འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་སནྡྷི་གམྦྷཱི་ར་ནིརྨོ་ཙ་སཱུ་ཏྲ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 118 · folio 171a
མཚན་ཉིད་ཅེས་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་གཉིས་པ་སྤྱིའི་མཚན་ཉིད་ཀྱིས་དོན་དམ་པ་ལ་བརྟེན་ནས་ཐ་དད་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་པའོ། །ཆོས་ཐམས་ཅད་ནི་མཚན་ཉིད་རྣམ་པ་གཉིས་དང་ལྡན་ཏེ། དང་པོ་ནི་རང་གི་མཚན་ཉིད་དེ། ཇི་
ལྟར་གཟུགས་ནི་མཐོང་བའི་མཚན་ཉིད་དོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད་དོ་ཞེས་བཤད་པ་ལྟ་བུའོ། །འདི་ལྟར་ཀུན་དུ་ཁྱབ་པ་མ་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཅེས་བྱའོ། །གཉིས་པ་ནི་སྤྱིའི་མཚན་ཉིད་དེ། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་བདག་
མེད་པ་ཉིད་ལ་སོགས་པའོ། །འདི་ལྟར་དེ་བཞིན་ཉིད་ཀྱིས་དོན་དམ་པའི་ཆོས་རྣམས་ཀུན་ལ་ཁྱབ་པའི་ཕྱིར་སྤྱིའི་མཚན་ཉིད་ཅེས་བྱའོ། །ཐ་དད་པ་ཉིད་དུ་འཛིན་པ་གཞིག་པ་འདིར་གལ་ཏེ་དོན་དམ་པའི་བདེན་པའི་འདུ་བྱེད་རྣམས་ཀྱི་མཚན་ཉིད་ལས་ཐ་དད་པར་གྱུར་པ་ཞིག་ཡིན་ན་འོ་ན་ནི་འདུ་བྱེད་རྣམས་
ཀྱི་སྤྱིའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། འདུ་བྱེད་དེ་དག་དང་ཤིན་ཏུ་ཐ་དད་པ་ཉིད་དུ་གྱུར་པའི་ཕྱིར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་འདིར་དོན་དམ་པའི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་གཏོགས་པ་མ་ཡིན་པ་དང་། འདུ་བྱེད་རྣམས་ཀྱི་སྤྱིའི་མཚན་ཉིད་ལ་དོན་དམ་
པའི་བདེན་པའི་མཚན་ཉིད་ཞེས་བྱ་བ་ཉིད་དུ་འགྱུར་བས་ཞེས་བྱ་བ་ནི། གཉིས་པ་རྗེས་སུ་མཐུན་པར་རྣམ་པར་བཤད་པའི་རིགས་གཅིག་པ་དང་། ཐ་དད་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་པ་སྟེ། མདོ་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་དོན་དམ་པའི་བདེན་པའི་མཚན་
ཉིད་འདུ་བྱེད་རྣམས་ཀྱི་མཚན་ཉིད་ལས་ཐ་དད་པའི་མཚན་ཉིད་མེད་དོ་ཞེས་ཟེར་བ་ཡང་རིགས་པ་མ་ཡིན་ལ་དོན་དམ་པའི་བདེན་པའི་མཚན་ཉིད་དང་འདུ་བྱེད་རྣམས་ཀྱི་མཚན་ཉིད་གཅིག་ཏུ་ཐ་དད་པའི་མཚན་ཉིད་དོ་ཞེས་ཟེར་བ་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་
གཅིག་པ་དང་། ཐ་དད་པ་ཉིད་དུ་འཛིན་པའི་བསྟན་པའི་མཇུག་བསྡུ་བའོ། །འདི་ཡང་རྣམ་པ་གཉིས་ཏེ། རིགས་པས་གཉིས་ཀའི་མཇུག་ཅིག་ཅར་བསྡུ་བ་དང་། བརྟགས་པ་སྨོས་ནས་བཟླས་ཏེ། མཇུག་བསྡུ་བ་སྟེ། འདི་ནི་གཉིས་ཀའི་མཇུག་ཅིག་ཅར་བསྡུ་
Vol. 118 · folio 171b
བའོ། །གལ་ཏེ་དེ་ལ་དེ་དག་འདི་སྐད་ཅེས་དོན་དམ་པའི་བདེན་པའི་མཚན་ཉིད་དང་འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་དོ་ཞེས་ཟེར་བ་དང་། དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་གཅིག་ཏུ་ཐ་དད་དོ་ཞེས་ཟེར་ན། རིགས་པ་དེ་ཐམས་
ཅད་ཚུལ་བཞིན་དུ་སྤྱོད་པ་མ་ཡིན་པས། ཡང་དག་པའི་ཚུལ་ཇི་ལྟ་བ་བཞིན་དུ་བྱེད་པ་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་བརྟགས་པ་སྨོས་ནས་གཅིག་པ་དང་། ཐ་དད་པ་ཉིད་དུ་འཛིན་པ་བཤད་པ་བཟླས་ཏེ། མཇུག་བསྡུ་བའོ། །བློ་གྲོས་ཤིན་ཏུ་རྣམ་དག་གལ་
ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་པར་གྱུར་ན་ནི་ཇི་ལྟར་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ལ་བྱེ་བྲག་མེད་པ་དེ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ཀྱང་བྱེ་བྲག་མེད་པར་འགྱུར་
ཞེས་བྱ་བ་འདི་མན་ཆད་ནི་རྣམ་གྲངས་གསུམ་པ་འདུ་བྱེད་ཐ་དད་པ་མེད་པ་དང་། བདག་མེད་པ་ལ་སོགས་པ་ལ་བརྟེན་ནས། གཅིག་པ་དང་། ཐ་དད་པ་ཉིད་དུ་འཛིན་པ་འཇིག་པར་མཛད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། རྣམ་པར་གཞིག་པ་དང་། མཇུག་བསྡུ་
བའོ། །རྣམ་པར་གཞིག་པ་ཡང་རྣམ་པ་གཉིས་བསྟན་ཏེ། མི་མཐུན་པར་བཤད་པས་སྐྱོན་བསྟན་པ་དང་། བློ་གྲོས་ཤིན་ཏུ་རྣམ་དག་ཅེས་བྱ་བ་མན་ཆད་ཀྱིས་རྗེས་སུ་མཐུན་པར་བཤད་པས་སྐྱོན་བསྟན་པའོ། །དང་པོ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། མཚན་ཉིད་རྣམ་པ་གཉིས་
ལ་བརྟེན་ནས་ཐ་དད་པ་མེད་པར་འདོད་པའི་སྐྱོན་རྣམ་པར་གཞིག་པ་དང་། མཚན་ཉིད་རྣམ་པ་གཉིས་ལ་བརྟེན་ནས་ཐ་དད་པར་འདོད་པའི་སྐྱོན་རྣམ་པར་གཞིག་པའོ། །ཐ་དད་པ་མེད་པར་འདོད་པའི་སྐྱོན་རྣམ་པར་གཞིག་པ་བསྟན་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། འདུ་བྱེད་
རྣམས་བྱེ་བྲག་ཏུ་གྱུར་པ་ལ་བརྟེན་ནས་ཐ་དད་པ་མེད་པར་འདོད་པའི་སྐྱོན་རྣམ་པར་གཞིག་པ་དང་། ཡང་དོན་དམ་པ་ཡོངས་སུ་ཚོལ་བ་ལ་བརྟེན་ནས་ཐ་དད་པ་མེད་པར་འཛིན་པ་རྣམ་པར་གཞིག་པའོ། །འདི་ནི་དང་པོ་སྟེ། འདི་ལྟར་གལ་ཏེ་དོན་དམ་པའི་བདེན་པ་དང་ཕུང་པོ་དང་
Vol. 118 · folio 172a
སྐྱེ་མཆེད་ལ་སོགས་པ་བྱེ་བྲག་ཏུ་གྱུར་པ་མེད་པར་གྱུར་པ་ཞིག་ཡིན་ན་ནི། །ཕུང་པོ་ལ་སོགས་པ་ཡང་ཕུང་པོ་ལ་སོགས་པའི་བྱེ་བྲག་ཐ་དད་པར་གྱུར་པ་མེད་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །རྣལ་འབྱོར་སྤྱོད་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང་ཇི་ལྟར་ཐོས་
པ་དང་ཇི་ལྟར་བྱེ་བྲག་ཕྱེད་པ་དང་། ཇི་ལྟར་རྣམ་པར་ཤེས་པ་ལས་དུས་གཞན་དུ་ཡང་དོན་དམ་པ་ཡོངས་སུ་ཚོལ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི། གཉིས་པ་ཡང་དོན་དམ་པ་ཡོངས་སུ་ཚོལ་བ་ལ་བརྟེན་ནས་ཐ་དད་པ་མེད་པར་འདོད་པའི་སྐྱོན་རྣམ་པར་གཞིག་པ་སྟོན་ཏེ། འདི་ལྟར་གལ་
ཏེ་དོན་དམ་པའི་བདེན་པ་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མ་ཡིན་པར་འགྱུར་བ་ཞིག་ཡིན་ན་ནི། མཐོང་བ་ལ་སོགས་པའི་ཡུལ་དེ་དག་ཇི་ལྟར་མཐོང་བ་བཞིན་དུ་དེ་དག་གི་དོན་ཁོང་དུ་ཆུད་ཟིན་པས་ཕྱིས་དོན་དམ་པ་ཡོངས་སུ་ཚོལ་བ་མི་རིགས་ན། ཡང་དོན་དམ་པ་
ཡོངས་སུ་ཚོལ་བ་ཡང་ཡོད་པའི་ཕྱིར་གཅིག་པ་ཉིད་མ་ཡིན་པར་རིག་པར་བྱའོ། །མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་ནི་སྔར་བཤད་པ་བཞིན་ནོ། །གལ་ཏེ་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་
པ་ཡིན་པར་གྱུར་ན་ནི། འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་། ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་གང་ཡིན་པ་དེ་དོན་དམ་པའི་བདེན་པའི་མཚན་ཉིད་མ་ཡིན་པར་གྱུར་ན་ཞེས་བྱ་བ་འདི་མན་ཆད་ནི། གཉིས་པ་བདག་མེད་པ་ལ་སོགས་པ་ལ་བརྟེན་ནས་གཅིག་པ་དང་
ཐ་དད་པར་འཛིན་པ་རྣམ་པར་གཞིག་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བདག་མེད་པ་ཙམ་ལ་སོགས་པ་ལ་བརྟེན་ནས་ཐ་དད་པར་འཛིན་པ་རྣམ་པར་གཞིག་པ་དང་། བྱེ་བྲག་གི་མཚན་ཉིད་གྲུབ་པ་མ་ཡིན་པས་ཐ་དད་པར་འདོད་པ་རྣམ་པར་གཞིག་པའོ། །
འདི་ནི་དང་པོ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཐམས་ཅད་བདག་མེད་པ་ཙམ་མོ། །ཆོས་རྣམས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཙམ་མོ་ཞེས་གསུངས་པས། དེའི་ཕྱིར་དོན་དམ་པ་ནི་འདུ་བྱེད་ཐམས་ཅད་དང་ཐ་དད་པ་ཡང་མ་ཡིན་ནོ། །ཐ་དད་པར་གྱུར་ན་ནི་
Vol. 118 · folio 172b
འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་། རང་གི་ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་དུས་གཅིག་ཏུ་བྱེ་བྲག་གི་མཚན་ཉིད་གྲུབ་པ་ཉིད་དུ་འགྱུར་ཏེ། འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་།
རྣམ་པར་བྱང་བའི་མཚན་ཉིད་དོ་ཞེས་བྱ་བ་ནི་གཉིས་པ་བྱེ་བྲག་གི་མཚན་ཉིད་གྲུབ་པ་མ་ཡིན་པས་ཐ་དད་པའི་འདོད་པའི་རྣམ་པར་གཞིག་པའོ། །མདོའི་ཚིག་འདི་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཁ་ཅིག་ན་རེ་གཞན་ཡང་དུས་གཅིག་ཏུ་བྱེ་བྲག་གི་མཚན་ཉིད་གྲུབ་པ་
ཉིད་དུ་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་མིང་ལ་སོགས་པའི་དངོས་པོའི་གཟུགས་བརྙན་ཡོངས་སུ་བསལ་བས་མཚན་མ་མེད་པའི་དེ་བཞིན་ཉིད་མངོན་དུ་གྱུར་པ་སྟེ། དེའི་ཕྱིར་མཚན་མ་མེད་པ་མངོན་དུ་གྱུར་པ་ན་མཚན་མ་རྣམས་མངོན་དུ་སྣང་བར་མི་འགྱུར་ལ་མཚན་མ་རྣམས་
མངོན་དུ་གྱུར་པའི་ཚེ་ནི་མཚན་མ་མེད་པ་མངོན་དུ་སྣང་བར་མ་གྱུར་པས། དེའི་ཕྱིར་དུས་གཅིག་ཏུ་གྲུབ་པ་ཉིད་དུ་རྣམ་པར་གཞག་པར་མི་བྱའོ། །གལ་ཏེ་འོག་ནས་བཤད་པ་ལྟར་གཅིག་ཏུ་ཐ་དད་པར་གྱུར་པ་ཞིག་ཡིན་ན་ནི་དུས་གཅིག་ཏུ་བྱེ་བྲག་གི་མཚན་ཉིད་གྲུབ་པ་ཉིད་དུ་
འགྱུར་བའི་རིགས་ཏེ། མཚན་ཉིད་སོ་སོ་ཐ་དད་པའི་ཕྱིར་གཟུགས་དང་སྒྲ་ལ་སོགས་པའི་ཇི་ལྟ་བ་བཞིན་ནོ་ཞེའོ། །ཁ་ཅིག་ན་རེ་གཞན་ཡང་དུས་གཅིག་ཏུ་བྱེ་བྲག་གི་མཚན་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་གཉིས་འགྲུབ་པར་འགྱུར་བའི་རིགས་
ཏེ། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་དང་། འདུ་བྱེད་ཡོངས་ཀྱིས་ཐ་དད་པའི་ཕྱིར་དེས་ན་རྣམ་པར་བྱང་བའི་མཆོག་ཏུ་གྱུར་པ་མཐོང་བའི་ཚེ་ཡང་ཀུན་ནས་ཉོན་མོངས་པ་སྤོང་བར་འགྱུར་བའི་མི་རིགས་ལ། ཀུན་ནས་ཉོན་མོངས་པ་མཐོང་བའི་ཚེ་ཡང་རྣམ་པར་བྱང་བ་ལ་སྒྲིབ་པར་མི་
འགྱུར་བའི་རིགས་སོ་ཞེའོ། །ཁ་ཅིག་ན་རེ་དོན་དམ་པ་དང་། འདུ་བྱེད་ཐ་དད་པར་གྱུར་ན་ནི། དུས་གཅིག་ཏུ་བྱེ་བྲག་གི་མཚན་ཉིད་ཆོས་རྣམས་ཐམས་ཅད་གཟོད་མ་ནས་ཀུན་ནས་ཉོན་མོངས་པ་དང་། གཟོད་མ་ནས་རྣམ་པར་བྱང་བ་ཉིད་དུ་འགྲུབ་པར་འགྱུར་བའི་རིགས་ན།
Vol. 118 · folio 173a
འོན་ཀྱང་མདོ་སྡེ་དག་ལས་དེ་དག་གི་ངོ་བོ་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་གསུངས་པས། དེའི་ཕྱིར་འདུ་བྱེད་རྣམས་དང་། དོན་དམ་པའི་བདེན་པ་ཐ་དད་པ་མ་ཡིན་པར་རིག་པར་བྱའོ། །ཡང་ན་ཀུན་རྫོབ་ནི་དོན་དམ་པའོ། །དོན་དམ་པ་ནི་ཀུན་
རྫོབ་པོ་ཞེས་བརྗོད་པར་མི་བྱ་སྟེ། ཡོངས་ཀྱིས་སོ་སོ་ཐ་དད་པའི་ཕྱིར་རོ་ཞེའོ། །སློབ་དཔོན་ཡང་དག་བདེན་པའི་རྣམ་པར་བཤད་པ་ཡོད་པ་ནི་མངས་ཀྱིས་དོགས་ནས་འདིར་མ་བསྟན་ཏོ། །བློ་གྲོས་ཤིན་ཏུ་རྣམ་དག་འདི་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་བྱེ་བྲག་ཡོད་པ་ཡིན་གྱི་བྱེ་བྲག་
མེད་པ་མ་ཡིན་པ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་རྗེས་སུ་མཐུན་པར་རྣམ་པར་བཤད་པའི་རིགས་པས། གཅིག་པ་དང་ཐ་དད་པར་འཛིན་པ་རྣམ་པར་གཞིག་པར་མཛད་དོ། །འདི་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་རྣམ་པ་གཉིས་ལ་བརྟེན་ནས་ཐ་དད་པ་མ་ཡིན་པར་འཛིན་པ་
དེ་རྣམ་པར་གཞིག་པ་དང་། མཚན་ཉིད་རྣམ་པ་གཉིས་ལ་བརྟེན་ནས་ཐ་དད་པར་འཛིན་པ་དེ་རྣམ་པར་གཞིག་པའོ། །དང་པོའི་མཚན་ཉིད་དེ་རྣམ་པ་གཉིས་པོ་དེ་ཉིད་ལས་རྣམ་པ་གཉིས་སུ་དབྱེ་བས་རྣམ་པ་གཉིས་སུ་འགྱུར་ཏེ། འདི་ནི་དང་པོ་བདག་ཉིད་བྱེ་བྲག་ཏུ་གྱུར་པ་ལ་བརྟེན་
ནས་ཐ་དད་པ་མ་ཡིན་པར་འཛིན་པ་དེ་འཇིག་པར་མཛད་པའོ། །རྣལ་འབྱོར་པ་དག་འདུ་བྱེད་རྣམས་ལ་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་དང་། ཇི་ལྟར་བྱེ་བྲག་ཕྱེད་པ་དང་། ཇི་ལྟར་རྣམ་པར་ཤེས་པ་ལས་དུས་གཞན་དུ་དོན་དམ་པ་ཡོངས་སུ་ཚོལ་བར་བྱེད་པ་ཞེས་བྱ་བ་གཉིས་
པ་ཡང་དོན་དམ་པ་ཡོངས་སུ་ཚོལ་བར་བྱེད་པས་ཐ་དད་པ་མ་ཡིན་པར་འཛིན་པ་འཇིག་པར་མཛད་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །གཞན་ཡང་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་། ངོ་བོ་ཉིད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བ་གང་ཡིན་པ་ལ་དོན་དམ་པའི་མཚན་ཉིད་ཅེས་བྱ་བ་འདི་
མན་ཆད་ནི་གཉིས་པ་མཚན་ཉིད་རྣམ་པ་གཉིས་ལ་བརྟེན་ནས་ཐ་དད་པར་འཛིན་པ་རྣམ་པར་གཞིག་པར་མཛད་པ་སྟོན་ཏེ། འདི་ནི་དང་པོ་བདག་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་དོན་གྱིས་ཐ་དད་པར་འཛིན་པ་རྣམ་པར་གཞིག་པའོ། །གཞན་ཡང་དུས་གཅིག་ཏུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་
Vol. 118 · folio 173b
བ་གཉིས་ཀྱི་མཚན་ཉིད་ཀྱི་བྱེ་བྲག་གི་མཚན་ཉིད་གྲུབ་པ་མ་ཡིན་པས་ཞེས་བྱ་བ་ནི། གཉིས་པ་བྱེ་བྲག་གི་མཚན་ཉིད་མ་ཡིན་པ་ལ་བརྟེན་ནས་ཐ་དད་པར་འཛིན་པ་འཇིག་པར་མཛད་པ་སྟེ། མདོ་དག་ལས་ཇི་སྐད་དུ་ཆོས་རྣམས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་ཙམ་ཡིན་
པའི་ཕྱིར་རོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་དོ་ཞེས་ཟེར་བ་དང་། ཐ་དད་དོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་འདི་མན་ཆད་ནི་སྐྱོན་རྣམ་པ་གཉིས་བསྟན་པའི་མཇུག་བསྡུ་བའོ། །
འདི་ཡང་རྣམ་པ་གཉིས་ཏེ། རིགས་པས་སྤྱིའི་མཇུག་བསྡུ་བ་དང་། བརྟགས་པ་སྨོས་ནས་བཟླས་ཏེ་མཇུག་བསྡུ་བའོ། །འདི་ནི་དང་པོ་རིགས་པས་གཅིག་པ་དང་ཐ་དད་པ་ཉིད་དུ་འཛིན་པ་རྣམ་པར་གཞིག་པའི་མཇུག་སྤྱིར་བསྡུ་བའོ། །གལ་ཏེ་དེ་ལ་འདི་སྐད་ཅེས་དོན་དམ་པའི་
བདེན་པའི་མཚན་ཉིད་དང་འདུ་བྱེད་རྣམས་ཀྱི་མཚན་ཉིད་ཐ་དད་པ་མེད་དོ་ཞེའམ། ཐ་དད་དོ་ཞེས་ཟེར་ན་རིགས་པ་དེས་ཐམས་ཅད་ཚུལ་བཞིན་དུ་སྤྱོད་པ་མ་ཡིན་པས། ཡང་དག་པའི་ཚུལ་ཇི་ལྟ་བ་བཞིན་བྱེད་པ་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཉིས་པ་བརྟགས་པ་སྨོས་ནས་
བཟླས་ཏེ་འཇུག་པ་གཅིག་པ་དང་། ཐ་དད་པར་འཛིན་པ་འཇིག་པར་མཛད་པ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་དང་། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་བསྟན་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་དེ་བཞིན་ཉིད་དང་
མཚན་ཉིད་གཅིག་པའམ་ཐ་དད་པར་གྱུར་ན་སྐྱོན་རྣམ་པ་གསུམ་དུ་འགྱུར་རོ་ཞེས་བསྟན་པ་དང་། གཞན་ཡང་བསྟན་བཅོས་སངས་རྒྱས་ཀྱི་རང་བཞིན་བསྟན་པ་ལས་ཆོས་དང་གང་ཟག་ལ་བརྟེན་ནས། དོན་དམ་པ་དང་ཀུན་རྫོབ་གཅིག་པ་དང་ཐ་དད་པ་ཉིད་དུ་འཛིན་པ་འཇིག་པ་
དག་སྟོན་ཏེ། མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །བློ་གྲོས་ཤིན་ཏུ་རྣམ་དག་དཔེར་ན་དུང་གི་དཀར་བ་ཉིད་ནི་དུང་དཀར་བ་གཅིག་པའམ། ཐ་དད་པའི་མཚན་ཉིད་དུ་གདགས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་འདི་མན་ཆད་ནི་གསུམ་པ་དཔེ་སྨོས་ནས་བཟླས་ཏེ་རྣམ་པར་བཤད་པ་སྟོན་
Vol. 118 · folio 174a
ཏེ། དཔེ་རྣམ་པ་བཅུས་སྟོན་པས་དེ་ཉིད་ལས་རྣམ་པ་བཅུར་དབྱེའོ། །དེ་ལྟར་རྣམ་པ་བཅུ་ཡོད་ཀྱང་གོ་རིམས་བཞིན་དུ་ཡུལ་རྣམ་པ་དྲུག་དང་སྦྱར་ནས་བཤད་པར་བྱ་སྟེ། དེ་ཡང་དང་པོ་གཉིས་ནི་གཟུགས་ཀྱི་དབང་དུ་མཛད་ནས་སོ། །དེའི་འོག་མ་གཅིག་ནི་
སྒྲའི་དབང་དུ་མཛད་ནས་སོ། །དེའི་འོག་མ་གཅིག་ནི་དྲིའི་དབང་དུ་མཛད་ནས་སོ། །དེའི་འོག་མ་གཉིས་ནི་རོའི་དབང་དུ་མཛད་ནས་སོ། །དེའི་འོག་མ་གཉིས་ནི་རེག་བྱའི་དབང་དུ་མཛད་ནས་སོ། །ཐ་མ་གཉིས་ནི་ཆོས་ཀྱི་དབང་དུ་མཛད་ནས་སོ། །འདི་ནི་དང་པོ་དུང་གི་དཀར་བ་
གཅིག་པ་དང་། ཐ་དད་པའི་དཔེར་བསྟན་པའོ། །དུང་ནི་འདུ་བྱེད་རྣམས་ཀྱི་མཚན་ཉིད་ཀྱི་དཔེར་བསྟན་ཏེ། ཡུལ་བཞི་པོ་དག་ཐ་དད་པའི་ཕྱིར་རོ། །དཀར་བ་ཉིད་ནི་དོན་དམ་པའི་བདེན་པའི་དཔེར་བསྟན་ཏེ། གཟུགས་ཀྱི་ངོ་བོ་ཉིད་ཀུན་ལ་ཁྱབ་པའི་ཕྱིར་རོ། །ཇི་ལྟར་དུང་དང་དཀར་
བ་ཉིད་གཅིག་ཅེས་བྱར་མི་རུང་བ་བཞིན་དུ་ཡུལ་བཞི་པོའི་གཟུགས་ཀྱི་ངོ་བོ་ཉིད་ཀྱང་སྤྱི་དང་བྱེ་བྲག་ཐ་དད་པའི་ཕྱིར་རོ། །ཡང་ན་སྤྱི་དང་བྱེ་བྲག་ཐ་དད་པའི་ཕྱིར་ཐ་དད་ཅེས་བྱར་ཡང་མི་རུང་སྟེ། ཐ་དད་པའི་བདག་ཉིད་མེད་པའི་ཕྱིར་རོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་
ལས་གསུམ་པ་དཔེ་བརྗོད་པ་ནི། དབང་པོ་རྣོན་པོ་དང་རྟུལ་པོ་དག་གི་ཐབས་ཡོངས་སུ་བསྟན་པ་ཡིན་ཏེ། གལ་ཏེ་དོན་འབའ་ཞིག་བཤད་པ་ལ། དཔེ་རྣམ་པ་མ་བཞག་ན་དབང་པོ་རྣོན་པོ་ཉི་ཚེ་འཇུག་པར་ནུས་ཀྱི་དབང་པོ་རྟུལ་པོ་དག་གིས་འཇུག་པར་མི་ནུས་སོ། །གལ་ཏེ་དཔེ་
དང་དོན་གཉིས་ཀ་ཕུན་སུམ་ཚོགས་པར་བསྟན་ན་དབང་པོ་རྣོན་པོ་དང་། རྟུལ་པོ་གཉིས་ཀས་འཇུག་པར་འགྱུར་བའི་ཕྱིར་དངོས་པོ་ཟབ་པ་མ་ཡིན་པ་ལ་ལྟོས་ནས་ཚུལ་ཟབ་མོ་མཚོན་པ་ཡིན་ནོ། །འདིར་ཡུལ་དྲུག་པོ་དག་དཔེར་བསྟན་པ་ཡང་། གལ་ཏེ་རྣམ་པ་གཅིག་ཁོང་དུ་
ཆུད་ན་གཞན་ནི་ཟླས་ཤེས་པར་འགྱུར་བས་སོ། །གལ་ཏེ་དཀར་བ་ཉིད་དང་དུང་ནི་གཅིག་པ་ཉིད་དོ་ཞེ་ན། འོ་ན་ནི་གཟུགས་ཉི་ཚེ་དུང་ཡིན་པར་འགྱུར་གྱི་ཡུལ་གཞན་གསུམ་པོ་དག་གི་འབྱུང་བ་ཆེན་པོ་བཞི་པོ་དག་ནི་དུང་མ་ཡིན་པར་འགྱུར་བའི་རིགས་སོ། །གཞན་ཡང་ཇི་ལྟར་
