No title in the text — opening words: དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 120 · folio 175b

༄༅། །དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་བཞུགས། ༄༅༅། །དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ་རྒྱ་ལས་བསྒྱུར་བ། བམ་པོ་དང་པོ། མདོ་སྡེ་འདི་བཤད་པ་ལ་དོན་རྣམ་པ་བཞིས་དབྱེ་བར་བྱ་སྟེ། མདོ་སྡེ་བཤད་པའི་གླེང་གཞི་དང་། མདོ་སྡེ་འདིའི་ལེའུ་རྣམས་ཀྱི་དོན་བསྟན་པ་དང་། ལེའུ་རྣམས་

ཀྱི་གོ་རིམས་བསྟན་པ་དང་། གཞུང་དགྲོལ་བ་དང་བཞིའོ། །མདོ་འདིའི་གླེང་གཞི་ཡང་དོན་རྣམ་པ་ལྔ་སྟེ། གླེང་གཞི་དང་། གླེང་སློང་བ་དང་། ཐེ་ཚོམ་དུ་འཛིན་པ་བསལ་བ་དང་། ལུང་སྟོན་པའི་སྤྱོད་པ་བསྟན་པ་དང་། ཚེ་འདི་དང་གཞན་དུ་ཕན་གདགས་པའི་དོན་བསྟན་པ་དང་། དུས་དང་དབང་པོ་བསྟན་པ་དང་ལྔའོ། །

གླེང་གཞི་ལ་ཡང་རྣམ་པ་ལྔ་སྟེ། སྤྱོད་པ་དང་། སྨོན་ལམ་དང་། ཚོལ་བ་དང་། འཛིན་པ་དང་། ལྟས་དང་ལྔའོ། །བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པའང་སྤྱོད་པ་དམ་པ་དང་ལྡན་པས་གདོད་འགྲུབ། སྤྱོད་པའང་སྨོན་ལམ་གྱིས་བསྟང་དགོས། སྤྱོད་པ་དང་སྨོན་ལམ་དུ་ལྡན་ཡང་འབད་པ་དང་བཅས་པས་ཚོལ་ཞིང་འཛིན་ན་གདོད་

འབྲས་བུ་ཐོབ་པར་འགྱུར་རོ། །འབྲས་བུ་ཕུན་སུམ་ཚོགས་པས་འགྲོ་བ་མང་པོའི་དོན་མཛད་པར་དགོངས་ཏེ། མདོ་སྡེ་ཟབ་མོ་འདི་བཤད་པའི་ལྟས་ཆེན་པོ་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བ་ཡང་དོན་ཆེན་པོ་གཅིག་གི་ཕྱིར་འབྱུང་ཞེས་བྱ་བ་ཡང་དེའོ། །དེ་ལ་སྤྱོད་པའི་གཞི་ཡང་ཐབས་མཁས་

པའི་ལེའུ་ལས་མདོ་སྡེ་འདིའི་འགྲེལ་པ་སུ་བན་དྷུས་ཟབ་མོ་བརྒྱད་བསྟན་པ་བཞིན་ཏེ། སྔོན་སངས་རྒྱས་མང་པོ་གྲངས་མེད་པ་ལ་རིམ་གྲོ་དང་བསྙེན་བཀུར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པ་དང་། སྤྱོད་པ་གྲངས་མེད་པ་ལ་བརྩོན་པ་དང་གྲགས་པ་ཕུན་སུམ་ཚོགས་པས་ཟབ་མོ་སྔོན་མ་བྱུང་བའི་ཆོས་ཆུད་པར་

དཀའ་བ་དེ་བཞིན་གཤེགས་པ་ཉིད་ཀྱིས་དགོངས་ཏེ། སོ་སོའི་ཡིད་དང་མཐུན་པར་སྟོན་པ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་མི་ནུས་ཏེ། དེ་ཡང་གཟུང་བ་དང་འཛིན་པ་ཤིན་ཏུ་ཟབ་པ་དང་། ཀློག་ཅིང་འདོན་པ་ཤིན་ཏུ་ཟབ་པ་སྟེ། སྤྱོད་པ་ཤིན་ཏུ་ཟབ་པ་དང་། འབྲས་བུ་ཤིན་ཏུ་ཟབ་པ་དང་། བསོད་

ནམས་སྤེལ་བའི་སེམས་ཤིན་ཏུ་ཟབ་པ་དང་། དོན་དམ་པ་ལ་མོས་པའི་སེམས་ཤིན་ཏུ་ཟབ་པ་དང་། བླ་ན་མེད་པ་ཤིན་ཏུ་ཟབ་པ་དང་། འཇུག་པ་ཤིན་ཏུ་ཟབ་པ་དང་། ཐུན་མོང་མ་ཡིན་པ་ཤིན་ཏུ་ཟབ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཤིན་ཏུ་ཟབ་པ་འདི་དག་སངས་རྒྱས་

Vol. 120 · folio 176a

བཅོམ་ལྡན་འདས་ཀྱི་སྤྱོད་པ་ཐམས་ཅད་རྫོགས་པར་བྱེད་པ། ཐེག་པ་གཅིག་པའི་སྤྱོད་པ་དང་ལྡན་ཞིང་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་གྲུབ་པས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པ་དེའི་གླེང་གཞིའི་རྒྱུ་བསྟན་པའི་ཕྱིར་དམ་པའི་ཆོས་འདི་སྟོན་ཏོ། །དེ་ལ་སྨོན་ལམ་གྱི་རྒྱུ་ནི་ཡང་

ཐབས་མཁས་པའི་ལེའུ་ལས། ཤཱ་རིའི་བུ་ང་སྔོན་གྱི་དུས་ན་སེམས་ཅན་ཐམས་ཅད་ང་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྲུབ་པར་བྱའོ་ཞེས་སྨོན་ལམ་བཏབ་པས། སྨོན་ལམ་དེ་ཉིད་གྲུབ་སྟེ། སེམས་ཅན་དགྲོལ་བ་ལ་མངའ་བརྙེས་པ་དང་། སྔོན་གྱི་དུས་ན་དམ་བཅས་ཤིང་

སྨོན་ལམ་བཏབ་པ་དེ་ཉིད་སྤྱོད་པ་དང་འབྲས་བུ་མཐུན་པར་གྱུར་པ་བཞིན་སེམས་ཅན་ཐམས་ཅད་ཀྱང་སྤྱོད་པ་དེ་ལ་གཟུད་པའི་ཕྱིར་དོན་དེ་བསྟན་ཏོ། །དེ་ལ་ཚོལ་བའི་རྒྱུ་ནི་མོས་པར་བྱ་བའི་ལེའུ་ལས། ང་སྔོན་འདས་པའི་དུས་ན་དམ་པའི་ཆོས་འདི་འདོད་པའི་ཕྱིར་བསྐལ་པ་མང་པོར་སྐྱོ་མི་ཤེས་པས་ཚོལ་ཞིང་སྔོན་རྒྱལ་

པོ་མཛད་པའི་ཚེ་ཕྱོགས་བཞིར་དུང་བུས་རྔ་བརྡུངས་ཏེ་ཆོས་ཚོལ་བ་ན་དྲང་སྲོང་ལས་ཆོས་མཉན་པའི་ཕྱིར་རིམ་གྲོ་བཀུར་སྟི་གྲངས་མེད་པར་བྱེད་པ་ནི་དགེ་བའི་བཤེས་གཉེན་ལས་ཆོས་ཐོས་པར་ཚོལ་བའི་རྒྱུ་དང་གླེང་གཞིར་སྟོན་པའོ། །དེ་ལ་འཛིན་པའི་རྒྱུ་ནི་སྔར་སྨོས་པའི་ཤིན་ཏུ་ཟབ་པ་བརྒྱད་ལས་དང་པོར་སྔོན་སངས་

རྒྱས་བཅོམ་ལྡན་འདས་སངས་རྒྱས་བརྒྱ་སྟོང་གྲངས་མེད་པ་ལ་རིམ་གྲོ་དང་བསྙེན་བཀུར་བྱས་པ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་མཆོད་པར་གྱུར་པ་ནས། རིམ་གྱིས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དང་། དགེ་བའི་བཤེས་གཉེན་དང་ཡུན་རིང་དུ་

འགྲོགས་པའི་ཕྱིར་མདོ་འཛིན་ཅིང་ཀློག་པས་དབང་པོ་དྲུག་རྣམ་པར་དག་པ་དང་། སངས་རྒྱས་མང་པོ་ལ་རྟག་ཏུ་བསྙེན་བཀུར་བྱེད་པར་འགྱུར་བའི་ཕྱིར། འཛིན་ཅིང་ཀློག་པ་ཉིད་ཤིན་ཏུ་ཟབ་པར་བསྟན་ཏོ། །དེ་ལ་ལྟས་ནི་སངས་རྒྱས་བཅོམ་ལྡན་འདས་བླ་ན་མེད་པའི་འབྲས་བུ་བརྙེས་ནས་མདོ་སྡེ་འདི་

བཤད་པར་དགོངས་ཏེ། སྔར་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟས་བསྟན་པའི་ཕྱིར་ལྷའི་མེ་ཏོག་འབྲུལ་བ་དང་། ས་རྣམ་པར་གཡོ་བ་དང་། འོད་ཀྱིས་སྣང་བར་མཛད་པས་འཁོར་མང་པོ་ཞལ་དུ་ལྟ་ཞིང་དགའ་བ་དང་སྤྲོ་བའི་སེམས་ཀྱིས་དེང་ནི་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་པུཎྜ་རཱི་ཀ་བཤད་

Vol. 120 · folio 176b

པར་དགོངས་པའི་ལྟས་མང་པོ་སྟོན་པར་མཛད་པ་སྙམ་དུ་སེམས་པ་ལ་སོགས་པ་བསམ་པ་བསྐྱེད་པའི་ལྟས་མདོ་སྡེ་གཞན་བཤད་པ་དང་མི་འདྲ་བར་སྟོན་པ་ནི་ལྟས་ཆེན་པོའོ། །དེ་ལ་བཤད་པའི་རྒྱུ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བའང་དོན་ཆེན་པོ་གཅིག་གི་ཕྱིར་ཞེས་འབྱུང་ཞེས་བྱ་བ་ནས་གནས་

དེར་ཉན་ཐོས་ཀྱི་འཁོར་རྣམས་མེད་དེ། བྱང་ཆུབ་སེམས་དཔའི་འཁོར་འབའ་ཞིག་ལ་ཆོས་སྟོན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་བར་དུ་འགྱུར་བ་ལ་སོགས་པའི་བར་དུ་རྒྱས་པར་བསྟན་ཏེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཀུན་གྱིས་ངེས་པའི་དོན་ཐེག་པ་ཆེན་པོ་སྟོན་

པའང་དུས་དང་དབང་པོ་སྨིན་པར་སྟོན་པ་དེ་ནི་བཤད་པའོ། །དེ་ལ་བཤད་པར་གླེང་སློང་བ་ཇི་ལྟར་མདོ་ལས་གསུངས་པ་བཞིན་ཏེ། བཅོམ་ལྡན་འདས་དང་པོ་བལྟམས་པའི་ཚེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ཏེ། འོད་ཆེན་པོས་ཕྱོགས་སུ་སྣང་བར་མཛད་ནས་ཀུན་ལ་སེང་གེའི་སྒྲ་སྒྲོགས་པར་དགོངས་

པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བསྒྲལ་བར་ཐུགས་དམ་བཅས་ཏེ། སྐུ་ཁད་ཀྱིས་སྐྱེས་ནས་མཁར་གྱི་སྒོ་བཞིར་གཤེགས་ཤིང་འཇིག་རྟེན་གདུལ་བའི་ལྟས་གཟིགས་ན་བླ་ན་མེད་པའི་ལམ་ཚོལ་བའི་ཕྱིར་ཁབ་ནས་བྱུང་ཞིང་དཀའ་ཐུབ་རྣམ་པ་སྣ་ཚོགས་མཛད་དེ། མངོན་པར་རྫོགས་པར་

སངས་རྒྱས་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེ་གདན་ལ་བཞུགས་པའི་བར་འཁོར་མང་པོར་དང་པོ་ཆོས་སྟོན་པ་སྟེ། དབང་པོ་མ་སྨིན་པ་རྣམས་ལ་བཀྲི་བ་དང་བཅས་པའི་ཆོས་སྟོན་པ་དང་། མདོ་སྡེ་འདི་སྟོན་པའི་དུས་ནི་སེམས་ཅན་དབང་པོ་སྨིན་པ་རྣམས་ལ་ངེས་པའི་དོན་བསྟན་པར་དགོངས་ཏེ། འཕགས་པ་

ཤཱ་རིའི་བུ་དང་། བྱམས་པ་བྱང་ཆུབ་སེམས་དཔའ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་བའི་དོན་རྣམས་གཅིག་ཏུ་ངེས་པར་སྟོན་པ་ལ་སོགས་པ་ནི་གླེང་བསླང་ནས་ཆོས་སྟོན་པའོ། །ཐེ་ཚོམ་བསལ་བ་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ན་བྱང་ཆུབ་སེམས་དཔའ་

རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲུབ་པར་ལུང་སྟོན་པ་མཛད་ཀྱི། ཉན་ཐོས་རྣམས་ནམ་དུའང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ལུང་མ་བསྟན་པའི་ཕྱིར། འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་མེད་དོ་སྙམ་དུ་ཐེ་ཚོམ་དུ་གྱུར་

Vol. 120 · folio 177a

པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཉན་ཐོས་རྣམས་ནམ་དུ་ཡང་སངས་རྒྱས་སུ་གྲུབ་པའི་རྒྱུ་མེད་པ་སྙམ་དུ་སེམས་པ་དང་། ཁ་ཅིག་མ་ངེས་པའི་རང་བཞིན་ཅན་རྣམས་ཀྱང་ཐེ་ཚོམ་དུ་གྱུར་པ་དེ་བསལ་བའི་ཕྱིར་མདོ་སྡེ་འདི་ལས་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་

སོགས་ཏེ། མདོ་སྡེ་འདི་ལ་ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཐོས་པ་ཙམ་གྱིས་ཀྱང་བླ་ན་མེད་པའི་སངས་རྒྱས་སུ་འགྲུབ་པར་ལུང་བསྟན་པས་དེ་དག་གི་ཐེ་ཚོམ་བསལ་ཏོ། །དེ་ལ་ལུང་བསྟན་པ་དང་སྤྱོད་པ་ཡང་དང་པོ་མངོན་པར་སངས་རྒྱས་པ་ནས་དེའི་བར་དུ་ཉན་ཐོས་ཀྱི་སྤྱོད་པས་མངོན་པར་རྫོགས་པར་

འཚང་རྒྱ་བར་ལུང་མ་བསྟན་གྱི། འདིར་ཐབས་ཀྱིས་དྲང་བའི་དུས་ལ་བབ་པར་ལུང་བསྟན་པའི་ཕྱིར་རོ། །སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་གཅིག་པ་འདིའི་ནང་ནས་འཆད་པའི་ཕྱིར་ཏེ། མདོ་འདི་ཉིད་ལས་ཀྱང་རྒྱལ་བའི་སྲས་སེམས་ཞི་བ་དུལ་བ་དབང་པོ་རྣོ་བ་སངས་རྒྱས་མང་པོ་ལ་དགེ་བའི་

རྩ་བ་བསྐྲུན་པ་རྣམས་ལ་ཐེག་པ་ཆེན་པོའི་སྤྱོད་པ་འདི་བསྟན་པའི་ཕྱིར་མདོ་འདི་གསུངས་སོ། །དེ་ལ་ཚེ་འདི་ལ་ཕན་པ་ནི་དམ་པའི་ཆོས་པུཎྜ་རཱི་ཀ་འདི་འཕགས་པ་དང་མ་རབས་སུ་གྱུར་པ་གང་གིས་ཐོས་ཀྱང་ཕན་འདོགས་པར་གྱུར་པའི་ཕྱིར་རོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། འབྲས་བུ་ཐོབ་པར་ལུང་སྟོན་པས་

ཕན་འདོགས་པ་དང་། འཕྲལ་དུ་མངོན་པར་གྲུབ་པར་བྱེད་པས་ཕན་འདོགས་པའོ། །འབྲས་བུ་ཐོབ་པར་ལུང་སྟོན་པ་ནི་འཕགས་པ་ཉན་ཐོས་ལྔ་བརྒྱ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པས་ཚེ་འདི་ལ་ཕན་འདོགས་པའོ། །དེ་སྟོན་པ་ཡང་རྣམ་པ་དྲུག་སྟེ། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་བཞི་

མཚན་མི་མཐུན་ཏེ་སོ་སོར་ལུང་བསྟན་པ་རྣམ་པར་ཕྱེ་སྟེ། ལུང་བསྟན་པ་དང་། འཕགས་པ་གང་པོ་ལ་སོགས་པ་ཉན་ཐོས་ལྔ་བརྒྱ་མཚན་མཐུན་པར་ལུང་བསྟན་པས་སྤྱིར་ལུང་བསྟན་པ་དང་། སློབ་པ་དང་མི་སློབ་པ་ཕལ་ཆེར་མང་པོ་གཞན་རྣམས་དབང་པོ་ཞན་པའི་ཕྱིར་ཕྱིས་ལུང་བསྟན་པ་དང་། ལྷས་

བྱིན་ལུང་བསྟན་པས་བྱམས་སྡང་མེད་པར་ལུང་བསྟན་པ་དང་། རབ་ཏུ་བྱུང་བ་དང་། ཁྱིམ་ན་གནས་པ་དང་། ལྷའི་བུ་མོ་ལ་སོགས་པ་ལུང་བསྟན་པའི་ཕྱིར་དང་། བཀོལ་བ་མེད་པར་སྟོན་པ་སྟེ། དེ་ནི་མདོ་སྡེ་འདི་བཤད་པའི་དུས་སུ་དེ་བཞིན་གཤེགས་པ་ཉིད་ཀྱིས་ལུང་བསྟན་པའོ། །རྟག་ཏུ་མི་བརྙས་

