེས་བྱའོ། །རང་གི་ངོ་བོ་ཉིད་བྱེད་པའི་ཕྱིར་ལས་ཞེས་བྱའོ། །ལུས་དང་ངག་བསྲུང་བའི་ཕྱིར་སྡོམ་པ་ཞེས་བྱའོ་ཞེས་འབྱུང་སྟེ། བསྟན་བཅོས་གཞུང་རབ་ཏུ་བསྟན་པ་དང་ཡང་དག་པའི་

རིགས་པ་ལས་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་སྟོན་ཏོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་ཚུལ་ཁྲིམས་ནི་འདི་ལྟ་སྟེ། འཆལ་བའི་ཚུལ་ཁྲིམས་ཀྱི་ཁ་ན་མ་ཐོ་བས་ཀུན་དུ་གདུངས་པ་ཉེ་བར་ཞི་བའི་ཕྱིར་དང་། གཞན་ཡང་རྣམ་པར་

དག་པའི་དོན་དང་ལྡན་པའི་ཕྱིར་རོ། །སྡོམ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། སྤོང་བའི་རང་བཞིན་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས། ཉེས་པ་རྣམས་ཞི་བར་བྱེད་པས་འདུལ་བ་ཞེས་བཤད་དོ། །དེ་ལྟར་མི་

མཐུན་པའི་མིང་མང་པོ་ཡོད་ཀྱང་དེ་དག་ཐམས་ཅད་ནི་འདུལ་བའི་བྱེ་བྲག་གི་མིང་ཡིན་ནོ། །དེ་ལ་མ་མོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་བསྐྱེད་པ་དང་། རབ་ཏུ་སྟོན་པར་བྱེད་པའི་ཕྱིར་མ་མོ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་ལས།

གཏན་ལ་ཕབ་པར་བསྟན་པ་ལ་ཡང་མ་མོ་ཞེས་བྱ་བ་སྟེ། མདོ་སྡེ་གཞན་དག་གི་དོན་རྣམ་པར་བཤད་པ་ན་འདིས་མ་མོ་བྱེད་པའི་ཕྱིར་རོ་ཞེས་བཤད་དོ། །དཔེར་ན་ཡི་གེའི་མ་མོས་ཡི་གེ་རྣམས་སྐྱེད་པར་བྱེད་པ་བཞིན་ནོ། །ཤེས་པ་ཐམས་ཅད་སྐྱེད་པར་བྱེད་པའི་ཕྱིར་ཡང་མ་མོ་

ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། མདོ་སྡེ་རབ་ཏུ་རྣམ་པར་དབྱེ་བའི་ཕྱིར་མདོ་སྡེ་བཞི་པོ་འདི་དག་ལས་ལྷག་པར་བཤད་པ་གང་ཡིན་པ་དེ་ལས་བརྩམས་ཏེ། མདོ་སྡེའི་མ་མོ་དེ་བཞིན་གཤེགས་པས་བསྡུས་ཤིང་དེ་བཞིན་གཤེགས་པས་བསྟན་ལ་

Vol. 120 · folio 113b

བསྔགས་ཤིང་བརྗོད་པའི་གཙུག་ལག་བསྟན་པར་བྱ་སྟེ། དཔེར་ན་མ་མོ་བྱེད་པའི་ཡི་གེ་རྣམས་གསལ་བ་མ་ཡིན་པ་དེ་བཞིན་དུ་མ་མོས་ཡོངས་སུ་མ་ཟིན་པའི་མདོ་སྡེ་རྣམས་ནི་དོན་མི་གསལ་བ་ཡིན་ནོ། །དེ་ལས་བཟློག་པ་ནི་དོན་གསལ་བ་ཡིན་ཏེ། དེ་བས་ན་མ་མོ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་

ཡང་བསྟན་བཅོས་རྣམ་པར་བཤད་པ་ལས། གཏན་ལ་ཕབ་པར་བསྟན་པ་ནི་འདི་ལྟ་སྟེ། མདོ་སྡེ་རྣམས་ལས་མ་མོ་བསྡུ་བར་བྱ་བ་གང་ཡིན་པ་རྣམས་ཏེ། རེ་ཞིག་དཔེར་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་དག་ནི་མ་མོ་ཞེས་བྱའོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་ཆོས་

རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་རྒྱ་ཆེར་རྣམ་པར་ཕྱེ་བ་གང་ཡིན་པ་རྣམས་དང་། གཞན་ཡང་སློབ་པ་རྣམས་ལས་གང་གིས་འཕགས་པ་གནས་མཐོང་བ་དག་གིས་རང་གི་རིགས་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པར་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་སྟོན་པར་བྱེད་པ་དེ་དག་ལའང་

མ་མོ་ཞེས་བྱའོ། །མ་མོ་དེ་ཉིད་ལ་ཆོས་མངོན་པ་ཞེས་བྱ་སྟེ། དཔེར་ན་འཇིག་རྟེན་པའི་ཡི་གེ་དང་རྩིས་དང་། གཙུག་ལག་ཐམས་ཅད་ལ་མ་མོ་ཡོད་པ་ལྟར། མདོ་དག་ལས་ཆོས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་བརྗོད་པ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཞན་ཡང་

དཔེར་ན་འཇིག་རྟེན་ན་གལ་ཏེ་ཡི་གེ་རྣམས་ལ་མ་མོ་མེད་ན་ཡི་གེ་རྣམས་གསལ་བར་མི་འགྱུར་ཏེ། དེ་བཞིན་དུ་གསུང་རབ་ཡན་ལག་བཅུ་གཉིས་ལའང་། གལ་ཏེ་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་རྣམ་པར་གཞག་པ་མེད་ན་ནི་ཆོས་རྣམས་གསལ་བར་མི་འགྱུར་ལ། གལ་ཏེ་རྣམ་པར་

བཞག་ན་ཆོས་རྣམས་ཀྱི་མཚན་ཉིད་གསལ་བར་འགྱུར་བས་སོ། །གཞན་ཡང་ཆོས་འདྲེས་པ་མེད་པའི་མཚན་ཉིད་རབ་ཏུ་སྟོན་པའི་ཕྱིར། མ་མོ་དེ་ཉིད་ལ་ཆོས་མངོན་པ་ཞེས་ཀྱང་བྱའོ། །མ་མོ་འདི་ལས་གཞན་པ་མདོ་སྡེ་རྣམས་ཀྱི་དོན་སྟོན་པ་གང་ཡིན་པ་དེ་དག་ནི་གཏན་ལ་ཕབ་

པར་བསྟན་པ་ཞེས་བྱའོ་ཞེས་འབྱུང་ངོ་། །མདོ་སྡེའི་མ་མོ་དང་། འདུལ་བའི་མ་མོ་དང་། ཆོས་ཀྱི་མཚན་ཉིད་ཀྱི་མ་མོ་གསུམ་པོ་དག་གི་བྱེ་བྲག་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཞིབ་ཏུ་བསྟན་པ་བཞིན་དུ་རིག་པར་བྱའོ། །མ་མོ་དེ་དག་ལ་ཡང་མིང་མང་དུ་ཡོད་པས་

Vol. 120 · folio 114a

ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་ལས། ཆོས་མངོན་པ་ནི་མངོན་དུ་གྱུར་པའི་ཆོས་ཞེས་ཀྱང་བྱ་སྟེ། ཆོས་འདིས་མི་གནས་པའི་མྱ་ངན་ལས་འདས་པ་མངོན་པར་བྱེད་ཅིང་། བདེན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་

ཆོས་དང་། རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པའི་ཕྱིར་རོ། །རྒྱུན་མི་འཆད་པའི་ཆོས་ཞེས་ཀྱང་བྱ་སྟེ། ཆོས་རེ་རེ་ལའང་རྒྱུན་འཆད་པ་མེད་པར་ཡང་ནས་ཡང་དུ་ངེས་པའི་ཚིག་དང་། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ལ་སོགས་པ་དཔག་ཏུ་མེད་པའི་བྱེ་བྲག་སྟོན་

པའི་ཕྱིར་རོ། །ཟིལ་གྱིས་གནོན་པའི་ཆོས་ཞེས་ཀྱང་བྱ་སྟེ། སྨྲ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་འདིས་གཞན་དག་གི་སྨྲ་བ་ལ་མཆོག་ཏུ་གྱུར་པའི་ཕྱིར་རོ། །རྟོགས་པའི་ཆོས་ཞེས་ཀྱང་བྱ་སྟེ། འདིའི་དབང་གིས་མདོའི་དོན་རྟོགས་པར་འགྱུར་བའི་ཕྱིར་རོ་ཞེས་འབྱུང་ངོ་། །ལང་

གི་ཚེ་བསྒྱུར་བའི་འགྲེལ་པ་ལས་ཀྱང་དེ་སྐད་བསྟན་ཏོ། །བཅོམ་ལྡན་འདས་མདོ་སྡེ་ནི་གང་ལགས། འདུལ་བ་ནི་གང་ལགས། མངོན་པ་ནི་གང་ལགས་ཞེས་བྱ་བ་ནི་གསུམ་པ་གསུམ་པོ་དག་གི་མཚན་ཉིད་གང་ཡིན་པ་བསྟན་པའོ། །འཇམ་དཔལ་གང་དུ་ངས་བསྡུ་བའི་དངོས་

པོའི་དབང་དུ་བྱས་ནས་ཆོས་བསྟན་པ་དེ་ནི་མདོ་སྡེ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་བདག་གི་མཚན་ཉིད་རྒྱ་ཆེར་རྣམ་པར་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ་གསུམ་པོ་དག་གི་མཚན་ཉིད་རྒྱ་ཆེར་རྣམ་པར་བཤད་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་

གྱིས་ཀྱང་ཞེས་བྱ་བ་ནས། ཐུན་མོང་བའི་གཟུགས་ཞེས་བྱ་བའི་བར་དག་གིས་སྡེ་སྣོད་གསུམ་པོ་དག་གི་ཐུན་མོང་མ་ཡིན་པ་གཟུགས་བསྟན་པའོ། །དང་པོ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། མདོ་སྡེ་རྣམ་པར་བཤད་པ་དང་། འདུལ་བ་བཤད་པ་དང་། མ་མོ་རྣམ་པར་བཤད་

པའོ། །འདི་ནི་དང་པོ་མདོ་སྡེ་རྣམ་པར་བཤད་པ་སྟེ། འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ལྟ་སྟེ། མཚན་ཉིད་མདོར་སྨོས་པ་དང་། སྒོ་རྣམ་པ་གསུམ་དུ་རབ་ཏུ་དབྱེ་བ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་དང་པོ་མདོ་སྡེའི་མཚན་ཉིད་སྨོས་

Vol. 120 · folio 114b

པའོ། །དེ་ལ་གང་དུ་ཞེས་བྱ་བ་ནི་མདོ་སྡེ་ཉིད་གནས་སུ་བསྟན་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་གཤེགས་ཉིད་དེ། ཕུང་པོ་ལྔ་ལ་བཏགས་པ་ཙམ་གང་ཡིན་པའོ། །དངོས་པོ་ནི་ངོ་བོ་ཉིད་ཀྱི་དངོས་པོ་ཉིད་དེ་བསྡུ་བའི་དངོས་པོ་བཞི་ལ་སོགས་པའོ། །འདི་ལྟར་མདོ་ནི་

དངོས་པོ་རྣམས་བསྡུས་པ་དག་གི་ཆོས་རྣམས་རྟོགས་པས་ན་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ངས་བསྡུ་བའི་དངོས་པོའི་དབང་དུ་བྱས་ནས་ཆོས་རྣམས་བསྟན་པ་དེ་ནི་མདོ་ཞེས་བྱ་བའོ་ཞེས་གསུངས་པ་ཡིན་ནོ། འདི་ལྟ་སྟེ། དངོས་པོ་བཞིའི་དབང་དུ་བྱས་པའམ། དངོས་པོ་དགུའི་

དབང་དུ་བྱས་པ་འམ། དངོས་པོ་ཉི་ཤུ་རྩ་དགུའི་དབང་དུ་བྱས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་པ་སྒོ་རྣམ་པ་གསུམ་རབ་ཏུ་དབྱེ་བའོ། །འདི་ལྟར་བསྡུ་བའི་དངོས་པོ་ནི་རྣམ་པ་གསུམ་ཡོད་དོ། །དངོས་པོ་བཞི་དང་། དངོས་པོ་དགུ་དང་། དངོས་པོ་ཉི་ཤུ་རྩ་དགུ་གང་ཡིན་

པའོ། །དངོས་པོ་བཞི་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདིའང་དངོས་པོ་གསུམ་རྣམ་པར་བཤད་པ་ཉིད་ལས་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའི་དངོས་པོ་བཞི་རྣམ་པར་བཤད་པའོ། །འདི་

ཡང་ཞུ་བ་གསོལ་བ་དང་ལན་དུ་གསུངས་པ་བསྟན་ཏེ། འདི་ནི་ཞུ་བ་གསོལ་བའོ། །ཐོས་པའི་དངོས་པོ་དང་། སྐྱབས་སུ་འགྲོ་བའི་དངོས་པོ་དང་། བསླབ་པར་བྱ་བའི་དངོས་པོ་དང་། བྱང་ཆུབ་ཀྱི་དངོས་པོའོ་ཞེས་བྱ་བ་ནི་གཉིས་པ་ལན་གསུངས་པའོ། །དངོས་པོ་འདི་

བཞི་རྣམ་པར་བཤད་པ་བསྡུས་པ་དང་། རྒྱས་པར་རྣམ་པར་དབྱེ་བ་ནི་བསྟན་བཅོས་རྣམ་པར་བཤད་པ་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ལ་གསུམ་སྟེ་བསྟན་པ་ནི་བསྟན་བཅོས་དེ་ཉིད་ཀྱི་ཚིག་ལེའུར་བྱས་པ་ལས་ཇི་སྐད་དུ་གསུང་རབ་ཡན་ལག་བཅུ་

གཉིས་པོ་དག་ནི་སྡེ་སྣོད་གསུམ་དང་ལྡན་ཏེ། དམ་པ་མཆོག་གསུམ་ལ་ནི་སྐྱབས་སུ་འགྲོ་བ་དང་། བསླབ་པ་གསུམ་པོ་དག་དང་བྱང་ཆུབ་གསུམ། །སེམས་ཅན་རྣམ་དག་ཐོབ་བྱའི་ཕྱིར་ནི་གསུངས། །ཞེས་བསྟན་པ་ལྟ་བུའོ། །འདི་ཉིད་ཀྱི་འགྲེལ་པ་ལས། དེ་ལ་ཐོབ་པ་ཞེས་

Vol. 120 · folio 115a

བྱ་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཐོབ་པ་གང་ཡིན་པའོ། །གསུང་རབ་ཡན་ལག་བཅུ་གཉིས་པོ་དག་ནི་སྡེ་སྣོད་གསུམ་དང་ལྡན་ཏེ། དེ་ལ་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་

དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་འབྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་དུ་རྒྱས་པ་དང་། རྨད་དུ་བྱུང་བའི་སྡེ་གང་ཡིན་པ་དེ་དག་ནི་མདོ་སྡེའི་སྡེ་སྣོད་དོ། །དེ་ལ་གླེང་གཞིའི་སྡེ་གང་ཡིན་པ་དེ་ནི་འདུལ་བའི་སྡེ་སྣོད་ཉིད་དོ། །དེ་ལ་གཏན་ལ་ཕབ་པར་བསྟན་པའི་

སྡེ་གང་ཡིན་པ་དེ་ནི་ཆོས་མངོན་པའི་སྡེ་སྣོད་ཉིད་དོ་ཞེས་འབྱུང་སྟེ། གསུང་རབ་ཡན་ལག་བཅུ་གཉིས་ནི་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་དེ་ཉིད་ལས། དམ་པ་མཆོག་གསུམ་ལ་ནི་སྐྱབས་སུ་འགྲོ་བ་དང་། །ཞེས་བྱ་བ་ནི་འདི་ལྟ་སྟེ།

སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་བའོ། །བསླབ་པ་གསུམ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་རྣམ་པ་གསུམ་པོ་དག་གོ། །བྱང་ཆུབ་ཅེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་གསུམ་གྱི་བྱང་ཆུབ་

དག་གོ། །སེམས་ཅན་རྣམ་དག་ཐོབ་བྱའི་ཕྱིར་ནི་གསུངས། །ཞེས་བྱ་བ་ནི་སེམས་ཅན་རྣམ་པ་རྣམ་པར་དག་པ་ཐོབ་པར་བྱ་བའི་ཕྱིར་གོ་རིམས་བཞིན་དུ་ཆོས་རྣམས་ལ་གསུམ་གསུངས་པ་ཡིན་ཏེ། འཛིན་པར་བྱེད་པ་དང་། ཐབས་དང་འབྲས་བུའོ། །དེ་ལ་འཛིན་པར་བྱེད་

པ་ནི་འདི་ལྟ་སྟེ། ཐོས་པ་དང་། སྐྱབས་སུ་འགྲོ་བའོ། །ཐབས་ནི་འདི་ལྟ་སྟེ། བསླབ་པ་གསུམ་དག་གོ། །འབྲས་བུ་ནི་འདི་ལྟ་སྟེ། བྱང་ཆུབ་རྣམ་པ་གསུམ་པོ་དག་གོ་ཞེས་བཤད་དོ། །དེ་རྒྱས་པར་བསྟན་པ་ནི་བསྟན་བཅོས་དེ་ཉིད་ལས། དངོས་པོ་བཞི་ཇི་ལྟར་རྒྱ་ཆེར་

བསྟན་པ་ཉིད་ཡིན་ཏེ་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །དངོས་པོ་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དངོས་པོ་དགུ་ཕྱེ་སྟེ་བཤད་པར་སྟོན་ཏོ། །འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པས་འདི་ནི་ཞུ་བ་གསོལ་བ་ཉིད་དོ། །སེམས་ཅན་དུ་གདགས་

Vol. 120 · folio 115b

པའི་དངོས་པོ་དང་། དེའི་ལོངས་སྤྱོད་ཀྱི་དངོས་པོ་དང་། དེ་འབྱུང་བའི་དངོས་པོ་དང་། དེ་འབྱུང་བ་གནས་པའི་དངོས་པོ་དང་། དེའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་དང་། དེའི་བྱེ་བྲག་གི་དངོས་པོ་དང་། སྟོན་པར་བྱེད་པའི་དངོས་པོ་དང་།

བསྟན་པར་བྱ་བའི་དངོས་པོ་དང་། འཁོར་གྱི་དངོས་པོའོ་ཞེས་བྱ་བ་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པའོ། །དངོས་པོ་དགུ་པོ་འདི་དག་རྣམ་པར་བཤད་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་

རིག་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། སངས་རྒྱས་ཀྱི་བཀའི་དངོས་པོ་དགུ་ཡང་སྤངས་པར་རིག་པར་བྱའོ། །དངོས་པོ་དགུ་གང་ཞེ་ན། དེ་ལ་སེམས་ཅན་གྱི་དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་རྣམས་སོ། །དེ་ལ་ལོངས་སྤྱོད་པའི་དངོས་པོ་ནི་

སྐྱེ་མཆེད་བཅུ་གཉིས་རྣམས་སོ། །སྐྱེ་བའི་དངོས་པོ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པའོ། །སྐྱེ་བའི་ཟས་བཞི་པོའི་དངོས་པོ་ནི་ཟས་བཞི་པོ་རྣམས་སོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ནི་འཕགས་པའི་བདེན་པ་བཞི་

པོ་རྣམས་སོ། །སྣ་ཚོགས་ཀྱི་དངོས་པོ་ནི་ཁམས་ཚད་མེད་པ་རྣམས་སོ། །སྟོན་པའི་དངོས་པོ་ནི་སངས་རྒྱས་དང་དེ་དག་གི་ཉན་ཐོས་རྣམས་སོ། །བསྟན་པར་བྱ་བའི་དངོས་པོ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །འཁོར་གྱི་

དངོས་པོ་ནི་འཁོར་བརྒྱད་དེ། རྒྱལ་རིགས་ཀྱི་འཁོར་དང་། བྲམ་ཟེའི་འཁོར་དང་། ཁྱིམ་བདག་གི་འཁོར་དང་། དགེ་སྦྱོང་གི་འཁོར་དང་། རྒྱལ་ཆེན་བཞིའི་རིས་ཀྱི་འཁོར་དང་། སུམ་ཅུ་རྩ་གསུམ་པའི་འཁོར་དང་། བདུད་ཀྱི་འཁོར་དང་། ཚངས་པའི་འཁོར་ཏོ་ཞེས་

འབྱུང་བ་ཡིན་ཏེ། ལུང་རིང་པོ་དང་ལུང་གཅིག་ལ་སྤྲོས་པ་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འཁོར་བརྒྱད་བཀོད་པ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་གསུངས་པ་དང་མཐུན་པར་བསྟན་ཏོ། །མཚམས་རྣམ་པར་དགྲོལ་བའི་མདོ་

Vol. 120 · folio 116a

དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ཚིག་ཅུང་ཟད་ཐ་དད་ཀྱང་དངོས་པོ་དགུ་བསྟན་པ་ལ་ནི་དོན་མི་མཐུན་པ་མེད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས། དངོས་པོ་དགུ་འབྱུང་བ་ཡང་མདོ་འདི་ལས་གསུངས་པ་དང་མཐུན་

ནོ། །ལྷ་དང་མི་དག་ལས་སོ་སོ་ནས་འཁོར་བཞི་བསྟན་པ་ལ་གཏན་ཚིགས་ཅི་ཡོད་ཅེ་ན། སྨྲས་པ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུ་རྣམ་པ་བདུན་གྱི་ཕྱིར་འཁོར་རྣམ་པ་བརྒྱད་རྣམ་པར་གཞག་པ་ཡིན་ནོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། རྒྱུ་

བཞིས་ནི་མི་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པའི་འཁོར་རྣམ་བཞིར་གཞག་པར་རིག་པར་བྱའོ། །རྒྱུ་གསུམ་གྱིས་ནི་ལྷར་གྱུར་པ་རྣམས་ཀྱི་འཁོར་བཞིར་རྣམ་པར་གཞག་པར་རིག་པར་བྱ་སྟེ། བདག་པོའི་མཆོག་ཏུ་གྱུར་པའི་ཕྱིར་འཇིག་རྟེན་པ་རྣམས་ཡོན་གནས་སུ་

བཀུར་བའི་ཕྱིར་དང་། གཞན་ལ་རག་མ་ལུས་པའི་ལོངས་སྤྱོད་ཀྱི་འཚོ་བའི་ཕྱིར་དང་། ལོངས་སྤྱོད་ཐམས་ཅད་སྤངས་པའི་ཕྱིར་དང་། རྒྱུ་འདི་བཞི་ནི་མིར་གྱུར་པའི་ནང་ན་འཁོར་བཞིར་རྣམ་པར་གཞག་པར་རིག་པར་བྱའོ། །ས་གཞི་ལ་བརྟེན་པའི་མཐར་གྱུར་པའི་ཕྱིར་