Vol. 118 · folio 174b
དཀར་བ་ཉིད་མིག་ཉི་ཚེའི་ཡུལ་ཡིན་པ་ལྟར་དུང་ཡང་དེ་བཞིན་དུ་འགྱུར་བའི་རིགས་སོ། །ཡང་ན་ཇི་ལྟར་དཀར་བ་དེ་དངོས་པོ་གཞན་དག་ལ་ཁྱབ་པ་ལྟར་དུང་ཡང་དེ་བཞིན་དུ་འགྱུར་བའི་རིགས་ན། དུང་ནི་དེ་ལྟ་མ་ཡིན་པས་དཀར་བ་ཉིད་ཀྱང་དེ་བཞིན་དུ་དངོས་པོ་དག་ལ་ཁྱབ་པར་མི་འགྱུར་
རོ། །དེ་ལྟ་བུའི་དོན་ནི་མེད་པའི་ཕྱིར་གཅིག་ཅེས་བྱར་ཡང་མི་རུང་ངོ་། །གལ་ཏེ་ཐ་དད་དོ་ཞེ་ན་དེ་ཡང་དོན་དུ་མི་རུང་སྟེ། དཀར་བ་ཉིད་མཐོང་བ་ན་དུང་ཡིན་པར་ཤེས་པའི་རིགས་ཏེ། བདག་ཉིད་ཐ་དད་པའི་ཕྱིར་རོ། །གཞན་ཡང་དཀར་བ་ཉིད་ཀྱི་གནས་མེད་པར་འགྱུར་ཏེ། དུང་དང་འབྲེལ་
པ་མེད་པའི་ཕྱིར་རོ། །སེར་པོ་ཉིད་གསེར་དང་། དེ་བཞིན་དུ་རེག་བྱའི་བར་དུ་ཡང་དེ་བཞིན་ནོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བཤད་པ་བཞིན་ནོ། །དུང་གི་དཀར་བ་ཉིད་ཇི་ལྟ་བ་བཞིན་དུ་གསེར་གྱི་སེར་པོ་ཉིད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་གཉིས་པ་གསེར་དང་སེར་པོ་ཉིད་
གཅིག་པ་ཉིད་དང་ཐ་དད་པའི་དཔེ་སྟེ། སྔ་མ་བཞིན་དུ་རིག་པར་བྱའོ། །རྒྱུའོ་རྒྱུད་མངས་ཀྱི་སྒྲའི་སྙན་པ་ཉིད་ཀྱང་རྒྱུའོ་རྒྱུད་མངས་ཀྱི་སྒྲ་དང་གཅིག་པའི་མཚན་ཉིད་དམ་ཐ་དད་པའི་མཚན་ཉིད་ཅེས་གདགས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་གསུམ་པ་རྒྱུའོ་རྒྱུད་མངས་ཀྱི་སྒྲ་དང་། གཅིག་པ་དང་
ཐ་དད་པ་གཉིས་ཀ་མ་ཡིན་པའི་དཔེ་སྟེ། འདི་ལྟར་སྒྲ་དང་སྙན་པ་ཉིད་གཅིག་ཅེས་བྱར་མི་རུང་སྟེ། སྤྱི་དང་བྱེ་བྲག་ཐ་དད་པའི་ཕྱིར་རོ། །དེ་ལ་སྒྲ་ནི་སྤྱིའོ། །སྙན་པ་ཉིད་བྱེ་བྲག་གོ། །ཡང་ན་སྒྲ་དང་སྙན་པ་ཐ་མི་དད་པའི་ཕྱིར་རོ། །ཐ་དད་ཅེས་བྱར་ཡང་མི་རུང་སྟེ། ཐ་དད་
པའི་བདག་ཉིད་མེད་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་སྦྱར་ན་དེ་ལས་ནི་རྒྱུའོ་རྒྱུད་མངས་དང་སྒྲ་ལས་གཅིག་པ་དང་། ཐ་དད་པ་མ་ཡིན་པར་རྣམ་པར་འབྱེད་དེ་མདོ་དེ་དང་སྦྱར་ན་རྒྱུའོ། །རྒྱུད་མངས་ནི་སྤྱིའི་ཡིན་ཏེ། ཡུལ་རྣམ་པ་ལྔ་དང་ལྡན་པའི་ཕྱིར་
རོ། །སྒྲ་ནི་བྱེ་བྲག་ཡིན་ཏེ། དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ཀྱང་འདི་དག་དོན་མཐུན་པར་བཤད་དེ། དེ་ལས་ནི་པི་ཝང་དང་། སྒྲ་ཞེས་འབྱུང་ངོ་། །ཨ་ཀ་རུ་ནག་པོའི་དྲི་ཞིམ་པ་ཉིད་ཀྱང་ཨ་ཀ་རུ་ནག་པོ་དེ་དང་གཅིག་པའི་
Vol. 118 · folio 175a
མཚན་ཉིད་དམ་ཐ་དད་པའི་མཚན་ཉིད་ཅེས་གདགས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་བཞི་པ་ཨ་ཀ་རུ་དང་དྲི་ཞིམ་པ་གཅིག་པ་དང་། ཐ་དད་པ་མ་ཡིན་པའི་དཔེ་སྟེ། ཨ་ཀ་རུ་དང་དྲི་ཞིམ་པ་ནི་གཅིག་ཅེས་བྱར་མི་རུང་སྟེ། སྤྱི་དང་བྱེ་བྲག་ཐ་དད་པའི་ཕྱིར་རོ། །ཐ་
དད་ཅེས་བྱར་ཡང་མི་རུང་སྟེ། ཐ་དད་པའི་བདག་ཉིད་མེད་པའི་ཕྱིར་རོ། །ན་ལེ་ཤམ་གྱི་ཚ་བ་ཉིད་ཀྱང་ན་ལེ་ཤམ་དེ་དང་གཅིག་པའི་མཚན་ཉིད་དམ་ཐ་དད་པའི་མཚན་ཉིད་ཅེས་གདགས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ལྔ་པ་ན་ལེ་ཤམ་དང་ཚ་བ་ཉིད་གཅིག་པ་དང་ཐ་དད་པ་མ་ཡིན་པའི་
དཔེ་སྟེ། ན་ལེ་ཤམ་དང་ཚ་བ་ཉིད་གཅིག་ཅེས་བྱར་མི་རུང་སྟེ། སྤྱི་དང་བྱེ་བྲག་ཐ་དད་པའི་ཕྱིར་རོ། །ཐ་དད་ཅེས་བྱར་ཡང་མི་རུང་སྟེ། ཐ་དད་པའི་བདག་ཉིད་མེད་པའི་ཕྱིར་རོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་པི་པི་ལིང་དང་ཚ་བ་ཉིད་ཅེས་འབྱུང་ངོ་། །ན་ལེ་ཤམ་
དང་ཚ་བ་ཉིད་ཇི་ལྟ་བ་བཞིན་དུ་ཨ་རུ་རའི་བསྐ་བ་ཉིད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་དྲུག་པ་ཨ་རུ་ར་དང་བསྐ་བ་གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེ་སྟེ་གོང་མ་བཞིན་དུ་རིག་པར་བྱའོ། །དཔེར་ན་ཤིང་བལ་གྱི་འདབ་མའི་འཇམ་པ་ཉིད་ཀྱང་ཤིང་བལ་གྱི་འདབ་མ་དང་གཅིག་པའི་མཚན་ཉིད་དེ།
ཐ་དད་པའི་མཚན་ཉིད་ཅེས་གདགས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི་བདུན་པ་ཤིང་བལ་དང་འཇམ་པ་ཉིད་གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེ་སྟེ། དེ་ལ་ཤིང་བལ་ཞེས་བྱ་བ་ནི་རྒྱུད་དེ་བཤད་པ་ལས་ཤུ་དག་དང་། ལྕང་མའི་མེ་ཏོག་ལ་བྱའོ་ཞེའོ། །འདབ་མ་དང་འཇམ་པ་ཉིད་
གཅིག་ཅེས་བྱར་མི་རུང་སྟེ། སྤྱི་དང་བྱེ་བྲག་ཐ་དད་པའི་ཕྱིར་རོ། །ཐ་དད་ཅེས་བྱར་ཡང་མི་རུང་སྟེ། ཐ་དད་པའི་བདག་ཉིད་མེད་པའི་ཕྱིར་རོ། །དཔེར་ན་མར་ལ་མར་གྱི་སྙིང་ཁུ་ཡང་མར་དང་གཅིག་པའི་མཚན་ཉིད་དམ་ཐ་དད་པའི་མཚན་ཉིད་ཅེས་གདགས་པར་སླ་བ་མ་ཡིན་ནོ་
ཞེས་བྱ་བ་ནི། བརྒྱད་པ་མར་དང་སྙིང་ཁུ་གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེ་སྟེ། འདིར་སྙིང་ཁུ་ཉི་ཚེ་སྨོས་པ་ནི་རེག་བྱ་འཇམ་པ་ཉིད་བཟུང་བར་དགོངས་པའོ། །མར་དང་སྙིང་ཁུ་ཉིད་གཅིག་ཅེས་བྱར་མི་རུང་སྟེ། སྤྱི་དང་བྱེ་བྲག་ཐ་དད་པའི་ཕྱིར་རོ། །ཐ་དད་ཅེས་བྱར་ཡང་
Vol. 118 · folio 175b
མི་རུང་སྟེ། ཐ་དད་པའི་བདག་ཉིད་མེད་པའི་ཕྱིར་རོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། མར་དང་སྙིང་ཁུ་ཞེས་གསུངས་པ་ནི་རེག་བྱ་སྨོས་པ་ཡིན་ཏེ། རོ་བརྗོད་པ་ནི་མ་ཡིན་ནོ་ཞེའོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་། ཚིག་ངེས་པར་
འགྲེལ་པའི་མདོ་ལས་ཀྱང་མདོ་འདི་དང་མཐུན་པར་འབྱུང་ངོ་། །གཞན་ཡང་དཔེར་ན་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ཉིད་དང་། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ལ་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པ་ཉིད་ཀྱང་འདུ་བྱེད་ལ་
སོགས་པ་དེ་དག་དང་གཅིག་པའི་མཚན་ཉིད་དམ་ཐ་དད་པའི་མཚན་ཉིད་ཅེས་གདགས་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ནི། དགུ་པ་དོན་དང་དངོས་པོ་གཅིག་པ་དང་ཐ་དད་པ་མ་ཡིན་པའི་དཔེ་སྟེ། དེ་ལ་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ཉིད་ཅེས་བྱ་བ་ལ་འདུ་བྱེད་ནི་ཟག་པ་དང་བཅས་པ་
ཐམས་ཅད་དེ་མཚན་ཉིད་བཞི་པོ་དེ་དག་གིས་རྣམ་པར་འགྱུར་བར་བྱེད་པའི་ཕྱིར་མི་རྟག་པ་ཞེས་བྱ་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་འདུ་བྱེད་རྣམས་ནི་མི་རྟག་སྟེ། དེ་ནི་སྐྱེ་ཞིང་འགག་པ་ཉིད། །ཅེས་གསུངས་སོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ལ་སྡུག་
བསྔལ་བ་ཉིད་ཅེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་གནས་ངན་ལེན་དང་འབྲེལ་བས་སྡུག་བསྔལ་བ་ཞེས་བཤད་དེ། བསྟན་བཅོས་མངོན་པ་ལས་ཇི་སྐད་བསྟན་པ་བཞིན་ནོ། །ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པ་ཉིད་ཅེས་བྱ་བ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ནི་
འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་སྡུད་པའོ། །གང་ཟག་ཅེས་བྱ་བས་ནི་ཡང་སྦྱོར་ཞེས་བྱ་སྟེ། འདི་ལྟར་སེམས་ཅན་རྣམས་ལས་དགེ་བ་དང་། མི་དགེ་བའི་དབང་གིས་ཡང་ནས་ཡང་དུ་འགྲོ་བ་ལེན་པས་ཡང་སྦྱོར་ཞེས་བྱའོ། །བདག་མེད་པའི་དོན་ཡང་རྣམ་པ་
གཉིས་ཡོད་དེ་སེམས་ཅན་སྟོང་པ་ཉིད་དང་། ཆོས་སྟོང་པ་ཉིད་དོ། །འདིར་ནི་སྔ་མ་བསྟན་པ་ཡིན་གྱི་ཕྱི་མ་མ་ཡིན་པས་དེའི་ཕྱིར་གང་ཟག་གི་བདག་མེད་པ་ཞེས་གསུངས་པ་ཡིན་ནོ། །དོན་གྱིས་རྣམ་པ་བཞི་ཡོད་པ་ཡིན་ཏེ། སྟོང་པ་ཉིད་ཅིའི་ཕྱིར་མ་གསུངས། སྨྲས་པ་
Vol. 118 · folio 176a
འདིར་ཆོས་ཀྱི་ཕྱག་རྒྱ་རྣམ་པ་གསུམ་གྱི་དབང་གིས་ཏེ། འདི་ལྟ་སྟེ། ཟག་པ་དང་བཅས་པ་དག་ནི་ཐམས་ཅད་ཀྱང་སྡུག་བསྔལ་བ་དང་། འདུས་བྱས་རྣམས་ནི་མི་རྟག་པ་ཡིན་པ་དང་། ཆོས་རྣམས་ཐམས་ཅད་ནི་བདག་མེད་པས་ཁྱབ་པ་ཡིན་ལ། སྟོང་པ་ཉིད་
ནི་དེ་ལྟར་བཏབ་པ་མེད་པའི་ཕྱིར་འདིར་མ་གསུངས་སོ། །དེ་ལ་མི་རྟག་པ་ལ་སོགས་པའི་ངོ་བོ་ཉིད་འདུ་བྱེད་ལ་སོགས་པའི་ཆོས་དང་གཅིག་ཅེས་བྱར་མི་རུང་སྟེ། དངོས་པོ་དང་དོན་ཐ་མི་དད་པའི་ཕྱིར་རོ། །ཐ་དད་ཅེས་བྱར་ཡང་མི་རུང་སྟེ། ཐ་དད་པའི་བདག་ཉིད་མེད་པའི་ཕྱིར་རོ། །དེའི་
ཕྱིར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཚིག་ལེའུར་བྱས་པ་སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །གྲུབ་པ་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་ཏེ་ཡིན། །དེའི་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་མ་
ཡིན་པ་མིན། །མི་རྟག་ལ་སོགས་བཞིན་དུ་བརྗོད། །དེ་མ་མཐོང་བར་དེ་མི་མཐོང་། །ཞེས་བཤད་དོ། །འདི་ཉིད་ཀྱི་འགྲེལ་པ་ལས་ཡོངས་སུ་གྲུབ་པ་ནི་གཞན་གྱི་དབང་དང་ཐ་དད་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་ནོ། །གལ་ཏེ་ཐ་དད་པ་ཞིག་ཡིན་ན། དེ་བཞིན་ཉིད་དེའི་
ཡང་དག་པའི་ངོ་བོ་ཉིད་མ་ཡིན་པ་ཉིད་དུ་འགྱུར་རོ། །ཐ་དད་པ་མ་ཡིན་ན་ནི་ངོ་བོ་ཉིད་འདི་མི་རྟག་པར་ཡང་འགྱུར་རོ། །དེ་གཉིས་ཀ་ཡང་ཡོངས་སུ་དག་པའམ་ཡོངས་སུ་དག་པ་མ་ཡིན་པའི་དམིགས་པར་འགྱུར་ཏེ། འོ་ན་ནི་རྩ་བ་དང་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱི་ནུས་པ་ཡང་བྱེ་བྲག་
མེད་པར་འགྱུར་རོ། །ཇི་ལྟར་ངོ་བོ་ཉིད་གཉིས་ཐ་དད་པ་ཡང་མ་ཡིན། གཅིག་པ་ཡང་མ་ཡིན་ཞེ་ན། མི་རྟག་པ་དང་བདག་མེད་པ་ཉིད་ལ་སོགས་པ་ཇི་ལྟ་བ་བཞིན་ཏེ། མི་རྟག་པ་ཉིད་ལ་སོགས་པ་འདུ་བྱེད་ལ་སོགས་པའི་ཆོས་དང་ཐ་དད་པར་གྱུར་པ་ཞིག་ཡིན་ན་ནི་ཆོས་དེ་དག་མི་
རྟག་པ་ལ་སོགས་པ་མ་ཡིན་པར་འགྱུར་བའི་རིགས་སོ། །ཐ་དད་པ་མ་ཡིན་ན་ནི་དེ་དག་སྤྱིའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། དེས་ན་དཔེ་འདིས་ཡོངས་སུ་གྲུབ་པ་གཞན་གྱི་དབང་དེ་དང་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་བསྟན་པ་ཡིན་ནོ། །ཆོས་དང་ཆོས་ཉིད་ནི་
Vol. 118 · folio 176b
གདོན་མི་ཟ་བར་ཚུལ་དེ་ལྟར་ཡིན་ཏེ། དོན་དམ་པ་དང་ཀུན་རྫོབ་ནི་ཕན་ཚུན་ལྟོས་པ་ལས་ཡོད་པའི་ཕྱིར་རོ་ཞེས་འབྱུང་ངོ་། །གཞན་ཡང་དཔེར་ན་འདོད་ཆགས་ཀྱི་མ་ཞི་བའི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱང་འདོད་ཆགས་དེ་དང་གཅིག་པའི་མཚན་ཉིད་དམ།
ཐ་དད་པའི་མཚན་ཉིད་ཅེས་གདགས་པར་སླ་བ་མ་ཡིན་ནོ། །འདོད་ཆགས་ཀྱི་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་གཏི་མུག་གི་ཡང་དེ་ཡང་རིག་པར་བྱའོ་ཞེས་བྱ་བ་ནི་བཅུ་པ་ཉོན་མོངས་པ་ཉིད་དང་མཚན་ཉིད་གཅིག་པ་དང་། ཐ་དད་པ་མ་ཡིན་པའི་དཔེ་བསྟན་པའོ། །འདོད་ཆགས་དང་། ཞེ་
སྡང་དང་། གཏི་མུག་དག་ནི་མཚན་ཉིད་གཉིས་དང་ལྡན་ཏེ། དང་པོ་རང་གི་མཚན་ཉིད་ནི་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་སོ་སོ་ཐ་དད་པའི་ཕྱིར་རོ། །གཉིས་པ་སྤྱིའི་མཚན་ཉིད་ནི་འདི་ལྟ་སྟེ། ཀུན་ནས་ཉོན་མོངས་པ་ལ་སོགས་པ་དེ་དག་ཐུན་
མོང་དུ་ཡོད་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་ཀྱང་རྣམ་པ་གཉིས་ཏེ། མ་ཞི་བའི་མཚན་ཉིད་ནི་འདི་ལྟར་གཡོ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་ནི་མཚུངས་པར་ལྡན་པ་དང་། དམིགས་པར་བྱ་བའི་འཆིང་བ་གཉིས་འདྲེས་པའི་ཕྱིར་རོ། །འདི་ལྟར་འདོད་
ཆགས་ལ་སོགས་པ་དེ་དག་གི་ངོ་བོ་ཉིད་དང་མཚན་ཉིད་ཐ་དད་པའི་ཕྱིར་གཅིག་ཅེས་བྱར་ཡང་མི་རུང་ངོ་། །འདྲེས་པའི་འདོད་ཆགས་ལ་སོགས་པ་ཐ་དད་པའི་ཕྱིར་ཐ་དད་ཅེས་བརྗོད་དུ་མི་རུང་ངོ་། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རེ་རེ་ལ་ཡང་མ་ཞི་བའི་མཚན་ཉིད་ཀུན་ནས་ཉོན་མོངས་
པའི་མཚན་ཉིད་ཡོད་དེ། སྡེ་པ་རྣམས་ཀྱི་གཞུང་ལུགས་ཀུན་ལས་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པར་འདོད་ལ། འདིར་འདུ་བྱེད་ལ་སོགས་པ་ཐམས་ཅད་ནི་མི་རྟག་པ་ཉིད་ལ་སོགས་པའི་སྤྱིའི་མཚན་ཉིད་བྱེད་དོ་ཞེས་བཤད་པའི་རིགས་པ་དང་སྦྱར་ན་སྐྱེ་མཆེད་བཅུ་གཉིས་ཀུན་
རྟོགས་པར་འདྲ་ན། ཅིའི་ཕྱིར་མོད་འདི་ལས་ཆོས་ཀྱི་སྐྱེ་མཆེད་ཉིད་ཅེས་བསྡུས་པར་གསུངས་ཤེ་ན། སྨྲས་པ། ཐམས་ཅད་ཡོད་པར་སྨྲ་བ་དག་ནི། འདུ་བྱེད་ཐམས་ཅད་དང་མི་རྟག་པ་ལ་སོགས་པ་ཐམས་ཅད་ཀྱང་། སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པར་བཤད་ཅེ་ན་
Vol. 118 · folio 177a
ཆོས་ཀྱི་སྐྱེ་མཆེད་དེ་ཡང་བྱེ་བྲག་ཁོ་ནའི་ཡིན་གྱི་སྤྱིའི་ནི་མ་ཡིན་ནོ། །འདི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། འདུས་མ་བྱས་རྣམ་པ་གསུམ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བདུན་པོ་འདི་དག་ནི་གཞན་སྐྱེ་མཆེད་བཅུ་གཉིས་པོ་དག་ཏུ་མ་
འདུས་སོ་ཞེས་ཟེར་བའི་ཕྱིར་རོ། །མདོ་སྡེ་པའི་གཞུང་གིས་ཆོས་ཀྱི་སྐྱེ་མཆེད་ནི་རྣམ་པ་གཉིས་ཏེ། བྱེ་བྲག་དང་། སྤྱིའི་ཞེས་བཤད་དེ། བྱེ་བྲག་གི་ཆོས་ཀྱི་སྐྱེ་མཆེད་ནི་ཕལ་ཆེར་ཐམས་ཅད་ཡོད་པར་སྨྲ་བ་དག་འདོད་པ་དང་མཐུན་ནོ། །དེ་ལ་བྱེ་བྲག་ནི་དེ་དག་གཞུང་གིས་བྱས་པ་མ་
ཡིན་པ་ནི་གཟུགས་ཀྱང་མ་ཡིན་སེམས་ཀྱང་མ་ཡིན་ནོ་ཞེས་ཟེར་རོ། །སྤྱིའི་ཆོས་ཀྱི་སྐྱེ་མཆེད་ནི། དེ་དག་གི་གཞུང་གིས་བཅུ་གཉིས་པོ་ཐམས་ཅད་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པས་དམིགས་པར་བྱ་བའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེའོ། །འདིར་ཐེག་པ་ཆེན་
པོའི་བསྟན་པ་དང་སྦྱར་ན་ཕལ་ཆེར་མདོ་སྡེ་པ་འདོད་པ་དང་མཐུན་པར་སྤྱི་དང་བྱེ་བྲག་གཉིས་ཀ་ཡང་ཆོས་ཀྱི་སྐྱེ་མཆེད་ཅེས་བྱའོ་ཞེས་བཤད་དེ། དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས། གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་དེ་དག་ནི། གཟུགས་
ལ་སོགས་པ་ཁོ་ན་རྣམ་པར་རིག་པས། གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཆོས་ཀྱི་རྣམ་པར་ཤེས་པ་ནི་སྤྱི་དང་བྱེ་བྲག་ཏུ་ཆོས་ཐམས་ཅད་རྣམ་པར་རིག་པའི་ཕྱིར་ཆོས་ཀྱི་རྣམ་པར་ཤེས་པ་ཞེས་བྱའོ། །ཡང་ཆོས་ཀྱི་རེག་བྱ་རྣམ་པར་རིག་པའི་ཕྱིར་ཆོས་ཀྱི་རྣམ་པར་ཤེས་
པའི་མིང་འཐོབ་པ་ཡིན་ནོ་ཞེས་བཤད་དེ། འདི་དང་སྦྱར་ན་ཐེག་པ་ཆེན་པོའི་བསྟན་བཅོས་ལས། ཆོས་ཀྱི་སྐྱེ་མཆེད་རྣམ་པ་གཉིས་དང་ལྡན་པར་མངོན་ནོ། །འདིར་ཡང་དག་པའི་དོན་དུ་ན་འདུ་བྱེད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་པ་དག་ནི་སྐྱེ་མཆེད་བཅུ་གཉིས་སུ་གཏོགས་པ་
ཡིན་ཏེ། མདོ་སྡེ་འདི་ལས་རེ་ཞིག་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་པར་བྱ་བ་དང་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་དོན་རྣམ་པ་གཉིས་ཀྱི་དབང་དུ་མཛད་པའི་ཕྱིར་འདུ་བྱེད་ལ་སོགས་པ་དེ་དག་ཐམས་ཅད་ལ་ཆོས་ཀྱི་སྐྱེ་མཆེད་ཅེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཤིན་ཏུ་
Vol. 118 · folio 177b
རྣམ་དག་དོན་དམ་པའི་བདེན་པའི་མཚན་ཉིད་དང་། འདུ་བྱེད་རྣམས་ཀྱི་མཚན་ཉིད་གཅིག་པའི་མཚན་ཉིད་དམ་ཐ་དད་པའི་མཚན་ཉིད་ཅེས་གདགས་པར་མི་ནུས་སོ་ཞེས་བྱ་བ་ནི་བཞི་པ་དཔེ་དང་དོན་དུ་སྦྱར་བ་སྟེ། མདོ་ཉིད་ཀྱིས་བརྡ་ཕྲད་པར་ཟད་དོ། །བློ་གྲོས་ཤིན་ཏུ་རྣམ་
དག་ངས་ནི་ཇི་ལྟར་ཕྲ་བ་མཆོག་ཏུ་ཕྲ་བ། ཟབ་པ་མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ་མཆོག་ཏུ་རྟོགས་པར་དཀའ་བ་གཅིག་པ་དང་ཐ་དད་པ་ཉིད་ཀྱི་མཚན་ཉིད་ལས་ཡང་དག་པར་འདས་པའི་དོན་དམ་པའི་བདེན་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ།
མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་གཞན་དག་ལ་བསྙད་ཅིང་རབ་ཏུ་བསྟན། རྣམ་པར་བཤད། རྣམ་པར་གདགས་པར་བྱས། གསལ་བར་བྱས་སོ་ཞེས་བྱ་བ་ནི་ལྔ་པ་མཇུག་བསྡུ་བ་སྟེ། ཕ་རོལ་གྱི་ཐེ་ཚོམ་གཅོད་པ་ཡིན་པ་དེ་བཞིན་གཤེགས་པས་བསྟན་
དགོས་སོ། །ཤིན་ཏུ་ཟབ་པའི་དོན་དམ་པ་དེ་ཇི་ལྟར་ཁོང་དུ་ཆུད་པར་བྱ་སྙམ་པ་ལ། དེའི་ཕྱིར་ཡང་དེ་ལྟར་གཅིག་པ་དང་། ཐ་དད་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་གཞན་དག་ལ་བསྙད་དོ་ཞེས་གསུངས་པ་ཡིན་ནོ། །དོན་
དམ་པ་དེ་ཡང་དད་པ་བཅུའི་མདུན་རོལ་གྱི་ཕྱི་རོལ་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པས་དེ་དག་གིས་བསྙད་པར་བྱ་བ་མ་ཡིན་པ་དང་། དེ་དག་གིས་རིག་པར་བྱ་བ་མ་ཡིན་པའི་ཕྱིར་ཕྲ་བ་མཆོག་ཏུ་ཕྲ་བ་ཞེས་གསུངས་པ་ཡིན་ནོ། །སའི་མདུན་རོལ་གྱི་འདི་པའི་སོ་
སོའི་སྐྱེ་བོའི་ས་ལས་འདས་པས། ཚིག་གིས་བརྗོད་པར་བྱ་བ་མ་ཡིན་པ་དང་། བསམ་པས་རེག་པར་འགྱུར་བ་མ་ཡིན་པའི་ཕྱིར་ཟབ་པ་མཆོག་ཏུ་ཟབ་པ་ཞེས་གསུངས་སོ། །མཉམ་པ་ཉིད་དུ་བྱང་ཆུབ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ལས་འདས་པས་
