འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 118 · folio 142b

ཀྱི་བག་ལ་ཉལ་དང་བཅས་ཤིང་སད་པ་མེད་པའོ། །ཐ་མ་ནི་ཐ་སྙད་ཀྱི་བག་ལ་ཉལ་སད་པས་ཐམས་ཅད་དུ་གཏན་དུ་མེད་པའོ། །གཞན་ཡང་དང་པོ་གཉིས་ནི་ཀུན་རྫོབ་ལ་དམིགས་པའོ། །ཐ་མ་གཅིག་ནི་དོན་དམ་པ་ལ་དམིགས་པའོ། །གཞན་ཡང་ཕྱི་མ་ནི་ཐ་སྙད་དང་གཏན་དུ་བྲལ་བ་དང་

བཅས་པ་དང་། དམིགས་པ་དང་བཅས་པའི་སེམས་ཀྱིས་བདེན་པ་གཉིས་སྤྱིར་བཤད་པ་ཡིན་ནོ་ཞེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལ་སོགས་པ་ལས། ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་ཐམས་ཅད་ཀྱང་དམིགས་

སུ་མེད་པ་གང་ཡིན་པ་དེ་ནི་མཚན་མ་མེད་པའོ་ཞེས་གསུངས་པ་དེས་དོན་ཅི་ཞིག་སྟོན་ཅེ་ན། མདོ་སྡེའི་དགོངས་པ་རྣམས་ནི་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་བྷ་བྱའི་གཞུང་དང་སྦྱར་ན་ངོ་བོ་ཉིད་རྣམ་པ་གསུམ་སྤྱིའི་དབང་དུ་བྱས་ནས་དམིགས་སུ་མེད་པ་ཞེས་སྟོན་ཏོ། །སློབ་དཔོན་ཆོས་

སྐྱོང་ལ་སོགས་པའི་གཞུང་གིས་ནི་ཀུན་བརྟགས་པ་ཁོ་ན་སྤང་བའོ་ཞེས་སྟོན་ཏོ། །འོག་ནས་ངོ་བོ་ཉིད་མེད་པ་བསྟན་པའི་ལེའུ་ལས་རྒྱ་ཆེར་རྣམ་པར་འབྱེད་དོ། །རྟོག་པ་དང་དཔྱོད་པའི་མཚན་མ་དང་བཅས་པའི་སྤྱོད་ཡུལ་ལ་སྤྱོད་པ་ཞེས་བྱ་བ་ལ། རྟོག་པ་དང་དཔྱོད་པ་ནི་རྣམ་པར་རྟོག་པའི་ངོ་

བོ་ཉིད་ཡིན་པས་དེའི་མཚན་མ་མེད་པའི་དེ་བཞིན་ཉིད་ཁོང་དུ་མི་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཆོས་འཕགས་རིགས་པ་དེས་ན། དོན་དམ་པ་ནི་རྟོག་པ་དང་དཔྱོད་པའི་སྤྱོད་ཡུལ་གྱི་མཚན་ཉིད་ལས་ཡང་དག་པར་འདས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བ་

སྟེ་བརྡ་ཕྲད་པར་ཟད་དོ། །གཞན་ཡང་ཆོས་འཕགས་ངས་དོན་དམ་པ་ནི་བརྗོད་དུ་མེད་པ་ཡིན་པར་བཤད་ལ། རྟོག་པ་དང་དཔྱོད་པ་ནི་བརྗོད་པའི་སྤྱོད་ཡུལ་ལ་སྤྱོད་པས་ཞེས་བྱ་བ་ལ་སོགས་པས་ནི་གསུམ་པ་བརྗོད་དུ་མེད་པའི་མཚན་ཉིད་ཅེས་བྱ་བ་བསྟན་ཏེ། འདི་ལྟར་དེ་བཞིན་ཉིད་ཀྱི་དོན་

དམ་པ་ནི་འདུས་བྱས་དང་། འདུས་མ་བྱས་ལ་སོགས་པ་ཡོངས་སུ་སྤང་བའི་ཕྱིར་རོ། །བརྗོད་དུ་མེད་པ་དེ་ཡང་འཕགས་པ་རྣམས་ཀྱི་གསུང་རབ་དང་སྦྱར་ན། རྣམ་པ་མང་བས་དང་པོ་ནི་སྡེ་སྣོད་བཞི་པ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཇི་ལྟར་བེའུའི་སྡེ་པ་རྣམས་ཆོས་ཀྱི་སྡེ་སྣོད་རྣམ་པ་ལྔ་

Vol. 118 · folio 143a

རྣམ་པར་གཞག་པ་འདི་ལྟ་སྟེ། དུས་གསུམ་དང་འདུས་མ་བྱས་དང་བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པའི་ཆོས་དང་། བརྗོད་དུ་མེད་པའི་ཆོས་ཀྱི་སྡེ་སྣོད་དོ། །སྡེ་སྣོད་ཅེས་བྱ་བ་ནི་ཡང་དག་པའི་བདག་གོ་ཞེས་ཟེར་བ་ལྟར་དུས་གསུམ་དང་འདུས་མ་བྱས་ལ་བརྗོད་དུ་

མེད་པ་ཞེས་བཤད་དུ་ཡང་མི་རུང་ངོ་། །གཉིས་པ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ལ་སོགས་པ་དང་བྲལ་བས། བརྗོད་དུ་མེད་པ་ཞེས་བྱ་སྟེ། ཇི་ལྟར་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་གལ་ཏེ་བརྗོད་པ་ཡོད་པ་ཡིན་ནོ། །མེ་ཞེས་

བརྗོད་པ་ན་ལྕེ་ཚིག་པར་འགྱུར་བ་དང་། ཟས་ཞེས་བརྗོད་པ་ཙམ་གྱིས་འགྲངས་པའི་བྱ་བ་བྱེད་པར་འགྱུར་བའི་རིགས་སོ་ཞེས་བཤད་པ་ལྟ་བུ་སྟེ། རྒྱ་ཆེར་ནི་དེ་ཉིད་ལས་བཤད་པ་བཞིན་ནོ། །གསུམ་པ་ནི་ཐེག་པ་ཆེན་པོའི་གཞུང་དང་སྦྱར་ན། མདོར་བསྡུ་ན་དོན་རྣམ་པ་བཞིས་བསྟན་

ཏོ། །དང་པོ་ནི་སྒྲོ་འདོགས་པ་དང་སྐུར་པ་ལ་སོགས་པ་དང་བྲལ་བས་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་མེ་ཞེས་བརྗོད་པས་ལྕེ་ཚིག་པར་འགྱུར་བའི་རིགས་སོ་ཞེས་བཤད་པ་ཡང་། ཐམས་ཅད་ཡོད་པར་སྨྲ་བ་དག་འདོད་པ་དང་མཐུན་

ནོ། །གཉིས་པ་ནི་མངོན་སུམ་གྱི་ཚད་མས་སྤྱོད་ཡུལ་གྱི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་སྟེ། ཇི་ལྟར་རིགས་པའི་སྒོའི་བསྟན་བཅོས་ལས། ཆོས་རྣམས་ཐམས་ཅད་ལ་ནི་མཚན་ཉིད་རྣམ་པ་གཉིས་ཡོད་དེ། རང་གི་མཚན་ཉིད་མངོན་སུམ་གྱི་ཚད་མས་དམིགས་སུ་ཡོད་པས་བརྗོད་དུ་མེད་པ་

དང་། སྤྱིའི་མཚན་ཉིད་རྗེས་སུ་དཔག་པའི་ཚད་མས་དམིགས་སུ་ཡོད་པས་བརྗོད་དུ་ཡོད་པ་སྟེ། རིགས་པ་དེས་ན་འཕགས་པ་རྣམས་ཀྱི་གསུང་གི་ཚད་མ་ནི་རྗེས་སུ་དཔག་པའི་ཚད་མས་བསྡུས་པས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་བརྗོད་དུ་མེད་པ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །ཆོས་

རྣམས་ཞེས་གསུངས་པ་དེས་བརྗོད་པ་སྟོན་པ་ཞིག་ཡིན་ནམ། འོན་ཏེ་བརྗོད་པ་དཔག་པ་ཡིན། སློབ་དཔོན་ཧྱན་ཙང་གིས་མཚན་ཉིད་སྤྱིར་བསྡུས་ཏེ་བཤད་པ་ལས། སྡེ་པ་རྣམས་ཐམས་ཅད་ཀྱང་། ཆོས་རྣམས་ཞེས་བསྟན་པ་དེ་ནི་ཡང་ཕལ་ཆེར་བརྗོད་པ་བསྟན་པ་ཡིན་ནོ་ཞེས་སྟོན་ཀྱང་རྗེས་

Vol. 118 · folio 143b

སུ་དཔག་པའི་ཚད་མས་ཆོས་ཐ་དད་པའི་དཔེ་ཅན་དག་གིས་བརྗོད་པ་དགག་པ་ཡིན་ནོ་ཞེས་ཟེར་བར་ཟད་དོ། །ཐེག་པ་ཆེན་པོ་ཡང་དེ་བཞིན་ཏེ། དེའི་ཕྱིར་བསྟན་བཅོས་ཡང་དག་པའི་རིགས་པ་ལ་འཇུག་པ་ལས་ཆོས་མཚུངས་པའི་དཔེ་ཅན་དག་ནི་འདི་ལྟ་སྟེ། གང་བྱས་པ་དེ་དག་ནི་མི་རྟག་པར་

སྣང་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་ཟེར་རོ། །ཆོས་ཐ་དད་པའི་དཔེ་ཅན་དག་ནི་འདི་ལྟ་སྟེ། རྟག་པ་གང་ཡིན་པ་དེ་དག་ནི་བྱས་པ་མ་ཡིན་པར་སྣང་སྟེ། ནམ་མཁའ་ལ་སོགས་པ་ལྟ་བུའོ་ཞེས་ཟེར་ཏེ། དེ་ལ་འདི་ལྟར་རྟག་པ་ཞེས་བྱ་བ་དེས་ནི་མི་རྟག་པ་མ་ཡིན་པར་སྟོན་ཏོ། །

བྱས་པ་མ་ཡིན་ཞེས་བྱ་བ་དེས་ནི་བྱེད་པ་མེད་པར་བསྟན་ཏེ། དེའི་ཕྱིར་མི་མཚུངས་པའི་དཔེ་རྣམས་ནི་བརྗོད་པ་དགག་པར་བྱ་བ་ཡིན་པར་རིག་པར་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་བསྟན་བཅོས་ལག་ན་རིན་པོ་ཆེ་ལས། ཐ་དད་པའི་ཕྱོགས་དགག་པའི་ཆེད་དུ་ནི་ཆོས་མི་མཚུངས་པའི་དཔེ་

རྣམ་པར་བཞག་པ་ཡིན་ཏེ། ཐ་དད་པའི་ཕྱོགས་མེད་པའི་ཕྱིར་དགག་པའི་དོན་ཡོངས་སུ་གྲུབ་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་གཞན་ཡང་བརྗོད་པ་དགག་པའི་ཚིག་ནི་དགག་པར་བྱ་བ་བཀག་པས་མཆོག་ཏུ་གྱུར་པ་ཡིན་ཏེ། གང་དགག་པར་བྱ་བ་བཀག་ནས་

ནུས་པ་ཡང་དེར་ཟད་པས་ཡང་བརྗོད་པར་བྱ་བའི་བྱེ་བྲག་སྟོན་པར་མི་ནུས་སོ་ཞེས་བཤད་དོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་བརྗོད་པ་ཐམས་ཅད་ནི་བརྗོད་པ་དགག་པ་ཡིན་ཏེ། དེའི་ཕྱིར་རིགས་པའི་སྒོའི་བསྟན་བཅོས་ལས་དཔེ་ནི་རྣམ་པ་གཉིས་ཡོད་དེ། ཆོས་མཚུངས་པ་དང་ཆོས་མི་

མཚུངས་པའོ། །དེ་ལ་སྔ་མ་ནི་བརྗོད་པ་དགག་པའོ། །ཕྱི་མ་ནི་བཀག་པ་སྡུད་པ་ཁོ་ནའོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །འདི་ནི་དཔེ་རྣམ་པ་གཉིས་ཀྱི་བྱེ་བྲག་ཏུ་དབྱེ་བ་ཡིན་ཏེ། སྔ་མ་ནི་མཚུངས་པའི་དཔེའོ། །ཕྱི་མ་ནི་མི་མཚུངས་པའི་དཔེ་སྟེ། ཆོས་

རྣམས་ཀྱི་རང་གི་མཚན་ཉིད་ནི་བརྗོད་དུ་མེད་པའོ། །གལ་ཏེ་སྤྱིའི་མཚན་ཉིད་བརྗོད་ན་ནི་ཆོས་གཞན་ཡང་དགག་པ་སྟེ། ཇི་ལྟར་སྔོན་པོ་ཞེས་བརྗོད་པ་ན་སྔོན་པོ་མ་ཡིན་པ་ལ་སོགས་པ་བཀག་པ་ལྟ་བུའོ། །གཞན་ཡང་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་ལས་ངས་བཤད་པ་རྣམས་

Vol. 118 · folio 144a

ནི་ཐམས་ཅད་ཀྱང་དགག་པའི་ཚིག་གཞུང་སྨོས་པ་དག་ཡིན་ཏེ། དེ་ལ་དགག་པ་ནི་གཞན་དག་གི་སྐྱེ་བ་དང་འགག་པ་ལ་སོགས་པར་འཛིན་པར་དགག་པ་སྟེ། སྐྱེ་བ་མེད་པ་ནི་དགག་པར་འགྱུར་བ་མ་ཡིན་པས། སྐྱེ་བ་ཁོ་ན་དགག་པའོ། །འགག་པ་མེད་པ་ནི་

སྐྱེ་བར་འགྱུར་བ་མ་ཡིན་པས། འགག་པ་དེ་ཁོ་ན་དགག་པའོ། །ཆད་པ་དང་རྟག་པ་མ་ཡིན་པ་ལ་སོགས་པ་དེ་ཡང་དེ་བཞིན་དུ་རིག་པར་བྱའོ། །མྱ་ངན་ལས་འདས་པའི་ཚེ་སྐྱེ་ཤི་ཆད་ཅིང་འགག་པ་ཡིན་མོད་ཀྱི་དེ་ནི་ཐབས་ཀྱི་བཤད་པ་ཡིན་པས་བཏགས་པ་ཡིན་གྱི་ཡང་དག་པ་ནི་མ་ཡིན་

ཏེ། ཇི་ལྟར་ལྷའི་གནས་ན་རྟག་ཏུ་བདེ་བ་ལ་སོགས་པ་ཡོད་དོ་ཞེས་བསྟན་པ་ལྟ་བུ་ནི་ཀུན་རྫོབ་ཀྱི་དབང་དུ་བཤད་པ་ཡིན་གྱི་ཡང་དག་པ་ཉིད་དང་མཐུན་པའི་ཚིག་ནི་མ་ཡིན་ནོ། །སྔར་གོང་དུ་བསྟན་པའི་ཚིག་འབྲུ་དག་གིས་ཅི་རིགས་པར་ཀུན་དུ་བརྟགས་པའི་འཛིན་པ་རྣམས་གཞིག་པར་བྱ་སྟེ།

བདག་ལ་སོགས་པ་ཡང་དག་པ་མ་ཡིན་ན་སུ་ཞིག་ཡང་དག་པ་ཉིད་དུ་འགྱུར། འདི་ལྟར་མཐར་ཕྱིན་པའི་སྙིང་པོ་ཉིད་ནི་སེམས་དང་བརྗོད་པའི་ལམ་ཆད་པ་རྣམ་པར་དག་པའི་སྤྲོས་པ་ཐམས་ཅད་ཡོངས་སུ་མི་རྒྱུ་བས། འཕགས་པ་རྣམས་ཀྱི་ནང་གི་ཤེས་པ་སོ་སོར་རིག་པ་ཁོ་ནའོ་ཞེས་བཤད་

དོ། །གསུམ་པ་ནི་མིང་དང་དོན་གཅིག་ལ་གཅིག་ལྟོས་ནས་ཕན་ཚུན་གློ་བུར་ཡིན་པའི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་སྟེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་ལས་ཇི་སྐད་དུ་གཞན་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་བརྟགས་པའི་ངོ་བོ་ཉིད་དུ་ཇི་ལྟར་སྣང་བ་དེའི་བདག་ཉིད་མ་ཡིན་པར་ཅི་

མངོན་ཞེ་ན། མིང་གི་སྔ་རོལ་ན་བློ་མེད་པས་བདག་ཉིད་དུ་འགལ་བའི་ཕྱིར་དང་། མིང་མང་པོས་བདག་ཉིད་མང་པོར་འགལ་བའི་ཕྱིར་དང་། མིང་ངེས་པ་མེད་པས་བདག་ཉིད་འདྲེས་པར་འགལ་བའི་ཕྱིར་རོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་སློབ་དཔོན་དབྱིག་གཉེན་དང་།

ངོ་བོ་ཉིད་མེད་ཀྱིས་འགྲེལ་པ་དང་། ངོ་བོ་ཉིད་མེད་ཅིང་རྣམ་པ་གསུམ་བསྟན་པའི་བསྟན་བཅོས་དང་། རྣལ་འབྱོར་སྤྱོད་པའི་ས་དང་། བྱང་ཆུབ་སེམས་དཔའི་ས་ལས་བསྟན་པ་བཞིན་དུ་རིག་པར་བྱའོ། །བཞི་པ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་བརྗོད་དུ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་

Vol. 118 · folio 144b

འཕགས་པ་རྡོ་རྗེ་གཅོད་པ་ལ་སོགས་པ་ལས་དེ་བཞིན་གཤེགས་པས་ཆོས་གང་བསྟན་པ་དེ་ནི་གཟུང་དུ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱི་ཆོས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་དྲི་མ་མེད་པར་

གྲགས་པས་བརྟེན་པའི་མདོ་གཉིས་སུ་མེད་པར་འཇུག་པའི་ལེའུ་ལས། བྱང་ཆུབ་སེམས་དཔའ་མང་པོ་རྣམས་རང་གིས་རྟོགས་པ་དག་སོ་སོ་ནས་བཤད་ནས་དུས་གཅིག་ཏུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་

པ་ཁོང་དུ་ཆུད་པ་ཡིན། དེ་ནས་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་སྨྲས་པ་ནི། ཁྱེད་ལ་སོགས་པས་གང་སྨྲས་པ་དེ་དག་ཐམས་ཅད་གཉིས་སུ་མེད་པ་ཡིན་མོད་ཀྱི། ཇི་ལྟར་བདག་གིས་ཤེས་པ་ལྟར་ཁྱེད་ཀྱིས་གང་སྨྲས་པ་དེ་དག་ནི་ད་དུང་གཉིས་སུ་གྱུར་པ་ཡིན་

ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་ལ་ཚིག་མང་བ་བརྗོད་དུ་མེད་པའོ། །བསྟན་དུ་མེད་པ་ཐ་སྙད་མེད་པ། སྤྲོས་པ་རྣམས་དང་བྲལ་བ། རྣམ་པར་རྟོག་པ་ཡོངས་སུ་ཆད་པར་གྱུར་ན། དེ་ནི་གཉིས་སུ་མེད་པའི་སྒོར་འཇུག་པ་ཁོང་དུ་ཆུད་པ་ཞེས་བྱའོ། །

དེའི་ཚེ་འཇམ་དཔལ་གྱིས་དྲི་མ་མེད་པར་གྲགས་པ་ལ་བདག་ལ་སོགས་པས་ནི་ཇི་ལྟར་ཁོང་དུ་ཆུད་པ་བཞིན་དུ་སོ་སོ་ནས་བཤད་ཟིན་པས་ཁྱོད་ཀྱིས་སྨྲོས་ཤིག་ཅེས་སྨྲས་པ་དང་། དྲི་མ་མེད་པར་གྲགས་པ་ཅང་མི་སྨྲ་བར་གྱུར་ཏོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །

གོང་དུ་བསྟན་པའི་དོན་རྣམ་པ་བཞི་ལས་ཁ་ཅིག་ན་རེ་མདོ་སྡེ་འདི་ནི་དོན་བཞི་པ་དང་སྦྱར་ནས་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེའོ། །ཁ་ཅིག་ན་རེ་ཐེག་པ་ཆེན་པོ་བསྡུས་པ་ལས་བསྟན་པ་བཞིན་དུ་མིང་དང་དོན་ཕན་ཚུན་གློ་བུར་ཡིན་པའི་ཕྱིར་བརྗོད་

དུ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་ཅི་དངོས་པོ་ལྔ་པོ་དེ་དག་གིས་ཐམས་ཅད་གསུངས་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། སྨྲས་པ་ཡིན་ནོ། །ཆོས་དེ་དག་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་བརྗོད་པར་བྱ་ཞེ་ན། སྨྲས་པ་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་

Vol. 118 · folio 145a

ནོ། །ཆོས་དེ་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་ཡིན་པར་བལྟ་བར་བྱ་ཞེ་ན། སྨྲས་པ། སྒྱུ་མ་ལྟ་བུའི་མཚན་ཉིད་ཡིན་གྱི་གཏན་མེད་པ་ཉིད་ནི་མ་ཡིན་ཏེ། དཔེར་ན་སྒྱུ་མའི་ལས་ཉིད་ཀྱིས་ནི་ཡོད་ལ། གླང་པོ་ཆེ་ལ་སོགས་པའི་ངོ་བོའི་ཡོད་པ་མ་ཡིན་པ་དེ་བཞིན་དུ། ངོ་

བོ་ཉིད་ཀྱང་མིང་དང་། མཚན་མ་ཙམ་ཉིད་དུ་ནི་ཡོད་ལ། ངོ་བོ་ཉིད་དང་བྱེ་བྲག་ཏུ་གདགས་པ་གནང་བའི་དངོས་པོར་ཡོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་བརྗོད་དུ་མེད་པ་བརྗོད་པ་ཡང་། བརྗོད་དུ་མེད་པ་ཞེས་བྱ་བར་བརྗོད་པར་སྨྲས་པས་ཆོས་རྣམས་བརྗོད་དུ་མེད་པ་ཞེས་བྱ་བར་མི་རུང་ངོ་

ཞེ་ན། སྨྲས་པ་བརྗོད་དུ་མེད་པ་དེ་བརྗོད་དུ་མེད་དོ་ཞེས་དམ་བཅས་པའི་ཚེ་ཁོ་ན་དགག་པ་བྱས་ཟིན་པས་དེའི་ཉེས་པ་མེད་དེ། དོན་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་སྦྱོར་བ་བྱེད་དེ་དཔེ་མཚུངས་པའི་ཕྱིར་རོ་ཞེས་བཤད་དོ། །ཆོས་ཐམས་ཅད་བརྗོད་དུ་མེད་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་གཞན་དག་

ལ་ཇི་ལྟར་སྟོན་པར་མཛད་ཅེ་ན། སྨྲས་པ། རྣལ་འབྱོར་སྤྱོད་པའི་ས་ལས་གལ་ཏེ་བརྗོད་པ་མ་བསྐྱེད་ན། གཞན་དག་ལ་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་སྟོན་པར་ཡང་མི་འགྱུར་ལ་གཞན་དག་ཀྱང་ཐོས་པར་མི་འགྱུར་རོ། །གལ་ཏེ་ཐོས་པ་མེད་ན་ཆོས་འདི་དག་ཐམས་

ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ཡིན་པར་ཡང་མི་ཤེས་པས་གཞན་དག་ཆོས་རྣམས་ཀྱི་བརྗོད་དུ་མེད་པ་ཉིད་ཐོས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཆེད་དུ། དེའི་ཕྱིར་བརྗོད་དུ་མེད་པའི་ངོ་བོ་ཉིད་འདི་ལ་བརྗོད་པ་བསྐྱེད་པ་ཡིན་ནོ་ཞེས་བཤད་དོ། །བརྗོད་པ་ཐམས་ཅད་རྟོག་པ་དང་

དཔྱོད་པ་ལ་བརྟེན་པ་ཡིན་ནམ་ཞེ་ན། སྨྲས་པ་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་ཉེ་བའི་འོད་ནི་ས་བརྒྱད་པ་ཡན་ཆད་རྟོག་དཔྱོད་ལ་མི་བརྟེན་པར་བརྗོད་པ་འབྱུང་སྟེ། འདི་ལྟར་རྟོག་པ་དང་དཔྱོད་པ་དག་ནི་ཐོགས་པ་དང་བཅས་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་

ཆོས་སྐྱོང་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་ཡང་རྟོག་པ་དང་དཔྱོད་པ་ལ་ལྟོས་ནས་བརྗོད་པ་འབྱུང་ངོ་ཞེས་བཤད་དོ། །དེས་ན་རྟོག་པ་དང་དཔྱོད་པ་ཡོད་ཀྱང་ཐོགས་པ་མེད་པར་བཤད་དེ། རྗེས་ལས་ཐོབ་པའི་ཡེ་ཤེས་དང་ལྷན་ཅིག་པའི་ཕྱིར་རོ་ཞེའོ། །རྣམ་པར་མི་རྟོག་པའི་

Vol. 118 · folio 145b

ཡེ་ཤེས་མངོན་སུམ་དུ་གྱུར་པས་ན་ཆོས་འཆད་པར་ནུས་སམ་ཞེ་ན། སྨྲས་པ་འཆད་ན་ཡང་མི་རུང་བ་མེད་དེ། སྐད་ཅིག་མ་གཅིག་ལ་ཡེ་ཤེས་གཉི་ག་མངོན་སུམ་དུ་གྱུར་པས། དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྟོག་དཔྱོད་དང་ལྡན་པ་མ་ཡིན་ལ་རྗེས་ལས་ཐོབ་པའི་ཡེ་ཤེས་

ནི་རྟོག་དཔྱོད་དང་བཅས་པས་བརྗོད་པ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་པར་བསམ་གཏན་དང་། ཏིང་ངེ་འཛིན་ལ་འཇུག་ཅིང་སེམས་རྩེ་གཅིག་ཏུ་བསྡུས་ཏེ། མི་གཡོ་བས་རྟོག་པ་དང་དཔྱོད་

པ་མི་སྐྱེ་བར་ཡང་ཆོས་འཆད་དོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །དེའི་ཕྱིར་ཆོས་འཕགས་རིགས་པ་དེས་ན་དོན་དམ་པ་ནི་རྟོག་པ་དང་དཔྱོད་པའི་སྤྱོད་ཡུལ་གྱི་མཚན་ཉིད་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་

གཉིས་པ་མཇུག་བསྡུ་བ་སྟེ། དོན་དེ་ནི་བརྡ་ཕྲད་པར་ཟད་དོ།། །།བམ་པོ་བཅུ་གསུམ་པ། གཞན་ཡང་ཆོས་འཕགས་ངས་དོན་དམ་པ་ནི་ཐ་སྙད་རྣམས་ཡང་དག་པར་ཆད་པ་ཡིན་པར་བཤད་ལ། རྟོག་པ་དང་དཔྱོད་པ་ནི་ཐ་སྙད་ཀྱི་སྤྱོད་ཡུལ་ལ་སྤྱོད་པས་ཞེས་བྱ་བ་

ལ་སོགས་པས་ནི་བཞི་པ་དངོས་པོ་ཐམས་ཅད་ཡང་དག་པར་ཆད་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བ་དང་གཉིས་ཀྱིས་བསྟན་ཏེ་འདི་ནི་དང་པོའོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་གཞན་ཡང་ཆོས་འཕགས་ངས་དེ་ཁོ་ན་ཉིད་