དང་། འདོད་པའི་ཁམས་ཀྱི་མཐར་གྱུར་པའི་ཕྱིར་དང་། ངག་གི་འདུ་བྱེད་ཀྱི་མཐར་གྱུར་པའི་ཕྱིར་ནི་ལྷར་གྱུར་པ་རྣམས་ཀྱི་འཁོར་བཞིར་རྣམ་པར་གཞག་པར་རིག་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ལོགས་ཤིག་

ཏུ་དགེ་སྦྱོང་དང་། བྲམ་ཟེ་དང་། སུམ་ཅུ་རྩ་གསུམ་པ་དང་། བདུད་དང་ཚངས་པའི་འཁོར་རྒྱ་ཆེར་བསྟན་པ་ནི་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །དངོས་པོ་ཉི་ཤུ་རྩ་དགུ་གང་ཞེ་ན་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་དངོས་པོ་ཉི་ཤུ་རྩ་དགུ་རྣམ་པར་ཕྱེ་སྟེ་

བཤད་པ་བསྟན་ཏེ། འདི་ཡང་ཞུ་བ་གསོལ་བ་དང་། ལན་དུ་གསུངས་པ་བསྟན་ཏེ་འདི་ནི་ཞུ་བ་གསོལ་པ་ཉིད་དོ། །འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ཏེ་འདུ་བྱེད་རྣམས་བསྡུ་བའི་དངོས་པོའོ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་དེ་བཞིན་གཤེགས་

Vol. 120 · folio 116b

པས་དངོས་པོ་ཉི་ཤུ་རྩ་ལྔ་རྣམ་པར་ཕྱེ་སྟེ། བཤད་པ་སྟོན་ཏོ། །འདི་ཡང་བཤད་པ་རྣམ་པ་གཉིས་སུ་དབྱེ་སྟེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དངོས་པོ་བསྟན་པ་དང་། རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་པའི་དངོས་པོ་ཉི་ཤུ་རྩ་ལྔ་བསྟན་པའོ། །དེའི་བསྟན་

བཅོས་རྣམ་པར་བཤད་པ་ལས། དངོས་པོ་ཉི་ཤུ་རྩ་དགུ་ནི་འདི་ལྟ་སྟེ། དངོས་པོ་དགུ་པོ་ཡོངས་སུ་བསྡུས་པ་གང་ཡིན་པའོ། །མདོ་ལས་ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ནས་ནི་དངོས་པོ་བཞི་བསྟན་ཏོ། །རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་ནས་ནི་

དངོས་པོ་ཉི་ཤུ་རྩ་ལྔ་བསྟན་ཏོ་ཞེས་འབྱུང་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་བསྟན་པ་ཡང་རྣམ་པ་བཞིར་དབྱེ་སྟེ། ཕུང་པོ་ལྔ་བསྟན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་དང་། ཆོས་འཛིན་པ་བསྟན་པ་དང་། ཀུན་ནས་ཉོན་མོངས་པ་ལ་དེ་ལྟར་རྣམ་

པ་བཞི་ཡོད་པར་གྱུར་པ་ཡང་ཀུན་ནས་ཉོན་མོངས་པ་ངོ་བོ་ཉིད་གང་ཡིན་པ་དེ་དག་ནི་ཕུང་པོ་ལྔ་ཡིན་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་འཁོར་བར་འཇུག་པ་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་དང་། འཁོར་བར་འཇུག་པའི་རྩ་བ་ནི་འཛིན་

པ་གཉིས་ཡིན་པའི་ཕྱིར་རོ། །འཛིན་པ་གཉིས་ལས་ཀྱང་བདག་ཏུ་འཛིན་པ་རགས་པ་ཡིན་པས་སྔར་བསྟན་ལ། ཆོས་སུ་འཛིན་པ་ནི་ཕྲ་བས་ན་ཕྱིས་བསྟན་ཏེ། བདག་ཏུ་འཛིན་པ་ནི་གདོན་མི་ཟ་བར་ཆོས་སུ་འཛིན་པས་འབྱུང་བའི་ཕྱིར་རོ། །འདི་ནི་དང་པོ་ཕུང་

པོ་ལྔའི་དངོས་པོ་བསྟན་པ་སྟེ། དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཤེས་པར་བྱ་བ་ནི་ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་མོ། །འདུ་བྱེད་རྣམས་བསྡུ་བའི་དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔ་ཉིད་དེ། ཕུང་པོ་ལྔས་འདུས་

བྱས་ཀྱི་དངོས་པོ་རྣམ་པར་བསྡུས་པའི་ཕྱིར་འདུ་བྱེད་བསྡུ་བའི་དངོས་པོ་ཞེས་གསུངས་སོ། །ཡང་ན་འདུ་བྱེད་རྣམས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བསྡུའོ། །དེ་ལྟར་རྣམ་པ་གཉིས་སུ་བཤད་པ་ཡོད་ཀྱང་བཤད་པ་ནི་སྔ་མ་བཟང་སྟེ། ཁམས་

Vol. 120 · folio 117a

དང་སྐྱེ་མཆེད་སྒོ་གཉིས་པོ་དག་ནི་འདུ་བྱེད་མ་ཡིན་པར་ཡང་གཏོགས་པའི་ཕྱིར་རོ། །དེའི་གོ་རིམས་རྗེས་སུ་འཇུག་པའི་དངོས་པོ་ཞེས་བྱ་བས་ནི་གཉིས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་སྟོན་ཏོ། །འདི་ལྟར་ཀུན་ནས་ཉོན་མོངས་

པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པོ་དེ་དག་གི་གོ་རིམས་བཞིན་དུ་རྗེས་སུ་འཇུག་པ་ནི་ཇི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་འབྱུང་བ་ལྟ་བུའོ། །ཡང་ན་དེ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དེ་ཉིད་དོ། །བསྟན་བཅོས་

རྣམ་པར་བཤད་པ་ལས། དེ་ཉིད་གོ་རིམས་བཞིན་དུ་འཇུག་པའི་དངོས་པོ་ཞེས་འབྱུང་ངོ་། །དེ་དག་ཉིད་ལ་གང་ཟག་འདུ་ཤེས་སུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་། ཆོས་ཀྱི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་ཞེས་བྱ་བ་ནི་གསུམ་དག་ཏུ་འཛིན་པའི་

དངོས་པོ་སྟོན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི་དེ་ཉིད་ལ་སེམས་ཅན་གྱི་འདུ་ཤེས་སུ་རྣམ་པར་བཞག་པས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་ཞེས་འབྱུང་ངོ་། །དེ་ནི་འདི་སྐད་དུ། ཇི་ལྟར་འཛིན་པ་འདི་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཕུང་པོ་དག་ལ་བདག་ཏུ་འདུ་

ཤེས་པ་དང་། ཆོས་སུ་འདུ་ཤེས་པའི་དབང་གིས་ཕྱི་མར་འཁོར་བར་འཇུག་པའི་རྒྱུར་འགྱུར་རོ། །རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་ཏེ་དམིགས་པ་ལ་ཉེ་བར་གཏོད་པའི་དངོས་པོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྣམ་པར་བྱང་བའི་ཕྱོགས་ཀྱི་དངོས་པོ་ཉི་ཤུ་རྩ་ལྔ་སྟོན་

ཏོ། །འདི་ཡང་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་རྣམ་པར་དག་པའི་དངོས་པོ་བཞི་བསྟན་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པའི་དངོས་པོ་ཉི་ཤུ་རྩ་གཅིག་བསྟན་པའོ། །དངོས་པོ་ཡང་རྣམ་པ་བཞི་སྟེ། ཐོས་པའི་ཤེས་རབ་བསྟན་པ་དང་། བསམ་པའི་ཤེས་རབ་

བསྟན་པ་དང་། སྦྱོར་བའི་ཏིང་ངེ་འཛིན་བསྟན་པ་དང་། དངོས་པོ་བཞིའི་ཏིང་ངེ་འཛིན་བསྟན་པའོ། །དེ་ལ་འཇིག་རྟེན་པའི་རྣམ་པར་དག་པའི་དངོས་པོ་བཞི་ཡོད་པར་གྱུར་པ་ཡང་རྣལ་འབྱོར་གྱི་སྒོའི་གོ་རིམས་ཀྱིས་གདོན་མི་ཟ་བར་སྔར་ཐོས་པའི་ཤེས་རབ་ཀྱི་དབང་གིས་ནི་བསམ་པའི་

Vol. 120 · folio 117b

ཤེས་རབ་རབ་ཏུ་འདྲེན་པར་འགྱུར། བསམ་པའི་ཤེས་རབ་ཀྱིས་ནི་སྦྱོར་བའི་ཏིང་ངེ་འཛིན་འདྲེན་པ་དང་། སྦྱོར་བའི་ཏིང་ངེ་འཛིན་གྱིས་ནི་དངོས་པོ་བཞིའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་གོ་རིམས་དེའི་ཕྱིར་རྣམ་པ་བཞིར་གསུངས་པ་ཡིན་ནོ། །འདི་ནི་དང་པོ་ཐོས་པའི་ཤེས་རབ་ཀྱི་

དངོས་པོ་བསྟན་པ་སྟེ། དེ་ལ་རྣམ་པར་བྱང་བའི་ཕྱོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་རྣམ་པར་བྱང་བའི་ཆོས་རྣམས་གང་ཡིན་པའོ། །རྣམ་པར་བྱང་བའི་ཕྱོགས་ལས་ནི་འདི་ནི་འཇིག་རྟེན་

པའི་རྣམ་པར་བྱང་བའི་ཕྱོགས་བསྟན་པའོ། །དམིགས་པ་ལ་ཉེ་བར་གཏོད་པའི་དངོས་པོ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ཐོས་པའི་ཤེས་རབ་སྟེ། བསྟན་པ་དག་ལ་སེམས་ཉེ་བར་གཏོད་པ་གང་ཡིན་པའོ། །ཡང་ན་བརྗོད་པར་བྱ་བའི་དོན་དང་། དྲན་པ་ཉེ་བར་གཞག་པ་ཡུལ་ལ་

སེམས་ཉེ་བར་གཏོད་པའོ། །དེ་ཉིད་ལ་རྩོལ་བའི་དངོས་པོ་ཞེས་བྱ་བ་ནི་གཉིས་པ་བསམ་པའི་ཤེས་རབ་ཀྱི་དངོས་པོ་སྟོན་ཏོ། །འདི་ལྟར་ཐོས་པའི་ཤེས་རབ་ཀྱི་ཡུལ་དེ་ཉིད་ལ་གཅིག་ཏུ་བདེན་པར་མཐོང་ནས་ནན་ཏན་བརྩོན་འགྲུས་ཀྱིས་ཡིད་ལ་བྱེད་པ་གང་ཡིན་པའོ། །སེམས་

གནས་པའི་དངོས་པོ་ཞེས་བྱ་བ་ནི་གསུམ་པ་སྦྱོར་བའི་ཏིང་ངེ་འཛིན་སྟོན་ཏོ། །འདི་ལྟར་བསམ་པའི་ཤེས་རབ་ཀྱི་དབང་གིས་སྦྱོར་བའི་ཏིང་ངེ་འཛིན་ལ་སེམས་གནས་པ་གང་ཡིན་པའོ། །ཚེ་འདི་ལ་ནི་བདེ་བར་གནས་པའི་དངོས་པོ་ཞེས་བྱ་བ་ནི་བཞི་པ་དངོས་གཞིའི་ཏིང་ངེ་འཛིན་

སྟོན་ཏེ། མངོན་པར་ཤེས་པ་དྲུག་ཐོབ་ནས་མཐོང་བའི་ཆོས་ལ་བདེ་བར་གནས་པ་གང་ཡིན་པའོ། །སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདས་པའི་དམིགས་པའི་ཐབས་ཀྱི་དངོས་པོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་འཇིག་རྟེན་ལས་འདས་པའི་དངོས་པོ་རྣམ་

པའི་དངོས་པོ་ཉི་ཤུ་རྩ་གཅིག་སྟོན་ཏོ། །འདི་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ། དངོས་པོ་གཅིག་གིས་རྣམ་པར་གྲོལ་བའི་ཕྱོགས་བསྟན་པ་དང་། དངོས་པོ་བཞིས་མཐོང་བའི་ལམ་བསྟན་པ་དང་། དངོས་པོ་དྲུག་གིས་བསྒོམ་པའི་ལམ་བསྟན་པ་དང་། དངོས་པོ་བཞིས་མི་སློབ་

Vol. 120 · folio 118a

པའི་ལམ་བསྟན་པ་དང་། དངོས་པོ་གཉིས་ཀྱིས་ཁྱད་པར་དུ་འཕགས་པ་དང་ཁྱད་པར་དུ་འཕགས་པ་མ་ཡིན་པར་བསྟན་པ་དང་། འདི་ནི་དངོས་པོ་གཅིག་གིས་རྣམ་པར་གྲོལ་བའི་ཕྱོགས་བསྟན་པའོ། །མདོའི་ཚིག་འདི་ལ་ཡང་བཤད་པ་རྣམ་པ་

གཉིས་ཡོད་དེ། ཅི་ཁ་ཅིག་ན་རེ་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདས་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། འདི་ལྟར་མྱ་ངན་ལས་འདས་པའི་དབང་གིས་སེམས་ཅན་རྣམས་སྡུག་བསྔལ་བ་ཐམས་ཅད་ལས་ཡང་དག་པར་འདས་པར་འགྱུར་བས་རྣམ་པར་གྲོལ་བའི་

ཕྱོགས་ཀྱི་དགེ་བ་ལ་དམིགས་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའི་ཐབས་ཀྱི་རྒྱུར་གྱུར་པས་ཐབས་ཀྱི་དངོས་པོ་ཞེས་བྱའོ། །ཁ་ཅིག་ན་རེ་རྣམ་པར་གྲོལ་བའི་ཕྱོགས་ཀྱི་དགེ་བ་ལ་དོན་རྣམ་པ་གཉིས་ཡོད་དེ། དང་པོ་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་

འདས་པ་ལ་དམིགས་པའོ། །གཉིས་པ་ནི་མྱ་ངན་ལས་འདས་པའི་ཐབས་ཀྱི་དམིགས་པ་བྱེད་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཐབས་ཀྱི་དམིགས་པའི་དངོས་པོ་ཞེས་བྱའོ་ཞེས་སོ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དངོས་པོ་བཞི་ལས་བརྩམས་

ནས་ངེས་པར་འབྱེད་པའི་ཆ་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བསྟན་པ་དང་། ཀུན་འབྱུང་བ་སྤང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པའི་དངོས་པོ་བསྟན་པའོ། །འདི་ལྟར་འཕགས་

པའི་བདེན་པ་བཞི་ལ་བརྟེན་ནས་དྲོ་བར་གྱུར་པ་དང་། རྩེ་མོ་ལ་སོགས་པའི་དགེ་བའི་རྩ་བ་བཞི་བསྐྱེད་པའི་ཕྱིར་དངོས་པོ་རྣམ་པ་བཞི་བསྟན་པ་ཡིན་ནོ། །འདི་ནི་དང་པོ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བསྟན་པ་ཡིན་ཏེ། འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ།

སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བའི་མདོར་བསྟན་པ་དང་། ཡོངས་སུ་ཤེས་པ་གསུམ་རྣམ་པར་ཕྱེ་སྟེ་བཤད་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་ཁམས་གསུམ་གྱི་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་ཞེས་བྱའོ། །དེའང་རྣམ་པ་གསུམ་ཡོད་པས་ཕྱིན་ཅི་ལོག་གི་གནས་

Vol. 120 · folio 118b

ཡོངས་སུ་ཤེས་པའི་ཕྱིར་དང་། སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ། ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི་གནས་ཡོངས་སུ་ཤེས་པའི་ཕྱིར་དང་། ནང་མངོན་པའི་ང་རྒྱལ་དང་བྲལ་བ་ཡོངས་སུ་ཤེས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་ཡོངས་སུ་ཤེས་པ་

གསུམ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །དེ་ཡང་རྣམ་པ་གསུམ་ཡོད་པས་ཞེས་བྱ་བ་ལ། དང་པོ་ཕྱིན་ཅི་ལོག་ལས་བརྩམས་པའི་གནས་ཡོངས་སུ་ཤེས་པའི་ཕྱིར་རོ། །གཉིས་པ་ནི་སེམས་ཅན་དུ་འདུ་ཤེས་པའི་ལས་བརྩམས་པའི་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་

སྒྲུབ་པའི་གནས་ཡོངས་སུ་ཤེས་པའི་ཕྱིར་རོ། །གསུམ་པ་ནི་ནང་མངོན་པའི་ང་རྒྱལ་དང་བྲལ་བའི་ཕྱིར་གནས་ཡོངས་སུ་ཤེས་པའི་ཕྱིར་རོ། །མདོའི་ཚིག་འདི་གསུམ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་ཕྱིན་ཅི་ལོག་གི་གནས་ཡོངས་སུ་ཤེས་པའི་ཕྱིར་ཞེས་བྱ་བ་

ནི་ཁམས་གསུམ་པའི་སྡུག་བསྔལ་གྱི་བདེན་པ་ཕྱིན་ཅི་ལོག་རྣམས་ཀྱི་གནས་ཡིན་པ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་རོ། །སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི་གནས་ཡོངས་སུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་འདོད་

པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་སྟེ། སེམས་ཅན་དུ་འདུ་ཤེས་པ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་ལམ་འབྱུང་བའང་ངེས་པར་སྔར་སེམས་ཅན་གྱི་འདུ་ཤེས་བསྐྱེད་པ་ལས་འབྱུང་བས་སོ། །ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ཞེས་བྱ་

བས་ནི་ལས་སློང་བའི་ལམ་བསྟན་ཏོ། །ལོག་པར་སྒྲུབ་པའི་ཞེས་བྱ་བ་ནི་དེས་བསྐྱེད་པའི་ལས་ཀྱི་སྤྱོད་པ་ཉིད་དེ་ནི་འདི་སྐད་དུ་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པས་སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་

ལོག་པར་སྒྲུབ་པའི་གནས་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །ནང་མངོན་པའི་ང་རྒྱལ་དང་བྲལ་བའི་གནས་ཡོངས་སུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་གྱི་ནང་གི་ལུས་སྡུག་བསྔལ་གྱི་བདེན་པ་ཉིད་དུ་ཡོངས་སུ་ཤེས་པ་སྟེ། འདི་ལྟར་

Vol. 120 · folio 119a

ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་ཐམས་ཅད་ནི་ནང་གི་ལུས་ལ་བརྟེན་ནས་འབྱུང་བའི་ཕྱིར་ནང་མངོན་པའི་ང་རྒྱལ་དང་བྲལ་བའི་ཞེས་གསུངས་སོ་ཞེའོ། །ཁ་ཅིག་ན་རེ་ཡོངས་སུ་ཤེས་པ་དང་པོ་གཉིས་ནི་འདོད་པའི་ཁམས་ཁོ་ནའོ་ཞེས་པའོ། །

ཡོངས་སུ་ཤེས་པ་གསུམ་པ་ནི་ཁམས་གོང་མ་གཉིས་ཤེས་པའོ་ཞེས་ཟེར་ཏེ། གཞན་ནི་སྔ་མའི་བཤད་པ་བཞིན་ཁ་ཅིག་ན་རེ། གསུམ་པོ་དག་ནི་གོ་རིམས་བཞིན་དུ་ཁམས་གསུམ་པོ་དག་གི་སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་རྣམ་པ་དུ་མར་

བཤད་པ་ཡོད་ཀྱང་། སློབ་དཔོན་ཧྱན་ཙང་གིས་ནི་རྣལ་འབྱོར་སྤྱོད་པའི་སའི་འགྲེལ་པ་དང་གཏུགས་ནས་བཤད་པ་གཉིས་པ་བཟང་བར་བཤད་དོ། །བསྒོམ་པའི་གནས་ཀྱི་དངོས་པོ་དང་། མངོན་དུ་བྱ་བའི་དངོས་པོ་དང་། བསྒོམ་པའི་དངོས་པོའོ་ཞེས་བྱ་བ་ནི་གཉིས་

པ་ཀུན་འབྱུང་བ་སྤང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པའི་དངོས་པོ་བསྟན་པ་སྟོན་ཏོ། །འདི་ཡང་ཀུན་འབྱུང་བའི་བདེན་པ་ནི་བསྒོམ་པ་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་གཉིས་ཡིན་པའི་ཕྱིར་བསྒོམ་པའི་གནས་ཀྱི་དངོས་པོ་ཞེས་བྱའོ། །འགོག་

པ་ནི་འདུས་མ་བྱས་པ་ཡིན་པས་མངོན་དུ་བྱ་བའི་དངོས་པོ་ཞེས་བྱའོ། །འཕགས་པའི་ལམ་ནི་བསྒོམ་པའི་དངོས་པོ་ཞེས་བྱ་སྟེ། དེའི་ཕྱིར་མདོ་དང་བསྟན་བཅོས་དག་ལས། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ལམ་བསྒོམ་པར་བྱ་ཞེས་གསུངས་པ་ཡིན་ནོ། །དེའི་སྙིང་

པོར་བྱ་བའི་དངོས་པོ་དང་། དེའི་རྣམ་པའི་དངོས་པོ་དང་། དེའི་དམིགས་པའི་དངོས་པོ་དང་། སྤངས་པ་དང་། མ་སྤངས་པའི་སྤྱོད་པ་ལ་མཁས་པའི་དངོས་པོ་དང་ངོ་ཞེས་བྱ་བ་ནི་གསུམ་པ་དངོས་པོ་བཞི་ལས་བརྩམས་ནས་མཐོང་བའི་ལམ་བསྟན་པ་སྟོན་ཏོ། །དེ་ལ་སྙིང་པོར་

བྱ་བའི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་ལམ་སྟེ། ཡང་དག་པ་ཉིད་དུ་ལམ་མཐོང་བའི་དབང་གིས་ཡང་དག་པ་དང་། མཚན་མ་དང་བཅས་པའི་མཐོང་བའི་ལམ་རྣམ་པ་གཉིས་ལས་མི་ཉམས་པར་བྱེད་པའི་ཕྱིར་རོ། །བཤད་པའི་རྣམ་པ་གཞན་དུ་ན། ལམ་མཐོང་བ་ཐོབ་