ཚིག་གིས་བརྗོད་པ་མ་ཡིན་པ་དང་། བསམ་པས་རེག་པར་བྱ་བ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བ་མཆོག་ཏུ་རྟོགས་པར་དཀའ་བ་ཞེས་གསུངས་ཏེ། བསྐལ་པ་གྲངས་མེད་པ་གསུམ་གྱི་བརྗོད་པ་དང་། བསམ་པ་ཡང་བསྡུ་བའི་ཕྱིར་ཚིག་དྲུག་གསུངས་པ་ཡིན་པས་ཅི་རིགས་
Vol. 118 · folio 178a
སུ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་ཚིགས་སུ་བཅད་པས་མདོར་བསྟན་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། ཚིགས་སུ་བཅད་པ་
གླེང་བསླང་བ་དང་། ཚིགས་སུ་བཅད་པ་སྨོས་ནས་མདོར་བསྟན་པ་སྟེ། འདི་ནི་དང་པོའོ། །འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་བཞིན་དུ་ནི་བཞུགས་མ་ཡིན། །སེམས་ཅན་མཚན་མས་བཅིངས་པ་གང་དག་
དང་། །གནས་ངན་ལེན་གྱིས་བཅིངས་པ་གང་ཡིན་པ། །ཞི་གནས་ལྷག་མཐོང་དག་ནི་གོམས་བྱས་ན། །དེ་ནས་རྣམ་པར་གྲོལ་བ་འཐོབ་པར་འགྱུར། །ཞེས་བྱ་བ་ནི་གཉིས་པ་ཚིགས་སུ་བཅད་པ་སྨོས་ནས་མདོར་བསྟན་པ་ཉིད་དོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དང་པོ་ཚིག་གཉིས་
ཀྱིས་ནི་དོན་ཟབ་པ་ཉིད་དུ་བསྔགས་པ་ཉིད་དོ། །ཚིག་བར་མ་བཞིས་ནི་མངོན་པར་ཞེན་པ་དག་སྐྱོན་དང་བཅས་པར་བསྟན་ཏོ། །ཐ་མའི་ཚིག་གཉིས་ཀྱིས་ནི་གང་རྣལ་འབྱོར་བསྒོམ་པ་དེ་དག་འབྲས་བུ་ཐོབ་པ་ཉིད་དུ་བསྟན་ཏོ། །དེ་ལ་འདུ་བྱེད་ཁམས་ཞེས་བྱ་བ་ལ་འདུ་བྱེད་ནི་འདི་ལྟ་སྟེ། རྣམ་
པར་གྱུར་པ་འདུས་བྱས་ཀྱི་འདུ་བྱེད་རྣམས་སོ། །ཁམས་ནི་ངོ་བོ་ཉིད་ཀྱི་དོན་ཏོ། །འདི་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་འདུས་བྱས་ཀྱི་རང་གི་ངོ་བོ་ཉིད་ནི་ཁམས་ཞེས་བྱའོ་ཞེའོ། །ཁ་ཅིག་ན་རེ་འདུ་བྱེད་རྣམས་ནི་དེ་བཞིན་ཉིད་ཀྱིས་ངོ་བོ་ཉིད་བྱེད་པས། དེའི་
ཕྱིར་འདུ་བྱེད་ཀྱི་ཁམས་ཞེས་བྱའོ་ཞེས་བཤད་དེ། དེས་ནི་འདུ་བྱེད་ཀྱི་ཁམས་དོན་དམ་པ་ཡིན་པར་བསྟན་ཏོ། །ཚིག་བར་མ་བཞིས་མངོན་པར་ཞེན་པ་དག་ལ་སྐྱོན་ཡོད་པར་བསྟན་པ་ཡང་འདི་ལྟ་སྟེ། གཅིག་པ་དང་ཐ་དད་པ་ཉིད་དུ་འཛིན་པ་དེ་དག་ནི་ཐམས་ཅད་ཚུལ་
བཞིན་མ་ཡིན་པའི་ཕྱིར། འཆིང་བ་གཉིས་པོ་དག་གིས་བཅིངས་པར་གྱུར་པ་ཡིན་ཏེ། འཆིང་བ་གཉིས་ཀྱི་དོན་ནི་གོང་དུ་བསྟན་པ་བཞིན་ནོ། །ཐ་མའི་ཚིག་གཉིས་ཀྱིས་རྣལ་འབྱོར་པ་བསྒོམ་པ་དག་འབྲས་བུ་ཐོབ་པར་བསྟན་པ་ཡང་འདི་ལྟ་སྟེ། རྨོངས་པ་མ་ཡིན་པ་
Vol. 118 · folio 178b
གང་ཡིན་པ་དེ་དག་ཞི་གནས་དང་ལྷག་མཐོང་བསྒོམས་ན་གདོད་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའོ། །ཞི་གནས་ནི་ཏིང་ངེ་འཛིན་གྱི་བདག་ཉིད་དེ། རྣམ་པར་གཡེང་བ་ཞི་བར་བྱེད་པས་ཞི་གནས་ཞེས་བྱའོ། །ལྷག་མཐོང་ནི་ཤེས་རབ་ཀྱི་བདག་ཉིད་དེ་ཆོས་རྣམས་སོ་སོར་རྟོགས་པར་བྱེད་པས་
ལྷག་མཐོང་ཞེས་བྱ་སྟེ། འོག་ནས་རྣལ་འབྱོར་རྣམ་པར་འབྱེད་པའི་སྐབས་ནས་རྒྱ་ཆེར་རྣམ་པར་འབྱེད་དོ། །རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་རྣམ་པ་གཉིས་ཏེ། འདུས་བྱས་ཀྱི་རྣམ་པར་གྲོལ་བ་ནི་སེམས་དང་ཤེས་རབ་རྣམ་པར་གྲོལ་བ་རྣམ་པ་གཉིས་
སོ། །འདུས་མ་བྱས་ཀྱི་རྣམ་པར་གྲོལ་བ་ནི་འདུས་མ་བྱས་ཀྱི་མྱ་ངན་ལས་འདས་པ་རྣམ་པ་བཞིའོ། །དེ་ནི་འདི་སྐད་དུ་གལ་ཏེ་འཆིང་བ་རྣམ་པ་གཉིས་ཡོངས་སུ་སྤང་བར་འདོད་ན་བསྐལ་པ་གྲངས་མེད་པ་གསུམ་དུ་ཞི་གནས་དང་ལྷག་མཐོང་ཤིན་ཏུ་གོམས་པར་བྱས་ན་གདོད་འཆིང་
བ་རྣམ་པ་གཉིས་ལས་གྲོལ་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་མདོ་སྡེ་འདི་དང་དོན་མཐུན་པར་སྟོན་ཏེ། དེའི་ཕྱིར་དེ་ཉིད་ལས་གཞན་ཡང་ཉོན་མོངས་པ་རྣམས་ནི་ཇི་ལྟར་སྤོང་བར་འགྱུར། ཇི་ཙམ་གྱིས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་
བརྗོད་པར་བྱ་ཞེ་ན། འདི་ལྟ་སྟེ། ཞི་གནས་ལ་གོམས་པའི་ཕྱིར་དང་། ལྷག་མཐོང་ལ་གོམས་པར་བྱ་བའི་ཕྱིར་ཉོན་མོངས་པ་སྤོང་བར་བྱེད་དེ། མཚན་མའི་འཆིང་བ་ལས་ངེས་པར་གྲོལ་ན། གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་བ་ནི་ཉོན་མོངས་པ་
ཐམས་ཅད་སྤངས་པར་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། མཚན་མའི་འཆིང་བས་སྐྱེ་བོ་བཅིངས་པ་དང་། །གནས་ངན་ལེན་དག་གིས་ཀྱང་གང་བཅིངས་པ། །ཞི་གནས་ལྷག་མཐོང་ཟུང་དུ་རབ་བསྒོམས་ནས། །གཉིས་ཀ་ལས་ནི་རྣམ་པར་གྲོལ་བར་
འགྱུར། །ཞེས་གསུངས་པ་ལྟ་བུའོ།། །།བམ་པོ་བཅུ་དྲུག་པ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཞེས་བྱ་བ་འདི་མན་ཆད་ནི་བཞི་པ་ཐམས་ཅད་རབ་ཏུ་རོ་གཅིག་པའི་མཚན་ཉིད་ཅེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ།
Vol. 118 · folio 179a
ཚིག་རྐྱང་པས་རྒྱ་ཆེར་རྣམ་པར་བཤད་པ་དང་། ཚིགས་སུ་བཅད་པས་མདོར་བསྟན་པའོ། །ཚིག་རྐྱང་པས་རྣམ་པར་བཤད་པ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དེ་བཞིན་གཤེགས་པས་བཀའ་སྩལ་སྨོས་པ་དང་། འཕགས་པ་རབ་འབྱོར་གྱིས་ལན་གསོལ་བ་དང་།
བཅོམ་ལྡན་འདས་ཀྱིས་ཡང་དག་པར་བཤད་པ་སྟེ། འདི་ནི་དེ་བཞིན་གཤེགས་པས་བཀའ་སྩལ་སྨོས་པའོ། །འདི་ཡང་རྣམ་པ་གཉིས་ཏེ། དུས་དང་སྦྱར་ནས་བཀའ་སྩལ་སྨྲ་བ་པོ་སྨོས་པ་དང་། བཀའ་སྨྲ་བ་ཉིད་ཡང་དག་པར་བསྟན་པ་སྟེ། འདི་ནི་དང་པོའོ། །དེའི་ཚེ་ན་ཞེས་བྱ་
བ་ནི། བཅོམ་ལྡན་འདས་ཀྱིས་དེ་བཞིན་ཉིད་རོ་གཅིག་པའི་མཚན་ཉིད་གསུངས་པའི་ཚེའམ། ཡང་ན་འཕགས་པ་རབ་འབྱོར་གྱིས་ཞུ་བ་གསོལ་བའི་ཚེ་ནའོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་དེའི་ཚེ་ན་ཞེས་བྱ་བ་ནི། རྣམ་པ་བཅུ་གཅིག་ཡོད་དེ་སངས་རྒྱས་འཇིག་
རྟེན་ན་བཞུགས་པའི་དུས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་དང་། ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆད་ཅིང་འཁོར་འདུས་པའི་དུས་དང་། ཐོས་པ་དང་བསམ་པ་དང་བསྒོམ་པའི་དུས་དང་། ས་བོན་བཏབ་ནས་རྣམ་པར་གྲོལ་བ་ཡོངས་སུ་སྨིན་པའི་དུས་དང་། རང་
གི་དོན་ཡང་དག་པར་རྣམ་པར་གཞག་པའི་དུས་དང་། ལོག་པར་འཛིན་པ་རྣམ་པར་གཞིག་པའི་དོན་རྣམ་པར་གཞག་པའི་དུས་དང་། འཁོར་བའི་བཙོན་ར་དམ་པོ་རྣམ་པར་གཞོམ་པའི་དུས་དང་། ཡང་དག་པའི་དོན་བཤད་པའི་དབང་གིས་དགའ་བར་འགྱུར་བའི་དོན་ཕྱིན་ཅི་ལོག་གིས་
སེམས་ཅན་སྒྲིབ་པ་རྣམ་པར་འཇིག་པའི་དུས་དང་། ཡང་དག་པའི་རྣལ་འབྱོར་པ་དག་རིན་པོ་ཆེའི་བགོ་བཤའ་ནོད་པ་ན། བཅོམ་ལྡན་འདས་ཀྱི་ཆོས་ཡང་དག་པ་འཁོར་རྣམས་ལ་བགོ་བཤའ་བྱེད་པ་ཞེས་གསུངས་པས་ཆོས་རིན་པོ་ཆེ་འཁོར་རྣམས་ལ་བགོ་བཤའ་མཛད་པའི་དུས་
དང་། ཡང་དག་པར་རྣལ་འབྱོར་བསྒོམ་པ་ན་ཡང་དག་པའི་ཏིང་ངེ་འཛིན་དང་། ཤེས་པ་སྐྱེ་ཞིང་དོན་དམན་པ་དག་ཟིལ་གྱིས་གནོན་པའི་ཕྱིར་དེའི་ཚེ་ན་ཞེས་གསུངས་སོ་ཞེས་འབྱུང་ངོ་། །དེ་ལ་རབ་འབྱོར་ཅེས་བྱ་བ་ནི་བརྒྱུད་དེ་བཤད་པ་དག་ལས། འདི་ལ་དང་པོ་བཙས་
Vol. 118 · folio 179b
པའི་ཚེ་ཁྱིམ་སྟོན་པར་གྱུར་པ་དང་། ཕ་མས་ཡ་མཚན་དུ་བཟུང་ནས་མཚན་མཁན་དག་ལ་སྨྲས་སོ། །མཚན་མཁན་དག་གིས་སྟོང་པར་སྟོན་པ་འདི་ནི་དགེ་བ་ཁོ་ན་ཡིན་ཏེ་བསྐྱེད་པ་མེད་དོ་ཞེས་སྨྲས་པའི་ཕྱིར་རབ་འབྱོར་ཅེས་བྱའོ། །སློབ་དཔོན་ཡང་དག་བདེན་པས་འཕགས་པ་རྡོ་རྗེ་གཅོད་
པའི་བརྗེད་བྱང་ལས་འདི་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རླུང་སྔོན་པོ་ཞེས་བྱ་བ་ཡིན་ཏེ། འདིར་སྤྲུལ་པའི་གཟུགས་བརྙན་བསྟན་པ་ཡིན་ནོ་ཞེས་བཤད་དེ་རྒྱ་ཆེར་ནི་བརྗེད་བྱང་དེ་ཉིད་ལས་འབྱུང་བ་བཞིན་ནོ། །གཞན་ཡང་བརྒྱུད་དེ་བཤད་པ་དག་ལས་འདི་སྐྱེ་བ་
གཅིག་གིས་ཐོགས་པའི་ས་ལ་གནས་པར་སྟོན་པ་ཡིན་པའི་གསུང་རབ་ཡོད་དོ་ཞེས་བཤད་དེ། ཡིད་ཆེས་སུ་རུང་བའི་གསུང་རབ་ཉིད་ནི་མ་མཐོང་ངོ་། །ཁ་ཅིག་ན་རེ་འདི་ནི་བྲམ་ཟེའི་བུ་ཡིན་ཏེ་ལྷ་རྣམས་ལ་གསོལ་བ་བཏབ་པས་ཐོབ་པ་ཡིན་ནོ། །འདི་ཆེར་སྐྱེས་པ་ན་ཕ་མ་ལ་
སངས་རྒྱས་སྤྱན་དྲང་བར་བསྐུལ་ནས་དེ་བཞིན་དུ་མཆོད་པ་ཆེན་པོ་བྱས་ཏེ། རྒྱལ་བྱེད་ཀྱི་ཚལ་དུ་བཅོམ་ལྡན་འདས་སྐྱེལ་དུ་སོང་བ་ལས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེའོ། །ཁ་ཅིག་ན་རེ་འདི་ནི་རྒྱལ་པོ་ཡོངས་སུ་དག་པའི་དབྱངས་ཞེས་བྱ་བའི་སྲས་ཡིན་ནོ་ཞེའོ། །ཅིའི་ཕྱིར་
འཁོར་འདི་འཕགས་པ་རབ་འབྱོར་འབའ་ཞིག་ལ་བཀའ་སྩལ་ལ། འཁོར་གཞན་གསུམ་པོ་དག་དང་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་བཀའ་མ་སྩལ་ཞེ་ན། སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་འཁོར་གཞན་དག་ལ་བཀའ་མ་སྩལ་བ་ནི་དོན་རྣམ་པ་
གསུམ་ཡོད་དེ། དང་པོ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་ཚེ་དགེ་སློང་དག་སྔར་ལམ་དུ་ཞུགས་ནས་སངས་རྒྱས་ཀྱི་ཞམ་འབྲིང་བྱས་པ་ཡིན་ལ་འཁོར་གཞན་དག་ནི་ཕྱིས་ཞུགས་པའི་ཕྱིར་རོ། །གཉིས་པ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་དེང་
བསྙེན་པར་རྫོགས་པའི་དགེ་སློང་ལ་ཕྱག་བྱ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདི་ཚུལ་ཁྲིམས་ཡོངས་སུ་རྫོགས་པའི་ཕྱིར་རོ། །གཞན་ཡང་ནམ་འཚོའི་བར་དུ་དགེ་སློང་ལ་གནས་བཅའ་དགོས་པའི་ཕྱིར་རོ། །གསུམ་པ་ནི་དབང་པོའི་རང་བཞིན་མཆོག་ཏུ་གྱུར་པ་སྟེ།
Vol. 118 · folio 180a
འདི་ལྟར་སྐྱེས་པ་ནི་དབང་པོ་རྣོ་ཞིང་རྟུལ་ཕོད་པ་ཡིན་ལ། བུད་མེད་ནི་མི་གསལ་ཞིང་ཞན་པས་དེའི་ཕྱིར་འདུལ་བ་ལས་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བསྟན་ན་ལྟུང་བའོ་ཞེས་གསུངས་པའོ། །དེ་ལ་ཚིག་ལྔ་ནི་འདི་ལྟ་སྟེ། ཕུང་པོ་
ལྔའོ། །ཚིག་དྲུག་ནི་འདི་ལྟ་སྟེ། སྐྱེ་མཆེད་དྲུག་གོ། །བུད་མེད་ལ་ཆོས་འཆད་པ་ན་ཕུང་པོ་དང་སྐྱེ་མཆེད་ལས་ལྷག་པའི་དོན་འཆད་དུ་མི་རུང་སྟེ། དབང་པོ་མི་གསལ་ཞིང་ཞན་པས་མང་དུ་འཛིན་མི་ནུས་པའི་ཕྱིར་རོ་ཞེའོ། །འཁོར་གཞན་ཡང་བྱང་ཆུབ་སེམས་དཔའ་ལ་
བཀའ་མ་སྩལ་བ་ཡང་རྒྱ་ཆེར་རྣམ་པར་དབྱེ་ན། དོན་རྣམ་པ་ལྔ་ཡོད་དེ་མངས་ཀྱིས་དོགས་ནས་འདིར་མ་བརྗོད་དོ། །གཞན་ཡང་འདུལ་བ་དུམ་བུ་ལྔ་པ་ལས་ཚིག་ལྔ་ཞེས་བྱ་བ་ནི་གཟུགས་མི་རྟག་ཅེས་བྱ་བ་ནས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མི་རྟག་པའི་
བར་དུའོ། །ཚིག་དྲུག་ཅེས་བྱ་བ་ནི་མིག་བདག་མེད་ཅེས་བྱ་བ་ནས། རྣ་བ་དང་སྣ་དང་། ལྕེ་དང་ལུས་དང་ཡིད་བདག་མེད་པའི་བར་དུའོ་ཞེས་གསུངས་འདུལ་བ་དུམ་བུ་བཞི་པ་ལ་སོགས་པ་ལས་ནི་རྣམ་པར་བཤད་པ་མེད་དོ། །འདིར་འཕགས་པ་རབ་འབྱོར་ལ་བཀའ་
སྩལ་པའི་རྣམ་པར་བཤད་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འཕགས་པ་རབ་འབྱོར་ཡང་རྒྱུ་དང་རྐྱེན་གཉིས་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས་ཆོས་འཆད་པར་མཛད་ལ་སློབ་མ་གཞན་དག་ལ་ནི་བཀའ་མ་སྩལ་བ་ཡིན་ཏེ། ཉོན་མོངས་པ་མེད་
པའི་ཏིང་ངེ་འཛིན་ལ་རབ་ཏུ་ཞུགས་པའི་ཕྱིར་དང་། ཆོས་སྟོང་པ་ཉིད་ལ་ཤིན་ཏུ་ཞུགས་པའི་ཕྱིར་རོ་ཞེས་འབྱུང་ངོ་། །གལ་ཏེ་དེ་ལྟར་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་མ་སྩལ། སྨྲས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། འཕགས་པ་རབ་འབྱོར་
ནི་རྟག་པར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྤྱོད་ཅིང་ཟག་པ་རྣམས་སྤངས་པས་སེམས་ཅན་རྣམས་ཡིད་ཆེས་པ་རྣམས་བསྐྱེད་པའི་ཕྱིར་ཆོས་འཆད་པར་བཀའ་སྩལ་པ་ཡིན་ནོ་ཞེས་འབྱུང་ངོ་། །གཞན་ཡང་པུཎྜ་རཱི་ཀའི་འགྲེལ་པའི་མཚན་ཉིད་ཀྱི་ལེའུ་ལས། དོན་རྣམ་པ་ལྔའི་ཕྱིར་
Vol. 118 · folio 180b
བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ལ་བཀའ་སྩལ་པ་མཛད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་མི་སྩལ་ཏོ་ཞེས་བཤད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་བྱང་ཆུབ་སེམས་དཔའ་དང་། སློབ་མ་གཞན་དག་ལ་བཀའ་མ་སྩལ་པ་དང་།
བཅོམ་ལྡན་འདས་ཉིད་ཀྱིས་འཆད་པར་མི་མཛད་པའི་གཏན་ཚིགས་རྒྱ་ཆེར་འབྱུང་བས་དེ་བཞིན་དུ་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དེ་དང་སྦྱར་ནས། འཕགས་པ་རབ་འབྱོར་འབའ་ཞིག་ལ་བཀའ་སྩལ་པར་སྟོན་པས་མདོ་སྡེ་འདིར་ཡང་དེ་བཞིན་དུ་
རིག་པར་བྱའོ། །ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་པའི་ཕྱིར་ཤེས་པ་བརྡ་འཕྲོད་པར་བྱེད་པ་ཡོད་པར་ཤེས། ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་མངོན་པའི་
ང་རྒྱལ་དང་བྲལ་བས་ཤེས་པ་བརྡ་སྤྲོད་པར་བྱེད་པ་ཡོད་པར་ཤེས་ཞེས་བྱ་བ་ནི་གཉིས་པ་བཀས་སྨྲས་པ་ཉིད་ཡང་དག་པར་བསྟན་པའོ། །དེ་ལ་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནི་འཕགས་པ་པུཎྜ་རཱི་ཀའི་མདོ་ལས་ཇི་སྐད་དུ་མ་ཐོབ་པར་ཐོབ་བོ་སྙམ་པ་དང་། མ་རྟོགས་པར་རྟོགས་སོ་སྙམ་པ་
དང་མངོན་པའི་ང་རྒྱལ་ཞེས་བྱའོ་ཞེས་གསུངས་སོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །འདིར་ནི་མངོན་པའི་ང་རྒྱལ་ཡོད་པ་དང་མེད་པ་ལས་བརྩམས་ནས་རྣམ་པ་གཉིས་ཀས་སྨྲས་པ་ཡིན་ཏེ། དེའི་ཕྱིར་སློབ་དཔོན་ཡང་དག་བདེན་པའི་བརྗེད་
བྱང་ལས། སྔ་མ་ནི་མངོན་པའི་ང་རྒྱལ་དང་བཅས་པ་ལས་བརྩམས་ནས་སྨྲས་པའོ། །ཕྱི་མ་ནི་མངོན་པའི་ང་རྒྱལ་མེད་པ་ལས་བརྩམས་ནས་སྨྲས་པའོ། །གཞན་ཡང་སྔ་མ་ནི་སོ་སོའི་སྐྱེ་བོ་ལས་བརྩམས་ནས་སྨྲས་པའོ། །ཕྱི་མ་ནི་འཕགས་པ་ལས་བརྩམས་ནས་སྨྲས་པའོ། །
གཞན་ཡང་སྔ་མ་ནི་གསོར་མི་རུང་བ་ལས་བརྩམས་ནས་སྨྲས་པའོ། །ཕྱི་མ་ནི་གང་ཟག་གསོར་རུང་བ་ལས་བརྩམས་ནས་སྨྲས་པའོ། །གཞན་ཡང་སྔ་མ་ནི་འབྲས་བུ་མེད་པའི་གང་ཟག་གི་སྤྱོད་པ་སྨྲས་པའོ། །ཕྱི་མ་ནི་འབྲས་བུ་དང་བཅས་པའི་གང་ཟག་གི་སྤྱོད་པ་སྨྲས་པའོ། །
Vol. 118 · folio 181a
གཞན་ཡང་སྔ་མ་ནི་གང་ཟག་ཕྱིན་ཅི་ལོག་ཏུ་གྱུར་པ་སྨྲས་པའོ། །ཕྱི་མ་ནི་གང་ཟག་ཕྱིན་ཅི་ལོག་ཏུ་མ་གྱུར་པ་སྨྲས་པའོ། །གཞན་ཡང་སྔ་མ་ནི་ལོག་པའི་ཕུང་པོ་ཉིད་དུ་ངེས་པའི་གང་ཟག་སྨྲས་པའོ། །ཕྱི་མ་ནི་ཡང་དག་པའི་ཕུང་པོ་ཉིད་དུ་ངེས་པའི་གང་ཟག་སྨྲས་པའོ་ཞེས་
བཤད་དོ། །མདོའི་ཚིག་འདིའི་བཤད་པ་ཡང་སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། ང་རྒྱལ་དང་བཅས་པ་དང་ང་རྒྱལ་མེད་པ་རེ་རེ་ལ་ཡང་དོན་རྣམ་པ་བཞི་བཞི་ཡོད་པ་བཤད་དེ། དེ་ལ་ང་རྒྱལ་དང་བཅས་པའི་རྣམ་པ་བཞི་ཡང་མངོན་པའི་ང་རྒྱལ་གྱི་གནས་ནི་འདི་ལྟ་སྟེ།
ཉེ་བར་ལེན་པའི་ཕུང་པོ་ལྔ་དང་བཅས་པའོ། །ང་རྒྱལ་གྱི་རྒྱུ་ནི་འདི་ལྟ་སྟེ། ང་རྒྱལ་གྱི་བག་ལ་ཉལ་ལོ། །ང་རྒྱལ་གྱི་བདག་ཉིད་ནི་འདི་ལྟ་སྟེ། མཐོ་བའི་སེམས་སོ། །ང་རྒྱལ་གྱི་དངོས་པོའི་ནུས་པ་ནི་འདི་ལྟ་སྟེ། སེམས་མཐོ་བའི་ང་རྒྱལ་གྱི་རྒྱུ་ལས་དང་རྣམ་པར་
སྨིན་པ་ལ་སོགས་པ་བསྐྱེད་པའོ། །སེམས་ཅན་ཇི་སྙེད་ཅིག་ཅེས་བྱ་བ་ནི་ང་རྒྱལ་གྱི་གནས་བསྟན་པའོ། །མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནི་ང་རྒྱལ་གྱི་རྒྱུ་བསྟན་པའོ། །མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་པའི་ཕྱིར་ཞེས་བྱ་བ་ནི་ང་རྒྱལ་གྱི་བདག་ཉིད་བསྟན་པའོ། །ཤེས་པ་
བརྡ་སྤྲོད་པར་བྱེད་པ་ཡོད་པར་ཤེས་ཞེས་བྱ་བ་ནི་ང་རྒྱལ་གྱི་དངོས་པོའི་ནུས་པ་བསྟན་པའོ། །ང་རྒྱལ་མེད་པའི་རྣམ་པ་བཞི་ཡང་ང་རྒྱལ་མེད་པའི་གནས་ནི་འདི་ལྟ་སྟེ། ཟག་པ་མེད་པའི་ཕུང་པོ་ལྔ་རྒྱུན་མི་འཆད་པའོ། །ང་རྒྱལ་མེད་པའི་རྒྱུ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའོ། །
ང་རྒྱལ་མེད་པའི་བདག་ཉིད་ནི་ཀུན་ཤེས་པའི་དབང་པོའོ། །ང་རྒྱལ་མེད་པའི་དངོས་པོའི་ནུས་པ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །སེམས་ཅན་ཇི་སྙེད་ཅིག་ཅེས་བྱ་བ་ནི་ང་རྒྱལ་མེད་པའི་གནས་བསྟན་པའོ། །མངོན་པའི་ང་རྒྱལ་དང་བྲལ་བ་ཞེས་བྱ་བ་ནི་ང་རྒྱལ་མེད་པའི་རྒྱུ་དང་བདག་
ཉིད་བསྟན་ཏོ། །ཚིག་ངེས་པར་འགྲེལ་པའི་མདོ་ལས་ནི་མངོན་པའི་ང་རྒྱལ་མེད་པ་དང་མངོན་པའི་ང་རྒྱལ་གྱི་དབང་དུ་མ་གྱུར་པ་ཞེས་འབྱུང་ལ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་བདག་དང་བྲལ་བ་ང་རྒྱལ་དང་བྲལ་བ་ཞེས་འབྱུང་བས་མདོ་དེ་ཉིད་ལས་ནི་ཚིག་གཉིས་ཚང་
Vol. 118 · folio 181b
བར་སྨོས་ལ། མདོ་འདི་ལས་ཚིག་གཅིག་ལས་མི་སྨོས་པ་ནི་དོན་གཉིས་ཏེ་བསྡུས་པས་དེའི་ཕྱིར་མངོན་པའི་ང་རྒྱལ་དང་བྲལ་བ་ཞེས་བྱ་བ་འབའ་ཞིག་གསུངས་སོ། །ཤེས་པ་བརྡ་སྤྲོད་པར་བྱེད་པ་ཡོད་པ་ཞེས་བྱ་བ་ནི་ང་རྒྱལ་མེད་པའི་དངོས་པོའི་ནུས་པ་བསྟན་པའོ། །དེ་ནས་ཚེ་དང་
ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་སེམས་ཅན་གྱི་ཁམས་ན་སེམས་ཅན་ཉུང་ཤས་ཅིག་མངོན་པའི་ང་རྒྱལ་དང་བྲལ་བས་ཤེས་པ་བརྡ་སྤྲོད་པར་འཚལ་ལགས་ཀྱི་ཞེས་བྱ་བ་འདི་མན་ཆད་ནི་གཉིས་པ་འཕགས་པ་རབ་འབྱོར་
གྱིས་ལན་གསོལ་པའོ། །འདི་ཡང་རྣམ་པ་གཉིས་ཏེ། བཀས་སྨྲས་པ་ཕྱི་མའི་ལན་གསོལ་པ་དང་། བཀས་སྨྲས་པ་སྔ་མའི་ལན་གསོལ་བའོ། །འདི་ནི་དང་པོ་སྟེ་འདི་ལྟར་ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐམས་ཅད་དུ་རོ་གཅིག་
པའི་མཚན་ཉིད་ཆོས་སྟོང་པ་ཉིད་ཀྱི་དོན་དམ་པ་ཁོང་དུ་ཆུད་པ་དེས་མངོན་པའི་ང་རྒྱལ་རྣམས་མི་བསྐྱེད་ཀྱི་ཐེག་པ་གཉིས་དང་སོ་སོའི་སྐྱེ་བོ་ལ་སོགས་པ་ནི་མ་ཡིན་པའི་ཕྱིར་སེམས་ཅན་ཉུང་ཤས་ཅིག་མངོན་པའི་ང་རྒྱལ་དང་བྲལ་བས་ཤེས་པ་བརྡ་སྤྲོད་པར་འཚལ་ལགས་ཀྱི་ཞེས་
བྱ་བ་གསུངས་སོ། །འོ་ན་ཇི་ལྟར་ཐེག་པ་གཉིས་ཀྱི་དེའི་མཚན་ཉིད་འཆད་ཤེས་ཤིང་བྱང་ཆུབ་སེམས་དཔའ་རྣམས་ལ་འཆད་པར་བྱེད་ཅེ་ན། སྨྲས་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་སྤྱིའི་མཚན་ཉིད་མདོ་ཙམ་དུ་ཤེས་པ་ཡིན་གྱི་རེ་རེ་ནས་མཐར་ཕྱིན་པར་ཁོང་དུ་ཆུད་པ་
ནི་མ་ཡིན་ཏེ། དེའི་ཕྱིར་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ཆེན་པོའི་ནང་ནས་ལྗགས་ཀྱི་མཚན་ཉིད་ཀྱི་ལེའུ་ལས་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་འཆད་པ་སངས་རྒྱས་ཀྱི་མཐུ་ཡིན་ནོ་ཞེས་གསུངས་སོ། །འཕགས་པ་རབ་འབྱོར་འདི་བྱིན་གྱིས་བརླབས་པའི་
དབང་གིས་ཆོས་འཆད་པ་ཡིན་ནོ། །འོ་ན་ནི་ཆོས་སུ་འཛིན་པ་ཡང་སྤངས་པའི་རིགས་སོ། །གལ་ཏེ་མ་སྤངས་པ་ན་ཇི་ལྟར་འཆད་པར་ནུས་བྱིན་གྱི་རླབས་ཀྱིས་བརླབས་པའི་ཕྱིར་མངོན་པར་ཡིད་ཆེས་ཤིང་ཁོང་དུ་ཡང་ཆུད་ལ་སྟོང་པ་ཉིད་འཆད་པར་ཡང་ནུས་ཀྱི། གལ་ཏེ་དེ་ལྟ་
Vol. 118 · folio 182a
མ་ཡིན་ན། ཆོས་སུ་འཛིན་པ་སྤངས་པའི་སྐྱོན་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཐེག་པ་གཉིས་ཆོས་སྟོང་པ་ཉིད་ཀྱི་ཚུལ་དུ་ད་དུང་མ་རྟོགས་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །འཕགས་པ་རབ་འབྱོར་འདི་ཐེག་
པ་འོག་མ་པ་ཡིན་ན། ཇི་ལྟར་ལན་གསོལ་ཅིང་ཞིང་ཡོངས་སུ་དག་པ་ན་གནས་པར་གྱུར་ཅེ་ན། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་ཞིང་ཡོངས་སུ་དག་པར་ཕྱིན་པར་གྱུར་པའམ། ཡང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་གྱི་ཡང་དག་པའི་ལུས་ཀྱིས་ནི་མ་ཡིན་པའམ། ཡང་ན་ཞིང་
ཡོངས་སུ་མ་དག་པ་དག་ན་བཀས་སྨྲས་པ་དང་ལན་དུ་གསོལ་པ་འདི་ལྟ་བུ་དག་སྲིད་པ་ཡིན་ནོ། །བཅོམ་ལྡན་འདས་བདག་གིས་སེམས་ཅན་གྱི་ཁམས་ན་ཚད་མ་མཆིས་གྲངས་མ་མཆིས་བརྗོད་དུ་མ་མཆིས་པ་སྙེད་ཀྱི་སེམས་ཅན་དག་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་གྱིས་
མངོན་དུ་ཟིན་པའི་སླད་དུ་ཤེས་པ་བརྡ་སྤྲོད་པར་བགྱིད་པ་དག་མཆིས་པར་འཚལ་ལགས་ཀྱི་ཞེས་བྱ་བ་མན་ཆད་ནི་གཉིས་པ་བཀས་སྨྲས་པ་སྔ་མའི་ལན་གསོལ་བ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གསུམ་དུ་དབྱེ་སྟེ་ལན་མདོར་གསོལ་པ་དང་། བདག་ཉིད་ཀྱི་མཐོང་བ་སྨོས་པ་དང་།
བདག་ཉིད་ཀྱི་བསམ་པ་གང་ཡིན་པ་གསོལ་བའོ། །འདི་ནི་དང་པོ་སྟེ། བདག་གིས་སེམས་ཅན་གྱི་ཁམས་ན་ཚད་མ་མཆིས་པ་སྙེད་ཀྱི་སེམས་ཅན་དག་མངོན་པའི་ང་རྒྱལ་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བགྱིད་པ་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པ་བརྡ་སྤྲོད་པར་བྱེད་པའི་
མཚན་ཉིད་ནི་ཕྱིས་འོག་ནས་སྟོན་ཏོ། །འདིར་གསུངས་པའི་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ཡང་སོ་སོ་ནས་བཤད་པ་མི་མཐུན་ཏེ། ཐམས་ཅད་ཡོད་པར་སྨྲ་བའི་གཞུང་དང་སྦྱར་ན་གང་ཟག་རྣམ་པ་བཞིས་མངོན་པའི་ང་རྒྱལ་སྐྱེད་པར་བྱེད་དེ། འདི་ལྟ་སྟེ་སོ་སོའི་སྐྱེ་བོ་དང་འབྲས་
བུ་འོག་མ་གསུམ་པོ་དག་གོ་ཞེས་བཤད་དེ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ་མངོན་པའི་ང་རྒྱལ་བསྐྱེད་པ་ཡང་བཤད་པ་མི་མཐུན་པ་གསུམ་ཡོད་དེ། ཁ་ཅིག་ན་རེ་སོ་སོའི་སྐྱེ་བོས་ནི་ལྔ་སྐྱེད་པར་བྱེད་དེ་འདི་ལྟ་སྟེ། དགེ་བའི་རྩ་བ་བཞི་དང་འབྲས་བུ་བཞི་པོ་དག་ལའོ། །རྒྱུན་དུ་
Vol. 118 · folio 182b
ཞུགས་པ་ནི་བཞི་སྐྱེད་པར་བྱེད་དེ་དང་པོ་མ་གཏོགས་པའོ། །ལན་ཅིག་ཕྱིར་འོང་བས་ནི་གསུམ་སྐྱེད་པར་བྱེད་དེ་དང་པོ་གཉིས་མ་གཏོགས་པའོ། །ཕྱིར་མི་འོང་བས་ནི་གཉིས་སྐྱེད་པར་བྱེད་དེ་དང་པོ་གསུམ་མ་གཏོགས་པའོ། །དགྲ་བཅོམ་པ་ལ་ནི་མངོན་པའི་ང་རྒྱལ་མེད་དོ་ཞེའོ། །ཁ་ཅིག་
ན་རེ་སོ་སོའི་སྐྱེ་བོས་ནི་དགུ་སྐྱེད་པར་བྱེད་དེ་འདི་ལྟ་སྟེ། ཟག་པ་དང་བཅས་པའི་དགེ་བའི་རྩ་བ་དང་ཞུགས་པ་བཞི་དང་འབྲས་བུ་ལ་གནས་པ་བཞི་པོ་དག་ལའོ། །རྒྱུན་དུ་ཞུགས་པས་བདུན་སྐྱེད་པར་བྱེད་དེ་དང་པོ་གཉིས་མ་གཏོགས་པའོ། །ལན་ཅིག་ཕྱིར་འོང་བར་ཞུགས་པས་དྲུག་
སྐྱེད་པར་བྱེད་དེ་སྔ་མའི་གསུམ་པོ་དག་མ་གཏོགས་པའོ། །ལན་ཅིག་ཕྱིར་འོང་བས་ལྔ་སྐྱེད་པར་བྱེད་དེ། སྔ་མ་བཞི་པོ་དག་མ་གཏོགས་པའོ། །ཕྱིར་མི་འོང་བས་ཞུགས་པས་བཞི་སྐྱེད་པར་བྱེད་དེ་སྔ་མའི་ལྔ་པོ་དག་མ་གཏོགས་པའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པས་གསུམ་
སྐྱེད་པར་བྱེད་དེ་སྔ་མའི་དྲུག་མ་གཏོགས་པའོ། །དགྲ་བཅོམ་པ་ལ་ཞུགས་པས་གཉིས་སྐྱེད་པར་བྱེད་དེ་སྔ་མའི་བདུན་པོ་དག་མ་གཏོགས་པའོ། །དགྲ་བཅོམ་པ་ཉིད་ལས་མངོན་པའི་ང་རྒྱལ་མེད་དོ། །རྒྱུན་དུ་ཞུགས་པ་ལ་ཕྱོགས་པ་ལ་ནི་མངོན་པའི་ང་རྒྱལ་བསྐྱེད་པའི་དོན་མེད་དོ་
ཞེའོ། །སྤྱད་པ་དག་གིས་བཤད་པའི་འཕགས་པ་རྣམས་ཀྱང་དགེ་བ་ཟག་པ་དང་བཅས་པ་ཁྱད་པར་ཅན་དག་ལ་མངོན་པའི་ང་རྒྱལ་བསྐྱེད་པས་དེའི་ཕྱིར་འཕགས་པ་དྲུག་པོ་དག་ལ་སྔ་མ་བཞིན་དུ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་བསྟན་པ་བཞིན་ནོ། །མདོ་སྡེ་པ་དག་
ཀྱང་ཐམས་ཅད་ཡོད་པར་སྨྲ་བ་འདོད་པ་དང་མཐུན་པས་འགལ་བ་མེད་དེ་སྡེ་པ་དེ་ལས་བརྟགས་པ་མང་པོ་ཡོད་པའི་ཕྱིར་རོ། །འདིར་ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ཕལ་ཆེར་སྡེ་པ་གཉིས་ཀྱི་གཞུང་དང་མཐུན་ཏེ་མངོན་པའི་ང་རྒྱལ་ནི་སོ་སོ་སྐྱེ་བོ་དང་སློབ་པ་དང་བཅས་པའི་འཕགས་པ་
དག་ལ་ཡོད་པར་བཤད་དེ་དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་ལས་ང་རྒྱལ་གང་ཞེ་ན། བདག་ཉིད་ཁེངས་ཤིང་གཞན་དག་ལ་རློམ་སེམས་དང་བཅས་པའི་མཚན་ཉིད་དེ་ང་རྒྱལ་མེད་པ་ལ་སྒྲིབ་ཅིང་སྡུག་བསྔལ་སྐྱེད་པར་བྱེད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ང་
Vol. 118 · folio 183a
རྒྱལ་འདིའི་བྱེ་བྲག་དང་རྣམ་པ་དགུ་ཡོད་དེ། འདི་ལྟ་སྟེ། ཕྱོགས་རྣམ་པ་གསུམ་དང་བདག་དང་ཡོན་ཏན་ལས་སྐྱེས་པའོ། །ཐམས་ཅད་ཀྱང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བར་རྟོགས་པ་དག་གོ་ཞེས་འབྱུང་ངོ་། །འཕགས་པའི་གནས་
སྐབས་སུ་ཡང་ང་རྒྱལ་མངོན་དུ་འབྱུང་བས་ང་རྒྱལ་གྱི་རྣམ་པ་ཡང་དེས་འབྱུང་བ་ལ་འགལ་བ་མེད་དོ། །ང་རྒྱལ་རྣམ་པ་བདུན་ནི། བསྟན་བཅོས་ཕུང་པོ་ལྔའི་རབ་ཏུ་འབྱེད་པ་ལས་ང་རྒྱལ་གང་ཞེ་ན་འདི་ལྟ་སྟེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་
དང་ངའོ་སྙམ་པའི་ང་རྒྱལ་དང་མངོན་པའི་ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ང་རྒྱལ་ནི་འདི་ལྟ་སྟེ། ཆུང་ངུ་བས་བདག་ཆེའོ་སྙམ་པའམ། མཚུངས་པ་དང་མཚུངས་སོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཆེ་བའི་ང་རྒྱལ་ནི་འདི་ལྟ་སྟེ། མཚུངས་
པ་བས་བདག་ཆེ་བའམ། བདག་ཆེ་བ་དང་མཚུངས་སོ་སྙམ་དུ་བདག་སེམས་ཁེངས་པ་གང་ཡིན་པའོ། །ང་རྒྱལ་ལས་ཀྱང་ང་རྒྱལ་ནི་འདི་ལྟ་སྟེ། ཆེ་བ་བས་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ངའོ་སྙམ་པའི་ང་རྒྱལ་ནི་འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་
རྣམས་ལ་བདག་གམ་བདག་གིར་ཡང་དག་པར་ལྟ་བའི་སེམས་ཁེངས་པ་གང་ཡིན་པའོ། །མངོན་པའི་ང་རྒྱལ་ནི་འདི་ལྟ་སྟེ། གོང་མའི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་པོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ། །ཅུང་ཟད་སྙམ་པའི་ང་རྒྱལ་ནི་འདི་ལྟ་སྟེ།
ཁྱད་ཆེས་འཕགས་པས་བདག་ཅུང་ཟད་ཅིག་གིས་ཆུང་ངོ་སྙམ་པའི་སེམས་ཁེངས་པ་གང་ཡིན་པའོ། །ལོག་པའི་ང་རྒྱལ་ནི་འདི་ལྟ་སྟེ། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལས་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པ་གང་ཡིན་པའོ་ཞེས་འབྱུང་བའོ། །བསྟན་བཅོས་མངོན་པ་ཀུན་
ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་དང་། རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་འདི་དང་མཐུན་པར་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། གང་ཟག་མངོན་པའི་ང་རྒྱལ་ཅན་ནི་སངས་རྒྱས་ཀྱི་སློབ་མ་བསམ་
Vol. 118 · folio 183b
གཏན་དང་ཏིང་ངེ་འཛིན་དང་ལྡན་པ་ཐོབ་པ་ལ་འཕགས་པའི་འབྲས་བུ་མ་ཐོབ་པར་བདག་གིས་ཐོབ་པོ་སྙམ་དུ་སེམས་ཁེངས་པའོ་ཞེས་བཤད་དོ། །ང་རྒྱལ་རྣམ་པ་དགུ་ཞེས་བྱ་བ་ནི་བསྟན་བཅོས་ཤེས་པ་བསྐྱེད་པ་ལས་ང་རྒྱལ་ནི་རྣམ་པ་དགུ་ཡོད་དེ། འདི་ལྟ་སྟེ་བདག་མཆོག་ཏུ་གྱུར་པ་
དང་། བདག་དང་མཚུངས་པ་དང་བདག་པས་ཆུང་བ་དང་། བདག་པས་མཆོག་ཏུ་གྱུར་པ་ཡོད་པ་དང་། བདག་དང་མཚུངས་པ་ཡོད་པ་དང་། བདག་པས་དམའ་བ་ཡོད་པ་དང་། བདག་པས་མཆོག་ཏུ་གྱུར་པ་མེད་པ་དང་། བདག་དང་མཚུངས་པ་མེད་པ་དང་བདག་པས་དམའ་བ་
མེད་དོ་སྙམ་པའོ་ཞེས་འབྱུང་བའོ། །བསྟན་བཅོས་རྣམ་པར་བཤད་པ་ལས་ཀྱང་ང་རྒྱལ་རྣམ་པ་གསུམ་གྱི་རྣམ་པའི་མིང་ཁོ་ན་སྨོས་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ལས་མདོ་སྡེ་ལས་ཇི་སྐད་དུ་ང་རྒྱལ་གྱི་རྣམ་པ་གསུམ་ཞེས་གསུངས་པ་ནི་བདག་མཆོག་ཏུ་གྱུར་ཏོ་སྙམ་པའི་ང་རྒྱལ་གྱི་རྣམ་
པ་དང་། བདག་པས་དམན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་དག་ཡིན་ནོ་ཞེས་བཤད་དེ་དོན་གྱི་རྣམ་པ་དགུ་བསྟན་པ་ཡིན་པས་དོན་དུ་འགལ་བ་མེད་དོ། །ང་རྒྱལ་རྣམ་པ་བདུན་དང་དགུ་ཞེས་བྱ་བ་འདི་ཡང་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་བསྟན་བཅོས་དང་སྦྱར་ན་གནས་རྣམ་པ་ལྔ་
ལས་སྐྱེ་བར་བཤད་དེ། དེའི་ཕྱིར་དེ་ཉིད་ལས་འདིའི་ཕྱེ་བྲག་ཀྱང་རྣམ་པ་བདུན་ནམ་རྣམ་པ་དགུ་ཡོད་དེ་ཕྱོགས་རྣམ་པ་གསུམ་དང་བདག་དང་ཡོན་ཏན་གྱི་གནས་ལས་སྐྱེས་པའོ་ཞེས་བཤད་དེ། དེ་ལ་རེ་ཞིག་ང་རྒྱལ་རྣམ་པ་བདུན་ལས་ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་ང་རྒྱལ་ལས་ཀྱང་ང་རྒྱལ་
དང་ཅུང་ཟད་སྙམ་པའི་ང་རྒྱལ་ནི་ཕྱོགས་རྣམ་པ་གསུམ་ལ་བརྟེན་ནས་འབྱུང་ངོ་། །ངའོ་སྙམ་པའི་ང་རྒྱལ་ནི་བདག་གནས་སུ་གྱུར་པ་ལ་བརྟེན་ནས་སྐྱེའོ། །ལོག་པའི་ང་རྒྱལ་དང་མངོན་པའི་ང་རྒྱལ་ནི་ཡོན་ཏན་གནས་སུ་གྱུར་པ་ལ་བརྟེན་ནས་སྐྱེ་སྟེ། འབྲིང་དང་ཆེན་པོའི་རྣམ་
པ་ལ་བརྟེན་ནས་ནི་ཆེ་བའི་ང་རྒྱལ་སྐྱེའོ། །དེའི་ཕྱིར་བསྟན་བཅོས་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་ཆུང་ངུ་དང་འབྲིང་གི་རྣམ་པ་གཉིས་ལས་ནི་ང་རྒྱལ་སྐྱེའོ། །འབྲིང་དང་ཆེན་པོའི་རྣམ་པ་ལ་བརྟེན་ནས་ནི་ཆེ་བའི་ང་རྒྱལ་སྐྱེའོ། །ཆེན་པོའི་རྣམ་པ་ལ་བརྟེན་ནས་
Vol. 118 · folio 184a
ནི་ང་རྒྱལ་ལས་ཀྱང་ང་རྒྱལ་སྐྱེའོ། །ཆུང་ངུའི་རྣམ་པ་ལ་བརྟེན་ནས་ནི་ཅུང་ཟད་སྙམ་པའི་ང་རྒྱལ་སྐྱེའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་དང་བདག་གིར་འཛིན་པ་དེ་ལས་ནི་ངའོ་སྙམ་པའི་ང་རྒྱལ་འབྱུང་ངོ་། །ཡོན་ཏན་ཁྱད་པར་ཅན་མ་ཐོབ་པར་བདག་གིས་
ཡོན་ཏན་ཁྱད་པར་ཅན་ཐོབ་སྙམ་པ་ལས་ནི་མངོན་པའི་ང་རྒྱལ་འབྱུང་ངོ་། །ཡང་དག་པར་ཡོན་ཏན་མེད་བཞིན་དུ་ཡང་བདག་ནི་ཡོན་ཏན་དང་ལྡན་ནོ་སྙམ་པ་ལས་ནི་ལོག་པའི་ང་རྒྱལ་འབྱུང་ངོ་ཞེས་བཤད་དོ། །ང་རྒྱལ་རྣམ་པ་དགུ་རྣམ་པར་འབྱེད་པ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ།
བསྟན་བཅོས་ཤེས་པ་སྐྱེད་པ་དང་སྦྱར་ན་མཛོད་ཀྱི་བསྟན་བཅོས་ལས་ཇི་སྐད་དུ་འདི་ལྟར་རྣམ་པ་དགུ་པོ་འདི་དག་ནི་སྔ་མའི་ང་རྒྱལ་བདུན་གྱི་རྣམ་པ་ལས་འབྱུང་བ་ཡིན་ཏེ་འདི་ལྟ་སྟེ། སྔར་བསྟན་པའི་ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་ལས་སོ། །འདི་ལྟར་རྣམ་པ་གསུམ་
པོ་དེ་དག་གལ་ཏེ་ལྟ་བ་ལ་བརྟེན་ནས་འདུ་བྱེད་སྐྱེད་པར་བྱེད་ན། དེ་ལ་ཁྱད་པར་ཅན་གྱི་རྣམ་པ་གསུམ་གསུམ་མངོན་པར་འགྲུབ་པར་འགྱུར་ཏེ། དང་པོའི་གསུམ་ནི་གོ་རིམས་བཞིན་དུ་ཆེ་བའི་ང་རྒྱལ་དང་། ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་དག་གོ། །བར་མ་གསུམ་ནི་
གོ་རིམས་བཞིན་དུ་ཅུང་ཟད་སྙམ་པའི་ང་རྒྱལ་དང་ངའི་ང་རྒྱལ་དང་ཆེ་བའི་ང་རྒྱལ་དག་གོ། །ཐ་མ་གསུམ་ནི་གོ་རིམས་བཞིན་དུ་ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་ཅུང་ཟད་སྙམ་པའི་ང་རྒྱལ་དེ་དག་གོ་ཞེས་བཤད་དོ་རྒྱ་ཆེར་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འབྱུང་བ་བཞིན་
ནོ། །བསྟན་བཅོས་ཕྱོགས་ཀྱི་རྣམ་པའི་གནས་བསྟན་པ་ལས་ང་རྒྱལ་གྱི་རྣམ་པ་བཤད་པ་དང་སྦྱར་ན་དེ་ལས་རེ་ཞིག་བདག་མཆོག་གོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ནི་ང་རྒྱལ་རྣམ་པ་གསུམ་ལས་འབྱུང་སྟེ། འདི་ལྟ་སྟེ། ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་
ལས་སོ། །གསུམ་པོ་འདི་དག་ནི་དམན་པ་དང་མཚུངས་པ་དང་། ཁྱད་པར་དུ་གྱུར་པའི་ཡུལ་ལ་རྟོག་པའི་བྱེ་བྲག་གི་ཕྱིར་ཏེ། དེའི་ཕྱིར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་བཅོས་ཕྱོགས་ཀྱི་རྣམ་པའི་གནས་བསྟན་པ་ལས་བཤད་པ་དང་སྦྱར་ན་བདག་མཆོག་
Vol. 118 · folio 184b
གོ་སྙམ་པའི་ང་རྒྱལ་གྱིས་ནི་ང་རྒྱལ་རྣམ་པ་གསུམ་སྟེ། དམན་པ་དག་ལས་བདག་ནི་ལྷག་གོ་སྙམ་པ་གང་ཡིན་པ་དེ་ནི་ང་རྒྱལ་ཞེས་བྱའོ། །མཚུངས་པ་དག་ལས་ནི་བདག་མཆོག་གོ་སྙམ་པ་གང་ཡིན་པ་དེ་ནི་ཆེའོ་སྙམ་པའི་ང་རྒྱལ་ཞེས་བྱའོ། །མཆོག་ཏུ་གྱུར་པ་དག་ལས་བདག་ནི་
མཆོག་ཏུ་གྱུར་པ་ཡིན་ནོ་སྙམ་པ་གང་ཡིན་པ་དེ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ཞེས་བྱའོ། །ང་རྒྱལ་གྱི་རྣམ་པ་གཞན་བརྒྱད་ནི་ཅི་རིགས་པར་བཤད་པར་བྱའོ་ཞེས་འབྱུང་སྟེ། དེ་ལ་ང་རྒྱལ་གྱི་རྣམ་པ་བརྒྱད་ནི་ཅི་རིགས་པར་བཤད་པར་བྱའོ་ཞེས་བྱ་བ་ལ། བདག་དང་མཚུངས་སོ་སྙམ་
པའི་ང་རྒྱལ་གྱི་རྣམ་པ་ནི་འབྲིང་དང་ཆེན་པོའི་རྣམ་པ་ལ་བརྟེན་ནས་ང་རྒྱལ་རྣམ་པ་གཉིས་སྡུད་པར་བྱེད་དེ། མཚུངས་པ་ལ་མཚུངས་སོ་སྙམ་དུ་འཛིན་པ་གང་ཡིན་པ་དེ་ནི་ང་རྒྱལ་ཞེས་བྱའོ། །ཁྱད་པར་དུ་གྱུར་པ་ལ་མཚུངས་སོ་སྙམ་དུ་འཛིན་པ་གང་ཡིན་པ་དེ་ནི་ཆེ་བའི་ང་རྒྱལ་ཞེས་
བྱའོ། །བདག་ཆུང་ངོ་སྙམ་པའི་ང་རྒྱལ་ནི་ཆེན་པོའི་རྣམ་པ་ལ་བརྟེན་ནས་ང་རྒྱལ་རྣམ་པ་གཅིག་སྡུད་པར་བྱེད་དེ། ཆེས་ཁྱད་པར་དུ་འཕགས་པ་ལས་བདག་ཅུང་ཟད་ཅིག་གིས་དམན་ནོ་སྙམ་པ་གང་ཡིན་པ་དེ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ཞེས་བྱའོ། །མཆོག་ཏུ་གྱུར་པ་ཡོད་པ་དང་
དམན་པ་མེད་པ་ཡང་བདག་ཆུང་ངོ་སྙམ་པ་དང་འདྲ་བར་བཤད་པར་བྱའོ། །མཚུངས་པ་ཡོད་པ་དང་། མཆོག་ཏུ་གྱུར་པ་མེད་པ་ནི་བདག་དང་མཚུངས་སོ་སྙམ་པ་དང་འདྲ་བར་བཤད་པར་བྱའོ། །དམན་པ་ཡོད་པ་དང་མཚུངས་པ་མེད་པ་ནི་བདག་མཆོག་ཏུ་གྱུར་པ་དང་འདྲ་བར་བཤད་
དོ། །རྣམ་པ་དགུ་པོ་དེ་དག་ལས་གསུམ་ནི་རྣམ་པ་གསུམ་ལ་བརྟེན་ཏོ། །གསུམ་ནི་འབྲིང་དང་ཆེན་པོའི་རྣམ་པ་ལ་བརྟེན་ཏོ། །གསུམ་ནི་ཆེན་པོའི་རྣམ་པ་ལ་བརྟེན་ཏེ་སྔ་མ་བཞིན་དུ་རིག་པར་བྱའོ། །འདིར་ང་རྒྱལ་དང་བཅས་ཞེས་བསྟན་པ་ནི་ང་རྒྱལ་རྣམ་པ་བདུན་དང་དགུ་ལས་
མངོན་པའི་ང་རྒྱལ་དང་སྦྱར་རོ། །འདི་ལ་ཡང་བཤད་པ་མི་མཐུན་པ་གསུམ་ཡོད་དེ། སློབ་དཔོན་ཡང་དག་བདེན་པ་ནི་སོ་སོ་སྐྱེ་བོ་ལ་མངོན་པའི་ང་རྒྱལ་ཡོད་པར་བཤད་དེ་འདི་ལྟར་དམིགས་པ་དང་བཅས་པའི་རྣལ་འབྱོར་པ་ལ་ཡང་དག་པའི་རྣལ་འབྱོར་རོ་སྙམ་དུ་
Vol. 118 · folio 185a
མངོན་པའི་ང་རྒྱལ་སྐྱེ་བའི་ཕྱིར་རོ་ཞེའོ། །ཁ་ཅིག་ནི་སོ་སོ་སྐྱེ་བོ་དང་ཐེག་པ་གཉིས་ཀྱི་སློབ་པ་དག་ལ་མངོན་པའི་ང་རྒྱལ་ཡོད་པར་བཤད་དེ། འདི་ལྟར་དགྲ་བཅོམ་པ་དག་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །དེའི་ཕྱིར་དམ་པའི་ཆོས་པུཎྜ་རཱི་