Vol. 120 · folio 177b

པར་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རང་བཞིན་ཅན་ནོ་ཞེས་རྒྱུ་ལ་དགོངས་ཤིང་སྟོན་པ་སྟེ། དེ་ལ་གོང་གི་ལྔ་ནི་ཚེ་འདི་ལ་ཕན་པའི་སྒོ་ནས་ལུང་བསྟན་པའོ། །འཕྲལ་དུ་མངོན་པར་འགྱུར་བར་བྱེད་པས་ཕན་པ་ནི་ཇི་ལྟར་མོས་པར་བྱ་བའི་ལེའུ་ལས་ཀླུའི་

རྒྱལ་པོའི་བུ་མོ་དམ་པའི་ཆོས་འདི་ཐོས་པ་ཉིད་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པ་འཁོར་བརྒྱད་པོ་ཐམས་ཅད་ཀྱིས་མངོན་དུ་མཐོང་བའི་ཕྱིར་ཀུན་གྱི་དགའ་བ་དང་མགུ་བ་གྲངས་མེད་པ་ཐོབ་པ་ལྟ་བུ་སྟེ། མདོ་སྡེ་འདི་བཤད་པའི་ཚེ་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པས་གཟུངས་དང་ཏིང་ངེ་འཛིན་

གྲངས་མེད་པ་ཐོབ་པ་དང་། མིག་རྣམ་པར་དག་ཅིང་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལ་འཇུག་པ་ལ་སོགས་པ་ཕན་འདོགས་པ་མང་པོ་ནི་ཚེ་འདི་ཉིད་ལ་ཕན་པའོ། །ཚེ་རབས་གཞན་དུ་ཕན་པ་ནི་མདོ་སྡེ་འདི་བཤད་པ་ཐོས་པའི་བསོད་ནམས་ཀྱི་དགེ་བའི་རྩ་བ་མང་པོ་འཕེལ་བའི་ཚེ།

ཚེ་རབས་གཞན་དུ་འཕེལ་བ་སྟེ། མདོ་སྡེ་འདི་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་རིན་པོ་ཆེ་སྣ་བདུན་གྱི་སྦྱིན་པ་བྱིན་པ་དང་། སེམས་ཅན་ཐམས་ཅད་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་པ་བས་བསོད་ནམས་འདི་ཆེ་བར་

བསྟན་པ་དང་། གཞན་ཡང་དམ་པའི་ཆོས་འདི་འདོན་པའི་དགེ་སློང་ལ་རིམ་གྲོ་བྱས་པ་ཙམ་གྱིས་ཀྱང་ནམ་དུ་ཡང་འོན་པ་དང་ལྐུགས་པར་མི་སྐྱེ་བ་དང་། སུ་འབྲི་བ་དང་། ཀློག་པ་དང་། དབང་པོ་རྣམ་པར་དག་པའི་བསོད་ནམས་གྲངས་མེད་པ་འཐོབ་པ་ནི་ཚེ་རབས་གཞན་དུ་ཕན་པའོ། །དུས་དང་དབང་

པོ་བསྟན་པ་ནི། དུས་ལ་ཡང་རྣམ་པ་གཉིས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཆོས་སྟོན་པ་ཡང་ཅིག་ཅར་སྟོན་པའི་དུས་དང་། རིམ་གྱིས་སྟོན་པའི་དུས་སོ། །ཅིག་ཅར་སྟོན་པ་ནི་དབང་པོ་རྣོན་པོའི་ཆེད་དུ་སྟོན་ཏེ། སེམས་ཅན་མ་རབས་ཀྱི་ས་ནས་བླ་ན་མེད་པའི་འབྲས་བུ་ཐོབ་པར་སྩོལ་བའི་ཕྱིར་

རོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་སྟོན་པའི་དུས་ཀྱང་རྣམ་པ་ལྔ་སྟེ། དང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་ཚོང་པ་ལྔ་བརྒྱ་ལ་སྐྱབས་གསུམ་དང་། དགེ་བ་བཅུ་ལ་སོགས་པ་འཇིག་རྟེན་གྱི་བདེན་པའི་ཕྱིར་རྩ་བ་བསྟན། དེའི་འོག་ཏུ་མྱ་ངན་ལས་འདས་ནས་ལོ་བཅུ་གཉིས་ཀྱི་བར་དུ་

Vol. 120 · folio 178a

ཡོད་པ་ཅན་གྱི་བསྟན་པ་ཐེག་པ་ཆུང་ངུའི་མདོ་སྡེ་ཨཱ་ཀ་མ་ལ་སོགས་པ་བསྟན། དེའི་འོག་ཏུ་མངོན་པར་བྱང་ཆུབ་ནས་ལོ་སུམ་ཅུའི་བར་དུ་ཡོད་པ་དང་མེད་པའི་ཕྱོགས་ལས་བརྩམས་ཏེ་ཆོས་བསྟན། དེའི་འོག་ཏུ་མངོན་པར་བྱང་ཆུབ་ནས་ལོ་བཞི་བཅུའི་བར་དུ་ཐེག་པ་གཅིག་པ་ལས་

བརྩམས་ཏེ། དེ་བཞིན་གཤེགས་པའི་རང་བཞིན་རྟག་པ་ཉིད་དུ་སྟོན་པའི་གཞུང་དམ་པའི་ཆོས་པུཎྜ་རཱི་ཀ་ཉིད་ཀྱི་གཞུང་བསྟན། དེའི་འོག་ཏུ་ཤིང་སཱ་ལའི་དྲུང་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རང་བཞིན་ཡོད་པ་ཉིད་དུ་བསྟན་ཞེས་ཀྱང་ཟེར་ཏེ། དེ་བཞིན་གཤེགས་པའི་ཆོས་སྟོན་པ་

ནི་གསུང་རབ་ཚིག་དབང་པོ་སོ་སོར་སྨིན་པར་བྱེད་དེ། ཇི་ལྟར་རོ་གཅིག་ཏུ་འབབ་པའི་ཆར་པས་ཤིང་རྩི་སྣ་ཚོགས་སོ་སོར་སྨིན་པ་བཞིན་པས་འདི་སྐད་དུ་བསྟན་པར་ངེས་པ་ཙམ་མ་ཡིན་ནོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཞུས་པ་ལས་ཀྱང་།

བཅོམ་ལྡན་འདས་མངོན་པར་བྱང་ཆུབ་ནས་དང་པོ་རི་དྭགས་མའི་ཚལ་དྲང་སྲོང་བབས་པའི་གནས་སུ་འཕགས་པ་ཉན་ཐོས་པ་རྣམས་ལ་བདེན་པ་བཞི་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ངོ་མཚར་རྨད་དུ་བྱུང་བ་འཇིག་རྟེན་ཐམས་ཅད་དུ་མངོན་པར་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བསྒྲགས་ཀྱང་དེ་

ཡང་བླ་མ་དང་བཅས་པ་སྐབས་དང་བཅས་པ། རྩོད་པའི་གླགས་ཡོད་པ་གཅིག་ཏུ་ངེས་པ་མ་ཡིན་ནོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོ་ལས་བརྩམས་ཏེ། ཆོས་ཐམས་ཅད་མ་བྱུང་བ། མ་སྐྱེས་པ། ཐོག་མ་ནས་ཞི་བ། རང་བཞིན་གྱིས་མྱ་ངན་ལས་འདས་པ་མི་མངོན་པའི་ཚུལ་གྱིས་

བསྒྲགས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཤིན་ཏུ་དཀོན་པ་རྨད་དུ་བྱུང་བ་ལ། སྔོན་མ་བྱུང་བ་ཡིན་མོད་ཀྱི། དེ་ཡང་བླ་མ་དང་བཅས་པ་སྐབས་ཅན་གཅིག་ཏུ་མ་ངེས་པ་རྩོད་པ་དང་བཅས་པ་ཡིན་ནོ། །དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཐམས་ཅད་པ་ལས་བརྩམས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་

མ་སྐྱེས་པ། མྱ་ངན་ལས་འདས་པ་སྟེ་མངོན་པ་ཉིད་དུ་བསྒྲགས་ཏེ། ཆོས་བསྟན་པ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། རྩོད་པའི་གླགས་མ་མཆིས་པའོ་ཞེས་གསུངས་ཏེ། དང་པོར་ཉན་ཐོས་རྣམས་ལ་ཨཱ་ཀ་མའི་གཞུང་བཤད་དེ། ཡོད་པར་མངོན་པ་ཉིད་དུ་མ་བསྟན་པ་ཡང་ཡོད་པ་ཉིད་རང་བཞིན་མི་

Vol. 120 · folio 178b

འགྲུབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་སྟོང་པ་ཉིད་དུ་བསྟན་པ་ཡང་སྟོང་པའི་རང་བཞིན་ཉིད་གྲུབ་པ་མེད་སྡོང་པོས་བརྒྱན་པ་ལ་སོགས་པར་ཡོད་པ་ཉིད་དུ་མངོན་པར་བསྒྲགས་པ་ལ་ཡང་གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་པ་ལ་བརྟེན་ཏེ་གསུངས་པའི་

དཔེར་མྱ་ངན་ལས་འདས་པ་ཆེན་པོ་ལས་ཀྱང་དཔེར་ན་སྨན་པ་མཁས་པ་ཞིག་གིས་ཡུལ་ཕྱོགས་སུ་འོ་མ་ལུས་ལ་གསོལ་བར་སྨྲས་པས་མི་ཀུན་གྱིས་འོ་མ་འབའ་ཞིག་འཐུངས་པས་ནད་དུ་གྱུར་ཏེ་འཆི་བ་ཡང་མང་བར་གྱུར་ཏོ། །དེའི་གཉེན་པོར་འོ་མ་བཅད་པའི་ཕྱིར་འོ་མ་ནི་དུག་ཡིན་གྱི་འོ་མ་

ནི་སུ་ཡང་མ་འཐུང་ཤིག་ཅེས་བསྒོ་བས་ཡུལ་ཕྱོགས་སུ་ནད་ཉུང་བར་གྱུར་ཏོ། །དེའི་འོག་ཏུ་ཡུལ་དེའི་རྒྱལ་པོ་ལ་སྨན་གཏང་བའི་ཕྱིར་སྨན་འོ་མ་དང་སྦྱར་བ་དང་། སྨན་པ་ལ་རྒྱལ་པོས་བཀྱོན་ཏེ། སྔར་འོ་མ་ནི་དུག་ཡིན་ནོ་ཞེས་ཟེར་ན། ད་བཟའ་བའི་སྨན་འོ་མ་དང་སྦྱར་རམ་ཞེས་ཟེར་བ་ལ། འོ་མ་

འབའ་ཞིག་འཐུངས་ན་ནི་དེ་སྐད་སྨྲས་པ་ཡང་བདེན་ན། ད་སྨན་དང་སྦྱར་ཏེ་ནད་ལ་ཕན་པའི་དུས་སུ་མི་གཏོང་བ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ཡང་དེ་བཞིན་དུ་བལྟའོ། །དབང་པོ་ནི་ཇི་ལྟར་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་སེམས་ཅན་ཐམས་ཅད་དབང་པོ་གཅིག་པ་སྟེ།

ཀུན་ཀྱང་དེ་བཞིན་གཤེགས་པའི་རང་བཞིན་ཅན་པས་ཇི་ཙམ་དུ་སེམས་ཀྱིས་ཟིན་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་གསུངས་སོ། །ཡང་མདོ་ལས་ཀྱང་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་ཞིང་ཐམས་ཅད་ནི་ཐེག་པ་

གཅིག་པ་སྟེ། གཉིས་དང་། གསུམ་དུ་མེད་པས་ཐབས་མཁས་པས་རོལ་བ་ནི་མ་གཏོགས་སོ་ཞེས་འབྱུང་ངོ་། །མདོ་སྡེ་འདིའི་ནང་ནས་ཀྱང་ཐེག་པ་གཅིག་བསྟན་པའི་ཕྱིར་རང་བཞིན་ཡང་གཅིག་པ་ཡིན་ན། ཡང་རང་བཞིན་ལ་རྣམ་པ་གཉིས་ཏེ། གྲུབ་པའི་རང་བཞིན་དང་། སྒྲུབ་

པའི་རང་བཞིན་ནོ། །གྲུབ་པའི་རང་བཞིན་ནི་མདོ་སྡེ་དག་ལས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རང་བཞིན་ཡོད་ཅེས་བྱའོ། །སྒྲུབ་པའི་རང་བཞིན་ནི་བསྒྲུབས་ན་འགྲུབ་པའི་རང་བཞིན་ཅན་ནོ། །ཡང་སེམས་ཅན་ལ་རང་བཞིན་དང་། རང་བཞིན་མེད་པ་གཉིས་ཏེ། ཐོག་མ་

Vol. 120 · folio 179a

མེད་པ་ནས་གནས་དྲུག་ཏུ་མཐོ་དམན་དུ་འཁོར་ཞིང་གནས་པ་ནི་སྒྲུབ་པ་ལ་བརྟེན་པའི་སེམས་ཅན་ཏེ་རང་བཞིན་ཅན་ནོ། །རང་བཞིན་མེད་པ་ནི་ཇི་ལྟར་སེམས་བསྐྱེད་དེ་བརྩོན་འགྲུས་བརྩམས་སུ་ཟིན་ཀྱང་ལྷ་དང་མིའི་དགེ་བ་སྨན་པ་ཙམ་ལས་བླ་ན་མེད་པའི་བྱང་ཆུབ་འཐོབ་

པར་མི་ནུས་སོ། །འཕགས་པ་ལང་ཀར་གཤེགས་པ་ལས་ནི་རིགས་རྣམ་པ་ལྔ་སྟེ། ཉན་ཐོས་པའི་རིགས་དང་། རང་སངས་རྒྱས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། མ་ངེས་པའི་རིགས་དང་། རིགས་མེད་པའོ། །རིགས་མེད་པ་ཡང་རྣམ་པ་གཉིས་ཏེ། དགེ་བའི་རྩ་བ་

ཐམས་ཅད་བསྲེགས་པའི་སེམས་ཅན་དང་། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་མཐའ་དང་སྦྱར་ཞིང་མྱ་ངན་ལས་མི་འདའ་བ་དང་གཉིས་སོ། །དེ་བས་ན་མདོ་སྡེ་འདི་བཤད་པའི་དགོངས་པ་ཡང་ཐེག་པ་གཅིག་ཏུ་བསྟན་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་

ལ་བསྟན་ནས་ཆར་པའི་རོ་གཅིག་གིས་རྩི་ཤིང་རྣམ་པ་གསུམ་སོ་སོར་སྨིན་པ་ནི་ཉན་ཐོས་ཀྱི་ཆེད་དུ་བསྟན་པ་ཡིན་ནོ། །འདི་མན་ཆད་རྩིས་མགོ་གཉིས་པ་སྟེ། མདོ་སྡེ་འདི་ཉིད་ཀྱི་གཞུང་བསྟན་པའོ། །ཡང་མདོ་སྡེའོ་ཅོག་ལ་སྤྱིར་ཚུལ་རྣམ་པ་བཞིར་བསྟན་ཏེ། རང་བཞིན་ཡོད་པའི་གཞུང་སྟེ།

ཕུང་པོ་ལྔའི་རང་བཞིན་དངོས་པོར་ཡོད་པ་དང་། རང་བཞིན་གསལ་བའི་གཞུང་སྟེ། ཆོས་ཐམས་ཅད་དངོས་པ་ཅན་མ་ཡིན་གྱི། མཚན་ཉིད་ཙམ་དུ་ཡོད་པར་སྨྲ་བ་དང་། མཚན་ཉིད་འཇིག་པའི་གཞུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བུ་ཆོས་ཀྱི་མཚན་ཉིད་ཀྱང་བསལ་ནས་སྟོང་པ་ཉིད་དུ་

བསྟན་པའི་གཞུང་དང་། ཡང་དག་པ་ཉིད་བསྟན་པའི་གཞུང་སྟེ། སྡོང་པོས་བརྒྱན་པ་ལྟ་བུ་ཡང་དག་པ་ཉིད་མངོན་དུ་བསྟན་ཏེ། དབུ་མའི་ཚུལ་བཤད་པ་དང་བཞི་ལས། མདོ་སྡེ་འདི་ནི་བཞི་པའི་གཞུང་དུ་བལྟའོ། །ཡང་ཉན་ཐོས་པ་སོ་སོའི་གཞུང་མི་མཐུན་པ་མ་ཧཱ་སང་གི་ག་ལ་སོགས་པ་

གཞུང་མི་མཐུན་པ་ཉི་ཤུ་རྩ་གཉིས་སུ་ལྟ་བ་མི་མཐུན་པས་སོ་སོར་སྨོས་པ་ཡང་མང་མོད་ཀྱི་མདོར་རྣམ་པ་གསུམ་སྟེ། ཡོད་པར་སྨྲ་བ་ཐེག་པ་ཆུང་ངུའི་གཞུང་ཨཱ་ཀ་མ་ལ་སོགས་པ་བསྟན་པ་ཡང་མཐར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་ཐ་དད་པ་མ་ཡིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལྟ་བུ་སྟོང་པ་ཉིད་

Vol. 120 · folio 179b

དུ་བསྟན་ཀྱང་ཡོད་པ་ལས་འགལ་བ་མ་ཡིན་ནོ། །སྡོང་པོས་བརྒྱན་པ་དང་། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པར་ཡོད་མེད་གཉི་ཀའི་མཐའ་བསལ་ཏེ་བསྟན་པ་ཡང་འདུས་བྱས་དང་འདུས་མ་བྱས་པའི་མཚན་ཉིད་ནི་ཡོད་པར་བསྟན། བདག་དང་བདག་གིར་འཛིན་པ་ནི་