Vol. 120 · folio 119b

པའི་དབང་གིས་ནམས་ཀྱང་སོ་སོའི་སྐྱེ་བོ་ཉིད་དུ་ཕྱིར་མི་ལྡོག་པའི་ཕྱིར་མཐོང་བའི་ལམ་སྙིང་པོར་བྱ་བའི་དངོས་པོ་ཞེས་བསྟན་ཏོ། །དེའི་རྣམ་པའི་དངོས་པོ་ཞེས་བྱ་བ་ནི་མཚན་མ་དང་བཅས་པའི་མཐོང་བའི་ལམ་སྟེ། སེམས་རྣམ་པ་གསུམ་དང་། སེམས་རྣམ་པ་བཅུ་དྲུག་གི་རྣམ་པ་ཐ་

དད་པའི་ཕྱིར་རོ། །དེའི་དམིགས་པའི་དངོས་པོ་ཞེས་བྱ་བ་ནི་མཚན་མ་དང་བཅས་པའི་མཐོང་བའི་ལམ་གྱི་དམིགས་པ་ཡུལ་གྱི་དངོས་པོ་བསྟན་པའོ། །སྤངས་པ་དང་མ་སྤངས་པ་སྤྱོད་པ་ལ་མཁས་པའི་དངོས་པོ་ཞེས་བྱ་བ་ནི་མཚན་མ་དང་བཅས་པའི་མཐོང་བའི་ལམ་གྱིས་

མཐོང་བའི་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ད་རུང་མ་སྤངས་པ་ཉིད་དུ་སོ་སོར་རྟོག་པ་གང་ཡིན་པའོ།། །།བམ་པོ་དྲུག་ཅུ་དགུ་པ། དེ་ལ་རྣམ་པར་གཡེང་བའི་དངོས་པོ་དང་། རྣམ་པར་མི་གཡེང་བའི་དངོས་པོ་དང་། རྣམ་

པར་མི་གཡེང་བའི་གནས་ཀྱི་དངོས་པོ་དང་། བསྒོམ་པ་ལས་ཡོངས་སུ་སྐྱོ་བའི་སྦྱོར་བ་བསམ་པའི་དངོས་པོ་དང་། བསྒོམ་པའི་ཕན་ཡོན་གྱི་དངོས་པོ་དང་། དེ་བསྟན་པའི་དངོས་པོའི་ཞེས་བྱ་བ་ནི་བཞི་པ་དངོས་པོ་རྣམ་པ་དྲུག་ལས་བརྩམས་ནས་བསྒོམ་པའི་ལམ་བསྟན་པ་ཞེས་བྱ་བས་

སྟོན་ཏོ། །མདོའི་ཚིག་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་དེ་ལས་རྣམ་པར་གཡེང་བའི་དངོས་པོ་བྱ་བ་ནི་མཐོང་བའི་ལམ་ལས་ཡང་དག་པར་འདས་ནས་བསྒོམ་པའི་ལམ་ལ་མ་ཞུགས་པའི་བར་སྐབས་དེར་རེ་ཞིག་ཙམ་དུ་སེམས་རྣམ་པར་གཡེང་བར་གྱུར་པ་གང་ཡིན་པ་

སྟེ། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རྣམ་པར་གཡེང་བ་ཞེས་བྱའོ། །དེ་ལ་རྣམ་པར་མི་གཡེང་བའི་དངོས་པོ་དང་། རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་གནས་པ་ན་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བའི་སྦྱོར་

བའི་ལས་ཡིན་ཏེ། རྣམ་པར་མི་གཡེང་བའི་དངོས་པོ་ནི་ཏིང་ངེ་འཛིན་གྱི་རྣམ་པ་མ་གཏོགས་པ་གཞན་དུས་མཚུངས་པའི་ཆོས་སོ། །རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ་ནི་ཏིང་ངེ་འཛིན་གྱི་བདག་ཉིད་ཁོ་ན་བཟུང་སྟེ། འདི་ནི་ཤེས་རབ་ཀྱི་སྟོང་དུ་གྱུར་པའི་ཕྱིར་གནས་ཞེས་བྱའོ། །

Vol. 120 · folio 120a

སྒོམ་པ་ལ་ཡོངས་སུ་སྐྱོ་བའི་སྦྱོར་བ་གསལ་བའི་དངོས་པོ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་ཐོགས་པ་མེད་པའི་ལམ་གང་ཡིན་པའོ། །དེ་བསྟན་པའི་དངོས་པོ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་

སེམས་ཐོགས་པ་མེད་པའི་ལམ་གང་ཡིན་པའོ་ཞེས་སོ། །ཁ་ཅིག་ན་རེ་དངོས་པོ་སྔ་མ་གསུམ་ནི་སྔར་བཤད་པ་བཞིན་ནོ། །དངོས་པོ་བཞི་པ་ནི་ཁམས་གསུམ་གྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་མོ། །དངོས་པོ་སྔ་མ་ནི་གཟུགས་

དང་གཟུགས་མེད་པའི་ཁམས་ཀྱི་དངོས་གཞི་ཏིང་ངེ་འཛིན་ཏོ། །དངོས་པོ་དྲུག་པོ་ནི་སྔར་བཤད་པ་དང་འདྲའོ་ཞེ་ན། ཁ་ཅིག་ན་རེ་དེ་ལས་རྣམ་པར་གཡེང་བ་དངོས་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ལམ་བསྒོམ་པ་ནི་ཐོས་པ་དང་། བསམ་པའི་ཤེས་རབ་གཉིས་ལ་བརྟེན་ནས་ཁམས་གསུམ་

གྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་མི་བྱེད་པ་སྦྱོར་བའི་ལམ་རིང་བ་གང་ཡིན་པའོ། །དེ་ལ་རྣམ་པར་མི་གཡེང་བའི་དངོས་པོ་དང་རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་ལ་གནས་ནས་ཁམས་གསུམ་གྱི་བསྒོམ་པས་སྤང་

བར་བྱ་བའི་ཉོན་མོངས་པ་སྤོང་བར་མི་བྱེད་པ་སྦྱོར་བའི་ལམ་ཉེ་བར་གནས་པ་གང་ཡིན་པའོ། །དེ་ལ་རྣམ་པར་གཡེང་བའི་དངོས་པོ་ནི་མཉམ་པར་བཞག་པ་ན་གཞན་སེམས་དང་སེམས་ལས་བྱུང་བ་རྣམས་རྣམ་པར་མི་གཡེང་བ་གང་ཡིན་པའོ། །གནས་ཀྱི་དངོས་པོ་ནི་ཏིང་ངེ་འཛིན་གྱི་རྣམ་

པ་ཁོ་ནས་བཟུང་སྟེ། ཤེས་རབ་ཀྱི་གནས་བྱེད་པའི་ཕྱིར་གཞན་ཞེས་བྱའོ། །བསྒོམ་པས་ཡོངས་སུ་སྐྱོ་བའི་སྦྱོར་བ་བརྩམས་པའི་དངོས་པོ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་

ལམ་མོ། །བསྒོམ་པའི་ཕན་ཡོན་གྱི་དངོས་པོ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་མོ། །དེ་བསྟན་པའི་དངོས་པོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་

Vol. 120 · folio 120b

བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པ་བར་ཆད་མེད་པའི་ལམ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །ཅིའི་ཕྱིར་རྣམ་པར་གྲོལ་བའི་ལམ་བསྟན་ཞེ་ན། རྣམ་པར་གྲོལ་བའི་ལམ་དེ་མི་སློབ་པས་བསྡུས་པའི་ཕྱིར་རོ་ཞེའོ། །དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་དཔེ་གཞན་ཁ་ཅིག་དང་།

དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། རྣམ་པར་མི་གཡེང་བའི་དངོས་པོ་ཞེས་བྱ་བ་མེད་དེ་མ་ཚང་ངོ་། །དཔེ་འདི་ལས་ནི་དངོས་པོ་དྲུག་ཅར་ཚང་བར་འབྱུང་སྟེ། རྒྱ་གར་གྱི་དཔེ་ཉིད་དང་། མཚམས་རྣམ་པར་དགྲོལ་བའི་མདོ་དང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་

ལ་སོགས་པ་དང་གཏུགས་པ་ལས་ཀྱང་དངོས་པོ་དྲུག་ཚང་བ་འབྱུང་བའི་ཕྱིར་རོ། འདིར་དངོས་པོ་དྲུག་ཚང་བར་བསྟན་པའི་ཡང་དག་པ་ཡིན་ནོ། །འཕགས་པའི་སྤྱོད་ཡུལ་བ་བསྡུས་པའི་དངོས་པོ་དང་། འཕགས་པའི་ཕྱོགས་དང་། གཡོག་འཁོར་བསྡུས་པའི་དངོས་པོ་དང་།

དེ་ཁོ་ན་རབ་ཏུ་རྟོགས་པའི་དངོས་པོ་དང་། མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པའི་དངོས་པོ་ཞེས་བྱ་བ་ནི་ལྔ་པ་དངོས་པོ་རྣམ་པ་བཞི་ལས་བརྩམས་ནས་མི་སློབ་པའི་ལམ་བསྟན་པ་སྟེ། དེ་ལ་འཕགས་པའི་སྤྱོད་པ་བསྡུས་པའི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་

ཀྱིས་བསྡུས་པ་ཟད་པ་དང་། མི་སྐྱེ་བ་ཤེས་པ་གང་ཡིན་པའོ། །འཕགས་པའི་ཕྱོགས་དང་གཡོག་འཁོར་བསྡུས་པའི་དངོས་པོ་ཞེས་བྱ་བ་ནི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་བཟུང་བ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་གང་ཡིན་པའོ། །དེ་ཁོ་ན་རབ་ཏུ་རྟོགས་པའི་དངོས་པོ་ཞེས་བྱ་བ་

ནི་ལྷག་མ་མེད་པར་འཇུག་ཏུ་ཉེ་བ་ན་ཡང་དེ་ཁོ་ན་ཉིད་དུ་བསྒོམ་པ་གང་ཡིན་པའོ། །མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པའི་དངོས་པོ་ཞེས་བྱ་བ་ནི་ལྷག་མ་མེད་པར་འཇུག་ཏུ་ཉེ་བ་ན་སྔར་འགོག་པ་སྙོམས་པར་འཇུག་པས་འགོག་པས་སྙོམས་པར་ཞུགས་པ་ཀུན་གཞི་རྣམ་

པར་སེམས་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་འདི་ལས་ཕྱི་རོལ་པ་ཐམས་ཅད་ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པ་ཉིད་ཀྱི་དངོས་པོ་དང་། དེ་མི་བསྒོམ་པས་

Vol. 120 · folio 121a

ཡོངས་སུ་ཉམས་པའི་དངོས་པོ་ཞེས་བྱ་བ་ལ་སོགས་པས་ནི་དྲུག་པ་དངོས་པོ་རྣམ་པ་གཉིས་ལས་བརྩམས་ནས་ཁྱད་པར་དུ་འཕགས་པ་དང་། ཁྱད་པར་དུ་འཕགས་པ་མ་ཡིན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། དངོས་པོ་གཉིས་

བསྟན་པ་དང་། རྒོལ་བའི་ལས་བསྟན་པའོ། །འདི་ནི་དང་པོ་སྟེ། དེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་གྱིས་བསྟན་པ་རྣམས་སོ། །ལེགས་པར་གསུངས་པའི་ཆོས་ཞེས་བྱ་བ་ནི་མདོ་སྡེ་དང་། ཆོས་མངོན་པའི་སྡེ་སྣོད་དོ། །འདུལ་བ་ཞེས་

བྱ་བ་ནི་འདུལ་བའི་སྡེ་སྣོད་ཉིད་དོ། །དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ལེགས་པར་ཆོས་གསུངས་པ་ནི་རིགས་པས་བསྡུ་བའི་ཕྱིར་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོངས་སུ་འཛིན་པར་བྱེད་པའི་འདུལ་བ་ནི་ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་པ་དང་མཐུན་

པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ཞེས་བྱ་བ་ནི་འདི་ནི་རྒྱ་ཆེར་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ནི་འདི་སྐད་དུ་སྡེ་སྣོད་གསུམ་ལས་གསུངས་པའི་རྣམ་པར་གྲོལ་བའི་ཕྱོགས་ཀྱིས་བསྡུས་པའི་འཇིག་རྟེན་

པའི་ཡང་དག་པའི་ལྟ་བ་དམན་པ་ཡིན་ཡང་། འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པའི་དངོས་པོ་ཡིན་ནོ་ཞེས་བྱ་བ་བསྟན་པར་འགྱུར་རོ། །ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པའི་དངོས་པོ་ཞེས་བྱ་བ་འདི་ལ་ཡང་བཤད་པ་རྣམ་

པ་གཉིས་ཡོད་དེ། ཁ་ཅིག་ན་རེ་སྤྱི་བོར་མཐོང་བའི་ས་ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར། ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པའི་དངོས་པོ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་འདི་ནི་དཔེ་ལས་མིང་དུ་བཏགས་པ་ཡིན་ཏེ། དེ་དག་གི་གཞུང་གིས་བསྟན་པའི་ཡང་དག་པའི་

ལྟ་བ་ཁྱད་པར་དུ་འཕགས་པ་དེ་ནི་དཔེར་ན་མིའི་སྤྱི་བོ་དང་འདྲ་བའི་ཕྱིར་ཡང་དག་པའི་ལྟ་བ་ལས་སྤྱི་བོར་གྱུར་པའི་དངོས་པོ་ཞེས་བྱའོ་ཞེའོ། །དེ་མི་བསྒོམ་པ་ཡོངས་སུ་ཉམས་པའི་དངོས་པོ་ཞེས་བྱ་བ་ནི་དངོས་པོ་གཉིས་པ་བསྟན་ཏེ། འདི་ལྟར་ལྟ་བ་ལེགས་པར་གསུངས་པའི་ཆོས་

Vol. 120 · folio 121b

འདུལ་བ་དེ་ལས་དགེ་བ་གཞན་བསྒོམ་ཞིང་། དངོས་པོ་སྔ་མ་མི་བསྒོམ་པའི་ཕྱིར་མི་བསྒོམ་པས་ཡོངས་སུ་ཉམས་པའི་དངོས་པོ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་བསྒོམ་པའི་ཕྱིར་ཡོངས་སུ་ཉམས་པར་གྱུར་པ་ཞེས་བཤད་

ཀྱི། ལྟ་བའི་ཉེས་པའི་ཕྱིར་ཡོངས་སུ་ཉམས་པ་ཞེས་བརྗོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཉིས་པ་རྒོལ་བའི་ལན་སྟོན་པ་འདི་ལྟར་ཕྱི་རོལ་པ་འདི་དག་འདི་སྐད་དོ། །མི་བསྒོམ་པས་ཡོངས་སུ་ཉམས་པའི་དངོས་པོ་ཡིན་ནོ། །ཉེས་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བས་དེའི་ཕྱིར་ཚིག་

འདི་གསུངས་པ་ཡིན་ཏེ། ཡོངས་སུ་ཉམས་པ་ཞེས་བྱ་བ་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་མི་བསྒོམ་པའི་ཕྱིར་ཡོངས་སུ་ཉམས་པ་ཞེས་བྱའི། དངོས་པོ་གཉིས་པ་ལ་ཉེས་པ་ཉིད་དུ་ལྟ་བའི་ཕྱིར་ཡོངས་སུ་ཉམས་པ་ཞེས་བརྗོད་པ་ནི་མ་ཡིན་ཏེ། འདིར་

ནི་མ་ཐོབ་པ་དང་། མ་བསྒོམས་པ་གཉིས་ཀྱིས་ཡོངས་སུ་ཉམས་པ་ལ་བྱའོ། །དེས་ན་དངོས་པོ་གཉིས་པ་འདི་ནི་དཔྱད་ན་ཕྱི་རོལ་པ་རྣམས་ཀྱིས་ཡང་དག་པའི་ལྟ་བ་ཇི་སྙེད་པ་ཡོད་པ་དག་ལས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འཇམ་དཔལ་གང་དུ་ངས་

ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་སོ་སོར་ཐར་པའམ། སོ་སོར་ཐར་པ་དང་ལྡན་པའི་ཆོས་ཡོངས་སུ་བསྟན་པ་གང་ཡིན་པ་དེ་ནི་འདུལ་བ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་འདུལ་བ་རྣམ་པར་ཕྱེ་སྟེ་བཤད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་

རྣམ་པ་གཉིས་ཏེ། མཚན་ཉིད་མདོར་བསྟན་པ་དང་། ཞུས་པ་དང་ལན་དག་གིས་རྣམ་པར་དབྱེའོ། །འདི་ནི་དང་པོ་མཚན་ཉིད་མདོར་བསྟན་པའོ། །འདི་ལ་གང་དུ་ཞེས་བྱ་བ་ནི་འདུལ་བའི་བསྟན་པ་ལ་གང་དུ་ཞེས་པ་ནི་གནས་སུ་བསྟན་པའོ། །ངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་

སྟེ། ཕུང་པོ་ལྔ་ལ་ཐ་སྙད་དུ་བཏགས་པའོ། །འདི་ལྟར་དེ་བཞིན་གཤེགས་པ་དེས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སོ་སོར་ཐར་པ་དང་ལྡན་པའི་ཆོས་ཡོངས་སུ་བསྟན་པ་གང་ཡིན་པ་སྟེ། རིགས་བདུན་པོ་དག་ཡང་དག་པར་བླངས་པའི་སྡོམ་པའི་ཚུལ་ཁྲིམས་གང་

Vol. 120 · folio 122a

ཡིན་པ་དེ་ནི་སོ་སོར་ཐར་པ་ཞེས་བྱའོ། དེ་ལ་བྱེ་བྲག་ཡོད་པ་དང་། ཐེག་པ་གཉིས་ཀྱིས་ཡང་དག་པར་བླངས་པ་གང་ཡིན་པ་དེ་ནི་ལུས་དང་ངག་གི་ཡན་ལག་བདུན་ཁོ་ན་ལ་ངོ་བོ་ཉིད་དུ་རྣམ་པར་འཇོག་གོ། །བྱང་ཆུབ་སེམས་དཔའ་ནི་སྤྱིར་ལུས་ལ་སོགས་པའི་ལས་

གསུམ་པོ་དག་ལས་ངོ་བོ་ཉིད་དུ་འཇོག་གོ། །དེ་ལ་སོ་སོར་ཐར་པ་ཞེས་བྱ་བའང་སོ་སོ་ནས་བཤད་པ་མི་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་རིགས་བརྒྱད་པོ་དག་གིས་སྡོམ་པ་ཡང་དག་པར་ལེན་པ་དང་པོ་རྣམ་པར་རིག་བྱེད་ཀྱི་སོ་སོ་ནས་སྡིག་པ་སྣ་ཚོགས་སྤོང་བར་བྱེད་པའི་

ཕྱིར་སོ་སོར་ཐར་པ་དང་། ལམ་གྱི་ཞེས་བྱའོ་ཞེས་བཤད་དོ། །དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་སོ་སོར་ཐར་པའི་སྡོམ་པའི་བྱེ་བྲག་གི་མིང་བསྟན་པའི་ཕྱིར། ཚིག་ལེའུར་བྱས་པ་ལས། དེ་དག་ཐམས་ཅད་ཀྱང་ནི་ཚུལ་ཁྲིམས་དང་། ལེགས་པར་སྤྱད་པ་དང་། སྡོམ་པ་ཞེས་བྱ་སྟེ། དང་པོ་

ནི་རྣམ་རིག་མིན་ཁོ་ན་སོ་སོར་ཐར་པ་དང་། ལས་ཀྱི་ལམ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། མི་མཉམ་པ་རྣམས་མཉམ་པར་འཇོག་པར་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། ངེས་པའི་ཚིག་ཏུ་ནི་བསིལ་ཕྱིར་ཞེས་བྱ་སྟེ། ཚིགས་སུ་བཅད་པ་ལས་ཇི་སྐད་དུ། ཚུལ་ཁྲིམས་ཡང་དག་

བླངས་པ་དཔེ། །ལུས་ལ་ཡོངས་སུ་གདུང་བ་མེད། །ཅེས་འབྱུང་བའི་ཕྱིར་ཚུལ་ཁྲིམས་ཞེས་བྱའོ། །མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་ལེགས་པར་སྤྱད་པ་ཞེས་བྱ་སྟེ། ངེས་པའི་ཚིག་གི་བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལུས་དང་ངག་སྡོམ་པའི་ཕྱིར་སྡོམ་པ་ཞེས་བྱའོ། །སོ་སོར་

ཐར་པ་དེ་ནི་གནས་སྐབས་དང་པོ་དང་། ཐ་མ་ལས་བྱེ་བྲག་མེད་པའི་མིང་དུ་རིག་པར་བྱའོ། །སྐད་ཅིག་མ་དང་པོ་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ནི་སོ་སོར་ཐར་པ་དང་། ལས་ཀྱི་ལམ་ཞེས་བྱ་བའི་མིང་ཐོབ་སྟེ། འདི་ལྟར་དང་པོ་སྡོམ་པ་ཡང་དག་པར་ལེན་པ་

ན། དང་པོ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པས་སོ་སོ་ནས་སྡིག་པ་རྣམ་པ་སྣ་ཚོགས་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་དང་པོ་སོ་སོ་ནས་སྤོང་བའི་དོན་ལས་བརྩམས་ནས་ནི་སོ་སོར་ཐར་པའི་མིང་དུ་རྣམ་པར་བཞག་ལ། དེ་ཉིད་ཀྱི་ཚེ་བྱ་བ་མཐར་ཕྱིན་ནས་ལས་རྣམས་

Vol. 120 · folio 122b

བསལ་བའི་དོན་ལས་བརྩམས་ནས་ནི་ལས་ཀྱི་ལམ་གྱི་མིང་དུ་རྣམ་པར་བཞག་པ་ཡིན་པས་དེའི་ཕྱིར་སྐད་ཅིག་མ་དང་པོ་ལས་སོ་སོར་ཐར་པ་ཞེས་བྱའོ། །སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་བྱའོ། །རྩ་བ་ལས་ཀྱི་ལམ་ཞེས་ཀྱང་བྱའོ། །སྐད་ཅིག་མ་གཉིས་པ་ནས་མ་བཏང་བའི་བར་གང་

ཡིན་པ་དེ་ནི་སོ་སོར་ཐར་པ་ཞེས་ཀྱང་མི་བྱའོ། །སོ་སོར་ཐར་པའི་སྡོམ་པ་ཞེས་ཀྱང་མི་བྱའོ། །ལས་ཀྱི་ལམ་ཞེས་ཀྱང་མི་བྱ་སྟེ། ཕྱིས་འབྱུང་བ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་གཞུང་རབ་ཏུ་བསྟན་པ་དང་། ཡང་དག་པའི་རིག་པ་དང་