ནི་དངོས་པོ་རྣམ་པ་བཞི་པོ་འདི་ལྟ་སྟེ། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པར་བཤད་ལ། རྟོག་པ་དང་དཔྱོད་པ་ནི་དངོས་པོ་རྣམ་པ་བཞི་ལ་དམིགས་པ་ལ་འབྱུང་བས་ན་ཞེས་འབྱུང་སྟེ། དངོས་

པོ་རྣམ་པ་བཞི་ནི་མཐོང་བ་ལ་སོགས་པ་ཉིད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཐ་སྙད་རྣམས་ཆད་པ་ཞེས་འབྱུང་གི་དངོས་པོ་རྣམ་པ་བཞི་ཞེས་ནི་མི་འབྱུང་ངོ་། །འདིས་ནི་དོན་དམ་པ་ནི་མིང་ལ་སོགས་པ་དང་བྲལ་བའི་ཕྱིར་མཐོང་བ་ལ་སོགས་པའི་སྤྱོད་ཡུལ་

Vol. 118 · folio 146a

རྣམ་པ་བཞིས་བསྟན་པར་བྱ་བ་མ་ཡིན་པར་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དག་ནི་ཟག་པ་དང་བཅས་ཤིང་སྤྲོས་པ་དག་གིས་བཅིངས་པ་ཡིན་ལ། དོན་དམ་པའི་བདེན་པའི་ཚུལ་ནི་མཐོང་བ་ལ་སོགས་

པས་གཟུང་བར་བྱ་བའི་ཕྱིར་སྤྱོད་ཡུལ་མ་ཡིན་པས། དེའི་ཕྱིར་མཐོང་བ་ལ་སོགས་པའི་དངོས་པོ་དག་གིས་དོན་དམ་པ་བསྟན་པར་མི་ནུས་སོ། །ཐ་སྙད་དང་བསྟན་པར་བྱ་བ་ལ་བྱེ་བྲག་ཅི་ཡོད་ཅེ་ན་སྨྲས་པ་ཐ་སྙད་དག་གིས་བརྗོད་པར་བྱ་བ་མ་ཡིན་པ་དང་། མཐོང་བ་ལ་སོགས་པ་བསྟན་

པར་བྱ་བའི་ཡུལ་མ་ཡིན་པས། དེའི་ཕྱིར་བྱེ་བྲག་ཏུ་གྱུར་པ་ཡིན་ནོ། །མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་དག་གིས་བཤད་པ་ཞིབ་ཏུ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་ནོ། །མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་

ཤེས་པ་དེ་ཡང་སོ་སོ་ནས་བཤད་པ་མི་མཐུན་པས། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་དབང་པོ་དྲུག་དང་སྦྱར་ནས་བཤད་དེ་མིག་གི་དབང་པོ་གང་ཡིན་པ་དེ་ནི་མཐོང་བའོ། །རྣ་བའི་དབང་པོ་གང་ཡིན་པ་དེ་ནི་ཐོས་པའོ། །དབང་པོ་གསུམ་གྱི་གྲངས་གང་ཡིན་པ་དེ་ནི་བྱེ་བྲག་

ཕྱེད་པའོ། །ཡིད་ཀྱི་དབང་པོ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ་ཞེས་བཤད་དེ། དེའི་ཕྱིར་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས། མིག་གི་རྗེས་སུ་མཐོང་བ་སྐྱེ། །རྣ་ཁམས་རྗེས་སུ་ཐོས་པ་སྐྱེ། །ཁམས་གསུམ་རྗེས་སུ་བྱེ་བྲག་ཕྱེད། །ཡིད་ཁམས་རྗེས་

སུ་རྣམ་ཤེས་སྐྱེ། །ཞེས་བསྟན་པ་ཡིན་ནོ། །དེ་ལ་དབང་པོ་དྲུག་ལ་རྗེས་སུ་སྐྱེ་བ་ཞེས་བྱ་བ་ཡང་འདི་ལྟ་སྟེ། མིག་ལ་སོགས་པའི་དབང་པོ་དག་ལ་དབང་པོའི་རྗེས་སུ་རྣམ་པར་ཤེས་པ་སྐྱེ་བའི་ཆ་མཚུངས་པས་བསྡུས་པ་ཡིན་པས། ཆ་མཚུངས་པའི་དབང་པོ་ལ་བརྟེན་ནས་བདག་

པོ་ལ་སོགས་པའི་བདག་ཉིད་དུ་སྟོན་པས། དེའི་ཕྱིར་རྗེས་སུ་སྐྱེས་པ་ལ་མཐོང་བ་ལ་སོགས་པར་བཤད་དོ། །མཛོད་ཀྱི་བསྟན་བཅོས་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །དེའི་ཕྱིར་དེ་ཉིད་ལས་མཐོང་བ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཚིག་ལེའུར་བྱས་པ་ལས།

Vol. 118 · folio 146b

མིག་དང་རྣ་བ་ཡིད་རྣམ་ཤེས། །གཞན་ཡང་རྣམ་པར་ཤེས་པ་གསུངས། །དེ་དག་གོ་རིམས་བཞིན་དུ་ནི། །མཐོང་ཐོས་རྣམ་ཤེས་བྱེ་བྲག་ཕྱེད། །ཅེས་གསུངས་ཏེ་རྒྱ་ཆེར་ནི་དེ་ཉིད་ལས་བཤད་པ་བཞིན་ནོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། དེ་ལ་མིག་གི་

རྣམ་པར་ཤེས་པས་མྱོང་བ་གང་ཡིན་པ་དེ་ནི་མཐོང་བའོ། །རྣ་བའི་རྣམ་པར་ཤེས་པས་མྱོང་བ་གང་ཡིན་པ་དེ་ནི་ཐོས་པའོ། །རྣམ་པར་ཤེས་པ་གསུམ་གྱིས་མྱོང་བ་གང་ཡིན་པ་དེ་ནི་བྱེ་བྲག་ཕྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པས་མྱོང་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ་ཞེས་འབྱུང་ངོ་། །

ཡུལ་རྣམ་པ་བཞི་བསྟན་པའི་ཕྱིར་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ནི་དབང་པོ་ཡིན་གྱི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་སྨོས་པ་ཡང་མིག་ལ་སོགས་པའི་དབང་པོ་གདོན་མི་ཟ་བར་རྣམ་པར་ཤེས་པས་གྲོགས་བྱས་ནས་

གདོད་ཡུལ་འཛིན་ནུས་པར་བསྟན་པའི་ཕྱིར་ཏེ། འདི་ལྟར་རྣམ་པར་མཚུངས་པའི་དབང་པོ་དག་ལ་ནི་བྱ་བའི་ནུས་པ་ཡོད་ཀྱི་དེ་དག་དང་རྣམ་པ་མི་མཚུངས་པ་ནི་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མིག་དང་རྣ་བ་དང་། ཡིད་ཀྱི་དབང་པོ་གསུམ་པོ་སོ་སོ་རེ་རེར་རྣམ་པར་གཞག་ཅེ་ན།

བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས། ཁམས་གསུམ་པོ་འདི་དག་གིས་སྦྱོར་བར་འདོད་པས་འདོད་ཆགས་དང་བྲལ་བ་དང་རྣལ་འབྱོར་བསྒོམ་པ་དང་། མངོན་པར་ཤེས་པ་ཉིད་དང་ཡན་ལག་བཞི་དང་། ཡན་ལག་ལྔ་པའི་བསམ་གཏན་གྱི་འབྲས་བུ་འཐོབ་པས། དེའི་

ཕྱིར་དེ་དག་གི་རྗེས་སུ་སྐྱེས་པ་སོ་སོར་རྣམ་པར་གཞག་པ་ཡིན་ལ། གཞན་གསུམ་གྱི་རྗེས་སུ་སྐྱེས་པ་དག་ལ་ནི་དེ་དག་གི་མཚན་ཉིད་ཀྱི་རྣམ་པ་མེད་པའི་ཕྱིར་གཅིག་ཏུ་རྣམ་པར་གཞག་པ་ཡིན་ཏེ། རྒྱ་ཆེར་ནི་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་ནོ། །ཅིའི་ཕྱིར་སྣ་ལ་

སོགས་པའི་དབང་པོ་གསུམ་པོ་དག་ལ་གཅིག་ཏུ་བསྡུས་ནས་བྱེ་བྲག་ཕྱེད་པ་ཞེས་བསྟན་ཞེ་ན་སྨྲས་པ། བསྟན་བཅོས་སེམས་སྣ་ཚོགས་བསྟན་པའི་ཚིག་ལེའུར་བྱས་པ་ལས། ལུང་དུ་མི་སྟོན་སྤྱོད་ཡུལ་ལ། །བྱེ་བྲག་ཕྱེད་སེམས་དེར་འཇུག་སྟེ། །རྗེས་སུ་རྣམ་ཤེས་གསུམ་

Vol. 118 · folio 147a

སྐྱེ་བས། །དེ་ནི་བྱེ་བྲག་ཕྱེད་ཅེས་བྱ། །ཞེས་འབྱུང་ངོ་། །གཞན་ཡང་མཛོད་ཀྱི་བསྟན་བཅོས་ལས་དྲི་དང་རོ་དང་རེག་བྱ་གསུམ་ནི་ལུང་དུ་མི་སྟོན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། ཤི་བ་བཞིན་དུ་ཤེས་པ་མེད་པའི་ཕྱིར་མངོན་པར་རྟོགས་པ་དག་གིས་ལོགས་ཤིག་

ཏུ་བྱེ་བྲག་ཕྱེད་པའི་མིང་རྣམ་པར་གཞག་པ་ཡིན་ནོ། །དྲུག་པ་ཡིད་ཀྱི་དབང་པོ་ནི་རྣམ་པར་ཤེས་པ་མི་སྐྱེ་ན་ཡང་རྣམ་པ་མཚུངས་པ་ཉིད་དུ་འགྲུབ་པ་དང་། ཤེས་པ་ཉིད་དུ་ཡང་དག་པར་འགྲུབ་པ་ཉིད་དུ་འགྱུར་བས་སོ། །གལ་ཏེ་དེ་ལྟར་མ་ཡིན་ན་དགྲ་བཅོམ་པ་ཐ་མའི་དྲན་

པའི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་གྲུབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །གཞན་ཡང་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས། ཡིད་ཀྱི་ཁམས་ཀྱི་རྗེས་སུ་སྐྱེས་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་། རྣམ་པར་ཤེས་པ་དང་བཅས་པའི་དབང་པོ་བསྟན་པར་འདོད་

པའི་ཕྱིར་རེ་ཞིག་རྗེས་སུ་སྐྱེས་པ་ཞེས་བཤད་པ་ཡིན་ནོ་ཞེས་འབྱུང་ངོ་། །མདོ་སྡེ་པ་དག་གིས་རྣམ་པ་གསུམ་དུ་བཤད་དེ། དེ་ཡང་དེ་ཁོ་ན་ཉིད་གྲུབ་པའི་བསྟན་བཅོས་དང་སྦྱར་ན་དེ་ལས་ཚད་མ་གསུམ་ལ་སོགས་པ་བརྟེན་ནས་མཐོང་བ་ལ་སོགས་པ་ལ་རྣམ་པར་འབྱེད་དེ། དེའི་

ཕྱིར་དེ་ཉིད་ཀྱི་ཐ་སྙད་བརྒྱད་བསྟན་པའི་ལེའུ་ལས་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྨྲས་པ་རྣམ་པ་གསུམ་སྟེ། མཐོང་བ་ལ་ཡིད་ཆེས་པ་གང་ཡིན་པ་དེ་ནི་མངོན་སུམ་མོ། །ཐོས་པ་ལ་ཡིད་ཆེས་པ་གང་

ཡིན་པ་དེ་ནི་འཕགས་པའི་ལུང་ངོ་། །རྣམ་པར་ཤེས་པ་ནི་རྗེས་སུ་དཔག་པའི་ཤེས་པ་གང་ཡིན་པའོ། །བྱེ་བྲག་ཕྱེད་པ་ནི་རྣམ་པར་རྟོག་པ་གང་ཡིན་པའོ། །ཡིད་ཆེས་པའི་ཤེས་རབ་རྣམ་པ་གསུམ་པོ་འདི་ཡང་རེས་འགའ་ནི་ཡང་དག་པ་ཉིད་དུ་འགྱུར་རོ། །རེས་འགའ་

ནི་ཕྱིན་ཅི་ལོག་ཏུ་ཡང་འགྱུར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་དུ་རིག་པར་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་གིས་སེམས་ཀྱི་ཡུལ་མཐོང་བ་ཐོས་པ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་པས་དེའི་ཕྱིར་གང་གིས་མཐོང་ངོ་ཞེས་ཟེར་བ་ལ་

Vol. 118 · folio 147b

ཡིད་ཆེས་པ་གང་ཡིན་པ་དེ་ནི་མངོན་སུམ་གྱི་ཡིད་ཆེས་པ་ཞེས་བྱའོ། །ཡུལ་ལ་མི་བརྟེན་པར་ལུང་ལ་བརྟེན་ནས་ཤེས་པ་གང་ཡིན་པ་དེ་ནི་ཐོས་པ་ཞེས་བྱ་བས། དེའི་ཕྱིར་ཐོས་སོ་ཞེས་ཟེར་བ་ལ་ཡིད་ཆེས་པ་གང་ཡིན་པ་དེ་ནི་འཕགས་པའི་གསུང་ལ་ཡིད་ཆེས་པ་ཞེས་བྱའོ། །མ་མཐོང་བ་

དང་། མ་ཐོས་པའི་ཡུལ་དེ་དག་ལ་སྔ་མའི་མཐོང་བ་དང་ཐོས་པ་ལ་བརྟེན་ནས་རྗེས་སུ་དཔག་པས་ཤེས་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པའི་ཤེས་པ་ཞེས་བྱའོ། །སེམས་སྔ་མའི་གསུམ་པའི་རྗེས་ལ་ཡང་ནས་ཡང་དུ་རྣམ་པར་རྟོག་པའི་སེམས་གང་ཡིན་པ་དེ་ནི་བྱེ་བྲག་ཕྱེད་པ་

ཞེས་བྱའོ། །དེ་ཡང་ཇི་ལྟར་རྣམ་པར་རྟོག་ཅེ་ན། སྔར་མཐོང་བའི་རྒྱུས་ཡང་ནས་ཡང་དུ་བསམས་ནས་ལྟ་བའི་འདུ་ཤེས་འབྱུང་བའམ། ཡང་ན་སྔ་མའི་ལྟ་བ་ལས་འབྱུང་བ་མེད་པ་གང་ཡིན་པ་དེ་ནི་ལྟ་བའི་འོག་ཏུ་བྱེ་བྲག་ཕྱེད་པ་ཞེས་བྱའོ། །ཐོས་པ་དང་རྣམ་པར་ཤེས་པའི་

འོག་ཏུ་བྱུང་བའི་བྱེ་བྲག་ཕྱེད་པ་བསྟན་པ་ནི་བརྡ་ཕྲད་པར་ཟད་དོ། །བྱེ་བྲག་ཕྱེད་པའི་སེམས་དེ་ཡང་མཐོང་བ་དང་ཐོས་པ་དང་། རྣམ་པར་ཤེས་པའི་སེམས་རྣམ་པ་གསུམ་གྱི་འོག་ཏུ་འབྱུང་ངོ་། །མ་མཐོང་བ་དང་མ་ཐོས་པ་དང་། རྣམ་པར་ཤེས་པའི་འོག་ཏུ་ཡང་སྐྱེ་སྟེ།

དཔེར་ན་སྔར་མ་མཐོང་བ་ལས་ཕྱིས་མཐོང་བ་བརྗོད་ནས་མཐོང་བའི་འདུ་ཤེས་འབྱུང་བ་ལྟ་བུ་གང་ཡིན་པ་དེ་ནི་མ་མཐོང་བའི་འོག་ཏུ་འབྱུང་བ་ཞེས་བྱ་སྟེ། མ་ཐོས་པ་དང་རྣམ་པར་མ་ཤེས་པའི་བྱེ་བྲག་ཕྱེད་པ་ཡང་དེ་བཞིན་ནོ། །མཛོད་ཀྱི་བསྟན་བཅོས་དང་སྦྱར་ན། དེ་ལས་ནི་སློབ་

དཔོན་གཉིས་ཀྱི་བཤད་པ་ཡོད་དེ། སློབ་དཔོན་ཁ་ཅིག་ན་རེ་དབང་པོ་ལྔ་པོ་དག་གིས་ཡུལ་མངོན་སུམ་དུ་བྱས་པའི་སེམས་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་བརྒྱུད་དེ་ཐོས་པ་གང་ཡིན་པ་དེ་ནི་ཐོས་པ་ཞེས་བྱའོ། །རང་གི་སེམས་བསྐྱོད་དེ་རིགས་པ་རྣམ་པ་

སྣ་ཚོགས་ཀྱི་རྗེས་སུ་དཔག་པས་སྣང་བ་གང་ཡིན་པ་དེ་ནི་བྱེ་བྲག་ཕྱེད་པ་ཞེས་བྱའོ། །ཡིད་ཀྱིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ། །ཡུལ་ལྔ་པོ་རེ་རེ་ལ་མཐོང་བ་དང་། ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པའི་ཐ་དད་རྣམ་པ་བཞི་འབྱུང་སྟེ།

Vol. 118 · folio 148a

ཡིད་ཀྱི་ཡུལ་ལ་ནི་མཐོང་བ་མ་གཏོགས་པ་གསུམ་ཡོད་དོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །སློབ་དཔོན་འདིའི་དགོངས་པ་ནི་དབང་པོ་ལྔ་པོ་དག་གིས་མངོན་སུམ་གྱི་ཚད་མས་ཐོབ་པ་གང་ཡིན་པ་དེ་ནི་ཡུལ་ལྔ་པོ་དག་གསལ་བའི་ཕྱིར་མཐོང་

བ་ཞེས་བྱའོ། །ལུང་གི་ཚད་མ་ལ་བརྟེན་ནས་བརྒྱུད་དེ་ཐོས་པའི་བྱེ་བྲག་ཡུལ་རྣམ་པ་བཅུ་དྲུག་པོ་གང་ཡིན་པ་དེ་ནི་ཐོས་པ་ཞེས་བྱའོ། །རྗེས་སུ་དཔག་པའི་ཚད་མ་ལ་བརྟེན་ནས་རང་གི་སེམས་བསྐྱོད་དེ་རིགས་པ་སྣ་ཚོགས་ཀྱི་རྗེས་སུ་དཔག་པས་སྣང་བའི་ཡུལ་དྲུག་པོ་གང་ཡིན་པ་དེ་ནི་

བྱེ་བྲག་ཕྱེད་པ་ཞེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པས་མངོན་སུམ་གྱི་ཚད་མ་ལ་བརྟེན་ནས་ཡུལ་དྲུག་པོ་དག་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལྔ་པོ་དེ་དག་གི་རྗེས་ལ་མངོན་སུམ་གྱི་ཚད་མས་ཡུལ་ལྔ་པོ་དག་

མངོན་སུམ་དུ་རྟོགས་པའམ། རྣམ་པར་ཤེས་པ་མངོན་སུམ་གྱི་ཚད་མ་ལ་གནས་ནས་ཆོས་མངོན་སུམ་དུ་རྟོགས་པའམ། ཡང་ན་ཏིང་ངེ་འཛིན་ལ་གནས་པའི་ཡིད་མངོན་སུམ་གྱི་ཚད་མས་ཡུལ་དྲུག་པོ་དག་མངོན་སུམ་དུ་བྱས་པའོ་སྙམ་དུ་སེམས་སོ། །སྔོན་གྱི་སློབ་དཔོན་དག་

ནི་འདི་སྐད་དུ་སྟོན་ཏེ། མིག་གིས་མངོན་སུམ་དུ་མཐོང་བ་ནི་མཐོང་བ་ཞེས་བྱའོ། །གཞན་ལས་བརྒྱུད་དེ་ཐོས་པ་ནི་ཐོས་པ་ཞེས་བྱའོ། །རང་གི་སེམས་བསྐྱོད་ནས་སྣ་ཚོགས་སུ་བསམས་པས་གཞལ་བ་ནི་བྱེ་བྲག་ཕྱེད་པ་ཞེས་བྱའོ། །བདག་ཉིད་ཀྱི་ནང་གི་མྱོང་བ་དང་།

བདག་ཉིད་ཀྱི་མངོན་སུམ་དུ་བྱས་པ་ནི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་བཤད་དོ། །འདིའི་དགོངས་པ་ནི་འདི་སྐད་དུ་སྟོན་ཏེ། མིག་གི་མངོན་སུམ་གྱི་ཚད་མས་མཐོང་བ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱ་སྟེ། མིག་འབའ་ཞིག་ལ་མཐོང་བ་ཞེས་བྱ་བ་ཡང་འདས་པའི་གཟུགས་

ཀྱི་ཡུལ་མཆོག་ཏུ་གསལ་བར་སྣང་བས། དེའི་ཕྱིར་མིག་འབའ་ཞིག་མཐོང་བ་ཞེས་བྱའོ། །ལུང་གི་ཚད་མ་ལ་བརྟེན་ནས་གཞན་ལས་བརྒྱུད་དེ་ཐོས་པའི་ཡུལ་དྲུག་པོ་གང་ཡིན་པ་དེ་ནི་ཐོས་པ་ཞེས་བྱའོ། །རྗེས་སུ་དཔག་པའི་ཚད་མ་ལ་བརྟེན་ནས་རང་གི་སེམས་བསྐྱོད་དེ།

Vol. 118 · folio 148b

སྣ་ཚོགས་སུ་བསམས་པ་དང་། གཞལ་བ་གང་ཡིན་པ་དེ་ནི་བྱེ་བྲག་ཕྱེད་པ་ཞེས་བྱའོ། །གཞན་ཡང་མངོན་སུམ་གྱི་ཚད་མར་གྱུར་པའི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ལ་བརྟེན་ནས་བདག་ཉིད་ཀྱིས་མྱོང་བའི་ཡུལ་རྣམ་པ་བཞི་དང་། ཡིད་ཀྱི་དབང་པོའི་མངོན་སུམ་གྱི་ཚད་མས་

བདག་ཉིད་ཀྱིས་མངོན་སུམ་དུ་བྱས་པའི་ཡུལ་དྲུག་པོ་གང་ཡིན་པ་དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་ཞེས་སྟོན་ཏོ། །བཤད་པ་འདི་དང་སྦྱར་ན་མཐོང་བ་ནི་མིག་འབའ་ཞིག་གོ། །ཐོས་པ་དང་བྱེ་བྲག་ཕྱེད་པ་ནི་ཡིད་ཁོ་ནའོ། །རྣམ་པར་ཤེས་པ་ནི་རྣ་བ་དང་། སྣ་དང་། ལྕེ་དང་།

ལུས་དང་། ཡིད་ཀྱི་དབང་པོ་ཡང་ངོ་། །ཡུལ་རྣམ་པ་དྲུག་ལས་གཟུགས་ནི་རྣམ་པ་བཞི་ཆར་སྐྱེད་པར་བྱེད་དོ། །སྒྲ་ལ་སོགས་པ་ཡུལ་ལྔ་པོ་དག་ནི་གཞན་གྱི་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་གསུམ་པོ་དག་སྐྱེད་པར་བྱེད་དོ། །འདིར་ཐེག་པ་ཆེན་པོའི་བསྟན་

བཅོས་རྣམས་ཀྱང་སོ་སོ་ནས་མི་མཐུན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། མིག་གི་རྣམ་པར་ཤེས་པས་ཤེས་པ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བྱའོ། །རྣ་བའི་རྣམ་པར་ཤེས་པས་ཤེས་པ་གང་ཡིན་པ་དེ་ནི་ཐོས་པ་ཞེས་བྱའོ། །སྣ་དང་། ལྕེ་དང་ལུས་ཀྱི་རྣམ་

པར་ཤེས་པ་གསུམ་པོ་དག་གིས་ཤེས་པ་གང་ཡིན་པ་དེ་ནི་བྱེ་བྲག་ཕྱེད་པ་ཞེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པས་ཐོབ་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་

བཏུས་པ་ལས་ནི་དེ་ལ་མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་ནི་འདི་ལྟ་སྟེ། མིག་གིས་མྱོང་བ་གང་ཡིན་པ་དེ་ནི་མཐོང་བའི་དོན་ཏོ། །རྣ་བས་མྱོང་བ་གང་ཡིན་པ་དེ་ནི་ཐོས་པའི་དོན་ཏོ། །བདག་ཉིད་ཀྱིས་འདི་དང་འདི་ལྟ་བུའོ་ཞེས་སེམས་ཤིང་

གཞལ་བ་གང་ཡིན་པ་དེ་ནི་བྱེ་བྲག་ཕྱེད་པའི་དོན་ཏོ། །བདག་ཉིད་ཀྱི་ནང་གི་མྱོང་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་དོན་ཏོ་ཞེས་སྟོན་ཏོ། །རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཐ་སྙད་བཞི་གང་ཞེ་ན། མཐོང་བའི་ཐ་སྙད་དང་། ཐོས་པའི་ཐ་སྙད་དང་། བྱེ་བྲག་ཕྱེད་པའི་ཐ་སྙད་དང་།

Vol. 118 · folio 149a

རྣམ་པར་ཤེས་པ་ལ་བརྟེན་པའི་ཐ་སྙད་དོ། །མཐོང་བ་ལ་བརྟེན་པའི་ཐ་སྙད་ནི་འདི་ལྟ་སྟེ། གང་དེས་མིག་ལ་བརྟེན་ཏེ། ཕྱི་རོལ་གྱི་གཟུགས་མངོན་སུམ་དུ་བྱས་ནས་དེ་ལ་བརྟེན་ཏེ་གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པ་དེ་ནི་མཐོང་བའི་ཐ་སྙད་ཅེས་བྱའོ། །

ཐོས་པ་ལ་བརྟེན་པའི་ཐ་སྙད་ནི་འདི་ལྟ་སྟེ། གང་གཞན་ལས་ཐོས་ནས་དེ་ལ་བརྟེན་ཏེ། གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །བྱེ་བྲག་ཕྱེད་པ་ལ་བརྟེན་པའི་ཐ་སྙད་ནི་འདི་ལྟ་སྟེ། གང་དེས་མ་མཐོང་མ་ཐོས་པར་བདག་ཉིད་ཀྱིས་བསམས་ཤིང་གཞལ་ལ་ཉེ་བར་བརྟགས་

ནས་དེ་ལ་བརྟེན་ཏེ་གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་པའོ། །རྣམ་པར་ཤེས་པ་ལ་བརྟེན་པའི་ཐ་སྙད་ནི་འདི་ལྟ་སྟེ། གང་དེས་ནང་སོ་སོར་རང་གིས་རིག་པ་དང་། རྟོགས་པ་དང་རེག་པ་དང་མངོན་སུམ་དུ་བྱས་ནས་དེ་ལ་བརྟེན་ཏེ། གཞན་དག་ལ་ཐ་སྙད་དུ་བརྗོད་པ་གང་ཡིན་

པའོ་ཞེས་བཤད་དོ། །དེ་ལ་མཐོང་བ་ཞེས་བྱ་བ་ཡང་བཤད་པ་རྣམ་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་མིག་གི་དབང་པོ་ལ་མཐོང་བ་ཞེས་བྱ་སྟེ། དེའི་ཕྱིར་མིག་གིས་མྱོང་བ་གང་ཡིན་པ་དེ་ནི་མཐོང་བའི་དོན་ཏོ་ཞེས་བཤད་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་མིག་གི་རྣམ་པར་ཤེས་པ་ལ་མཐོང་