བསལ་བ་ཙམ་ལས་འདས་པ་མ་ཡིན་ནོ། །སྡོང་པོས་བརྒྱན་པ་ལས་དེ་བཞིན་གཤེགས་པས་ཚིག་གཅིག་གསུངས་པས་སེམས་ཅན་སོ་སོའི་དབང་པོ་བཞིན་དུ་གོ་བར་གྱུར་པ་དང་། གཞན་ཡང་མདོ་དག་ལས་དེ་བཞིན་གཤེགས་པ་མངོན་པར་བྱང་ཆུབ་ནས་ལོ་བཞི་བཅུའི་བར་དུ་

རྟག་པར་ཆོས་ཐམས་ཅད་མ་བྱུང་བ་མ་སྐྱེས་པ། འགྲོ་བ་མེད་པ། འོང་བ་མེད་པ། ཐོབ་པ་མེད་པ། ཉམས་པ་མེད་པ། མཚན་ཉིད་མེད་པ། མཚན་ཉིད་གཅིག་པ་ཤ་སྟག་ཏུ་སྟོན་གྱིས་ཀྱང་སེམས་ཅན་རྣམས་ཀྱི་གོ་བ་མི་མཐུན་པར་གྱུར་པ་ཡང་སོ་སོའི་དབང་པོ་ལས་གྱུར་པ་ཡིན་ཏེ།

ཇི་ལྟར་ལྷའི་ཡིད་བཞིན་གྱི་རྔ་བརྡུངས་པའི་སྒྲ་ལས་ཆོས་ཐོས་པ་མི་མཐུན་པ་བཞིན། ཐེག་པ་ཆེ་ཆུང་ལ་རིམ་པ་དང་། ཅིག་ཅར་དུ་ཆུད་པ་ཡང་དེ་བཞིན་དུ་བལྟའོ། །གཉིས་པ་མདོ་སྡེ་འདིའི་མཚན་བཤད་པ་ནི་མདོ་སྡེ་འདི་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བའི་མདོ་སྡེ་སྟེ། མདོ་སྡེ་འདི་

འཆད་པར་དགོངས་པའི་ལྟས་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་དཀར་པོས་སྣང་བར་མཛད་དེ། གླང་དཀར་པོའི་ཤིང་རྟ་ལ་བཅིབས་ནས་པདྨ་དཀར་པོ་ལ་གཟིགས་ཏེ། ཆོས་སྟོན་པ་ཡང་དཀོར་པོ་ནི་ཁ་དོག་ཐམས་ཅད་ཀྱི་གཞི་ཡིན། ཐེག་པ་གཅིག་པ་ཡང་ཐེག་པ་ཐམས་ཅད་ཀྱི་ཕྱི་མོ་

ཡིན་པར་བསྟན་པའི་ཕྱིར་པདྨ་དཀར་པོས་དཔེ་བསྟན་ཏོ། །མདོ་སྡེ་འདིའི་ནང་ནས་རྒྱུ་དང་འབྲས་བུ་དང་རིགས་པ་དང་ཡེ་ཤེས་གཙོ་བོར་སྟོན་པ་དེ་ཉིད་ལ་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་སྣང་བ་འབྱེད་པ་བླ་ན་མེད་པའི་སྐུ་ཐོབ་པའི་ཕྱིར་རོ། །རིགས་པ་དག་

ཡེ་ཤེས་ལ་བརྟེན་པས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་འཇུག་པ་ནི་རྒྱུ་ཡང་ཐེག་པ་གཅིག་པུ་ལ་གནས་པ་སྟེ། བླ་ན་མེད་པའི་གནས་སུ་ཕྱིན་པ་ནི་ཐེག་པ་གཅིག་པོའི་འབྲས་བུ་ཡིན་པར་བལྟའོ། །ཡང་ཆོས་འདི་པདྨ་ཞེས་གདགས་པ་ཡང་དོན་རྣམ་པ་གཉིས་ཏེ། ཆུ་ལས་སྐྱེས་པ་དང་ཁ་འབྱེ་

Vol. 120 · folio 180a

བའོ། །ཐེག་པ་རྣམ་གཉིས་ཀྱི་ཆུ་འདམ་ཅན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། གསུང་རབ་དམ་པ་ལ་བརྟེན་ནས་ཡང་དག་པའི་དོན་གྱི་སྒོ་འབྱེད་པ་ཞེས་བྱའོ། །ཡང་དེ་བཞིན་གཤེགས་པའི་དགོངས་པ་བསམ་གྱིས་མི་ཁྱབ་པ་རིགས་པ་དང་ཆུབ་པར་དཀའ་བ་དེ་

ཉིད་ལ་དམ་པའི་ཆོས་ཞེས་བྱ་སྟེ། དེ་ཡང་རྟོགས་པ་ཤིན་ཏུ་ཟབ་པ་དང་གཞུང་ཤིན་ཏུ་ཟབ་པའི་ཕྱིར། ལུང་དང་གཞུང་དང་སྒྲུབ་པ་དང་། འབྲས་བུ་ཀུན་ཀྱང་ཐེག་པ་གཅིག་པོ་ཉིད་ཡིན་པས་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་ཡང་དེ་ཡིན་ནོ། །དེ་ལ་ལུང་ནི་གཞུང་དམ་པ་སྒྲོགས་པའི་ལས་བྱེད།

གཞུང་ནི་གདོན་པར་བྱ་བ་ཆུ་ལས་འབྱིན་པའི་མཐུ་ཡོད། སྒྲུབ་པ་ནི་འབྲས་བུ་སྨིན་པར་བྱེད་པའི་མཐུ་ཡོད། འབྲས་བུ་ནི་རྒྱུས་བསྒྲུབས་པ་དོན་ཡོད་པར་བྱེད་པའོ། །མདོ་སྡེ་འདིའི་ནང་ནས་ལེའུའི་གྲངས་དང་མིང་བསྟན་པ་ནི་ལེའུ་ཉི་ཤུ་རྩ་བདུན་ཞིག་ཡོད་པ་ལས། དང་པོ་གླེང་གཞིའི་ལེའུ་དང་།

ཐབས་མཁས་པའི་ལེའུ་དང་། དཔེའི་ལེའུ་དང་། དད་པའི་ལེའུ་དང་། སྨན་གྱི་ལེའུ་དང་། ལུང་བསྟན་པའི་ལེའུ་དང་། སྔོན་བྱུང་བའི་ལེའུ་དང་། དགེ་སློང་ལྔ་བརྒྱ་ལུང་བསྟན་པའི་ལེའུ་དང་། དགེ་སློང་གཞན་ཉིས་སྟོང་ལུང་བསྟན་པའི་ལེའུ་དང་། ཆོས་སྨྲ་བའི་ལེའུ་དང་། མཆོད་རྟེན་

བསྟན་པའི་ལེའུ་དང་། མོས་པ་བྱ་བའི་ལེའུ་དང་། བདེ་བ་ལ་གནས་པའི་ལེའུ་དང་། བྱང་ཆུབ་སེམས་དཔའ་སའི་རུམ་ནས་འཐོན་པའི་ལེའུ་དང་། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱི་ལེའུ་དང་། བསོད་ནམས་ཀྱི་གཞུང་གི་ལེའུ་དང་། རྗེས་སུ་ཡི་རང་བའི་བསོད་ནམས་བསྟན་པའི་

ལེའུ་དང་། སྐྱེ་མཆེད་དྲུག་རྣམ་པ་དག་པའི་ཡོན་ཏན་གྱི་ལེའུ་དང་། རྟག་ཏུ་མི་བརྙས་པའི་ལེའུ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ་དང་། གཟུངས་སྔགས་ཀྱི་ལེའུ་དང་། སྨན་གྱི་རྒྱལ་པོའི་སྔོན་གྱི་ཚུལ་གྱི་ལེའུ་དང་། སང་སང་པོའི་དབྱངས་ཀྱི་ལེའུ་དང་། ཀུན་གྱི་

སྒོའི་ལེའུ་དང་། དགེ་བའི་རྒྱན་གྱི་སྔོན་གྱི་ཚུལ་གྱི་ལེའུ་དང་། ཀུན་དུ་བཟང་པོ་མོས་པར་བྱ་བའི་ལེའུ་དང་། ཡོངས་སུ་གཏད་པའི་ལེའུའོ། །ལེའུ་དེ་དག་ཀྱང་ཆོས་ཀྱི་དོན་ལས་བཏགས་པ་རྣམ་པ་བཞི་དང་། དཔེ་ལས་བཏགས་པ་རྣམ་པ་གསུམ་དང་། བྱང་ཆུབ་སེམས་དཔའ་གང་གིས་གསོལ་བ་འདེབས་པ་

Vol. 120 · folio 180b

ལས་བཏགས་པ་རྣམ་པ་བཞི་དང་། དོན་ལས་བཏགས་པ་རྣམ་པ་བཞི་དང་། དོན་དང་བྱང་ཆུབ་སེམས་དཔའ་གཉིས་ཀ་ལས་བཏགས་པ་རྣམ་པ་དགུ་དང་། མ་ངེས་པ་རྣམ་པ་གཉིས་ཏེ། བདེ་བ་ལ་གནས་པ་དང་། མཆོད་རྟེན་བསྟན་པ་གཉིས་ནི་རྒྱུ་དང་འབྲས་བུ་གཉིས་ཀར་འབྲེལ་པའི་ཕྱིར་མ་ངེས་པ་

སྟེ། སྤྱིར་ཉི་ཤུ་རྩ་བདུན་ནོ། །ལེའུ་ཉི་ཤུ་རྩ་བདུན་གྱི་རིམ་པ་བཤད་པ་ནི། དེ་བཞིན་གཤེགས་པས་ཆོས་བཤད་པར་དགོངས་ཏེ། འགྲོ་བ་མང་པོ་ལ་གཟིགས་ནས་གཟེངས་བསྟོད་ཅིང་རྨུགས་པ་བསལ་ཏེ་དབང་པོ་དང་བར་བྱས་ནས་སོ་སོའི་དབང་པོ་དང་མཐུན་པར་ཆོས་བསྟན་པའི་ཕྱིར་དང་པོ་གླེང་

གཞིའི་ལེའུ་བསྟན་ཏོ། །གླེང་གཞིའི་ལེའུ་བསྟན་ནས་ཡང་དག་པའི་གཞུང་ཉིད་བསྟན་པར་བཞེད་དེ། ཐེག་པ་གཅིག་པའི་གཞུང་སྟོན་པ་ཡང་བཀྲི་བ་དང་ངེས་པའི་དོན་གྱི་དབང་པོ་རྣོ་རྟུལ་སོ་སོར་ཕན་བཏགས་པའི་ཕྱིར་དེའི་འོག་ཏུ་ཐབས་མཁས་པའི་ལེའུ་བསྟན་ཏོ། །དབང་པོ་རྣོ་རྟུལ་ཆོས་

རིམ་པར་ཕྱེ་སྟེ་བསྟན་ཟིན་གྱིས་ཀྱང་ཟབ་མོ་རྟོགས་པར་མི་ནུས་པས་དཔེས་གོ་བར་བྱ་བའི་ཕྱིར་དེའི་འོག་ཏུ་དཔེའི་ལེའུ་བསྟན་ཏོ། །དཔེས་དོན་ཟབ་མོ་མཐོང་ཞིང་དད་པ་བསྐྱེད་པའི་ཕྱིར་དེའི་འོག་ཏུ་དད་པའི་ལེའུ་བསྟན་ཏོ། །དད་པ་སྐྱེས་སུ་ཟིན་གྱིས་ཀྱང་ད་དུང་ངེས་པ་ཙམ་མ་ཡིན་པས་དེ་བརྟན་པར་བྱ་

བའི་ཕྱིར་ཡང་སྨན་གྱི་དཔེའི་ལེའུ་བསྟན་ཏོ། །ཉན་ཐོས་ཆེན་པོ་བཞི་དོན་ཟབ་མོ་མཐོང་བས་དེའི་འབྲས་བུ་བསྟན་པའི་ཕྱིར་དེའི་འོག་ཏུ་ལུང་བསྟན་པའི་ལེའུ་བསྟན་ཏོ། །དབང་པོ་རྣོན་པོ་དང་བར་མ་གཉིས་ཀྱིས་ཤེས་པ་སྐྱེས་སུ་ཟིན་ཀྱང་དབང་པོ་རྟུལ་བ་རྣམས་ཡང་དང་ཡང་དུ་བཟླས་ཤིང་ཆུད་པར་བྱ་བའི་

ཕྱིར་སྔོན་བྱུང་བ་གྲོང་ཁྱེར་གྱི་དཔེའི་ལེའུ་བསྟན་ཏོ། །དབང་པོ་རྣོན་པོ་རྣམས་དོན་གླེངས་པ་ཙམ་གྱིས་ཆུད་པ་དང་། དད་པ་སྐྱེས་ཏེ་ལུང་བསྟན་པ་བཞིན་དབང་པོ་རྟུལ་པོ་རྣམས་ཀྱང་ལན་གཉིས་ལན་གསུམ་དུ་བཟླས་པས་རྟོགས་པ་སྐྱེས་ཏེ། དེའི་ལུང་བསྟན་པར་དགོངས་པའི་ཕྱིར་དེའི་འོག་ཏུ་དགེ་སློང་

ལྔ་བརྒྱ་ལུང་བསྟན་པའི་ལེའུ་བསྟན་ཏོ། །དབང་པོའི་རིགས་པ་བཞིན་དགེ་སློང་གཞན་དག་ཀྱང་རྟོགས་པ་སྐྱེས་པའི་ཕྱིར་དེའི་འོག་ཏུ་སློབ་པ་དང་མི་སློབ་པ་རྣམས་ལུང་བསྟན་པའི་ལེའུ་བཀོད་དོ། །དབང་པོ་རྣོ་རྟུལ་རིམ་པ་གསུམ་པོ་རྣམས་སོ་སོར་ལུང་བསྟན་ཏེ། ཡུན་རིང་པོ་མ་འོངས་པའི་དུས་སུ་

Vol. 120 · folio 181a

ཆོས་བཟང་བའི་དཔེ་ལུགས་བཞག་པའི་ཕྱིར་དེའི་འོག་ཏུ་ཆོས་སྨྲ་བའི་ལེའུ་བཞག་གོ། །ལུང་བཞིན་བསྒྲུབས་ཏེ་ཡང་དག་པ་ཉིད་ཆུད་པའི་རྟགས་གཞན་དད་པ་བསྐྱེད་པའི་ཕྱིར་སྔོན་གྱི་འཕགས་པ་རྣམས་འབྱུང་བའི་མཆོད་རྟེན་གྱི་ལེའུ་བསྟན་ཏོ། །དོན་དེ་བདག་ཉིད་ཀྱིས་ཆུད་

པར་མ་ཟད་ཀྱི་གཞན་གྱི་དོན་ཡང་བྱ་དགོངས་པས་རྒྱལ་པོའི་ལུས་སུ་སྤྲུལ་ཏེ་ཆོས་སྟོན་པའི་ཕྱིར་དེའི་འོག་ཏུ་སྔོན་བྱུང་བའི་ལེའུ་བསྟན་ཏོ། །མདོ་སྡེ་འདི་ལྟ་བུ་བདག་དང་གཞན་གྱི་རིན་ཆེ་བ་དང་གུས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་འཛིན་པར་གསོལ་བས་དེའི་འོག་ཏུ་རྗེས་

སུ་འཛིན་པའི་ལེའུ་བསྟན་ཏོ། །མ་འོངས་པའི་དུས་ན་ཆོས་སྒྲུབ་པའི་སྤྱོད་ལམ་མི་མཐུན་པར་བྱེད་པ་རྣམས་ཀྱི་ལུས་ཉོན་མོངས་པར་སྐྱེ་བ་ལ་སྤྱོད་ལམ་གྱི་ཚུལ་བསྟན་པས་སྤྱོད་ལམ་བསླབ་པའི་ཕྱིར་དེའི་འོག་ཏུ་བདེ་བ་ལ་གནས་པའི་ལེའུ་བསྟན་ཏོ། །ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་བྱང་ཆུབ་

སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་འདི་ཐོས་ནས་རྗེས་སུ་འཛིན་ཅིང་སློབ་པར་དགའ་སྟེ་སྨོན་པ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྔོན་ཡང་བྱང་ཆུབ་སེམས་དཔའ་སྐྱོན་གྱི་དྲི་མ་དང་བྲལ་བ་རྣམས་ལངས་ནས་འདི་འཛིན་པར་སྨོན་པ་རྣམས་ལ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སའི་

འོག་ནས་མང་དུ་འཐོན་པས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སའི་རུམ་ནས་འཐོན་པའི་ལེའུ་བཞག་གོ། །འཁོར་མང་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་སའི་འོག་ནས་འཐོན་པ་མཐོང་ནས་འདི་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བས་སྔར་གྲུབ་པ་ཤ་སྟག་སྟེ། འདི་ནི་ཤཱཀྱ་ཐུབ་པས་སྤྲུལ་

པ་མ་ཡིན་ནོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་ཚེ་མཐའ་ཡས་པ་སྟེ། དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ་བཞག་གོ། །དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུའི་ཚེ་ཚད་དེ་ལྟ་ན་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་ཡོན་ཏན་དང་ཚེ་ཚད་ཀྱང་གྲངས་

མེད་པར་ཐབས་ཀྱིས་བསྟན་པས་སེམས་ཅན་རྣམས་དེ་ལ་མོས་པ་བསྐྱེད་པའི་ཕྱིར་དེའི་འོག་ཏུ་བསོད་ནམས་ཀྱི་རྣམ་གྲངས་དབྱེ་བའི་ལེའུ་བསྟན་ཏོ། །དེ་ལྟར་བསོད་ནམས་ཀྱི་རྣམ་གྲངས་མེད་པར་བསྟན་པས་སེམས་ཅན་རྣམས་དད་པ་བསྐྱེད་པའི་ཕྱིར་དེའི་འོག་ཏུ་རྗེས་སུ་ཡི་རང་བའི་ལེའུ་བཞག་གོ། །