རྗེས་སུ་མཐུན་པ་ལས་ཀྱང་། ཕལ་ཆེར་མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་སྟོན་ཏོ། །དེ་ལ་བྱེ་བྲག་ཡོད་པ་ནི་དོན་རྣམ་པ་གསུམ་གྱི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་བཤད་དོ། །དང་པོ་ནི་མཛོད་ཀྱི་བསྟན་བཅོས་ལས་བསྟན་པ་དང་མཐུན་ནོ། །བར་མ་ནི་ཡང་

ན་དང་པོར་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་བཤད་དོ། །ཐ་མ་ནི་ཡང་དེ་དང་པོར་འབྱུང་བ་ནི་ཉམ་ང་བའི་ངན་འགྲོ་ལས་ཡང་དང་པོར་འདའ་བར་འགྱུར་བའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་བཤད་དོ། །བཤད་པའི་རྣམ་པ་གཞན་དུ་ན་ཡན་ལག་བདུན་གྱི་

འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཐ་དད་པ་ལ་སོ་སོར་ཐར་པས་ན་སོ་སོར་ཐར་པ་ཞེས་བྱ་སྟེ། ལས་དང་ཏིང་ངེ་འཛིན་གྱི་ཡན་ལག་བདུན་གྱི་རྒྱུ་ཐུན་མོང་དུ་ཡོད་པ་དང་མི་མཚུངས་པའི་ཕྱིར་དང་། འབྱུང་བ་ཆེན་པོ་གཅིག་གིས་བྱས་པའི་ཕྱིར་རོ། །མཛོད་ཀྱི་བསྟན་བཅོས་ལས། འདོད་

པའི་ཁམས་ན་ཡོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུ་མཐུན་པ་ནི་ཟག་པ་དང་བཅས་པ་དང་འབྱུང་བ་ཆེན་པོ་སྐྱེ་བས་ཐ་དད་དེ། དེ་ལ་འབྱུང་བ་ཆེན་པོ་སྐྱེ་བ་ཞེས་བྱ་བའི་ཚིག་ནི་ལུས་དང་ངག་གི་ཡན་ལག་བདུན་པོ་དག་རེ་རེ་འབྱུང་བ་ཆེན་པོ་དག་གིས་ཐ་དད་པར་བྱས་པ་སྟོན་ཏོ། །ཏིང་ངེ་

འཛིན་ལས་སྐྱེས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་བྱེ་བྲག་ཀྱང་རྣམ་པ་གཉིས་ཡོད་དེ། འདི་ལྟ་སྟེ། བསམ་གཏན་རྣམས་དང་། ཟག་པ་མེད་པའི་སྡོམ་པ་གང་ཡིན་པའོ། །རྣམ་པ་གཉིས་ཀའང་ཏིང་ངེ་འཛིན་ལ་བརྟེན་ནས་འཕེལ་བ་དང་། མ་ཟིན་པ་དང་། ཐ་དད་པ་མ་ཡིན་

Vol. 120 · folio 123a

པའི་འབྱུང་བ་ཆེན་པོ་ཞེས་བྱ་བའི་ཚིག་གིས་ནི་རྣམ་པར་རིག་བྱེད་མ་ཡིན་པའི་ཡན་ལག་བདུན་པོ་དག་འབྱུང་བ་ཆེན་པོ་བཞི་པོ་དག་གིས་རྒྱུ་བྱས་པ་མཚུངས་པ་ཉིད་དུ་བསྟན་ཏེ། བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གནས་སུ་གྱུར་པའི་འབྱུང་བ་ཆེན་པོ་རྣམས་སེམས་

བཞིན་དུ་གཅིག་པ་ཉིད་དུ་གྱུར་ཅིང་། བྱེ་བྲག་ཏུ་གྱུར་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། གཞུང་རབ་ཏུ་བསྟན་པ་ལས་ཀྱང་། མཛོད་ཀྱི་བསྟན་བཅོས་ལས་བཤད་པ་དང་མཐུན་པར་འབྱུང་ངོ་། །གཞན་ཡང་བསྟན་བཅོས་

ཡང་དག་པར་རིགས་པ་དང་རྗེས་སུ་མཐུན་པ་ལས། ཡང་ན་ལམ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་སྡོམ་པ་གང་ཡིན་པ་དེ་ནི་སེམས་ཀྱི་རྗེས་སུ་འབྲང་བའི་སྡོམ་པ་ཡིན་ལ། སོ་སོར་ཐར་པའི་སྡོམ་པ་ནི་སེམས་ཀྱི་རྗེས་སུ་འབྲང་བ་མ་ཡིན་པའི་ཕྱིར། གཞན་ཡང་བསྟན་བཅོས་རྣམ་པར་

གཡེང་བས་བྱས་པའི་དགེ་བ་ནི་ལུས་དང་ངག་དང་སེམས་ཐ་དད་པར་སྤྱོད་ཅིང་ཐུན་མོང་དུ་ཡོད་པའི་རྒྱུ་མཐུན་ཡིན་པའི་ཕྱིར་ཡང་སོ་སོར་ཞེས་བྱའོ། །གཞན་ཡང་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པའི་རྒྱུ་དང་པོ་ཡིན་པའི་ཕྱིར། དེའི་ཕྱིར་བསྟན་པ་གཞན་བསྟན་པའི་མདོ་ལས། ཚུལ་

ཁྲིམས་ནི་རྣམ་པར་གྲོལ་བ་དང་རྗེས་སུ་མཐུན་པའི་ཡང་དག་པ་ཡིན་པའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་གསུངས་སོ། །ཡང་ན་སོ་སོར་ཞེས་བྱ་བ་ནི་འདི་ལྟ་སྟེ། སོ་སོར་ཐ་དད་པའོ། །ཐར་པ་ནི་མྱ་ངན་ལས་འདས་པའི་འབྲས་བུའོ། །ལམ་དང་ཏིང་ངེ་འཛིན་ལས་སྐྱེས་པའི་སྡོམ་པ་གཉིས་

ནི་ཡང་དག་པར་གྲོལ་བ་ཐོབ་པར་འགྱུར་བ་ཡིན་ལ། སོ་སོར་ཐར་པའི་སྡོམ་པ་ནི་ལུས་དང་ངག་དག་གི་དགེ་བ་རྣམ་པར་གཡེང་བས་བྱས་པ་ཡིན་ཡང་། མྱ་ངན་ལས་འདས་པའི་འབྲས་བུ་མཐར་ཐུག་པའི་ཕྱོགས་ཡིན་པས་སོ་སོར་ཐར་པ་ཞེས་བྱའོ། །ཡང་ན་ལམ་དང་ཏིང་ངེ་འཛིན་ལས་

བྱུང་བའི་སྡོམ་པ་གཉིས་ནི་སེམས་དང་ལྷན་ཅིག་འགྲོགས་པ་ཡིན་པས་མཚུངས་པར་འབྲས་བུ་མཐར་ཐུག་པ་ལ་གཞོལ་བ་ཡིན་ལ། སོ་སོར་ཐར་པའི་སྡོམ་པ་ནི་འདི་ནི་སེམས་དང་སོ་སོར་ཐ་དད་ཅིང་འགོག་པའི་འབྲས་བུ་ལ་གཞོལ་བ་རིང་བས་སོ་སོར་ཐར་པ་ཞེས་བྱའོ། །གཞན་ཡང་

Vol. 120 · folio 123b

སོ་སོ་ཐར་པའི་སྡོམ་པ་ནི་ད་ལྟར་གྱི་ཁོ་ན་དགག་པ་དང་། སྦྱོར་བ་དང་། རྩ་བ་དགག་པར་རྟོགས་པ་ཡིན་ལ། ལམ་དང་ཏིང་ངེ་འཛིན་ལས་བྱུང་བའི་སྡོམ་པ་གཉིས་ཀྱིས་ནི་དུས་གསུམ་དགག་པར་ཡང་རྟོགས་ཤིང་རྩ་བ་ཁོ་ན་དགག་པ་ཡིན་པའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ་ཞེས་

བཤད་དོ། །འདིར་ཐེག་པ་ཆེན་པོ་བསྟན་པ་ལས་ནི། རིགས་བདུན་པོ་དག་ཡང་དག་པར་བླངས་པའི་སྡོམ་པ་དག་གིས་སོ་སོ་ནས་ཉེས་པ་སྲུང་བས་ལམ་དང་ཏིང་ངེ་འཛིན་ལས་བྱུང་བའི་སྡོམ་པ་གཉིས་དང་འདྲ་བར་རིགས་བདུན་པོ་དག་ཡང་དག་པར་བླངས་པའི་སྡོམ་པས་ཉེ་བར་

བསྲུངས་པའི་ཐ་དད་པ་མ་ཡིན་པའི་ཕྱིར་སོ་སོར་ཐར་པ་ཞེས་བྱའོ། །ཐར་པ་ཞེས་བྱ་བ་ནི་ཉེས་པ་བདུན་ལས་ཐར་ཅིང་མྱ་ངན་ལས་འདས་པ་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པའི་ཕྱིར་ཐར་པ་ཞེས་བྱའོ་ཞེས་བཤད་དོ། །གང་དུ་ཡང་ཐ་དད་པའི་འབྱུང་བ་ཆེན་པོ་སོ་སོར་ཐར་པ་ཞེས་

བསྟན་པ་ནི་མེད་དོ། །དེ་ལ་སོ་སོར་ཐར་པ་དང་ལྡན་པའི་ཆོས་ཡོངས་སུ་བསྟན་པ་ཞེས་བྱ་བ་ནི་འདི་ལ་བཤད་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་ཡང་དག་པའི་ཚུལ་ཁྲིམས་ཀྱི་རྒྱུ་དང་། རྐྱེན་དང་། རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་ལྡན་པའི་ཆོས་ཞེས་བྱའོ་ཞེས་སོ། །ཁ་ཅིག་ན་རེ་ལུས་ལ་སོགས་

པའི་ལས་གསུམ་པོ་དག་ལས་ནི་ཚུལ་ཁྲིམས་ཀྱི་རང་བཞིན་ཡིན་ལ། སེམས་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ནི་ལྡན་པའི་ཆོས་ཞེས་བྱའོ་ཞེས་པའོ། །ཆོས་ཀྱི་གསུང་རབ་དེ་ལ་ནི་འདུལ་བ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སོ་

སོར་ཐར་པ་རྣམ་པ་དུ་མ་དག་གིས་བསྡུས་པ་ལགས་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་ལན་དག་གིས་རྣམ་པར་དབྱེ་བ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཞུ་བ་གསོལ་བ་དང་ལན་དུ་གསུངས་པའོ། །འདི་ནི་དང་པོ་སྟེ། གཙོ་བོའི་དབང་དུ་མཛད་ནས་ཞུ་བ་

གསོལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཁོ་ནས་སྨོས་སོ། །རིགས་ཀྱི་བུ་རྣམ་པ་བདུན་དུ་རིག་པར་བྱ་སྟེ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་དེ་བཞིན་གཤེགས་པས་ཡང་དག་པར་ལན་དུ་གསུངས་པ་སྟོན་ཏོ། །འདི་ཡང་མདོར་བསྟན་པ་དང་། རྣམ་པར་ཕྱེ་ནས་བསྟན་པ་ཉིད་

Vol. 120 · folio 124a

དོ། །ཡང་དག་པར་བླང་བའི་ཆོ་གའི་དངོས་པོ་བསྡུས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་མཚན་ཉིད་རྣམ་པ་བདུན་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་མཚན་ཉིད་རྣམ་པ་བདུན་བསྟན་པ་ཉིད་ལས་རྣམ་པ་བདུན་དུ་དབྱེ་སྟེ། །འདི་ནི་དང་པོའི་ཡང་

དག་པར་བླང་བའི་ཆོ་གའི་མཚན་ཉིད་བསྟན་པའོ། །འདི་ནི་ཚུལ་ཁྲིམས་ཡང་དག་པར་བླང་བའི་ཆོ་ག་བསྟན་པ་ཡིན་པས། དེའི་ཕྱིར་ཡང་དག་པར་བླང་བའི་ཆོ་གའི་དངོས་པོ་ཞེས་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། ཡང་དག་པར་བླང་བའི་སྤྱོད་ལམ་བསྟན་པ་ཞེས་འབྱུང་ངོ་། །དགོངས་

པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཡང་དག་པར་བླང་བའི་ཆོས་བསྟན་པ་ཞེས་འབྱུང་ངོ་། །སྡོམ་པ་ཡང་དག་པར་བླང་བའི་ཆོས་འདི་རྒྱ་ཆེར་བཤད་པ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་སའི་ནང་ནས་བྱང་ཆུབ་སེམས་དཔའི་སའི་ནང་ནས་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡང་ན་

སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་ཞེས་བྱ་བ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། ཇི་ལྟར་ན་ཆོ་ག་ཕུན་སུམ་ཚོགས་པ་ཡིན་ཞེ་ན། འདི་ལྟ་སྟེ། སྤྱོད་པའམ། འཕྲལ་གྱི་བྱ་བའམ། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་ནས་འཇིག་རྟེན་པ་དང་རྗེས་སུ་མཐུན་ཞིང་

འཇིག་རྟེན་པ་དང་མི་འགལ་བ་དང་། འདུལ་བ་དང་རྗེས་སུ་མཐུན་ཞིང་འདུལ་བ་དང་མི་འགལ་བས་ན་དེའི་ཕྱིར་ཆོ་ག་ཕུན་སུམ་ཚོགས་པ་ཞེས་བྱའོ་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །ཕམ་

པའི་གནས་ལྟ་བུའི་དངོས་པོ་བསྟན་པའི་ཕྱིར་ན་ཞེས་བྱ་བ་ནི་གཉིས་པ་ཕམ་པའི་གནས་ལྟ་བུའི་དངོས་པོའི་མཚན་ཉིད་བསྟན་པའོ། །འདི་ལྟར་ལྕི་བ་བཞི་པོ་དག་གི་ཉེས་པ་འབྱུང་བར་འགྱུར་ན་གདོན་མི་ཟ་བར་ཕས་ཕམ་པའི་ཉོན་མོངས་པའི་དབང་དུ་འགྱུར་ཞིང་། བྱང་ཆུབ་སེམས་

དཔའ་ལས་རྒྱལ་བར་འགྱུར་བའི་ཕྱིར་རོ། །ཕས་ཕམ་པ་དེ་ཡང་རྣམ་པ་བཞི་ཡོད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་ཅིང་། བདག་ལ་སྟོད་ཅིང་གཞན་ལ་སྨོད་པ་དང་། སེར་སྣས་ཟང་ཟིང་དང་ཆོས་སེམས་ཅན་ལ་མི་སྟེར་

Vol. 120 · folio 124b

བ་དང་། ཁྲོ་བའི་སེམས་ཀྱིས་སེམས་ཅན་ལ་རྡེག་ཅིང་ཚིག་རྩུབ་པོ་སྨྲས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་ཤིང་ལོག་པའི་ཆོས་སྟོན་པ་གང་ཡིན་པ་དེ་ནི་ཕས་ཕམ་པ་བཞིའོ་ཞེས་བཤད་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཡང་ན་ཕས་ཕམ་པ་

ནི་བཅུ་སྟེ། སྔ་མ་བཞིའི་སྟེང་དུ་ཡང་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་འཚོང་བ་དང་། གཞན་གྱི་སྐྱོན་ནས་སྨྲ་བ་བསྣན་ཏེ། ཚངས་པའི་དྲ་བའི་མདོ་དང་། ཕྲེང་བའི་མདོ་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་

བྱའོ། །ལྷུང་བའི་གནས་ལྟ་བུའི་དངོས་པོ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་གསུམ་པ་ལྷུང་བའི་དངོས་པོའི་མཚན་ཉིད་བསྟན་པའོ། །འདི་ནི་དེ་ལས་གཞན་པའི་ཉེས་པ་ཡང་བ་རྣམས་ཏེ། འཕགས་པ་ཚངས་པའི་དྲ་བའི་མདོ་ལས། དྲི་མ་དང་བཅས་པ་བཞི་བཅུ་རྩ་བརྒྱད་གསུངས་པ་

དང་། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཉེས་པ་ཡང་བ་རྣམས་བསྟན་པ་ལྟ་བུ་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །ལྟུང་བ་དང་བཅས་པའི་ངོ་བོ་ཉིད་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བཞི་པ་ལྟུང་བ་དང་བཅས་པའི་ངོ་བོ་ཉིད་བསྟན་པའོ། །གཞན་ཡང་ལྟུང་བ་དང་

བཅས་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། འགལ་བས་འགྱུར་བའི་ཉེས་པ་བསྟན་པ་རྣམས་ཏེ། བསྟན་བཅོས་དེ་ཉིད་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་དག་པ་ལ་གནས་པ་ཉིན་

གཅིག་བཞིན་དུ་དཀོན་མཆོག་གསུམ་པོ་དག་ལ་མཆོད་པའི་བྱ་བ་ཆུང་ངུ་འམ། ཆེན་པོ་ཡང་རུང་སྟེ། ཐ་ན་ལུས་ཀྱིས་ཕྱག་གཅིག་ཙམ་བཙལ་བ་དང་། ཐ་ན་དཀོན་མཆོག་གསུམ་ལས་བརྩམས་ཏེ། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་དུ་ཚིག་ཏུ་བརྗོད་པ་དང་། ཐ་

ན་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བའི་དང་བ་གཅིག་ཙམ་ཡང་མ་བྱས་པར་ཉིན་མཚན་འདའ་བར་བྱེད་ན་ཉེས་པ་དང་བཅས་ཤིང་འགལ་བ་དང་བཅས་པར་འགྱུར་རོ་ཞེས་བྱ་བ་ནས། རྒྱ་ཆེར་བཤད་པའི་བར་དུ་བསྟན་པ་ལྟ་བུ་ལྟུང་བ་མེད་པའི་ངོ་བོ་ཉིད་

Vol. 120 · folio 125a

བསྟན་པའི་ཕྱིར་ཞེས་བྱ་བ་ནི་ལྔ་པ་མེད་པའི་ངོ་བོ་ཉིད་བསྟན་པ་སྟེ། བཅས་པའི་ཁ་ན་མ་ཐོ་བ་མེད་པ་ཉིད་དོ། །ཡང་ན་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཐམས་ཅད་དུ་ཉེས་པ་མེད་པ་ནི་སེམས་འཁྲུགས་པ་དང་། སྡུག་བསྔལ་གྱི་ཚོར་བས་ཉེན་པ་

དང་། སྡོམ་པ་མ་མནོས་པ་ལ་ནི་ཐམས་ཅད་དུ་ཉེས་པ་མེད་པར་རིག་པར་བྱའོ་ཞེས་བསྟན་པ་ཉིད་དོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། ཉེས་པ་མེད་པ་རྣམ་པ་བཞི་སྟེ། གསུམ་ནི་སྔར་བཤད་པ་དང་མཐུན་ཏེ། ཡང་ལས་དང་པོ་ལས་བསྟན་པའོ། །ལྟུང་བ་

ལས་འབྱུང་བ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་དྲུག་པ་ལྟུང་བ་ལས་འབྱིན་པའི་མཚན་ཉིད་བསྟན་པ་ནི་སྡིག་པ་བཤགས་ཤིང་ཉེས་པ་ལས་འབྱིན་པའི་ཆོས་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གལ་ཏེ་ཀུན་ནས་དཀྲིས་པ་ཆེན་པོས་བྱང་ཆུབ་སེམས་དཔའ་

ལ་ཕམ་པའི་གནས་ལྟ་བུའི་ཆོས་འབྱུང་བར་འགྱུར་ན་སླར་ཡང་ནོད་པར་བྱའོ། །གལ་ཏེ་ཀུན་ནས་དཀྲིས་པ་འབྲིང་གི་ཉེས་པར་བྱུང་ན་ནི་དེ་གང་ཟག་གསུམ་མམ། དེ་ཡན་ཆད་ལ་ཉེས་བྱས་བཤགས་པར་བྱའོ། །ཀུན་ནས་དཀྲིས་པ་ཆུང་ངུས་ཕམ་པའི་གནས་ལྟ་བུའི་ཉེས་པ་

བྱུང་བ་དང་། དེ་ལས་གཞན་པའི་ཉེས་པ་རྣམས་ནི་གཅིག་གི་མདུན་དུ་བཤགས་པར་བྱའོ། །གང་གི་མདུན་དུ་བཤགས་པར་བྱ་བའི་གང་ཟག་ཆོས་མཐུན་པ་མེད་ན་བྱང་ཆུབ་སེམས་དཔའ་བསམ་པ་ཐག་པ་ནས་ཕྱིན་ཆད་མི་བྱེད་པར་སེམས་བསྐྱེད་པར་བྱ་ཞིང་། ཕྱིན་ཆད་ཀྱང་བསྡམ་

པར་བྱའོ། །དེ་ལྟར་བྱས་ན་དེ་ཉེས་པ་དེ་ལས་འབྱུང་བ་ཞེས་བྱའོ་ཞེས་བསྟན་པ་ཡིན་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །སྡོམ་པ་གཏོང་བ་བསྟན་པའི་ཕྱིར་ཞེས་བྱ་བ་ནི་བདུན་པ་སྡོམ་པ་གཏོང་བའི་མཚན་ཉིད་བསྟན་པ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་བྱང་ཆུབ་

སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའ་གལ་ཏེ་ཀུན་ནས་དཀྲིས་པ་ཆུང་ངུ་དང་འབྲིང་གི་ཉེས་པ་ཕམ་པ་ལྟ་བུའི་ཉེས་པ་བྱུང་ན་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་གཏོང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ནི་གཏོང་བར་འགྱུར་ཏེ། གང་གི་

Vol. 120 · folio 125b

ཕྱིར་བྱང་ཆུབ་སེམས་དཔས་ཕམ་པའི་གནས་ལྟ་བུའི་ཆོས་འདི་དག་རྒྱུན་མ་ཆད་པར་ཀུན་སྤྱོད་པ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་བསྐྱེད་པ་དང་། དེས་མགུ་བར་བྱེད་ཅིང་། དེ་ལ་དགའ་བ་དང་། དེ་ཉིད་ལ་ཕན་ཡོན་དུ་ལྟ་བ་ཅན་དུ་གྱུར་པ་འདི་ནི་ཀུན་ནས་དཀྲིས་པ་ཆེན་པོ་

ཡིན་པར་རིག་པར་བྱའོ། །ཕམ་པའི་ཆོས་རྣམས་བྱས་པས་དགེ་སློང་གིས་སོ་སོར་ཐར་པའི་སྡོམ་པ་གཏོང་བར་འགྱུར་བ་བཞིན་དུ། བྱང་ཆུབ་སེམས་དཔས་ནི་ཕམ་པའི་གནས་ལྟ་བུའི་ཆོས་གནས་གཅིག་ཙམ་ཀུན་ཏུ་སྤྱོད་པས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་