བ་ཞེས་བྱ་སྟེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་འདི་ལྟ་སྟེ། མིག་ལ་བརྟེན་ཏེ་ཕྱི་རོལ་གྱི་གཟུགས་མངོན་སུམ་དུ་བྱས་ནས་ཤེས་ཞེས་བསྟན་པ་ཡིན་ཏེ། མིག་གིས་མྱོང་བ་གང་ཡིན་པ་དེ་ནི་མཐོང་བའི་དོན་ཏོ་ཞེས་བསྟན་པ་ཡང་རྣམ་པར་ཤེས་པ་མིག་ལ་བརྟེན་པའི་ཕྱིར་རོ་ཞེའོ། །

ཁ་ཅིག་ན་རེ་མིག་གི་དབང་པོ་དང་རྣམ་པར་ཤེས་པ་ལ་མཐོང་བ་ཞེས་བྱ་སྟེ། དེའི་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མིག་གིས་མྱོང་བ་གང་ཡིན་པ་དེ་ནི་མཐོང་བའི་དོན་ཏོ་ཞེས་བསྟན་ཏོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། མིག་ལ་

བརྟེན་ཏེ་ཕྱི་རོལ་གྱི་གཟུགས་མངོན་སུམ་དུ་བྱས་ནས་ཞེས་བཤད་པ་དེའི་ཕྱིར་མིག་གི་དབང་པོ་དང་། རྣམ་པར་ཤེས་པ་ནི་མཐོང་བའི་བདག་ཉིད་ཡིན་ནོ་ཞེའོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མིག་གིས་གཟུགས་མཐོང་ངམ།

Vol. 118 · folio 149b

འོན་ཏེ་རྣམ་པར་ཤེས་པ་ལ་སོགས་པས་ཡིན་ཞེས་བཤད། སྨྲས་པ། མིག་གིས་ཕྱི་རོལ་གྱི་གཟུགས་མཐོང་བ་ཡང་མ་ཡིན་ལ། རྣམ་པར་ཤེས་པ་ལ་སོགས་པས་ཀྱང་མ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར་རོ། །འདུས་པའི་དབང་གིས་བཏགས་པ་ཙམ་

ལ་མཐོང་བ་ཞེས་བརྗོད་དོ། །གཞན་ཡང་དབང་པོ་དྲུག་ལས་མིག་གིས་གཟུགས་མཐོང་བ་ལ་གཙོ་བོར་གྱུར་ཏེ། རྣམ་པར་ཤེས་པ་ལ་སོགས་པ་ནི་མ་ཡིན་པའི་ཕྱིར་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བཤད་དོ། །རྣལ་འབྱོར་སྤྱོད་པའི་ས་ལས་ནི་དོན་དམ་པའི་རིགས་པ་

ལ་བརྟེན་ནས་མིག་ལ་སོགས་པ་ཡང་མ་ཡིན། དེ་དག་གི་རྣམ་པར་ཤེས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ནི་རང་གི་ངོ་བོ་ཉིད་ཀྱིས་རྐྱེན་མང་པོ་ལས་སྐྱེ་བའི་ཕྱིར་དང་། སྐད་ཅིག་མར་འཛིན་པའི་ཕྱིར་དང་། བྱེད་པ་མེད་པའི་ཕྱིར་དང་། ཀུན་རྫོབ་ཀྱི་རིག་པའི་

དབང་དུ་བྱས་ནས་མིག་ལ་སོགས་པ་ནི་གཙོ་བོར་གྱུར་པའི་ཕྱིར། དེ་དག་ལ་བརྟགས་པ་ཙམ་དུ་མཐོང་བ་ཞེས་བཤད་དོ་ཞེས་ཞིབ་ཏུ་དེ་ཉིད་ལས་འབྱུང་ན། ཅིའི་ཕྱིར་མིག་གི་དབང་པོ་དང་། རྣམ་པར་ཤེས་པ་གཉི་ག་ལ་མཐོང་བ་བཤད། སྨྲས་པ་མིག་གི་དབང་པོ་དང་རྣམ་པར་

ཤེས་པ་ལ་སོ་སོར་མཐོང་བར་འདོད་པ་དགག་པའི་ཕྱིར་མཐོང་བ་ནི་མིག་གི་དབང་པོ་ཡང་མ་ཡིན། རྣམ་པར་ཤེས་པ་ཡང་མ་ཡིན་ཞེས་བཤད་ཀྱི་དབང་པོ་དང་རྣམ་པར་ཤེས་པའི་འདུས་པ་དགག་པ་ནི་མ་ཡིན་ཏེ། མཐོང་བ་ནི་དབང་པོ་དང་། རྣམ་པར་ཤེས་པ་གཉི་གའི་

མིང་ལ་མཐོང་བ་ཞེས་བྱ་བས་སོ། །གཞན་ཡང་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པས་ལྟ་བ་དང་། གཟུགས་མཐོང་བ་མི་མཚུངས་པའི་ཕྱིར་འགལ་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་སྦྱར་ན། དེ་ལས་ནི་ཆོས་བཞི་

འདུས་པ་འདི་ལྟ་སྟེ། རྣ་བའི་དབང་པོ་དང་། རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་དང་། སྒྲ་འདུས་པ་ལས་ཐོས་པ་ཞེས་བྱའོ་ཞེས་བཤད་དེ། ཞིབ་ཏུ་དེ་ཉིད་ལས་འབྱུང་བ་བཞིན་ནོ། །དེ་ལ་ཐོས་པ་ཞེས་བྱ་བ་ནི་གཞན་དག་ལ་ཐོས་པ་དང་། བསམས་པའི་ཤེས་

Vol. 118 · folio 150a

རབ་ལ་སོགས་པའི་ངོ་བོ་ཉིད་དེ། འདི་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་སེམས་ཀྱི་ངོ་བོ་ཉིད་དོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་ཐོས་པ་ནི་འཕགས་པའི་ལུང་གི་ཚད་མའོ་ཞེས་བསྟན། སྨྲས་པ། འཕགས་པའི་

ལུང་གི་ཚད་མ་ཡང་རྣམ་པ་གཉིས་ཡོད་དེ། དང་པོ་ནི་འཕགས་པའི་བསྟན་པ་རྣམས་ལ་འཕགས་པའི་ལུང་གི་ཚད་མ་ཞེས་བྱ་སྟེ། འདི་ནི་འཕགས་པའི་གསུང་ཉིད་ཚད་མ་ཡིན་པས། འཕགས་པའི་ལུང་གི་ཚད་མ་ཞེས་བྱ་སྟེ། འདི་ནི་ལས་ཡོངས་སུ་འཛིན་པའི་དབང་དུ་

བྱས་ནས་རྣམ་པར་བཤད་པའོ། །གཉིས་པ་ནི་ཐོས་པའི་ཤེས་རབ་ལ་སོགས་པ་ལ་འཕགས་པའི་ལུང་གི་ཚད་མ་ཞེས་བྱ་སྟེ། འདི་ནི་འཕགས་པའི་གསུང་ཉིད་ཚད་མ་ཡིན་པའི་ཕྱིར་རོ། །འཕགས་པའི་ལུང་གི་ཚད་མ་ཞེས་བྱ་བ་འདི་ནི་བདག་པོའི་དབང་དུ་བྱས་ཏེ་བཤད་པ་སྟེ།

རྣལ་འབྱོར་སྤྱོད་པའི་ས་ཡང་འདི་ལ་བརྟེན་ནས། དེའི་ཕྱིར་ཐོས་པའི་ཤེས་རབ་ལ་སོགས་པ་ལ་འཕགས་པའི་ལུང་གི་ཚད་མ་ཞེས་བསྟན་ཏོ། །བདག་ཉིད་ཀྱིས་བསམས་ཤིང་གཞལ་ནས་རྗེས་སུ་དཔག་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་བྱེ་བྲག་ཕྱེད་པའི་ངོ་བོ་ཉིད་དོ། །

རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་བཞི་དང་། མངོན་སུམ་གྱི་ཚད་མའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་ཤེས་པ་ལ་བརྟེན་པའི་ཐ་སྙད་འདི་ལྟ་སྟེ། གང་དེས་ན་སོ་སོར་རང་གིས་རིག་པ་དང་།

རྟོགས་པ་དང་། རེག་པ་དང་། མངོན་སུམ་དུ་བྱས་པ་ཞེས་བསྟན་པ་དེ་ལ། རྣ་བའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རིག་པ་ཞེས་བྱའོ། །སྣ་དང་ལྕེའི་རྣམ་པར་ཤེས་པ་གཉིས་པོ་གང་ཡིན་པ་དེ་ནི་རྟོགས་པ་ཞེས་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རིག་པ་ཞེས་བྱའོ། །

མངོན་སུམ་གྱི་ཚད་མའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་དུ་བྱས་པ་ཞེས་བྱའོ། །ཡང་ན་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་དབང་པོ་ཁོ་ན་གཟུང་སྟེ། བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལ་སོགས་པ་ལས། བདག་

Vol. 118 · folio 150b

ཉིད་ཀྱི་ནང་གི་མྱོང་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་དོན་ཏོ་ཞེས་བསྟན་པ་དེ་ཡང་དབང་པོས་རྟོགས་པ་ལ་སོགས་པ་ཐམས་ཅད་ནི་ནང་གི་མྱོང་བ་ཞེས་བྱ་སྟེ། ཐམས་ཅད་ཀྱང་ནང་གི་ཚད་མ་ཡིན་པ་དང་། མྱོང་བའི་ཡུལ་མཚུངས་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་དེ་མཐོང་བ་ལ་

སོགས་པ་ཞེས་བྱ་བའམ་ཞེ་ན། སྨྲས་པ། ཡང་དག་པའི་དོན་དུ་ན་ཉོན་མོངས་པ་ཅན་གྱི་ཡིད་ནི་ཚད་མས་བསྡུས་པ་མ་ཡིན་པའི་ཕྱིར། མཐོང་བ་ལ་སོགས་པ་རྣམ་པར་མི་གཞག་གོ། །ཀུན་གཞི་རྣམ་པར་ཤེས་པ་ནི་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ནང་དུ་

བསྡུས་ཏེ། མ་མོ་ཆེན་མོའི་མདོ་ལ་སོགས་པ་ལས་ནི་རེ་ཞིག་རྣམ་པར་ཤེས་པ་དྲུག་པོ་དག་གི་དབང་དུ་མཛད་པའི་ཕྱིར་མ་བསྟན་ཏོ། །རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན་ནི་ཚད་མ་གསུམ་གྱི་དོན་ལ་བརྟེན་ནས་མཐོང་བ་ལ་སོགས་པ་རྣམ་པར་འབྱེད་དེ། དེའི་ཕྱིར་དེ་ཉིད་ལ་ཡང་ཐ་དད་

བཞི་ལ་བརྟེན་པའི་ཚད་མ་གསུམ་ལ་བརྟེན་ནས་དཔྱད་པ་ཡིན་ཏེ། དེ་ལ་མཐོང་བ་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པའི་ཐ་སྙད་འདི་མངོན་སུམ་གྱི་ཚད་མའོ། །བྱེ་བྲག་ཕྱེད་པའི་ཐ་སྙད་གང་ཡིན་པ་འདི་ནི་རྗེས་སུ་དཔག་པའི་ཚད་མའོ། །ཐོས་པའི་ཐ་སྙད་གང་ཡིན་པ་འདི་

ནི་ཡིད་ཆེས་པའི་ལུང་གི་ཚད་མའོ་ཞེས་བསྟན་པ་ཡིན་ནོ། །མིག་ལ་སོགས་པའི་དབང་པོ་མངོན་སུམ་གྱི་ཚད་མ་ཡིན་ནམ། གལ་ཏེ་མངོན་སུམ་གྱི་ཚད་མ་ཡིན་ན། ཅིའི་ཕྱིར་བསྟན་བཅོས་ཆོས་རིགས་པའི་སྒོ་ལས། དེ་ལ་འདིར་མངོན་སུམ་གྱི་ཚད་མ་ནི་འདི་ལྟ་སྟེ། རྣམ་པར་མི་

རྟོག་པའི་ཡེ་ཤེས་དེ་ཡང་དག་པའི་ཡེ་ཤེས་དེ་གང་གིས་གཟུགས་ལ་སོགས་པའི་དོན་ལ་མིང་དང་རྣམ་པ་ལ་སོགས་པ་སྤོང་བའོ་ཞེས་བསྟན། གལ་ཏེ་མངོན་སུམ་གྱི་ཚད་མ་མ་ཡིན་ན། ཅིའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས། མིག་གི་དབང་པོས་

མཐོང་བ་གང་ཡིན་པ་འདི་ནི་མཐོང་བའི་དོན་ཏོ་ཞེས་བྱ་བ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་མཐོང་བ་ནི་མངོན་སུམ་གྱི་ཚད་མའོ་ཞེས་བསྟན། སྨྲས་པ་འདི་ལ་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་དབང་པོ་ནི་མངོན་སུམ་གྱི་ཚད་མ་ཡིན་ཏེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་

Vol. 118 · folio 151a

ལས་གཟུགས་ཀྱི་མཚན་ཉིད་མངོན་སུམ་གྱི་ཚད་མའོ་ཞེས་བསྟན་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་རྣམ་པ་གཉིས་ཡོད་པས། དང་པོ་ནི་དབང་པོ་གཟུགས་ཅན་ཏེ། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ་དབང་པོ་གཟུགས་ཅན་གྱི་མངོན་སུམ་གྱི་ཚད་མ་ནི་འདི་ལྟ་སྟེ། དབང་

པོ་གཟུགས་ཅན་ལྔའི་སྤྱོད་ཡུལ་ལོ་ཞེས་བསྟན་པ་ལྟ་བུའོ། །གཉིས་པ་ནི་སེམས་ལ་སོགས་པ་སྟེ། བསྟན་བཅོས་རིགས་པའི་སྒོ་ལས་ཇི་སྐད་དུ། མིག་ལ་སོགས་པ་ཡང་མངོན་སུམ་གྱི་ཚད་མའོ་ཞེས་བྱའོ་ཞེས་བཤད་པ་ལྟ་བུའོ་ཞེའོ། །ས་བརྒྱད་པ་ཡན་ཆད་ཀྱིས་འཕགས་པའི་

གསུང་རབ་ཐོས་པས་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་ནི་ཏིང་ངེ་འཛིན་གྱི་སེམས་ཡིན་ན་ཅིའི་ཕྱིར་མངོན་སུམ་གྱི་ཚད་མ་ཡིན་པར་བསྟན། སྨྲས་པ། འདི་ལ་དོན་རྣམ་པ་གཉིས་ཡོད་དེ། མངོན་སུམ་གྱི་ཚད་མ་ནི་རང་གི་མཚན་ཉིད་མངོན་སུམ་དུ་བྱས་པའི་ཕྱིར་རོ། །འཕགས་པའི་

ལུང་གི་ཚད་མ་ནི་འཕགས་པའི་གསུང་གཞལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་སློབ་དཔོན་ཛི་ནས་ཚད་མ་གཉིས་པོ་འདི་ལྟ་སྟེ། མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་ཁོ་ནའོ་ཞེས་བསྟན་ལ། འཕགས་པའི་ལུང་གི་ཚད་མ་ནི་རྗེས་སུ་དཔག་པའི་ཚད་

མས་བསྡུས་པར་བཤད་ཅེ་ན། སྨྲས་པ། སློབ་དཔོན་གཉིས་ཀྱི་གཞུང་གི་དོན་མི་མཐུན་པས་དེའི་ཕྱིར་བརྡ་སྤྲད་མི་དགོས་སོ། །གཞན་ཡང་སློབ་དཔོན་ཛི་ནས་འཕགས་པའི་ལུང་གི་ཚད་མ་ནི་རྗེས་སུ་དཔག་པའི་ཚད་མའོ་ཞེས་བཤད་པ་ཡང་འཕགས་པའི་གསུང་རབ་ལ་བརྟེན་

ནས་དེ་བཤད་པའི་ཕྱིར་འགལ་བ་མེད་དོ། །བསྟན་བཅོས་རྣམ་པར་བཤད་པ་ལས་བསྟན་པ་དང་སྦྱར་ན། ཐ་སྙད་དང་བྱེ་བྲག་ཏུ་གྱུར་པ་ནི་ཁམས་ལ་བརྟེན་ནས་རྣམ་པར་འབྱེད་པ་འདི་ལྟ་སྟེ། འདོད་པའི་ཁམས་ན་ནི་ཐ་སྙད་བཞི་དང་ལྡན་ནོ། །གཟུགས་ཀྱི་ཁམས་ན་ནི་

བྱེ་བྲག་ཕྱེད་པ་མེད་དེ། ཀུན་དུ་ཚོལ་ཞིང་གཞལ་བ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ན་ནི་ཐམས་ཅད་མེད་དོ་ཞེས་བཤད་དེ། འདོད་པའི་ཁམས་ན་ནི་མཐོང་བ་ལ་སོགས་པའི་ཐ་སྙད་བཞི་དང་ལྡན་པས་སོ། །གཟུགས་ཀྱི་ཁམས་ན་ཡང་ཡང་དག་པའི་

Vol. 118 · folio 151b

ཕུང་པོ་དང་སྦྱར་ན་ཀུན་དུ་ཚོལ་ཞིང་གཞལ་བ་ཕྲ་མོ་ཡོད་དེ། མེད་དོ་ཞེས་བསྟན་པ་ནི་མཚན་ཉིད་རགས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ན་སྔ་མའི་རྣམ་པ་གསུམ་མེད་པ་ནི་བརྡ་ཕྲད་པར་ཟད་དོ། །རྣམ་པར་ཤེས་པ་ནི་བདག་ཉིད་ལས་ཡང་དག་

པར་ཤིན་ཏུ་ཕྲ་བའི་ཕྱིར་མདོར་བསྡུས་ནས་བཤད་དོ། །དེས་ན་ཐ་སྙད་མེད་པའི་དོན་ནི་བརྡ་ཕྲད་པར་བྱེད་དོ། །དེའི་ཕྱིར་ཆོས་འཕགས་རིགས་པ་དེས་དོན་དམ་པ་ནི་རྟོག་པ་དང་དཔྱོད་པའི་སྤྱོད་ཡུལ་གྱི་མཚན་ཉིད་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པར་རིག་པར་བྱའོ་

ཞེས་བྱ་བ་ནི་གཉིས་པ་མཇུག་བསྡུ་བའོ། །བརྡ་ཕྲད་པར་ཟད་དོ། །གཞན་ཡང་ཆོས་འཕགས་ངས་དོན་དམ་པ་ནི་རྩོད་པའི་སྨྲ་བ་རྣམས་ཡང་དག་པར་ཆད་པ་ཡིན་པར་བཤད་ལ། རྟོག་པ་དང་དཔྱོད་པ་ནི་རྩོད་པར་སྨྲ་བའི་སྤྱོད་ཡུལ་ལ་སྤྱོད་པས་ཞེས་བྱ་བ་འདི་མན་ཆད་ཀྱིས་ནི་

ལྔ་པ་རྩོད་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པར་བཤད་པ་དང་མཇུག་བསྡུ་བ་གཉིས་ཀྱིས་བསྟན་ཏེ། འདི་ནི་རྣམ་པར་བཤད་པའོ། །དེ་ལ་རྩོད་པའི་སྨྲ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། བདག་དང་བདག་གིར་ལྟ་བས་ཕུང་པོ་ལྔ་པོ་དག་ལ་

བདག་ཡང་དག་པར་ཡོད་པར་འཛིན་པའོ། །དེ་བཞིན་ཉིད་ནི་བདག་དང་བདག་གིར་འཛིན་པ་དང་བྲལ་བ་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །རྩོད་པའི་སྨྲ་བ་རྣམས་ཡང་དག་པར་ཆད་པ་ཞེས་བྱའོ། །སློབ་དཔོན་ཡང་དག་བདེན་

པའི་འགྲེལ་པ་ལས་རྩོད་པ་ནི་རྣམ་པ་གཉིས་ཏེ། དང་པོ་ནི་ཁྱིམ་པ་རྣམས་ཡུལ་ལྔ་པོ་རྣམས་སེམས་པའི་ཕྱིར་རྩོད་པར་གྱུར་པའོ། །གཉིས་པ་ནི་རབ་ཏུ་བྱུང་བ་རྣམས་ཕན་ཚུན་མི་མཐུན་པས་ལྟ་བ་རྣམས་བསྐྱེད་པའི་ཕྱིར་རྩོད་པར་གྱུར་པའོ་ཞེས་བསྟན་ཏོ། །མཛོད་

ཀྱི་བསྟན་བཅོས་དང་སྦྱར་ན། ཚིག་ལེའུར་བྱས་པ་ལས། ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ། འཐབ་པ་དང་བཅས་པ་ཞེས་ཀྱང་བཤད་ཅེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ཉོན་མོངས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཉེ་བར་ལེན་པ་

Vol. 118 · folio 152a

ལས་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། དཔེར་ན་རྩྭ་དང་སོག་མའི་མེ་ཞེས་བྱ་བ་བཞིན་ནོ། །ཡང་ན་ཕུང་པོ་ཉེ་བར་ལེན་པ་ལ་རག་ལུས་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། རྒྱལ་པོའི་བློན་པོ་ཞེས་བྱ་བ་བཞིན་ནོ། །ཡང་ན་ཕུང་པོ་ལྔས་

ཉེ་བར་ལེན་པ་འབྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། མེ་ཏོག་དང་འབྲས་བུའི་ལྗོན་ཤིང་བཞིན་ནོ་ཞེས་འབྱུང་སྟེ། འདིར་ཆོས་ཤིན་ཏུ་གྱ་ནོམ་པ་ཡོད་པ་ཡང་འཐབ་པ་དང་བཅས་པ་ཞེས་བྱའོ། །ཉོན་མོངས་པ་ནི་རྩོད་པ་ཞེས་བྱ་སྟེ། དགེ་བའི་ཕྱོགས་འཁྲུག་ཅིང་

གཡོ་བར་བྱེད་པའི་ཕྱིར་དང་། བདག་དང་གཞན་ལ་གནོད་པར་བྱེད་པའི་ཕྱིར་དང་། རྩོད་པ་རྗེས་སུ་འཕེལ་བར་བྱེད་པའི་ཕྱིར་འཐབ་པ་དང་བཅས་པ་ཞེས་བྱ་སྟེ། ཟག་པ་དང་བཅས་པ་ཇི་ལྟ་བ་བཞིན་ནོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། རྩོད་པ་རྣམ་པ་

གསུམ་སྟེ། ཉོན་མོངས་པའི་རྩོད་པ་དང་། ཕུང་པོའི་རྩོད་པ་དང་། འཐབ་པའི་རྩོད་པའོ། །ཉོན་མོངས་པའི་རྩོད་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་བརྒྱ་རྩ་བརྒྱད་དོ། །ཕུང་པོའི་རྩོད་པ་ནི་འདི་ལྟ་སྟེ། འཆི་བའོ། །འཐབ་པའི་རྩོད་པ་ནི་འདི་ལྟ་སྟེ། སེམས་ཅན་རྣམས་

ཕན་ཚུན་གཅིག་ལ་གཅིག་སྨ་འབེབས་ཤིང་ཚིག་མི་མཐུན་པར་གྱུར་པའོ་ཞེས་འབྱུང་སྟེ། བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་ལས་ཀྱང་དོན་འདི་དང་མཐུན་པར་བཤད་དོ། །བསྟན་བཅོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལ་སོགས་པ་ལས་ནི་འདོད་ཆགས་དང་

ཞེ་སྡང་དང་གཏི་མུག་གི་རྩོད་པའི་ངོ་བོ་ཉིད་དོ་ཞེས་བཤད་དོ། །དེའི་ཕྱིར་དེ་ཉིད་ལས། ཇི་ལྟར་ན་འཐབ་པ་དང་བཅས་པ་ཡིན། འཐབ་པ་དང་བཅས་པ་རྣམས་ནི་དུ་ཞིག་ཅིའི་ཕྱིར་འཐབ་པ་དང་བཅས་པར་བརྟག་ཅེ་ན། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ངོ་བོ་ཉིད་ལ་

བརྟེན་ནས་མཚོན་ཆ་ལེན་པ་དང་། ཆད་པས་གཅོད་པ་དང་། འཐབ་རྩོད་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་རྣམས་འབྱུང་བ་དེའི་བདག་ཉིད་ཀྱི་ཕྱིར་དང་དེ་དང་འབྲེལ་པ་ཉིད་ཀྱི་ཕྱིར་དང་དེས་བཅིངས་པའི་ཕྱིར་དང་། དེའི་རྗེས་སུ་འབྲེལ་པའི་ཕྱིར་དང་། དེའི་

Vol. 118 · folio 152b

རྗེས་སུ་མཐུན་པའི་ཕྱིར་དང་། དེའི་རྒྱུ་ལས་འབྱུང་བའི་ཕྱིར་འཐབ་པ་དང་བཅས་པར་ལྟའོ། །ཟག་པ་དང་བཅས་པ་ཇི་སྙེད་པ་འཐབ་པ་དང་བཅས་པ་ཡང་དེ་སྙེད་དོ་ཞེས་འབྱུང་སྟེ། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཀྱང་འདི་དང་མཐུན་པར་བསྟན་ཏོ། །དེ་ལས་

དེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པའི་བཤད་པ་ཡང་། ཟག་པ་དང་བཅས་པའི་སྐབས་སུ་བཤད་པ་བཞིན་དུ་རིག་པར་བྱའོ་ཞེས་བཤད་དོ། །དེའི་ཕྱིར་དེ་ཉིད་ལས་དེ་ཟག་པ་དང་བཅས་པའི་བདག་ཉིད་ཅེས་བྱ་བ་ནི་ཟག་པ་རྣམས་ཀྱི་རང་གི་ངོ་བོ་ཉིད་ཟག་པ་ཉིད་དང་མཐུན་པའི་ཕྱིར་

ཟག་པ་དང་བཅས་པ་ཞེས་བྱའོ། །ཟག་པ་དང་འབྲེལ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཟག་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་དང་། མིག་ལ་སོགས་པ་ཟག་པ་དང་། མཚུངས་པར་ལྡན་པའི་ཕྱིར་དང་། ཟག་པའི་རྟེན་དུ་གྱུར་པའི་ཕྱིར་གོ་རིམས་བཞིན་དུ་

ཟག་པ་དང་བཅས་པ་ཞེས་བྱའོ། །ཟག་པས་བཅིངས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་བ་ཟག་པ་དང་བཅས་པ་དག་ཟག་པའི་ཤུགས་དང་མཐུན་པའི་དབང་གིས་ཡང་སྲིད་པ་ཕྱི་མ་མངོན་པར་འགྲུབ་པའི་ཕྱིར་རོ། །ཟག་པའི་རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ས་གཞན་གྱི་

ཆོས་ས་གཞན་གྱི་ཟག་པ་རྣམས་ཀྱི་གནས་ངན་ལེན་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ཉོན་མོངས་པའི་གནས་ངན་ལེན་དང་རྗེས་སུ་འབྲེལ་པར་གྱུར་ཀྱང་ཟག་པ་མེད་པའི་ངོ་བོ་ཉིད་རྣམ་པར་འཇོག་པས་

ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་ཤིང་དེའི་གཉེན་པོ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །ཟག་པའི་རྒྱུ་ལས་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགྲ་བཅོམ་པའི་ཟག་པ་དང་བཅས་པའི་ཕུང་པོ་རྣམས་སྔོན་གྱི་ཉོན་མོངས་པ་ལས་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོར་རྣམ་པར་གཞག་གོ། །