Vol. 120 · folio 181b

གཞན་བྱེད་པ་ལ་རྗེས་སུ་ཡི་རང་བ་ཙམ་གྱིས་ཀྱང་བསོད་ནམས་གྲངས་མེད་པ་ཐོབ་ན། དངོས་སུ་འཆད་པ་དང་འདོན་པ་རྣམས་ལྟ་སྨོས་ཀྱང་མི་དགོས་པར་བསྟན་པའི་ཕྱིར་དེའི་འོག་ཏུ་སྐྱེ་མཆེད་དྲུག་རྣམ་པར་དག་པའི་ཡོན་ཏན་གྱི་ལེའུ་བཞག་གོ། །གང་ཆོས་སྨྲ་བ་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་

བས་ཆོས་སྨྲ་བ་ལ་སྨོད་པ་ཁ་ན་མ་ཐོ་བ་ཆེ་བར་བསྟན་པའི་ཕྱིར་དེའི་འོག་ཏུ་རྟག་ཏུ་མི་བརྙས་པའི་ལེའུ་བཞག་གོ། །དེ་བཞིན་གཤེགས་པས་བསོད་ནམས་ཆེ་བའི་རིམ་པ་བསྟན་ཀྱང་སེམས་ཅན་མོས་པ་ཆུང་བ་རྣམས་དོགས་པ་སྐྱེ་བ་ཡང་ཡོད་དེ། དེ་བསླུ་བ་མ་ཡིན་པའི་གཏན་ཚིགས་སུ་དེ་བཞིན་

གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ་བཞག་གོ། །སྨན་གྱི་རྒྱལ་པོ་སྔོན་དམ་པའི་ཆོས་འདི་ཚོལ་བ་ལ་ལུས་དང་སྲོག་ལ་མི་ཕངས་པས་བརྩོན་པར་ཚོལ་བ་སྔོན་གྱི་ཚུལ་བསྟན་པའི་ཕྱིར་དེའི་འོག་ཏུ་སྨན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ལེའུ་བཞག་གོ། །ཡང་དག་པའི་

ཆོས་སྤྱོད་པ་འཇིག་རྟེན་འདི་དང་ཁམས་གཞན་དག་ཏུ་རྒྱས་པར་བསྒྲགས་པའི་ཕྱིར་དབྱངས་དམ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྒྲོགས་སུ་གཞུག་པའི་ཕྱིར་དེའི་འོག་ཏུ་སང་སང་པོའི་དབྱངས་ཀྱི་ལེའུ་བཞག་གོ། །སེམས་ཅན་རྣམས་མདོ་འདི་འཛིན་པ་ལ་བགེགས་དང་བར་ཆད་ཆེ་བས་

ཐུགས་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ལ་བརྟེན་པའི་ཀུན་གྱི་སྒོའི་ལེའུ་བཞག་གོ། །བགེགས་དང་བར་ཆད་ཞི་བར་བྱ་བའི་ཕྱིར་གཟུངས་ཀྱི་ལེའུ་བཞག་གོ། །སྔོན་གྱི་གཏན་ཚིགས་དང་གླེང་གཞི་ལ་བརྟེན་པའི་ཕྱིར་དེའི་འོག་ཏུ་དགེ་བའི་རྒྱན་གྱི་སྔོན་

གྱི་ཚུལ་གྱི་ལེའུ་བཞག་གོ། །ཡུལ་ཁམས་ཐམས་ཅད་དུ་རྒྱས་པར་བསྟན་པའི་ཕྱིར་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལེའུ་བཞག་གོ། །མདོ་སྡེ་འདི་བཤད་པའི་གཞུང་རྫོགས་ཤིང་མཐར་ཕྱིན་པས་དེའི་འོག་ཏུ་གདམས་ཤིང་གཏད་པར་འོས་པའི་ཕྱིར་དེའི་འོག་ཏུ་

ཡོངས་སུ་གཏད་པའི་ལེའུ་བཞག་གོ། །དེ་ལ་མདོ་སྡེའི་གཞུང་འགྲེལ་པ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་དོན་རྣམ་པ་གསུམ་སྟེ། དེའི་ཕྱིར་བཤད་པ་དང་དེ་ཅིར་དགོངས་པ་དང་། དེའི་གཞུང་དགྲོལ་བ་དང་རྣམ་པ་གསུམ་མོ། །དེ་ལ་ཅིའི་ཕྱིར་བཤད་པ་ནི་སངས་རྒྱས་བཅོམ་

Vol. 120 · folio 182a

ལྡན་འདས་མྱ་ངན་ལས་འདའ་ཀར་འཕགས་པ་དགའ་བོས་དོན་རྣམ་པ་བཞི་ཞིག་དྲིས་པ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་རྣམས་ཇི་ལྟར་བཅོམ་ལྡན་འདས་ལ་གནས་འཆའ་བ་བཞིན་མ་འོངས་པ་ན་སུ་ལ་བརྟེན་པར་བགྱི། ཅི་

ལ་གནས་པར་བགྱི། དགེ་སློང་མ་རུངས་པ་ནི་ཇི་ལྟར་གདུལ་བར་བགྱི། མདོ་སྡེ་ཐམས་ཅད་ཀྱི་ཀླད་ལ་ནི་ཚིག་ཇི་སྐད་དུ་སྨོས་ཞེས་དྲིས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱ་ངན་ལས་འདས་པའི་འོག་ཏུ་སོ་སོར་ཐར་པ་ལ་སྟོན་པར་ཟུང་ཤིག །ཚུལ་ཁྲིམས་ལ་

གནས་ཤིང་དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་འཆའ་བར་གྱིས་ཤིག །དགེ་སློང་མ་རུངས་པ་རྣམས་མི་སྨྲ་བས་ཐུལ་ཅིག །མདོ་སྡེ་ཐམས་ཅད་ཀྱི་ཀླད་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བྲིས་ཤིག་ཅེས་གསུངས་པས་དེའི་ཕྱིར་འདིར་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་སྨོས་སོ། །

དེ་སྐད་སྨོས་པ་དེ་ཅིར་དགོངས་པ་བསྟན་པའི་ཕྱིར་དད་པ་ཕུན་སུམ་ཚོགས་པ་བསྟན་ཏེ། གཞུང་ལས་ཀྱང་འདི་སྐད་བདག་གིས་ཐོས་པ་ཞེས་སྨོས་པས་དད་པ་སྐྱེ་བར་གྱུར་ཏོ། །མངོན་པར་དགའ་ཞེས་སྨོས་པས་ཡེ་ཤེས་སྐྱེ་བར་འགྱུར་རོ་ཞེས་འབྱུང་སྟེ། དད་པས་ནི་འཇུག་ནུས་པར་འགྱུར། ཡེ་ཤེས་

ཀྱིས་ནི་འབྱུང་ནུས་པར་འགྱུར་ཏེ། དད་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ། ཡེ་ཤེས་ནི་ཟབ་མོ་རྟོགས་པར་འགྱུར་བའི་མཐའོ། །ཡང་སློབ་དཔོན་གཞན་གྱིས་བཤད་པ་ལས་ཀྱང་འདི་སྐད་ཅེས་བྱ་བ་དོན་རྣམ་པ་བཞི་སྟེ། རྣམ་ཐོས་བུ་བཞིན་ཕྱུག་པའི་ཕྱིར་དཔེ་དེ་ཁོ་ན་བཞིན་ཞེས་བྱ་བ་དང་།

ཇི་སྐད་དུ་བསྒོ་བ་དེ་བཞིན་ཉིད་དུ་མཉན་པའི་ཕྱིར་དེ་བཞིན་ཞེས་བྱ་བ་དང་། ཇི་སྐད་དུ་དྲིས་པ་དེ་བཞིན་དུ་ལན་བཏབ་པའི་ཕྱིར་འདི་སྐད་ཅེས་བྱ་བ་དང་། གཞན་གྱིས་སྨྲས་པ་དེ་ལྷག་ཆད་མེད་པར་ཟློས་པ་དེ་ལ་ཡང་འདི་སྐད་ཅེས་བྱ་སྟེ། མདོ་སྡེ་པའི་བྱང་ཆུབ་སེམས་དཔས་སྔོན་བཅོམ་ལྡན་

འདས་ཀྱིས་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཟློས་པའི་ཕྱིར་འདི་སྐད་ཅེས་བྱའོ། །ཡང་འདུལ་བ་ཕྲན་ཚེགས་ཀྱི་ནང་ནས་འཕགས་པ་དགའ་བོ་འཁོར་མང་པོ་ལ་ཆོས་སྟོན་པ་ན་འཁོར་རྣམས་ཐེ་ཚོམ་དུ་གྱུར་པ། འདི་གསུམ་བསལ་བའི་ཕྱིར་དགའ་བོས་འདི་སྐད་ཅེས་སྨྲས་ཏེ། དགའ་བོ་མཚན་དང་དཔེ་

Vol. 120 · folio 182b

བྱད་དུ་ལྡན་པས་ཆོས་སྟོན་པ་ལ་འཁོར་རྣམས་བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པས་མྱ་ངན་ལས་འདས་པ་ལས། སླར་བཞེངས་ཏེ་འཁོར་རྣམས་ལ་ཆོས་སྟོན་པ་ཞིག་གམ་ཕྱོགས་གཞན་གྱི་དེ་བཞིན་གཤེགས་པ་ཞིག་འདིར་ཆོས་སྟོན་ཅིང་བྱོན་པ་ཞིག་གམ། དགའ་བོ་འདི་ཉིད་མངོན་པར་

སངས་རྒྱས་ཏེ་ཆོས་སྟོན་པ་ཞིག་གམ་སྙམ་པའི་ཐེ་ཚོམ་དེ་བསལ་བའི་ཕྱིར་དགའ་བོས་འདི་སྐད་བདག་གིས་ཐོས་པ་ཞེས་སྨྲས་སོ། །ཡང་སློབ་དཔོན་གཞན་ན་རེ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ལྷག་ཆད་མེད་པར་མཐུན་པར་སྟོན་པའི་ཕྱིར་དེ་བཞིན་ཞེས་བྱའོ། ཡང་ན་

ཆོས་རྣམས་ཀྱི་དེ་ཁོ་ན་ལུགས་གཅིག་པས་མ་ཉམས་པ་ཉིད་དེ་བཞིན་ཞེས་བྱ་བ་དང་། ཡང་ན་འཕགས་པ་དགའ་བོས་བཅོམ་ལྡན་འདས་ལ་ཇི་སྐད་ཐོས་པ་དེ་སྐད་དུ་བཟླས་པའི་ཕྱིར་འདི་སྐད་ཅེས་བྱའོ། །བདག་གིས་ཐོས་པ་ནི་ཆོས་འདི་ལྟ་བུ་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱི། ཉིད་

ནས་ཉིད་དུ་བརྒྱུད་དེ་ཐོས་པ་མ་ཡིན་པའི་ཕྱིར་བདག་གིས་ཐོས་པ་ཞེས་སྨོས་སོ། །བདག་ཅེས་བྱ་བ་ནི་ཕུང་པོ་ལྔ་ལ་འཇིག་རྟེན་པའི་ཐ་སྙད་ཙམ་དུ་བཏགས་པ་ལ་བདག་གོ་ཞེས་གདགས་ཀྱི། ཇི་ལྟར་མུ་སྟེགས་ཅན་གྱིས་བཏགས་པ་ལྟ་བུ་ནི་མ་ཡིན་གྱི། ལྷ་སྦྱིན་དང་མཆོད་སྦྱིན་ཞེས་བཏགས་

པ་ལ་བདག་ཅེས་གདགས་པ་བཞིན་ནོ། །ཡང་འདིར་སུས་ཐོས་པ་མིང་མི་སྨོས་པར་སྤྱིར་བདག་གིས་ཐོས་ཞེས་པ་ཅིའི་ཕྱིར་ཞེས་དྲིས་པ་ལ། དགའ་བོས་ཐོས་པ་མང་བ་ཐོས་པ་བསགས་པ། ཐོས་པ་རྒྱ་མཚོ་ཡིན་པས། ཐེག་པ་གསུམ་གྱི་སྡེ་སྣོད་ཀུན་དགའ་བོས་བསྡུས་པའི་ཕྱིར་མིང་

མ་སྨོས་སོ། །ཐོས་པ་ནི་རྣ་བའི་དབང་པོ་དང་རྣམ་པར་ཤེས་པ་གཅིག་ཏུ་བསྡུས་པས་ཐོས་པའི་ང་རྒྱལ་སྐྱེ་བའོ། །ཐོས་པ་ཉི་ཚེ་སྨོས་ཀྱི་མཐོང་བ་ལ་སོགས་པ་མ་སྨོས་པ་ནི་དོན་ཟབ་མོ་རྟོགས་པ་ལ་ཐོས་པའི་ཤེས་རབ་སྔོན་དུ་འགྲོ་བ་དང་། ཁམས་འདིར་སྒྲས་སངས་རྒྱས་ཀྱི་མཛད་པ་

མཛད་པའི་ཕྱིར་ཐོས་པ་ཞེས་སྨོས་སོ། །ཡང་བདག་གིས་ཐོས་པ་ཞེས་སྨོས་པས་ཇི་ལྟར་དེ་བཞིན་གཤེགས་པས་བཤད་པ་དེ་ཁོ་ན་བཞིན་སྨྲས་ཏེ། བསྐྱེད་པ་དང་སྐུར་པའི་མཐའ་བསལ་བའི་ཕྱིར་འདི་སྐད་བདག་གིས་ཐོས་ཞེས་སྨོས་སོ། །དུས་གཅིག་ན་ཞེས་བྱ་བ་ནི་འདིར་དུས་

Vol. 120 · folio 183a

ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ཡང་རྣམ་པ་གཉིས་སོ། །ཆོས་ཀྱི་རྒྱལ་པོ་ཐུགས་རྗེས་འགྲོ་བའི་དོན་མཛད་པར་དགོངས་པ་དང་། སེམས་ཅན་སྐལ་བ་ཅན་མང་པོ་སྨིན་པའི་དུས་དང་མཉམ་པ་དང་འཆད་པ་བར་ཆད་མེད་པར་དུས་གཅིག་ཏུ་གྱུར་པའོ། །ཡང་

དུས་ལ་རྣམ་པ་གཉིས་ཏེ། རིགས་པའི་དུས་དང་། རྣམ་པར་ཤེས་པ་ཙམ་གྱི་དུས་སོ། །དེ་ལ་རིགས་པའི་དུས་ནི་འཆད་པ་དང་ཉན་པ་རྣམས་འདུ་བྱེད་ཀྱི་ཕུང་པོ་སྐད་ཅིག་ལ་སྐྱེ་ཞིང་འཇིག་པའི་རང་བཞིན་ཅན་སྔ་མ་མ་འདས་པ་དང་། ཕྱི་མས་མ་ཕུལ་བའི་དུས་ཀྱི་ཆ་ཇི་ཙམ་དུ་རྒྱུན་དུ་གནས་པ་

དེ་ལྟར་གྱི་དུས་དེ་ལ་དུས་གཅིག་ཅེས་གདགས་ཀྱི་སྐད་ཅིག་མ་གཅིག་ལ་སྐྱེ་ཞིང་འཇིག་པའི་དུས་ལ་མི་བྱའོ། །དེ་ལ་རྣམ་པར་ཤེས་པའི་དུས་ནི་འཆད་པ་དང་ཉན་པ་རྣམས་ཀྱི་ཡིད་ལ་དུས་གསུམ་ལྟ་བུར་སྣང་ཞིང་ཡུན་རིང་ཐུང་དང་ཉིན་མཚན་དུ་སྣང་བ་དེའི་དུས་ཏེ། ཇི་ལྟར་རྨི་

ལམ་ན་ཡུན་རིང་དུ་ལོན་ཀྱང་སད་ན་དེ་ལྟ་མ་ཡིན་པ་བཞིན་ནོ། །ཡང་དུས་གཅིག་ཅེས་སྨོས་པ་ཡང་སྐད་ཅིག་མའི་དུས་དང་། དུས་བཞི་དང་དྲུག་དང་བརྒྱད་ལ་མི་བྱའི། ནམ་ཐུགས་རྗེས་ཕན་འདོགས་པ་དང་། དབང་པོ་སྨིན་པ་དུས་གཅིག་ཏུ་གྱུར་པ་དེ་ལ་དུས་ཤེས་པའོ། །

བཅོམ་ལྡན་འདས་ཞེས་སྨོས་པ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དབང་ཕུན་སུམ་ཚོགས་པ་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པ་ནི་བཅོམ་ལྡན་འདས་ཞེས་བྱའོ། །རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཞེས་པ་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏེ། དེར་གནས་

པ་དང་བཞུགས་པ་དང་བཞེངས་ཞེས་པའི་དོན་ཏེ། འཕགས་པ་དང་ལྷ་དང་ཚངས་པའི་བཞུགས་ས་ལས་ཁྱད་པར་དུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེར་བཞུགས་ཞེས་སྨོས་སོ། །རྒྱལ་པོའི་ཁབ་ཅེས་སྨོས་པ་ནི་སྔོན་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་འབངས་མང་པོ་དང་འདབ་ཆགས་སུ་འདུག་

པ་ལ་རྟག་ཏུ་མེ་ཤོར་བས་བསྙེངས་ཏེ། རྒྱལ་ཁྲིམས་སུ་བཅས་པས་ད་སླན་ཆད་སུའི་ཁྱིམ་ན་མེ་ཤོར་བ་དེ་དུར་ཁྲོད་གདོན་གྱི་གནས་སུ་གཅིག་པུར་སྤྱུགས་པར་བྱས་པ་ལས། དང་པོ་རྒྱལ་པོའི་ཁབ་མེ་ཤོར་བས་རྒྱལ་པོ་ཉིད་དུར་ཁྲོད་དེར་འཕོས་ཏེ། ཕོ་བྲང་བཏབ་ནས་འབངས་དེར་འཕོས་པ་རྣམས་