ཡང་དག་པར་བླངས་པ་གཏོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔས་ནི་ཡང་དག་པར་བླངས་པ་ཡོངས་སུ་བཏང་དུ་ཟིན་ཀྱང་ཚེ་འདི་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པའི་སྡོམ་པ་ཡང་དག་པར་བླངས་པ་ནོད་པའི་སྐལ་བ་ཡོད་དེ། འདི་ལྟ་སྟེ། དགེ་སློང་སོ་སོར་ཐར་

པའི་སྡོམ་པ་ལ་གནས་པ་ཕམ་པ་བྱུང་བ་བཞིན་དུ། སྐལ་བ་མེད་པ་ཁོ་ནར་འགྱུར་བ་ནི་མ་ཡིན་ནོ། །མདོར་བསྡུ་ན་རྒྱུ་རྣམ་པ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་གཏོང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང་། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་གང་གིས་སྨོན་ལམ་ཡང་མ་བཏང་ལ། ཕམ་པའི་གནས་ལྟ་བུའི་ཆོས་རྣམས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོའང་ཀུན་ཏུ་མ་སྤྱད་ན། ཚེ་

བརྗེས་སུ་ཟིན་ཀྱང་། འོག་དང་སྟེང་དང་ཐད་ཀ་ཐམས་ཅད་དུ་སྐྱེས་པ་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ཡོངས་སུ་གཏོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་བརྗེས་ཏེ་བརྗེད་ནའང་དགེ་བའི་བཤེས་གཉེན་བསྟེན་པ་

ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ཡང་དང་ཡང་གསོ་བར་བྱེད་པར་ཟད་ཀྱི། གསར་དུ་ཡང་དག་པར་ལེན་པ་ནི་མ་ཡིན་ནོ་ཞེས་འབྱུང་བ་ལྟ་བུའོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྐྱེན་རྣམ་པ་བཞིས་སྡོམ་པ་གཏོང་བར་འགྱུར་རོ་ཞེས་བཤད་དེ། དེའི་ཕྱིར་དེ་

Vol. 120 · folio 126a

ཉིད་ལས། གཞན་ཡང་སྡོམ་པ་དེ་མ་བཏང་བ་ནི་ཚེ་རབས་གཞན་དུ་ཡང་རྗེས་སུ་འཇུག་པར་རིག་པར་བྱའོ། །གལ་ཏེ་བཏང་ན་ནི་མ་ཡིན་ནོ། །དེ་གཏོང་བ་ནི་མདོར་བསྡུ་ན་རྒྱུ་བཞིས་འགྱུར་ཏེ། ཡང་དག་པར་ལེན་པའི་སེམས་ཀྱིས་མི་འདྲ་བའི་སེམས་སྐྱེད་པར་བྱེད་

པ་དང་། མི་བརྡ་ཕྲད་པའི་དྲུང་དུ་དབུལ་བ་དང་ལྡན་པའི་ཚིག་རྗོད་པར་བྱེད་པ་དང་། ཕས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་དག་ལ་ཐམས་ཅད་དམ། རེ་རེའི་ཉེས་པ་འབྱིན་པ་དང་། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་དག་ཐམས་ཅད་དམ། དེ་རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོས་ཉེས་

པ་འབྱིན་པར་བྱེད་ན། བྱང་ཆུབ་སེམས་དཔས་སྡོམ་པ་བཏང་བར་རིག་པར་བྱའོ། །གལ་ཏེ་ཕྱིས་བླང་བའི་སེམས་ཡོངས་སུ་དག་པར་ཐོབ་པར་འགྱུར་ན་ཡང་ཕྱིས་བླང་བར་བྱའོ་ཞེས་འབྱུང་ངོ་། །ཉན་ཐོས་ཀྱི་ཚུལ་ཁྲིམས་བཏང་བའི་རྐྱེན་མང་ཉུང་ནི་བསྟན་པ་རྣམས་ལས་སོ་སོ་ནས་

བཤད་པ་མི་མཐུན་པས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་ནི་རྒྱུ་རྣམ་པ་ལྔས་གཏོང་བར་འགྱུར་རོ་ཞེས་བཤད་དེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ཀྱི་ནང་ནས་སོ་སོར་ཐར་པའི་སྡོམ་པ་ཇི་ལྟར་གཏོང་བར་འགྱུར་ཞེ་ན། ཚིག་ལེའུར་བྱས་པ་ལས། སོ་སོར་ཐར་པའི་འདུལ་བ་གཏོང་། །བསླབ་

པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །ཞེས་འབྱུང་བ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་པ་ལས། དེ་ལ་འདུལ་བ་ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་ཡིན་པར་དགོངས་ཏེ། དེས་དབང་པོ་རྣམས་འདུལ་བར་བྱེད་པའི་ཕྱིར་རོ། །

བསྙེན་གནས་པའི་སྡོམ་པ་མ་གཏོགས་པ་གཞན་སོ་སོར་ཐར་པའི་སྡོམ་པ་རྣམ་པ་བདུན་པོ་དག་ནི་རྒྱུ་རྣམ་པ་བཞིས་གཏོང་བར་འགྱུར་ཏེ། བརྡ་ཕྲད་པའི་དྲུང་དུ་བསླབ་པའི་གཞི་བསམ་པ་ཐག་པ་ནས་སླར་ཕུལ་བའི་ཕྱིར་དང་། རིགས་མཐུན་པ་བཏང་བའི་ཕྱིར་དང་། མཚན་ཉིད་ཅིག་ཅར་བྱུང་

བའི་ཕྱིར་དང་། རྒྱུ་དེས་དགེ་བའི་རྩ་བ་བཅད་པའི་ཕྱིར་རོ། །བསྙེན་གནས་པའི་སྡོམ་པ་ནི་སྔ་མའི་རྒྱུ་བཞི་དང་། མཚན་མོ་ཟད་པ་ལས་ཏེ། དེའི་ཕྱིར་དེ་དག་ནི་བསྡུ་ན་གཏོང་བའི་རྒྱུ་ལྔར་འགྱུར་རོ། །ཅིའི་ཕྱིར་རྒྱུ་དེ་དག་གིས་གཏོང་བར་འགྱུར་ཞེ་ན། ཡང་དག་པར་བླངས་པ་དང་འགལ་བའི་

Vol. 120 · folio 126b

རྣམ་པར་རིག་བྱེད་སྐྱེད་པའི་ཕྱིར་དང་། ལུས་བོར་བར་བྱ་བའི་ཕྱིར་དང་། རྟེན་ཉམས་པའི་ཕྱིར་དང་། གཞི་ཆད་པའི་ཕྱིར་དང་། ཚད་ཀྱི་དུས་ལས་འདས་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་བཅོས་ཡང་དག་པར་རིགས་པ་དང་རྗེས་སུ་མཐུན་པ་དང་། གཞུང་རབ་ཏུ་བསྟན་པ་དང་།

བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསླབ་པ་དབུལ་བའི་རྒྱུ་རྣམ་པ་ལྔ་འབྱུང་བ་ལ་ཡང་མཛོད་ཀྱི་བསྟན་པ་དང་མཐུན་ནོ། །བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས། སྡོམ་པའི་ཚུལ་ཁྲིམས་ལ་གནས་པས་དང་པོའི་ལྟུང་བ་རྣམས་བྱུང་ན་དེ་ནི་ཉེས་པ་ཡིན་གྱི་བཏང་བ་མ་ཡིན་པས་

གང་ཟག་དེ་ནི་ཚུལ་ཁྲིམས་ལ་གནས་པ་དང་། ཚུལ་ཁྲིམས་ཞིག་པ་ཡིན་པར་རིག་པར་བྱ་སྟེ། གལ་ཏེ་འགྱོད་པར་གྱུར་ན་ཚུལ་ཁྲིམས་ཞིག་པ་སྤངས་ནས་ཚུལ་ཁྲིམས་དང་ལྡན་པ་ལ་གནས་པར་འགྱུར་ཏེ། དཔེར་ན་མི་ཕྱུག་པོ་བུ་ལོན་ཆགས་པ་ཡོད་ན་ཕྱུག་པོ་ཞེས་ཀྱང་བྱ་བུ་ལོན་ཆགས་པ་

ཞེས་ཀྱང་བྱ་སྟེ། བུ་ལོན་བཅལ་ཟིན་ནས། ཕྱུག་པོ་ཁོ་ན་ཞེས་བརྗོད་པ་བཞིན་ནོ་ཞེས་འབྱུང་སྟེ། མཛོད་ཀྱི་བསྟན་བཅོས་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་དེ་སྐད་དུ་སྟོན་ཏོ། །ཆོས་གསང་བའི་སྡེ་པ་དག་ལས་ནི། རྒྱུ་རྣམ་པ་དྲུག་གིས་གཏོང་བར་འགྱུར་རོ་ཞེས་བཤད་དེ། ལྔ་ནི་

མཛོད་ཀྱི་བསྟན་བཅོས་ལས་འབྱུང་བ་དང་མཐུན་ནོ། །ཡང་ཆོས་འཇིག་པར་བསྟན་པའོ། །དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་སྡེ་པ་གཞན་ཁ་ཅིག་ན་རེ་ཡང་དག་པའི་ཆོས་ནུབ་པས་ཀྱང་སོ་སོར་ཐར་པའི་སྡོམ་པ་གཏོང་བར་འགྱུར་ཏེ། འདི་ལྟར་ཆོས་ནུབ་པའི་ཚེ་བསླབ་པའི་གནས་དང་།

མཚམས་གཅོད་པའི་ལས་ལ་སོགས་པ་ཐམས་ཅད་ཀྱང་ནུབ་པར་འགྱུར་བའི་ཕྱིར་རོ་ཞེས་འབྱུང་ངོ་། །མདོ་སྡེ་པ་དག་གི་གཞུང་གིས། རྒྱུ་རྣམ་པ་ལྔས་སྡོམ་པ་གཏོང་བར་འགྱུར་བར་བཤད་པའང་མཛོད་ཀྱི་བསྟན་པ་དག་དང་མཐུན་ཏེ། མཚན་མོ་ཟད་པ་ཞེས་པར་མི་འབྱུང་བར་ཡང་དེ་ཉེས་

པ་ལྕི་བར་འབྱུང་བས་བསྣན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས། སྡེ་པ་གཞན་ཁ་ཅིག་ན་རེ་ཉེས་པ་ལྕི་བ་བཞི་པོ་ལྟུང་བར་འགྱུར་བའི་ཉེས་པ་དག་ལས་གང་ཡང་རུང་བའི་ཉེས་པ་གཅིག་བྱུང་ན། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་གཏོང་བར་འགྱུར་རོ་ཞེ་ན།

Vol. 120 · folio 127a

འབྱུང་བ་ཡིན་ནོ། །ཐེག་པ་ཆེན་པོ་བསྟན་པ་དང་སྦྱར་ན། ཉན་ཐོས་ཀྱི་སྡོམ་པ་ནི་རྒྱུ་རྣམ་པ་ལྔས་སྤོང་བར་འགྱུར་རོ་ཞེས་མདོ་སྡེ་པ་དག་གིས་བསྟན་པ་དང་མཐུན་པར་བཤད་དེ། དེའི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། དེ་ལ་རྒྱུ་དུས་ན། དགེ་སློང་གི་

སྡོམ་པ་བླངས་པ་གཏོང་བར་འགྱུར་ཞེ་ན། མདོར་བསྡུ་ན་རྒྱུ་རྣམ་པ་ལྔ་སྟེ། བསླབ་པའི་གཞི་རྣམས་ཕུལ་བའི་ཕྱིར་དང་། ལྟུང་བའི་རྩ་བ་ལྷག་པར་སྤྱོད་པའི་ཕྱིར་དང་། མཚན་ནུབ་ཅིང་མཚན་གཉིས་སྐྱེ་བའི་ཕྱིར་དང་། དགེ་བའི་རྩ་བ་ཆད་པའི་ཕྱིར་དང་། རིགས་མཐུན་པ་སྤང་བའི་

ཕྱིར་དགེ་སློང་གི་སྡོམ་པ་བླངས་པ་གཏོང་བར་འགྱུར་རོ། །དམ་པའི་ཆོས་རབ་ཏུ་རྣམ་པར་ཞིག་ཅིང་དམ་པའི་ཆོས་ནུབ་ན་ནི་དགེ་སློང་གི་སྡོམ་པ་མ་བླངས་པ་ནི་བླང་དུ་མེད་ལ། སྔར་བླངས་པ་ནི་ཡོངས་སུ་མི་གཏོང་བར་རིག་པར་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་

བཞིན་ནོ། །འཇམ་དཔལ་གང་ངས་མཚན་ཉིད་རྣམ་པ་བཅུ་གཅིག་གི་ཆོས་རྣམས་བཤད་པ་དང་། རྣམ་པར་ཕྱེ་བ་དང་། བསྟན་པ་གང་ཡིན་པ་དེ་ནི་མ་མོ་ཞེས་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་མ་མོའི་མཚན་ཉིད་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ།

གྲངས་མདོར་སྨྲས་ནས། ལན་མདོར་གསུངས་པ་དང་། ཞུ་བ་གསོལ་བ་སྟེ། འདི་ནི་དང་པོའོ། །དེ་ལ་མཚན་ཉིད་རྣམ་པ་བཅུ་གཅིག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཞུས་པ་དང་། ལན་དག་གིས་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདིའི་ཞུ་བ་གསོལ་བ་དང་། ལན་དུ་

གསུངས་པ་སྟོན་ཏོ། །འདི་ནི་ཞུ་བ་གསོལ་བ་ཉིད་དོ། །ཀུན་རྫོབ་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དམིགས་པའི་མཚན་ཉིད་དང་། རྣམ་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དང་། དེའི་འབྲས་བུའི་མཚན་ཉིད་དང་།

དེ་མྱོང་བ་རྣམ་པར་བསྟན་པའི་མཚན་ཉིད་དང་། དེའི་བར་དུ་ཆོད་པའི་ཆོས་ཀྱི་མཚན་ཉིད་དང་། དེ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་དང་། དེའི་ཉེས་དམིགས་ཀྱི་མཚན་ཉིད་དང་། དེའི་ཕན་ཡོན་གྱི་མཚན་ཉིད་དོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་བཅོམ་ལྡན་འདས་ཀྱིས་

Vol. 120 · folio 127b

ཡང་དག་པར་ལན་དུ་གསུངས་པའོ། །འདི་ཡང་རྣམ་པ་གཉིས་པོ་གྲངས་བཞིན་དུ་མིང་བཀོད་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པས་བསྟན་ཏེ། འདི་ནི་དང་པོ་གྲངས་བཞིན་དུ་མིང་བཀོད་པའོ། །མཚམས་རྣམ་པར་དགྲོལ་བའི་མདོ་དང་། དགོངས་པ་ཟབ་མོ་རྣམ་

པར་དགྲོལ་བའི་མདོ་ལས་ནི་མིང་ཅུང་ཟད་འདི་དང་མི་མཐུན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། རྣམ་པར་བཤད་པ་ལས་ནི་མདོ་འདི་ལས་གསུངས་པ་དང་མཐུན་པར་འབྱུང་ངོ་། །དེ་ལ་ཀུན་རྫོབ་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་གོ་

རིམས་བཞིན་དུ་མཚན་ཉིད་རྣམ་པ་བཅུ་གཅིག་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་མཚན་ཉིད་རྣམ་པ་བཅུ་གཅིག་བསྟན་པ་ཉིད་ཀྱིས་རྣམ་པ་བཅུ་གཅིག་ཏུ་དབྱེ་སྟེ། འདི་ནི་དང་པོ་ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པའོ། །འདི་ཡང་རྣམ་པ་གཉིས་པོ་གྲངས་སྨོས་པ་དང་། གོ་རིམས་བཞིན་དུ་

རྣམ་པར་ཕྱེ་སྟེ་བཤད་པ་བསྟན་ཏེ། འདི་ནི་དང་པོའོ། །གང་ཟག་བསྟན་པའི་ཕྱིར་དང་། ཀུན་བརྟགས་པའི་ངོ་བོ་ཉིད་བསྟན་པའི་ཕྱིར་དང་། ཆོས་རྣམས་ཀྱི་བྱེད་པ་དང་། གཡོ་བ་དང་། ལས་བྱེད་པ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །

འདི་ནི་མཚན་ཉིད་རྣམ་པ་གསུམ་ལས་བརྩམས་ནས་ཀུན་རྫོབ་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། དང་པོ་བདག་དང་ཆོས་བྱེད་བསྟན། །གཞན་གྱི་རྗེས་མཐུན་ཕྱིར་ནི་བཤད། །ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། དང་པོ་ཀུན་རྫོབ་ཀྱི་བདེན་པ་ནི་བདག་

བསྟན་པ་དང་། ཆོས་བསྟན་པ་དང་། བྱེད་པ་བསྟན་པའོ། །དེ་ལ་བདག་བསྟན་པ་ནི་འདི་ལྟ་སྟེ། སེམས་ཅན་དང་། སྲོག་དང་སྐྱེ་བ་པོ་དང་། གང་ཟག་དང་། མི་དང་། སྐྱེས་པ་དང་། བུད་མེད་དང་། སངས་རྒྱས་བཤེས་གཉེན་དང་། ཆོས་ཀྱི་སྲུང་བ་ཞེས་བྱ་བ་ལ་སོགས་པ་བསྟན་པ་གང་ཡིན་པའོ། །ཆོས་

བསྟན་པ་ནི་འདི་ལྟ་སྟེ། གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པ་བསྟན་པ་གང་ཡིན་པའོ། །གལ་ཏེ་ཀུན་རྫོབ་ཀྱི་བདེན་པ་དོན་དམ་པར་ཡོད་པ་མ་ཡིན་ན། དོན་གང་གི་ཕྱིར་བསྟན་ཞེ་ན། སྨྲས་པ། གཞན་གྱི་རྗེས་མཐུན་པའི་ཕྱིར་ནི་བཤད་ཅེས་བྱ་བ་སྨོས་ཏེ། འདི་ལྟར་དོན་དམ་པའི་བདེན་པ་དང་རྗེས་

Vol. 120 · folio 128a

སུ་མཐུན་པར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལས། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་གང་ཞེ་ན། སྨྲས་པ། མཚན་ཉིད་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། བདག་བསྟན་པ་

དང་། ཆོས་བསྟན་པ་དང་། དངོས་པོ་བསྟན་པའོ། །དེ་ལ་བདག་བསྟན་པ་ནི་འདི་ལྟ་སྟེ། སེམས་ཅན་དང་། སྲོག་དང་། སྤྱོད་པ་པོ་དང་། ལྷ་དང་། མི་དང་། སྐྱེས་པ་དང་། བུད་མེད་ཅེས་བྱ་བ་ལ་སོགས་པ་གང་ཡིན་པའོ། །ཆོས་བསྟན་པ་ནི་འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་

དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པའོ། །དངོས་པོ་བསྟན་པ་ནི་འདི་ལྟ་སྟེ། མཐོང་བ་དང་། ཐོས་པ་དང་། སྐྱེས་པ་དང་། འགག་པ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་འདི་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་འབྱུང་ངོ་། །དེ་ལ་དོན་དམ་པའི་མཚན་ཉིད་ནི་དེ་བཞིན་ཉིད་

རྣམ་པ་བདུན་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་འདི་ནི་གཉིས་པ་དོན་དམ་པའི་མཚན་ཉིད་བསྟན་པ་སྟེ། བསྟན་བཅོས་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ་ལས་ཇི་སྐད་དུ། དོན་དམ་པའི་བདེན་པའི་མཚན་ཉིད་ནི་དེ་བཞིན་ཉིད་ནི་བདུན་དག་གོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། དོན་

དམ་པའི་བདེན་པ་ནི་འདི་ལྟ་སྟེ། དེ་བཞིན་ཉིད་རྣམ་པ་བདུན་པོ་དག་གོ་ཞེས་འབྱུང་སྟེ། གང་དུ་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །རྒྱུ་དང་རྐྱེན་གང་གི་ཕྱིར་དེ་བཞིན་ཉིད་རྣམ་པ་བདུན་ལ། དོན་དམ་པའི་བདེན་པ་ཞེས་བྱ་ཞེ་ན། སྨྲས་པ། ཡེ་ཤེས་མཆོག་གཉིས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་ཏེ།

འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་། རྗེས་ལས་ཐོབ་པའི་འཇིག་རྟེན་པའི་ཡེ་ཤེས་ཏེ། དོན་དམ་པ་འདི་ལ་སྤྲོས་པ་མེད་པའི་ཕྱིར་རོ་ཞེས་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ། །གཞན་ཡང་བསྟན་བཅོས་ངོ་བོ་ཉིད་མེད་པ་གསུམ་བསྟན་པ་ལས་ཀྱང་། དེ་བཞིན་ཉིད་རྣམ་པ་བདུན་ལ་

དོན་དམ་པའི་བདེན་པ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་མཚན་ཉིད་ནི་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གསུམ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དམིགས་པའི་མཚན་ཉིད་བསྟན་

Vol. 120 · folio 128b

པའོ། །འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་དམིགས་པར་བྱ་བའི་ཡུལ་གང་ཡིན་པ་སྟེ། སྔར་བསྟན་པ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལ་སོགས་པ་ཉིད་དོ།། །།བམ་པོ་བདུན་ཅུ་པ། རྣམ་པའི་མཚན་ཉིད་ནི་བརྟག་པ་

རྣམ་པ་བརྒྱད་བསྟན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་རྣམ་པ་བརྒྱད་ཀྱི་མཚན་ཉིད་བསྟན་པའོ། །འདི་ཡང་རྣམ་པ་གསུམ་སྟེ། གྲངས་མདོར་སྨོས་པ་དང་། མིང་བཀོད་པ་དང་། གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ནི་དང་པོ་སྟེ། དེ་ལ་རྣམ་པ་ཞེས་

བྱ་བ་ནི་ཤེས་པའི་རྣམ་པའོ། །མཚན་ཉིད་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ། ལམ་གྱི་ཕྱོགས་ཡང་དག་པར་བཤད་པ་དང་། དམིགས་པའི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་རྣམ་པའི་མཚན་ཉིད་ཅེས་བྱའོ། །གལ་ཏེ་དེ་ལྟར་ཅིའི་ཕྱིར་དེ་བཞིན་ཉིད་ལ་སོགས་པ་ལ་རྣམ་པའི་མཚན་

ཉིད་ཅེས་བསྟན་ཞེ་ན། སྨྲས་པ། འདི་ལྟར་ཡུལ་རྣམ་པ་བརྒྱད་སྨོས་ནས་རྣལ་འབྱོར་གྱི་བརྟག་པ་བསྟན་པའི་ཕྱིར་རོ། །བསྟན་པ་རྣམ་པ་བརྒྱད་གང་ཞེ་ན། བདེན་པ་ཁོ་ནའི་ཕྱིར་དང་། གནས་པའི་ཕྱིར་དང་། སྐྱོན་གྱི་ཕྱིར་དང་། ཡོན་ཏན་གྱི་ཕྱིར་དང་། ཚུལ་ཁྲིམས་དང་། འཇུག་པའི་ཕྱིར་