ཀའི་མདོ་ལས་ཡང་དག་པར་དགྲ་བཅོམ་པ་ཐོབ་པས་གང་དེ་སྐད་བཤད་ལ་ཡིད་མི་ཆེས་ན་དེ་ནི་གནས་མེད་དོ་ཞེས་གསུངས་སོ་ཞེའོ། །ཁ་ཅིག་ནི་དགྲ་བཅོམ་པ་ཡང་གཏོགས་སོ་ཞེས་ཟེར་ཏེ་དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་ང་རྒྱལ་མེད་ཀྱང་ཤེས་བྱའི་ང་རྒྱལ་དང་བཅས་པའི་
ཕྱིར་རོ་ཞེའོ། །གལ་ཏེ་དེ་ལྟ་ན་དམ་པའི་ཆོས་པུཎྜ་རཱི་ཀ་ལས་གསུངས་པ་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། སྨྲས་པ་དེ་ནི་ཉོན་མོངས་པའི་དབང་དུ་མཛད་ནས་གསུངས་ཀྱི་འདི་ནི་ཤེས་བྱ་ལ་བརྟེན་ནས་བསྟན་པ་ཡིན་པས་ཡོད་ཅེས་བཤད་པ་དང་མེད་ཅེས་བཤད་པ་དེ་དག་ཕན་ཚུན་
འགལ་བ་མེད་དོ། །ས་བདུན་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་མངོན་པའི་ང་རྒྱལ་འབྱུང་ངམ་ཞེ་ན། སྨྲས་པ་འདི་ལ་བཤད་པ་གསུམ་ཡོད་དེ་ཁ་ཅིག་ན་རེ་ས་དང་པོ་ཡན་ཆད་མངོན་པའི་ང་རྒྱལ་མི་སྐྱེད་དེ། དོན་དམ་པའི་རོ་གཅིག་པའི་མཚན་ཉིད་ཐོབ་པའི་ཕྱིར་རོ་ཞེའོ། །
ཁ་ཅིག་ན་རེ་ས་བདུན་པ་མན་ཆད་ལ་བྱུང་ན་ཉེས་པ་མེད་དོ། །མདོ་སྡེ་དག་ལས་ཇི་སྐད་དུ་ཆེད་དུ་བསྐྱེད་པའི་ཕྱིར་རོ་ཞེས་གསུངས་པ་ལྟ་བུའོ་ཞེའོ། །ཁ་ཅིག་ན་རེ་སྔ་མའི་ས་བདུན་པོ་དག་ལ་ཉོན་མོངས་པའི་སྒྲིབ་པའི་ང་རྒྱལ་ཉི་ཚེ་འབྱུང་བར་མ་ཟད་ཀྱི་ཤེས་བྱའི་སྒྲིབ་པའི་ང་རྒྱལ་ཀྱང་མངོན་དུ་
འབྱུང་སྟེ། ས་རེ་རེ་ལ་ཕན་ཚུན་ལྟོས་ནས་མཆོག་དང་དམན་པ་ཡོད་པའི་ཕྱིར་རོ་ཞེའོ། །སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མཐའ་ཐུགས་སུ་ཆུད་དམ་ཞེ་ན། སྨྲས་པ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་སྐད་དུ་འདུལ་བ་ལས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་
དྲུང་དུ་སེམས་ཅན་རྣམས་ཕུང་པོ་གསུམ་དུ་རྣམ་པར་གཞག་པ་འདི་ལྟ་སྟེ། འདི་སྙེད་ཅིག་ནི་ལོག་པའི་ཕུང་པོ་ཉིད་དུ་ངེས་པ་ཞེས་བྱའོ། །འདི་སྙེད་ཅིག་ནི་ཡང་དག་པའི་ཕུང་པོ་ཉིད་དུ་ངེས་པ་ཞེས་བྱའོ། །འདི་སྙེད་ཅིག་ནི་མ་ངེས་པའི་ཕུང་པོ་ཉིད་དུ་ངེས་པ་ཞེས་གསུངས་སོ་ཞེས་འབྱུང་བ་ལྟ་
Vol. 118 · folio 185b
བུའོ། །སེམས་ཅན་གྱི་ཚད་ཀྱི་དབང་དུ་མཛད་ནས་རྣམ་པར་གཞག་པ་ཡིན་ནམ་ཆོས་ཀྱི་དབང་དུ་མཛད་པ་ཞིག་ཡིན། གལ་ཏེ་སེམས་ཅན་གྱི་དབང་དུ་མཛད་པ་ཞིག་ཡིན་ན་ནི་ཅིའི་ཕྱིར་སེམས་ཅན་གྱི་རྒྱ་མཚོའི་མཐའ་ནི་དཔག་པར་བྱ་བ་མ་ཡིན་ནོ་ཞེས་གསུངས། གལ་ཏེ་ཆོས་ཀྱི་དབང་དུ་མཛད་
པ་ཞིག་ཡིན་ན་ནི། ཉན་ཐོས་རྣམས་ཀྱང་རྣམ་པར་གཞག་ནུས་པར་འགྱུར་བས་སངས་རྒྱས་དང་ཉན་ཐོས་ཐུན་མོང་དུ་མ་གྱུར་པ་ཅི་ཡོད་ཅེ་ན། ཁ་ཅིག་ན་རེ་སེམས་ཅན་གྱི་དབང་དུ་མཛད་ནས་རྣམ་པར་གཞག་པ་ཡིན་ནོ་ཞེས་བཤད་དེ། གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་སེམས་ཅན་གྱི་རྒྱ་མཚོའི་མཐའ་ནི་
དཔག་པར་བྱ་བ་མ་ཡིན་ནོ་ཞེས་གསུངས། སྨྲས་པ། སངས་རྒྱས་སེམས་ཅན་གྱི་རྒྱ་མཚོའི་མཐའ་བརྙེས་པར་གྱུར་ན་ཡང་ཉེས་པ་མེད་དེ་དེ་ཡང་སྤྱིའི་མཚན་ཉིད་ཀྱིས་བརྙེས་པ་ཡིན་གྱི་བྱེ་བྲག་གི་མཚན་ཉིད་ཀྱིས་བརྙེས་པ་ནི་མ་ཡིན་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་ནི་སྐྱེ་བ་རྣམ་པ་བཞི་ལས་གུད་ན་མེད་
པས་དེ་ལྟར་བརྙེས་པར་གྱུར་པའོ། །ཁ་ཅིག་ན་རེ་ཆོས་ཀྱི་དབང་དུ་མཛད་ནས་རྣམ་པར་གཞག་པ་ཡིན་ནོ་ཞེའོ། །གལ་ཏེ་དེ་ལྟ་ན་ཉན་ཐོས་རྣམས་ཀྱང་རྣམ་པར་གཞག་པ་ཡོད་པས་སངས་རྒྱས་དང་ཉན་ཐོས་ཐུན་མོང་དུ་མ་གྱུར་པ་ཅི་ཞིག་ཡོད་ཅེ་ན། སྨྲས་པ་ཉན་ཐོས་ནི་སངས་རྒྱས་ཀྱི་རྒྱུས་
ཐོས་པ་ཡིན་ལ། སངས་རྒྱས་ནི་སློབ་དཔོན་མི་མངའ་བར་ཉིད་ཀྱིས་རྣམ་པར་གཞག་པ་མཛད་པས་འདི་ནི་ཐུན་མོང་དུ་མ་གྱུར་པའོ། །ཁ་ཅིག་ན་རེ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང་ལོ་སྟོང་ཚུན་ཆད་ཀྱི་གང་ཡིན་པ་དེ་ནི་སེམས་ཅན་ལ་བརྟེན་ནས་རྣམ་པར་གཞག་པ་ཡིན་ནོ། །འཇིག་རྟེན་གྱི་
ཁམས་གཞན་གྱི་འཇིག་རྟེན་གྱི་ཁམས་གཞན་དང་དུས་གཞན་དག་གི་གང་ཡིན་པ་དེ་དག་ནི་ཆོས་ལ་བརྟེན་ནས་རྣམ་པར་གཞག་པ་ཡིན་ཏེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་སྦྱར་ན་ཡང་དེ་ལས་དྲིས་ལན་དག་ཡོད་དེ། དེའི་ཕྱིར་དེ་ཉིད་ལས་སེམས་ཅན་ཐམས་ཅད་ཀྱི་སེམས་མ་
ལུས་པར་མཁྱེན་པར་རུང་ངམ། གལ་ཏེ་མཁྱེན་ན་ནི་སེམས་ཅན་ལ་མཐའ་ཡོད་པར་འགྱུར་རོ། །གལ་ཏེ་མི་མཁྱེན་ན་ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མོས་པ་རྣམས་མི་མཁྱེན་པར་འགྱུར་རོ། །ཅིའི་ཕྱིར་སངས་རྒྱས་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་
Vol. 118 · folio 186a
གྱི་སེམས་དང་སེམས་ལས་འབྱུང་བའི་ཆོས་ནི་མ་ལུས་པར་མཁྱེན་པར་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། མདོ་དག་ལས་ཇི་སྐད་དུ་བདེན་པར་སྨྲ་བ་རྣམས་ཀྱི་ནང་ན་སངས་རྒྱས་ནི་མཆོག་གོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱི་སེམས་
མཁྱེན་ཅིང་མཐའ་བརྙེས་པ་མ་ཡིན་ན། བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་མ་ལུས་པར་མཁྱེན་ཞེས་གསུངས། ཐམས་ཅད་མཁྱེན་པའི་གང་ཟག་ཅེས་ཀྱང་མི་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱི་གསུང་ནི་ཡང་དག་པའི་བདེན་པ་ཡིན་ལ་གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་གང་ཟག་
ཀྱང་ཡོད་པ་ཡིན་ནོ། །གཞན་ཡང་སེམས་ཅན་མཐའ་མེད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མཐའ་མེད་དེ། དཔེར་ན་སྒོ་ཆེ་བའི་ཕྱི་ཁ་གབ་ཀྱང་ཆེ་བ་ཡིན་ནོ། །གལ་ཏེ་མཁྱེན་པ་ལ་ནི་མཐའ་ཡོད་ལ་སེམས་ཅན་ལ་ནི་མཐའ་མེད་ན་ནི་ཀླན་ཀ་འདི་ཡོད་པར་འགྱུར་གྱི་འདིར་
མཁྱེན་པ་དང་སེམས་ཅན་གཉི་ག་ཡང་མཐའ་མེད་པའི་ཕྱིར་ཁྱོད་ཀྱི་འདི་ཀླན་ཀར་མི་རུང་ངོ་། །གཞན་ཡང་མཐའ་ཡོད་ཅེས་བྱ་བ་དང་། མཐའ་མེད་ཅེས་བྱ་བ་གཉི་ག་ཡང་སངས་རྒྱས་ཀྱི་ཆོས་ལས་ནི་གཞན་པའི་ལུང་བསྟན་པ་དག་ཡིན་པར་གསུངས་པ་ཡིན་ཏེ། དངོས་པོ་བཅུ་བཞི་པོ་དེ་དག་
ནི་མི་བདེན་ཞིང་ཕན་པ་མེད་པའི་ཕྱིར་ཀླན་ཀར་མི་རུང་ངོ་ཞེས་འབྱུང་སྟེ་ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་དེ་ཉིད་ལས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ན། འོ་ན་ནི་སེམས་ཅན་ལ་མཐའ་ཡོད་པར་
ཡང་འགྱུར་ལ། བཀྲེས་པ་དང་གྲང་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་རྣམས་ཀྱང་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་རེ་བ་ཡོངས་སུ་རྫོགས་ཤིང་སྡུག་བསྔལ་དང་བྲལ་ནས་བདེ་བ་ཐོབ་པའི་ཕྱིར་རོ་ཞེ་ན། སྨྲས་པ་ཐམས་ཅད་ཡོངས་སུ་རྫོགས་ཞེས་བྱ་བ་
ཡང་མིང་གིས་ཐམས་ཅད་ཡིན་གྱི་ཡང་དག་པའི་ཐམས་ཅད་ནི་མ་ཡིན་ཏེ། འཕགས་པ་ཆོས་ཀྱི་ཚིག་གི་མདོའི་ཚིགས་སུ་བཅད་པ་ལས་ཇི་སྐད་དུ། ཐམས་ཅད་ཀྱང་ནི་འཆི་བས་སྐྲག་གྱུར་པས། །ལྕག་དབྱིག་ན་ཚས་མི་འཇིགས་གང་ཡང་མེད། །བདག་གི་ཉམས་ནི་གང་ཡིན་དཔེར་
Vol. 118 · folio 186b
ཞོག་ལ། །གསད་པར་མི་བྱ་ལྕག་གིས་གཞུ་མི་བྱ། །ཞེས་གསུངས་པ་ལྟ་བུ་སྟེ། ཐམས་ཅད་ལྕག་དབྱིག་གི་ན་ཚས་འཇིགས་སོ་ཞེས་གསུངས་མོད་ཀྱི་གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་གྱི་ལུས་མེད་པའི་ཕྱིར་ལྕག་དབྱིག་གི་ན་ཚ་མེད་དོ། །གཟུགས་ཀྱི་ཁམས་ཀྱི་
སེམས་ཅན་ལུས་ཡོད་ཀྱང་ལྕག་དབྱིག་གི་ན་ཚ་མེད་དོ། །འདོད་པའི་ཁམས་ཀྱི་སེམས་ཅན་ལ་ཡང་ལྕག་དབྱིག་གི་ན་ཚ་མེད་པ་ཡང་ཡོད་དེ་འདིར་ཐམས་ཅད་ཅེས་གསུངས་པ་ཡང་གང་ལྕག་གིས་གཞུ་བའི་རིགས་པ་ལས་དགོངས་ནས་ཐམས་ཅད་ཅེས་གསུངས་པ་ཡིན་གྱི་ཡང་
དག་པའི་ཐམས་ཅད་ནི་མ་ཡིན་པ་ལྟ་བུའོ། །བཅོམ་ལྡན་འདས་བདག་དུས་གཅིག་ན་དགོན་པ་ནགས་ཁྲོད་ཆེན་པོ་ཞིག་ན་མཆིས་པའི་ཚེ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པ་བདག་ཉིད་ཀྱི་མཐོང་བ་སྨོས་པ་ཞེས་བྱ་བ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། བདག་དང་
གཞན་གྱི་གནས་བསྟན་པ་དང་བདག་གིས་དགེ་སློང་དེ་དག་ཅེས་བྱ་བ་མན་ཆད་ཀྱིས་གཞན་གྱི་ཤེས་པ་བརྡ་སྤྲོད་པར་བྱེད་པ་བསྟན་པའོ། །འདིས་ནི་བདག་ཉིད་ཀྱི་གནས་བསྟན་པ་ཡིན་ཏེ། ཤིང་མང་པོ་ཚོགས་ཤིང་འདུས་པའི་ཚེ་ནགས་ཁྲོད་ཅེས་བྱའོ། །དགོན་པ་ཞེས་བྱ་བ་ནི་སློབ་
དཔོན་ཡང་དག་བདེན་པས་དོན་རྣམ་པ་གསུམ་དུ་བཤད་དེ། དང་པོ་སྒྲ་ལས་དབེན་པ་ནི་འདི་ལྟ་སྟེ་གྲོང་ཁྱེར་གྱི་སྒྲ་རྣམས་དེར་མི་གྲག་པའི་ཕྱིར་རོ། །གཉིས་པ་བཅད་གཏུབས་ཀྱི་གནས་ལས་དབེན་པ་ནི་འདི་ལྟ་སྟེ། ཤིང་ཐུན་རྣམས་དེར་མི་ཕྱིན་པའི་ཕྱིར་རོ། །གསུམ་པ་འཐབ་རྩོད་
ཀྱི་གནས་ལས་དབེན་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་དགེ་བའི་ཆོས་འཁྲུག་པར་བྱེད་པས་འཐབ་རྩོད་ཅེས་བྱ་སྟེ། གལ་ཏེ་གནས་འདི་ལྟ་བུ་དག་ཏུ་གནས་པར་གྱུར་ན་ཉོན་མོངས་པ་ཟིལ་གྱིས་གནོན་པའི་ཕྱིར་འཐབ་རྩོད་ལས་དབེན་པ་ཞེས་བྱའོ། །རྒྱང་གྲགས་
གཅིག་ཕན་ཆད་ནས་དཔག་ཚད་བརྒྱ་སྟོང་ཕན་ཆད་ཀྱི་བར་དེ་ནི་དགོན་པ་ཞེས་བྱའོ་ཞེས་བཤད་དོ། །ཐམས་ཅད་ཡོད་པར་སྨྲ་བ་དག་ནི་རྒྱང་གྲགས་གཅིག་ལ་གཞུ་ལྔ་བརྒྱ་ཡོད་དོ་ཞེས་ཟེར་རོ། །ཡང་དག་པའི་ཚད་མའི་སྡེ་པ་དག་ནི་རྒྱང་གྲགས་གཅིག་ལ་གཞུ་སྟོང་ཡོད་དོ་
Vol. 118 · folio 187a
ཞེས་ཟེར་ཏེ། གཞུ་གང་ལ་ནི་འདོམ་ཕྱེད་དང་དོ་ཡོད་པ་འདོམ་སྟོང་ལྔ་བརྒྱའོ། །བསྟན་བཅོས་ཆོས་མངོན་པ་ལས་ནི་ཁྲུ་བཞི་ལ་གཞུ་གང་ངོ་། །གཞུ་ལྔ་བརྒྱ་ལ་ནི་རྒྱང་གྲགས་གཅིག་གོ། །རྒྱང་གྲགས་ཕྱེད་དང་གཉིས་ཕན་ཆད་ནི་དགོན་པའི་གནས་ཞེས་
བྱའོ། །བྱང་ཕྱོགས་ཀྱི་རྒྱང་གྲགས་གཅིག་མངོན་པར་འགྲུབ་པར་འགྱུར་ཏེ་ཞེས་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཁྲུ་བཞི་ལ་གཞུ་གང་ངོ་། །གཞུ་ལྔ་བརྒྱ་ལ་ནི་དགོན་པའི་གནས་ཞེས་བྱའོ། །དེ་ཕན་ཆད་ནི་བས་མཐའ་ཞེས་ཀྱང་བྱའོ་ཞེས་འབྱུང་བས། དེ་
བས་ན་གཞུ་ལྔ་བརྒྱས་ནི་ཡུལ་མཉམ་ཀའི་རྒྱང་གྲགས་གཅིག་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡུལ་མཉམ་ཀ་ནི་ས་གཞི་མཉམ་པར་གྲོང་ཁྱེར་དང་ཐག་ཉེ་ཡང་སྒྲ་ཐོས་པར་མི་འགྱུར་ལ་བྱང་ཕྱོགས་ནི་མཐོ་དམན་ཆེ་ཞིང་སྒྲ་ཐོས་པའི་ཕྱིར་བྱང་ཕྱོགས་ཀྱི་རྒྱང་གྲགས་
ཆེ་བ་ཡིན་ནོ། །མཛོད་ཀྱི་བསྟན་བཅོས་ལས་འདིའི་ཚད་རྒྱ་ཆེར་རྣམ་པར་འབྱེད་དེ། །དེའི་ཕྱིར་དེའི་ཚིག་ལེའུར་བྱས་པ་ལས། ཕྲ་རབ་རྡུལ་དང་རྡུལ་ཕྲན་གསེར་ཆུ་དང་། །རི་བོང་ལུག་དང་གླང་དང་ཉི་ཟེར་རྡུལ། །སྲོ་མ་ཤིག་དང་ནས་དང་སོར་མོའི་ཚིགས། །ཕྱི་མ་ཕྱི་མ་
བདུན་འགྱུར་བསྐྱེད་པར་བྱ། །སོར་ཚིགས་ཉི་ཤུ་རྩ་བཞི་དག་ལ་ཁྲུ། །ཁྲུ་བཞི་དག་ནི་གཞུ་ཡི་ཚད་ཡིན་ཏེ། །དེ་ལྔ་བརྒྱ་དག་ལ་ནི་རྒྱང་གྲགས་སོ། །དེ་བརྒྱད་ལ་ནི་དཔག་ཚད་ཅེས་བྱའོ། །ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། རྡུལ་ཕྲ་རབ་ནི་དང་པོ་ཡིན་ལ། སོར་མོའི་
ཚིགས་ནི་ཐ་མ་ཡིན་པས་ཕྱི་མ་ཕྱི་མ་བདུན་འགྱུར་གྱིས་བསྐྱེད་པ་ཡིན་པར་རིག་པར་བྱའོ། །འདི་ལྟ་སྟེ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་གཅིག་གོ། །རྡུལ་ཕྲན་བདུན་ལ་ནི་གསེར་རྡུལ་གཅིག་གོ། །གསེར་རྡུལ་བདུན་ལ་ནི་ཆུ་རྡུལ་གཅིག་གོ། །ཆུ་རྡུལ་བདུན་ལ་ནི་རི་བོང་
གི་རྡུལ་གཅིག་གོ། །རི་བང་གི་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། །ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། །གླང་རྡུལ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། །ཉི་ཟེར་གྱི་རྡུལ་བདུན་ལ་ནི་སྲོ་མ་གཅིག་གོ། །སྲོ་མ་བདུན་ལ་ནི་ཤིག་གཅིག་གོ། །ཤིག་བདུན་ལ་ནི་
Vol. 118 · folio 187b
ནས་འབྲུ་གཅིག་གོ། །ནས་འབྲུ་བདུན་ལ་ནི་སོར་མོའི་ཚིགས་གཅིག་གོ། །སོར་མོའི་ཚིགས་གསུམ་ལ་ནི་སོར་གཅིག་གོ། །སོར་ཉི་ཤུ་རྩ་བཞི་ཞེང་དུ་གཞིབས་པ་ལས་ནི་ཁྲུ་གང་ངོ་། །ཁྲུ་བཞི་ཆུར་བསྒྲེང་བ་ལ་གཞུ་གང་ངོ་། །གཞུ་ལྔ་བརྒྱ་ཆུར་བསྒྲེང་བ་ལ་ནི་རྒྱང་གྲགས་གཅིག་གོ། །
རྒྱང་གྲགས་གཅིག་ནི་གྲོང་ནས་དགོན་པར་འགྲོ་བའི་བར་གྱི་ལམ་གྱི་ཚད་དོ། །རྒྱང་གྲགས་བརྒྱད་ནི་དཔག་ཚད་གཅིག་གོ་ཞེས་འབྱུང་སྟེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བཤད་པ་བཞིན་ནོ། །སློབ་དཔོན་ངོ་བོ་ཉིད་མེད་ཀྱིས་ཐེག་པ་ཆེན་པོ་
བསྡུས་པའི་འགྲེལ་པ་བྱས་པ་ལས། གྲོང་ཁྱེར་ཡོངས་སུ་སྤངས་ཏེ། རྒྱང་གྲགས་གཅིག་ལས་འདས་པ་དེ་ནི་དགོན་པ་ཞེས་བྱའོ་ཞེས་བཤད་དོ། །གནས་པ་བཅུའི་བསྟན་བཅོས་ལས། འདུ་འཛིའི་གཏམ་ལས་རིང་དུ་འགྱུར་བ་ནི་དགོན་པ་ཞེས་བྱའོ་ཞེས་འབྱུང་ངོ་། །རྣལ་འབྱོར་སྤྱོད་
པའི་ས་ལས་གྲོང་དང་གྲོང་རྡལ་ལས་དབེན་པའི་གནས་མལ་དགོན་པ་དང་། ནགས་འདབ་དང་། བས་མཐའ་གང་དག་ཡིན་པ་དག་ཏུ་གནས་པར་བྱེད་པ་ནི་དགོན་པ་པ་ཞེས་བྱའོ་ཞེས་བཤད་དོ། །སྦྱངས་པའི་ཡོན་ཏན་གྱི་མདོ་ལས་ཀྱང་། དགོན་པའི་ཆོས་ནི་འདུ་འཛི་ལས་དབེན་ཞིང་རབ་
ཏུ་དབེན་པ་ན་གནས་པའོ། །དེ་ལ་རབ་ཏུ་དབེན་པ་ནི་མང་པོས་གནོད་པར་འགྱུར་བ་དང་། བག་མེད་པའི་གནས་ལས་དབེན་པའོ། །དེ་ལྟར་ཉེ་ན་ཡང་རྒྱང་གྲགས་གཅིག་ཙམ་ལས་མི་ཉེ་བར་ཡུན་རིང་པོར་ལུས་ལ་ཤིན་ཏུ་ཕན་འདོགས་པའོ། །དེ་ལྟར་དབེན་པར་གྱུར་ནས་སེམས་ཀྱང་འདོད་
པ་ལྔའི་སྒྲིབ་པ་ལྔ་པོ་དག་ལས་ཤིན་ཏུ་ཐག་རིང་བར་གྱུར་པ་ནི་དགོན་པ་ཞེས་བྱའོ་ཞེས་གསུངས་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཀྱང་དེ་སྐད་དུ་བཤད་དོ། །དེ་ན་དགེ་སློང་རབ་ཏུ་མང་པོ་དག་ཅིག་ཀྱང་ནགས་ཁྲོད་དེ་ལ་བརྟེན་ཅིང་བདག་གི་ཉེན་ཀོར་ན་
གནས་ལགས་ཏེ་ཞེས་བྱ་བ་འདིས་ནི་གཉིས་པ་གཞན་མང་པོ་གནས་པའི་གནས་བསྟན་ཏོ། །དགེ་སློང་ཞེས་བྱ་བ་ནི་སློབ་དཔོན་དྲང་སྲོང་རྡོ་རྗེས་སློང་བ་དང་། སྡིག་པ་འཇོམས་པ་དང་། བདུད་སྐྲག་པར་བྱེད་པའོ་ཞེས་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་
Vol. 118 · folio 188a
ནི་དོན་རྣམ་པ་ལྔ་དང་ལྡན་པར་བཤད་དེ་དང་པོ་ནི་སློང་བ་སྟེ། ཡོངས་སུ་དག་པས་འཚོ་བར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་ལས་ཁས་འཚོ་བ་རྣམ་པ་བཞི་དང་བྲལ་བའི་ཕྱིར་ཡོངས་སུ་དག་པ་ཞེས་བྱ་སྟེ། ཁས་འཚོ་བ་རྣམ་པ་བཞི་ནི་རབ་ཏུ་བྱུང་བ་གང་གིས་སྨན་
སྦྱོར་བ་དང་། འབྲུ་རྣམས་རྨེད་པ་དང་། སྐྱེད་ཤིང་ལ་སོགས་པ་བསྐྱེད་ནས་ཡོངས་སུ་མ་དག་པས་འཚོ་བ་གང་ཡིན་པ་དེ་ནི་ཁ་ཐུར་དུ་ལྟ་བས་འཚོ་བ་ཞེས་བྱའོ། །རབ་ཏུ་བྱུང་བ་གང་གིས་གཟའ་སྐར་དང་ཉི་ཟླ་དང་རླུང་དང་ཆར་པ་དང་གློག་འགྱུར་བ་དང་། ལྕེ་འབབ་པ་ལས་རབ་ཏུ་རྟོག་
ཅིང་ཡོངས་སུ་དག་པས་འཚོ་བ་གང་ཡིན་པ་དེ་ནི་ཁ་གྱེན་དུ་ལྟ་བས་འཚོ་བ་ཞེས་བྱའོ། །རབ་ཏུ་བྱུང་བ་གང་གིས་སྨིན་གཉེར་གྱིས་མཐུ་སྟོན་པ་དང་། ཕྱོགས་བཞིར་ཕོ་ཉར་འགྲོ་བ་དང་ཁ་གསག་དང་། མང་དུ་ཚོལ་ཞིང་ཡོངས་སུ་མ་དག་པས་འཚོ་བ་གང་ཡིན་པ་དེ་ནི་ཁ་ཕྱོགས་སུ་
ལྟ་བས་འཚོ་བ་ཞེས་བྱའོ། །རབ་ཏུ་བྱུང་བ་གང་གིས་སྔགས་དང་མཁྱུད་དཔྱད་རྣམ་པ་སྣ་ཚོགས་བསླབས་ནས་ལེགས་ཉེས་རྣམས་སྟོན་ཅིང་འདི་ལྟ་བུ་ལ་སོགས་པ་ཡོངས་སུ་མ་དག་པས་འཚོ་བ་གང་ཡིན་པ་དེ་ནི་ཁས་འཚོ་བ་ཞེས་བྱའོ། །གཉིས་པ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་
སློང་ཞེས་བྱའོ། །གསུམ་པ་ནི་རབ་ཏུ་བྱུང་བའི་གང་ཟག་གི་མིང་ངོ་། །བཞི་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་བསྲུང་བ་ཞེས་བྱའོ། །ལྔ་པ་ནི་བདུད་སྐྲག་པར་བྱེད་པའོ་ཞེས་བཤད་དོ། །རྣལ་འབྱོར་པའི་སྤྱོད་པའི་ས་ལས། དགེ་སློང་ནི་རྣམ་པ་ལྔ་སྟེ། སློང་བའི་དགེ་སློང་དང་། བདག་
ཉིད་ཁས་འཆེ་བའི་དགེ་སློང་དང་། མིང་གི་དགེ་སློང་དང་། ཉོན་མོངས་པ་བཅོམ་པའི་དགེ་སློང་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ་ཞེས་བཤད་དོ། །སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས་རྒྱུ་ལ་གནས་པའི་ཚེ་ནི་བདུད་
སྐྲག་པར་བྱེད་པ་དང་སློང་བ་དང་། སྡིག་པ་འཇོམས་པ་ཞེས་བྱའོ། །འབྲས་བུའི་གནས་སུ་ཕྱིན་པའི་ཚེ་བདུད་སྐྲག་པར་བྱེད་པ་ནི་དགྲ་བཅོམ་པར་འགྱུར་རོ། །སློང་བ་ནི་མཆོད་འོས་སུ་འགྱུར་རོ། །སྡིག་པ་འཇོམས་པ་ནི་མི་སྐྱེ་བ་ཞེས་བརྗོད་དོ་ཞེས་འབྱུང་ངོ་། །
Vol. 118 · folio 188b
བདག་གི་དགེ་སློང་དེ་དག་སྔ་དྲོའི་དུས་ཀྱི་ཚེ་ཕན་ཚུན་ནས་འདུས་ཏེ། དམིགས་པ་དང་བཅས་པའི་མངོན་པར་རྟོགས་པ་ལ་གནས་ནས་སོ་སོ་ནས་མཚན་མ་རྣམ་པ་སྣ་ཚོགས་ཅན་གྱི་ཆོས་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་པ་དག་མཐོང་སྟེ་ཞེས་བྱ་བ་མན་ཆད་ནི་གཉིས་གཞན་དག་གི་