Vol. 120 · folio 183b

ཀྱང་འདྲེ་གདོན་གྱིས་མི་གཙེ་བའི་ཕྱིར་སྒོ་སྒོ་ལ་རྒྱལ་པོའི་ཁབ་ཅེས་བྲིས་པས། དེའི་ཕྱིར་ཡུལ་འཁོར་དེ་རྒྱལ་པོའི་ཁབ་ཏུ་ཆགས་སོ། །རྒྱལ་པོའི་ཁབ་དང་བྱ་རྒོད་ཕུང་པོའི་རི་གཉི་ག་སྨོས་པ་ནི་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་གཉི་ག་ལ་ཕན་གདགས་པའི་ཕྱིར་གཉི་ག་སྨོས་སོ། །རྒྱལ་པོའི་ཁབ་དེ་

རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་ཁུངས་གནས་གཞན་ཐམས་ཅད་ལས་འཕགས་པ་བཞིན་དམ་པའི་ཆོས་འདི་དེར་བཤད་པ་ཡང་མདོ་སྡེ་གཞན་ཐམས་ཅད་ལས་ཁྱད་པར་དུ་བསྟན་པ་དང་། བྱ་རྒོད་ཕུང་པོའི་རི་དེ་ཡང་རི་གཞན་ཐམས་ཅད་ལས་འཕགས་པ་བཞིན་ཐེག་པ་གཅིག་པའི་ཐེག་པ་འདི་ཡང་ཐེག་པ་

གཉིས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་གནས་དེར་བཤད་དོ། །མདོ་ལས་དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་སྟོང་ཕྲག་བཅུ་གཉིས་ཞེས་འབྱུང་བ་འདི་ནི་འཁོར་ཕུན་སུམ་ཚོགས་པའོ། །འཁོར་ཕུན་སུམ་ཚོགས་པ་དེ་ཡང་རྣམ་པ་ལྔ་སྟེ། དེའི་གཏན་ཚིགས་བསྟན་པ་དང་། བཀྲི་བ་དང་ངེས་

པའི་དོན་རྣམས་གླེང་བ་དང་། གྲངས་མང་ཉུང་གཏན་ལ་དབབ་པ་དང་། འཁོར་རྣམས་ཀྱི་རིམ་པ་བསྟན་པ་དང་། འགྲེལ་པའི་དོན་བསྟན་པའོ། །གཏན་ཚིགས་བསྟན་པ་ལ་ཡང་རིམ་པ་ལྔ་སྟེ། དད་པ་དང་ཡིད་ཆེས་པའི་གཏན་ཚིགས་སུ་དགའ་བོ་འདིས་རང་བཟོར་སྨྲས་པ་ནི་མ་ཡིན་པ་དང་། གཞན་

ལས་བརྒྱུད་དེ་སྨྲས་པ་མ་ཡིན་པ་དང་། གཞན་གྱི་ཚིག་ཟློས་པ་མ་ཡིན་པར་བསྟན་པའི་ཕྱིར་ལྷན་ཅིག་ཏུ་ཐོས་པ་ཡང་མང་དུ་ཡོད་པར་བསྟན་པས་གཞན་དག་ཡིད་ཆེས་པར་འགྱུར་བའི་གཏན་ཚིགས་དང་གཉིས་སུ་ཕྱེ་བ་ཕུན་སུམ་ཚོགས་པ་བསྟན་པས་གཞན་ཡིད་ཆེས་པར་འགྱུར་བའི་གཏན་

ཚིགས་སྟེ། ལྷའི་རྒྱལ་པོ་བརྒྱ་བྱིན་དང་། ཚངས་པའི་འཁོར་གྱིས་བསྐོར་བ་སྨོས་པ་དང་། ཡང་ཤཱ་རིའི་བུ་དང་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱམས་པ་དང་བྱང་ཆུབ་སེམས་དཔའ་བཀྲི་བ་དང་ངེས་པའི་དོན་ལན་གཉིས་ལན་གསུམ་དུ་གསོལ་ཏེ། རྒྱུ་དང་འབྲས་བུ་དང་བསླབ་པའི་

མདོ་བསྟན་པས་འཁོར་རྣམས་ལ་ཕན་པ་དང་བདེ་བས་ཡིད་ཆེས་པར་འགྱུར་བ་དང་། ཡང་སོ་སོའི་དབང་པོ་ལས་ཐེག་པ་གཅིག་པའི་གཞུང་འདི་ལན་གསུམ་བཟླས་ཏེ་བཤད་པ་ཐེག་པ་ཆེན་པོར་སེམས་སྐྱེ་བ་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་སོགས་པ་དབང་པོ་གསུམ་པོ་རྣམས་ལ་ཆོས་

Vol. 120 · folio 184a

འདི་བསྟན་པ་དང་། ཡང་སྔོན་གྱི་དུས་ན་བྱུང་བ་བསྟན་པས་ད་ལྟར་གྱི་སེམས་ཅན་རྣམས་དད་པ་བསྐྱེད་པ་སྟེ། དེ་ལྟ་བུའི་འཕགས་པ་སྟེ་དམ་པ་རྣམས་དང་ཐབས་ཅིག་པ་ལ་ཞེས་དད་པ་སྐྱེ་བར་འགྱུར་རོ། །དེ་ལ་བཀྲི་བ་དང་ངེས་པའི་དོན་བསྟན་པ་ནི་ཇི་ལྟར་བཅོམ་ལྡན་

འདས་སྤྲུལ་པ་བཞུགས་པའི་ཞིང་ཉན་ཐོས་རྣམས་ལ་ངེས་པའི་དོན་སྟོན། བྱང་ཆུབ་སེམས་དཔའ་རྣམས་ལ་བཀྲི་བའི་དོན་སྟོན། རྫོགས་ལོངས་སྤྱོད་པའི་སྐུ་ནི་བྱང་ཆུབ་སེམས་དཔའ་ལ་ནི་ངེས་པའི་དོན་སྟོན། ཉན་ཐོས་པ་རྣམས་ལ་ནི་བཀྲི་བའི་དོན་སྟོན། འདི་ནི་བཀྲི་བ་དང་ངེས་པའི་དོན་

གཉི་ག་སྟོན་པའི་ས་བསྟན་ཏོ། །དེ་ལ་གྲངས་མང་ཉུང་བསྟན་པ་ཡང་སྔར་འཁོར་བཅོ་ལྔ་སྟེ། ཡོན་ཏན་ཆེ་ལ་མིང་ཡོད་པ་རྣམས་དང་། ཡོན་ཏན་ཆེ་ལ་མིང་མེད་པ་རྣམས་དང་། དགེ་འདུན་མ་ཡོན་ཏན་ཆེ་བ་རྣམས་དང་། དགེ་འདུན་མ་ཉེ་བའི་འཁོར་རྣམས་དང་། ཡོན་ཏན་འཕགས་པ་

བསམ་གྱིས་མི་ཁྱབ་པ་རྣམས་དང་། བརྒྱ་བྱིན་ལྷའི་དབང་པོ་རྣམས་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། དབང་ཕྱུག་ལྷའི་བུ་རྣམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་དང་། ཀླུའི་རྒྱལ་པོ་རྣམས་དང་། མིའམ་ཅི་རྣམས་དང་། དྲི་ཟ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་

མཁའ་ལྡིང་རྣམས་དང་། མིའི་རྒྱལ་པོ་རྣམས་སོ། །ཡང་འཁོར་རྣམ་པ་དྲུག་སྟེ། བཅོམ་ལྡན་འདས་རིན་ཆེན་མང་གི་འཁོར་དང་། སྐུས་སྤྲུལ་པའི་འཁོར་དང་། ཀླུའི་ཕོ་བྲང་ནས་ལྷགས་པ་དང་། སའི་རུམ་ནས་འཐོན་པའི་འཁོར་དང་། བྱང་ཆུབ་སེམས་དཔའ་སང་སང་པོའི་

དབྱངས་དང་། ཀུན་ཏུ་བཟང་པོའི་འཁོར་རོ། །འཁོར་དེ་དག་ཀྱང་ཆོས་ཉན་པ་དང་། ཆོས་རྟོགས་པ་དང་། ཆོས་སྤྱོད་པ་དང་། ཆོས་འཛིན་པ་དང་། ཆོས་འཆད་པ་དང་། ཆོས་རིག་པའི་བྱེ་བྲག་གིས་ཐ་དད་པ་ཤ་སྟག་གོ། །འཁོར་འདིར་རང་སངས་རྒྱས་ཀྱི་འཁོར་མ་སྨོས་པ་ནི་རང་སངས་

རྒྱས་སངས་རྒྱས་འཇིག་རྟེན་ན་མི་བཞུགས་པའི་ཚེ་འབྱུང་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ཀྱང་དེ་བཞིན་གཤེགས་པའི་འོད་ཀྱིས་རེག་པ་རྣམས་ཆོས་ཉན་ཅིང་འཁོར་དུ་འདུ་བ་ཡིན་ན། ཁམས་དེ་དབང་པོ་མ་སྨིན་པས་འོད་ཀྱིས་སྣང་བར་མི་མཛད་དེ། དེ་ནས་འདིར་མ་

Vol. 120 · folio 184b

སྨོས་སོ། །སེམས་ཅན་དམྱལ་བ་འདིར་མ་སྨོས་པ་ནི་སྐལ་བ་དང་མི་ལྡན་པའི་ཕྱིར་འདིར་མ་སྨོས་སོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གཟུངས་ཀྱི་སྒོ་འཆད་པའི་ཚེ་ངན་སོང་ཞི་བར་མཛད་པའི་ཕྱིར་དེ་དག་ཏུ་སྨོས་པ་ཡང་ཡོད་དོ། །འཁོར་གོང་དུ་མ་སྨོས་པ་རྣམས་ཀྱང་འོག་ནས་བསྟན་པ་

ཡིན་ནོ། །འཁོར་དེ་དག་གི་རིམ་པ་ནི་སྤྱིར་རྣམ་པ་བཞི་སྟེ། ཉན་ཐོས་པའི་འཁོར་དང་། བྱང་ཆུབ་སེམས་དཔའི་འཁོར་དང་རྒྱལ་པོ་དང་རྒྱལ་པོ་རྣམས་ཀྱི་འཁོར་རོ། །དེ་ཡང་ཕྱི་ནང་དུ་དབྱེ་ན་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་ནི་ནང་གི་འཁོར་རོ། །ལྷ་མ་སྲིན་འཁོར་བརྒྱད་པོ་ནི་ཕྱིའི་འཁོར་རོ། །

བྱང་ཆུབ་སེམས་དཔའི་ཉན་ཐོས་པའི་འཁོར་སྔར་སྨོས་པ་ནི་རྣམ་པ་བཞིའི་ཕྱིར་ཏེ། ཉན་ཐོས་པ་རབ་ཏུ་བྱུང་བས་དེ་བཞིན་གཤེགས་པའི་ཆ་ལུགས་དང་མཐུན་པའི་ཕྱིར་ཉན་ཐོས་པ་སྔར་སྨོས་པ་དང་། ཉན་ཐོས་པ་རྟག་ཏུ་ཞབས་འབྲིང་ན་མཆིས་ཤིང་གནས་ཏེ། རིང་དུ་མ་གྱུར་པའི་ཕྱིར་སྔར་

སྨོས་པ་དང་། རབ་ཏུ་བྱུང་བ་ཚུལ་ཁྲིམས་བསྲུང་བའི་སྒོ་ནས་སྔར་སྨོས་པ་དང་། ཁྱིམ་པས་རབ་ཏུ་བྱུང་བ་ལ་གུས་པ་བསྟན་པའི་ཕྱིར་སྔར་སྨོས་སོ། །ཡང་འཁོར་ཕུན་སུམ་ཚོགས་པ་ལ་རྣམ་པ་བཞི་སྟེ། གྲངས་ཕུན་སུམ་ཚོགས་པ་དང་། སྒྲུབ་པ་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཕུན་སུམ་ཚོགས་

པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པའོ། །གྲངས་ཕུན་སུམ་ཚོགས་པ་ནི་འཁོར་གྲངས་མེད་པ་ཞེས་སྨོས་པའོ། །སྒྲུབ་པ་ཕུན་སུམ་ཚོགས་པ་ནི་ཉན་ཐོས་པ་རྣམས་ཐེག་པ་ཆུང་ངུ་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་ཆེན་པོ་སྒྲུབ་ཅིང་། གཞན་གྱི་དོན་བྱེད་པའོ། །ཡོན་

ཏན་ཕུན་སུམ་ཚོགས་པ་ནི་ཉན་ཐོས་པ་རྣམས་ཚིག་གི་དོན་རྣམ་པ་བཅུ་དྲུག་ཏུ་བསྟན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཚིག་གི་དོན་རྣམ་པ་བཅུ་གསུམ་གྱིས་སྟོན་པའོ། །སྤྱོད་ལམ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་འཁོར་རྣམས་ཀྱིས་བསྐོར་ཏེ་གུས་པ་རི་མོ་བྱེད་པའི་ཚུལ་གྱིས་མཛེས་པར་

གནས་པ་རྣམས་སོ། །དེ་ལ་དགེ་སློང་ཞེས་བྱ་བའི་དོན་རྣམ་པ་གསུམ་སྟེ། བདུད་དང་མུ་སྟེགས་འཇིག་པར་བྱེད་པ་དང་། སློང་བ་དང་ཚུལ་ཁྲིམས་བསྲུང་བས་དགེ་འདུན་གྱི་གྲངས་སུ་འགྲོ་བ་དང་། འཚོ་བ་གཙང་མས་འཚོ་ཞིང་སྒོ་གསུམ་དག་པར་གནས་པའོ། །དགེ་འདུན་གྱི་དགེ་སློང་བཞི་ཡན་

Vol. 120 · folio 185a

ཆད་དེ་མང་བ་མཐུན་པ་རིགས་དང་གཞུང་མ་འདྲེས་པའི་དོན་ཏོ། །ཆེན་པོ་ནི་ཆོས་དང་གྲངས་ལ་སོགས་པའི་ཆེན་པོ་རྣམས་དང་ལྡན་པ་དང་། སློབ་པ་དང་མི་སློབ་པ་ལས་འཕགས་པའི་ཕྱིར་ཁྱད་པར་ཆེ་བ་དང་། ཤེས་རབ་དང་ཡེ་ཤེས་མཐོང་བའི་ཕྱིར་ཡོན་ཏན་ཆེ་

བ་དང་། སྟོང་ཕྲག་བཅུ་གཉིས་སྙེད་བཞུགས་པའི་ཕྱིར་གྲངས་མང་བས་ཆེ་བའོ། །ཐབས་ཅིག་ནི་གནས་པ་གཅིག་པའི་ཐ་ཚིག་གོ། །ཐམས་ཅད་ཀྱང་དགྲ་བཅོམ་པ་ཤ་སྟག་གོ་ཞེས་བྱ་བ་ནས། དབང་དུ་གྱུར་པ་ཤ་སྟག་གི་བར་སྨོས་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། མདོ་སྡེ་ལས་

ཚིག་གི་དོན་རྣམ་པ་བཅུ་དྲུག་སྨོས་པའོ། །དེ་ཡང་མདོར་རྣམ་པ་གསུམ་དུ་བསྡུ་ན། ཚིག་གོང་མ་འོག་མས་བཤད་པའི་མདོ་དང་། སྤྱི་དང་དབྱེ་བའི་མཚན་ཉིད་བསྟན་པ་དང་། དོན་གྱི་མདོ་བསྡུ་བ་དང་གསུམ་མོ། །ཚིག་གོང་མས་འོག་མ་སྟོན་པ་ནི་ཚིག་གོང་མས་ཚིག་འོག་མ་བསྐྱེད་པ་དང་། ཡང་

ན་ཚིག་འོག་མ་གོང་མས་བཀྲོལ་བ་ནི་ཟག་པ་ཟད་པ་ཉིད་དགྲ་བཅོམ་པ་ཞེས་བསྟན་པ་དང་། ཉོན་མོངས་པ་ཐམས་ཅད་ཟད་པ་ཉིད་ནི་དགྲ་བཅོམ་པ་ཞེས་བཤད་པ་ལྟ་བུའོ། །ཟག་པ་ཟད་པ་ཞེས་པ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བས་སྲིད་པ་རྣམས་སུ་ཟག་པར་བྱེད་པའི་ཕྱིར་ཟག་པ་ཞེས་བྱའོ། །མངོན་དུ་

རྒྱུ་བ་དང་བག་ཆགས་ཀྱི་ཚུལ་དུ་གནས་པ་དེ་གཉི་ག་ཡང་སྤྱིར་ཟག་པ་ཞེས་བྱ་སྟེ། དེ་ཡང་འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་གསུམ་མོ། །བདེན་པ་བཞི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་། བག་ལ་ཉལ་བ་རྣམས་ནི་འདོད་པའི་ཟག་

པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ཁྲོ་བ་བཏོན་པའི་ཉོན་མོངས་པ་ལྷག་མ་ནི་སྲེད་པའི་ཟག་པའོ། །ཁམས་གསུམ་གྱི་མ་རིག་པ་བཅོ་ལྔ་ནི་མ་རིག་པའི་ཟག་པའོ། །དེ་ལ་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཡང་འདོད་པས་གཞི་བྱས་པའི་ཕྱིར་འདོད་པའི་ཟག་པའོ། །གཟུགས་དང་