ཁམས་བཅོ་ལྔ་དང་། སྐྱེ་མཆེད་བཅུ་དང་། ཁམས་གསུམ་དང་། སྐྱེ་མཆེད་གཉིས་ཀྱི་ཕྱོགས་ཏེ། འཕགས་པའི་ལམ་གྱི་ཕྱོགས་དང་འདུས་མ་བྱས་ནི་འདུས་བྱས་ཀྱང་མ་ཡིན། ཟག་པ་དང་བཅས་པའི་ཕྱོགས་ཀྱང་མ་ཡིན་ནོ་ཞེས་བཤད་དོ། །རྣལ་འབྱོར་སྤྱོད་པའི་

Vol. 118 · folio 153a

ས་དང་སྦྱར་ན། ཉོན་མོངས་པ་ཐམས་ཅད་ནི་འཐབ་པ་དང་བཅས་པ་ཞེས་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ཉོན་མོངས་པ་རྣམས་ཀྱི་རྣམ་གྲངས་གང་ཞེ་ན། རྣམ་གྲངས་མང་པོ་འདི་ལྟ་སྟེ། ཀུན་དུ་སྦྱར་བ་རྣམས་དང་འཆིང་བ་རྣམས་དང་། བག་ལ་ཉལ་རྣམས་

ཞེས་བྱ་བ་དང་། འཐབ་པ་རྣམས་ཞེས་བྱ་བའི་བར་དུ་བསྟན་པ་ཡིན་ནོ། །དེའི་ཕྱིར་ཆོས་འཕགས་རིགས་པ་དེས་ན་དོན་དམ་པའི་རྟོག་པ་དང་། དཔྱོད་པའི་སྤྱོད་ཡུལ་གྱི་མཚན་ཉིད་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་མཇུག་

བསྡུ་བ་སྟེ། བརྡ་ཕྲད་པར་ཟད་དོ། །ཆོས་འཕགས་འདི་ལྟར་ཤེས་པར་བྱ་སྟེ། དཔེར་ན་སྐྱེས་བུ་གང་ཟག་ཇི་སྲིད་འཚོའི་བར་དུ་ཚ་བ་དང་ཁ་བའི་རོ་ལ་བརྟེན་པས་ནི་སྦྲང་རྩིའི་རོའམ། ཤ་ཁ་རའི་རོ་ཁོང་དུ་ཆུད་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ་ཞེས་བྱ་

བ་འདི་མན་ཆད་ནི་ལྔ་པ་དཔེ་སྨོས་ནས་བཟླས་ཏེ། རྣམ་པར་བཤད་པ་ཞེས་བྱ་བ་སྟོན་ཏོ། །འདིར་ཆོས་རྣམ་པ་ལྔ་འབྱུང་བ་དེ། སློབ་དཔོན་ཡང་དག་བདེན་པས་བདེ་བ་རྣམ་པ་ལྔ་དང་སྦྱར་ནས། དཔེ་རྣམ་པ་ལྔ་བསྟན་པ་དེས་གོང་མའི་ཆོས་རྣམ་པ་ལྔ་རྣམ་པར་བཤད་པ་ཡིན་ནོ། །

དེ་ལ་བདེ་བ་རྣམ་པ་ལྔ་ནི་རབ་ཏུ་བྱུང་བའི་བདེ་བ་དང་། ཡོངས་སུ་སྤངས་པའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བའི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བའོ། །བདེ་བ་རྣམ་པ་ལྔའི་གོ་རིམས་ཀྱང་མྱ་ངན་ལས་འདས་

པའི་བདེ་བ་ནི་མཆོག་ཡང་དག་པ་ཡིན་ལ། བདེ་བ་གཞན་བཞི་པོ་དག་ནི་སྦྱོར་བ་ལས་རྣམ་པ་བཞི་ཡོད་པར་གྱུར་པ་ཡིན་ནོ། །དེ་ལ་རབ་ཏུ་བྱུང་བའི་བདེ་བ་ནི་མྱ་ངན་ལས་འདས་པའི་རྐྱེན་ཡིན་ཏེ། དད་པའི་དབང་པོའི་དབང་གིས་མངོན་པར་འགྲུབ་པར་འགྱུར་རོ། །ཡོངས་སུ་སྤངས་

པའི་བདེ་བ་ནི་མྱ་ངན་ལས་འདས་པའི་ཚོགས་ཡིན་ཏེ་བརྩོན་འགྲུས་ཀྱི་དབང་པོའི་དབང་གིས་མངོན་པར་འགྲུབ་པར་འགྱུར་རོ། །རབ་ཏུ་དབེན་པའི་བདེ་བ་ནི་མྱ་ངན་ལས་འདས་པའི་ལམ་གྱི་གནས་ཡིན་ཏེ། དེ་ཉིད་མྱ་ངན་ལས་འདས་པའི་རྐྱེན་ཡིན་པས་ཏིང་ངེ་འཛིན་གྱི་དབང་པོའི་

Vol. 118 · folio 153b

དབང་གིས་མངོན་པར་འགྲུབ་པར་འགྱུར་རོ། །མངོན་པར་རྫོགས་པར་འཚང་རྒྱ་བའི་བདེ་བ་ནི་མྱ་ངན་ལས་འདས་པའི་ཡང་དག་པའི་ལམ་ཡིན་ཏེ། ཤེས་རབ་ཀྱི་དབང་པོའི་དབང་གིས་མངོན་པར་འགྲུབ་པར་འགྱུར་རོ། །དྲན་པའི་དབང་པོ་ནི་བཞི་པོ་ཀུན་དུ་རྟོག་པ་སྟེ། ཐམས་ཅད་ཀྱང་ཡིད་ཆེས་ནས་

མངོན་པར་དྲན་པའི་ཕྱིར་རོ། །དེ་ལྟར་སྦྱོར་བ་རྣམ་པ་བཞི་པོ་གོ་རིམས་ཀྱི་དབང་གིས་མྱ་ངན་ལས་འདས་པའི་རྟག་པ་དང་། བདེ་བ་དང་བདག་དང་ཡོངས་སུ་གཙང་བ་འཐོབ་པར་འགྱུར་བ་ཡིན་ནོ། །འདིར་མདོ་སྡེ་འདི་ནི་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་བསྟན་པའི་གནོད་པ་མེད་

པའི་བདེ་བས་བསྡུས་པའི་བདེ་བ་རྣམ་པ་བཞི་ལ་བདེ་བ་རྣམ་པ་ལྔར་ཕྱེ་ནས་མདོ་སྡེ་འདི་བཤད་པར་བྱའོ། །དེ་ལ་བདེ་བ་རྣམ་པ་བཞི་ནི་རབ་ཏུ་བྱུང་བའི་བདེ་བ་དང་། ཡོངས་སུ་སྤངས་པའི་བདེ་བ་དང་། རབ་ཏུ་དབེན་པའི་བདེ་བ་དང་། བྱང་ཆུབ་ཀྱི་བདེ་བའོ། །བྱང་ཆུབ་ཀྱི་བདེ་བ་ལ་

གཉིས་སུ་དབྱེ་སྟེ། བྱང་ཆུབ་ཀྱི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བའོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་ཡེ་ཤེས་གཉིས་དང་། སྤངས་པ་རྣམ་པ་གཉིས་པོ་དག་ནི་བྱང་ཆུབ་ཅེས་བྱའོ་ཞེས་བཤད་དོ། །ལེགས་པའི་ཚུལ་ཁྲིམས་བསྟན་པའི་མདོ་དང་། བསྟན་བཅོས་

ཡོངས་སུ་ཟིན་པ་ལས་ཀྱང་འདི་དང་མཐུན་པར་བསྟན་ཏོ། །གཞན་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བདེ་བ་རྣམ་པ་གཉིས་མངའ་སྟེ། རབ་ཏུ་ཞི་བའི་བདེ་བ་དང་། ཡོངས་སུ་མཁྱེན་པའི་བདེ་བའོ་ཞེས་གསུངས་ཏེ། དེའི་ཕྱིར་

འདིར་སྔར་བདེ་བ་རྣམ་པ་ལྔའི་དོན་བསྟན་ལ་དེའི་འོག་ཏུ་ནི་མདོའི་རྣམ་པར་བཤད་པར་བྱ་སྟེ། བདེ་བ་རྣམ་པ་ལྔའི་དོན་ཞིབ་ཏུ་བཤད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེ་ལ་ཚིག་གི་དོན་རྣམ་པར་བཤད་པ་ཡང་བདེ་བ་རྣམ་པ་ལྔ་ལ་བརྟེན་ནས་གོང་

མའི་མཚན་ཉིད་རྣམ་པ་ལྔའི་དཔེ་བསྟན་པ་ཡིན་པས་དེ་ཉིད་ལས་རྣམ་པ་ལྔར་དབྱེའོ། །འདི་ལྟ་སྟེ། རབ་ཏུ་བྱུང་བའི་རོ་མཆོག་ཏུ་ཤིན་ཏུ་བདེ་བའི་དཔེ་དང་། འདོད་པའི་ཡོན་ཏན་ལྔའི་བདེ་བ་ཡོངས་སུ་སྤངས་པའི་དཔེ་དང་། འཕགས་པའི་མི་སྨྲ་བ་བཤད་པའི་དཔེ་དང་ཐ་

Vol. 118 · folio 154a

སྙད་དང་བྲལ་བ་རབ་ཏུ་དབེན་པའི་དཔེ་དང་། རྩོད་པའི་སྨྲ་བ་ཡོངས་སུ་སྤངས་པའི་མངོན་པར་རྫོགས་པར་འཚང་རྒྱ་བའི་བདེ་བའི་དཔེའོ། །འདི་ནི་དང་པོ་རབ་ཏུ་བྱུང་བའི་རོ་མཆོག་ཏུ་བདེ་བའི་དཔེ་བསྟན་པའོ། །དེ་ལ་དཔེར་ན་སྐྱེས་བུ་གང་ཟག་ཅེས་བྱ་བ་ལ་

སོགས་པ་ནི་ཇི་ལྟར་གང་ཟག་གང་ལ་ལ་ཚེ་གཅིག་ཏུ་རྟག་པར་ཁ་བའི་རོ་ལ་བརྟེན་པ་རྣམས་སྦྲང་རྩིའི་རོ་ཁོང་དུ་ཆུད་པ་དང་། རྗེས་སུ་དཔག་པ་དང་། མོས་པར་མི་ནུས་པ་དེ་བཞིན་དུ་ཁྱིམ་པ་རྣམས་ཀྱང་ཡུན་རིང་པོར་འཁོར་བ་ལ་གནས་ཤིང་རྟག་པར་འཇིག་རྟེན་པའི་འཁྲུག་

པ་དང་། སྡུག་བསྔལ་རགས་པའི་རོ་ལ་བརྟེན་པས་རབ་ཏུ་བྱུང་བའི་བདེ་བ་ཚངས་པར་སྤྱོད་པ་ཤིན་ཏུ་གྱ་ནོམ་པའི་རོ་ཁོང་དུ་ཆུད་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་ཏེ་དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་

རབ་ཏུ་བྱུང་ན་གཉེན་བཤེས་ཀྱི་ཉོན་མོངས་པའི་བགེགས་དང་། ཁྱིམ་ན་གནས་པའི་ཕོངས་པ་དང་། སྡུག་བསྔལ་ཆེན་པོ་རྣམ་པ་སྣ་ཚོགས་བཀྲོལ་བའི་ཕྱིར་ངེས་པར་འབྱུང་བའི་བདེ་བ་ཞེས་བྱའོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་

ལས། ཁྱིམ་ན་གནས་པ་ནི་ཤིན་ཏུ་ཕོངས་ཤིང་ཉམ་ང་བས་བཙོན་ར་དང་འདྲ་སྟེ། ཉོན་མོངས་པ་ཐམས་ཅད་ནི་དེའི་དབང་གིས་འབྱུང་ངོ་། །རབ་ཏུ་བྱུང་བ་ནི་ཡངས་ཤིང་རྒྱ་ཆེ་བས་ནམ་མཁའ་དང་མཚུངས་ཏེ། དགེ་བའི་ཆོས་ཐམས་ཅད་དེའི་དབང་གིས་འཕེལ་བར་

འགྱུར་རོ། །གལ་ཏེ་ཁྱིམ་ན་གནས་པར་གྱུར་ན་ནམ་འཚོའི་བར་དུ་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་སྤྱད་པར་མི་ནུས་པས། དེང་བདག་གི་སྐྲ་དང་ཁ་སྤུ་བྲེགས་ཏེ་རབ་ཏུ་བྱུང་ནས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པར་བྱའོ་ཞེས་གསུངས་སོ། །རབ་ཏུ་བྱུང་བ་དེ་ཡང་རྣམ་

པ་གཉིས་ཏེ། དང་པོ་ནི་ལུས་རབ་ཏུ་བྱུང་བ་སྟེ། གོང་དུ་བཤད་པ་བཞིན་ནོ། །གཉིས་པ་ནི་སེམས་རབ་ཏུ་བྱུང་བ་སྟེ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ཇི་སྐད་དུ། ཁྱིམ་པ་གོས་དཀར་པོ་གྱོན་པར་གནས་མོད་ཀྱི་དགེ་སྦྱོང་གི་ཚུལ་ཁྲིམས་ཀྱི་

Vol. 118 · folio 154b

སྤྱོད་པ་རྣམ་པར་དག་པ་རྣམས་སྲུང་བར་བྱེད་དོ། །ཁྱིམ་ན་གནས་ཀྱང་ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱེད་དོ། །ཆུང་མ་ཡོད་པར་སྟོན་ཀྱང་རྟག་པར་ཤིན་ཏུ་རྣམ་པར་དག་པའི་སྤྱད་པ་སྤྱོད་དོ་ཞེས་གསུངས་ཏེ། གཞན་ཡང་དེ་ཉིད་ལས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དེ་ཉིད་རབ་ཏུ་བྱུང་བའོ། །དེ་ཉིད་བསྙེན་པར་རྫོགས་པའོ་ཞེས་གསུངས་པ་ལྟ་བུའོ། །བསྟན་བཅོས་དེ་ཁོ་ན་ཉིད་གྲུབ་པ་ལས་ནི་ཚུལ་རྣམ་པ་བཞིས་བཤད་དེ། འདི་ལྟ་སྟེ། དགེ་སློང་གི་སྤྱོད་ལམ་དང་ལྡན་ལ་དགེ་སློང་

གི་ཡོན་ཏན་མེད་པ་དང་། དགེ་སློང་གི་སྤྱོད་ལམ་མེད་ལ་དགེ་སློང་གི་ཡོན་ཏན་དང་ཡང་ལྡན་པ་དང་། དགེ་སློང་གི་སྤྱོད་ལམ་དང་ཡང་ལྡན་ལ་དགེ་སློང་གི་ཡོན་ཏན་དང་ཡང་ལྡན་པ་དང་། དགེ་སློང་གི་སྤྱོད་ལམ་ཡང་མེད་ལ་དགེ་སློང་གི་ཡོན་ཏན་ཡང་མེད་པའོ་ཞེས་འབྱུང་ངོ་། །

དཔེ་འདི་གསུངས་པའི་དོན་ནི་འདི་ལྟར་འཇིག་རྟེན་པའི་ཁོང་དུ་ཆུད་པ་དང་། རྗེས་སུ་དཔག་པ་དང་། མོས་པའི་ཤེས་པ་གསུམ་གྱིས་ཟག་པ་དང་བཅས་པའི་སྤྱོད་ཡུལ་རགས་པའི་རོ་ཁོ་ན་ཐོབ་པར་ཟད་ཀྱི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་དབང་གསུམ་པོའི་བདག་

ཉིད་ཀྱང་ནང་གི་སོ་སོར་རིག་པ་དེ་བཞིན་ཉིད་ཀྱི་རོ་གྱ་ནོམ་པ་ནི་འཐོབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །སློབ་དཔོན་ཡང་དག་བདེན་པ་ཡང་འདི་དང་དོན་མཐུན་པར་བཤད་དོ། །ཡུན་རིང་པོ་ནས་འདོད་པའི་འདོད་ཆགས་ལ་མོས་པ་དང་། འདོད་པ་རྣམས་ཀྱིས་ཡོངས་

སུ་གདུང་བའི་མེ་དག་གིས་ཡོངས་སུ་གདུང་བས་ནི་ནང་གི་གཟུགས་དང་། སྒྲ་དང་དྲི་དང་། རོ་དང་རེག་བྱའི་མཚན་ཉིད་དང་བྲལ་བ་རབ་ཏུ་དབེན་པའི་བདེ་བ་བརྟག་པ་འམ་རྗེས་སུ་དཔག་པ་འམ། མོས་པར་མི་ནུས་སོ་ཞེས་བྱ་བ་ནི་གཉིས་པ་འདོད་པའི་ཡོན་ཏན་ལྔའི་བདེ་བ་

ཡོངས་སུ་སྤངས་པའི་དཔེ་བསྟན་པའོ། །འདི་ནི་བདེ་བ་རྣམ་པ་བཞི་ལས་རབ་ཏུ་དབེན་པའི་བདེ་བ་སྟེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པས་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ། དབེན་

Vol. 118 · folio 155a

པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་རབ་ཏུ་དབེན་པའི་བདེ་བ་ཞེས་བཤད་དོ། །དང་པོ་དང་ཐ་མ་ལས་ནི་དཔེར་ན་ཞེས་བྱ་བ་སྨོས་ལ། བར་མ་གསུམ་མདོར་བསྡུས་པ་འདི་ནི་དེ་བཞིན་གཤེགས་པའི་ཚིག་རབ་ཏུ་མཁྱེན་པས་སོ། །ཡང་ན་མདོར་བསྡུས་པ་རྣམ་པར་

གཞག་པའི་ཕྱིར་རོ། །དཔེ་གཞན་གཉིས་ལས་ཚངས་པ་སྨོས་པ་ནི་ལོ་ཙཱ་བ་དག་གི་བསམ་པ་ཐ་དད་པའི་ཕྱིར་རོ། །ཡང་ན་རྒྱ་གར་གྱི་དཔེ་ཉིད་ལས་མི་མཐུན་པ་ཡོད་པའི་ཕྱིར་རོ། །དེ་ལ་ཡུན་རིང་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། འཁོར་བར་ཡུན་རིང་པོར་གྱུར་པའོ། །འདོད་

པའི་འདོད་ཆགས་ཞེས་བྱ་བ་ནི་འདོད་པ་ལ་མོས་པའི་ངོ་བོ་ཉིད་དོ། །མོས་པ་ཞེས་བྱ་བ་ནི་ལྔ་སོ་སོར་ངེས་པ་ལས་མོས་པའི་ངོ་བོ་ཉིད་དོ། །འདིར་འདོད་པ་སྨོས་པ་ནི་དོན་གྱིས་མོས་པ་གཟུང་ངོ་། །འདོད་པའི་ཡོངས་སུ་གདུང་བ་དག་གིས་ཡོངས་སུ་གདུང་བ་ཞེས་བྱ་བ་ལ།

བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདོད་པ་རྣམས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལྔ་པོ་རྣམས་སོ། །ཡུལ་ལྔ་པོ་དེ་དག་ཀྱང་གཅིག་ཁོ་ན་མ་ཡིན་ཏེ། འདོད་པའི་འདོད་ཆགས་བསྐྱེད་པའི་ཕྱིར་ཡུལ་ལྔ་པོ་དེ་དག་ལ་འདོད་པ་རྣམས་ཞེས་བཤད་

དོ། །ཡོངས་སུ་གདུང་བའི་མེ་ནི་ཡུལ་ལྔ་པོ་དག་ལ་ཡོད་པའི་འདོད་ཆགས་ཉིད་དེ་རབ་ཏུ་བྱུང་བ་ལ་གནོད་པའི་ཕྱིར་ཡོངས་སུ་གདུང་བའི་མེ་ཞེས་བྱ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གང་ལ་ལ་ཞིག་ཡུལ་ལྔ་པོ་དག་ལ་མངོན་པར་ཆགས་པར་

གྱུར་ན་ཀུན་དུ་སྦྱོར་བའི་ཉོན་མོངས་པའི་མེས་ཐམས་ཅད་རབ་ཏུ་གདུང་ཞིང་ལུས་ལ་གནོད་པ་དང་སྲེག་པར་བྱེད་པས་ཇི་ལྟར་མེས་ལུས་སྲེག་པར་བྱེད་པ་བཞིན་ནོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་ཉ་པ་ཏུ་པ་ཀ་ཞེས་བྱ་བ་ཞིག་འདོད་པ་ཡོངས་སུ་བཙལ་བས་བསམ་པ་

བཞིན་དུ་མ་གྲུབ་པས་ཤིན་ཏུ་མྱ་ངན་གྱིས་ནོན་ཅིང་ཡིད་ལ་གཅགས་པར་གྱུར་ཏེ། འདོད་ཆགས་ཀྱི་མེའི་གདུང་བས་རང་ཉིད་བསྲེགས་ནས་འཆི་བའི་དུས་བྱས་སོ་ཞེས་རྒྱ་ཆེར་དེ་ཉིད་ལས་བཤད་པ་བཞིན་ནོ། །བཤད་པ་འདི་དང་སྦྱར་ན་འདོད་པ་རྣམས་ནི་མེའི་གདུང་བ་ཡིན་པས།

Vol. 118 · folio 155b

དེའི་ཕྱིར་འདོད་པའི་མེའི་གདུང་བ་ཞེས་གསུངས་ཏེ། འདི་ནི་བདག་པོའི་དབང་དུ་མཛད་ནས་རྣམ་པར་བཤད་པའོ། །ཁ་ཅིག་ན་རེ་འདོད་པ་རྣམས་ཞེས་བྱ་བ་ནི་ཡུལ་ལྔ་པོ་དག་ལ་འདོད་ཆགས་པ་ཡིན་པས། །འདོད་ཆགས་ལྔ་པོ་ཉིད་ལ་ཡོངས་སུ་གདུང་བའི་མེ་ཞེས་བཤད་

དེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། འདོད་པ་ལྔ་པོ་དག་སྲེག་པར་བྱེད་པ་ནི་ཇི་ལྟར་རླུང་ཁར་རྩྭའི་སྒྲོན་མ་ཐོགས་པ་བཞིན་ནོ་ཞེས་བཤད་དེ། འདི་ནི་རྣམ་པར་ཤེས་པ་དྲུག་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པའོ། །ནང་གི་གཟུགས་ལ་སོགས་པ་ཞེས་བྱ་བ་

ལ། འདི་ནི་ནང་གི་ཏིང་ངེ་འཛིན་ཏེ། ཕྱི་རོལ་གྱི་རྣམ་པ་གཡེང་བ་ལས་རྣམ་པར་དབྱེ་བའི་ཕྱིར་ནང་ཞེས་བྱའོ། །ནང་གི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་མཚན་ཉིད་དང་བྲལ་བ་རབ་ཏུ་དབེན་པའི་བདེ་བ་ཞེས་བྱ་བ་འདིས་ནི་བསམ་གཏན་དང་པོའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་

པའི་བདེ་བའི་ཚོར་བ་བསྟན་ཏེ། འདོད་པའི་ཁམས་ཀྱི་ཡུལ་ལྔ་པོ་དག་ལ་འདོད་ཆགས་པ་ཡོངས་སུ་སྤོངས་པས་ལུས་ཀུན་དུ་ཁྱབ་པར་ཀུན་དུ་བདེ་བར་གྱུར་པའི་ཕྱིར། རབ་ཏུ་དབེན་པའི་བདེ་བ་ཞེས་བྱའོ། །ཡང་དག་པའི་དོན་དུ་ན་བསམ་གཏན་དང་པོའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་ལྔ་པོ་

དག་ཚང་བར་སྤངས་པ་ཡིན་མོད་ཀྱང་། འདོད་པའི་སྒྲིབ་པ་ནི་དང་པོ་ཡིན་ཏེ། དང་པོ་སྨོས་པ་ཉིད་ཀྱིས་ཕྱི་མ་ཡང་བསྟན་པར་འགྱུར་བས་སོ། །སྒྲིབ་པ་ལྔ་པོ་དག་གི་ཉེས་དམིགས་རྒྱ་ཆེར་བཤད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བསྟན་པ་

བཞིན་དུ་རིག་པར་བྱའོ། །ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དང་སྦྱར་ན། བསམ་གཏན་དངོས་གཞི་ལ་ཞུགས་པ་གང་ཡིན་པ་དེ་ནི་དགའ་བ་ཁོ་ན་ཡིན་གྱི་བདེ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན། སྐད་ཅིག་ཙམ་དུ་

སེམས་བདེ་བ་གང་ཡིན་པ་དེ་ནི་དགའ་བ་ཞེས་བྱའོ། །ལུས་ཟོ་མདོག་བདེ་བ་གང་ཡིན་པ་དེ་ནི་བདེ་བ་ཞེས་བྱའོ་ཞེས་བཤད་དོ། །དེ་ཕྱིར་བསྟན་བཅོས་རྣམ་པར་བཤད་པ་ལས། བསམ་གཏན་དང་པོ་ཡང་བདེ་བ་ཞེས་བྱའོ་ཞེས་བཤད་དེ། དཔེ་འདིའི་དོན་འདི་སྐད་དུ། ཇི་

Vol. 118 · folio 156a

ལྟར་འདོད་པའི་འདོད་ཆགས་ལ་མོས་པའི་སྟོབས་བསྐྱེད་པའི་དབང་གིས་འདོད་པའི་ཡུལ་ལྔ་པོ་དག་ལ་འདོད་ཆགས་ཀྱི་གདུང་བ་བསྐྱེད་པའི་ཕྱིར་འདོད་པའི་ཡོན་ཏན་ལྔ་དང་བྲལ་བ། བསམ་གཏན་དང་པོའི་བདེ་བ་མི་ཐོབ་པ་དེ་བཞིན་དུ་གང་རྟོག་པ་

དང་དཔྱོད་པ་དང་བཅས་པ་དེ་དག་ཀྱང་གཟུགས་ལ་སོགས་པའི་མཚན་ཉིད་དང་བྲལ་བ་མཚན་མ་མེད་པའི་དེ་བཞིན་ཉིད་ཁོང་དུ་ཆུད་པར་མི་ནུས་སོ་ཞེས་བསྟན་པར་འགྱུར་རོ། །ཡུན་རིང་པོ་ནས་ཀུན་དུ་སྨྲ་བ་ལ་མོས་པ་དང་། འཇིག་རྟེན་པའི་ཀུན་དུ་སྨྲ་བ་ལ་དགའ་ཞིང་

མངོན་པར་ཞེན་པས་ནི། ནང་གི་རབ་ཏུ་དབེན་པ་འཕགས་པའི་མི་སྨྲ་བའི་བདེ་བ་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ་ཞེས་བྱ་བ་ནི་གསུམ་པ་འཕགས་པ་མི་སྨྲ་བའི་རབ་ཏུ་དབེན་པའི་དཔེ་ཞེས་བྱ་སྟེ། འདི་ནི་རྣམ་པ་བཞི་ལས་རབ་ཏུ་དབེན་

པའི་བདེ་བ་ཞེས་བྱ་བ་ཉིད་དེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས་བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་རྟོག་པ་དང་། དཔྱོད་པ་ཉེ་བར་ཞི་བ་གང་ཡིན་པ་དེ་ནི་རབ་ཏུ་དབེན་པའི་བདེ་བ་ཞེས་བྱའོ་ཞེས་བཤད་དེ། འདི་ལྟར་གསུང་རབ་རྣམས་ལས་འདུ་བྱེད་