ཤེས་པ་བརྡ་སྤྲོད་པར་བྱེད་པ་སྟོན་ཏོ། །འདི་ཡང་རྣམ་པ་གཉིས་ཏེ། བརྟགས་པ་རྣམས་སྤྱིར་སྨོས་པ་དང་བརྟགས་པ་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ནི་དང་པོའོ། །འདི་ནི་དང་པོ་བརྟགས་པ་སྤྱིར་སྨོས་པ་སྟེ། འོག་ནས་བསྟན་པ་བཞིན་ནོ། །ཕུང་པོ་ལྔ་ལ་སོགས་པ་ལ་
བརྟེན་ཏེ། ཤེས་པ་སྣ་ཚོགས་སུ་གྱུར་ནས་དེ་དག་ལ་དམིགས་པའི་དོན་དུ་འདོད་ཀྱི། ཐམས་ཅད་དུ་རོ་གཅིག་པའི་ཆོས་སྟོང་པ་ཉིད་ཀྱི་རིག་པས་དོན་དམ་པའི་བདེན་པ་སྟོན་པར་ཡང་མི་བྱེད་ལ། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་རང་གི་ངོ་བོ་ཉིད་ཀྱི་
བྱེ་བྲག་དང་། གཉེན་པོ་ལ་སོགས་པ་ལ་དོན་དམ་པར་བརྟགས་ནས་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་འདིར་སྨོས་པ་ཡིན་ནོ། །དེ་ལ་མངོན་པར་རྟོགས་པ་ཞེས་བྱ་བ་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་སྦྱར་ན་དེ་ལ་ངེས་པའི་དོན་གང་ཡིན་པ་དེ་ནི་མངོན་པར་རྟོགས་པའི་དོན་
ཏོ་ཞེས་བཤད་དོ། །མཛོད་ཀྱི་བསྟན་བཅོས་ལས་ནི་བདེན་པ་རྣམས་ཀྱི་ཡུལ་མངོན་སུམ་དུ་གསལ་བར་མཐོང་བ་གང་ཡིན་པ་དེ་ནི་མངོན་པར་རྟོགས་པ་ཞེས་བྱའོ་ཞེས་བཤད་དོ། །མངོན་པར་རྟོགས་པ་འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་ཏེ། མཛོད་ཀྱི་བསྟན་
བཅོས་ལས་མངོན་པར་རྟོགས་པ་ནི་རྣམ་པ་གསུམ་ཡོད་དེ་འདི་ལྟ་སྟེ་ལྟ་བ་དང་། རྐྱེན་དང་དངོས་པོའི་བྱེ་བྲག་གི་ཕྱིར་རོ་ཞེས་བཤད་དོ། །ཁ་ཅིག་ལས་ནི་རྣམ་པ་དྲུག་གོ་ཞེས་བཤད་དེ་རྣལ་འབྱོར་སྤྱོད་པའི་ས་ལས་བཤད་པ་ལྟ་བུའོ། །ཁ་ཅིག་ལས་ནི་ས་རྣམ་པ་བཅུའོ་ཞེས་བཤད་དེ། བསྟན་
བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྟན་པ་ལྟ་བུའོ། །འདིར་དམིགས་པ་དང་བཅས་པའི་མངོན་པར་རྟོགས་པ་ཞེས་གསུངས་པ་ནི་འདི་ལྟ་སྟེ། དགེ་སློང་དེ་དག་ཆོས་ཀྱི་འཁོར་ལོ་དང་པོ་ལ་བརྟེན་ནས་ཆོས་ཀྱི་སྒོ་རྣམ་
Vol. 118 · folio 189a
པ་བཅུ་གསུམ་བཤད་དེ། སྒྲ་ཇི་བཞིན་དུ་དོན་བཟུང་ནས་དམིགས་སུ་མེད་པ་རོ་གཅིག་པའི་ཆོས་སྟོང་པ་ཉིད་ཀྱི་དོན་དམ་པ་ཁོང་དུ་མ་ཆུད་པས་མངོན་པའི་ང་རྒྱལ་བསྐྱེད་ནས་མཐར་ཕྱིན་པའི་དོན་དམ་པ་རྟོགས་སོ་སྙམ་དུ་སེམས་པར་གྱུར་པའོ། །དགེ་སློང་དེ་
དག་མངོན་པར་རྟོགས་པ་གང་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་ཅེ་ན། སྨྲས་པ་མཐོང་བ་དང་བསྒོམ་པ་ལ་གནས་པ་དང་། མི་སློབ་པ་དང་སྔ་མའི་སྦྱོར་བ་རྣམས་ཀྱང་སྤྱིར་བསྟན་པ་ཡིན་ཏེ། དེའི་ཕྱིར་འོག་ནས་མདོ་ལས་དྲན་པ་ཉེ་བར་གཞག་པ་ཐོབ་པ་ཞེས་བྱ་བ་ནས་དེ་བཞིན་
དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །།བམ་པོ་བཅུ་བདུན་པ། དེ་ན་ཁ་ཅིག་ནི་ཕུང་པོ་ཐོབ་པ་དང་། ཕུང་པོའི་མཚན་མ་ཐོབ་པ་དང་། ཕུང་པོའི་སྐྱེ་བ་ཐོབ་པ་དང་། ཕུང་པོའི་ཟད་པ་ཐོབ་པ་དང་། ཕུང་པོའི་
འགོག་པ་ཐོབ་པ་དང་། ཕུང་པོའི་འགོག་པ་མངོན་དུ་བགྱི་བ་ཐོབ་པའི་སླད་དུ་ཤེས་པ་བརྡ་སྤྲོད་པར་བགྱིད་ཅེས་བྱ་བ་འདི་མན་ཆད་ནི་གཉིས་པ་བརྟགས་པ་རྣམ་པར་ཕྱེ་སྟེ་བསྟན་པའོ། །འདི་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། མཁས་པས་བརྟག་པར་བྱ་བའི་སྤྱོད་ཡུལ་རྣམ་པ་དྲུག་ལ་
བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་པ་བསྟན་པ་དང་། ཁ་ཅིག་ནི་དྲན་པ་ཉེ་བར་གཞག་པ་ཐོབ་པ་ཞེས་བྱ་བ་མན་ཆད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རྣལ་འབྱོར་གྱི་སྒོ་རྣམ་པ་བདུན་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་པ་བསྟན་པའོ། །འདིར་ནི་དང་པོར་མཁས་པས་བརྟག་པར་བྱ་
བའི་སྤྱོད་ཡུལ་རྣམ་པ་དྲུག་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་པ་སྟོན་ཏེ། མཁས་པར་བྱ་བ་རྣམ་པ་དྲུག་ནི་འདི་ལྟ་སྟེ། ཕུང་པོ་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཟས་རྣམ་པ་བཞི་དང་། བདེན་པ་བཞི་དང་། ཁམས་བཅོ་བརྒྱད་དོ། །ཡང་དག་པའི་དོན་དུ་ན་
སྐྱེ་མཆེད་དང་། ཁམས་ཀྱི་ཆོས་རྣམས་མ་ལུས་པར་བསྡུས་མོད་ཀྱི་སེམས་ཅན་རྣམས་ཀྱི་མོས་པ་ཐ་དད་པའི་ཕྱིར། ཕུང་པོ་ལ་སོགས་པ་ལ་བརྟེན་ནས་སྒོ་རྣམ་པ་དྲུག་ཏུ་ཕྱེ་བ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་མངོན་པར་རྟོགས་པ་གང་ཡིན་པ་དེ་རོ་གཅིག་པའི་དོན་དམ་པའི་ཚུལ་རྟོགས་པ་ན་གདོད་
Vol. 118 · folio 189b
མངོན་པར་རྟོགས་པ་ཞེས་བྱ་བ་ཡིན་ན་དགེ་སློང་དེ་དག་མངོན་པའི་ང་རྒྱལ་དང་བཅས་པ་ཕུང་པོ་ལ་སོགས་པའི་མཚན་མ་དམིགས་པ་ལ་དེ་ཁོ་ན་ཉིད་ཀྱི་མངོན་པར་རྟོགས་པ་ཡིན་ནོ་སྙམ་དུ་སེམས་པའི་ཕྱིར་འདིར་བརྟགས་པ་རྣམ་པ་དྲུག་སྨོས་པ་ཡིན་ནོ། །སྒོ་རྣམ་པ་དྲུག་ཡོད་ཀྱང་རྣམ་
པ་ལྔར་བསྡུ་བར་བྱ་སྟེ། ཕུང་པོ་ལྔ་བསྟན་པ་དང་། ཟླས་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཟས་རྣམ་པ་བཞི་དང་། བདེན་པ་བཞི་དང་། ཁམས་བཅོ་བརྒྱད་བསྟན་པའོ། །འདི་ནི་དང་པོ་ཕུང་པོ་ལྔའི་ཚིག་དྲུག་རྣམ་པར་བཤད་པའོ། །ཚིག་དྲུག་པོ་འདི་དག་
བརྟགས་པ་རྣམ་པ་གཅིག་གི་མཚན་ཉིད་དམ། འོན་ཏེ་བརྟགས་པ་རྣམ་པ་དྲུག་ཏུ་འགྱུར་བ་ཞིག་ཡིན་ཞེ་ན། སྨྲས་པ། ཚིག་ངེས་པར་འགྲེལ་པའི་མདོ་དང་མཚམས་རྣམ་པར་འགྲེལ་པའི་མདོ་ལས། དགེ་སློང་ཁ་ཅིག་ནི་ཕུང་པོའི་མཚན་མ་དམིགས་པ་ལ་ཆོས་རྟོགས་པ་
ཞེས་སྟོན་ཏོ། །དགེ་སློང་ཁ་ཅིག་ནི་ཕུང་པོའི་སྐྱེ་བ་དམིགས་པ་ལ་ཆོས་རྟོགས་པ་ཞེས་སྟོན་ཏོ་ཞེས་འབྱུང་བས་དེའི་ཕྱིར་ཚིག་དྲུག་པོ་འདི་དག་ནི་བརྟགས་པ་ཐ་དད་ཡིན་པར་མངོན་ནོ། །འདིར་མདོ་འདི་ཉིད་ལས་སྒོ་རེ་རེ་ལ་ཡང་ཁ་ཅིག་ནི་ཞེས་གསུངས་པས་དེ་དག་དང་མཐུན་
པའི་ཕྱིར་བརྟགས་པ་རྣམ་པ་དྲུག་ཏུ་དབྱེ་བར་རིག་པར་བྱའོ། །ཡང་ན་སྒོ་གཅིག་ལ་བརྟགས་པ་རྣམ་པ་གཅིག་ཏུ་བྱས་ན་ཡང་འགལ་བ་མེད་དོ། །ཚིག་དྲུག་པོ་འདི་དག་རྣམ་པར་བཤད་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཚིག་གི་རྣམ་གྲངས་མང་ཉུང་བསྟན་པ་དང་བྱེ་
བྲག་གི་མཚན་ཉིད་རྣམ་པར་འབྱེད་པའོ། །དེ་ལ་གྲངས་མང་ཉུང་བསྟན་པ་ནི་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་དང་སྦྱར་ན་དེ་ལས་ཚིག་ལྔ་ལས་མི་འབྱུང་བས་ཚིག་དང་པོ་མ་ཚང་སྟེ། ལྔ་ནི་ཕུང་པོའི་མཚན་ཉིད་དང་། ཕུང་པོ་སྐྱེ་བའི་མཚན་ཉིད་དང་། ཕུང་པོ་འཇིག་པའི་མཚན་
ཉིད་དང་ཕུང་པོ་འགོག་པའི་ཆོས་དང་། ཕུང་པོ་འགོག་པ་མངོན་དུ་བགྱི་བའི་ཆོས་ཞེས་འབྱུང་ངོ་། །ཚིག་ངེས་པར་འགྲེལ་བའི་མདོ་ལས་ནི་ཚིག་དྲུག་ཚང་བར་འབྱུང་སྟེ་དོན་འདི་དང་མཐུན་ནོ། །དེ་ལ་ཚིག་དྲུག་ནི་ཕུང་པོ་དང་། ཕུང་པོའི་མཚན་ཉིད་དང་། ཕུང་པོའི་སྐྱེ་བ་དང་། ཕུང་པོའི་རྣམ་
Vol. 118 · folio 190a
པར་འགྱུར་བ་དང་། ཕུང་པོ་འགོག་པ་མངོན་དུ་བགྱི་བའི་ལམ་ཞེས་འབྱུང་ངོ་། །དེ་ལ་བྱེ་བྲག་གི་མཚན་ཉིད་ཅེས་བྱ་བ་ནི། སློབ་དཔོན་ཡང་དག་བདེན་པས་བཤད་པ་ལས། ཕུང་པོ་ལྔ་ལ་སོགས་པ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དག་ལ་རོ་གཅིག་པའི་དོན་དུ་རྟོགས་པར་
བྱ་བ་ཡིན་ན། དེའི་མཚན་ཉིད་ནི་ཇི་ལྟ་བུ། གནས་བརྟན་པའི་སྡེ་པ་དང་སྦྱར་ན་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ངོ་ཞེས་ཟེར། འདི་ཡང་དག་པའི་ཚད་མའི་སྡེ་པ་དང་སྦྱར་ན་ནི་བརྒྱད་ཁྲི་ཁོ་ནར་ཟད་དོ་ཞེ་ན། སྨྲས་པ་ཆོས་ཀྱི་མཚན་ཉིད་རྣམ་པ་དྲུག་ལ་བརྟེན་ནས་རོ་གཅིག་པའི་དོན་
བསྟན་པ་ཡིན་ནོ། །དེ་ལ་དགེ་སློང་ཁ་ཅིག་ནི་ཕུང་པོ་དམིགས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཐོབ་པ་གང་ཡིན་པ་བརྡ་སྤྲོད་པར་བྱེད་པ་སྟེ། འདི་ནི་དང་པོ་ཕུང་པོ་ལྔ་ཡོད་པ་ཉིད་དུ་འཛིན་ཅིང་སྟོན་པ་ཆེན་པོས་གསུངས་པ་ཁོང་དུ་ཆུད་པར་མི་ནུས་པས་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཕུང་
པོ་ལས་ཆོས་གཞན་མེད་དོ་ཞེས་དེ་ལྟར་རོ་གཅིག་པའི་དོན་ཁོང་དུ་མ་ཆུད་པའི་ཕྱིར། ཡང་དག་པར་ཕུང་པོ་ལྔ་ནི་ཡོད་སྙམ་དུ་མངོན་པར་ཞེན་པ་མེད་དོ་སྙམ་དུ་མངོན་པར་ཞེན་པ་བསྐྱེད་དོ། །མངོན་པར་ཞེན་པ་འདིའི་དབང་གིས་ནི། ཕྱིན་ཅི་ལོག་སྐྱེ་ལ་
ཕྱིན་ཅི་ལོག་གི་དབང་གིས་ནི་མངོན་པའི་ང་རྒྱལ་སྐྱེས་པའོ། །དགེ་སློང་ཁ་ཅིག་ནི་ཕུང་པོའི་མཚན་ཉིད་རྟོགས་ཤིང་དམིགས་པས་ཞེས་བྱ་བ་འདི་ནི་གཉིས་པ་ཕུང་པོ་ལྔའི་མཚན་ཉིད་བསྟན་པ་སྟེ། བརྟག་པའི་མཚན་ཉིད་དམ། ཡང་དག་པའི་ཆོས་ཀྱི་མཚན་ཉིད་དམ།
ཡོན་ཏན་གྱི་མཚན་ཉིད་དམ། ཉེས་དམིགས་ཀྱི་མཚན་ཉིད་དམ། རྒྱུ་དང་རྐྱེན་གྱི་མཚན་ཉིད་དམ། དུས་གསུམ་གྱི་མཚན་ཉིད་དམ། སྐྱེ་བ་དང་གནས་པ་དང་། འཇིག་པའི་མཚན་ཉིད་དམ། སྡུག་བསྔལ་ལ་སོགས་པ་བདེན་པ་བཞིའི་མཚན་ཉིད་དམ། ཁམས་
གསུམ་པའི་མཚན་ཉིད་དམ། ཟག་པ་མེད་པའི་དབྱིངས་ཀྱི་མཚན་ཉིད་དམ། མགོ་གཅིག་ཏུ་ལུང་བསྟན་པའི་མཚན་ཉིད་དམ། རྣམ་པར་ཕྱེ་སྟེ་ལུང་བསྟན་པའི་མཚན་ཉིད་དམ། དྲིས་ནས་ལུང་བསྟན་པའི་མཚན་ཉིད་དམ། རྣམ་པར་གཞག་པའི་ལུང་བསྟན་པའི་
Vol. 118 · folio 190b
མཚན་ཉིད་དམ། གཟུགས་རྣམ་པ་བཞིའི་མཚན་ཉིད་དམ། རྒྱུན་དང་བཅས་པ་དང་རྒྱུན་མེད་པ་དང་། གཟུགས་དང་སེམས་དང་། གཟུགས་དང་སེམས་མ་ཡིན་པའི་མཚན་ཉིད་ལ་སོགས་པ་ཕུང་པོ་ལ་འདི་ལྟ་བུའི་རིག་པ་རྣམ་པ་སྣ་ཚོགས་དང་ལྡན་པ་གང་ཡིན་པ་
འདི་ནི་ཕུང་པོའི་མཚན་ཉིད་ཅེས་བྱ་སྟེ། འདི་ལྟར་རོ་གཅིག་པའི་རིག་པ་ཁོང་དུ་མ་ཆུད་པའི་ཕྱིར་འདི་ནི་ཡང་དག་པའི་རིག་པ་ཡིན་ནོ་སྙམ་པའི་འཛིན་པ་སྐྱེད་པར་བྱེད། འཛིན་པ་འདིའི་རྒྱུའི་ཕྱིར་ནི་ཕྱིན་ཅི་ལོག་འབྱུང་ངོ་། །ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ནི་མངོན་
པའི་ང་རྒྱལ་སྐྱེས་པའོ། །དགེ་སློང་ཁ་ཅིག་ནི་ཕུང་པོའི་སྐྱེ་བ་རྟོགས་ཤིང་དམིགས་པས་ཞེས་བྱ་བ་འདི་ནི་གསུམ་པ་སྐྱེ་བའི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་རྒྱུ་དང་འབྲས་བུ་རོ་གཅིག་པ་ཉིད་དུ་མ་ཤེས་པའི་ཕྱིར་ཕུང་པོ་ལྔ་ལ་ཡང་དག་པ་ཉིད་དུ་སྐྱེ་བ་ཡོད་པ་ཉིད་པའོ། །
འཛིན་པ་འདིའི་དབང་གིས་ཕྱིན་ཅི་ལོག་འབྱུང་ལ། ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ནི་མངོན་པའི་ང་རྒྱལ་སྐྱེས་པའོ། །དགེ་སློང་ཁ་ཅིག་ནི་ཕུང་པོའི་རྣམ་པར་འགྱུར་བ་དམིགས་པས་ཞེས་བྱ་བ་འདི་ནི་བཞི་པ་ཕུང་པོའི་རྣམ་པར་འགྱུར་བའི་མཚན་ཉིད་བསྟན་པ་སྟེ། འདི་
ལྟར་འགག་པ་མེད་པ་རོ་གཅིག་པ་ཉིད་དུ་མ་ཤེས་པའི་ཕྱིར་ཡང་དག་པར་འགྱུར་བ་ཡོད་དོ་སྙམ་པའི་འཛིན་པ་འདི་འབྱུང་ངོ་། །འཛིན་པའི་དབང་གིས་ནི་ཕྱིན་ཅི་ལོག་འབྱུང་ལ། ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ནི་མངོན་པའི་ང་རྒྱལ་སྐྱེས་པའོ། །དགེ་སློང་ཁ་ཅིག་
ནི་ཕུང་པོའི་འགོག་པ་རྟོགས་ཤིང་དམིགས་པས་ཞེས་བྱ་བ་ནི་ལྔ་པ་ཕུང་པོའི་མཚན་ཉིད་བསྟན་པ་སྟེ། འདི་ལྟར་རྣམ་པར་དག་པ་རོ་གཅིག་པ་ཉིད་དུ་མ་ཤེས་པའི་ཕྱིར་རྣམ་པར་དག་པ་ཡང་དག་པར་ཡོད་དོ་སྙམ་པའི་འཛིན་པ་འདི་འབྱུང་ངོ་། །འཛིན་པ་འདིའི་དབང་གིས་ན་ཕྱིན་
ཅི་ལོག་འབྱུང་ལ། ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ནི་མངོན་པའི་ང་རྒྱལ་སྐྱེས་པར་འགྱུར་བའོ། །དགེ་སློང་ཁ་ཅིག་ནི་ཕུང་པོ་འགོག་པའི་ལམ་རྟོགས་པས་ཞེས་བྱ་བ་འདི་ནི་དྲུག་པ་ཕུང་པོ་འགོག་པའི་ལམ་བསྟན་པ་སྟེ། འདི་ལྟར་ཡུལ་དང་ཤེས་པ་རོ་གཅིག་པ་
Vol. 118 · folio 191a
ཉིད་དུ་མ་ཤེས་པའི་ཕྱིར་ཡང་དག་པར་འགོག་པ་ཐོབ་པའི་ལམ་ཡོད་དོ་སྙམ་པའི་འཛིན་པ་འདི་འབྱུང་ངོ་། །འཛིན་པའི་དབང་གིས་ནི་ཕྱིན་ཅི་ལོག་འབྱུང་ལ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ནི་མངོན་པའི་ང་རྒྱལ་སྐྱེས་པའོ། །ཕུང་པོ་ལྔའི་ཆོས་ཀྱི་སྒོ་མོ་ལ་དོན་རྣམ་
པ་དྲུག་དང་ལྡན་པས་རོ་གཅིག་པ་ཉིད་རྣམ་པ་དྲུག་ཏུ་བསྟན་པ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ཆོས་ཀྱི་སྒོ་མོ་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བཤད་པའི་རྣམ་གྲངས་གཞན་དུ་ན་དེ་ལས་ཚིག་དང་པོས་ནི་ཐ་སྙད་ཀྱི་ཕྱོགས་ཀྱི་རྣམ་པ་བསྟན་པ་སྟེ།
འདི་ལྟར་ཕུང་པོ་ལྔ་པོ་དག་ནི་ཐ་སྙད་ཙམ་དུ་ཟད་ཀྱི་གཞན་མེད་པའི་ཕྱིར་རོ། །ཚིག་གཉིས་པས་ནི་དོན་དང་ཚུལ་གྱི་ཕྱོགས་ཀྱི་རྣམ་པ་བསྟན་པ་སྟེ། བཏགས་པ་དང་། ཡང་དག་པའི་ཆོས་དང་། དུས་གསུམ་ལ་སོགས་པའི་མཚན་ཉིད་རྣམ་པ་སྣ་ཚོགས་མི་མཐུན་པ་
སྔར་བསྟན་པ་ལྟ་བུ་ཡོད་ཀྱང་ཡང་དག་པའི་ཚུལ་དུ་ན་བདག་མེད་པར་གཅིག་པའོ། །ཚིག་གསུམ་པས་ནི་དགག་པར་བྱ་བ་ཕྱོགས་ཀྱི་རྣམ་པ་བསྟན་པ་སྟེ། དེ་ནི་ཀུན་འབྱུང་བའི་བདེན་པ་ཉོན་མོངས་པ་དང་ལས་ཡིན་པའི་ཕྱིར་རོ། །ཚིག་བཞི་པས་ནི་ཤེས་པར་བྱ་བའི་
ཕྱོགས་ཀྱི་རྣམ་པ་བསྟན་ཏེ། འདི་ནི་སྡུག་བསྔལ་གྱི་བདེན་པའོ། །ཚིག་ལྔ་པས་ནི་ཐོབ་པར་བྱ་བའི་ཕྱོགས་ཀྱི་རྣམ་པ་བསྟན་ཏེ། འདི་ནི་འགོག་པའི་བདེན་པའོ། །ཚིག་དྲུག་པས་ནི་བསྒྲུབ་པར་བྱ་བའི་ཕྱོགས་ཀྱི་རྣམ་པ་བསྟན་ཏེ། འདི་ནི་ལམ་གྱི་བདེན་པའོ། །སྐྱེ་
མཆེད་ལ་སོགས་པ་ལ་ཡང་དེ་བཞིན་དུ་དྲུག་པོ་འདི་དག་ཡོད་པར་སྦྱར་རོ་ཞེས་འབྱུང་ངོ་། །འདིར་རྣམ་པར་བཤད་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ལ་ཕུང་པོ་ཐོབ་པ་ཞེས་བྱ་བ་ནི་ཕུང་པོ་ལྔའི་ཆོས་ཀྱི་སྒོ་མོ་རྟོགས་པ་སྤྱིར་བསྟན་པ་སྟེ། འདི་ནི་མདོར་བསྟན་པའི་ཚིག་གོ། །ཕུང་
པོའི་མཚན་མ་ཐོབ་པ་ཞེས་བྱ་བ་ནི་ཕུང་པོའི་རང་གི་ངོ་བོའི་མཚན་ཉིད་དང་། བྱེ་བྲག་གི་མཚན་ཉིད་ཐོབ་པ་སྟེ། ཚིག་འདི་གཉིས་ནི་སྤྱི་ཡིན་པས་ཚིག་འོག་མ་ཀུན་དང་སྦྱར་བར་བྱ་སྟེ། དེའི་ཕྱིར་འོག་ནས་མདོ་ལས་མིང་བརྡ་ཙམ་དུ་གཟུགས་ཀྱི་ཕུང་
Vol. 118 · folio 191b
པོ་ཞེས་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་རྣམ་པར་གཞག་པ་ཞེས་བྱ་བ་ནས་གཟུགས་ཀྱི་ཕུང་པོ་གཏན་དུ་སྤངས་པ་དང་། ཡོངས་སུ་ཤེས་པ་ཞེས་རང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་ཅེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །
དེ་ལ་རང་གི་ངོ་བོ་ཉིད་ཅེས་བྱ་བ་ནི་ཆོས་གང་བདག་ཉིད་དང་བཅས་པ་ནི་རང་གི་ངོ་བོ་ཉིད་ཅེས་བྱ་སྟེ། ཇི་ལྟར་གཟུགས་དང་ཚོར་བའི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རང་གི་ངོ་བོ་ཉིད་ལ་བྱེ་བྲག་གི་དོན་རྣམ་པར་འབྱེད་པ་ནི་བྱེ་བྲག་གི་མཚན་ཉིད་ཅེས་བྱ་སྟེ། ཇི་ལྟར་
རྟག་པ་དང་། མི་རྟག་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའི་ཕུང་པོའི་སྐྱེ་བ་ཐོབ་པ་དང་། ཕུང་པོའི་ཟད་པ་ཞེས་བྱ་བའི་ཚིག་འདི་གཉིས་ཀྱིས་ནི་སྐྱེ་ཞིང་འཇིག་པའི་མི་རྟག་པའི་རྣལ་འབྱོར་བསྟན་ཏེ། དེའི་ཕྱིར་འོག་ནས་མོད་
ལས་ཕུང་པོ་རྣམས་ཀྱི་སྐྱེ་བའི་མཚན་ཉིད་དང་། འགོག་པའི་མཚན་ཉིད་ཅེས་གསུངས་པ་དང་། གཞན་ཡང་མདོ་དག་ལས་འདུ་བྱེད་རྣམས་ནི་མི་རྟག་སྟེ། བྱུང་ནས་ཟད་པའི་ཆོས་ཅན་གྱི་ཕྱིར་རོ་ཞེས་གསུངས་སོ། །གཞན་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་
འདུ་བྱེད་རྣམས་ནི་མི་རྟག་པ་སྟེ། གདོན་མི་ཟ་བར་བྱུང་ན་ཟད་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་འབྱུང་ངོ་། །ཕུང་པོ་འགོག་པ་ཐོབ་པ་དང་། ཕུང་པོ་འགོག་པ་མངོན་དུ་བགྱི་བ་ཐོབ་པའི་སླད་དུ་ཞེས་བྱ་བའི་ཐ་ཚིག་འདི་གཉིས་ཀྱིས་ནི་འགོག་པ་དང་། ལམ་གྱི་
བདེན་པ་གཉིས་བསྟན་ཏེ། སྡུག་བསྔལ་དང་། ཀུན་འབྱུང་བའི་བདེན་པ་སྤངས་ན་འགག་པའི་བདེན་པ་ཐོབ་པའི་ཕྱིར་དང་། ལམ་གྱི་དབང་གིས་ཕུང་པོ་སྤངས་ནས་འགོག་པ་མངོན་དུ་བྱེད་པའི་ཕྱིར་རོ། །སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ཡང་འདི་དང་འདྲ་བར་བཤད་
པར་བྱའོ། །ཕུང་པོ་ལྔའི་དོན་རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཇི་ལྟར་ཁ་ཅིག་ཕུང་པོ་ཐོབ་པའི་སླད་དུ། ཇི་ལྟ་བ་དེ་བཞིན་དུ་ཁ་ཅིག་སྐྱེ་མཆེད་ཐོབ་པ་དང་། ཁ་ཅིག་རྟེན་ཅིང་འབྲེལ་བར་འབྱུང་བ་ཐོབ་
Vol. 118 · folio 192a
པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་གཉིས་པ་ཟླས་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་ཡིན་ཏེ་རེ་རེ་ལ་ཡང་ཚིག་དྲུག་ཡོད་པ་ནི་ཕུང་པོ་བཞིན་དུ་རིག་པར་བྱའོ། །སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནི་མཚན་ཉིད་བསྟན་པ་ལས་
འབྱུང་བ་བཞིན་ནོ། །ཡང་ཁ་ཅིག་ནི་ཟས་ཐོབ་པ་དང་། ཟས་ཀྱི་མཚན་མ་ཐོབ་པ་དང་། ཟས་ཀྱི་སྐྱེ་བ་ཐོབ་པ་དང་། ཟས་ཀྱི་ཟད་པ་ཐོབ་པ་དང་། ཟས་འགོག་པ་ཐོབ་པ་དང་། ཟས་འགོག་པ་མངོན་དུ་བགྱི་བ་ཐོབ་པའི་སླད་དུ་ཤེས་པ་བརྡ་སྤྲོད་པར་བགྱིད་ཅེས་བྱ་བ་ནི་