གཟུགས་མེད་པའི་ཁམས་ན་ཉོན་མོངས་པ་གཞན་གྱིས་མི་སྐྱེད་ཀྱི་སྲིད་པར་སྦྱོར་བ་ཉིད་ཉོན་མོངས་པ་ཡིན་པས་སྲིད་པའི་ཟག་པའོ། །མ་རིག་པ་ཡང་དངོས་སུ་མ་རིག་པ་ཉིད་ཀྱིས་ཟག་པར་བྱེད་པའི་ཕྱིར་མ་རིག་པའི་ཟག་པའོ། །ཚིག་བཞི་པས་ཚིག་གཉིས་པ་དགྲོལ་བ་ནི་དབང་དུ་གྱུར་པས་

Vol. 120 · folio 185b

ཟག་པ་ཟད་ཅེས་བྱའོ། །ཚིག་གཉིས་པ་དང་གསུམ་པས་བཞི་པ་དགྲོལ་བ་ནི་ཟག་པ་ཟད་པ་དང་ཉོན་མོངས་པ་མེད་པར་གྱུར་པས་དབང་ཡང་དག་པ་ཐོབ་ཅེས་བྱ་བའོ། །ཉོན་མོངས་པ་མངོན་དུ་རྒྱུ་དང་བག་ཆགས་སུ་གནས་པ་སྤངས་པས་དབང་ཐོབ་པ་ཞེས་བྱའོ། །ཚིག་དྲུག་པས་ཚིག་

བཞི་པ་དགྲོལ་བ་ནི་ཤེས་རབ་དང་སེམས་ཤིན་ཏུ་རྣམ་པར་གྲོལ་བས་དབང་རབ་ཏུ་ཐོབ་པ་སྟེ། ཏིང་ངེ་འཛིན་གྱི་སྒྲིབ་པ་སྤངས་པས་སེམས་རྣམ་པར་གྲོལ་བ་དང་། རང་བཞིན་སྒྲིབ་པ་སྤངས་པས་ཤེས་རབ་རྣམ་པར་གྲོལ་བའོ། །མ་རིག་པ་དང་སྲེད་པ་ལ་སོགས་པ་སྤངས་པས་ཤེས་རབ་

རྣམ་པར་གྲོལ་བ་དང་། དེ་དང་སྦྱོར་བའི་སེམས་གནས་འཕོས་པས་སེམས་རྣམ་པར་གྲོལ་བ་དང་། དེ་གཉི་གའི་སྐྱོན་དང་བྲལ་ཏེ་འདུས་མ་བྱས་ཉིད་རྟོགས་པའི་ཕྱིར་དབང་དུ་གྱུར་པ་ཞེས་བྱའོ། །དེ་དག་གི་འཆིང་བ་མངོན་དུ་རྒྱུ་དང་བག་ཆགས་ཀྱི་ཚུལ་དུ་གནས་པ་ཡང་སྤངས་པའི་

ཕྱིར་ཉོན་མོངས་པ་མེད་པ་ཞེས་བྱའོ། །སེམས་དང་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བའི་ཕྱིར་རྟ་ཅང་ཤེས་བཞིན་དུ་ཞི་ཞིང་དུལ་བ་དང་། གླང་པོ་ཆེན་པོ་ཞེས་བྱ་བ་ནི་ཇི་ལྟར་མི་བདེ་བའི་གནས་ཐམས་ཅད་དུ་སོང་ཡང་ལམ་བདེ་བ། མ་ཉམས་པ་ལ་འགྲོ་བ་བཞིན་གང་བགྲོད་

པའི་གནས་སུ་སོན་པ་དང་ཐོགས་པ་མེད་པར་གྱུར་པ་སྟེ། དེའི་ཕྱིར་བྱ་བ་བྱས་པ་བྱེད་པ་བྱས་པའོ། །བྱ་བ་བྱས་པ་བྱེད་པ་བྱས་པའི་ཕྱིར་ཁུར་བོར་བ་སྟེ། ལམ་དང་འགོག་པའི་བདེན་པ་མངོན་དུ་གྱུར་པས་སྲིད་པ་ཕྱི་མ་མི་ལེན་ཞེས་པའི་དོན་ཏོ། །སྲིད་པར་སྦྱོར་བའི་ཁུར་ལྕི་བ་བོར་བས་རང་

གི་དོན་ཐོབ་པ་ཡིན་ཏེ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་ཅེས་པའི་དོན་ཏོ། །རང་གི་དོན་བདེ་བ་ཐོབ་པ་ཡང་ཉོན་མོངས་པའི་རྒྱུ་སྤངས་པས་སྲིད་པར་སྦྱོར་བ་ཐམས་ཅད་ཡང་མི་ལེན་ཏེ། ཁམས་གསུམ་དུ་མི་སྐྱེ་ཞེས་པའི་དོན་ཏོ། །ཟག་པ་ཟད་པ་ཉིད་བཀའ་ཡང་དག་པས་སེམས་ཤིན་ཏུ་

རྣམ་པར་གྲོལ་བ་སྟེ། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ནི་མཐོང་བས་སྤང་བ་ཡང་བསྒོམ་པས་སྤང་བའི་ཉོན་མོངས་པ་ཐམས་ཅད་བསལ་ཏེ་སེམས་ཀྱི་དབང་ཐོབ་པ་དང་། ཡོན་ཏན་གྱི་མཐར་ཐུག་པས་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པ་རྫོགས་པར་གྱུར་པའོ། །དབྱེ་བ་གཉིས་

Vol. 120 · folio 186a

པ་སྟེ། སྤྱི་དང་དབྱེ་བ་བསྟན་པའི་སྒོ་སྟེ་ཀུན་ཀྱང་དགྲ་བཅོམ་པ་ཤེ་དག་གོ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་དོ། །ཚིག་གི་དོན་བཅོ་ལྔ་པོ་གཞན་ནི་དབྱེ་བའི་མཚན་ཉིད་དོ། །དགྲ་བཅོམ་པའི་དོན་ནི་འོས་པའི་དོན་རྣམ་པ་བཅོ་ལྔ་སྟེ། དེ་ལ་ཟག་པ་ཟད་པའི་ཕྱིར་ཞལ་ཟས་དང་ཁྲི་སྟན་ལ་

སོགས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པས་མཆོད་པའི་ཞིང་དུ་མཛེས་པའོ། །ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་སྟོན་པ་ལ་དབང་དུ་གྱུར་པ་སྟེ། ཁེ་དང་གྲགས་པ་ཚོལ་བ་དང་བྲལ་བའི་ཕྱིར་རོ། །འཇུག་པར་ཡང་འོས་པ་སྟེ། གྲོང་དང་གྲོང་ཁྱེར་དུ་འཇུག་ན་སེམས་ཀྱི་དབང་དུ་

གྱུར་པས་འདོད་པའི་ཡུལ་གྱིས་མི་བསླུ་བའི་ཕྱིར་རོ། །བདུད་དང་མུ་སྟེགས་འདུལ་བར་འོས་པ་སྟེ། སེམས་ཤིན་ཏུ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་སྤོབས་པ་དང་ལྡན་པའི་ཕྱིར་རོ། །ཆོས་རྣམས་ལ་ཤེས་རབ་མྱུར་བར་འོས་པ་སྟེ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བའི་ཕྱིར་ཆོས་རྣམས་ཀྱི་མཚན་ཉིད་

ལ་མཁས་པའོ། །ཆོས་འཆད་པ་ལ་ཧ་ཅང་མྱུར་བ་དང་བུལ་བའི་སྐྱོན་དང་བྲལ་བར་འོས་པ་སྟེ། ཆོས་འཆད་པ་ལ་མཁས་པ་འབྲེལ་པ་སྐྱོ་བ་དང་བྲལ་བ་ཇི་ལྟར་རྟ་ཅང་ཤེས་བཞིན་སེམས་ཤིན་ཏུ་དུལ་བའི་ཕྱིར་རོ། །གཅིག་པུ་དབེན་པར་འོས་པ་སྟེ། ཟས་དང་གོས་ལ་སོགས་པ་ཡོ་བྱད་

ཐམས་ཅད་མི་སོག་མི་སྡུད་པས་ཆོག་ཤེས་པར་གནས་པ་ནི་ཇི་ལྟར་གླང་པོ་ཆེ་འདུ་འཛི་དང་བྲལ་བ་བཞིན་ནོ། །གཅིག་ཏུ་ན་བསམ་གཏན་རྣམས་ལ་མ་ཆགས་པ་སྟེ། བྱ་བ་བྱས་པས་རྟག་ཏུ་བླ་མའི་ས་ལ་བརྩོན་པའི་ཕྱིར་རོ། །རྟག་ཏུ་སྟོང་པ་ཉིད་ཀྱི་སྤྱོད་པའི་ཕྱིར་བྱེད་པ་བྱས་པས་བདག་དང་བདག་

གིར་འཛིན་པ་དང་བྲལ་བའི་ཕྱིར་རོ། །རྟག་ཏུ་མཚན་མ་མེད་པའི་སྤྱོད་པ་དང་ལྡན་པས་ཁུར་ལྕི་བ་བོར་བའི་ཕྱིར་འགོག་པ་ཉིད་ལ་གནས་པའོ། །རྟག་ཏུ་སྨོན་པ་མེད་པའི་སྤྱོད་པ་དང་ལྡན་པས། རང་གི་དོན་བདེ་བ་ཐོབ་པའི་ཕྱིར་འཁོར་བ་ལ་སྨོན་པ་མེད་པར་གནས་པའོ། །འཇིག་རྟེན་རྣམས་ཀྱི་བསམ་

གཏན་དགའ་བའི་རོ་ལ་ཆགས་པ་མེད་པའི་ཕྱིར་སྲིད་པར་སྦྱོར་བ་ཡོངས་སུ་སྤངས་པའོ། །ཆོས་རྣམས་ཀྱི་ཡོན་ཏན་ཁྱད་པར་ཅན་ལ། རྫུ་འཕྲུལ་གྱིས་རོལ་པའི་ཕྱིར་བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བའོ། །དོན་དམ་པ་ཉིད་ཀྱི་ཡོན་ཏན་ལ་བདེ་བར་གནས་པ་སྟེ། སེམས་ཀྱི་དབང་པོ་

Vol. 120 · folio 186b

ཐོབ་པས་འདུས་མ་བྱས་ལ་རེག་པའི་ཕྱིར་སེམས་ཀྱི་དབང་ཐོབ་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་རོ། །བསྡུ་བའི་དོན་ནི་གོང་དུ་སྨོས་པའི་ཚིག་བཅོ་ལྔ་པོ་ཡོན་ཏན་བཅུར་བསྡུ་བར་བྱ་སྟེ། བསྟན་དུ་ཡོད་པའི་འབྲས་

བུ་དང་། བསྟན་དུ་མེད་པའི་འབྲས་བུ་སྟེ། དགྲ་བཅོམ་པའི་འབྲས་བུ་ལ་འདུས་བྱས་ནི་བསྟན་དུ་ཡོད་པ་འདུས་མ་བྱས་ནི་བསྟན་དུ་མེད་པའི་འབྲས་བུའོ། །ཡོན་ཏན་རྣམ་པ་བཅུ་ལ་ཟག་པ་ཟད་པ་དང་ཉོན་མོངས་པ་མེད་པ་ནི་འཆིང་བ་དང་བག་ལ་ཉལ་བ་གཉིས་སྤངས་པའི་ཕྱིར་རོ། །དབང་དུ་གྱུར་པ་དང་།

སེམས་དང་ཤེས་རབ་རྣམ་པར་གྲོལ་བ་ནི་སེམས་དབང་དུ་གྱུར་པས་འཇིག་རྟེན་གྱི་ཡོན་ཏན་ཐམས་ཅད་ཟིལ་གྱིས་མནན་ཏེ། འཁྲུག་པ་སྣ་ཚོགས་ཞི་བའི་ཕྱིར་རོ། །དེ་བཞིན་གཤེགས་པའི་བསྟན་པའི་རྗེས་སུ་ཞུགས་པའི་ཕྱིར། རྟ་ཅང་ཤེས་ལྟ་བུ་ཞི་ཞིང་དུལ་བ་ཡིད་བཞིན་དུ་དབང་དུ་གྱུར་

པའོ། །ཡོན་ཏན་ཁྱད་པར་ཅན་ཐོབ་པ་ནི་གླང་པོ་ཆེ་ལྟར་གཟི་བརྗིད་ཆེ་བས་མཐུ་དང་རྫུ་འཕྲུལ་ཕུན་སུམ་ཚོགས་པའོ། །བྱ་བ་བྱས་པ་ཡོན་ཏན་ཁྱད་པར་ཅན་ནི་བཅོམ་ལྡན་འདས་ལ་རིམ་གྲོ་དང་བསྟི་སྟང་བྱེད་པ་ནི་ཡང་དག་པའི་ཆོས་ཀྱི་རིམ་གྲོ་བྱེད་པ་ཡིན་གྱི་ནོར་རྫས་ཀྱིས་ནི་མ་ཡིན་ནོ། །ཡོན་ཏན་ཕུན་སུམ་ཚོགས་པ་

ནི་བྱེད་པ་བྱས་པ་རྫོགས་པ་སྟེ། སློབ་པའི་ས་རྣམས་རྫོགས་པས་འགོག་པའི་བདེན་པའི་མཐར་ཕྱིན་པའི་ཕྱིར་རོ། །ཤིན་ཏུ་འདས་པར་གྱུར་པའི་ཡོན་ཏན་ནི་ཁུར་བོར་བ་རང་གི་དོན་ཐོབ་པ་སྲིད་པའི་སྦྱོར་བ་ཡོངས་སུ་ཟད་པ་སྟེ། ཤི་འཕོའི་ཁུར་ལྕི་བ་བོར་བ་དང་། ལོག་པའི་འཚོ་བ་སྤངས་པས་ཁེ་དང་

གྲགས་པ་མི་ཚོལ་བ་དང་། སྲིད་པའི་མདུད་པ་གཅོད་པ་སློབ་པའི་ས་ལས་འདས་པའི་ཕྱིར་རོ། །ཡོན་ཏན་བླ་མའི་ཡང་བླ་མ་སྡུད་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་སེམས་རྣམ་པར་གྲོལ་བས་འདུས་མ་བྱས་ཀྱི་འབྲས་བུ་ལ་རེག་པའི་ཕྱིར་རོ། །སེམས་ཅན་ལ་ཕན་འདོགས་པའི་ཡོན་ཏན་སྡུད་པ་ནི་

སེམས་ཀྱི་དབང་དམ་པ་ཐོབ་པའི་ཕྱིར་རྫུ་འཕྲུལ་དང་མངོན་པར་ཤེས་པ་ཐོབ་པའི་ཕྱིར་རོ། །བླ་མའི་ཡང་བླ་མའི་ཡོན་ཏན་སྡུད་པའི་ཡོན་ཏན་ཐམས་ཅད་ཀྱི་མཐར་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཕྱིར་རོ། །ཡང་མདོ་ལས་འདི་ལྟ་བུ་ཞེས་བྱ་བ་ནས་ཆུ་བོ་འོད་སྲུངས་ཀྱི་བར་དུ་སྟེ། འདི་མན་ཆད་

Vol. 120 · folio 187a

ཉན་ཐོས་ཆེན་པོ་རྣམས་ཀྱི་མཚན་བཤད་པ་ལ་རྣམ་པ་གཉིས་ཏེ། སྔར་སོ་སོའི་མཚན་སྨོས་པ་དང་། ཡོན་ཏན་བསྡུ་བའོ། །ཉན་ཐོས་དེ་དག་གི་རིམ་པ་ནི་ལ་ལ་རབ་ཏུ་བྱུང་བ་སྔ་ཕྱི་ལས་བཀོད་པ་དང་། ལ་ལ་ཡོན་ཏན་ཆེ་བས་སྔར་བཞག་པ་ཡང་ཡོད་དེ། དེ་དག་ཀྱང་བཅོམ་ལྡན་

འདས་དང་པོ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ཉན་ཐོས་ཆེན་པོ་ལྔ་རབ་ཏུ་བྱུང་ངོ་། །དེའི་འོག་ཏུ་གྲགས་འཛིན་གྱི་འཁོར་ལྔ་བཅུ་རབ་ཏུ་བྱུང་ངོ་། །དེའི་འོག་ཏུ་ལྟེང་རྒྱས་འོད་སྲུངས་ཀྱི་འཁོར་ལྔ་བརྒྱ་དང་། ག་ཡ་འོད་སྲུངས་ཀྱི་འཁོར་སུམ་བརྒྱ་དང་། ཆུ་བོ་འོད་སྲུངས་ཀྱི་འཁོར་ཉིས་བརྒྱ་

དང་། ཤཱ་རིའི་བུའི་འཁོར་བརྒྱ་དང་། མཽད་གལ་གྱི་བུའི་འཁོར་བརྒྱ་རབ་ཏུ་བྱུང་བ་དང་། སྤྱིར་སྟོང་ཉིས་བརྒྱ་ལྔ་བཅུ་རབ་ཏུ་བྱུང་ངོ་། །ཉན་ཐོས་ཆེན་པོ་ལྔ་ཡང་དང་པོ་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་དང་པོར་ཅང་ཤེས་ཀཽཎྜི་ནྱས་བདེན་པ་དང་པོར་རྟོགས་ཏེ་ངས་

ཀུན་ཤེས་སོ་ཞེས་སྨྲས་པ་ལས་རུས་ཀཽཎྜི་ནྱ་ཀུན་ཤེས་སུ་བཏགས་སོ། །འོད་སྲུངས་ཆེན་པོ་ནི་དང་པོ་དྲང་སྲོང་འོད་ཅན་གྱི་རིགས་ཏེ་འོད་སྲུངས་འདི་ཉིད་དང་པོ་བཙས་པའི་ཚེ་ཡང་འོད་བྱུང་བའི་ཕྱིར་འོད་སྲུངས་ཞེས་བཏགས་ཏེ་འོད་སྲུངས་གཞན་ལས་དཀར་བའི་ཕྱིར་འོད་སྲུངས་ཆེན་པོ་ཞེས་བཏགས་