རྣམ་པ་གསུམ་མངོན་པར་འགྲུབ་པར་བྱེད་དོ་ཞེས་གསུངས་ཏེ། དེ་ལ་དང་པོ་ལུས་ཀྱི་འདུ་བྱེད་ནི་འདི་ལྟ་སྟེ། ཕྱི་ནང་གི་དབུགས་རྒྱུ་བས་ལུས་ཀྱི་འདུ་བྱེད་མངོན་པར་འགྲུབ་པར་བྱེད་པའི་ཕྱིར། ལུས་ཀྱི་འདུ་བྱེད་ཅེས་བྱ་སྟེ། བསམ་གཏན་བཞི་པ་ལ་ཞུགས་པ་ན་རབ་ཏུ་སེལ་ཏོ། །

གཉིས་པ་ངག་གི་འདུ་བྱེད་ནི་འདི་ལྟ་སྟེ། རྟོག་པ་དང་དཔྱོད་པ་ནི་ངག་གི་འདུ་བྱེད་སློང་བས་ངག་གི་འདུ་བྱེད་ཅེས་བྱ་སྟེ། བསམ་གཏན་གཉིས་པས་རབ་ཏུ་སེལ་བར་བྱེད་དོ་ཞེས་ཐེག་པ་ཆེ་ཆུང་གི་བསྟན་པ་དག་ལས་དེ་སྐད་བཤད་དེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ས་པ་

རྣམས་ལ་རྟོག་པ་དང་། དཔྱོད་པ་མེད་པའི་ཕྱིར་རོ། །ཇི་ཙམ་དུ་ངག་སློང་བ་དག་ནི་ས་འོག་མ་ལ་བརྟེན་ནས་བཤད་པ་ཡིན་པས་སོ། །གསུམ་པ་སེམས་ཀྱི་འདུ་བྱེད་ནི་འདི་ལྟ་སྟེ། ཚོར་བ་དང་འདུ་ཤེས་ལ་སོགས་པ་སེམས་ཀྱི་འདུ་བྱེད་ཀྱི་གྲོགས་སུ་གྱུར་པ་གང་ཡིན་པ་དེ་ནི་

Vol. 118 · folio 156b

སེམས་ཀྱི་འདུ་བྱེད་ཅེས་བྱ་སྟེ། གལ་ཏེ་སེམས་ལས་བྱུང་བ་མེད་ན། སེམས་མངོན་པར་འདུ་མི་བྱེད་པའི་ཕྱིར་རོ། །འགོག་པ་ལ་སྙོམས་པར་ཞུགས་པ་ན་སེམས་ཀྱི་འདུ་བྱེད་འགོག་པར་བྱེད་དོ། །དེ་ལ་འདིར་ནི་ངག་གི་འདུ་བྱེད་ཀྱི་དབང་དུ་མཛད་ནས་བསམ་གཏན་གཉིས་པ་ཡན་ཆད་

ལ་རྟོག་པ་དང་། དཔྱོད་པ་མེད་པའི་ཕྱིར་རོ། །ངག་སློང་བར་མི་བྱེད་ལ་ངག་མི་སློང་བའི་ཕྱིར་རབ་ཏུ་དབེན་པ་འཕགས་པའི་མི་སྨྲ་བའི་བདེ་བ་ཞེས་བྱའོ་ཞེས་གསུངས་པ་ཡིན་ཏེ་དེ་ནི་འདི་སྐད་དུ། ཇི་ལྟར་རྟོག་པ་དང་བཅས་པ་དག་འཇིག་རྟེན་པའི་ཀུན་དུ་སྨྲ་བ་ལ་དགའ་ཞིང་མངོན་པར་

ཞེན་པའི་ཕྱིར། བསམ་གཏན་གཉིས་པ་ཡན་ཆད་ཀྱི་འཕགས་པའི་མི་སྨྲ་བའི་བདེ་བ་ཁོང་དུ་ཆུད་པར་ནུས་པ་དེ་བཞིན་དུ། རྟོག་པ་དང་དཔྱོད་པ་དང་བཅས་པ་དག་ཀྱང་རྟོག་པ་དང་དཔྱོད་པའི་སྟོབས་ཀྱི་ཐ་སྙད་ཀྱི་སྤྱོད་ཡུལ་ལ་སྤྱོད་པས་ན་བརྗོད་པ་དང་བྲལ་བའི་ཆོས་ཉིད་རབ་ཏུ་དབེན་

པའི་དེ་བཞིན་ཉིད་སྟོན་པར་མི་ནུས་སོ་ཞེས་བསྟན་པར་འགྱུར་རོ། །ཡུན་རིང་པོ་ནས་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་ལ་མོས་པ་དང་། འཇིག་རྟེན་པའི་ཐ་སྙད་རྣམས་ལ་དགའ་ཞིང་མངོན་པར་ཞེན་པས་ནི། ཐ་སྙད་ཐམས་ཅད་

ཡང་དག་པར་ཆད་པ། འཇིག་ཚོགས་འགོག་པ། གཏན་དུ་མྱ་ངན་ལས་འདས་པ་འམ། རྗེས་སུ་དཔག་པའམ་མོས་པར་མི་ནུས་སོ་ཞེས་བྱ་བ་ནི་བཞི་པ་ཐ་སྙད་རྣམས་དང་བྲལ་བ། རབ་ཏུ་དབེན་པའི་བདེ་བའི་དཔེ་ཞེས་བྱ་སྟེ། འདི་ནི་བདེ་བ་རྣམ་པ་བཞི་ལས་བྱང་ཆུབ་ཀྱི་བདེ་

བ་ཞེས་བྱ་བ་ཉིད་དོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། ཉོན་མོངས་པ་ཐམས་ཅད་དང་གཏན་དུ་བྲལ་ཞིང་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་བྱང་ཆུབ་ཀྱི་བདེ་བ་ཞེས་བྱའོ་ཞེས་བཤད་དོ། །གཞན་

ཡང་བསྟན་བཅོས་དེ་ཉིད་ལས་གནོད་པ་མེད་པའི་བདེ་བས་ནི་ཐ་མའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་བསྡུས་ཏེ། མ་འོངས་པ་ན་དོན་དམ་པར་སྡུག་བསྔལ་འདི་གཏན་དུ་ཞི་བའི་ཕྱིར་དང་། མཐོང་བའི་ཆོས་ལ་འཇིག་རྟེན་པ་དང་མཐུན་པའི་ཉོན་མོངས་པའི་ཕྱོགས་ཀྱི་གནས་ངན་

Vol. 118 · folio 157a

ལེན་ཐམས་ཅད་གཏན་དུ་ཉེ་བར་ཞི་བའི་ཕྱིར་བདེ་བ་ཞེས་བྱའོ་ཞེས་བསྟན་ཏོ། །རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན་བྱང་ཆུབ་ཀྱི་བདེ་བ་བསྟན་པ་དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་ཤེས་པ་ཁོ་ན་ཡིན་ལ་འགོག་པ་ནི་མ་ཡིན་པ་སྟེ། ཁུངས་སུ་བསྟན་པ་སྔ་མ་ལས་བཤད་

པ་ལྟ་བུའོ། །གཉིས་པ་ནི་འགོག་པ་ཁོ་ན་ཡིན་ལ་ཤེས་པ་ནི་མ་ཡིན་པ་སྟེ། ཁུངས་སུ་བསྟན་པ་ཕྱི་མ་ལས་བཤད་པ་ལྟ་བུའོ། །འདིར་མདོ་སྡེ་འདི་དང་སྦྱར་ན་འགོག་པར་གཟུང་གི་ཤེས་པ་མ་ཡིན་པས་སློབ་དཔོན་ཡང་དག་བདེན་པས་བཤད་པ་ལྟར། འགོག་པ་སྨོས་ལ་

ཤེས་པ་གཟུང་བ་ནི་མ་ཡིན་ནོ། །ཐ་སྙད་ཅེས་བྱ་བ་ནི་གོང་དུ་བཤད་པའི་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཐ་སྙད་བཞི་པོ་དག་ཉིད་དོ། །འཇིག་ཚོགས་ཞེས་བྱ་བ་ནི་ཕུང་པོ་ལྔའི་རབ་ཏུ་བྱེད་པའི་འགྲེལ་པ་ལས་འཇིག་པའི་དོན་དང་།

བསགས་པའི་དོན་ཏོ་ཞེས་བཤད་དེ། རྒྱ་ཆེར་བཤད་པ་ནི་བསྟན་བཅོས་སེམས་སྣ་ཚོགས་བསྟན་པ་དང་། མཛོད་ཀྱི་བསྟན་བཅོས་དང་། ཡང་དག་པའི་རིགས་པ་དང་རྗེས་སུ་མཐུན་པ་དང་། དེ་ཁོ་ན་གྲུབ་པ་དང་། ལུང་གཅིག་ལས་འཕྲོས་པ་དང་། རྣལ་འབྱོར་སྤྱོད་པའི་

ས་དང་། རྣམ་པར་བཤད་པ་དང་། ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་དང་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བསྟན་པ་བཞིན་ནོ། །དེ་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། རབ་ཏུ་དབེན་པ་ཡོངས་སུ་རྫོགས་པའི་དོན་ཏོ། །མྱ་ངན་

ལས་འདས་པ་འདི་ཡང་དོན་རྣམ་པ་གཉིས་དང་ལྡན་ཏེ། དང་པོ་ནི་མཐོང་བ་ལ་སོགས་པའི་ཐ་སྙད་ཐམས་ཅད་གཏན་དུ་སྤངས་པའོ། །གཉིས་པ་ནི་འཇིག་ཚོགས་འགོག་པ་གཏན་དུ་མྱ་ངན་ལས་འདས་པ་འདི་ནི་མྱ་ངན་ལས་འདས་པ་སྟེ། འདི་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཕུང་

པོ་ལྔའི་ལུས་གཏན་དུ་འགོག་པའི་ཕྱིར་གཏན་དུ་མྱ་ངན་ལས་འདས་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་འདི་ཐེག་པ་གང་གི་དབང་དུ་མཛད་ནས་གསུངས་ཤེ་ན། འཕགས་པ་བྱམས་པས་བསྟན་པའི་གཞུང་དང་སྦྱར་ན། ཐེག་པ་གསུམ་ཆར་ལ་ཡང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡོད་

Vol. 118 · folio 157b

པར་བཤད་དེ། ཕྱིས་འོག་ནས་རྣམ་པར་འབྱེད་དོ། །འདིའི་དོན་ནི་འདི་སྐད་དུ། ཇི་ལྟར་ཡུན་རིང་པོར་འཁོར་བའི་ཐ་སྙད་ལ་མོས་ཤིང་འཇིག་རྟེན་པའི་ཐ་སྙད་ལ་དགའ་བ་དང་། མངོན་པར་ཞེན་པ་དག་གིས་གཏན་དུ་ཞི་བའི་བདེ་བ་ཁོང་དུ་ཆུད་པར་མི་འགྱུར་བ་དེ་བཞིན་དུ། །

གང་རྟོག་པ་དང་དཔྱོད་པ་དང་བཅས་པ་དེ་དག་ཀྱང་ཐ་སྙད་ཀྱི་སྤྱོད་ཡུལ་ལ་སྤྱོད་པས་དོན་དམ་པའི་མཚན་ཉིད་ཐ་སྙད་ཡང་དག་པར་ཆད་པའི་ཡུལ་ཁོང་དུ་ཆུད་པར་མི་ནུས་སོ་ཞེས་བསྟན་པར་འགྱུར་རོ། །ཆོས་འཕགས་འདི་ལྟར་ཤེས་པར་བྱ་སྟེ། དཔེར་ན་གང་ཟག་ལ་ལ་

ཞིག་ཡུན་རིང་པོ་ནས་བདག་གིར་ཡོངས་སུ་འཛིན་པ་རྣམ་པ་སྣ་ཚོགས་དང་བཅས་པ་རྩོད་པའི་སྨྲ་བ་ལ་མོས་པ་འཇིག་རྟེན་པའི་རྩོད་པའི་སྨྲ་བ་རྣམས་ལ་དགའ་ཞིང་མངོན་པར་ཞེན་པས་ནི། བྱང་གི་སྒྲ་མི་སྙན་དག་གིས་བདག་གིར་འཛིན་པ་མེད་པ་ཉིད་དང་། རྩོད་པའི་སྨྲ་བ་དང་།

བྲལ་བར་བརྟག་པ་འམ། རྗེས་སུ་དཔག་པ་འམ། མོས་པར་མི་ནུས་སོ་ཞེས་བྱ་བ་ནི་ལྔ་པ་རྩོད་པའི་སྨྲ་བ་ཡོངས་སུ་སྤངས་ཤིང་མངོན་པར་རྫོགས་པར་འཚང་རྒྱ་བའི་བདེ་བའི་དཔེ་བསྟན་པའོ། །འདི་ནི་བདེ་བ་རྣམ་པ་ལྔ་ལས་བྱང་ཆུབ་ཀྱི་བདེ་བ་ཉིད་དོ། །དེའི་ཕྱིར་རྣལ་

འབྱོར་སྤྱོད་པའི་ས་ལས་ཉོན་མོངས་པ་ཐམས་ཅད་དང་གཏན་དུ་བྲལ་བ་ཡིན་ཏེ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་ཐུགས་སུ་ཆུད་པ་ནི་བྱང་ཆུབ་ཀྱི་བདེ་བ་ཞེས་བྱའོ་ཞེས་བསྟན་ཏེ་འདི་ཤེས་པ་གཟུང་གི་འགོག་པ་ནི་མ་ཡིན་པས་སློབ་

དཔོན་ཡང་དག་བདེན་པས་བཤད་པ་ལྟར་འགོག་པ་གཟུང་ཞིང་ཤེས་པ་མ་ཡིན་ནོ་ཞེས་བསྟན་པ་ནི་མ་ཡིན་ཏེ། འདི་ལྟར་རྩོད་པའི་སྨྲ་བ་ལ་མོས་པ་དག་ནི་འཇིག་རྟེན་པའི་བདག་གིར་ཡོངས་སུ་གཟུང་བ་ཕ་མ་དང་། ཆུང་མ་དང་། བུ་དང་། ཕུ་ནུ་དང་། གྲོས་གྲོགས་རྣམས་དང་།

བང་མཛོད་ལ་སོགས་པ་ཡོངས་སུ་གཟུང་བའི་དངོས་པོ་དག་ལ་དགའ་ཞིང་མངོན་པར་ཞེན་པའི་ཕྱིར་བྱང་གི་སྒྲ་མི་སྙན་པའི་སེམས་ཅན་གྱི་ཆུང་མ་ལ་སོགས་པ་ལ་ཡོངས་སུ་འཛིན་པའི་རྩོད་པ་དག་ཁོང་དུ་ཆུད་པར་མི་འགྱུར་ལ། དེ་བཞིན་དུ་རྟོག་པ་དང་དཔྱོད་པ་དང་བཅས་པ་དག་

Vol. 118 · folio 158a

གིས་ཀྱང་ཉོན་མོངས་པའི་རྩོད་པའི་སྨྲ་བ་ལ་སོགས་པའི་སྤྱོད་ཡུལ་ལ་སྤྱོད་པས། དོན་དམ་པའི་བདེན་པའི་མཚན་ཉིད་ཉོན་མོངས་པ་ལ་སོགས་པ་མེད་པའི་རྩོད་པའི་ཡུལ་དང་བྲལ་བ་ལ་བརྟག་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཆོས་འཕགས་

རྟོག་གེ་པ་དག་གིས་ཀྱང་རྟོག་པ་དང་དཔྱོད་པ་ཐམས་ཅད་ཀྱི་སྤྱོད་པ་ལས་ཡང་དག་པར་འདས་པ་དོན་དམ་པའི་བདེན་པའི་མཚན་ཉིད་བརྟག་པའམ་རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ་ཞེས་བྱ་བ་ནི་དྲུག་པ་དཔེ་དང་དོན་དུ་སྦྱར་བའི་དོན་ཏོ། །འདི་ལྟར་རྟོག་པ་དང་དཔྱོད་པ་

དག་གི་མཚན་ཉིད་རྩིང་བའི་ཕྱིར་དོན་དམ་པའི་བདེན་པའི་མཚན་ཉིད་ཁོང་དུ་ཆུད་པར་མི་འགྱུར་ཏེ། དཔེ་དང་དོན་སྦྱར་བ་ནི་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་གྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་གསུངས་སོ་ཞེས་བྱ་

བ་འདི་མན་ཆད་ནི་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་བསྟན་པ་ལ་ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྟན་པ་གཉིས་སུ་ཕྱེ་བ་ལས། དེ་ཡན་ཆད་ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་རྫོགས་ནས། ད་ནི་

ཚིགས་སུ་བཅད་པས་མདོར་བསྟན་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་ཚིགས་སུ་བཅད་པ་གསུངས་པའི་དགོངས་པ་བསྟན་པ་དང་། ཚིགས་སུ་བཅད་པ་ཡང་དག་པར་བཤད་པ་སྟེ། འདི་ནི་དང་པོའོ། །སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་

སྙད་ཡོངས་ཆད་པ། །རྩོད་པའི་སྨྲ་བ་ཉེར་ཞི་དོན་དམ་བདེན། །རྟོག་གེ་ཐམས་ཅད་ཀུན་ལས་འདས་མཚན་ཉིད། །ཅེས་བྱ་བ་ནི་གཉིས་པ་ཚིགས་སུ་བཅད་པས་ཡང་དག་པར་བཤད་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། དང་པོ་ཚིག་གསུམ་གྱིས་ནི་མཚན་ཉིད་ལྔ་རྣམ་པར་

ཕྱེ་སྟེ་བསྟན་ཏོ། །ཐ་མའི་ཚིག་གཅིག་གིས་ནི་མཚན་ཉིད་རྣམ་པ་ལྔ་སྤྱིར་བསྟན་ཏོ། །དེ་ལ་སོ་སོ་རང་རིག་ཅེས་བྱ་བ་ནི་མཚན་ཉིད་དང་པོ་ཟློས་པའོ། །མཚན་མེད་སྤྱོད་ཡུལ་ཞེས་བྱ་བ་ནི་མཚན་ཉིད་གཉིས་པ་ཟློས་པའོ། །བརྗོད་དུ་མེད་པ་ཞེས་བྱ་བ་ནི་མཚན་ཉིད་གསུམ་པ་ཟློས་

Vol. 118 · folio 158b

པའོ། །ཐ་སྙད་ཡོངས་སུ་ཆད་པ་ཞེས་བྱ་བ་ནི་མཚན་ཉིད་བཞི་པ་ཟློས་པའོ། །རྩོད་པའི་སྨྲ་བ་ཉེར་ཞི་ཞེས་བྱ་བ་ནི་མཚན་ཉིད་ལྔ་པ་ཟློས་པའོ། །དོན་དམ་བདེན་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་རྣམ་པ་ལྔ་སྤྱིར་བསྟན་པའི་དོན་ནི་བརྡ་ཕྲད་པར་ཟད་དོ།། །།བམ་པོ་བཅུ་

བཞི་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཤིན་ཏུ་རྣམ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་གྱིས་ལེགས་པར་གསུངས་པ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་

ཆོས་རྣམས་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཅེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྟན་པའོ། །ཚིག་རྐྱང་པས་རྒྱ་ཆེར་

རྣམ་པར་བཤད་པ་ཡང་རྣམ་པ་ལྔར་དབྱེ་སྟེ། བྱང་ཆུབ་སེམས་དཔས་ཞུ་བ་གསོལ་བ་དང་། དེ་ནས་ཞེས་བྱ་བ་མན་ཆད་ཀྱིས་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པ་བསྟན་པ་དང་། དཔེས་བསྟན་པ་དང་དཔེ་དང་དོན་དུ་སྦྱར་བ་དང་། མཇུག་བསྡུ་བ་སྟེ། འདི་ནི་

ཞུ་བ་གསོལ་བ་ཉིད་དོ། །འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། དེ་བཞིན་གཤེགས་པ་ལེགས་པར་གསུངས་པ་ཡིན་པར་བསྔགས་པ་དང་། རྩོད་པ་མང་པོ་བསྟན་པ་དང་། བདག་ཉིད་ཀྱི་ཐེ་ཚོམ་གང་ཡིན་པ་ཉིད་གསོལ་བའོ། །དེ་བཞིན་གཤེགས་པ་ལེགས་

པར་གསུངས་པ་ཡིན་པར་བསྔགས་པ་ཡང་། ལེགས་པར་གསུངས་པ་ཡིན་པར་བསྔགས་པ་དང་། ལེགས་པར་གསུངས་པ་མདོར་བསྟན་པ་དང་གཉིས་ཀྱིས་བསྟན་ཏེ། འདི་ནི་དང་པོའོ། །དེ་ལ་དེ་ནས་ཞེས་བྱ་བ་ནི་ཞུ་བ་གསོལ་བའི་ཚེའོ། །བྱང་ཆུབ་སེམས་

དཔའ་བློ་གྲོས་ཤིན་ཏུ་རྣམ་པར་དག་ཅེས་བྱ་བ་ནི་ཡོན་ཏན་ལས་མིང་དུ་བཏགས་པ་སྟེ། ཡང་དག་པའི་ཡེ་ཤེས་དང་། རྗེས་ལས་ཐོབ་པ་ནི་ཟག་པ་མེད་པའི་དགེ་བ་ཀུན་ནས་ཉོན་མོངས་པ་དང་བྲལ་བ་ཡིན་པའི་ཕྱིར་བློ་གྲོས་ཤིན་ཏུ་རྣམ་པར་དག་ཅེས་བྱའོ། །དགོངས་པ་ཟབ་

Vol. 118 · folio 159a

མོ་རྣམ་པར་དགྲོལ་བའི་མདོ་ལས་ཀྱང་འདི་དང་མཐུན་པར་འབྱུང་ངོ་། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་བྱང་ཆུབ་སེམས་དཔའ་རྣམ་དག་བློ་གྲོས་ཞེས་འབྱུང་སྟེ། སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་

འདི་ས་དགུ་པ་ལ་གནས་པ་ཡིན་པས། གཞན་དག་གིས་དྲིས་པ་ལན་ལེགས་པར་འདེབས་ཤིང་རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར་བས་རྣམ་པར་དག་པའི་བློ་གྲོས་ཀྱིས་གནས་སྐབས་ལ་གནས་པ་དང་། གཞན་ཡང་ཤིན་ཏུ་རྣམ་པར་དག་པའི་བློ་དང་ལྡན་ཞིང་།

གཞན་དག་གི་བློ་རྣམ་པར་དག་པ་བསྐྱེད་པའི་ཕྱིར། རྣམ་དག་བློ་གྲོས་ཞེས་བྱའོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་རྣམ་པ་གཉིས་དང་ལྡན་ཏེ་འདི་ལྟ་སྟེ། བདག་ལ་ཕན་འདོགས་པ་དང་།

གཞན་ལ་ཕན་འདོགས་པའོ། །དེ་ཡང་བདག་ལ་ཕན་འདོགས་པའི་བསྔགས་པ་བརྗོད་པའི་ཕྱིར་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ་ཞེས་བྱ་བ་གསུངས་སོ། །གཞན་ལ་ཕན་འདོགས་པའི་བསྔགས་པ་བརྗོད་པའི་ཕྱིར་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་

པ་ཞེས་བྱ་བ་གསུངས་སོ། །རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན་ངོ་མཚར་དང་ལེགས་པར་གསུངས་པ་ཞེས་བྱ་བ་ནི་བདག་དང་གཞན་ལ་ཕན་འདོགས་པ་གཉིས་ཀ་དང་སྤྱིར་སྦྱར་བར་བཤད་དེ། དེའི་ཕྱིར་དེ་ཉིད་ལས་ལྔ་པོ་འདི་དག་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་

པར་རིག་པར་བྱ་སྟེ། རྒྱུ་མེད་པའི་སེམས་ཅན་རྣམས་ལ་མཉེས་གཤིན་པ་དང་། སེམས་ཅན་རྣམས་ཁོ་ནའི་དོན་དུ་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པ་བཟོད་པ་དང་། སེམས་ཅན་ཉོན་མོངས་པ་ཤས་ཆེ་ཞིང་གདུལ་དཀའ་བ་རྣམས་གདུལ་བའི་ཐབས་

ལེགས་པར་ཁོང་དུ་ཆུད་པ་དང་། མཆོག་ཏུ་རྟོགས་པར་དཀའ་བ་དེ་ཁོ་ནའི་དོན་ཁོང་དུ་ཆུད་པས་དེའི་རྗེས་སུ་འཇུག་པ་དང་། མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་ཡོན་ཏན་ཉིད་ཀྱིས་སངས་རྒྱས་ཀྱི་ཡོན་

Vol. 118 · folio 159b

ཏན་རྣམ་པར་བཤད་པ་ཡིན་པས་འགལ་བ་མེད་དོ། །བཏགས་པ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལ་ལེགས་པར་གསུངས་ཞེས་བྱ་བ་ནི། རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ནི་རྒྱུ་གཉིས་ཀྱིས་ལེགས་པར་གསུངས་པ་ཡིན་ཏེ།

ཚིག་འབྲུ་ལེགས་པར་རྣམ་པར་ཕྱེ་བ་ཉིད་ཀྱི་ཕྱིར་དང་རྟོགས་པར་སླ་བ་ཉིད་ཀྱི་ཕྱིར་རོ་ཞེས་བཤད་པ་ལྟ་བུ་སྟེ། རྟོགས་པར་དཀའ་བའི་ཆོས་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ཉིད་ཀྱིས་ཁོང་དུ་ཆུད་སླ་བར་གྱུར་པའོ། །གཞན་ཡང་དེ་ཉིད་ལས་ལེགས་པར་གསུངས་

པ་ཞེས་བྱ་བ་ནི་རིགས་པ་དང་མཐུན་པར་གྱུར་པ་ཉིད་ཀྱི་ཕྱིར་དང་། ཡོན་ཏན་ཁྱད་པར་ཅན་ཡོངས་སུ་འཛིན་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་དེ་ཉིད་ལས་མཚན་ཉིད་རྣམ་པ་བཞིའི་ཕྱིར། དེ་བཞིན་གཤེགས་པས་གསུངས་པའི་བསྟན་པ་རྣམས་ནི་ལེགས་

པར་གསུངས་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ནི་ཤིན་ཏུ་ཕྲ་བ་ཤིན་ཏུ་ཟབ་པ་ཆོས་རྣམས་ཀྱི་གཅིག་པ་དང་། ཐ་དད་པ་ཉིད་ལས་ཡང་དག་པར་འདས་

པའི་མཚན་ཉིད་རྟོགས་པར་དཀའ་བ་ཡིན་ནོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བ་འདི་ནི་གཉིས་པ་ལེགས་པར་གསུངས་པ་མདོར་བསྟན་པ་ཉིད་དོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་གནས་བསྟན་པའི་མདོ་ལ་སོགས་པ་ལས། དོན་དམ་པའི་བདེན་པའི་

མཚན་ཉིད་ཅེས་བྱ་བ་ནས། རྟོགས་པར་དཀའ་བ་ཡིན་ནོ་ཞེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུ་གསུངས་པས་སོ། །སློབ་དཔོན་ཡང་དག་བདེན་པའི་འགྲེལ་པ་ལས། ཡང་ན་ཤེས་རབ་རྣམ་པ་གསུམ་གྱི་དབང་དུ་བྱས་ནས་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་བྱ་