དང་། རིགས་པའི་ཕྱིར་དང་། བསྡུས་པ་དང་། རྒྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པ་སྟེ། འོག་ནས་རེ་རེ་ནས་སྟོན་པས་དེའི་ཕྱིར་འདིར་མ་བསྟན་ཏོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ནི། བདེན་པ་དང་། རྣམ་པར་གཞག་པ་དང་། སྐྱོན་དང་། ཡོན་

ཏན་དང་། ཚུལ་དང་། འཇུག་པ་དང་། རིགས་དང་། བསྡུས་པ་དང་། རྒྱས་པ་ཞེས་འབྱུང་སྟེ། རེ་རེའི་མགོར་ནི་སོ་སོར་བརྟགས་པ་དང་། མཇུག་ཏུ་ནི་སྤྱོད་པ་ཞེས་འབྱུང་ཡང་། དོན་ནི་མདོ་འདི་ལས་གསུངས་པ་དང་མཐུན་ནོ། །དེ་ལ་བདེན་པ་ནི་འདི་ལྟ་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་

གང་ཡིན་པའོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་གོ་རིམས་བཞིན་དུ་རྣམ་པར་ཕྱེ་སྟེ་བཤད་པ་སྟོན་ཏོ། །འདི་ཡང་རྣམ་པར་བརྟག་པ་རྣམ་པ་བརྒྱད་ཀྱི་མཚན་ཉིད་བསྟན་པ་ལས་རྣམ་པ་བརྒྱད་དུ་དབྱེ་སྟེ། འདི་ནི་དང་པོའི་བདེན་པ་ཁོ་ནའི་མཚན་ཉིད་བསྟན་པའོ། །འདི་ལྟར་རྩ་བའི་ཡེ་ཤེས་ཀྱིས་དེ་

Vol. 120 · folio 129a

བཞིན་ཉིད་མངོན་སུམ་དུ་གྱུར་ཅིང་། རང་བཞིན་མི་འདོར་བ་གང་ཡིན་པ་དེ་ནི་བདེན་པ་ཞེས་བྱའོ། །བརྫུན་པ་མ་ཡིན་པའི་ཕྱིར་ནི་ཁོ་ན་ཞེས་བྱ་སྟེ། དེའི་ཕྱིར་བདེན་པ་ཁོ་ན་ཞེས་གསུངས་སོ། །གནས་པ་ནི་འདི་ལྟ་སྟེ། གང་ཟག་གི་རྣམ་པར་གཞག་པའམ། ཆོས་རྣམས་

ཀྱི་ཀུན་བརྟགས་པའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་གནས་པའི་མཚན་ཉིད་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། བདག་དང་ཆོས་སུ་འཛིན་པ་གཉིས་རྣམ་པར་གཞག་པ་བསྟན་པའང་། ལུང་བསྟན་པ་རྣམ་པ་བཞི་རྣམ་པར་གཞག་པའམ།

ཆོས་དང་རྣམ་པར་དབྱེ་བ་སྟེ། རྣམ་པར་གཞག་པ་བསྟན་པའོ། །འདི་ནི་དང་པོ་བདག་དང་། ཆོས་སུ་འཛིན་པ་རྣམ་པར་གཞག་པ་བསྟན་པ་སྟེ། འདི་ལྟར་ཀུན་བརྟགས་པས་བདག་དང་ཆོས་ཡང་དག་པ་ཉིད་དུ་འཛིན་པ་དག་ནི་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་ཡོད་ཅིང་། དོན་དམ་པར་

མེད་པ་ཡིན་ཡང་། ཡང་དག་པ་མ་ཡིན་པའི་སེམས་ཀྱི་རྗེས་སུ་ཡོད་པར་འཛིན་པའི་ཕྱིར་རྣམ་པར་གཞག་པ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས། ཀུན་ཏུ་བརྟགས་པའི་བདག་ཡང་དག་པ་དང་། ཆོས་ཡང་དག་པ་ནི་ཡོད་པ་མ་ཡིན་ཡང་། ཡང་དག་པ་མ་ཡིན་

པའི་སེམས་ཀྱི་རྗེས་སུ་རྣམ་པར་གཞག་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །མགོ་གཅིག་པ་དང་། རྣམ་པར་དབྱེ་བ་དང་། དྲིས་ནས་ལན་གདབ་པ་དང་། གཞག་པས་ལུང་བསྟན་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་གཉིས་པ་ལུང་བསྟན་པ་རྣམ་པ་བཞི་རྣམ་པར་གཞག་པ་བསྟན་པའོ། །

རྒོལ་བའི་ལན་གདབ་པའི་ཆོས་ལས་བརྩམས་ནས་ལུང་བསྟན་པ་བཞིའི་སྨྲ་བ་རྣམ་པར་གཞག་པས་དེའི་ཕྱིར་རྣམ་པར་གཞག་པ་ཞེས་བྱ་སྟེ། འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས། ཇི་སྐད་དུ། ལུང་བསྟན་པའི་སྨྲ་བ་རྣམ་པ་བཞི་ནི་མགོ་གཅིག་ཏུ་ལུང་བསྟན་པ་དང་། རྣམ་པར་ཕྱེ་ནས་

ལུང་བསྟན་པ་དང་། དྲིས་ནས་ལུང་བསྟན་པ་དང་། ཅང་མི་སྨྲ་བར་གཞག་པས་ལུང་བསྟན་པའོ། །དེ་ལ་མགོ་གཅིག་ཏུ་ལུང་བསྟན་པ་ནི་ཁ་ཅིག་འདི་སྐད་དུ། སྐྱེ་བས་ཐམས་ཅད་གདོན་མི་ཟ་བར་འགག་པར་འགྱུར་བ་ཡིན་ནམ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་བསོད་ནམས་ཀྱི་ཞིང་

Vol. 120 · folio 129b

གཤིན་པ་ཡིན་ནམ་ཞེས་དྲིས་པ་ལ་སོགས་པ་ལ། ལན་དུ་དོན་འདི་ཉིད་ནི་དེ་ལྟར་ངེས་པ་ཡིན་ནོ་ཞེས་ལུང་བསྟན་པ་ལྟ་བུའོ། །རྣམ་པར་ཕྱེ་ནས་ལུང་བསྟན་པ་ནི་ཇི་ལྟར་ཁ་ཅིག་འདི་སྐད་དུ། ཅི་འགགས་པ་ཐམས་ཅད་སྐྱེ་བར་འགྱུར་རམ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གཅིག་ཁོ་

ནར་ཟད་དམ་ཞེས་དྲིས་པ་ལ་སོགས་པ་ལ་དོན་འདི་ནི་དེ་ལྟར་མ་ངེས་སོ་ཞེས་རྣམ་པར་ཕྱེ་ནས་ལུང་བསྟན་པ་ལྟ་བུའོ། །དྲིས་ནས་ལུང་བསྟན་པ་ནི་ཇི་ལྟར་ཁ་ཅིག་འདི་སྐད་དུ། བྱང་ཆུབ་སེམས་དཔའི་ས་བཅུ་མཆོག་ཡིན་ནམ། འོན་ཏེ་མཆོག་མ་ཡིན། སངས་རྒྱས་དང་ཆོས་དང་དགེ་འདུན་

དཀོན་མཆོག་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་ཁྱད་པར་དུ་འཕགས་པ་མ་ཡིན་ཞེས་དྲིས་པ་ལ་སོགས་པ་ལ་ཁྱོད་གང་ལ་ལྟོས་ཏེ་འདྲི་ཞེས་དྲིས་ནས་ལུང་བསྟན་པ་ལྟ་བུའོ། །ཅང་མི་སྨྲ་བར་བཞག་པས་ལུང་བསྟན་པ་ནི་ཇི་སྐད་དུ། ཁ་ཅིག་འདི་སྐད་དུ་བདག་ཅེས་བྱ་བའི་དངོས་པོ་ཉིད་ཡང་དག་

པར་ཡོད་པ་ཡིན་ན། ཅི་དགེ་བ་ཞིག་གམ་འོན་ཏེ་མི་དགེ་བ་ཞིག་ཅེས་འདྲི་བ་དང་། མོ་གཤམ་གྱི་བུ་མོ་མདོག་དཀར་བ་ཞིག་གམ་འོན་ཏེ་གནག་པ་ཞིག་ཅེས་འདྲི་བ་ལ་སོགས་པ་ལ་ཅང་མི་སྨྲ་བར་བཞག་པས་ལུང་བསྟན་པ་ལྟ་བུ་སྟེ། ལུང་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་དང་། སྤྲོས་པ་བསྐྱེད་

པའི་ཕྱིར་རོ་ཞེས་འབྱུང་བ་ལྟ་བུ་སྟེ། རྒྱ་ཆེར་རྣམ་པར་དབྱེ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་། ས་བཅུ་པའི་འགྲེལ་པ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་། མཛོད་ཀྱི་བསྟན་བཅོས་དང་། ཡང་དག་པའི་རིགས་

པ་དང་རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གསང་བ་དང་རྣམ་པར་དབྱེ་བས་ལུང་བསྟན་པའི་བྱེ་བྲག་རྣམ་པར་བཞག་པས་གང་ཡིན་པའོ་ཞེས་བྱ་བས་ནི་གསུམ་པ་གསང་བ་དང་རྣམ་པར་དབྱེ་བ་རྣམ་པར་གཞག་པ་བསྟན་པའོ། །འདི་ལྟར་དེ་

བཞིན་གཤེགས་པ་རྣམས་ནི་དབང་གི་རྗེས་སུ་ཕན་གདགས་པའི་ཕྱིར་ཆེད་འགའ་ནི་གསང་བ་དང་། ཆེད་འགའ་ནི་རྣམ་པར་དབྱེ་བའི་རྣམ་པར་བཞག་པས་ཆོས་སྟོན་པས་སོ། །བསྟན་བཅོས་རྣམ་པར་བཤད་པ་ལས་གསང་བ་དང་། རྣམ་པར་དབྱེ་བ་སྨྲ་བ་ཞེས་འབྱུང་ངོ་། །བསྟན་པ་འདི་

Vol. 120 · folio 130a

གཉིས་ཀྱང་སོ་སོ་ནས་བཤད་པ་མི་མཐུན་པས་ཁ་ཅིག་ན་རེ་ཚིག་འདི་ཉེ་ལ། དོན་རིང་བ་གང་ཡིན་པ་དེ་ནི་གསང་བ་ཞེས་བྱ་སྟེ། འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ཇི་སྐད་དུ། སངས་རྒྱས་ལ་ཕྱག་འཚལ་བ་གཅིག་གང་བརྗོད་པ་དེ་དག་ཐམས་ཅད་

སངས་རྒྱས་སུ་འགྲུབ་པར་འགྱུར་ཞེས་གསུངས་པ་ལྟ་བུའོ། །ཚིག་དང་དོན་གཉིས་ཀ་རིང་བ་ནི་རྣམ་པར་དབྱེ་བ་ཞེས་བྱ་སྟེ། འཕགས་པ་ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་ལ་སོགས་པ་ལས། བསྐལ་པ་གྲངས་མེད་པ་གསུམ་གྱིས་གདོད་སངས་རྒྱས་འགྲུབ་པར་འགྱུར་རོ་ཞེས་

གསུངས་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཆོས་ཐམས་ཅད་སྟོང་ཞིང་དབེན་པ་ཉིད་དུ་གསུངས་པ་གང་ཡིན་པ་དེ་ནི་གསང་བ་ཞེས་བྱའོ། །འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས། ངོ་བོ་ཉིད་རྣམ་པ་གསུམ་ཚང་

བར་གསུངས་ཤིང་། སྟོང་པ་ཉིད་དང་ལྡན་པ་དང་། མི་སྟོང་པ་དང་ལྡན་པ་གང་ཡིན་པ་དེ་ནི་རྣམ་པར་དབྱེ་བ་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་ཐེག་པ་ཆུང་ངུའི་བསྟན་པ་རྣམས་ནི་གསང་བ་ཞེས་བྱའོ། །ཐེག་པ་ཆེན་པོའི་བསྟན་པ་རྣམས་ནི་རྣམ་པར་དབྱེ་བ་ཞེས་བྱ་སྟེ། དེའི་ཕྱིར་བསྟན་བཅོས་རྣམ་པར་

བཤད་པ་ལས། གསང་བའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་བསྟན་པ་རྣམས་སོ། །རྣམ་པར་དབྱེ་བའི་བསྟན་པ་ནི་འདི་ལྟ་སྟེ། ཕལ་ཆེར་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བསྟན་པ་རྣམས་སོ་ཞེས་བསྟན་པ་ཡིན་ནོ། །ཁ་ཅིག་ན་རེ་དགོངས་པ་ཐ་དད་པའི་གསང་བ་ཞེས་བྱ་སྟེ། དེའི་

ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། ལྡེམ་པོར་དགོངས་པ་ནི་འདི་ལྟ་སྟེ། མིང་དང་། ཚིག་དང་། ཡི་གེའི་ཚོགས་རྣམས་ཀྱིས་ཚིགས་བཅད་དུ་བརྗོད་པ་དོན་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། ཇི་སྐད་དུ། ཕ་དང་མ་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་

གཉིས་དང་། །ཡུལ་འཁོར་དང་བཅས་རབ་བཅོམ་ནས། །མི་དེ་དག་པར་འགྱུར་ཞེས་བྱ། །ཞེས་བྱ་བ་ནི་འཇིག་རྟེན་ན་ཤིན་ཏུ་ཁ་ན་མ་ཐོ་བར་གྲགས་པ་ནི་ཕ་དང་། མ་དང་རྒྱལ་པོ་དང་། མང་དུ་ཐོས་པའི་བྲམ་ཟེ་རྣམ་གཉིས་དང་། ཡུལ་འཁོར་གྱི་མི་དང་། ཕྱུགས་བསད་པའི་ལས་ངན་པ་གང་

Vol. 120 · folio 130b

ཡིན་པ་དེ་ནི་ཡོངས་སུ་མ་དག་པ་ཞེས་བྱ་སྟེ། འདིར་དག་པར་འགྱུར་ཞེས་གསུངས་པ་གང་ཡིན་པ་དེ་ནི་དགོངས་པ་དོན་གཞན་སྟོན་ཏེ། འདི་ལྟ་སྟེ། ལས་དང་། སྲེད་པ་དང་། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དང་། ཚུལ་ཁྲིམས་དང་། ལྟ་བ་དང་། བརྟུལ་ཞུགས་མཆོག་

ཏུ་འཛིན་པ་རྣམ་གཉིས་དང་། དམིགས་པ་ལ་སོགས་པའི་སྐྱེ་མཆེད་དྲུག་སྤྱོད་ཡུལ་དང་བཅས་པའི་དབང་དུ་བྱས་ནས་གོ་རིམས་བཞིན་དུ་ཕ་མ་ལ་སོགས་པར་བལྟ་བར་བྱ་སྟེ། དེ་དག་དང་ཆོས་འདྲ་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །ཚིག་དང་དོན་མཐུན་པ་

གང་ཡིན་པ་དེ་ནི་རྣམ་པར་དབྱེ་བ་ཞེས་བྱ་སྟེ། འདི་ལྟར་ཕ་ལ་སོགས་པ་གསད་པ་གང་ཡིན་པ་དེ་ནི་ཤིན་ཏུ་ཁ་ན་མ་ཐོ་བའི་ལས་ཡིན་པས་ཡོངས་སུ་མ་དག་པ་ཞེས་བྱའོ། །ཕ་མ་ལ་སོགས་པ་ལ་བསྙེན་བཀུར་བྱེད་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པ་ཞེས་བྱའོ་ཞེས་བསྟན་པ་ལྟ་བུའོ། །སྐྱོན་

ནི་འདི་ལྟ་སྟེ། ངས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ལ་ཉེས་དམིགས་ཀྱི་རྣམ་གྲངས་དཔག་ཏུ་མེད་པའི་བྱེ་བྲག་ཡོད་པར་བསྟན་པ་གང་ཡིན་པ་དག་གོ་ཞེས་བྱ་བ་ནི་གསུམ་པ་ཉེས་དམིགས་ཀྱི་མཚན་ཉིད་བསྟན་པའོ། །འདི་ལྟ་སྟེ། ཟག་པ་གསུམ་དང་། མདུད་པ་བཞི་དང་། ཀུན་དུ་སྦྱོར་བའི་

རྒྱུ་དང་། ཀུན་ནས་དཀྲིས་པ་བཅུ་ལ་སོགས་པའི་རྣམ་གྲངས་སྣ་ཚོགས་ཀྱིས་ཉོན་མོངས་པའི་ཉེས་དམིགས་བསྟན་པ་གང་ཡིན་པའོ། །ཡོན་ཏན་ནི་འདི་ལྟ་སྟེ། ངས་རྣམ་པར་བྱང་བའི་ཆོས་རྣམས་ལ་ཕན་ཡོན་གྱི་རྣམ་གྲངས་དཔག་ཏུ་མེད་པའི་བྱེ་བྲག་ཡོད་པས་བསྟན་པ་གང་ཡིན་པ་དག་གོ་

ཞེས་བྱ་བ་ནི་བཞི་པའི་ཡོན་ཏན་གྱི་མཚན་ཉིད་བསྟན་པའོ། །འདི་ལྟ་སྟེ། མངོན་པར་ཤེས་པ་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་ཡོན་ཏན་གྱི་ཁྱད་པར་བསྟན་པ་གང་ཡིན་པའོ། །ཚུལ་ནི་རྣམ་པ་དྲུག་ཏུ་རིག་པར་བྱའོ་

ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་ཚུལ་ཁྲིམས་ཀྱི་སྒོ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། གྲངས་མདོར་སྨོས་པ་དང་། གྲངས་བཞིན་དུ་མིང་བཀོད་པ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། ཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། བསམ་

Vol. 120 · folio 131a

གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་ལོ་ཞེས་བྱ་བ་ནི་གཉིས་པ་གྲངས་བཞིན་དུ་མིང་བཀོད་པའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས་ནི། དེ་ཁོ་ནའི་དོན་རྟོགས་པ་དང་། ཐོབ་པའི་རྟོགས་པ་བཤད་པའི་གོས་པ་དང་། མཐའ་གཉིས་པར་བྲལ་

བའི་རྟོགས་པ་དང་། བསམ་གྱིས་མི་ཁྱབ་པའི་རྟོགས་པ་དང་། དགོངས་པའི་རྟོགས་པ་ཞེས་འབྱུང་ངོ་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི། རྟོགས་པའི་མཚན་ཉིད་ཅེས་འབྱུང་། ཕལ་ཆེར་མཚམས་རྣམ་པར་དགྲོལ་བའི་མདོ་ལས་གསུངས་པ་དང་མཐུན་ནོ། །ཚུལ་རྣམ་

པ་འདི་དྲུག་ནི། བསྟན་བཅོས་རྣམ་པར་བཤད་པ་ལས། བསྡུས་པ་དང་རྒྱས་པའི་སྒོ་རྣམ་པ་གཉིས་རྣམ་པར་དབྱེ་སྟེ། དེ་ལ་བསྡུས་པ་ཞེས་བྱ་བ་ནི་བསྟན་བཅོས་འདི་ཉིད་ལས་ཚུལ་ལས་བརྩམས་པ་ནི་མདོར་བསྡུ་ན་རྣམ་པ་དྲུག་པོ་འདི་ལྟ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། དངོས་པོའི་ཚུལ་ལོ་ཞེས་

བྱ་བའི་བར་དུའོ། །དེ་ལ་ཚུལ་སྔ་མ་གསུམ་ནི་ཚུལ་ཕྱི་མ་གསུམ་གྱིས་བཤད་དེ། འདི་ལྟར་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་ནི་དེ་ཁོ་ནའི་དོན་གྱི་ཚུལ་བཤད་པ་ཡིན་པས་སོ། །སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་དང་། རྟག་པ་དང་ཆད་པའི་མཐའ་གཉིས་དང་།

བདེ་བ་དང་སྡུག་བསྔལ་གཉིས་སྤངས་ནས། དབུ་མའི་ལམ་དང་མཐུན་པར་འགྱུར་བ་ནི་དེ་ཁོ་ནའི་དོན་ཞེས་བྱའོ། །བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ནི་ཐོབ་པའི་ཚུལ་བཤད་པ་ཡིན་ཏེ། འདི་ལྟར་བདག་དང་། སེམས་ཅན་ནས་སངས་རྒྱས་རྣམས་དང་། སྤྱོད་ཡུལ་གྱི་བར་དུ་བསམ་གྱིས་མི་ཁྱབ་པའི་

ཕྱིར་རོ། །རྒྱུ་བསྒྲུབས་ནས་འབྲས་བུ་ཐོབ་པ་ནི་ཐོབ་པ་བསྟན་ཏོ། །དགོངས་པའི་ཚུལ་གྱིས་ནི་བཤད་པའི་ཚུལ་བཤད་པ་ཡིན་ཏེ། འདི་ལྟར་དོན་གཞན་དང་། དུས་ལ་སོགས་པའི་དགོངས་པ་ལ་བརྟེན་ནས་བསྟན་པ་འབྱུང་བའི་དགོངས་པ་སྟོན་པས་སོ། །དོན་གཞན་ལ་སོགས་པའི་དགོངས་

པ་དེ་དག་ནི་བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་དང་། ངོ་བོ་ཉིད་མེད་ཀྱིས་མཛད་པ་དང་། ལང་གི་ཚེ་བསྒྱུར་བ་དང་། མདོ་སྡེའི་རྒྱན་དང་། ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་

Vol. 120 · folio 131b

ལ་སོགས་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ཁོ་ནའི་དོན་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཚུལ་ཡིན་པའི་ཕྱིར་དེ་ཁོ་ནའི་དོན་གྱི་ཚུལ་ཞེས་བྱ་ལ། དེ་བཞིན་དུ་དགོངས་པ་ཉིད་དོན་གྱི་ཚུལ་ཡིན་པའི་ཕྱིར་དགོངས་པའི་ཚུལ་ཞེས་བྱའོ་ཞེས་བྱ་བའོ་བར་དུ་སྟེ། དེ་དང་དེ་དག་ཏུ་ཕྱིན་ཅི་ལོག་མེད་པའི་ངོ་