སོ། །ལྟེང་རྒྱས་འོད་སྲུངས་དང་གཞན་ནི་ཆུ་དང་རི་དང་ཤིང་གི་འབྲས་བུ་ལས་བཏགས་ཏེ་མིང་ཙམ་དུ་ཟད་དོ། །མདོ་ལས་ཤཱ་རིའི་བུ་ནས་ཀ་པི་ནའི་བར་དུ་སྟེ་སོ་སོའི་མིང་བཤད་པ་ནི། ཤཱ་རིའི་བུ་ནི་མ་བྱ་ཤ་རི་ཀའི་མིག་དང་འདྲ་བར་མིག་མཛེས་པའི་བུ་ཡིན་པས་ཤཱ་རིའི་བུ་ཞེས་བཏགས་སོ། །

མཽད་གལ་ཆེན་པོ་ནི་སྔོན་དྲང་སྲོང་ཉིད་རི་ལ་གནས་ཤིང་སྲན་མ་རྨེད་པ་ལས་རུས་སུ་ཆགས་ཏེ། མཽད་གལ་གྱི་མ་དེའི་རྒྱུད་ཡིན་པས་ན་མཽད་གལ་ཞེས་བཏགས་སོ། །རྫུ་འཕྲུལ་ཆེ་བའི་ཕྱིར་མཽད་གལ་ཞེས་བཏགས་སོ། །ཀཱ་ཏྱཱ་ཡ་ན་ཆེན་པོ་ནི་སྔོན་དྲང་སྲོང་ཞིག་ཏུ་སྐྲ་བྲེགས་པ་ལས་རུས་སུ་སོང་སྟེ།

དེའི་རྒྱུ་ལས་རུས་ལས་མིང་དུ་བཏགས་པའོ། །འདི་མན་ཆད་ཉན་ཐོས་ཀྱི་རྣམས་ལ་ལ་ནི་སྐར་མ་ལས་བཏགས། ལ་ལ་ནི་སྔོན་གྱི་བྲམ་ཟེའི་རུས་ལས་བཏགས། ལ་ལ་ནི་དབྱིབས་འདྲ་བ་ལས་བཏགས་ཏེ། སྤྱིར་མིང་ཙམ་དུ་ཟད་དོ། །མདོ་ལས་སློབ་པ་དང་མི་སློབ་པ་ཞེས་བྱ་བ་ནི་ཚུལ་

Vol. 120 · folio 187b

ཁྲིམས་དང་། །ཏིང་ངེ་འཛིན་དང་། །ཤེས་རབ་ནི་བསླབ་པར་བྱ་བ་དང་། །དེ་གསུམ་ལ་གནས་པ་ནི་སློབ་པའོ། །དེ་གསུམ་རྫོགས་པར་གྱུར་པ་ནི་མི་སློབ་པའོ། །མདོ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་ཞེས་སྨོས་པ་ལྔ་པ་སྟེ། །འཕགས་པའི་ཡོན་ཏན་བསམ་གྱིས་

མི་ཁྱབ་པ་བསྟན་པ་དེ་ཡང་རྣམ་པ་གསུམ་དུ་དབྱེའོ། །དེའི་གྲངས་དང་དེའི་ཡོན་ཏན་དང་། །དེ་དག་གི་མཚན་སོ་སོར་དབྱེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སྨོས་པ་དོན་རྣམ་པ་གཉིས་ཏེ། ཡེ་ཤེས་ཆེན་པོ་གཙོར་བྱས་པས་བདག་གི་དོན་བསྟན་པ་དང་ཐུགས་རྗེ་ཆེན་པོ་

གཙོར་བྱས་པས་གཞན་གྱི་དོན་བསྟན་པའོ། །བྱང་ཆུབ་ནི་རྟོགས་པའི་དོན་ཏེ་བསྒྲུབ་པར་བྱ་བའི་འབྲས་བུའོ། །སེམས་དཔའ་ནི་ཐུགས་རྗེས་སེམས་ཅན་སྒྲོལ་བ་ལ་དཔའ་བའོ། །ཡང་ན་བྱང་ཆུབ་གསུམ་པོས་བསྒྲུབ་པ་ལ་ཡུལ་དང་དུས་ཀྱིས་སྤ་བཀོང་བ་མེད་པར་བརྩོན་པའི་ཕྱིར་བྱང་ཆུབ་སེམས་

དཔའོ། །ཡང་ན་བྱང་ཆུབ་ནི་ཤེས་རབ་བོ། །སེམས་དཔའ་ནི་ཐབས་ཏེ། ཆོས་དེ་ཉིད་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་སྟོབས་པའི་ཕྱིར་རོ། །ཆེན་པོ་ནི་ས་བརྒྱད་པ་ཡན་ཆད་ཆེན་པོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གཞན་དང་ཐེག་པ་གཉིས་པ་དག་དགར་པའི་ཕྱིར་ཆེན་པོ་ཞེས་སྨོས་

སོ། །མདོ་ལས་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཕྱིར་མི་ལྡོག་པ་ཤེ་དག་ཅེས་འབྱུང་བ་ནི། མན་ཆད་ཚིག་བཅུ་གསུམ་གྱིས་འཕགས་པའི་ཡོན་ཏན་བསྟན་ཏེ། དེ་ཡང་རྣམ་པ་གཉིས་སུ་དབྱེའོ། །བླ་འོག་གི་ཡན་ལག་ཏུ་དབྱེ་བ་དང་བསྡུས་པའི་དོན་བསྟན་པའོ། །ཡན་ལག་ནི་ཆ་སྟེ་ཆ་སྔ་མས་

ནི་སྤྱིའི་མཚན་ཉིད་བསྟན་པའོ། །ཆ་འོག་མས་ནི་སོ་སོའི་མཚན་ཉིད་བསྟན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤེ་དག་ཅེས་སྨོས་པ་ནི་དེ་སྤྱིའི་མཚན་ཉིད། །གཞན་ནི་སོ་སོའི་མཚན་ཉིད་དོ་བླ་ན་མེད་པ་ཡང་དག་པར་རྫོགས་པ་ཞེས་པ་ནི་ཆུད་པ་རྟོགས་པའི་དོན་

རྣམ་པ་བཞིའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས་པ་ཉིད་བླ་ན་མེད་པའི་རྟོགས་པ་དང་། ཕྱི་རོལ་མུ་སྟེགས་ཅན་གྱི་རྟོགས་པ་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ཡང་དག་པའི་རྟོགས་པ་དང་། ཐེག་པ་རྣམ་གཉིས་ཀྱི་རྟོགས་པ་ལས་ཁྱད་པར་དུ་བསྟན་པའི་ཕྱིར་རྫོགས་པར་རྟོགས་པ་དང་།

Vol. 120 · folio 188a

བྱང་ཆུབ་སེམས་དཔའ་ཡང་སྤྱོད་པ་མ་རྫོགས་པ་དག་ལ་ཁྱད་པར་དུ་བསྟན་པའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བསྟན་ཏོ། །ཕྱིར་མི་ལྡོག་པའང་མོས་པ་ཕྱིར་མི་ལྡོག་པ་དང་། གྲལ་ཕྱིར་མི་ལྡོག་པ་དང་། ཆུད་པ་ཕྱིར་མི་ལྡོག་པ་དང་། སྤྱོད་པ་ཕྱིར་མི་

ལྡོག་པའོ། །ཡང་ཕྱིར་མི་ལྡོག་པ་རྣམ་པ་གཉིས་ཏེ། ཐོས་ཟིན་པ་ཕྱིར་མི་ལྡོག་པ་དང་། ཐོབ་པར་འགྱུར་བ་ཕྱིར་མི་ལྡོག་པའོ། །ཐོབ་པ་ནི་ས་དང་པོ་པའོ། །ཐོབ་པར་འགྱུར་བ་ནི་ས་བརྒྱད་པ་ཡན་ཆད་དོ། །ཡང་མདོ་ལས་གཟུངས་ཐོབ་པ་ཤེ་དག་ཅེས་པ་ནས་ཕྱིར་མི་ལྡོག་པའི་ཆོས་ཀྱི་

འཁོར་ལོ་བསྐོར་བ་ཤེ་དག་ཅེས་བྱ་བའི་བར་དུ་ནི་འདི་མན་ཆད་ཚིག་བཅུ་གཉིས་ཀྱིས་དབྱེ་བའི་ཆ་བསྟན་ཏེ། དེ་ལ་དབྱེ་བ་རྣམ་པ་བཅུ་སྟེ། ཚིག་དང་པོ་དགུས་ནི་རང་གི་དོན་བསྟན། འོག་མ་གཅིག་གིས་ནི་གཞན་གྱི་དོན་བསྟན། དང་པོ་དགུ་ལ་ཡང་རྣམ་པ་གཉིས་ཏེ། དང་པོ་བརྒྱད་ཀྱིས་ནི་

འདུས་བྱས་ཀྱི་ཡོན་ཏན་བསྟན། འོག་མ་གཅིག་གིས་ནི་འདུས་མ་བྱས་ཀྱི་ཡོན་ཏན་བསྟན། དང་པོ་ལའང་རྣམ་པ་གཉིས་ཏེ། དང་པོ་ལྔས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན། ཕྱི་མ་གསུམ་གྱིས་ནི་ཐུགས་རྗེ་དང་ཡེ་ཤེས་བསྟན་ཏོ། །དང་པོ་ལྔ་ལ་ཡང་གཉིས་སུ་དབྱེ་སྟེ། དང་པོ་གསུམ་

གྱིས་ནི་ནང་གི་སྤྱོད་པ་བསྟན། དེའི་འོག་མ་གཉིས་ཀྱིས་ནི་དགེ་བ་ལ་དམིགས་པ་བསྟན་ཏོ། །དང་པོ་ལ་ཡང་རྣམ་པ་གསུམ་སྟེ། བདག་གི་དོན་བསྒྲུབ་པ་དང་། གཞན་གྱི་དོན་བསྒྲུབ་པ་དང་། དགེ་བའི་ཆོས་ལ་དམིགས་པའི་ཕན་པའོ། །དམིགས་པ་ཡང་རྣམ་པ་གཉིས་ཏེ། སྤྱོད་པ་

བསྒྲུབ་པ་ལ་དམིགས་པ་དང་། ཐེ་ཙོམ་བཅད་པའོ། །ཐུགས་རྗེ་དང་ཡེ་ཤེས་བཤད་པ་ཡང་སྔར་ནི་བྱམས་པ་དང་སྙིང་རྗེ་བསྟན། དེའི་འོག་ཏུ་ནི་ཤེས་རབ་དང་ཡེ་ཤེས་བསྟན་ཏོ། །དེ་ཡང་རྣམ་པ་གསུམ་མོ། །ཆོས་ཐོས་པ་རྣམས་ལས་ཕྱིར་མི་ལྡོག་པ་ནི་དེ་ཀུན་ཀྱང་གཟུངས་ཐོབ་པ་ཤེ་དག་

གི་ཕྱིར་རོ། །གཟུངས་ནི་འཛིན་པའི་ཕྱིར་གཟུངས་ཏེ། དེ་ཡང་རྣམ་པ་གཉིས་སོ། །བསྡུས་པ་འཛིན་པ་དང་། སྤྲོས་པ་འཛིན་པའོ། །ཡང་འཛིན་པ་ནི་ཚིག་དང་དོན་འཛིན་པས་ཆོས་ཐོས་པ་རྣམས་མི་བརྗེད་པར་འཛིན་པའི་ཕྱིར་བསྡུས་པ་འཛིན་པའོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་

Vol. 120 · folio 188b

ཡན་ཆད་ཀྱི་ཆོས་ཐམས་ཅད་ལ་བཟོད་པར་ནུས་པ། སེམས་པར་ནུས་པ་འཛིན་པར་ནུས་པ་སྟེ། བཟོད་པ་ནི་ཐོས་པའི་ཤེས་རབ། སེམས་ནི་བསམ་པའི་ཤེས་རབ། འཛིན་པ་ནི་བསྒོམ་པའི་ཤེས་རབ་པོ། །དེ་ལ་ཡང་སྤྲོས་པ་འཛིན་པ་ནི་རྣམ་པ་བཞི་སྟེ། ཆོས་སྤྲོས་པ་འཛིན་པ་

དང་། དོན་སྤྲོས་པ་འཛིན་པ་དང་། ཆོས་དགའ་བ་བཟོད་པ་དང་། རིག་སྔགས་ཀྱི་གཟུངས་རྣམས་སོ། །དེ་ཡང་རྣམ་པ་གཉིས་ཏེ། དང་པོ་ནི་སྒྲུབ་པའོ། །གསུམ་པ་ནི་བསྒྲུབ་པར་བྱ་བའོ། །ཐོས་པ་ལ་སོགས་པ་ནི་བདག་གི་དོན་ཏོ། །ཆོས་དང་དོན་ལ་སོགས་པ་ནི་གཞན་གྱི་དོན་ཏེ།

དེ་ཡང་རྒྱུ་དང་འབྲས་བུའི་ཚུལ་དུ་དབྱེའོ། །ཆོས་སྟོན་པ་ལ་ཕྱིར་མི་ལྡོག་པ་ནི་སྤོབས་པ་ཆེན་པོ་བཞི་དང་། བདུན་དུ་ལྡན་པའི་ཕྱིར་དང་། ས་རྣམ་པ་གཉིས་ལ་ཕྱིར་མི་ལྡོག་པའི་ཕྱིར་རོ། །འཁོར་ལོ་ཡང་རྣམ་པ་གསུམ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་ལ་ལྟེ་

བ་དང་མུ་ཁྱུད་ལ་སོགས་པ་ཚང་པའི་ཕྱིར་ཡོངས་སུ་རྫོགས་པའི་དོན་དང་འགྱུར་ཞིང་འཕོ་བའི་དོན་ཏེ། མཐོང་བའི་ལམ་གྱིས་བསྒོམ་པའི་ལམ་བསྐྱོད་པ་དང་། བསྒོམས་པས་མི་ལྡོག་པའི་ལམ་ལ་གནས་ཏེ། འཕགས་པར་གྱུར་པ་དང་། བདག་ཉིད་འཕགས་པས་དོན་

གཞན་ལ་སྟོན་པ་བཞིན་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཕོ་བའི་དོན་དང་། ཇི་ལྟར་འཁོར་ལོའི་འཁྲུལ་བས་གཅོག་ཅིང་གནོན་པ་བཞིན་འཕགས་པའི་ལམ་ལ་གནས་པའི་སེམས་ཀྱི་ཉོན་མོངས་པ་འཇོམས་པ་ཞེས་བྱ་བའི་དོན་དང་གསུམ་མོ། །ཡང་འཁོར་ལོ་འདིའི་དོན་རྣམ་པ་

ལྔ་སྟེ། ཆོས་རྣམ་པར་འབྱེད་པའི་ཡན་ལག་དང་ཡང་དག་པའི་ལྟ་བ་ལ་སོགས་པ་འཁོར་ལོའི་རང་བཞིན་དུ་གནས་པ་དང་། ཐོས་པ་དང་བསམ་པ་ལ་སོགས་པ་འཕགས་པའི་ལམ་བསྐྱེད་པ་རྣམས་འཁོར་ལོའི་རྒྱུ་ལྟ་བུར་གནས་པ་དང་། རྣམ་པར་གྲོལ་བའི་ཕུང་པོ་ལྔ་ལ་སོགས་པ་

འཕགས་པའི་ལམ་ལ་སྟོང་པ་འཁོར་ལོའི་ཡན་ལག་ཏུ་གནས་པ་དང་། འཕགས་པའི་བདེན་པ་བཞི་ལ་སོགས་པ་འཁོར་ལོའི་སྤྱོད་ཡུལ་དུ་གནས་པ་དང་། མྱ་ངན་ལས་འདས་པ་དང་། བྱང་ཆུབ་མངོན་དུ་གྱུར་པ་རྣམས་འཁོར་ལོའི་འབྲས་བུར་གནས་པ་སྟེ། ཆོས་དེ་ལྔ་ཡང་ལུང་

Vol. 120 · folio 189a

དང་གཞུང་དང་སྤྱོད་པ་དང་འབྲས་བུར་བལྟའོ། །མདོ་ལས། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ་དང་སངས་རྒྱས་བརྒྱ་སྟོང་མང་པོས་ཡང་དག་པར་བསྟོད་པའི་བར་དུ་སྟེ། དེ་ལ་འདི་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཕྱིར་མི་ལྡོག་པ་ཡིན་ཏེ།

སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱེད་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བརྒྱ་སྟོང་མང་པོས་ཡང་དག་པར་བསྟོད་པ་ནི། རང་གི་ལུས་དང་སེམས་ཤིན་ཏུ་བསྡུས་པས་དགེ་བའི་ལས་ཐམས་ཅད་ཀྱིས་མཆོད་ཅིང་རིམ་གྲོ་བྱེད་པའོ། །དེ་རིམ་

གྲོ་བྱེད་པ་ཡང་རྣམ་པ་བཅུར་དབྱེ་སྟེ། དེ་བཞིན་གཤེགས་པའི་རིང་བསྲེལ་དང་མཆོད་རྟེན་མངོན་དུ་བཞུགས་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པ་དང་། ཡང་ན་དེ་བཞིན་གཤེགས་པ་གཞན་གྱི་རིང་བསྲེལ་དང་མཆོད་རྟེན་མངོན་དུ་བྱས་ཏེ། མཆོད་ཅིང་རིམ་གྲོ་བྱེད་པའོ། །ཡང་དེ་བཞིན་གཤེགས་

པ་གཅིག་གི་མཆོད་རྟེན་ལ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་མཆོད་རྟེན་དུ་བསམས་ཏེ་མཆོད་ཅིང་རིམ་གྲོ་བྱས་ན་ཐམས་ཅད་ལ་རིམ་གྲོ་དང་མཆོད་པ་བྱས་པ་ཡིན་པ་དང་། དེ་ལྟ་བུའི་མཚན་ཉིད་དུ་བདག་ཉིད་མཆོད་པར་བྱེད་པ་དང་། ཡང་སྙིང་རྗེའི་སེམས་ཀྱིས་དབུལ་