བ་མ་ཡིན་པའི་ཕྱིར་ཤིན་ཏུ་ཕྲ་བ་ཞེས་བྱའོ། །ཐེག་པ་གཉིས་ཀྱིས་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་ཤིན་ཏུ་ཟབ་པ་ཞེས་བྱའོ། །སའི་མདུན་རོལ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་མཐོང་བར་མི་ནུས་པའི་ཕྱིར་རྟོགས་པར་དཀའ་བའོ་ཞེས་བྱའོ། །ཡང་

Vol. 118 · folio 160a

ན་ཤེས་རབ་གསུམ་དང་སྦྱར་ན། དེ་བཞིན་ཉིད་དང་སྤྱོད་པ་གཅིག་པ་མ་ཡིན་པའི་ཕྱིར་ཤིན་ཏུ་ཕྲ་བའོ། །ཐ་དད་པ་མ་ཡིན་པའི་ཕྱིར་ཤིན་ཏུ་ཟབ་པའོ། །གཅིག་པ་དང་ཐ་དད་པ་གཉིས་ཀར་རྟོགས་པའི་ཕྱིར་རྟོགས་པར་དཀའ་བའོ། །གཞན་ཡང་

ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཤིན་ཏུ་ཕྲ་བ་ཞེས་བྱའོ། །བསམ་པའི་ཤེས་རབ་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཤིན་ཏུ་ཟབ་པ་ཞེས་བྱའོ། །སོ་སོའི་སྐྱེ་བོའི་ཡང་ཐེག་པ་གཉིས་དང་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒོམ་པའི་

ཤེས་རབ་ཀྱི་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བ་ཞེས་བྱའོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པའི་བཤད་པ་དང་སྦྱར་ན་རྣམ་པ་གསུམ་ལས་གསུམ་པ་མཆོག་ཏུ་བཟང་སྟེ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། དེ་བཞིན་ཉིད་དང་ཆོས་

ཀྱི་དབྱིངས་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་རྗེས་ལ་ཐོབ་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པས་ཤེས་རབ་རྣམ་པ་གསུམ་གྱི་ཡུལ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་ཤེས་རབ་ནི་ཤིན་ཏུ་ཟབ་ཅིང་ཤིན་ཏུ་ཕྲ་བ་ཡིན་ལ་ཐོས་པའི་

ཤེས་རབ་ནི་རྩིང་ཞིང་ཟབ་པ་མ་ཡིན་པའི་ཕྱིར་མཐོང་བར་མི་ནུས་སོ། །དོན་དམ་པ་ཡིན་པའི་ཕྱིར་བསམ་པས་གཞལ་བར་མི་ནུས་སོ། །འཇིག་རྟེན་ལས་འདས་པའི་ཆོས་ཡིན་པའི་ཕྱིར་བསྒོམ་པས་ཀྱང་བགྲོད་པར་མི་ནུས་སོ་ཞེས་གསུངས་པའོ། །བཅོམ་ལྡན་

འདས་འདི་ན་བདག་གིས་ས་ཕྱོགས་ཞིག་ན་བྱང་ཆུབ་སེམས་དཔའ་མང་པོ་མོས་པས་སྤྱོད་པའི་ས་ལ་ཡང་དག་པར་ཞུགས་པ་དག་གཅིག་ཏུ་འདུས་ནས་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་གཅིག་པ་དང་། ཐ་དད་པ་ཉིད་བསམ་

ཞིང་སྤྱོད་པ་དག་མཐོང་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་རྩོད་པ་མང་པོ་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། གཅིག་ཏུ་འདུས་ནས་རྩོད་པར་གྱུར་པ་སྤྱིར་བསྟན་པ་དང་། བརྟག་པ་རྣམ་པ་གསུམ་རྣམ་པར་ཕྱེ་སྟེ་བསྟན་པ་

Vol. 118 · folio 160b

ལས། འདི་ནི་དང་པོའོ། །འདི་ན་བདག་གིས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་འམ་ཡང་ན་འཛམ་བུའི་གླིང་འདིར་རོ། །དཔེ་གཞན་གཉིས་ལས་ནི་ཚིག་འདི་མ་ཚང་ངོ་། །ས་ཕྱོགས་ཞིག་ན་ཞེས་བྱ་བ་ནི། རྒྱལ་པོའི་ཁབ་ལ་སོགས་པ་ཡིན་གྱི་ཞིང་ཡོངས་

སུ་དག་པ་ནི་མ་ཡིན་ཏེ། མོས་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བའི་གནས་ཡིན་པའི་ཕྱིར་རོ། །མོས་པས་སྤྱོད་པའི་ས་ནི་སའི་མདུན་རོལ་བསྐལ་པ་གྲངས་མེད་པ་དང་པོའི་གནས་སྐབས་ལ་གནས་པ་དག་ཡིན་ཏེ། དེའི་ཕྱིར་བསྟན་བཅོས་ཐེག་པ་ཆེན་པོ་

བསྡུས་པ་ལས། མོས་པར་སྤྱོད་པའི་གང་ཟག་ནི་བསྐལ་པ་དང་གྲངས་མེད་པ་དང་པོར་རྫོགས་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་ཐེག་པ་ཆེན་པོའི་བསྡུས་པ་མི་མཐུན་པ་རྣམ་པ་གཅིག་ལས། མོས་པ་སྤྱོད་པའི་གང་ཟག་ལ་མིང་རྣམ་པ་བཞི་ཡོད་དེ། འདི་

ལྟ་སྟེ། དད་པ་རྣམ་པ་བཅུ་དང་། ཤེས་པ་རྣམ་པ་བཅུ་དང་། སྤྱོད་པ་རྣམ་པ་བཅུ་དང་། ཡོངས་སུ་བསྔོ་བ་རྣམ་པ་བཅུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕགས་པའི་ལམ་ལ་སྦྱོར་བ་རྣམ་པ་བཞི་ཡོད་པའི་ཕྱིར་གང་ཟག་རྣམ་པ་བཞི་ཡོད་པར་གྱུར་པ་ཡིན་ཏེ།

ཇི་ལྟར་རྒྱུན་དུ་ཞུགས་པའི་ལམ་གྱི་མདུན་རོལ་ན་སྦྱོར་བ་རྣམ་པ་བཞི་ཡོད་པ་བཞིན་ནོ། །འདི་བཞིའི་ས་བོན་གང་ཡིན་པ་དེ་ནི་མོས་པས་སྤྱོད་པའི་ས་ཞེས་བྱ་སྟེ། བསྐལ་པ་གྲངས་མེད་པ་དང་པོས་བསྒོམས་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་འབྱུང་ངོ་། །ས་འདིའི་

མིང་ཡང་མདོར་བསྡུ་ན་རྣམ་པ་བཞི་སྟེ། དང་པོ་ནི་སྨོན་པས་མོས་པའི་ས་ཞེས་བྱ་སྟེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་མི་མཐུན་པ་རྣམ་པ་གཅིག་དང་། ཚིག་ངེས་པར་འགྲེལ་པའི་མདོ་ལས་བཤད་པ་ལྟ་བུའོ། །གཉིས་པ་ནི་དད་པས་སྤྱོད་པའི་ས་ཞེས་བྱ་སྟེ།

དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་ལས་བཤད་པ་ལྟ་བུའོ། །གསུམ་པ་ནི་མོས་པས་སྤྱོད་པའི་ས་ཞེས་བཤད་དེ། བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་དང་། ས་ཡོངས་སུ་འཛིན་པ་དང་། ལེགས་པའི་ཚུལ་ཁྲིམས་

Vol. 118 · folio 161a

བསྟན་པའི་མདོ་ལས་བཤད་པ་ལྟ་བུའོ། །བཞི་པ་ནི་ཡིད་ཀྱིས་མོས་པའི་ས་ཞེས་བྱ་སྟེ། རྣལ་འབྱོར་སྤྱོད་པའི་ས་ལས་འབྱུང་བའི་བསམ་པ་རྣམ་པར་དག་པའི་ལེའུ་ལ་སོགས་པ་ལྟ་བུའོ། །ཅིའི་ཕྱིར་ས་འདིའི་མིང་གི་རྣམ་གྲངས་མང་པོར་འགྱུར་ཞེ་ན།

འདི་ལྟར་འདིའི་མིང་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། དང་པོ་ནི་སྤྱིའི་མིང་ཡིད་ཀྱིས་མོས་པ་ཞེས་བྱ་སྟེ། འདུན་པ་དང་། དད་པ་དང་། མོས་པ་རྣམས་ལས་ཆོས་གཅིག་གི་ངོ་བོ་ཉིད་དེ། དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་ལས་ཡིད་ཀྱི་མོས་པ་

ཞེས་བསྟན་པ་ཡིན་ནོ། །གཉིས་པ་ནི་བྱེ་བྲག་གི་མིང་སྟེ། འདི་ཡང་རྣམ་པ་གསུམ་མོ། །དང་པོ་ནི་སྨོན་ཅིང་མོས་པ་སྟེ། མོས་པ་དང་མཐུན་པའི་རྣམ་གྲངས་སོ། །ལྔ་ཡུལ་སོ་སོར་ངེས་པ་ལས་འདུན་པའི་ངོ་བོ་ཉིད་དེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་

པའི་བསྟན་བཅོས་ལས་མོས་པ་ནི་འདི་ལྟ་སྟེ། འདུན་པ་ཞེས་བཤད་པ་བཞིན་ནོ། །གཉིས་པ་ནི་དད་པས་སྤྱོད་པ་ཞེས་བྱ་སྟེ། བཅུ་གཅིག་དགེ་བ་ལ་དད་པའི་བདག་ཉིད་དེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། སངས་རྒྱས་ཀྱི་ཆོས་ཀྱི་རྒྱ་

མཚོར་ནི་དད་པས་འཇུག་པར་ནུས་སོ། །ཤེས་རབ་ཀྱིས་སྒྲོལ་བར་ནུས་སོ་ཞེས་བཤད་པ་ཡིན་ནོ། །གསུམ་པ་ནི་མོས་པས་སྤྱོད་པ་ཞེས་བྱ་སྟེ། ལྔ་ཡུལ་སོ་སོར་ངེས་པ་ལས་མོས་པའི་ངོ་བོ་ཉིད་དེ། དེའི་ཕྱིར་སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་མཛད་པ་ཐེག་པ་ཆེན་པོ་

བསྡུས་པའི་འགྲེལ་པ་བྱས་པ་ལས། མོས་པས་སྤྱོད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་མངོན་སུམ་དུ་མ་བྱས་པས། མོས་པ་ལ་བརྟེན་ནས་བརྩོན་འགྲུས་ཀྱིས་སྤྱོད་པ་རྣམས་སྤྱོད་དོ་ཞེས་བཤད་པ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་དང་པོ་མོས་པ་ཐོབ་པ་ནི་འདི་ལྟ་སྟེ།

ས་རྣམས་ལས་ཤིན་ཏུ་མོས་པ་ཐོབ་པར་འགྱུར་བ་གང་ཡིན་པ་དེས་གཞན་གྱིས་བསྟན་པ་རྣམས་ལ་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་ནོ་ཞེས་ངེས་པ་ཉིད་དུ་འཛིན་ཏོ་ཞེས་བཤད་དོ། །ས་འདི་ལ་ད་དུང་དེ་བཞིན་ཉིད་མངོན་སུམ་དུ་མ་བྱས་པས་རྩོད་པ་འདི་ལྟ་བུ་ཡོད་པར་

Vol. 118 · folio 161b

གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་འདི་སྐད་ཅེས་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མ་མཆིས་སོ་ཞེས་མཆི་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བརྟགས་པ་རྣམ་པ་གསུམ་རྣམ་པར་འབྱེད་

དེ་བསྟན་པ་སྟོན་ཏོ། །དེ་ཉིད་ལ་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོའོ། །ཆོས་རྣམས་ལས་ལོགས་ཤིག་ན་དོན་དམ་པ་ཡེ་ཤེས་དམ་པས་དམིགས་པའི་ཕྱིར་དོན་དམ་པ་ཞེས་བྱ་བ་དང་། ཀུན་རྫོབ་ཀྱི་ཡེ་ཤེས་ཀྱི་དམིགས་པས་ཀུན་རྫོབ་ཅེས་བྱ་བ་མེད་པས་སོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་ཡང་འདི་སྐད་ཅེས་དོན་

དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མ་མཆིས་པ་མ་ལགས་ཀྱི། དོན་དམ་པའི་བདེན་པའི་མཚན་ཉིད་ནི་འདུ་བྱེད་རྣམས་ཀྱི་མཚན་ཉིད་ལས་ཐ་དད་དོ་ཞེས་མཆི་ཞེས་བྱ་བ་འདི་ནི་སྟོན་པ་གཉིས་པས་བརྟགས་པ་སྟེ། ཆོས་རྣམས་ལས་

གུད་ན་དོན་དམ་པའི་བདག་ཉིད་ཡོད་དོ་ཞེས་ཟེར་བའོ། །བྱང་ཆུབ་སེམས་དཔའ་གཞན་ཐེ་ཚོམ་དང་ཡིད་གཉིས་སུ་གྱུར་པ་ཁ་ཅིག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་དེ་རྣམས་ལས་གང་ནི་མེད་པར་མཆི་བ་ལགས། གང་ནི་ཤོ་བེ་མཆི་བ་ལགས། །གང་ནི་ཚུལ་

བཞིན་དུ་སྤྱོད་པ་ལགས། གང་ནི་ཚུལ་བཞིན་དུ་མི་བགྱིད་པ་ལགས་ཞེས་མཆི་བ་དང་། ཁ་ཅིག་ནི་འདི་སྐད་ཅེས་དོན་དམ་པའི་བདེན་པའི་མཚན་ཉིད་ནི། འདུ་བྱེད་རྣམས་ཀྱི་མཚན་ཉིད་ལ་ཐ་དད་པ་མ་མཆིས་སོ་ཞེས་མཆི། ཁ་ཅིག་ནི་འདི་སྐད་ཅེས་དོན་དམ་པའི་བདེན་པའི་

མཚན་ཉིད་ནི་འདུ་བྱེད་རྣམས་ཀྱི་མཚན་ཉིད་ལས་ཐ་དད་པ་མ་མཆིས་སོ་ཞེས་མཆི་སྟེ་ཞེས་བྱ་བ་འདི་ནི་སྟོན་པ་གསུམ་པས་བརྟགས་པ་སྟེ། གོང་དུ་བཤད་པ་རྣམ་པ་གཉིས་ལ་ཡིད་གཉིས་སུ་གྱུར་པ་ཁོ་ནར་ཟད་པས་ལོགས་ཤིག་ཏུ་བརྟགས་པ་ཡོད་པ་མ་ཡིན་ནོ། །འདིར་

བརྟགས་པ་རྣམ་པ་བཞི་ཡོད་པའི་རིགས་ཏེ། འདི་ལྟ་སྟེ། གཅིག་པ་དང་། ཐ་དད་པ་དང་གཉི་ག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ཞེས་ཟེར་བ་ནི། མི་མཐུན་པས་སྐུར་པ་ཡིན་ལ་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་

Vol. 118 · folio 162a

ཞེས་ཟེར་བ་ནི་སྤྲོས་པ་ཡིན་པའི་ཕྱིར་རོ། །མདོ་སྡེ་འདིའི་དགོངས་པ་ནི། མདོར་བསྡུ་བ་གཞག་པའི་ཕྱིར་དང་། ཟླས་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །རེ་ཞིག་གཅིག་པ་དང་ཐ་དད་པ་གཞིག་པར་བྱ་སྟེ། འདིར་གསུངས་པའི་གཅིག་པ་དང་།

ཐ་དད་པར་འཛིན་པ་གཉིས་པོ་འདི་ནི་རྣམ་པར་གཡེང་བ་བཅུ་ལས་གཅིག་པ་དང་ཐ་དད་པར་འཛིན་པ་ཞེས་བྱ་བ་ཉིད་དོ། །འདི་ལྟར་གཅིག་པ་དང་ཐ་དད་པ་ཉིད་དུ་རྣམ་པར་རྟོག་པ་འདིའི་གཉེན་པོ་ཡང་བསྟན་བཅོས་རྣམས་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་དབྱིག་

གཉེན་གྱིས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མཛད་པ་ལས། གཅིག་པ་ཉིད་དུ་རྣམ་པར་གཡེང་བའི་གཉེན་པོའི་ཕྱིར་མདོ་སྡེ་ལས། གཟུགས་དང་སྟོང་པ་ཉིད་ནི་ཐ་དད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་གྲུབ་པའི་

ངོ་བོ་ཉིད་དང་གཅིག་པ་ཉིད་དུ་གྱུར་པ་ཞིག་ཡིན་ན་ནི་གཞན་གྱི་དབང་གི་ངོ་བོ་ཉིད་འདི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་བཞིན་དུ་རྣམ་པར་དག་པའི་ཡུལ་ཡིན་པར་འགྱུར་བའི་རིགས་སོ་ཞེས་བྱ་བ་གསུངས་སོ། །ཐ་དད་པ་ཉིད་དུ་རྣམ་པར་གཡེང་བའི་གཉེན་པོའི་ཕྱིར་མདོ་སྡེ་

ལས་གཟུགས་ནི་སྟོང་པ་ཉིད་ལས་གུད་ན་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་གཉིས་སོ་སོ་ཐ་དད་པར་གྱུར་ན་ཆོས་དང་ཆོས་ཉིད་ཀྱང་ཐ་དད་པ་ཉིད་དུ་འགྱུར་བར་རིགས་སོ། །གལ་ཏེ་ཐ་དད་པ་ཉིད་དུ་གྱུར་པ་ཡོད་དོ་ཞེ་ན། འདི་ཡང་རིགས་པ་དང་མཐུན་པ་མ་ཡིན་ཏེ། མི་རྟག་པའི་

ཆོས་དང་མི་རྟག་པ་ཉིད་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་གསུངས་སོ། །ཀུན་དུ་བརྟགས་པའི་ངོ་བོ་ཉིད་དང་སྦྱར་ན་ནི་གཟུགས་ཀྱང་སྟོང་པ་ཉིད་ཡིན་ལ་སྟོང་པ་ཉིད་ཀྱང་གཟུགས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཀུན་བརྟགས་པའི་གཟུགས་དམིགས་སུ་མེད་པ་གང་ཡིན་པ་དེ་ཉིད་ནི་སྟོང་

པ་ཉིད་ཀྱང་ཡིན་ལ། དེ་དམིགས་སུ་མེད་པ་ཡང་ཡིན་གྱི། ཇི་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལས་བརྗོད་དུ་མེད་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བཤད་དོ། །བསྟན་བཅོས་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་མི་མཐུན་པ་རྣམ་པ་གཅིག་ལས་ཀྱང་

Vol. 118 · folio 162b

འདི་དང་མཐུན་པར་བཤད་དོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་བསྡུས་པའི་འགྲེལ་པ་བྱས་པ་དང་སྦྱར་ན་ནི་དེ་ལ་གཟུགས་དང་སྟོང་པ་ཉིད་ནི་ཐ་དད་པ་མ་ཡིན་ཏེ་ཞེས་བྱ་བ་ནི། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ལས་འབྱུང་བ་དང་མཐུན་པར་

བཤད་དེ། འདི་ལྟར་གཞན་གྱི་དབང་གི་གཟུགས་ཡོངས་སུ་གྲུབ་པའི་སྟོང་པ་ཉིད་ལ་ལྟོས་ནས་གཅིག་པ་ཉིད་དུ་འཛིན་པ་འཇིག་པར་མཛད་པས་སོ། །གཟུགས་ནི་སྟོང་པ་ཉིད་ལས་གུད་ན་མེད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་བརྟགས་ཀྱི་དབང་དུ་མཛད་དེ།

ཡོངས་སུ་གྲུབ་པའི་སྟོང་པ་ཉིད་ལས་དགོངས་ནས་གཅིག་པ་ཉིད་དུ་འཛིན་པ་གཞིག་པ་ཡིན་ནོ། །གཞན་ཡང་གཟུགས་ནི་སྟོང་པ་ཉིད་ལས་གུད་ན་མེད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་བརྟགས་ཀྱི་གཟུགས་ཀྱི་དབང་དུ་མཛད་དེ། ཀུན་བརྟགས་སྟོང་པ་ཉིད་ལས་དགོངས་

ནས་ཐ་དད་པར་འཛིན་པ་དེ་དེ་དག་གཞིག་པ་ཡིན་ནོ་ཞེས་བཤད་དོ། །བསྟན་བཅོས་མདོ་སྡེའི་རྒྱན་ལས་ནི་མདོ་སྡེའི་ཚིག་དང་སྦྱར་བར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །འདིར་མདོ་སྡེའི་དགོངས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་

ཉིད་ལ་ལྟོས་ནས་གཅིག་པ་དང་ཐ་དད་པ་ཉིད་དུ་འཛིན་པ་འཇིག་པར་མཛད་དེ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས་བཤད་པ་དང་པོ་དང་མཐུན་པས་དེའི་ཕྱིར་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལས་ཡོངས་སུ་གྲུབ་པ་འདི་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དང་ཐ་དད་པ་

ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་ནོ། །ཐ་དད་པ་ནི་དེ་བཞིན་ཉིད་དེའི་དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་བའི་རིགས་སོ། །ཐ་དད་པ་མ་ཡིན་ན་ནི་ངོ་བོ་ཉིད་འདི་མི་རྟག་པར་འགྱུར་བའི་རིགས་ཏེ། དེ་དང་འདི་གཉིས་ཀ་ཡང་ཡོངས་སུ་དག་པ་འམ་ཡོངས་སུ་དག་པ་མ་ཡིན་པའི་ཡུལ་ཉིད་

དུ་གྱུར་ལ། རྩ་བ་དང་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་ནུས་པ་ཡང་ཐ་དད་པ་མེད་པ་ཉིད་དུ་འགྱུར་བའི་རིགས་སོ། །ཅིའི་ཕྱིར་ངོ་བོ་ཉིད་གཉིས་ཐ་དད་པ་ཡང་མ་ཡིན་གཅིག་པ་ཉིད་ཀྱང་མ་ཡིན་ཞེ་ན། མི་རྟག་པ་དང་བདག་མེད་པ་ཉིད་ལ་སོགས་པ་དེ་དག་ཇི་ལྟ་བ་བཞིན་

Vol. 118 · folio 163a

ཏེ། འདི་ལྟར་མི་རྟག་པ་ཉིད་ལ་སོགས་པ་གལ་ཏེ་འདུ་བྱེད་ལ་སོགས་པས་ཆོས་དང་ཐ་དད་པར་གྱུར་ན། ཆོས་དེ་དག་ནི་མི་རྟག་པ་ལ་སོགས་པ་མ་ཡིན་པ་ཉིད་དུ་འགྱུར་བའི་རིགས་སོ། །ཐ་མི་དད་ན་ནི་འདི་དག་དེ་དག་གི་སྤྱིའི་མཚན་ཉིད་མ་ཡིན་པར་འགྱུར་

བའི་རིགས་ཏེ། དེས་ན་དཔེ་འདིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་འབྱུང་སྟེ། གཅིག་པ་དང་ཐ་དད་པ་རྒྱ་ཆེར་རྣམ་པར་འབྱེད་པ་ནི་འོག་ནས་སྟོན་ཏོ། །བཅོམ་

འདས་བདག་གིས་དེ་དག་མཐོང་ནས་འདི་སྙམ་དུ་བགྱིད་དེ། རིགས་ཀྱི་བུ་འདི་དག་ཐམས་ཅད་ནི་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཚུལ་བཞིན་མ་ལགས་པར་སྤྱོད་པ་ཤ་སྟག་ལགས་པས་དོན་དམ་པའི་བདེན་པའི་མཚན་ཉིད་ཤིན་ཏུ་ཕྲ་བ་ཤིན་ཏུ་ཟབ་པ་འདུ་བྱེད་

རྣམས་དང་། གཅིག་པ་དང་ཐ་དད་པ་ཉིད་ཡང་དག་པར་འདས་པའི་མཚན་ཉིད་མ་འཚལ་བར་གྱུར་ཏོ་སྙམ་བགྱིད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནི་གསུམ་པ་བདག་ཉིད་ཀྱི་ཐེ་ཚོམ་གང་ཡིན་པ་དེ་ཉིད་གསོལ་བ་ཞེས་བྱ་བ་ཉིད་དོ། །དེ་ལ་བྱིས་པ་ཞེས་བྱ་བ་ནི་མ་

རིག་པའི་བདག་ཉིད་བསྟན་པའོ། །རྨོངས་པ་ཞེས་བྱ་བ་ནི་མ་རིག་པ་ལས་རྣམ་པར་འབྱེད་པའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་པར་དག་པ་འདི་སྙམ་དུ་དགོངས་ཏེ། རིགས་ཀྱི་བུ་འདི་དག་ནི་མ་རིག་པའི་དབང་གི་ཕྱིར་དང་། རྨོངས་པའི་ཕྱིར་ལས་རྣམ་པ་གསུམ་

ཡོད་པར་གྱུར་ཏེ། དང་པོ་མི་གསལ་བ་ཞེས་བྱ་བ་ནི་ད་དུང་མི་ཤེས་པ་ཀུན་ཤེས་པའི་དབང་པོ་མ་ཐོབ་པའི་ཕྱིར་རོ། །གཉིས་པ་མི་མཁས་པ་ཞེས་བྱ་བ་ནི་ད་དུང་ཀུན་ཤེས་པའི་དབང་པོ་མ་ཐོབ་པའི་ཕྱིར་རོ། །གསུམ་པ་ཚུལ་བཞིན་མ་ལགས་པ་ཞེས་བྱ་བ་ནི་ད་དུང་ཀུན་ཤེས་པ་

དང་ལྡན་པའི་དབང་པོ་མ་ཐོབ་པའི་ཕྱིར་ཏེ། དེས་ན་གཅིག་པ་དང་ཐ་དད་པ་མ་ཡིན་པའི་མཚན་ཉིད་དོན་དམ་པར་དེ་བཞིན་ཉིད་ཀྱི་ཚུལ་མངོན་དུ་མ་གྱུར་པ་ཡིན་ནོ་ཞེས་འབྱུང་བའི་ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་

Vol. 118 · folio 163b

གྲོས་ཤིན་ཏུ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ། རིགས་ཀྱི་བུ་དེ་དག་ཐམས་ཅད་ནི་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཚུལ་བཞིན་མ་ཡིན་པར་སྤྱོད་པ་ཤ་སྟག་ཡིན་པས་དོན་དམ་པའི་

བདེན་པ་ཤིན་ཏུ་ཕྲ་བ་ཤིན་ཏུ་ཟབ་པ་འདུ་བྱེད་རྣམས་དང་གཅིག་པ་ཐ་དད་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་རྟོགས་པར་ཁོང་དུ་མི་ཆུད་དོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་དེ་བཞིན་གཤེགས་པས་ལན་ཡང་དག་པར་གསུངས་པ་ཞེས་བྱ་བར་སྟོན་ཏོ། །འདི་ཡང་རྣམ་

པ་ལྔར་དབྱེ་སྟེ། དེ་བཞིན་གཤེགས་པས་རུང་བ་ཉིད་དུ་ཕྱག་རྒྱས་བཏབ་པ་དང་། སླར་བརྟག་པ་དང་། དེ་བཞིན་གཤེགས་པས་ལན་མདོར་གསུངས་པ་དང་། ཡང་བསྣན་ཏེ་བརྟག་པ་དང་། དེ་བཞིན་གཤེགས་པས་རྒྱ་ཆེར་རྣམ་པར་བཤད་པའོ། །འདི་ནི་དང་པོ་