བོ་ཉིད་གང་ཡིན་པ་དེ་ནི་ཚུལ་གྱི་དོན་ཡིན་པས་སོ་ཞེས་འབྱུང་སྟེ། དེ་དང་དེ་དག་ཏུ་ཕྱིན་ཅི་ལོག་མེད་པའི་ཕྱིར། ངོ་བོ་ཉིད་གང་ཡིན་པ་དེ་ནི་ཚུལ་གྱི་དོན་ཡིན་པས་ཞེས་བྱ་བ་ནི་འདི་ལྟར་སོ་སོ་ནས་བདག་ཉིད་ཀྱི་མཚན་ཉིད་ཀྱི་གནས་གང་དུ་ཕྱིན་ཅི་ལོག་མེད་པའི་ངོ་བོ་ཉིད་གང་ཡིན་པ་ནི་ཚུལ་གྱི་དོན་ཡིན་

པས་སོ། །དེ་ལ་རྒྱས་པར་བསྟན་པ་ནི་བསྟན་བཅོས་དེ་ལས་དེ་ཁོ་ནའི་ཚུལ་ནི་མདོར་བསྡུ་ན་རྣམ་པ་དྲུག་སྟེ། འཇིག་རྟེན་པའི་དོན་ཁོ་ནས་རྣམ་པར་གཞག་པ་མ་ཡིན་པའི་དེ་ཁོ་ནའི་བར་དུའོ། །དེ་ལ་འཇིག་རྟེན་པའི་དེ་ཁོ་ན་ནི་འདི་ལྟ་སྟེ། བརྡ་དང་ཀུན་རྫོབ་ལས་འདྲིས་པའི་རྗེས་སུ་འགྲོ་བས་

ཞུགས་པའི་བློས་དངོས་པོ་གང་ལ་འཇིག་རྟེན་པའི་ལྟ་བ་ཐམས་ཅད་ཀྱི་ལྟ་བ་མཚུངས་པར་འགྱུར་བ་འདི་ལྟ་སྟེ། ས་ལ་འདི་ནི་ས་ཁོ་ན་ཡིན་གྱི། མེ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། མདོར་བསྡུ་ན་འདི་ཡིན་ཏེ། འདི་ནི་མ་ཡིན་ནོ། །འདི་ནི་འདི་ལྟ་བུ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་

དངོས་པོ་གང་འཇིག་རྟེན་པའི་སེམས་ཅན་ཐམས་ཅད་ཀྱིས་ངེས་པར་མོས་པའི་སྤྱོད་ཡུལ་གཅིག་ནས་གཅིག་ཏུ་འོངས་པའི་མིང་གིས་རང་གི་རྣམ་པར་རྟོག་པ་ལས་གྲགས་པ། མ་བསམས་མ་དཔྱད་མ་བརྟགས་པར་གཟུང་བ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་དེ་ཁོ་ན་ཞེས་བྱའོ། །རིགས་

པའི་དེ་ཁོ་ན་འདི་ལྟ་སྟེ། མཁས་པ་རྣམས་ཀྱིས་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ལུང་གི་ཚད་མ་གསུམ་པོ་དག་ལ་བརྟེན་ནས་ཤིན་ཏུ་རྣམ་པར་ཕྱེ་བ་ངེས་པའི་ཤེས་པའི་སྤྱོད་ཡུལ་ཤེས་བྱའི་དངོས་པོ་དག་འཐད་པ་སྒྲུབ་པའི་རིགས་པས་རབ་ཏུ་བསྒྲུབས་ཤིང་། རྣམ་པར་གཞག་པ་གང་ཡིན་

པ་དེ་ནི་རིགས་པའི་དེ་ཁོ་ན་ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་འདི་ལྟ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མེད་པའི་ཐབས་ཀྱི་ཤེས་པ་དང་། ཟག་པ་མེད་པའི་ཡང་དག་པའི་ཤེས་པ་དང་། ཟག་པ་མེད་པའི་རྗེས་ལས་ཐོབ་པའི་འཇིག་

Vol. 120 · folio 132a

རྟེན་པའི་ཤེས་པས་སྤྱོད་ཡུལ་དུ་བྱ་བའི་ཡུལ་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱའོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པས་སྤྱོད་ཡུལ་གྱི་དེ་ཁོ་ན་ནི་འདི་ལྟ་སྟེ། ཤེས་བྱ་ཤེས་པའི་གེགས་བྱེད་པའི་ཕྱིར་ཤེས་

བྱའི་སྒྲིབ་པ་ཞེས་བྱ་སྟེ། ཤེས་བྱའི་སྒྲིབ་པ་དེ་ལས་རྣམ་པར་གྲོལ་བའི་ཤེས་པའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་ཡུལ་གྱི་དེ་ཁོ་ན་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ཏེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་དེ་སྐད་

དུ་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས། རྣམ་པར་གཞག་པའི་དེ་ཁོ་ན་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་དག་གོ། །སྡུག་བསྔལ་ནི་སྡུག་བསྔལ་བར་བདེན་པའི་ཕྱིར་སྡུག་བསྔལ་ཉིད་དུ་རྣམ་པར་གཞག་པ་ནས་ལམ་ཡང་ལམ་དུ་བདེན་པའི་ཕྱིར་ལམ་ཉིད་དུ་རྣམ་པར་གཞག་པའི་བར་དུའོ། །

རྒྱུ་དང་རྐྱེན་གང་གི་ཕྱིར་རྣམ་པར་གཞག་པ་ཞེས་བྱ་ཞེ་ན། སྨས་པ། ཀུན་རྫོབ་རྣམ་པ་གསུམ་གྱིས་རྣམ་པར་གཞག་པའི་ཕྱིར་རོ། །དང་པོ་འཇིག་རྟེན་པའི་ཀུན་རྫོབ་ནི་འདི་ལྟ་སྟེ། ཞིང་དང་ཁང་ཁྱིམ་དང་བུམ་པ་དང་། དམག་དང་། ནགས་ཚལ་དང་གྲངས་ལ་སོགས་པ་ནས་བདག་དང་སེམས་ཅན་

ཞེས་བྱ་བའི་བར་ལ་སོགས་པའི་བར་དུ་རྣམ་པར་གཞག་པ་གང་ཡིན་པའོ། །གཉིས་པ་རིགས་པའི་ཀུན་རྫོབ་ནི་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་གཞག་པ་གང་ཡིན་པའོ། །གསུམ་པ་ཐོབ་པའི་ཀུན་རྫོབ་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་

དང་། དེ་དག་གནས་པའི་ཆོས་རྣམ་པར་གཞག་པ་གང་ཡིན་པའོ། །གཞན་ཡང་རྣམ་པར་གཞག་པ་རྣམ་པ་བཞི་ཡོད་དེ། འདི་ལྟ་སྟེ། སྔ་མ་གསུམ་དང་། དོན་དམ་པ་རྣམ་པར་གཞག་པ་གང་ཡིན་པའོ། །དོན་དམ་པའི་བདེན་པ་ཉིད་རྣམ་པར་གཞག་པར་བྱ་བ་མ་ཡིན་ཡང་། ནང་གི་སོ་སོ་རང་གིས་

རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཤེས་པ་འདྲེན་པ་དང་། རྗེས་སུ་མཐུན་པར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་རྣམ་པར་གཞག་པ་མ་ཡིན་པའི་དེ་ཁོ་ན་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། ཡང་དག་པའི་ངོ་བོ་ཉིད་གང་ཡིན་པའོ་ཞེས་

Vol. 120 · folio 132b

འབྱུང་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། རྣམ་པར་གཞག་པ་མ་ཡིན་པའི་དེ་ཁོ་ན་ནི་འདི་ལྟ་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་འཕགས་པའི་ཡེ་ཤེས་ཀྱིས་བགྲོད་པར་བྱ་བའི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འཕགས་པའི་ཡེ་ཤེས་ཀྱི་

དམིགས་པ་གང་ཡིན་པའོ་ཞེས་འབྱུང་ངོ་། །དེ་ལ་ཐོབ་པའི་ཚུལ་ཞེས་འབྱུང་བ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཐོབ་པ་དང་། ཉན་ཐོས་ཀྱི་ཐེག་པས་ཐོབ་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་ཐོབ་པ་དང་། ཐེག་པ་ཆེན་པོས་ཐོབ་པའོ། །དེ་ལ་

སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཐོབ་པ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལས་ལས་ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་བྱས་ཤིང་རང་གི་ལས་གནས་པའི་ཕྱིར་འགྲོ་བ་ལྔ་པོ་དག་ཏུ་འཁོར་ཞིང་རྣམ་པར་སྨིན་པ་སྣ་ཚོགས་མངོན་པར་འགྲུབ་པ་དང་། རྣམ་པར་སྨིན་

པ་སྣ་ཚོགས་མྱོང་བ་གང་ཡིན་པའོ། །དེ་ལ་འབྲས་བུ་ལེན་པ་གང་ཡིན་པ་དེ་ནི་མངོན་པར་གྲུབ་པ་ཞེས་བྱའོ། །འབྲས་བུ་འབྱིན་པ་གང་ཡིན་པ་དེ་ནི་མྱོང་བ་ཞེས་བྱའོ། །གཞན་ཡང་རྒྱུ་བྱེད་པའི་དོན་མངོན་པར་གྲུབ་ནས་འབྲས་བུ་མྱོང་བ་གང་ཡིན་པ་དེ་ནི་མངོན་པར་གྲུབ་པ་ཞེས་བྱའོ། །འབྲས་བུ་བྱུང་ནས་

ཀུན་དུ་སྤྱོད་པའི་སེམས་ཀྱིས་བསྡུས་པ་གང་ཡིན་པ་དེ་ནི་མྱོང་བ་ཞེས་བྱའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ཐོབ་པ་ནི་འདི་ལྟ་སྟེ། དང་པོ་གསུམ་ལས་སྐྱབས་སུ་འགྲོ་བ་ཡང་ཡང་དག་པར་བླངས་ནས་ཡང་དག་པར་ཐོས་པ་དང་། དགེ་སྦྱོང་གི་བར་རྒྱན་གྱི་བར་ལ་བརྟེན་ནས་རྣམ་པ་ལྔ་ཐོབ་པ་གང་ཡིན་

པའོ། །དེ་ལ་ཐོས་པ་དང་རྒྱན་ཐོབ་པ་ནི་ཡང་དག་པའི་ཆོས་ཐོས་པ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི། དགེ་སྦྱོང་གི་རྒྱན་ཞེས་འབྱུང་ངོ་། །དེ་ལ་ཐོས་པ་ལྔ་ནི་མངོན་དུ་བྱས་པ་ཐོབ་པ་དང་། ཤེས་པ་མངོན་དུ་བྱས་པ་ཐོབ་པ་དང་། དད་པ་མངོན་དུ་བྱས་པ་ཐོབ་པ་དང་། འབྲས་བུ་

མངོན་དུ་བྱས་པ་ཐོབ་པ་དང་། ཡོན་ཏན་མངོན་དུ་བྱས་པ་ཐོབ་པའོ། །དེ་ལས་མངོན་དུ་བྱས་པའི་ཐོབ་པ་ནི་འདི་ལྟ་སྟེ། ས་གསུམ་པོ་མཐོང་བའི་ས་དང་། བསྒོམ་པའི་ས་དང་། མཐར་ཐུག་པའི་ས་གང་ཡིན་པའོ། །ཤེས་པ་མངོན་དུ་བྱས་པ་ཐོབ་པ་ནི་འདི་ལྟ་སྟེ། ས་དགུ་པའི་ཤེས་པ་ཐོབ་

Vol. 120 · folio 133a

པ་གང་ཡིན་པ་སྟེ། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། དེ་དག་གི་རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་རྣམས་སོ། །དད་པ་མངོན་

དུ་བྱས་པ་ནི་འདི་ལྟ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་ཚུལ་ཁྲིམས་རྣམ་པ་བཞི་པོ་དག་ལ་མངོན་པར་ཡིད་ཆེས་པ་གང་ཡིན་པ་སྟེ། རྒྱ་ཆེར་བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འབྲས་བུ་མངོན་དུ་བྱས་པའི་ཐོབ་པ་ནི་འདི་ལྟ་སྟེ། དགེ་སྦྱོང་གི་འབྲས་བུ་

བཞི་པོ་དག་ཐོབ་པ་གང་ཡིན་པའོ། །ཡོན་ཏན་མངོན་དུ་བྱས་པ་ཐོབ་པ་ནི་འདི་ལྟ་སྟེ། ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། ཉོན་མོངས་པ་མེད་པ་དང་། སྨིན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་

ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་སོ། །དེ་ལ་རང་སངས་རྒྱས་ཀྱི་ཐེག་པ་ཐོབ་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། དང་པོ་ནི་སྔར་ངེས་པར་འབྱེད་པའི་ཆ་དང་རྗེས་སུ་མཐུན་པའི་དགེ་བའི་རྩ་བ་ཐོབ་པའི་ཕྱིར་ཏེ། འདི་ལྟར་སྔ་མའི་ལུས་ཀྱིས་སྔར་ངེས་པར་འབྱེད་པའི་ཆ་དང་། རྗེས་སུ་མཐུན་པའི་དགེ་

བའི་རྩ་བ་ཐོབ་པས་ཕྱི་མ་ལུས་ཀྱིས་སྟན་གཅིག་ཁོ་ན་ལ་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་བའོ། །གཉིས་པ་ནི་ཟག་པ་མེད་པའི་དེ་ཁོ་ན་ཐོབ་པའི་ཕྱིར་ཏེ། འདི་ལྟར་སྔར་འཕགས་པའི་ལུས་ཐོབ་ནས། གདོད་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར་བ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་

ས་ལས་ཀྱང་། གཉིས་པ་ནི་སྔ་རོལ་ཉིད་ནས་ཐོབ་པ་ཞེས་བཤད་དོ། །གསུམ་པ་ནི་རིམ་གྱིས་ཐོབ་པའི་ཕྱིར་ཏེ། འདི་ལྟར་ལུས་གཅིག་དང་། སྟན་གཅིག་གིས་ཐོབ་པར་འགྱུར་བ་མ་ཡིན་གྱི། དང་པོ་ངེས་པར་འབྱེད་པའི་ཆ་བཞིའི་དགེ་བ་བསྐྱེད་ནས་མཐར་ཟད་པ་དང་། མི་སྐྱེ་བ་ཤེས་པའི་བར་དུ་རིམ་གྱིས་

ཐོབ་པ་སྟེ། དེའི་ཕྱིར་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། གསུམ་པ་ནི་སྔ་རོལ་ཉིད་ནས་མ་ཐོབ་པ་ཞེས་བསྟན་པ་ཡིན་ནོ། །དེ་ལ་ཐོབ་པ་དང་པོ་གཉིས་ཀྱིས་མངོན་དུ་བྱས་པ་དེ་ནི་རང་རྒྱལ་རྣམས་སུ་འགྱུར་བ་ཡིན་ནོ། །ཐོབ་པ་ཐ་མས་མངོན་དུ་བྱས་པ་གང་ཡིན་པ་དེ་ནི་བསེ་རུ་ལྟ་བུའི་རང་སངས་

Vol. 120 · folio 133b

རྒྱས་ཞེས་བྱའོ། །དེ་ལ་ཐེག་པ་ཆེན་པོས་ཐོབ་པ་འདི་ལྟ་སྟེ་སྙིང་རྗེ་ཆེན་པོས་ཐོབ་པ་དང་། སེམས་བསྐྱེད་པས་ཐོབ་པ་དང་། བསམ་གྱིས་མི་ཁྱབ་པའི་མཐུས་ཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པས་ཐོབ་པ་དང་། བསྡུ་བའི་དངོས་པོས་ཐོབ་པ་དང་། ས་རྣམས་ཀྱིས་ཐོབ་པ་དང་། སངས་རྒྱས་ཀྱི་ཆོས་

མ་འདྲེས་པས་ཐོབ་པ་སྟེ། འདི་དག་ཐམས་ཅད་ནི་སྔར་བསྟན་པ་བཞིན་དུ་རྣམ་པར་དབྱེ་བར་བྱའོ། །སྙིང་རྗེ་ཆེན་པོའི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །སེམས་བསྐྱེད་པ་ནི་བསྟན་བཅོས་སེམས་རྣམ་པར་བཤད་པ་ལས། སེམས་བསྐྱེད་པ་རྣམ་པ་

གཉིས་བསྟན་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས། མཚན་ཉིད་རྣམ་པ་ལྔས་སེམས་བསྐྱེད་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་མཐུ་ནི་མངོན་པར་ཤེས་པ་དྲུག་གི་མཐུ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་སའི་ནང་ནས་མཐུའི་ལེའུ་ལས་བསྟན་པ་བཞིན་དུ་རིག་པར་བྱ་སྟེ།

གཞན་ནི་བརྡ་ཕྲད་པར་ཟད་དོ། །དེ་ལ་བཤད་པའི་ཚུལ་ཞེས་བྱ་བ་ནི། མདོར་བསྡུ་ན་རྣམ་པ་བཅུ་གཉིས་ཡོད་དེ། དངོས་པོ་བཤད་པ་ནི་འདི་ལྟ་སྟེ། སོ་སོ་ཐ་དད་པའི་གཟུགས་ལ་སོགས་པ་དང་། མིག་ལ་སོགས་པའི་ཆོས་བསྟན་པ་ནི་འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་

པར་འབྱུང་བ་གནས་དང་། གནས་མ་ཡིན་པ་དང་། དབང་པོ་རྣམས་དང་། བདེན་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་དང་། གཟུགས་ཡོད་པ་དང་། གཟུགས་མེད་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་ལ་སོགས་པའི་འདུ་ཤེས་ཐ་

དད་དུ་གྱུར་པ་དཔག་ཏུ་མེད་པ་སྟོན་པའི་བསྟན་པ་རྣམས་སོ། །རང་གི་གཞུང་ལུགས་ལ་བརྟག་པའི་བཤད་པ་ནི། འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་ལ་སོགས་པའི་བསྟན་པ་རྣམས་སོ། །གཞན་གྱི་གཞུང་ལུགས་ལ་བརྟག་པའི་བཤད་པ་ནི་

འདི་ལྟ་སྟེ། གཏན་ཚིགས་ཀྱི་རིགས་པའི་གནས་བདུན་ལ་བརྟེན་ནས་གཞན་དག་གིས་སྨྲ་བ་ཆེར་གཅོད་ཅིང་རང་གི་གཞུང་འཛུགས་པའི་བཤད་པ་རྣམས་ཏེ། གཏན་ཚིགས་ཀྱི་རིགས་པ་བདུན་ནི་བསྟན་བཅོས་རྣམ་པར་བཤད་པ་ལས། རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །

Vol. 120 · folio 134a

དྲང་བའི་དོན་བསྟན་པ་ནི་འདི་ལྟ་སྟེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་དུ་བསྟན་པའི་སྡེ་ལ་སོགས་པ་ལས། བཅོམ་ལྡན་འདས་ཀྱིས་དོན་མདོར་སྨོས་ནས་རྒྱ་ཆེར་རྣམ་པར་མ་ཕྱེ་བ་རྣམས་ཡང་རྣམ་པར་ཕྱེ་ནས་སྟོན་པའི་བསྟན་པ་རྣམས་སོ། །ངེས་པའི་དོན་བཤད་པ་ནི་འདི་

ལྟ་སྟེ། སྔ་མ་ལས་བཟློག་པ་ལས་རིག་པར་བྱའོ། །ཀུན་རྫོབ་ཀྱི་བདེན་པ་བཤད་པ་ལ་འདི་ལྟ་སྟེ། ཚིག་གི་ལམ་གྱིས་བརྗོད་པ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་ཀུན་རྫོབ་ཅེས་བྱའོ། །གཞན་ཡང་མིང་དང་འདུ་ཤེས་དང་། བརྗོད་པའི་དབང་དུ་བྱ་བ་འདི་ལྟ་སྟེ། མཚན་དང་མིང་དང་རྣམ་པར་

རྟོག་པ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཡིན་ནོ། །དོན་དམ་པའི་བདེན་པ་བཤད་པ་ནི་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་བཤད་པ་དང་། དེ་བཞིན་ཉིད་དང་། དེ་ཁོ་ན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཉིད་ཅེས་སྟོན་པའི་བསྟན་པ་རྣམས་སོ། །གསང་བ་བཤད་པ་ནི་འདི་ལྟ་སྟེ། ཕལ་

ཆེར་ཉན་ཐོས་ཀྱི་སྟོན་པའི་བསྟན་པ་གང་ཡིན་པ་དག་གོ། །རྣམ་པར་ཕྱེ་བ་བཤད་པ་ལས་འདི་ལྟ་སྟེ། ཕལ་ཆེར་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བསྟན་པ་གང་ཡིན་པ་དག་གོ། །ལན་གདབ་པའི་དངོས་པོ་བཤད་པ་ནི་འདི་ལྟ་སྟེ། ཆོས་ཀྱི་མདོ་བཞི་པོ་དག་བཤད་པ་གང་ཡིན་པ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པའོ་

ཞེས་བྱ་བ་ནས། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བའི་བར་དུ་བསྟན་པ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་བཤད་པ་རྣམས་སོ། །ལན་མི་གདབ་པའི་དངོས་པོ་བཤད་པ་འདི་ལྟ་སྟེ། ཁ་ཅིག་འཇིག་རྟེན་རྟག་པ་ཞིག་ཡིན་ནམ། འོན་ཏེ་མི་རྟག་པ་ཞིག་ཡིན་ཞེས་འདྲི་བ་ནས། དེ་བཞིན་དུ་དེ་བཞིན་གཤེགས་

པ་ཤི་ཕན་ཆད་ཡོད་དམ་མེད་ཅེས་བྱ་བའི་བར་དུ་འདྲི་བ་ལ། དེ་བཞིན་གཤེགས་པས་དེའི་ཚེ། ཅང་མི་གསུང་ཞིང་ལུང་མ་བསྟན་པར་དེ་དག་ལ་འདི་སྐད་དུ་དངོས་པོ་འདི་དག་ལུང་བསྟན་དུ་མི་རུང་བའོ་ཞེས་བཀའ་སྩལ་པ་ལྟ་བུའོ། །རྒྱུ་རྣམ་པ་བཞིའི་ཕྱིར་ལན་མི་གདབ་པར་རིག་པར་བྱ་སྟེ། དང་པོ་བདག་

ཉིད་མེད་པའི་ཕྱིར་ཏེ། ཇི་ལྟར་ཁ་ཅིག་བདག་དང་ཕུང་པོ་རྣམས་ཐ་དད་པ་ཞིག་ཡིན་ནམ། འོན་ཏེ་ཐ་མི་དད་པ་ཞིག་ཡིན་ཞེས་འདྲི་བ་ལ་སོགས་པ་ལྟ་བུའོ། །གཉིས་པ་ནི་དོན་དང་མི་ལྡན་པར་རབ་ཏུ་འདྲེན་པའི་ཕྱིར་ཤིང་ཤ་པའི་དཔེའི་ལོ་མའི་མདོ་ལས་ཇི་སྐད་དུ། ཆོས་དཔག་ཏུ་མེད་པ་ཞེས་ངས་