གསུམ་པ་ཟས་རྣམ་པ་བཞིའི་སྒོ་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་པ་བསྟན་པ་སྟེ། ཚིག་དྲུག་སྦྱར་ཞིང་རྣམ་པར་བཤད་པ་ནི་གོང་མ་བཞིན་དུ་རིག་པར་བྱའོ། །ཟས་རྣམ་པ་བཞིའི་དོན་རྣམ་པར་དབྱེ་བ་ནི་མཚན་ཉིད་བསྟན་པ་དག་ལས་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །
ཡང་ཁ་ཅིག་ནི་བདེན་པ་ཐོབ་པ་དང་། བདེན་པའི་མཚན་མ་ཐོབ་པ་དང་། བདེན་པ་ཡོངས་སུ་ཤེས་པ་ཐོབ་པ་དང་། བདེན་པ་གཏན་དུ་སྤངས་པ་ཐོབ་པ་དང་། བདེན་པ་མངོན་དུ་བགྱི་བ་ཐོབ་པ་དང་། བདེན་པ་བསྒོམ་པ་ཐོབ་པའི་སླད་དུ་ཤེས་པ་བརྡ་སྤྲོད་པར་བགྱིད་ཅེས་བྱ་བ་ནི་བཞི་
པ་བདེན་པ་བཞིའི་སྒོ་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་པ་བསྟན་པ་སྟེ། ཚིག་རྣམ་པ་དྲུག་ལས་དང་པོ་གཉིས་ནི་སྤྱི་ཡིན་ཏེ་སྔ་མ་བཞིན་དུ་རིག་པར་བྱའོ། །ཕྱི་མ་བཞི་ནི་གོ་རིམས་བཞིན་དུ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་གཏན་དུ་སྤང་བར་བྱ་བ་
དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པར་བྱའོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་སྦྱར་ན། དེ་ལས་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་གི་བདེན་པ་གཏན་དུ་སྤང་བར་བྱ་བ་དང་། འགོག་པའི་བདེན་པ་
རིག་ཅིང་མངོན་དུ་བྱ་བ་དང་། ལམ་གྱི་བདེན་པ་བསྒོམ་པར་བྱ་བར་བཤད་ཅེ་ན། སྨྲས་པ། སྡུག་བསྔལ་གྱི་བདེན་པ་དེ་ནི་ཕྱིན་ཅི་ལོག་བཞིའི་གནས་ཡིན་པས་ཕྱིན་ཅི་ལོག་བསལ་བས་ཕྱིར་ཡོངས་སུ་ཤེས་པར་བྱ་བའོ། །ཀུན་འབྱུང་གི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པར་གསུངས་
Vol. 118 · folio 192b
པའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སུ་ཟིན་ཀྱང་ད་དུང་ཀུན་འབྱུང་བའི་བདེན་པ་དང་། རྗེས་སུ་འབྲེལ་བའི་ཕྱིར་ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱ་བ་ཡིན་པར་བཤད་དགོས་སོ། །མངོན་སུམ་དུ་བྱ་བ་ནི་མངོན་སུམ་དུ་བྱས་པའི་དོན་ཡིན་ཏེ། འགོག་པའི་བདེན་པ་མངོན་
སུམ་དུ་མཐོང་བའི་ཕྱིར་མི་སྐྲག་ཅིང་དགའ་བ་ཡོངས་སུ་འཛིན་པས་དེའི་ཕྱིར་དེའི་འོག་ཏུ་ནི་འགོག་པའི་བདེན་པ་ནི་མངོན་སུམ་དུ་བྱས་པ་ཡིན་པར་བཤད་དོ། །ལམ་གོམས་པར་བྱས་ནས་གདོད་ཇི་སྐད་སྨོས་པའི་དོན་གསུམ་པོ་དག་མངོན་པར་འགྲུབ་པས་དེའི་ཕྱིར་ཐ་མར་ལམ་
གྱི་བདེན་པ་ནི་བསྒོམ་པར་བྱ་བ་ཡིན་པར་བཤད་པ་ཡིན་ནོ་ཞེས་འབྱུང་ངོ་། །བདེན་པ་གསུམ་པོ་དག་ཀྱང་ཡོངས་སུ་ཤེས་པར་བྱ་བ་ཡིན་ན། ཅིའི་ཕྱིར་སྡུག་བསྔལ་བ་འབའ་ཞིག་ཡོངས་སུ་ཤེས་པར་བཤད་ཅེ་ན། སྨྲས་པ། འདི་ནི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཇི་
སྐད་དུ་མདོ་སྡེ་དག་ལས་ནི་སྡུག་བསྔལ་གྱི་བདེན་པ་ཁོ་ན་ཡོངས་སུ་ཤེས་པར་བྱ་བར་གསུངས་ན་ཅིའི་ཕྱིར་ཆོས་མངོན་པ་ལས་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་བསྟན་ཞེ་ན། བཙུན་པ་རྩིབས་ན་རེ། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཁོ་ན་ཡོངས་སུ་ཤེས་པར་བྱ་བར་
གསུངས་པ་འམ། ཡང་ན་སྡུག་བསྔལ་འབའ་ཞིག་ཡོངས་སུ་ཤེས་པར་བྱ་བ་ཡིན་པས། དེའི་ཕྱིར་ཆོས་མངོན་པ་ལས་ཆོས་ཐམས་ཅད་ནི་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་འབྱུང་ཁོ་ན་ཡོངས་སུ་སྡང་བར་གསུངས་པའམ།
ཡང་ན་ཀུན་འབྱུང་བ་འབའ་ཞིག་ཡོངས་སུ་སྤང་བར་བྱ་བ་ཡིན་པས་དེའི་ཕྱིར་ཆོས་མངོན་པ་ལས་ཟག་པ་དང་བཅས་པའི་ཆོས་རྣམས་ནི་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་འགོག་པ་ཁོ་ན་མངོན་སུམ་དུ་བྱ་བར་གསུངས་པའམ།
ཡང་ན་འགོག་པ་འབའ་ཞིག་མངོན་དུ་བྱ་བ་ཡིན་པས། དེའི་ཕྱིར་ཆོས་མངོན་པ་ལས་མངོན་དུ་བྱ་བ་ཐོབ་པ་ལ་བརྟེན་ནས་དགེ་བའི་ཆོས་རྣམས་ནི་མངོན་སུམ་དུ་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ལམ་ཁོ་ན་བསྒོམ་པར་གསུངས་པའམ། ཡང་ན་
Vol. 118 · folio 193a
ལམ་འབའ་ཞིག་བསྒོམ་པར་བྱ་བ་ཡིན་པས་དེའི་ཕྱིར་ཆོས་མངོན་པ་ལས་འདུས་བྱས་ཀྱི་ཆོས་དགེ་བ་ཐམས་ཅད་ནི་བསྒོམ་པར་བྱ་བ་ཡིན་ནོ་ཞེས་བསྟན་ཏེ། འདིས་ནི་མདོ་ལས་གསུངས་པ་ནི་ངེས་པའི་དོན་མ་ཡིན་ལ། ཆོས་མངོན་པ་ལས་བཤད་པ་ནི་
ངེས་པའི་དོན་ཡིན་པར་བསྟན་པ་ཡིན་ཞེས་འབྱུང་སྟེ། རྒྱ་ཆེར་ནི་བསྟན་བཅོས་དེ་ཉིད་ལས་རྣམ་གྲངས་མང་པོས་བསྟན་པ་ཡིན་ནོ། །བདེན་པ་བཞིའི་དོན་རྒྱ་ཆེར་རྣམ་པར་འབྱེད་པ་ནི་མཚན་ཉིད་བསྟན་པ་འབྱུང་བ་བཞིན་དུ་རིག་པར་བྱའོ། །ཡང་ཁ་ཅིག་ནི་ཁམས་ཐོབ་
པ་དང་། ཁམས་ཀྱི་མཚན་མ་ཐོབ་པ་དང་། ཁམས་སྣ་ཚོགས་པ་ཉིད་ཐོབ་པ་ཉིད་དང་། ཁམས་གཅིག་པ་ཉིད་མ་ཡིན་པ་ཐོབ་པ་དང་། ཁམས་འགོག་པ་ཐོབ་པ་དང་། ཁམས་འགོག་པ་མངོན་དུ་བགྱི་བ་ཐོབ་པའི་སླད་དུ་ཤེས་པ་བརྡ་སྤྲོད་པར་བགྱིད་ཅེས་
བྱ་བ་ནི་ལྔ་པ་ཁམས་བཅོ་བརྒྱད་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་པ་བསྟན་ཏོ། །ཚིག་དྲུག་པོ་དེ་དག་ལས་དང་པོ་གཉིས་དང་། ཐ་མ་གཉིས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །ཚིག་བྱ་བ་གཉིས་ནི་བྱེ་བྲག་རྣམ་པར་བཤད་པའོ། །རྣམ་པ་ཤིན་ཏུ་མང་བས་སྣ་
ཚོགས་ཞེས་བྱའོ། །གྲངས་གཅིག་ལས་འདས་པའི་ཕྱིར་གཅིག་པ་ཉིད་མ་ཡིན་པ་ཞེས་བྱ་སྟེ། དེའི་ཕྱིར་ལུང་སྣ་ཚོགས་ལས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁམས་སྣ་ཚོགས་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཁམས་བཅོ་བརྒྱད་པོ་མིག་གི་
ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་གང་ཡིན་པ་དེ་ནི་ཁམས་སྣ་ཚོགས་ཡིན་ནོ་ཞེས་གསུངས་སོ། །བསྟན་བཅོས་རྣལ་
འབྱོར་སྤྱོད་པའི་ས་དང་སྦྱར་ན། ཕུང་པོ་ལྔ་ལ་བརྟེན་ནས་སྣ་ཚོགས་དང་གཅིག་པ་ཉིད་མ་ཡིན་པའི་དོན་གྱི་བྱེ་བྲག་སྟོན་ཏོ། །དེའི་ཕྱིར་དེ་ཉིད་ལས་དེ་ལས་ཕུང་པོ་རྣམས་ཀྱི་བདག་ཉིད་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ཡང་གཞན་ལ་དེ་བཞིན་དུ་རྣམ་
Vol. 118 · folio 193b
པར་ཤེས་པའི་ཕུང་པོའི་བར་ཡང་གཞན་པའོ། །དེ་ལ་ཕུང་པོ་རྣམས་ཀྱི་བདག་ཉིད་མང་པོ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་ཡང་གཅིག་པ་མ་ཡིན་ཞིང་རྣམ་པ་སྣ་ཚོགས་མང་པོ་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་བྱེ་བྲག་གི་ཕྱིར་འདས་པ་དང་། མ་འོངས་
པ་དང་། ད་ལྟར་བྱུང་བ་ལ་སོགས་པའི་རྣམ་པ་བྱེ་བྲག་གི་ཕྱིར་རོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་ཁམས་སྣ་ཚོགས་ཉིད་གང་ཞེ་ན། འདི་ལྟ་སྟེ། ཁམས་བཅོ་བརྒྱད་པོ་དག་ཕན་ཚུན་མཚན་ཉིད་ཐ་དད་པ་ཉིད་གང་ཡིན་པའོ། །ཁམས་གཅིག་པ་ཉིད་མ་ཡིན་པ་
གང་ཞེ་ན། འདི་ལྟ་སྟེ། ཁམས་དེ་དག་ཉིད་སེམས་སྣ་ཚོགས་དཔག་ཏུ་མེད་པའི་རབ་ཏུ་དབྱེ་བས་གནས་པ་ཉིད་དོ། །ཁམས་ཚད་མེད་པ་གང་ཞེ་ན། འདི་ལྟ་སྟེ། དེ་གཉི་ག་གཅིག་ཏུ་བསྡུས་པ་ལ་ཁམས་ཚད་མེད་པ་ཞེས་བྱའོ་ཞེས་འབྱུང་ངོ་། །གཞན་ཡང་དེ་ཉིད་ལས་
ཁམས་བཅོ་བརྒྱད་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་ཁམས་དུ་མར་ཤེས་པའོ། །དེ་དག་གི་རྣམ་པ་སྣ་ཚོགས་ཤེས་པ་ནི་ཁམས་སྣ་ཚོགས་ཤེས་པའོ། །དེ་དག་གི་རབ་ཏུ་དབྱེ་བ་ཤེས་པ་ནི་ཁམས་དང་། འགྲོ་བ་དང་། ས་དང་། གང་ཟག་དང་། རྣམ་པའི་དབྱེ་བ་ཤེས་པའོ་ཞེས་འབྱུང་
ཁམས་བཅོ་བརྒྱད་ཀྱི་དོན་ནི་མཚན་ཉིད་བསྟན་པ་དག་ལས་བཤད་པ་བཞིན་ནོ། །ཡང་ཁ་ཅིག་ནི་དྲན་པ་ཉེ་བར་གཞག་པ་ཐོབ་པ་དང་། དྲན་པ་ཉེ་བར་གཞག་པའི་མཚན་མ་ཐོབ་པ་དང་། དྲན་པ་ཉེ་བར་གཞག་པའི་གཉེན་པོ་དང་། མི་མཐུན་པའི་ཕྱོགས་བསྟན་པ་དང་། དྲན་པ་ཉེ་བར་
གཞག་པ་བསྒོམ་པ་ཐོབ་པ་དང་། དྲན་པ་ཉེ་བར་གཞག་པ་མ་སྐྱེས་པ་སྐྱེ་བ་ཐོབ་པ་དང་། དྲན་པ་ཉེ་བར་གཞག་པ་སྐྱེས་པ་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པ་ཐོབ་པའི་སླད་དུ་ཤེས་པ་བརྡ་སྤྲོད་པར་བགྱིད་ཅེས་བྱ་བ་འདི་མན་ཆད་
ནི་གཉིས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་པ་སྟོན་ཏོ། །འདི་ལ་ཡང་བཤད་པ་རྣམ་པ་གཉིས་ཡོད་དེ། ཁ་ཅིག་ན་རེ་སྔ་མའི་ཕུང་པོ་ལ་སོགས་པའི་ཆོས་ནི་རྟོགས་པའི་ཡུལ་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པ་ཡིན་ལ། ཕྱི་མ་ལ་དྲན་པ་ཉེ་བར་
Vol. 118 · folio 194a
གཞག་པ་ལ་སོགས་པ་ནི་རྟོགས་པའི་སྤྱོད་པ་ལ་བརྟེན་ནས་ཤེས་པ་བརྡ་སྤྲོད་པར་བྱེད་པ་ཡིན་ནོ་ཞེའོ། །ཁ་ཅིག་ན་རེ་དགེ་སློང་དེ་དག་ཕུང་པོ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་རྣམ་པ་དྲུག་ཁོ་ན་ལ་དོན་དམ་པའི་མངོན་པར་རྟོགས་པའི་ཡུལ་ལོ་ཞེས་དམིགས་པ་
མ་ཡིན་གྱི། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་རྣམ་པ་དྲུག་པོ་དག་ལ་ཡང་དེ་ཁོ་ན་ཉིད་ཀྱི་མངོན་པར་རྟོགས་པར་བྱེད་པའི་སྤྱོད་ཡུལ་བར་བརྟགས་པ་ཡིན་ཏེ། དེའི་ཕྱིར་ཚིག་ངེས་པར་འགྲེལ་བའི་མདོ་ལས། དགེ་སློང་ཁ་
ཅིག་ནི་དྲན་པ་ཉེ་བར་གཞག་པ་དང་། དྲན་པ་ཉེ་བར་གཞག་པའི་མཚན་ཉིད་ལ་སོགས་པ་རྟོགས་ཤིང་དམིགས་པས་རང་གི་ཐོབ་པ་བརྡ་སྤྲོད་པར་བགྱིད་ཅེས་གསུངས་པ་དང་། གཞན་ཡང་དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་འདི་ལྟར་དགེ་སློང་དེ་དག་དྲན་པ་
ཉེ་བར་གཞག་པའི་མཚན་མ་བཟུང་ནས་ཆོས་རྟོགས་པའོ་ཞེས་སྟོན་ཏོ་ཞེས་གསུངས་ཏེ། ཞིབ་ཏུ་དེ་ཉིད་ལས་གསུངས་པ་བཞིན་ནོ་ཞེའོ། །འདི་ཡང་རྣམ་པ་གསུམ་དུ་ཕྱེ་ནས་བསྟན་ཏེ། དྲན་པ་ཉེ་བར་གཞག་པས་ཤེས་པ་བརྡ་སྤྲོད་པ་དང་། ཁ་ཅིག་ནི་ཞེས་བྱ་བ་མན་
ཆད་ཀྱིས་ཟླས་ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གིས་ཤེས་པ་བརྡ་སྤྲོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཤེས་པ་བརྡ་སྤྲོད་པའོ། །འདི་དང་པོ་དྲན་པ་ཉེ་བར་གཞག་པ་བཞི་ལ་
བརྟེན་ནས་ཤེས་པ་བརྡ་སྤྲོད་པ་ཉིད་དོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་པོ་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་སོ། །བསྟན་བཅོས་ཡང་དག་པའི་རིགས་པ་ལས་ཅིའི་ཕྱིར་ཤེས་རབ་ལ་དམིགས་པ་ལ་དྲན་
པ་ཉེ་བར་གཞག་པ་ཞེ་ན། ཤེས་རབ་ནི་དྲན་པའི་སྟོབས་ཀྱིས་ཡོངས་སུ་བཟུང་ནས་གནས་པར་བྱེད་པའི་ཕྱིར་རོ་ཞེས་བཤད་དོ། །མཛོད་ཀྱི་བསྟན་བཅོས་ལས་ནི་བྱེ་བྲག་ཏུ་སྨྲ་བ་དག་འདི་སྐད་དུ། ཤེས་རབ་ནི་དྲན་པའི་སྟོབས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་དབང་
Vol. 118 · folio 194b
གིས་གནས་པར་བྱེད་པའི་ཕྱིར་རོ་ཞེས་ཟེར་ཏེ། ཡང་དག་པའི་དོན་དུ་ན་ཤེས་རབ་ཀྱི་དབང་གིས་དྲན་པ་ཡུལ་གནས་པར་བྱེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དག་གསལ་བར་དྲན་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འདི་
ལྟར་དྲན་པའི་མཐུ་སྟོབས་ཀྱིས་རང་གི་བདག་ཉིད་ཡོངས་སུ་སེལ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་རང་གི་བདག་ཉིད་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་པོ་དག་ཡིན་ཏེ། དྲན་པ་ཉེ་བར་གཞག་པའི་དབང་གིས་དེ་རབ་ཏུ་སེལ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ཤེས་རབ་ཀྱི་རྗེས་སུ་འབྲང་ཞིང་དམིགས་པ་ལ་ཡང་དག་པར་གནས་པ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ་ཞེས་བཤད་དོ། །རྣལ་འབྱོར་སྤྱོད་པའི་ས་ལས་དེ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་དོན་གང་ཞེ་ན། སྨྲས་
པ། གང་ལ་དྲན་པ་ཉེ་བར་གཞག་པར་བྱེད་པ་དང་། གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་གང་ལ་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། དེ་ནི་དམིགས་པ་ལ་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གང་གིས་དྲན་པ་ཉེ་བར་འཇོག་
པར་བྱེད་ཅེ་ན། དེ་ལ་ཤེས་རབ་དང་དྲན་པས་ཏིང་ངེ་འཛིན་སྡུད་པར་བྱེད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །དེ་ལས་གཞན་པ་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་འདྲེས་པའི་དྲན་པ་ཉེ་བར་
གཞག་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་དག་འདོད་པ་དང་སྦྱར་ན། ཤེས་རབ་ཀྱི་ངོ་བོ་ཉིད་དོ་ཞེས་བཤད་དོ། །ཐེག་པ་ཆེན་པོའི་བསྟན་པ་དང་སྦྱར་ན་ནི་དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་དོ་ཞེས་བཤད་དེ། དེའི་
ཕྱིར་ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་དྲན་པ་ཉེ་བར་གཞག་པའི་ངོ་བོ་ཉིད་ནི་འདི་ལྟ་སྟེ། ཤེས་རབ་དང་དྲན་པའོ། །བཅོམ་ལྡན་འདས་ཀྱི་མདོ་དག་ལས་དམན་པ་ལ་སོགས་པའི་རྗེས་སུ་རྟོག་པ་ཞེས་བྱ་བ་ཡོད་པའི་ཕྱིར་དང་། དྲན་པ་ཉེ་བར་གཞག་པ་
Vol. 118 · folio 195a
དང་བཅས་པ་ཞེས་གསུངས་པའི་ཕྱིར་དང་། གོ་རིམས་བཞིན་ནོ་ཞེས་བཤད་དོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་ཤེས་རབ་དང་། དྲན་པས་ཏིང་ངེ་འཛིན་ཡང་དག་པར་སྡུད་པ་ནི་ངོ་བོ་ཉིད་ཀྱི་དྲན་པ་ཉེ་བར་གཞག་པའོ་ཞེས་འབྱུང་ངོ་། །གཞན་
ཡང་དེ་ཉིད་ལས་འདི་ཡང་རྣམ་པ་གསུམ་ཏེ། ཐོས་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའོ། །ཐོས་པ་དང་། བསམ་པ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །བསྒོམ་པ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་ཡང་ཡོད། ཟག་
པ་མེད་པ་དང་བཅས་པ་ཡང་ཡོད་དོ་ཞེས་བཤད་དོ། །དེ་ལ་ཚིག་གི་དོན་རྣམ་པར་བཤད་པ་ལ་མདོ་ཚིག་རྣམ་པ་དྲུག་ཡོད་དོ། །དགོངས་པ་ཟབ་མོ་རྣམ་པར་དགྲོལ་བའི་མདོ་ལས་ནི་ཚིག་བདུན་འབྱུང་སྟེ། ཚིག་དྲུག་པ་ལས་རྣམ་པ་གཉིས་སུ་ཕྱེ་བས་འདི་ལྟ་སྟེ། དྲན་པ་
ཉེ་བར་གཞག་པ་སྐྱེས་པ་གནས་པ་དང་བསྒོམ་པའི་མཚན་ཉིད་མི་བསྐྱུད་པ་ཞེས་འབྱུང་ངོ་། །ཚིག་ངེས་པར་འགྲེལ་བའི་མདོ་ལས་ནི་སློབ་དཔོན་ཡང་དག་བདེན་པས་ཚིག་རྣམ་པ་བཅུར་ཕྱེ་ནས་སྟོན་ཏེ། དེའི་ཕྱིར་སློབ་དཔོན་ཡང་དག་བདེན་པའི་བརྗེད་བྱང་ལས། མདོ་ལས་དགེ་སློང་
ཁ་ཅིག་ནི་དྲན་པ་ཉེ་བར་གཞག་པ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཅུས་ཅི་ཞིག་སྟོན་པར་མཛད་ཅེ་ན། སྨྲས་པ། དོན་རྣམ་པ་བཅུ་བསྟན་པའི་ཕྱིར་ཚིག་བཅུ་པོ་འདི་དག་གསུངས་པ་ཡིན་ཏེ། ཚིག་དང་པོ་དྲན་པ་ཉེ་བར་གཞག་པ་རྟོགས་ཤིང་དམིགས་པས་ཞེས་བྱ་བ་དེ་ནི་
ཡུལ་གྱི་དྲན་པ་ཉེ་བར་གཞག་པའོ། །གཉིས་པ་དྲན་པ་ཉེ་བར་གཞག་པའི་མཚན་ཉིད་ཅེས་བྱ་བ་དེ་ནི་ངོ་བོ་ཉིད་ཀྱི་དྲན་པ་ཉེ་བར་གཞག་པའོ། །གསུམ་པ་དྲན་པ་ཉེ་བར་གཞག་པའི་མི་མཐུན་པའི་ཞེས་བྱ་བས་ནི་དྲན་པ་ཉེ་བར་གཞག་པའི་ལམ་མི་མཐུན་པའི་ཕྱོགས་ཕྱིན་ཅི་ལོག་
བཞི་བསྟན་ཏོ། །བཞི་པ་དྲན་པ་ཉེ་བར་གཞག་པའི་གཉེན་པོ་ལམ་ཞེས་བྱ་བ་ནི་གཉེན་པོར་གྱུར་པའི་ལམ་བསྟན་ཏེ། དེ་ནི་འདྲེས་པའི་དྲན་པ་ཉེ་བར་གཞག་པ་ཕྱིན་ཅི་ལོག་བཞིའི་གཉེན་པོར་གྱུར་པའི་ཕྱིར་རོ། །ལྔ་པ་དྲན་པ་ཉེ་བར་གཞག་པའི་བསྒོམ་པ་ཞེས་བྱ་བ་དེ་ནི་དྲན་པ་ཉེ་
Vol. 118 · folio 195b
བར་གཞག་པའི་སྦྱོར་བའི་ལམ་མོ། །དྲུག་པ་དྲན་པ་ཉེ་བར་གཞག་པ་མ་སྐྱེས་པ་སྐྱེ་བ་རྟོགས་ཤིང་དམིགས་པ་ཞེས་བྱ་བ་དེ་ནི་བར་ཆད་མེད་པའི་ལམ་ཡིན་ཏེ། འདི་ལྟ་སྟེ། བཟོད་པ་བརྒྱད་པོ་དག་གོ། །བདུན་པ་དྲན་པ་ཉེ་བར་གཞག་པ་སྐྱེས་པ་གནས་པ་རྟོགས་ཤིང་དམིགས་པ་ཞེས་བྱ་བ་དེ་ནི་རྣམ་
པར་འགྲེལ་པའི་ལམ་ཡིན་ཏེ། འདི་ལྟ་སྟེ། ཤེས་པ་བརྒྱད་པོ་དེ་དག་གོ། །བརྒྱད་པ་མི་བསྐྱུད་པ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ཡིན་ཏེ། རྡོ་རྗེ་ལྟ་བུའི་སེམས་ཀྱི་བར་དག་གོ། །དགུ་པ་འཕེལ་བ་ཞེས་བྱ་བ་ནི། མི་སློབ་པའི་ལམ་ཡིན་ཏེ། རྡོ་རྗེ་ལྟ་བུའི་འོག་གི་སེམས་སོ། །
བཅུ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ལམ་ཡིན་ཏེ། འཁོར་ལོ་རྣམ་པ་གསུམ་གྱིས་སེམས་ཅན་ལ་ཕན་འདོགས་པ་འདི་ལྟ་སྟེ། རྫུ་འཕྲུལ་དང་སེམས་ལུང་བསྟན་པ་དང་ཡང་དག་པར་བསྟན་པ་རྣམས་ཀྱིས་སོ། །ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་ཚིག་
བཅུ་ཡོད་པ་དེ་བཞིན་དུ། ཡང་དག་པའི་སྤོང་བ་བཞི་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་སྦྱར་བར་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །འདིར་རྣམ་པར་བཤད་པ་ནི་དེ་ལྟ་མ་ཡིན་ཏེ་ཆོས་ཀྱི་སྒོ་རེ་རེ་ཡང་ཚིག་དྲུག་ཡོད་པར་སྦྱར་ཏེ།
དང་པོའི་ཚིག་གཉིས་ནི་ཕུང་པོ་བཞིན་དུ་རིག་པར་བྱའོ། །ཚིག་འོག་མ་བཞི་ནི་ཕུང་པོ་ལ་སོགས་པ་དང་མི་མཐུན་ཏེ། དེ་ལ་དྲན་པ་ཉེ་བར་གཞག་པའི་གཉེན་པོ་དང་མི་མཐུན་པའི་ཕྱོགས་ཐོབ་པར་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ཕྱིན་ཅི་ལོག་བཞི་པོ་དག་གི་གཉེན་