དེ་བཞིན་གཤེགས་པས་རུང་བ་ཉིད་དུ་ཕྱག་རྒྱས་བཏབ་པ་སྟེ། ཚིག་ཟློས་བུར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་སྔར་གོང་དུ་བསྟན་པ་བཞིན་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་གཉིས་པ་སླར་བརྟག་པ་སྟེ། ཅིའི་སླད་དུ་ཆུད་པར་མ་

གྱུར་ཅེས་བྱ་བའི་དོན་ཏོ། །བློ་གྲོས་ཤིན་ཏུ་རྣམ་དག་འདུ་བྱེད་རྣམས་ལ་དེ་ལྟར་སྤྱོད་པ་དག་ནི་དོན་དམ་པའི་བདེན་པའི་མཚན་ཉིད་རྟོགས་པའམ། དོན་དམ་པའི་བདེན་པ་མངོན་སུམ་དུ་བྱས་པ་ཞེས་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་གསུམ་པ་དེ་བཞིན་གཤེགས་པས་ལན་

མདོར་གསུངས་པ་ཞེས་བྱ་བ་སྟོན་ཏོ། །ལན་འདི་གསུངས་པའི་དགོངས་པ་ནི་འདི་ཡིན་ཏེ། འདུ་བྱེད་རྣམས་དང་དོན་དམ་པའི་བདེན་པ་གཅིག་གོ་ཞེས་བྱ་བའམ། ཐ་དད་དོ་ཞེས་མངོན་པར་ཞེན་པ་གང་ཡིན་པ་དེ་དག་གིས་ནི་དེ་རྟོགས་པའམ། མངོན་སུམ་དུ་བྱས་

པ་མ་ཡིན་ཏེ། སྐྱོན་མང་པོ་དང་ལྡན་པའི་ཕྱིར་རོ་ཞེས་སྟོན་ཏོ། །སྐྱོན་མང་པོའི་མཚན་ཉིད་ནི་ཕྱིས་འོག་ནས་བཤད་པ་བཞིན་ནོ། །དེ་ལ་རྟོགས་པ་དང་མངོན་སུམ་དུ་བྱས་པ་བྱེ་བྲག་ཡོད་པ་ཡང་དོན་དམ་པ་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་རྟོགས་པ་ཞེས་བྱའོ། །མྱ་ངན་ལས་

Vol. 118 · folio 164a

འདས་པ་དང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་གང་ཡིན་པ་དེ་ནི་མངོན་སུམ་དུ་ཐོབ་པ་ཞེས་བྱའོ། །གཞན་ཡང་བར་ཆད་མེད་པའི་ལམ་ནི་རྟོགས་པ་ཞེས་བྱའོ། །རྣམ་པར་གྲོལ་བའི་ལམ་དེ་ནི་རྟོགས་པ་ཞེས་ཀྱང་བྱའོ། །མངོན་སུམ་དུ་བྱས་པ་ཞེས་ཀྱང་བྱ་སྟེ། འདུས་

མ་བྱས་མངོན་སུམ་དུ་བྱས་པའི་ཕྱིར་རོ། །གཞན་ཡང་རྗེས་ལས་ཐོབ་པའི་ཡེ་ཤེས་ནི་རྟོགས་པ་ཞེས་བྱའོ། །ཡང་དག་པའི་བདག་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་དུ་བྱས་པ་ཞེས་བྱ་སྟེ། དེའི་ཕྱིར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། བཅོམ་ལྡན་འདས་ཇི་

ལྟར་ན་ཆོས་ཀྱི་དབྱིངས་དེ་ལྟ་བུ་མངོན་སུམ་དུ་བགྱིད་པ་དང་། འཐོབ་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་ལས་འདས་པའི་ཤེས་རབ་དང་རྗེས་ལས་ཐོབ་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་བྱེད་དོ། །

ཐོབ་པར་བྱེད་དོ། །བཅོམ་ལྡན་འདས་མངོན་སུམ་དུ་བགྱིས་པ་དང་། འཐོབ་པའི་དོན་ལ་ཐ་དད་དུ་བགྱི་བ་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་མངོན་

སུམ་དུ་བྱས་པ་ཞེས་བྱའོ། །རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་རྟོགས་པའི་ཕྱིར་འཐོབ་པ་ཞེས་བྱའོ་ཞེས་གསུངས་སོ། །མངོན་སུམ་དུ་བྱས་པ་དེ་ཡང་རེ་ཞིག་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དང་སྦྱར་ན། འཕགས་པའི་ལམ་དེ་འདུས་མ་བྱས་ཀྱི་ཆོས་ལ་ལྟོས་ན་མུ་བཞི་

པ་རྣམ་པ་གཉིས་ཡོད་དེ། སྐད་ཅིག་མ་མང་པོའི་མུ་བཞི་དང་། སྐད་ཅིག་མ་གཅིག་གི་མུ་བཞིའོ། །དེ་ལ་སྐད་ཅིག་མ་མང་པོའི་མུ་བཞི་ཡང་དང་པོ་ལུས་ཀྱིས་མངོན་སུམ་དུ་བྱས་ལ། ཤེས་རབ་ཀྱིས་མངོན་སུམ་དུ་མ་བྱས་པ་ནི་འདི་ལྟ་སྟེ། བདེན་པ་རྣམ་པ་གསུམ་ལས་

དམིགས་པའི་རྣམ་པར་དགྲོལ་བའི་ལམ་གྱི་ཚེ་འདུས་མ་བྱས་མངོན་སུམ་དུ་བྱེད་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱས་པ་ཞེས་བྱའོ། །འགོག་པ་ལ་མི་དམིགས་པའི་ཤེས་རབ་ཀྱིས་མངོན་སུམ་དུ་མ་བྱས་པ་ཞེས་བྱའོ། །གཉིས་པ་ཤེས་རབ་ཀྱིས་མངོན་སུམ་དུ་བྱས་ལ་ལུས་

Vol. 118 · folio 164b

ཀྱིས་མངོན་སུམ་དུ་མ་བྱས་པ་ནི་འདི་ལྟ་སྟེ། འགོག་པའི་བདེན་པའི་བར་ཆད་མེད་པའི་ལམ་གྱི་ཚེ་འདུས་མ་བྱས་ལ་དམིགས་པའི་ཕྱིར་ཤེས་རབ་ཀྱིས་མངོན་སུམ་དུ་བྱས་པ་ཞེས་བྱའོ། །འགོག་པ་མ་ཐོབ་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་མ་བྱས་པ་ཞེས་བྱའོ། །གསུམ་པ་ལུས་

དང་ཤེས་རབ་གཉིས་ཀས་མངོན་སུམ་དུ་བྱས་པ་ནི་འདི་ལྟ་སྟེ། འགོག་པའི་བདེན་པ་རྣམ་པར་གྲོལ་བའི་ལམ་ལ་དམིགས་པའི་ཚེ་ཤེས་རབ་འདུས་མ་བྱས་ལ་དམིགས་ཤིང་འགོག་པ་ཡང་ཐོབ་པའི་ཕྱིར་རོ། །བཞི་པ་ལུས་དང་ཤེས་རབ་གཉིས་ཀས་མངོན་སུམ་དུ་མ་བྱས་པ་ནི་

འདི་ལྟ་སྟེ། བདེན་པ་རྣམ་པ་གསུམ་གྱི་བར་ཆད་མེད་པའི་ལམ་ལ་དམིགས་པའི་ཚེ་ཤེས་རབ་འགོག་པ་ལ་དམིགས་ཤིང་འགོག་པ་མ་ཐོབ་པའི་ཕྱིར་རོ། །དེ་ལ་སྐད་ཅིག་མ་གཅིག་གི་མུ་བཞི་ནི་རེ་ཞིག་ཇི་ལྟར་འགོག་པ་ལ་ཆོས་ཤེས་པས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་

པའི་ཚེ་སྐད་ཅིག་མ་གཅིག་ལ་མུ་རྣམ་པ་བཞི་ཡོད་པ་ལྟ་བུ་སྟེ། དང་པོ་ལུས་ཀྱིས་མངོན་སུམ་དུ་བྱས་ལ་ཤེས་རབ་ཀྱིས་མངོན་སུམ་དུ་མ་བྱས་པ་ནི་འདི་ལྟ་སྟེ། ཁམས་གོང་མ་གཉིས་ནི་མཐོང་བས་སྤང་བར་བྱའི་ཉོན་མོངས་པ་སྤངས་པས་འཐོབ་པའི་འདུས་མ་བྱས་ཡིན་ཏེ། འདི་

ལྟར་འབྲས་བུ་ཐོབ་པའི་ཚེ་ཅིག་ཅར་དེ་ཐོབ་པའི་ཕྱིར་རོ། །གཉིས་པ་ཤེས་རབ་ཀྱིས་མངོན་སུམ་དུ་མ་བྱས་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་རྣམ་པ་དགུ་ལས་ཕྱི་མའི་རྣམ་པ་གསུམ་གྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་ཐོབ་པའི་འདུས་མ་བྱས་ཡིན་ཏེ།

ཤེས་རབ་ཀྱིས་དམིགས་པར་བྱེད་ཀྱང་ད་དུང་མ་ཐོབ་པའི་ཕྱིར་རོ། །གསུམ་པ་ལུས་དང་ཤེས་རབ་གཉིས་ཀས་མངོན་སུམ་དུ་བྱས་པ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བ་ལས་སྔ་མའི་རྣམ་པ་དྲུག་དང་། འདོད་པའི་ཁམས་ཀྱི་བདེན་པ་བཞིའི་མཐོང་བས་སྤང་བར་

བྱ་བའི་ཉོན་མོངས་པ་རྣམས་སྤངས་པས་ཐོབ་པའི་འདུས་མ་བྱས་གང་ཡིན་པའོ། །བཞི་པ་ལུས་དང་ཤེས་རབ་གཉིས་ཀས་མངོན་སུམ་དུ་མ་བྱས་པ་ནི་འདི་ལྟ་སྟེ། ཁམས་གོང་མ་གཉིས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པས་ཐོབ་པའི་འདུས་མ་བྱས་གང་ཡིན་པའོ། །

Vol. 118 · folio 165a

དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་བཞི་པ་བསྣན་ཏེ་བརྟག་པ་ཞེས་བྱ་བ་ཉིད་དེ། ཅིའི་ཕྱིར་ཟབ་པར་གྱུར་པ་གཏན་ཚིགས་བརྟག་པའོ། །བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་

མེད་པར་གྱུར་ན་ནི་ཞེས་བྱ་བ་འདི་མན་ཆད་ནི་ལྔ་པ་དེ་བཞིན་གཤེགས་པས་རྒྱ་ཆེར་རྣམ་པར་བཤད་པ་ཞེས་བྱ་བས་སྟོན་ཏེ། འདི་ཡང་རྣམ་གྲངས་རྣམ་པ་གསུམ་གྱིས་སྟོན་པས་དེ་ཉིད་ལས་རྣམ་པ་གསུམ་དུ་དབྱེའོ། །དེ་ཡང་དང་པོ་ནི་སྐྱོན་རྣམ་པ་གསུམ་དང་ལྔ་ལ་བརྟེན་ནས་གཅིག་

པ་དང་ཐ་དད་པ་ཉིད་དུ་འཛིན་པ་འཇིག་པར་མཛད་དོ། །གཉིས་པ་ནི་བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་པར་གྱུར་ན་ནི་ཞེས་བྱ་བ་མན་ཆད་ཀྱིས་སྤྱིའི་མཚན་ཉིད་དེ་རྣམ་པར་དག་པ་ལ་བརྟེན་ནས་གཅིག་པ་དང་ཐ་དད་

པ་ཉིད་དུ་འཛིན་པ་འཇིག་པར་མཛད་དོ། །གསུམ་པ་ནི་བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་པར་གྱུར་ན་ནི་ཞེས་བྱ་བ་མན་ཆད་འདུ་བྱེད་ཐ་དད་པ་མེད་པ་དང་བདག་མེད་པ་ལ་སོགས་པ་ལ་བརྟེན་ནས་གཅིག་པ་དང་

ཐ་དད་པ་ཉིད་དུ་འཛིན་པ་འཇིག་པར་མཛད་དོ། །རྣམ་གྲངས་དང་པོ་དེ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། མི་མཐུན་པར་བཤད་པས་འཛིན་པའི་འཇིག་པ་དང་། རྗེས་སུ་མཐུན་པར་བཤད་པས་འཛིན་པའི་འཇིག་པའོ། །མི་མཐུན་པར་བཤད་པས་རྣམ་པར་འཇིག་པ་ཡང་

རྣམ་པ་གཉིས་སུ་དབྱེ་སྟེ། སྐྱོན་རྣམ་པ་གསུམ་ལ་བརྟེན་ནས་གཅིག་པ་ཉིད་དུ་འཛིན་པ་འཇིག་པར་མཛད་པ་དང་། སྐྱོན་རྣམ་པ་ལྔ་ལ་བརྟེན་ནས་ཐ་དད་པ་ཉིད་དུ་མི་འཛིན་པ་འཇིག་པར་མཛད་པའོ། །གཅིག་པ་ཉིད་དུ་འཛིན་པའི་འཇིག་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ་

སྨོས་པ་དང་། ཡང་དག་པར་གཞིག་པ་སྟེ། འདི་ནི་གཅིག་པ་ཉིད་དུ་འཛིན་པ་སྨོས་པ་ཉིད་དོ། །འདིར་སོ་སོའི་སྐྱེ་བོ་ཐམས་ཅད་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར་ཞེས་བྱ་བ་ལ་སོགས་པ་ནི། གཉིས་པ་སྐྱོན་རྣམ་པ་གསུམ་གྱིས་གཅིག་པ་ཉིད་དུ་འཛིན་པ་ཡང་དག་

Vol. 118 · folio 165b

པར་གཞིག་པའོ། །དེ་ལ་སྐྱོན་རྣམ་པ་གསུམ་ནི་སོ་སོའི་སྐྱེ་བོ་རྣམས་བདེན་པའི་ཚུལ་མཐོང་བར་གྱུར་པའི་སྐྱོན་དང་། མྱ་ངན་ལས་འདས་པ་ཐོབ་པའི་སྐྱོན་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐྱོན་ནོ། །འདི་ནི་སོ་སོའི་སྐྱེ་བོ་རྣམས་བདེན་པའི་ཚུལ་མཐོང་བའི་སྐྱོན་བསྟན་

པ་ཉིད་དོ། །འདི་ལྟ་སྟེ། གལ་ཏེ་འདུ་བྱེད་རྣམས་ཉིད་ཡང་དག་པའི་ཚུལ་ཡིན་ནོ་ཞེས་འདོད་ན་འོ་ན་ནི་སོ་སོའི་སྐྱེ་བོའི་གཟུགས་མཐོང་བ་རྣམས་ཀྱང་བདེན་པ་མཐོང་བར་འགྱུར་བའི་རིགས་ཏེ། གཟུགས་ཉིད་ཡང་དག་པའི་དོན་ཡིན་པའི་ཕྱིར་རོ། །གཞན་ཡང་སོ་སོའི་སྐྱེ་བོ་

རྣམས་བླ་ན་མེད་པའི་ཐབས་ཀྱི་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཞེས་བྱ་བ་ནི། གཉིས་པ་སོ་སོའི་སྐྱེ་བོ་ཡང་མྱ་ངན་ལས་འདས་པ་ཐོབ་པའི་སྐྱོན་བསྟན་པ་ཉིད་དོ། །བླ་ན་མེད་པའི་ཐབས་ཞེས་བྱ་བ་ནི་ལམ་གྱི་བདེན་པ་སྟེ། ཟག་པ་མེད་པའི་

འཕགས་པའི་ལམ་མོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་རྣམ་པ་བཞི་སྟེ། རང་བཞིན་གྱིས་ངོ་བོ་ཉིད་རྣམ་པར་དག་པ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། མི་གནས་པ་སྟེ། ཕྱིས་རྣམ་པར་འབྱེད་དོ། འདིར་ནི་ལྷག་མ་དང་བཅས་པ་དང་

མི་གནས་པ་དང་། རང་བཞིན་གྱིས་རྣམ་པར་དག་པ་དང་སྦྱར་ཏེ་གཟོད་མ་ནས་ཡོད་པའི་ཕྱིར་རོ། །ལྷག་མ་མེད་པ་ནི་ལུས་འགགས་ཟིན་པའི་ཕྱིར་རོ། །ཡང་ན་འདིར་ལྷག་མ་མེད་པ་དང་སྦྱར་ཏེ། ལྷག་མ་དང་བཅས་པ་བཀག་ནས་ལྷག་མ་མེད་པ་ཐོབ་པའི་ཕྱིར་རོ། །ཐབས་

ཀྱི་ལམ་སྨོས་པས་ནི་མྱ་ངན་ལས་འདས་པའི་འབྲས་བུ་བསྟན་ཏོ། །དེའི་ཕྱིར་བླ་ན་མེད་པའི་ཐབས་ཀྱི་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་

འགྱུར་རོ་ཞེས་བྱ་བ་ནི་གསུམ་པ་སོ་སོའི་སྐྱེ་བོ་ཡང་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐྱོན་བསྟན་པའོ། །གལ་ཏེ་ཐ་དད་པ་མ་ཡིན་ན་སོ་སོའི་སྐྱེ་བོ་རྣམས་གཟུགས་ལ་སོགས་པའི་འདུ་བྱེད་ཀྱི་མཚན་ཉིད་ཁོང་དུ་ཆུད་པ་དོན་དམ་པའི་བདེན་པའི་མཚན་ཉིད་ཀྱང་ཁོང་དུ་ཆུད་པར་འགྱུར་

Vol. 118 · folio 166a

བའི་རིགས་ཏེ་གཞན་དུ་འདུ་བྱེད་རྣམས་ཀྱི་མཚན་ཉིད་དང་ཐ་དད་པར་འགྱུར་བ་མེད་པའི་ཕྱིར་རོ། །དེས་ན་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་མངོན་སུམ་དུ་བྱེད་པའི་སྐྱོན་དུ་འགྱུར་ཏེ། མངོན་སུམ་དུ་བྱེད་ཅིང་ཐོབ་པར་བྱེད་པའི་ཕྱིར་གཅིག་པ་ཉིད་མ་ཡིན་པར་

རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་ཡིན་པར་འགྱུར་བ་ནི་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སྐྱོན་རྣམ་པ་ལྔ་ལ་བརྟེན་ནས་ཐ་དད་པ་ཉིད་དུ་འཛིན་པ་འཇིག་པར་མཛད་དེ།

འདི་ཡང་རྣམ་པ་གཉིས་ཏེ། སྨོས་པ་དང་རྣམ་པར་གཞིག་པའོ། །འདིར་ནི་རྣམ་པར་གཞིག་པར་དགོངས་ནས་སྔར་ཐ་དད་པ་ཉིད་དུ་འཛིན་པ་སྨོས་པ་ཡིན་ཏེ། འདི་ལྟ་སྟེ། དོན་དམ་པའི་བདེན་པའི་འདུ་བྱེད་རྣམས་ཀྱི་མཚན་ཉིད་དང་། གལ་ཏེ་མ་འདྲེས་པར་ཐ་དད་

པར་གྱུར་པ་ཞིག་ཡིན་ན་ནི་སྐྱོན་རྣམ་པ་ལྔ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདེན་པ་མཐོང་བ་རྣམས་ཀྱང་འདུ་བྱེད་རྣམས་ཀྱི་མཚན་མ་ཡོངས་སུ་གསལ་བར་མི་འགྱུར་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་སྐྱོན་རྣམ་པ་ལྔ་རྣམ་པར་ཕྱེ་ནས་སྟོན་ཏོ། །སྐྱོན་རྣམ་པ་ལྔ་ནི་བདེན་

པ་མཐོང་བ་རྣམས་འདུ་བྱེད་ཀྱི་མཚན་མ་མི་སྤོང་བའི་སྐྱོན་དང་། མཚན་མའི་འཆིང་བ་ལས་རྣམ་པར་མི་འགྲོལ་བའི་སྐྱོན་དང་། གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་མི་འགྲོལ་བའི་སྐྱོན་དང་། མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་སྐྱོན་དང་། བླ་ན་མེད་པའི་བྱང་ཆུབ་

མངོན་དུ་མི་བྱེད་པའི་སྐྱོན་ཏོ། །འདི་ནི་དང་པོ་འདུ་བྱེད་ཀྱི་མཚན་མ་མི་སྤོང་བའི་སྐྱོན་བསྟན་པའོ། །འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ལ། འདུ་བྱེད་ནི་འདི་ལྟ་སྟེ། ལྟ་བའི་རྣམ་པ་དམིགས་པར་བྱེད་པའི་རྣམ་པར་ཤེས་པའོ། །མཚན་མ་ནི་མཚན་མའི་རྣམ་པ་སྟེ་འདི་ནི་འདུ་བྱེད་

རྣམས་ཀྱི་མཚན་མ་ཞེས་བྱའོ། །འདི་ནི་བདག་པོའི་དབང་དུ་བྱས་ཏེ་རྣམ་པར་བཤད་པའོ། །ཡང་ན་འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ལ་འདུ་བྱེད་ནི། འདི་ལྟ་སྟེ། སྐྱེ་འགག་དང་བཅས་པ་རྣམ་པར་འགྱུར་ཞིང་མི་གནས་པའོ། །མཚན་མ་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །རྣམ་པར་

Vol. 118 · folio 166b

གཞིག་པ་ནི་འདི་སྐད་དུ་གལ་ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་འདུ་བྱེད་རྣམས་ཀྱི་མཚན་གཅིག་ཏུ་ཐ་དད་པར་གྱུར་པ་ཞིག་ཡིན་ན་འོ་ན་ནི་བདེན་པ་མཐོང་བ་རྣམས་ཀྱང་འདུ་བྱེད་རྣམས་ཀྱི་མཚན་མ་ཡོངས་སུ་སྤོང་བར་འགྱུར་ཏེ། འདི་ལྟར་དོན་དམ་པའི་བདེན་པ་འདུ་བྱེད་རྣམས་དང་ཐ་དད་

པར་འགྱུར་བའི་ཕྱིར་རོ། །འོན་ཀྱང་སྤོང་བར་ཡང་བྱེད་པས་དེའི་ཕྱིར་ཐ་དད་པ་ཡང་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དོན་དམ་པའི་བདེན་པ་མཐོང་བའི་ཚེ་གཞན་གྱི་དབང་གི་མཚན་ཉིད་ཇི་ལྟར་སྤོང་ཞེ་ན། དེ་བཞིན་ཉིད་བསྒོམ་པ་དང་། མཚན་མ་སྣ་ཚོགས་མངོན་དུ་

མི་སྣང་བའི་ཕྱིར་ཡོངས་སུ་བསལ་བ་ཞེས་བཤད་ཀྱི་ཇི་ལྟར་ཀུན་བརྟགས་པ་ལྟར་རང་གི་ངོ་བོ་ཉིད་མེད་པའི་ཕྱིར་ཡོངས་སུ་གསལ་བ་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ཅི་མངོན་ཞེ་ན། རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། དགེ་བའི་རྩ་བ་རྣམ་པ་བཞི་བསྟན་པའི་

སྐབས་ན་སྦྱོར་བའི་གནས་སྐབས་ཀྱི་ཚིག་ལེའུར་བྱས་པ་ལས་ཇི་སྐད་དུ། འདི་དག་རྣམ་རིག་ཙམ་ཉིད་ཅེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ནི་ཙམ་ལ་མི་གནས་སོ། །ཞེས་བསྟན་པ་ཡིན་ཏེ། འདི་ཉིད་ཀྱི་འགྲེལ་པ་ལས། འདི་

ལྟར་དེ་སྟོང་པ་དང་ཡོད་པའི་མཚན་མ་རྣམ་པ་གཉིས་ད་དུང་མ་སྤངས་ཏེ། མཚན་མ་དང་བཅས་པས་སེམས་ཙམ་དུ་རྟོག་པ་དང་དམིགས་པ་དང་བཅས་པའི་ཕྱིར་རོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས། སེམས་

ཤིན་ཏུ་མཉམ་པར་གཞག་པའི་བསམ་གཏན་བཞི་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ཆོས་ཀྱི་མཚན་མ་མ་སྤངས་ཤིང་འཆིང་བ་གཉིས་ལས་མ་གྲོལ་བས་ཞེས་བཤད་པས་དེའི་ཕྱིར་འདིར་མཚན་མའི་ཡོངས་སུ་བསལ་བ་ཞེས་གསུངས་པ་ནི་སྟོང་པ་དང་། ཡོད་པའི་

མཚན་མའི་རྣམ་པ་ལ་སྤྱིར་མཚན་མ་ཞེས་གསུངས་པར་རིག་པར་བྱའོ། །གལ་ཏེ་འདུ་བྱེད་རྣམས་ཀྱི་མཚན་མ་ཡོངས་སུ་སེལ་བར་མི་བྱེད་ན་ནི་མཚན་མའི་འཆིང་བ་ལས་རྣམ་པར་གྲོལ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་གཉིས་པའི་མཚན་མའི་འཆིང་བ་ལས་རྣམ་པར་མི་གྲོལ་བའི་

Vol. 118 · folio 167a

སྐྱོན་བསྟན་པ་ཉིད་དོ། །འདིར་སྒྱུ་མ་ལྟ་བུའི་དངོས་པོ་ཁོང་དུ་མ་ཆུད་པའི་ཕྱིར་དང་། སེམས་དང་སེམས་ལས་བྱུང་བའི་དམིགས་པའི་མཚན་མ་ལ་རང་དབང་མ་ཐོབ་པའི་ཕྱིར། མཚན་མའི་རྣམ་པ་ལ་མཚན་མའི་འཆིང་བ་ཞེས་གསུངས་སོ། །བདེན་པ་མཐོང་

བ་དེ་དག་མཚན་མའི་འཆིང་བ་རྣམས་ལས་རྣམ་པར་མ་གྲོལ་བའི་ཕྱིར་གནས་ངན་ལེན་གྱི་འཆིང་བ་ལས་མ་གྲོལ་བར་འགྱུར་ཞེས་བྱ་བ་ནི། གསུམ་ལ་གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་མི་གྲོལ་བའི་སྐྱོན་བསྟན་པ་ཉིད་དེ། འདི་ལྟར་མཚན་མའི་འཆིང་བ་ལ་རང་དབང་

མ་ཐོབ་པའི་ཕྱིར་གནས་ངན་ལེན་རྣམས་ཀྱི་འཆིང་བ་ལས་རྣམ་པར་གྲོལ་བར་མི་འགྱུར་བའོ། །འཆིང་བ་རྣམ་པ་འདི་གཉིས་ཀྱང་སོ་སོ་ནས་བཤད་པ་མི་མཐུན་ཏེ། སློབ་དཔོན་ཧྱན་ཙང་ན་རེ་འདི་ལ་རྒྱ་གར་ཡུལ་པའི་སློབ་དཔོན་དག་གིས་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་

ཅིག་ན་རེ་ཐམས་ཅད་ཡོད་པར་སྨྲ་བ་དག་ནི་མཚན་མའི་རྣམ་པ་ལ་མཚན་མའི་འཆིང་བ་ཞེས་འབྱུང་ཞེས་ཟེར་ཏེ། འདི་ལྟར་ཟག་པ་དང་བཅས་པའི་ཆོས་ཀྱི་རྒྱུ་མཚན་གྱི་རྣམ་པའི་སྟོབས་ཀྱི་དབང་གི་ཕྱིར་ལྟ་བའི་རྣམ་པའི་སེམས་ལ་སོགས་པས་ཟག་པ་དང་བཅས་པའི་ཆོས་