Vol. 120 · folio 134b

ཡང་དག་པར་རྟོགས་ཀྱང་རབ་ཏུ་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་དོན་དང་ལྡན་པ་མ་ཡིན་པ་འདྲེན་པའི་ཕྱིར་རོ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི་ཟབ་པའི་ཕྱིར་ཏེ། ཁ་ཅིག་འདི་སྐད་དུ། བདག་ཅེས་བྱ་བ་ཡོད་པ་ཡིན་ནམ། མེད་པ་ཡིན་ཞེས་འདྲི་བ་ལ་སོགས་པ་དེ་དག་ནི་ལན་

གདབ་ཏུ་མི་རུང་བའོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཡོད་པར་ལུང་བསྟན་པར་གྱུར་ན། གང་ཟག་དེ་ཡང་ན་ཕུང་པོ་ལ་བདག་ཡོད་པ་ཉིད་དུ་འཛིན་པའམ། ཡང་ན་ཕུང་པོ་ལས་ལོགས་ཤིག་ན་བདག་ཡོད་པ་ཉིད་དུ་འཛིན་པར་འགྱུར་རོ། །གལ་ཏེ་བདག་མེད་དོ་ཞེས་ལུང་བསྟན་པར་གྱུར་

ན་ནི་གང་ཟག་དེ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་ཐ་སྙད་ཀྱང་བདག་བཞིན་དུ་མེད་དོ་ཞེས་བརྗོད་པར་གྱུར་པས་སོ། །བཞི་པ་ནི་ཆོས་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཆོས་རྣམས་དང་། གཅིག་གོ་ཞེས་སམ། ཐ་དད་དོ་ཞེས་ལུང་བསྟན་དུ་མི་རུང་སྟེ། དེ་བཞིན་ཉིད་མཚན་ཉིད་དེ་ཆོས་ཉིད་

ཀྱིས་གཅིག་པ་དང་། ཐ་དད་པའི་ངོ་བོ་ཉིད་དུ་རྣམ་པར་གཞག་ཏུ་མི་རུང་བས་སོ། །གཞན་ཡང་རྐྱེན་རྣམ་པ་བཞིས་ལུང་བསྟན་དུ་མི་རུང་སྟེ། དངོས་པོ་འདི་ཕྱི་རོལ་པ་དག་གིས་བརྗོད་པའི་ཕྱིར་ཚུལ་བཞིན་མ་ཡིན་པའི་ཕྱིར་དང་། དོན་དང་མི་ལྡན་པའི་ཕྱིར་དང་། རྩོད་པ་སྨྲ་བའི་ཀུན་ནས་དཀྲིས་པ་བསྐྱེད་པའི་ཕྱིར་

རོ། །དེ་ལ་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་ཞེས་བྱ་བ་ནི་མདོར་བསྡུ་ན་རྣམ་པ་དྲུག་ཡོད་དེ། ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་མཐའ་རྣམ་པར་སྤངས་པ་དང་། ཡང་དག་པ་ལ་སྐུར་པ་འདེབས་པའི་མཐའ་རྣམ་པར་སྤངས་ནས་རྟག་པ་ཉིད་དུ་འཛིན་པའི་མཐའ་རྣམ་པར་སྤངས་

པ་དང་། ཆད་པ་ཉིད་དུ་འཛིན་པའི་མཐའ་རྣམ་པར་སྤངས་པ་དང་། འདོད་པའི་བསོད་ཉམས་ཀྱི་བདེ་བ་ལ་ལོངས་སྤྱོད་པའི་མཐའ་རྣམ་པར་སྤངས་པ་དང་། བདག་ཉིད་ངལ་བར་སྦྱོར་བའི་མཐའ་རྣམ་པར་སྤངས་པའོ། །དེ་ལ་ཀུན་དུ་བརྟགས་པའི་ངོ་བོ་ཉིད་ཡོད་པར་འཛིན་པ་ནི་སྒྲོ་འདོགས་པའི་མཐའ་

ཞེས་བྱའོ། །གཞན་གྱི་དབང་དང་ཡོངས་སུ་གྲུབ་པས་ཡང་མེད་པར་འཛིན་པ་ནི་སྐུར་པ་འདེབས་པའི་མཐའ་ཞེས་བྱའོ། །གཞན་ཡང་ངེས་པར་བདག་ཡོད་པ་ཉིད་དུ་འཛིན་པ་ནི་སེམས་ཅན་དུ་སྒྲོ་འདོགས་པའི་མཐའོ། །ངེས་པར་བདག་མེད་པ་ཉིད་དུ་འཛིན་པ་ནི་སེམས་ཅན་ལ་སྐུར་པ་འདེབས་པའི་

Vol. 120 · folio 135a

མཐའ་སྟེ། དེས་བརྟགས་པའི་སེམས་ཅན་ཡང་མེད་པར་སྐུར་པ་བཏབ་པའི་ཕྱིར་རོ། །སེམས་ཡང་དག་པར་ཡོད་པར་འཛིན་པ་ནི་ཆོས་སུ་སྒྲོ་འདོགས་པའི་མཐའོ། །སེམས་ཡང་དག་པར་མེད་པ་ཉིད་དུ་འཛིན་པ་ནི་ཆོས་ལ་སྐུར་པ་འདེབས་པའི་མཐའ་སྟེ། འདི་ཡང་

བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །གཟུགས་ལ་སོགས་པར་རྟག་པར་གནས་པ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི་མུ་སྟེགས་ཅན་གྱི་མཐའོ། །མི་རྟག་པ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་མཐའ་སྟེ། འདི་ཡང་དབུས་དང་མཐའ་རྣམ་

པར་འབྱེད་པ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གཞན་ཡང་འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་མཐོང་བ་ནི་ཆད་པའི་མཐའོ། །མྱ་ངན་ལས་འདས་པ་རྟག་པ་ཉིད་དུ་མཐོང་བ་ནི་རྟག་པའི་མཐའ་སྟེ། འདི་ཡང་འཕགས་པ་ཕྲེང་ལྡན་མའི་མདོ་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །འདོད་པ་ལྔའི་བདེ་བ་ལ་

སྤྱོད་པ་གང་ཡིན་པ་དེ་ནི་བདེ་བའི་མཐའོ། །བདག་ཉིད་ལྟོགས་བཞིན་དུ་དཀའ་བ་སྤྱོད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་སྤྱོད་པའི་མཐའ་སྟེ། འདི་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །གོང་དུ་བསྟན་པ་ལྟ་བུའི་ཕན་ཚུན་ལྟོས་པ་རྣམ་པ་གསུམ་གྱི་མཐའ་གཉིས་སྤངས་

ནས་དབུ་མའི་ལམ་ལ་སྤྱོད་པ་གང་ཡིན་པ་དེ་ནི་དོན་སྤངས་པའི་ཚུལ་ཞེས་བྱའོ། །དེ་ལ་བསམ་གྱིས་མི་ཁྱབ་པའི་ཚུལ་ཞེས་བྱ་བ་ནི་མདོར་བསྡུ་ན་བསམ་གྱིས་མི་ཁྱབ་པའི་དངོས་པོ་རྣམ་པ་དྲུག་ཡོད་དེ། བདག་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། འཇིག་རྟེན་བསམ་གྱིས་མི་

ཁྱབ་པ་དང་། སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་དང་། བསམ་གཏན་རྣམས་ཀྱི་བསམ་གཏན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའོ། །འདི་དག་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་

བསྟན་པ་བཞིན་དུ་གོ་རིམས་བཞིན་དུ་བཤད་པར་བྱ་སྟེ། བསྟན་བཅོས་དེ་ལས་དེ་ལ་བདག་ལ་སེམས་པ་ནི་འདི་ལྟར་འདི་ནི་ལ་ལ་འཇིག་ཚོགས་ལ་ལྟ་བ་བརྟེན་ནས་འདི་སྙམ་དུ་སེམས་ཏེ། ཅི་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ། འོན་ཏེ་བྱུང་བར་མ་གྱུར་ཞེས་བྱ་བ་ལ་སོགས་པ་སྟེ། ད་ལྟར་དང་། མ་འོངས་པའི་

Vol. 120 · folio 135b

དུས་གཉིས་ལ་ཡང་དེ་བཞིན་ནོ། །དེ་ལ་སེམས་ཅན་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ཁོ་ན་ལ་བརྟེན་ནས་འདི་སྙམ་དུ་སེམས་ཅན་དེ་དག་ག་ལས་བྱུང་། སེམས་ཅན་གྱི་བྱེད་པ་པོ་སུ་ཡིན། སེམས་ཅན་གང་གི་བར་དུ་འགྲོ །སེམས་ཅན་གང་གི་བར་དུ་འགག་པར་འགྱུར་སྙམ་དུ་སེམས་

པའོ། །དེ་ལ་འཇིག་རྟེན་ལ་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་རྟེན་ས་ལ་ལྟ་བ་བརྟེན་ནས་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་རྟག་གོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཤད་པའི་བར་དུ་ཆོས་ཉིད་ལས་བརྩམས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། བདག་གི་ཆོས་ཉིད་དང་། སེམས་ཅན་གྱི་ཆོས་ཉིད་དང་།

འཇིག་རྟེན་གྱི་ཆོས་ཉིད་འདི་ཅི་ལས་དེ་ལྟར་འབྱུང་སྙམ་དུ་སེམས་ཤིང་། ཆོས་ཉིད་ཀྱི་རིགས་པ་ཁོ་ནས་མི་འཇུག་པ་ཡིན་ཏེ། དེའི་ཕྱིར་དེ་ཡང་བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་པ་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་ནི་རྣམ་པ་བཞིས་བསམ་གྱིས་མི་ཁྱབ་པ་

ཡིན་ཏེ། གནས་ཀྱི་བྱེ་བྲག་གི་ཕྱིར་དང་། དངོས་པོའི་བྱེ་བྲག་གི་ཕྱིར་དང་། རྒྱུའི་བྱེ་བྲག་གི་ཕྱིར་དང་། རྣམ་པར་སྨིན་པའི་བྱེ་བྲག་གི་ཕྱིར་རོ། །དེ་ལ་བསམ་གཏན་པ་རྣམས་ཀྱི་བསམ་གཏན་པའི་ཡུལ་ནི་རྣམ་པ་གསུམ་གྱིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེ་བཞིན་ཉིད་ཟབ་པའི་དོན་གྱི་ཕྱིར། དབང་

བསྒྱུར་བ་ཉིད་ཀྱི་ཕྱིར་དང་། ཟག་པ་མེད་པའི་དབྱིངས་ཡང་དག་པ་ཐོབ་པའི་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱི་ས་རྣམ་པར་བཤད་པ་ལས་ནི། བསམ་གྱིས་མི་ཁྱབ་པ་རྣམ་པ་དགུ་ཞེས་སྟོན་ཏོ། །འདི་ལྟར་སྔ་མ་དྲུག་གི་སྟེང་དུ་ཡང་རྣམ་པ་གསུམ་པོ་བསྟན་པར་མི་བྱ་བའི་དངོས་པོ་བཅུ་བཞི་དང་། ཡང་དག་

པའི་ཆོས་མ་ཡིན་པ་དང་། ཉོན་མོངས་པས་མངོན་པར་བསྒྲུབས་པས་བསྣན་པས་སོ། །དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས། རྒྱུ་དང་རྐྱེན་གང་གི་ཕྱིར་དངོས་པོ་དགུ་པོ་དེ་དག་ལ་བསམ་པར་མི་བྱ་ཞེ་ན། སྨྲས་པ། རྒྱུ་རྐྱེན་རྣམ་པ་ལྔའི་ཕྱིར་ཏེ། བདག་དང་སེམས་ཅན་ལ་རང་གི་མཚན་ཉིད་མེད་པའི་ཕྱིར་

བསམ་པར་མི་བྱ་བ་དང་། འཇིག་རྟེན་དང་ལྟར་མངོན་པར་གྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར་བསམ་པར་མི་བྱ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། སྤྱོད་ཡུལ་རྣམ་པ་གཉིས་ཟབ་པའི་མཚན་ཉིད་ཡིན་པའི་ཕྱིར་བསམ་པར་མི་བྱའོ། །ལུང་མ་བསྟན་པའི་དངོས་པོ་གཅིག་ཏུ་ངེས་པའི་མཚན་ཉིད་མ་

Vol. 120 · folio 136a

ཡིན་པའི་ཕྱིར་བསམ་པར་མི་བྱ་བ་དང་། ཡང་དག་པའི་ཆོས་མ་ཡིན་པ་དང་། ཉོན་མོངས་པས་མངོན་པར་བསྒྲུབས་པ་ནི་དོན་དང་མི་ལྡན་པའི་མཚན་ཉིད་རབ་ཏུ་འདྲེན་པའི་ཕྱིར་བསམ་པར་མི་བྱའོ། །གལ་ཏེ་དངོས་པོ་དེ་དག་ལ་སེམས་པར་བྱེད་ན་ཉེས་པ་རྣམ་པ་གསུམ་སྐྱེད་པར་

རིག་པར་བྱ་སྟེ། སེམས་འཁྲུགས་པའི་ཉེས་པ་སྐྱེད་པ་དང་། བསོད་ནམས་མ་ཡིན་པ་སྐྱེད་པའི་ཉེས་པ་དང་། ལེགས་པར་མི་ཐོབ་པའི་ཉེས་པའོ། །གལ་ཏེ་སེམས་པར་མི་བྱེད་ན། ཡོན་ཏན་རྣམ་པ་གསུམ་འདྲེན་པར་བྱེད་དོ། །གོང་མ་ལས་བཟློག་པ་ལས་རིག་པར་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་

ཉིད་ལས་བསྟན་པ་བཞིན་ནོ། །དེ་ལ་དགོངས་པའི་ཚུལ་ནི་མདོར་བསྡུ་ན་རྣམ་པ་བཅུ་དྲུག་སྟེ། ཡང་དག་པར་སྟོན་པའི་དགོངས་པ་དང་། འདུན་པ་བཟློག་པའི་དགོངས་པ་དང་། ཡང་དག་པར་འཛིན་དུ་འཇུག་པའི་དགོངས་པ་དང་། ཡང་དག་པར་གཟེངས་བསྟོད་པའི་དགོངས་པ་དང་། ཡང་དག་

པར་རབ་ཏུ་དགའ་བར་མཛད་པའི་དགོངས་པ་དང་། གཟུད་པའི་དགོངས་པ་དང་། ཐེ་ཚོམ་བཅད་པའི་དགོངས་པ་དང་། ཡོངས་སུ་སྨིན་པར་བྱ་བའི་དགོངས་པ་དང་། ཏིང་ངེ་འཛིན་དུ་བྱ་བའི་དགོངས་པ་དང་། རྣམ་པར་གྲོལ་བར་བྱ་བའི་དགོངས་པ་དང་། དོན་གཞན་དང་འབྲེལ་པའི་དགོངས་པ་དང་།

རྟོགས་པར་བྱེད་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་དགོངས་པ་དང་། མཆོག་ཏུ་དགའ་བའི་དགོངས་པ་དང་། སྨྲ་བ་པོ་རྣམས་ལ་ཉན་པ་རྣམས་རིམ་གྲོ་ཆེར་བསྐྱེད་པར་བྱ་བའི་དགོངས་པ་དང་། ཆོས་ཀྱི་ཚུལ་འཇུག་པར་བྱ་བའི་དགོངས་པ་དང་། དགེ་བ་འཕེལ་བར་བྱང་ཆུབ་ངེས་པ་དང་། མཚན་མ་ཐམས་

ཅད་ཀྱིས་ཟིལ་གྱིས་གནོན་པའི་དགོངས་པའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཚུལ་རྣམ་པ་དྲུག་གི་མཚན་ཉིད་རྣམ་པར་བཤད་པ་ཡང་ཕལ་ཆེར་བསྟན་བཅོས་རྣམ་པར་བཤད་པ་ལས་འབྱུང་བ་དང་མཐུན་པར་སྟོན་ཏོ། །གཞན་ཡང་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས། ཇི་ལྟར་མཐའ་གཉིས་

རྣམ་པར་སྤངས་པའི་ཚུལ་གྱིས་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་སྒྲོ་འདོགས་པའི་མཐའ་ཡིན་པར་རིག་པར་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་

Vol. 120 · folio 136b

སུ་གྲུབ་པའི་ངོ་བོ་ཉིད་ལ་མེད་དོ་ཞེས་པ་ནི་རང་གི་མཚན་ཉིད་ལ་སྐུར་པ་འདེབས་པའི་མཐའ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་ཐོབ་པའི་ཚུལ་དང་། བཤད་པའི་ཚུལ་གཉིས་ཀ་ནི་བསམ་གྱིས་མི་ཁྱབ་

པའི་ཚུལ་དང་། དགོངས་པའི་ཚུལ་གྱིས་ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་དེ་ལ་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ཡང་ཅི་རིགས་པར་རོ་ཞེས་འབྱུང་སྟེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་

ལས་བཏུས་པ་ལས། ཚུལ་རྣམ་པ་དྲུག་གི་བཤད་པ་འབྱུང་བ་ནི། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་ལས་བསྟན་པ་དང་ཅུང་ཟད་ཐ་དད་དེ། དེའི་ཕྱིར་དེ་ཉིད་ལས་ཚུལ་གྱི་སྣོད་ནི་འདི་ལྟ་སྟེ། གང་དུ་ཚུལ་དྲུག་གང་ཞེ་ན། དེ་ཁོ་ནའི་དོན་གྱི་ཚུལ་དང་། ཐོབ་པའི་ཚུལ་དང་།

བཤད་པའི་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་གྱིས་སོ། །ཚུལ་དྲུག་པོ་འདི་དག་ལས་གོང་མ་གསུམ་ནི་ཚུལ་འོག་མ་གསུམ་གྱི་གོ་རིམས་བཞིན་དུ་རིག་པར་བྱའོ། །རོ་མྱང་བའི་མདོ་ལས་ཇི་སྐད་དུ། བཅོམ་ལྡན་འདས་

ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གཟུགས་ལ་རོ་མྱང་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པས་ནི་སྐུར་པ་འདེབས་པའི་མཐའ་དང་། སྒྲོ་འདོགས་པའི་མཐའ་སྤངས་ནས་དེ་ཁོ་ནའི་དོན་གྱི་ཚུལ་སྟོན་ཏོ། །རོ་མྱང་བ་དང་ཉེས་དམིགས་དང་། ངེས་པར་འབྱུང་བ་ཡོད་དོ་ཞེས་བྱ་བ་འདི་ནི་སྐུར་པ་

འདེབས་པའི་མཐའ་སྤངས་སོ། །གཟུགས་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདིས་ནི་སྒྲོ་འདོགས་པའི་མཐའ་སྤངས་ཏེ། ཕུང་པོ་ཙམ་ལས་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བར་ཟད་ཀྱི། བདག་ནི་མེད་དོ་ཞེས་རབ་ཏུ་བསྟན་ཏོ། །དགེ་སློང་དག་ཅི་ཙམ་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བའི་ནང་དུ་ཤེས་སོ་ཞེས་བྱ་བ་འདིས་ནི། ཐོབ་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཡོངས་སུ་བསྟན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཐོབ་པར་སྟོན་པའི་ཕྱིར་རོ། །མདོ་འདི་དག་ཐམས་ཅད་ནི་བཤད་པའི་ཚུལ་ལོ། །དེ་ཡང་དགོངས་

Vol. 120 · folio 137a

པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པའི་འབྲས་བུ་དང་། དེ་རབ་ཏུ་ཤེས་པ་ལ་དགོངས་ནས་མདོ་འདི་དག་བཤད་དོ། །དེ་ཡོངས་སུ་ཤེས་པར་བྱ་བའི་

དངོས་པོ་ནི་འདི་ལྟ་སྟེ། གཟུགས་ལ་སོགས་པའོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་འདི་ལྟ་སྟེ། རོ་མྱང་བ་ལ་སོགས་པ་སྟེ། རྣམ་པ་དེས་གཟུགས་ལ་སོགས་པའི་དངོས་པོ་དེ་ཡོངས་སུ་ཤེས་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ནི་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་དེ་ལྟར་གསུམ་དུ་

བསྒྱུར་བས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་པའོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་འདི་ལྟ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་འདི་ལས་ཞེས་བྱ་བ་ནས་ལྷ་དང་མི་དང་བཅས་པའི་བར་ལས་གྲོལ་བ་ནས་རྣམ་པར་ཐར་པར་རབ་ཏུ་གྲོལ་བ་ཞེས་བྱ་བའི་བར་དུའོ། །དེར་རབ་ཏུ་ཤེས་པ་

ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ནང་དུ་ཤེས་སོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ།། །།བམ་པོ་བདུན་ཅུ་གཅིག་པ། འཇུག་པ་ནི་འདི་ལྟ་སྟེ། དུས་གསུམ་དང་། འདུས་མ་བྱས་ཀྱི་མཚན་ཉིད་དང་། རྐྱེན་བཞི་པོ་དག་གོ་

ཞེས་བྱ་བ་ནི་དྲུག་པ་འཇུག་པའི་མཚན་ཉིད་དོ། །འདི་ལྟར་འདུས་བྱས་ཀྱི་ཆོས་རྣམས་དུས་གསུམ་པོ་དག་ཏུ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་དབང་གིས་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་། རྐྱེན་བཞི་པོ་དག་ཡོད་པར་གྱུར་པའི་ཕྱིར་འཇིག་རྟེན་དུ་འཁོར་བར་གྱུར་པའོ། །བསྟན་བཅོས་རྣམ་

པར་བཤད་པ་ལས། སྔ་ཕྱི་རྒྱུན་གཅིག་ནས་གཅིག་ཏུ་མི་འཆད་ཅིང་། མངོན་སུམ་དུ་གྱུར་པ་གསལ་ཞིང་དམིགས་སུ་རུང་བ། རྒྱུ་དང་བཅས་ཤིང་མི་གནས་པ་རྣམ་པ་གཞན་དུ་འགྱུར་བའོ་ཞེས་བྱ་བ་ནི་འཇུག་པའོ་ཞེས་བྱའོ་ཞེས་བཤད་དེ། མཚན་ཉིད་བཞི་དང་། དུས་གསུམ་གྱི་དོན་ནི་མཚན་

ཉིད་གསུམ་དང་། ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །མཚམས་རྣམ་པར་དགྲོལ་བའི་མདོ་ལས། སྐྱེ་བ་ནི་བསམ་གཏན་གསུམ་དང་། འདུས་བྱས་ཀྱི་མཚན་ཉིད་གསུམ་དང་། རྐྱེན་བཞི་པོ་དག་གོ་ཞེས་འབྱུང་བ་དང་། དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས། མཚན་ཉིད་ནི་འདི་ལྟ་སྟེ།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words