པོར་གྱུར་པར་བསྟན་ཏོ། །འདི་ལྟ་སྟེ། ལུས་དྲན་པ་ཉེ་བར་གཞག་པས་ལུས་ལ་མི་གཙང་བ་ཉིད་དུ་བསྒོམ་པས་གཙང་བ་ཉིད་དུ་ཕྱིན་ཅི་ལོག་པའི་གཉེན་པོར་གྱུར་པ་ཡིན་ནོ། །ཚོར་བ་དྲན་པ་ཉེ་བར་གཞག་པས་ཚོར་བ་ལ་བདེ་བ་མེད་པ་ཉིད་དུ་ཕྱིན་ཅི་ལོག་པའི་གཉེན་པོར་གྱུར་
པ་ཡིན་ནོ། །སེམས་དྲན་པ་ཉེ་བར་གཞག་པས། སེམས་མི་རྟག་པ་ཉིད་བསྒོམ་པས་རྟག་པ་ཉིད་དུ་ཕྱིན་ཅི་ལོག་པའི་གཉེན་པོར་གྱུར་པ་ཡིན་ནོ། །ཆོས་དྲན་པ་ཉེ་བར་གཞག་པས་ཆོས་བདག་མེད་པ་ཉིད་དུ་བསྒོམ་པས་ཕྱིན་ཅི་ལོག་པའི་གཉེན་པོར་གྱུར་པ་ཡིན་ཏེ། རྒྱ་ཆེར་
Vol. 118 · folio 196a
ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་བཞིན་ནོ། །དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཐོབ་པས་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་པོ་དེ་དག་ནི་བསྒོམ་པ་རྣམ་པ་བཞིའི་དབང་དུ་མཛད་ནས་དྲན་པ་ཉེ་བར་གཞག་པ་བཞི་བཤད་པ་ཡིན་
ཏེ། བསྒོམ་པ་བཞི་པོ་དེ་ཡང་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གིས་དྲན་པ་ཉེ་བར་གཞག་པ་མངོན་སུམ་དུ་གྱུར་པ་ནི་མངོན་པར་འདུ་བྱེད་པའི་བསྒོམ་པ་ཞེས་ཀྱང་བྱ། ཐོབ་པའི་བསྒོམ་པ་ཞེས་ཀྱང་བྱ་སྟེ། མ་འོངས་པའི་ཐོབ་པ་དང་། འཐོབ་པར་འགྱུར་བའི་རྣམ་པ་
སྐྱེད་པར་ནུས་པ་གང་ཡིན་པ་དེ་ནི་ཐོབ་པའི་བསྒོམ་པ་ཞེས་བྱ་སྟེ། དེའི་ཕྱིར་མཛོད་ཀྱི་བསྟན་བཅོས་ལས་བསྒོམ་པ་ནི་རྣམ་པ་བཞི་སྟེ། འཐོབ་པའི་བསྒོམ་པ་དང་། བསྟན་པའི་བསྒོམ་པ་དང་། གཉེན་པོའི་བསྒོམ་པ་དང་། ཐག་བསྲིང་བའི་བསྒོམ་པའོ་འདི་ལྟར་
བསྒོམ་པ་བཞི་པོ་དེ་དག་ཀྱང་ཆོས་གང་ལ་བརྟེན་ནས་རྣམ་པར་གཞག་ཅེ་ན། ཚིག་ལེའུར་བྱས་པ་ལས། རྙེད་དང་བསྟེན་པའི་བསྒོམ་པ་གཉིས་དག་ནི། །དགེ་བ་འདུས་བྱས་ཆོས་རྟེན་རྣམ་པར་གཞག །ཟག་པ་དང་བཅས་པའི་ཆོས་ལ་བརྟེན་ནས་ནི། གཉེན་པོ་ཐག་
བསྲིང་བསྒོམ་པ་གཞག་པ་ཡིན་ཞེས་འབྱུང་སྟེ། འདི་ཉིད་ཀྱི་འགྲེལ་པ་ལས། ཐོབ་པ་དང་བསྟེན་པའི་བསྒོམ་པ་གཉིས་ནི་དགེ་བ་འདུས་བྱས་ལ་བརྟེན་པ་ཡིན་ཏེ། མ་འོངས་པ་རྣམས་ཀྱིས་ཐོབ་པ་ཁོ་ནའོ། །ད་ལྟར་བྱུང་བ་རྣམས་ཀྱིས་ནི་གཉི་གའོ། །གཉེན་པོ་དང་ཐག་
བསྲིང་བའི་བསྒོམ་པ་གཉིས་ནི་ཟག་པ་དང་བཅས་པའི་ཆོས་ལ་བརྟེན་པའི་ཕྱིར། ཟག་པ་དང་དགེ་བ་ནི་དགེ་བ་བཞི་ཆར་དང་ལྡན་ནོ། །ཟག་པ་མེད་པའི་འདུས་བྱས་དང་། ཟག་པ་དང་བཅས་པའི་ཆོས་གཞན་དག་ནི་གོ་རིམས་བཞིན་དུ་སོ་སོ་ནས་སྔ་མ་དང་། ཕྱི་མ་
གཉིས་ཀྱི་བསྒོམ་པ་དག་དང་ལྡན་ནོ་ཞེས་བཤད་དེ། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཡང་དག་པའི་རིགས་པ་དང་། རྗེས་སུ་མཐུན་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་བསྟན་པ་བཞིན་ནོ། །འདིར་ཐེག་པ་ཆེན་པོ་བསྟན་པ་དག་དང་སྦྱར་ནས་
Vol. 118 · folio 196b
སོ་སོ་ནས་མི་མཐུན་ཏེ། བསྟན་བཅོས་མངོན་པ་ཀུན་ལས་བཏུས་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལས་བསྒོམ་པ་རྣམ་པ་བཞི་ལ་བརྟེན་ནས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་པར་བསྟན་པ་དང་། ཡང་དག་པའི་སྤོང་བ་བཞི་ལས་
བརྩམས་ནས་བསྒོམ་པ་རྣམ་པ་བཞི་སྟོན་ཏེ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་ཡང་ལམ་བསྒོམ་པ་རྣམས་ཀྱི་ཁྱད་པར་ནི་མདོར་བསྡུ་ན་རྣམ་པ་བཞིའོ། །འདི་ལྟ་སྟེ། འཐོབ་པའི་བསྒོམ་པ་དང་། བསྟེན་པའི་བསྒོམ་པ་དང་། གསལ་བའི་བསྒོམ་པ་དང་། གཉེན་
པོའི་བསྒོམ་པའོ། །འཐོབ་པའི་བསྒོམ་པ་ནི་འདི་ལྟ་སྟེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་བསྒོམ་པའོ། །བསྟེན་པའི་བསྒོམ་པ་ནི་འདི་ལྟ་སྟེ། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་ཉམས་པ་དང་། ཕྱིར་འབྱུང་བ་དང་། འཕེལ་བ་
དང་། སྤང་བར་བྱ་བའི་ཕྱིར་གང་བསྒོམ་པའོ། །གསལ་བའི་བསྒོམ་པ་ནི་འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་གང་བསྒོམ་པའོ། །གཉེན་པོ་བསྒོམ་པ་ནི་འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་གང་
བསྒོམ་པའོ་ཞེས་འབྱུང་ངོ་། །འདི་ལྟར་ཁྱད་པར་རྣམ་པ་བཞི་པོ་འདི་དག་ནི་ཅི་རིགས་པར་ཡང་དག་པར་སྤོང་བ་བཞི་པོ་དག་དང་སྦྱར་ཞིང་བཤད་པར་བྱ་སྟེ། བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་འདི་དང་མཐུན་པར་སྟོན་ཏོ། །མདོ་སྡེ་འདི་ཉིད་དང་སྦྱར་ན་
ནི་དང་པོའི་བསྒོམ་པ་གཉིས་འབའ་ཞིག་དྲན་པ་གཞག་པ་བསྒོམ་པར་སྟོན་ཏོ། །དེ་ལ་དྲན་པ་ཉེ་བར་གཞག་པའི་སྒོ་ཐོབ་པ་ཞེས་བྱ་བ་ནི་བསྒོམ་པ་གཉིས་མདོར་བསྟན་པའོ། །མ་སྐྱེས་པ་སྐྱེ་བ་ཞེས་བྱ་བ་ནི་ཐོབ་པའི་བསྒོམ་པ་རྣམ་པར་ཕྱེ་སྟེ་བསྟན་པའོ། །སྐྱེས་པ་
གནས་པ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པའི་བསྒོམ་པ་རྣམ་པར་ཕྱེ་སྟེ་བསྟན་པའོ། །ཅིའི་ཕྱིར་བསྒོམ་པ་ཕྱི་མ་གཉིས་མ་བསྟན་ཅེ་ན། སྨྲས་པ། འདིར་དགེ་བའི་ཆོས་རྣམས་བསྒོམ་པ་ཁོ་ནར་སྟོན་པར་མཛད་ཀྱི། སྡིག་པ་མི་དགེ་བའི་ཆོས་གསལ་བར་མི་
Vol. 118 · folio 197a
སྟོན་པའི་ཕྱིར་རོ། །ཡང་ན་བཞི་ཆར་དང་ཡང་ལྡན་ཏེ། སྔར་གཉེན་པོ་བསྟན་པའི་སྐབས་སུ་བསྒོམ་པ་གཉིས་ཀྱང་བསྡུས་པའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་མ་སྐྱེས་པ་སྐྱེ་བ་ཐོབ་པ་ཞེས་བྱ་བ་ནི་བསྟན་བཅོས་རྣམ་པར་བཤད་པ་དང་སྦྱར་ན། དེ་ལས་
དགེ་བའི་ཆོས་མ་བསྐྱེད་པ་བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། ད་དུང་མ་ཐོབ་པའོ། །དགེ་བའི་ཆོས་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐོས་པ་དང་བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམ་པ་གསུམ་པོ་དག་སྐྱོན་མེད་པའི་དོན་གྱི་ཕྱིར་དགེ་བ་ཞེས་བྱའོ་
ཞེས་བཤད་དོ། །བསྐྱེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟ་སྟེ། དེ་དག་ཐོབ་པར་བྱ་བའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་སྐྱེས་པ་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་རྒྱས་པ་ཐོབ་པའི་སླད་དུ་ཞེས་བྱ་བ་འདི་ནི་བསྟེན་པའི་བསྒོམ་པ་སྟོན་
ཏེ། འདི་ཡང་བསྟན་པ་རྣམས་ལས་སོ་སོ་ནས་བཤད་པ་མི་མཐུན་པས་བསྟན་བཅོས་རྣམ་པར་བཤད་པ་ལས་ནི་རྣམ་པ་བདུན་དུ་བསྟན་ཏེ། དགེ་བའི་ཆོས་སྐྱེས་པ་དང་། གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་དང་། ཡོངས་སུ་རྫོགས་པ་དང་། ཕྱིར་ཞིང་
འབྱུང་བ་དང་། འཕེལ་བ་དང་རྒྱས་པར་བྱ་བའི་ཕྱིར་ཞེས་བཤད་དོ། དེའི་ཕྱིར་བསྟན་བཅོས་དེ་ཉིད་ལས་སྐྱེས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐོབ་ཟིན་པའི་ཕྱིར་རོ། །གནས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཐོབ་པའི་ཤེས་རབ་ཀྱིས་སོ། །མི་བརྗེད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ།
བསམས་པའི་ཤེས་རབ་ཀྱིས་སོ། །བསྒོམ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྒོམས་པའི་ཤེས་རབ་ཀྱིས་སོ། །གོང་མའི་ཚིག་གསུམ་གྱིས་ནི་ཤིན་ཏུ་བསྲུངས་པས་ཐོབ་པའི་དགེ་བ་རྣམས་བསྟན་ཏོ། །ཕྱིར་འབྱུང་བ་དང་། འཕེལ་བ་དང་རྒྱས་པ་ཞེས་བྱ་བ་ནི་གོ་
རིམས་བཞིན་དུ་དེ་དག་ཁོ་ན་ལ་ཆོག་ཤེས་པ་མི་སྐྱེ་བའི་ཕྱིར་རོ་ཞེས་འབྱུང་ངོ་། །རྣལ་འབྱོར་སྤྱོད་པའི་ས་ལས་འདི་བདུན་གྱི་མིང་སྨོས་པར་ཟད་ཀྱི་རྣམ་པར་བཤད་པ་ནི་མེད་དོ། །ཁ་ཅིག་ནི་དྲན་པ་ཉེ་བར་གཞག་པ་ཐོབ་པའི་སླད་དུ་ཇི་ལྟ་བ་དེ་བཞིན་དུ་ཡང་ཁ་ཅིག་ནི་ཡང་
Vol. 118 · folio 197b
དག་པའི་སྤོང་བ་ཐོབ་པ་དང་། རྫུ་འཕྲུལ་གྱི་རྐང་པ་ཐོབ་པ་དང་། དབང་པོ་རྣམས་ཐོབ་པ་དང་། སྟོབས་རྣམས་ཐོབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཐོབ་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་གཉིས་པ་ཟླས་སྒོ་ལྔ་རྣམ་པར་བཤད་པ་ཡིན་ཏེ། ཇི་ལྟར་དྲན་པ་ཉེ་བར་
གཞག་པ་ལ་ཚིག་དྲུག་ཡོད་པ་དེ་བཞིན་དུ་ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་ཚིག་དྲུག་ཡོད་པར་ཡང་གོང་མ་བཞིན་དུ་རིག་པར་བྱའོ། །དེ་ལ་སྒོ་ལྔ་ཞེས་བྱ་བ་ཡང་དང་པོ་ནི་
ཡང་དག་པའི་སྤོང་བ་བཞི་པོ་འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡོངས་སུ་སྤངས་པའི་ཕྱིར་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་དང་། དགེ་བའི་ཆོས་
སྐྱེས་པ་རྣམ་གནས་པ་དང་། མི་བརྗེད་པ་ལ་སོགས་པའི་ཕྱིར་རོ། །མཛོད་ཀྱི་བསྟན་བཅོས་ལས་ཅིའི་ཕྱིར་བརྩོན་འགྲུས་ལ་ཡང་དག་པའི་སྤོང་བ་ཞེས་བྱ་ཞེ་ན། ཡང་དག་པའི་བསྒོམ་པས་སྤོང་བའི་གནས་སྐབས་སུ། བརྩོན་འགྲུས་འདིའི་སྟོབས་ཀྱིས་ལེ་ལོ་
སྤོང་བའི་ཕྱིར་རོ། །ཡང་ན་ཡང་དག་པའི་མཆོག་ཅེས་བྱ་སྟེ། ཡང་དག་པའི་ལུས་དང་། ངག་དང་ཡིད་ཀྱི་ནན་ཏན་གྱི་ནང་ན་འདི་མཆོག་ཏུ་གྱུར་པའི་ཕྱིར་རོ་ཞེས་འབྱུང་སྟེ། བསྟན་བཅོས་ཡང་དག་པའི་རིགས་པ་དང་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ཀྱང་
འདི་དང་མཐུན་པར་བཤད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ལོག་པའི་ཆོས་འཛིན་ཅིང་ཡང་དག་པའི་ལམ་དུ་འགྲོ་བའི་ཕྱིར་ཡང་དག་པའི་སྤོང་བ་ཞེས་བྱའོ། །གཞན་ཡང་དེ་ཉིད་ལས་བརྩོན་འགྲུས་ཀྱི་སེམས་རྣམ་པ་བཞིས་
ནན་ཏན་དང་། འབད་པ་བསྐྱེད་པའི་ཕྱིར་ཡང་དག་པའི་སྤོང་བ་ཞེས་བྱའོ་ཞེས་འབྱུང་ངོ་། །དེ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པ་ནི་ཐེག་པ་ཆེ་ཆུང་གི་བསྟན་པ་ཀུན་ལས་བརྩོན་འགྲུས་ཀྱི་བདག་ཉིད་དོ་ཞེས་བཤད་དོ། །རྫུ་འཕྲུལ་གྱི་རྐང་པ་ནི་འདི་ལྟ་སྟེ། རྫུ་འཕྲུལ་
Vol. 118 · folio 198a
གྱི་རྐང་པ་བཞི་པོ་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་ཏོ། །མཛོད་ཀྱི་བསྟན་བཅོས་ལས། ཅིའི་ཕྱིར་ཏིང་ངེ་འཛིན་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་རྣམ་པར་གཞག་ཅེ་ན། ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་གནས་
སུ་གྱུར་པའི་ཕྱིར་རོ་ཞེས་བཤད་དོ། །སློབ་དཔོན་གཞན་ཁ་ཅིག་ན་རེ་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ལ། རྐང་པ་ནི་འདི་ལྟ་སྟེ། འདུན་པ་ལ་སོགས་པའོ། །བྱང་ཆུབ་ཀྱི་ཡན་ལག་གི་ངོ་བོ་ནི་བཅུ་གསུམ་སྟེ་འདུན་པ་དང་སེམས་ཀྱིས་བསྐྱེད་པའི་ཕྱིར་རོ་ཞེའོ། །བྱེ་བྲག་ཏུ་
སྨྲ་བ་དག་ན་རེ། བྱང་ཆུབ་ཀྱི་ཡན་ལག་བཅུ་གཅིག་གི་སྟེང་དུ་འདུན་པ་དང་། སེམས་ཀྱིས་བསྣན་པའི་ཕྱིར་དངོས་པོ་བཅུ་གསུམ་དུ་འགྱུར་རོ་ཞེའོ། །གཞན་ཡང་མདོ་ལས་ཇི་སྐད་དུ་ངས་ཁྱེད་ལ་རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པ་བཤད་པར་བྱ་སྟེ། རྫུ་འཕྲུལ་ནི་འདི་
ལྟ་སྟེ། རྫུ་འཕྲུལ་གྱི་ཡུལ་རྣམ་པ་སྣ་ཚོགས་མྱོང་ཞིང་གཅིག་ལས་མང་པོར་བྱེད་པ་ལ་སོགས་པ། རྒྱ་ཆེར་བཤད་པའི་བར་དུའོ། །རྐང་པ་ནི་འདི་ལྟ་སྟེ། འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་བཞི་པོ་དག་གོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་འདིར་བཅོམ་ལྡན་
འདས་ཀྱིས་ཏིང་ངེ་འཛིན་གྱི་འབྲས་བུ་ལ་ནི་རྫུ་འཕྲུལ་ཞེས་གསུངས་སོ། །འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་ནི་རྐང་པ་ཞེས་གསུངས་ཏེ། བསྟན་བཅོས་ཡང་དག་པའི་རིགས་པ་ལས་ཀྱང་ཕལ་ཆེར་འདི་དང་མཐུན་པར་འབྱུང་ངོ་། །གཞན་ཡང་བསྟན་
བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། རྫུ་འཕྲུལ་ཡོན་ཏན་ཁྱད་པར་ཅན་གྱི་གནས་སུ་གྱུར་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ་ཞེས་འབྱུང་ངོ་། །རྒྱ་ཆེར་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །གཞན་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་
ལས། སེམས་རྩེ་གཅིག་ཏུ་བསྡུས་ནས་དམིགས་པ་ལ་བདེ་བར་གནས་པའི་ཕྱིར་ཡིད་བཞིན་གྱི་རྐང་པ་ཞེས་བྱའོ། །གཞན་ཡང་དེ་ཉིད་ལས་ཡང་དག་པར་སྤོང་བ་བཞི་པོ་དག་གིས་དུས་སུ་སེམས་ལ་སོགས་པ་རྣམ་པར་གཡེང་བས། འདི་ལྟར་ཏིང་ངེ་འཛིན་གྱིས་སེམས་
Vol. 118 · folio 198b
སྡུད་པའི་ཕྱིར་ཡིད་བཞིན་གྱི་རྐང་པ་ཞེས་བྱའོ། །གཞན་ཡང་དེ་ཉིད་ལས་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྟོབས་ལ་སོགས་པས་སྨོན་པ་རྣམས་ཐོབ་པའི་ཕྱིར་ཡིད་བཞིན་གྱི་རྐང་པ་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣལ་
འབྱོར་སྤྱོད་པའི་ས་ལས། ཅིའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན། སྨྲས་པ། འདི་ལྟ་སྟེ་དཔེར་ན། གང་ལ་རྐང་པ་ཡོད་པ་དེས་འགྲོ་བ་དང་། ལྡོག་པ་དང་། ཕ་རོལ་གནོན་པར་ནུས་པ་དེ་བཞིན་དུ། གང་ལ་ཆོས་དེ་དག་ཀྱང་ཡོད་ལ། ཏིང་ངེ་འཛིན་དེ་དག་ཀྱང་
ཡོངས་སུ་རྫོགས་པར་ཡོད་ཅིང་། དེ་དེ་ལྟར་སེམས་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་དང་། ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་། དྲང་པོར་གྱུར་པ་དང་། ལས་སུ་རུང་བར་གནས་པ་དང་། མི་གཡོ་བ་ཐོབ་པར་གྱུར་ན། འཇིག་
རྟེན་ལས་འདས་པའི་ཆོས་རྣམས་འཐོབ་པར་བྱ་བ་དང་། རེག་པར་བྱ་བའི་ཕྱིར་འགྲོ་བ་དང་། ལྡོག་པ་དང་། ཕ་རོལ་གནོན་པར་ནུས་ཏེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ཆོས་དེ་དག་རྫུ་འཕྲུལ་དམ་པ་དང་། འབྱོར་པ་དམ་པ་ཡིན་པས་ན། དེའི་ཕྱིར་རྫུ་
འཕྲུལ་གྱི་རྐང་པ་ཞེས་བྱའོ་ཞེས་འབྱུང་སྟེ། རྒྱ་ཆེར་དེ་ཉིད་ལས་འབྱུང་ངོ་། །དེ་ལ་ངོ་བོ་ཉིད་རྣམ་པར་འབྱེད་པའི་ཐེག་པ་ཆེ་ཆུང་གི་བསྟན་པ་ཀུན་ལས། ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དོ་ཞེས་བསྟན་ཏོ། །དེ་ལ་དབང་པོ་རྣམས་དང་། སྟོབས་རྣམས་ཞེས་བྱ་བ་ནི། དབང་པོ་
ལྔ་དང་། སྟོབས་ལྔ་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དག་གོ། །མཛོད་ཀྱི་བསྟན་བཅོས་དག་ལས། ཅིའི་ཕྱིར་དད་པ་ལ་སོགས་པ་ལ་སྔར་ནི་དབང་པོ་ཞེས་བསྟན་ལ། ཕྱིས་ནི་སྟོབས་ཞེས་བྱ་ཞེ་ན། ཆོས་ལྔ་པོ་འདི་
དག་ཆུང་ངུ་དང་། ཆེན་པོའི་རྣམ་པའི་ཕྱོགས་ཀྱི་སྔ་ཕྱི་ལ་བརྟེན་པའི་ཕྱིར། གཞན་ཡང་ཟིལ་གྱིས་གནོན་པར་ནུས་པ་དང་། ཟིལ་གྱིས་གནོན་པར་མི་ནུས་པ་ལ་བརྟེན་པའི་ཕྱིར་རོ་ཞེས་བཤད་དོ། །བསྟན་བཅོས་ཡང་དག་པའི་རིགས་པ་ལས་ཅིའི་ཕྱིར་དད་པ་ལ་
Vol. 118 · folio 199a
སོགས་པ་ལ་དབང་པོ་དང་སྟོབས་ཞེས་བྱ་ཞེ་ན། དབང་དུ་གྱུར་པའི་ཕྱིར་དང་། ཟིལ་གྱིས་གནོན་པར་དཀའ་བའི་ཕྱིར་རོ། །ཅིའི་ཕྱིར་ལྔ་པ་འདི་དག་ལ་སྔར་ནི་དབང་པོ་ཞེས་བསྟན་ལ་དེའི་འོག་ཏུ་ནི་སྟོབས་ཞེས་བསྟན་ཞེ་ན། ཆོས་ལྔ་པོ་འདི་
དག་གི་ཆུང་ངུ་དང་། ཆེན་པོའི་རྣམ་པ་ལ་བརྟེན་ནས། སྔ་ཕྱི་རྣམ་པར་དབྱེ་བའི་ཕྱིར་དང་། གཞན་ཡང་ཟིལ་གྱིས་གནོན་པ་དང་། ཟིལ་གྱིས་གནོན་པར་མི་ནུས་པ་ལ་གནས་པའི་ཕྱིར་དང་། རྣམ་པའི་ཆུང་ངུའི་དད་པ་ལ་སོགས་པ་ནི་མཐུ་ཆུང་བའི་ཕྱིར་མི་མཐུན་པའི་ཕྱོགས་
ཀྱིས་ཟིལ་གྱིས་གནོན་པར་ནུས་ལ། ཆེན་པོའི་རྣམ་པ་ནི་འདི་ལས་བཟློག་པའི་ཕྱིར། སྟོབས་ཀྱི་མིང་འཐོབ་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། མཐུ་དང་ནུས་པ་དབང་དུ་གྱུར་པའི་ཕྱིར་ནི་དབང་པོ་ཞེས་བྱའོ། །
ཆོམས་པར་དཀའ་བའི་ཕྱིར་ནི་སྟོབས་ཞེས་བྱའོ་ཞེས་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས། ཤེས་པ་ཆུང་ངུའི་སེམས་ཀྱིས་ཐོབ་པའི་ཕྱིར་དབང་པོ་ཞེས་བྱའོ། །ཤེས་པ་རྣོན་པོའི་སེམས་ཀྱིས་ཐོབ་པའི་ཕྱིར་སྟོབས་ཞེས་བྱའོ། །
གཞན་ཡང་སེམས་ཅན་གྱི་དབང་པོ་ཤེས་པ་ལ་དབང་བ་དང་། ཐབས་ཀྱིས་སྟོབས་ཐོབ་པའི་ཕྱིར་དབང་པོ་ཞེས་བྱའོ། །སྟོབས་ལྔ་འཕེལ་བར་གྱུར་ནས་ཉོན་མོངས་པ་འཇོམས་པ་དང་། སེམས་ཅན་སྒྲོལ་ཞིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱེད་པ་ནི་སྟོབས་ཞེས་བྱའོ། །
གཞན་ཡང་ལྷའི་བུའི་བདུད་དང་། མུ་སྟེགས་ཅན་དག་གིས་འཇིག་པར་མི་ནུས་པའི་ཕྱིར་སྟོབས་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་ནི་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་ལས་ནི་དབང་བྱེད་པའི་དོན་གྱི་ཕྱིར་དབང་པོ་ཞེས་བྱའོ། །ཆོམས་པར་
དཀའ་བའི་དོན་གྱི་ཕྱིར་ནི་སྟོབས་ཞེས་བྱའོ་ཞེས་འབྱུང་སྟེ། ཞིབ་ཏུ་དེ་ཉིད་ལས་བསྟན་པ་བཞིན་ནོ། །བསྟན་བཅོས་རྣམ་པར་བཤད་པ་དང་། ཆོས་མངོན་པ་སྣ་ཚོགས་ཀུན་ལས་བཏུས་པ་ལ་སོགས་པ་ལས་ཀྱང་རྣལ་འབྱོར་སྤྱོད་པའི་ས་ལས་བསྟན་པ་དང་དོན་མཐུན་པར་སྟོན་ཏོ། །དེ་ལ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words