རྣམས་སྒྱུ་མ་ལ་སོགས་པ་ལྟར་ཡོད་པ་མ་ཡིན་པ་ཡང་ཡོད་པར་འདྲ་བར་གྱུར་པར་ཁོང་དུ་མི་ཆུད་ལ་མ་རིག་པའི་དབང་གི་ཕྱིར་ནི་གཟུགས་དང་། སེམས་ལ་སོགས་པའི་ཆོས་རྣམས་ཡང་དག་པར་ཡོད་པ་ཉིད་དུ་འཛིན་ཏོ་ཞེས་ཟེར་རོ། །བཤད་པ་ཉིད་དང་སྦྱར་ན་མཚན་མ་

ཉིད་འཆིང་བ་ཡིན་པའི་ཕྱིར་མཚན་མའི་འཆིང་བ་ཞེས་བྱ་སྟེ། རྣམ་པར་བཤད་པ་དྲུག་ལས་འདི་ནི་ལས་ཡོངས་སུ་འཛིན་པའི་དབང་དུ་བྱས་ཏེ་རྣམ་པར་བཤད་པའོ། །རྒྱུ་མཚན་གྱི་རྣམ་པ་དེ་ཉིད་ལས་འཆིང་བར་བྱེད་པའི་ཉོན་མོངས་པ་ཡོད་པ་གང་ཡིན་པ་དེ་ནི་གནས་ངན་

ལེན་གྱི་འཆིང་བ་ཞེས་བྱ་སྟེ། རྣམ་པར་རགས་པའི་ཕྱིར་རོ། །འདི་ཡང་ལས་ཡོངས་སུ་འཛིན་པའི་རྣམ་པར་བཤད་པ་སྟེ། སྔ་མ་བཞིན་དུ་རིག་པར་བྱའོ། །འདིའི་དོན་མདོར་བསྡུས་པ་ནི་དམིགས་པར་བྱས་པའི་རྒྱུ་མཚན་གྱི་རྣམ་པ་གང་ཡིན་པ་དེ་ནི་མཚན་མའི་

Vol. 118 · folio 167b

འཆིང་བ་ཞེས་བྱའོ། །དམིགས་པར་བྱེད་པ་ལྟ་བའི་རྣམ་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་གནས་ངན་ལེན་གྱི་འཆིང་བ་ཞེས་བྱའོ་ཞེས་སྟོན་ཏོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པའི་ས་ལས། ཀུན་གཞི་རྣམ་པར་ཤེས་པ་ཡང་རྟོགས་པར་བྱེད་དེ། ཕྱི་

རོལ་གྱི་མཚན་མའི་འཆིང་བས་འཆིང་བ་དང་། ནང་གི་གནས་ངན་ལེན་གྱི་འཆིང་བས་བཅིངས་པར་རྟོགས་པར་བྱེད་དོ་ཞེས་བཤད་དེ་ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །ཁ་ཅིག་ན་རེ་མཚན་མའི་འཆིང་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བདག་ཉིད་དོ་ཞེས་ཟེར་བ་དེ་ནི་འདི་སྐད་

དུ་ཉོན་མོངས་པའི་ཡིད་དང་མཚུངས་པར་ལྡན་པ་ནི་ཉོན་མོངས་པ་བཞི་པོ་དག་གི་མཐུའི་ཕྱིར་རྣམ་པར་ཤེས་པ་དྲུག་པོ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རྣམས་ཀྱི་མཚན་མ་རྣམས་སྒྱུ་མའི་དངོས་པོ་ལྟ་བུར་ཁོང་དུ་མ་ཆུད་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ལ་མཚན་མའི་འཆིང་

བ་ཞེས་བཤད་དོ་ཞེས་སྟོན་ཏེ། བཤད་པ་འདི་དང་སྦྱར་ན་མཚན་མ་ནི། འདི་ལྟ་སྟེ། རྒྱུ་མཚན་གྱི་རྣམ་པ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་འཆིང་བར་བྱེད་པའི་མཚན་ཉིད་དེ། མཚན་མའི་འཆིང་བ་ཡིན་པའི་ཕྱིར། མཚན་མའི་འཆིང་བ་ཞེས་བྱ་སྟེ།

རྣམ་པར་བཤད་པ་རྣམ་པ་དྲུག་ལས་བདག་པོའི་དབང་དུ་བྱས་ཏེ། རྣམ་པར་བཤད་པར་བྱའོ། །གནས་ངན་ལེན་གྱི་འཆིང་བ་ཡང་རྣམ་པ་གཉིས་ཏེ། དང་པོ་རྣམ་པར་ཤེས་པ་དྲུག་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་གནས་ངན་ལེན་ཞེས་བྱ་སྟེ།

དོན་འདི་ནི་གོང་དུ་བཤད་པ་བཞིན་ནོ། །གཉིས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་མཐུས་ཟག་པ་དང་བཅས་པའི་ཕུང་པོ་ལྔ་ལ་སོགས་པའི་ཆོས་ལས་སུ་མི་རུང་བར་བྱེད་པས། འདི་ཉིད་ལ་གནས་ངན་ལེན་གྱི་འཆིང་བ་ཞེས་བྱའོ་ཞེས་ཟེར་ཏེ། འདིར་ནི་སྔ་མ་གཟུང་

གི་ཕྱི་མ་ནི་མ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་གནས་ངན་ལེན་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་ལྟ་བའི་རྣམ་པའི་ས་བོན་དང་དབང་པོའོ། །འཆིང་བ་ནི་ཉོན་མོངས་པའི་མཚན་མའི་རྣམ་པའི་ས་བོན་ནོ། །གཞན་ཡང་མངོན་དུ་བྱུང་བའི་མཚན་མ་དང་ལྡན་པ་ཡང་

Vol. 118 · folio 168a

འཆིང་བ་གཉིས་ཡིན་ནོ་ཞེའོ། །ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པའི་བསྟན་བཅོས་དང་སྦྱར་ན། དེ་ལས་འདི་སྐད་དུ། སྲིད་པ་ལས་གྲོལ་བའི་མདོ་ལས་ཀུན་དུ་རྟོག་པའི་ངོ་བོ་ཉིད་ནི་མཚན་མའི་ཉོན་མོངས་པ་ཞེས་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་

གནས་ངན་ལེན་གྱི་ཉོན་མོངས་པ་ཞེས་བྱའོ་ཞེས་གསུངས་པ་དང་། གཞན་ཡང་དེ་ཉིད་ལས་མཚན་མའི་ཉོན་མོངས་པ་དང་གནས་ངན་ལེན་གྱི་ཉོན་མོངས་པ་རྣམ་པར་འབྱེད་པའི་སྐབས་ནས། ཀུན་དུ་རྟོག་པའི་ངོ་བོ་ཉིད་འབྱུང་བ་ན། ཉོན་མོངས་པ་རྣམ་པ་གཉིས་ཀྱིས་སེམས་ཅན་

རྣམས་འཆིང་བར་བྱེད་དེ། མཚན་མའི་ཉོན་མོངས་པ་དང་གནས་ངན་ལེན་གྱི་ཉོན་མོངས་པའོ། །དེ་ལ་མཚན་མའི་ཉོན་མོངས་པ་ནི་ཀུན་དུ་རྟོག་པའི་ངོ་བོ་ཉིད་དོ། །གནས་ངན་ལེན་གྱི་ཉོན་མོངས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །ཉོན་མོངས་པ་འདི་ཉིད་དེ་ལྟར་རྣམ་པར་

གཞག་པ་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པ་ཉིད་དུ་འཛིན་པའི་ཕྱིར་རྣམ་པར་གཞག་པ་ཡིན་ནོ་ཞེས་གསུངས་སོ་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ཀུན་དུ་རྟོག་པ་ལ་མཚན་མའི་ཉོན་མོངས་པ་ཞེས་གསུངས་པ་ཡང་མཚན་མ་ནི་དབྱིབས་ཀྱི་

མཚན་མ་ལ་དབྱིབས་ཀྱི་མཚན་མའི་ཉོན་མོངས་པ་ཞེས་བཤད་པས། རྐྱེན་བྱེད་པའི་ཉོན་མོངས་པ་ཞེས་བྱ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཉོན་མོངས་པ་ཡང་དག་པ་ཡིན་ནོ། །དེ་ལ་ལྕི་ཡང་བསྟན་པ་ཡང་ཀུན་དུ་རྟོག་པའི་ངོ་བོ་ཉིད་ནི་ཉོན་མོངས་པ་ཁོ་ནའི་རྐྱེན་ཡིན་པས་ཉོན་

མོངས་པ་ཞེས་བཤད་དེ། དེའི་ཕྱིར་ཡང་བ་ཞེས་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཉོན་མོངས་པའི་བདག་ཉིད་ཡང་དག་པ་ཡིན་པས་དེའི་ཕྱིར་ལྕི་བ་ཞེས་བཤད་དོ་ཞེས་འབྱུང་ངོ་། །བསྟན་བཅོས་རྣམ་པར་བཤད་པ་ལས་འདི་དང་མཐུན་པར་བཤད་དེ། དེའི་ཕྱིར་དེ་ཉིད་ལས་གཞན་

གྱི་དབང་གི་ངོ་བོ་ཉིད་དེ་ནི་མཚན་མ་དང་། །གནས་ངན་ལེན་གྱི་བདག་ཉིད་དོ། །ཅིའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བཤད་ཅེ་ན། རྣམ་པ་འདི་གཉིས་ཀྱི་དབང་གིས་ཕན་ཚུན་རྐྱེན་བྱས་ན་སྐྱེ་བའི་ཕྱིར་ཏེ། འདི་ལྟར་མཚན་མས་རྐྱེན་བྱས་ནས་ནི་གནས་ངན་ལེན་བསྐྱེད་ལ།

Vol. 118 · folio 168b

གནས་ངན་ལེན་གྱི་རྐྱེན་བྱས་ནས་ནི་ཡང་མཚན་མ་སྐྱེད་པར་བྱེད་དོ་ཞེས་བཤད་དོ། །གཞན་ཡང་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་རྣམ་པ་གཅིག་དང་སྦྱར་ན་དེ་ལས་མདུད་པ་ནི་རྣམ་པ་གཉིས་ཏེ། མཚན་མའི་མདུད་པ་དང་། གནས་ངན་ལེན་གྱི་མདུད་པའོ། །དེ་ལ་མཚན་མའི་མདུད་པ་

ནི་དགྲོལ་བར་དཀའ་བའོ། །གནས་ངན་ལེན་གྱི་མདུད་པ་ནི་དགག་པར་དཀའ་བའོ། །སེམས་ཀྱིས་ཆོས་ཀྱི་ཡུལ་རྣམ་པར་རྟོག་པ་ནི་མཚན་མའི་མདུད་པ་ཞེས་བྱའོ། །རྣམ་པར་རྟོག་པ་འདིའི་དབང་གིས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་འབྱུང་བ་ནི་གནས་

ངན་ལེན་གྱི་མདུད་པ་ཞེས་བྱའོ། །ནམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ན་མཚན་མའི་མདུད་པ་གདོད་གྲོལ་བར་གྱུར་ཏེ། མཚན་མའི་མདུད་པ་མི་འབྱུང་བ་ཉིད་ཀྱིས་གནས་ངན་ལེན་གྱི་མདུད་པ་ཡང་དེའི་ཟླ་ལ་འགག་པར་འགྱུར་རོ་ཞེས་བཤད་དོ། །སློབ་དཔོན་ཡང་

དག་བདེན་པའི་འགྲེལ་པ་ལས། མཚན་མའི་མདུད་པ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་འཛིན་པ་སྟེ། འདི་ལྟར་རྣམ་པར་ཤེས་པ་དྲུག་པོ་ཐམས་ཅད་ཀྱིས་སེམས་ཀྱིས་དམིགས་པར་བྱ་བའི་ཕྱི་རོལ་གྱི་ཡུལ་རྣམས་ཡོད་པ་ཉིད་དུ་འཛིན་ཅིང་ཐམས་ཅད་རང་གི་སེམས་ཀྱིས་

བྱས་པར་ཁོང་དུ་མ་ཆུད་པའི་ཕྱིར། ལྟ་བ་དང་མཚན་མ་མངོན་པར་ཞེན་ཏོ། །ཐམས་ཅད་ཀུན་དུ་རྟོག་པར་བྱས་པས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ནི་མེད་པ་ལས་སྐྱེས་པ་ཡིན་ནོ་ཞེས་བཤད་དོ། །ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་གསར་འགྱུར་དང་། སློབ་དཔོན་དབྱིག་

གཉེན་གྱིས་མཛད་པ་ལས་ནི་ཚིག་འདི་མི་འབྱུང་ངོ་། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་མཚན་མ་སྣ་ཚོགས་ཀྱི་འཆིང་བ་དང་། གནས་ངན་ལེན་གྱི་འཆིང་བ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་མཚན་མའི་མདུད་པ་དང་། གནས་ངན་ལེན་གྱི་མདུད་པ་ཞེས་

འབྱུང་ངོ་། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་རྣམ་པར་ཤེས་པ་ལྔ་པོ་དག་གི་ཡུལ་གང་ཡིན་པ་དེ་ནི་མཚན་མའི་འཆིང་བ་ཞེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་གང་ཡིན་པ་དེ་ནི་གནས་ངན་ལེན་གྱི་འཆིང་བ་ཞེས་བྱའོ། །གཞན་ཡང་མཚན་མ་སྣ་ཚོགས་

Vol. 118 · folio 169a

ཀྱི་འཆིང་བ་ནི་ཀུན་དུ་རྟོག་པའི་ངོ་བོ་ཉིད་དོ། །གནས་ངན་ལེན་གྱི་འཆིང་བ་ནི། འདི་ལྟ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གཞན་ཡང་སྡུག་བསྔལ་གྱི་བདེན་པ་ཐམས་ཅད་ནི་མཚན་མ་སྣ་ཚོགས་ཀྱི་འཆིང་བ་ཞེས་བྱ་སྟེ། རྣམ་པར་གྲོལ་བའི་དབང་གིས་སྤོང་

བའི་ཕྱིར་རོ། །ཀུན་འབྱུང་གི་བདེན་པ་སརྦ་ནི་གནས་ངན་ལེན་གྱི་འཆིང་བ་ཞེས་བྱ་སྟེ། ལམ་གྱི་འགོག་པའི་ཕྱིར་རོ་ཞེས་བཤད་དེ། རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །དགོངས་པ་ཟབ་མོ་རྣམས་པར་དགྲོལ་བའི་མདོ་ལས་ནི་མཚན་མའི་འཆིང་བ་དང་། ཉོན་མོངས་པའི་

འཆིང་བ་ཞེས་འབྱུང་སྟེ། དོན་རྒྱ་ཆེར་རྣམ་པར་འབྱེད་པ་ནི་གཞན་ནས་བསྟན་པ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །འཆིང་བ་གཉིས་ལས་རྣམ་པར་མ་གྲོལ་བའི་ཕྱིར་བདེན་པ་མཐོང་བས་བླ་ན་མེད་པའི་ཐབས་ཀྱི་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་

ཞེས་བྱ་བ་ནི་བཞི་པ་མྱ་ངན་ལས་འདས་པ་མི་ཐོབ་པའི་སྐྱོན་བསྟན་པ་ཉིད་དེ། གོང་མ་བཞིན་དུ་རིག་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ལྔ་པ་བླ་ན་མེད་པའི་བྱང་ཆུབ་མི་ཐོབ་པའི་སྐྱོན་

བསྟན་པ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ།། །།བམ་པོ་བཅོ་ལྔ་པ། བློ་གྲོས་ཤིན་ཏུ་རྣམ་དག་འདིས་སོ་སོའི་སྐྱེ་བོ་རྣམས་བདེན་པ་མཐོང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྗེས་སུ་མཐུན་པར་བཤད་པའི་རིགས་པས་གཅིག་པ་དང་། ཐ་དད་པ་ཉིད་དུ་འཛིན་

པ་འཇིག་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། སྐྱོན་རྣམ་པ་གསུམ་མེད་པ་སྨོས་པས་གཅིག་པ་ཉིད་དུ་འཛིན་པ་དེ་རྣམ་པར་གཞིག་པ་དང་། བློ་གྲོས་ཤིན་ཏུ་རྣམ་དག་ཅེས་བྱ་བ་མན་ཆད་ཀྱིས་སྐྱོན་རྣམ་པ་ལྔ་མེད་པ་ལ་བརྟེན་ནས། ཐ་དད་པ་ཉིད་དུ་འཛིན་པ་

དེ་རྣམ་པར་གཞིག་པའོ། །རྣམ་པ་འདི་གཉིས་ཀྱང་གོང་དུ་བཤད་པ་བཟློག་པ་ལས་རིག་པར་བྱའོ། །སྐྱོན་རྣམ་པ་གསུམ་མེད་པར་བསྟན་པ་ཡང་རྣམ་པར་བཤད་པ་དང་། མཇུག་བསྡུ་བ་དང་རྣམ་པ་གཉིས་ཀྱིས་བསྟན་ཏེ། འདི་རྣམ་པར་བཤད་པའོ། །སྐྱོན་རྣམ་པ་

Vol. 118 · folio 169b

གསུམ་མེད་པར་རྣམ་པར་བཤད་པ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། འདི་ནི་དང་པོ་བདེན་པ་མཐོང་བ་མ་ཡིན་པར་བཤད་པ་ཡིན་ཏེ། འདིའི་དོན་ནི་བརྡ་ཕྲད་པར་ཟད་དོ། །སོ་སོའི་སྐྱེ་བོ་ཁོ་ནར་གྱུར་བཞིན་དུ་བླ་ན་མེད་པའི་ཐབས་ཀྱི་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པ་འཐོབ་པ་

མ་ཡིན་ཞེས་བྱ་བ་ནི་གཉིས་པ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ་མ་ཡིན་པར་བསྟན་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡང་མ་ཡིན་པས་ཞེས་བྱ་བ་ནི་གསུམ་པ་བླ་ན་

མེད་པའི་བྱང་ཆུབ་འཐོབ་པར་འགྱུར་བ་མ་ཡིན་པས་གཅིག་པ་ཉིད་དུ་འཛིན་པ་གཞིག་པ་སྟེ། བརྡ་ཕྲད་པར་ཟད་དོ། །དེའི་ཕྱིར་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མཚན་ཉིད་མེད་དོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་

སོགས་པས་ནི་གཉིས་པ་མཇུག་བསྡུ་བས། གཅིག་པ་ཉིད་དུ་འཛིན་པ་གཞིག་པའོ། །འདི་ཡང་རྣམ་པ་གཉིས་ཏེ། སྤྱིའི་མཇུག་བསྡུ་བ་དང་། བརྟགས་པ་སྨོས་ནས་བཟླས་ཏེ་མཇུག་བསྡུ་བའོ། །འདི་ནི་དང་པོ་སྟེ། འདི་ལྟར་གོང་དུ་མི་མཐུན་པ་དང་། རྗེས་སུ་མཐུན་པར་

བཤད་པ་ཉིད་ཀྱི་ཕྱིར་གཅིག་པ་ཉིད་དུ་འཛིན་པ་སྟེ། རིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེ་ལ་འདི་སྐད་ཅེས་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་དོ་ཞེས་ཟེར་ན། རིགས་པ་དེས་ཐམས་ཅད་ཚུལ་བཞིན་དུ་སྤྱོད་

པ་མ་ཡིན་པས་ཡང་དག་པའི་ཚུལ་ཇི་ལྟ་བ་བཞིན་དུ་བྱེད་པ་ཡིན་པས་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་བརྟགས་པ་སྨོས་ནས་བཟླས་ཏེ་མཇུག་བསྡུ་བའོ། །འདི་ལྟར་གོང་དུ་མི་མཐུན་པ་དང་། རྗེས་སུ་མཐུན་པའི་བཤད་པ་གཉིས་ཀྱི་ཕྱིར་གཅིག་པ་ཉིད་དུ་འཛིན་པ་དང་།

འཛིན་པའི་དོན་དེ་དག་ནི་ཡང་དག་པའི་སྤྱོད་པ་དང་། ཡང་དག་པའི་ཚུལ་དང་མཐུན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བློ་གྲོས་ཤིན་ཏུ་རྣམ་དག་འདིར་བདེན་པ་མཐོང་བ་དེ་དག་འདུ་བྱེད་རྣམས་ཀྱི་མཚན་མ་ཡོངས་སུ་མ་བསལ་བ་མ་ཡིན་གྱི་ཡོངས་སུ་བསལ་བ་ཁོ་ན་ཡིན་པ་ཞེས་

Vol. 118 · folio 170a

བྱ་བ་འདི་མན་ཆད་ནི། གཉིས་པ་སྐྱོན་མེད་པ་རྣམ་པ་ལྔ་ལ་བརྟེན་ནས་རྗེས་སུ་མཐུན་པར་བཤད་པའི་རིགས་པས་ཐ་དད་པ་ཉིད་དུ་འཛིན་པའི་སྐྱོན་རྣམ་པར་གཞིག་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་པར་བཤད་པ་དང་། མཇུག་བསྡུ་བ་སྟེ།

འདི་རྣམ་པར་བཤད་པའོ། །རྣམ་པར་བཤད་པ་ཡང་སྐྱོན་མེད་པ་རྣམ་པ་ལྔ་ཉིད་ཀྱིས་རྣམ་པར་ལྔར་དབྱེ་སྟེ། འདི་ནི་དང་པོ་མཚན་མ་ཡོངས་སུ་སེལ་བ་བསྟན་པ་ཉིད་ཀྱིས་ཐ་དད་པར་འཛིན་པ་རྣམས་པར་གཞིག་པའོ། །འདི་ལྟར་འཕགས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་

དངོས་པོ་རྣམས་སྒྱུ་མ་ལ་སོགས་པ་ལྟ་བུར་ཡང་དག་པའི་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །བདེན་པ་མཐོང་བའི་མཚན་མའི་འཆིང་བ་རྣམས་ལས་རྣམ་པར་མ་གྲོལ་བ་ཡིན་གྱི། །རྣམ་པར་གྲོལ་བ་མ་ཡིན་པར་ཞེས་བྱ་བ་ནི་གཉིས་པ་མཚན་མ་མེད་པའི་འཆིང་བ་བསལ་བར་

འགྱུར་བར་བསྟན་པ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐ་དད་པ་མེད་པའི་མཚན་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ། །བདེན་པ་མཐོང་བ་གནས་ངན་ལེན་གྱི་འཆིང་བ་ལས་རྣམ་པར་མ་གྲོལ་བ་མ་ཡིན་གྱི། རྣམ་པར་གྲོལ་བ་ཡིན་པ་ཞེས་བྱ་བ་ནི་གསུམ་པ་གནས་ངན་ལེན་གྱི་འཆིང་བ་ལས་

རྣམ་པར་གྲོལ་བ་སྟེ་མཚན་མའི་འཆིང་བ་ཡོངས་སུ་སྤངས་པའི་ཕྱིར་རོ། །སྒྲིབ་པ་གཉིས་རྣམ་པར་གྲོལ་བའི་ཕྱིར་རོ། །བླ་ན་མེད་པའི་ཐབས་ཀྱི་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པ་ཡང་མཐོང་བར་འགྱུར་བ་ཞེས་བྱ་བ་ནི་བཞི་པ་མྱ་ངན་ལས་འདས་པ་མངོན་དུ་བྱེད་པར་འགྱུར་བ་

བསྟན་ཏེ། འཆིང་བ་གཉིས་ཀྱི་བར་དུ་སྤངས་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཞེས་བྱ་བ་ནི། ལྔ་པ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་བར་བསྟན་པ་སྟེ། སྒྲིབ་པ་སྤངས་ནས་ཟད་པའི་ཕྱིར་

རོ། །དེའི་ཕྱིར་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་གཅིག་ཏུ་ཐ་དད་པའི་མཚན་ཉིད་དོ་ཞེས་ཟེར་བ་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་ཐ་དད་པའི་སྐྱོན་བསྟན་པའི་མཇུག་བསྡུ་བའོ། །འདི་ཡང་རྣམ་པ་གཉིས་ཏེ་རིགས་པས་

Vol. 118 · folio 170b

སྤྱིའི་མཇུག་བསྡུ་བ་དང་། །བརྟགས་པ་སྨོས་ནས་བཟླས་ཏེ་མཇུག་བསྡུ་བ་སྟེ། འདི་ནི་དང་པོའོ། །གལ་ཏེ་དེ་ལ་འདི་སྐད་ཅེས་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་གཅིག་ཏུ་ཐ་དད་དོ་ཞེས་ཟེར་བ་ན། རིགས་པ་དེས་སརྦ་ཚུལ་བཞིན་དུ་སྤྱོད་པ་མ་ཡིན་

པས་ཡང་དག་པའི་ཚུལ་ཇི་ལྟ་བ་བཞིན་བྱེད་པ་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་བརྟགས་པ་སྨོས་ནས་བཟླས་ཏེ། མཇུག་བསྡུ་བ་སྟེ། འདི་ལྟར་སྔར་གོང་དུ་བསྟན་པ་ལྟ་བུའི་སྐྱོན་རྣམ་པ་ལྔའི་ཕྱིར། དོན་དམ་པའི་བདེན་པའི་མཚན་ཉིད་ཐ་དད་ཅེས་བྱར་མི་རུང་ངོ་ཞེས་བྱ་བའི་

ཐ་ཚིག་གོ། །བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་པར་གྱུར་ན་ནི། ཇི་ལྟར་འདུ་བྱེད་རྣམས་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་དེ་བཞིན་དུ། དོན་དམ་པའི་མཚན་ཉིད་འདི་ཡང་

ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པར་འགྱུར་རོ་ཞེས་བྱ་བ་འདི་མན་ཆད་ནི་རྣམ་གྲངས་རྣམ་པ་གསུམ་ལས་རྣམ་གྲངས་གཉིས་པ་རྣམ་པར་དག་པའི་སྤྱིའི་མཚན་ཉིད་ལ་བརྟེན་ནས་གཅིག་པ་དང་། ཐ་དད་པ་ཉིད་དུ་འཛིན་པའི་འཇིག་པར་མཛད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། རྣམ་

པར་བཤད་པ་དང་། མཇུག་བསྡུ་བའོ། །རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཏེ། མི་མཐུན་པས་རྣམ་པར་བཤད་པ་དང་། རྗེས་སུ་མཐུན་པའི་རྣམ་པར་བཤད་པའོ། །དང་པོ་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་ལ་བརྟེན་ནས་གཅིག་པ་ཉིད་དུ་འཛིན་

པ་རྣམ་པར་གཞིག་པ་དང་། སྤྱིའི་མཚན་ཉིད་ལ་བརྟེན་ནས་ཐ་དད་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་དོན་དམ་པའི་བདེན་པ་ཀུན་ནས་ཉོན་མོངས་པ་ཉིད་དུ་ལྟ་བར་འགྱུར་ཏེ། འདུ་བྱེད་རྣམས་ཀྱི་མཚན་ཉིད་ལས་ཐ་དད་དུ་གྱུར་པ་མེད་པའི་ཕྱིར་ཀུན་

ནས་ཉོན་མོངས་པ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བློ་གྲོས་ཤིན་ཏུ་རྣམ་དག་གལ་ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་གཅིག་ཏུ་ཐ་དད་པ་ཡིན་པར་གྱུར་ན་མཚན་ཉིད་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ལ་དོན་དམ་པའི་བདེན་པའི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words