ཕོངས་པ་རྣམས་ལ་ཉམས་ཀྱིས་ཅི་ནུས་སུ་སྦྱིན་པར་བྱས་ཏེ། ཐམས་ཅད་བདེ་བར་གྱུར་ཅིག་ཅེས་སྤྱོད་པ་དེ་གཞན་ལའང་བསྟབས་ཤིང་མཆོད་པ་བྱེད་པ་དང་། བདག་ཇི་ལྟར་མཆོད་པ་དང་། རིམ་གྲོ་བྱེད་པ་བཞིན་གཞན་ཡང་བྱེད་དུ་འཇུག་པ་དང་། སྤོས་དང་མེ་ཏོག་དང་རིན་པོ་ཆེ་ལ་

སོགས་པ་གུས་པར་འབུལ་བས་མཆོད་ཅིང་རིམ་གྲོ་བྱེད་པ་དང་། རྒྱ་ཆེན་པོའི་རིམ་གྲོ་དང་མཆོད་པ་བྱེད་པ་ནི་ཡུན་རིང་པོར་མཆོད་པ་དང་རིམ་གྲོ་བྱེད་པ་སྟེ། རྣམ་པར་དག་པའི་སེམས་ཀྱིས་བྱང་ཆུབ་ཆེན་པོར་བསྔོས་ནས་རང་གི་ལུས་བརྒྱ་སྟོང་དུ་མས་དེ་བཞིན་གཤེགས་པ་གྲངས་མེད་པ་ལ་སྤོས་

དང་མེ་ཏོག་ཚད་མེད་པས་མཆོད་ཅིང་རིམ་གྲོ་བྱས་ཏེ། ཚིག་སྙན་པ་དང་ཡིད་དུ་འོང་བ་གྲངས་མེད་པ་ཕྱོགས་བཅུར་ཁྱབ་པར་བྱས་ཏེ་མཆོད་ཅིང་རིམ་གྲོ་བྱེད་པ་དང་། ཡང་ང་རྒྱལ་དང་དྲེགས་པ་སྤངས་ཏེ་མཆོད་པ་རྣམ་པར་དག་པས་རིམ་གྲོ་བྱེད་པ་དང་། ཡང་དག་པའི་སྤྱོད་པས་མཆོད་པ་

Vol. 120 · folio 189b

དང་རིམ་གྲོ་བྱེད་པ་ནི་ཚད་མེད་པ་བཞི་མངོན་དུ་བསྒོམས་ཏེ་སུ་ཅི་འདོད་པ་རྣམས་ལ་དེ་བཞིན་དུ་སྟེར་བ་དང་། སྐད་ཅིག་ཙམ་ཡང་ཡང་དག་པ་ཉིད་དུ་བཟོད་པ་དང་དད་པ་ལ་གནས་པ་ལས་མི་གཡོ་བར་མཚན་མ་མེད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་མི་གཏོང་བ་བསྡུ་བ་རྣམ་པ་བཞིའི་

སྤྱོད་པ་དམ་པས་མཆོད་ཅིང་རིམ་གྲོ་བྱེད་པ་ནི་སྔ་མའི་མཆོད་པ་བསྐྲུན་ཅིང་དཔེར་ཡང་མི་བཟོད་དོ། །བཟང་བ་ཕུལ་དུ་གྱུར་པའི་རིམ་གྲོ་སྟེ། བསོད་ནམས་དང་ཡོན་ཏན་ཚད་མེད་པའི་ཕྱིར་ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་དུ་མཆོད་དོ། །མདོ་ལས་ལུས་དང་སེམས་བྱམས་པས་ཡོངས་

སུ་བསྒོམས་པ་ནས་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྟོགས་པ་དག་ཅེས་པ་ནི་ཆོས་དེ་དང་དེ་དག་ལ་འཇུག་པ་ནི་བྱམས་པ་དང་སྙིང་རྗེ། ལུས་དང་སེམས་བསྒོམས་པའི་ཕྱིར་གཞན་ལ་ཕན་འདོགས་པ་སྟེ་སྡུག་བསྔལ་གྱི་གནས་ནས་འདོན་པ་དང་། བདེ་བའི་གནས་ལ་འཇིག་པའོ། །ཡང་དག་པའི་

དབྱིངས་ཉིད་ལས་ཡེ་ཤེས་ཕྱིར་མི་ལྡོག་པར་འཇུག་པ་དང་། བདག་ཏུ་ལྟ་བ་གཉིས་དང་བྲལ་བའི་ཡེ་ཤེས་ཀྱིས་ཤེས་རབ་ཆེན་པོ་རྟོགས་པ་དང་། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཕྱིར་མི་ལྡོག་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྟོགས་པའོ། །མདོ་ལས་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་

མང་པོར་རྣམ་པར་གྲགས་པ་དག་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཀུན་ནས་སྒྲོལ་བ་དག་ཅེས་འབྱུང་བ་ནི་བྱ་བ་བྱས་པས་ཆོས་ལ་གནས་པའི་ཕྱིར་མི་ལྡོག་པ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པས་ཕྱོགས་སུ་རྣམ་པར་གྲགས་ཤིང་། སེམས་ཅན་བརྒྱ་སྟོང་མང་པོ་སྒྲོལ་

བར་བྱེད་པའོ། །ཡོན་ཏན་གྱི་ཁྱད་པར་བསྡུ་བ་ནི་ཅི་ལ་གནས་པ་དང་། སེམས་གང་ལ་གནས་པ་དང་ཡེ་ཤེས་གང་ལ་གནས་པ་དང་། སྤྱོད་ཡུལ་གང་ལ་གནས་པ་དང་། སྤོབས་པ་ཅི་ལ་གནས་པ་ཤེས་པ་ནི་དེ་བཞིན་གཤེགས་པ་བརྒྱ་སྟོང་གྲངས་མེད་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པས་དགེ་

བའི་རྩ་བ་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་ལ་གནས་པའོ། །སེམས་ཇི་ལྟ་བུ་ལ་བརྟེན་པ་ནི་བྱམས་པ་དང་སྙིང་རྗེའི་སེམས་བསྒོམ་པ་ལ་གནས་ཏེ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒྲོལ་ཞིང་ཕན་འདོགས་པར་སེམས་པའོ། །ཡེ་ཤེས་ཇི་ལྟ་བུ་ལ་གནས་ཤེ་ན། དེ་བཞིན་

Vol. 120 · folio 190a

གཤེགས་པའི་ཡེ་ཤེས་ལ་འཛུད་པ། ཤེས་རབ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྟོགས་པ་སྟེ། ཡེ་ཤེས་ཀྱང་རྣམ་པ་གསུམ་སྟེ། ཡེ་ཤེས་ཟབ་མོ་རྣམ་པར་ཕྱེ་བས་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་འཛུད་པ་དང་། མངོན་པར་

ཤེས་པའི་ཡེ་ཤེས་ཏེ། མཐུ་དང་རྫུ་འཕྲུལ་ཆེན་པོས་འགྲོ་བ་འདྲེན་པས་ཕན་འདོགས་པའི་ཡེ་ཤེས་སོ། །ཤེས་རབ་ཆེན་པོས་ཡང་དག་པའི་མཐའ་རྟོགས་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྟོགས་པའི་ཡེ་ཤེས་སོ། །སྤྱོད་ཡུལ་ཇི་ལྟ་བུ་ལ་གནས་ཤེ་ན། འཇིག་རྟེན་

གྱི་ཁམས་བརྒྱ་སྟོང་མང་པོར་རྣམ་པར་གྲགས་པ་སྟེ། སྣོད་དང་སེམས་ཅན་གྱི་འཇིག་རྟེན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་སྤྱོད་ཡུལ་ལོ། །སྤོབས་པ་ཅི་ལ་གནས་ཤེ་ན། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཀུན་ནས་སྒྲོལ་བ་དག་སྟེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་

རྣམ་པ་གསུམ་གྱིས་སེམས་ཅན་མང་པོ་སྒྲོལ་ཞིང་ཕན་འདོགས་པའོ། །མདོ་ལས་འདི་ལྟ་སྟེ་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། སྤྱན་རས་གཟིགས་དབང་ཕྱུག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། མཐུ་ཆེན་ཐོབ་པ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནི་འདི་མན་ཆད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་སོ་སོར་དབྱེ་བ་ལ་སྤྱིའི་མཚན་དང་སོ་སོའི་མཚན་ནོ། །བྱང་ཆུབ་སེམས་དཔའ་འདི་དག་ཀུན་ཀྱང་སྔོན་གྱི་སྨོན་ལམ་དང་སྤྱོད་པ་ལས་མཚན་བཏགས་པ་སྟེ། དུམ་བུ་བདུན་

དུ་ཕྱེ་སྟེ་བཤད་པར་བྱའོ། །དང་པོའི་བྱང་ཆུབ་སེམས་དཔའ་འདི་གསུམ་ནི་སེམས་ཅན་རྣམས་སྡུག་བསྔལ་ལས་འདོན་པ་དང་བདེ་བ་ལ་འཇོག་པའི་མཐུ་ཅན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རིན་ཆེན་བརྩེགས་པ་སྟེ། དེའི་མཚན་ཐོས་པ་

ཙམ་གྱིས་སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་ཤར་ཕྱོགས་ཀྱི་སྤང་རི་རྩེ་ལྔ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་ཁྲི་དང་ལྷན་ཅིག་ཏུ་བཞུགས་པར་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ནི་གཟིགས་པ་ལ་མངའ་བརྙེས་

Vol. 120 · folio 190b

པ་སྟེ། སེམས་ཅན་ལ་གཟིགས་ཤིང་སྡུག་བསྔལ་གྱིས་ནས་འདོན་པ་ལ་མངའ་བརྙེས་པའོ། །ལུང་བསྟན་པའི་མདོ་ལས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་མྱ་ངན་ལས་འདས་པའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་ལུང་བསྟན། དེའི་འོག་ཏུ་འཕགས་པ་མཐུ་ཆེན་ཐོབ་ལུང་

བསྟན་ཏེ། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་གང་དུ་བྱོན་པའི་འཇིག་རྟེན་གྱི་ཁམས་དེ་གཡོ་བ་ལ་སོགས་ཏེ་མཐུ་ཆེན་པོ་སྟོན་ཅིང་སེམས་ཅན་གྱི་སྡུག་བསྔལ་ཞི་བར་མཛད་པའི་ཕྱིར་མཐུ་ཆེན་པོ་ཐོབ་པ་ཞེས་བྱའོ། །མདོ་ལས་རྟག་ཏུ་བརྩོན་པ་བྱང་ཆུབ་སེམས་དཔའ་དང་། མི་གཏོང་བརྩོན་བའི་

བྱང་ཆུབ་སེམས་དཔའ་ནི་བདག་གི་དོན་སྤྱོད་པ་དང་། གཞན་གྱི་དོན་ལ་བརྩོན་པ་སྟེ་རིམ་པ་བཞིན་ནོ། །ལག་ན་རིན་ཆེན་དང་རབ་ཏུ་སྦྱིན་པའི་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་དབུལ་བ་དང་ནད་ཀྱིས་ཉོན་མོངས་པ་རྣམས་ལ་ཅི་རིགས་པར་ཕན་འདོགས་པའི་ཕྱིར་མཚན་གསོལ་བའོ། །

རིན་ཆེན་ཟླ་བ་དང་ཟླ་རྒྱལ་དག་ནི་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བའི་སྒོ་ནས་མཚན་གསོལ་བའོ། །གནོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་འདུལ་བ་དང་མཐའ་ཡས་པའི་སེམས་ཅན་མཐུ་ཆེ་ཆུང་གིས་སྒྲོལ་བའོ། །འཇིག་རྟེན་གསུམ་གནོན་བྱང་ཆུབ་

སེམས་དཔའ་དང་། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་སྒྲོལ་བ་དང་། དམ་པའི་ཆོས་བསྲུང་བ་ལས་མཚན་གསོལ་ཏོ། །བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ལས་བཏགས་པ་སྟེ། སྡུག་བསྔལ་གྱི་ས་ནས་

འདོན་པའི་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་སེམས་ཅན་ལ་བསྟབས་ཤིང་མྱ་ངན་ལས་འདས་པའི་ཞི་བ་ལ་འཇོག་པ་ལས་བཏགས་སོ། །དེ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་པ་ནི་བསྡུས་པའི་ཚིག་གོ། །མདོ་ལས་བརྒྱ་བྱིན་ལྷའི་དབང་པོའི་འཁོར་ལྷའི་སྲས་པོ་སྟོང་ཕྲག་ཉི་ཤུ་ནི་གོང་

དུ་ཕྱིའི་འཁོར་དང་ནང་གི་འཁོར་དུ་སྨོས་པ་གཉིས་ལ། ནང་གི་འཁོར་ལྔ་ནི་གོང་དུ་བསྟན་པ་ཡིན། ཕྱིའི་འཁོར་བཅུ་ལ་མི་དང་མི་མ་ཡིན་པར་དབྱེ་བ་དང་། མི་མ་ཡིན་པ་ལའང་ལྷ་དང་། ལྷ་མ་ཡིན་དུ་དབྱེ་བ་དང་། ལྷ་ལ་ཡང་འདོད་པ་དང་གཟུགས་ཀྱི་ལྷར་དབྱེ་བ་དང་། འདོད་ཁམས་ཀྱི་ལྷ་ལ་

Vol. 120 · folio 191a

ཡང་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། དབང་ཕྱུག་དང་གསུམ་མོ། །དེ་ལ་འདི་ནི་དང་པོ་སྟེ། ས་ལ་གནས་པ་དང་ནམ་མཁའ་ལ་གནས་པར་དབྱེའོ། ས་ལ་གནས་པ་ནི་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་སྟེ། བརྒྱ་བྱིན་ནི་རི་རབ་ཀྱི་རྩེ་ལ་གནས་ཤིང་སུམ་ཅུ་རྩ་གསུམ་

ལྷའི་རྒྱལ་པོའོ། །མདོ་ལས་ཟླ་བ་ལྷའི་སྲས་པོ་ཞེས་པ་ནས། སྟོང་ཕྲག་ཉི་ཤུ་དང་ཐབས་ཅིག་གོ་ཞེས་པའི་བར་ནི་འོད་ཅན་དེ་གསུམ་ནི་རྒྱལ་པོ་ཆེན་པོ་བཞིའི་ཁམས་སུ་གཏོགས་ཏེ། ཉི་མ་ལྷའི་སྲས་པོ་ནི་འཕགས་པ་སྤྱན་རས་གཟིགས། ཟླ་བ་ལྷའི་སྲས་པོ་ནི་འཕགས་པ་མཐུ་

ཆེན་པོ་ཐོབ་པ། ནམ་མཁའི་མཛོད་བྱང་ཆུབ་སེམས་དཔའ་ནི་རིན་ཆེན་འོད་བྱང་ཆུབ་སེམས་དཔའ་ཡིན་པར་མདོ་ལས་འཆད་དོ། །ཉི་མ་ནི་དཔག་ཚད་ལྔ་བཅུས་འཁོར། ཟླ་བ་ནི་དེ་བཞིན་ནོ། །སྐར་མ་ནི་ཆུ་ཤེལ་ལས་བྱས་ཏེ། ནང་གི་ཆེན་པོ་ལ་རྒྱང་གྲགས་བཅོ་བརྒྱད་ཀྱིས་འཁོར།

ནང་གི་ཆུང་ངུ་ནི་རྒྱང་གྲགས་བཞིས་འཁོར་ཞེས་འཆད་དེ། དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལ་རྒྱུ་ཞིང་གླིང་བཞི་འཁོར་བར་རྒྱུ་ལ་རྒྱུ་བའི་ས་ནི་རི་རབ་ཀྱི་རྐེད་ནས་འཁོར་རོ། །མདོ་ལས་ལྷའི་དབང་པོ་ཆེན་པོ་ལྷའི་སྲས་པོའི་འཁོར་དང་ཐབས་ཅིག་ཏུ་བཞུགས་ཞེས་པ་ནི་ནམ་མཁའ་ལ་གནས་

པའི་ལྷ་སྟེ། མཚེ་མ་རྣམས་དང་དགའ་ལྡན་གྱི་ལྷ་ནི་དབང་ཕྱུག་ལྷའི་སྲས་པོ་སྟེ། དགེ་བའི་རྣམ་པར་སྨིན་པ་ཆེ་བའི་ཕྱིར་གོང་ནས་གོང་དུ་འབྲས་བུ་དམ་པ་འབྱུང་བའི་ལྷའི་ཡིད་བཞིན་གྱི་ཤིང་ལས་ཅི་འདོད་པ་ལེན་ཅིང་དབང་སྒྱུར་བས་བདག་དང་གཞན་གྱི་ལོངས་སྤྱོད་རྫོགས་པའོ། །མདོ་ལས་

ཚངས་པ་མི་མཇེད་ཀྱི་བདག་པོ་ཚངས་པའི་འཁོར་དང་ཐབས་ཅིག་ཅེས་པ་ནི་དེ་དག་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཏེ། བསམ་གཏན་གྱི་རིམ་པས་གནས་ཤིང་ལྷའི་རྒྱལ་པོ་དེ་གཞན་ལ་ཕན་པ་དང་བདེ་བ་བྱེད་པས་མི་སྐྱོ་ཞིང་ཐུབ་པ་ཉམས་སུ་ལེན་པས་མི་མཇེད་པའོ། །མདོ་ལས་

ཀླུའི་རྒྱལ་པོ་བརྒྱད་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པའི་བར་དུ་ནི་འདི་མན་ཆད་ལྷ་མ་ཡིན་པའི་འཁོར་ལྔ་ལས་དང་པོ་སྟེ་ཀླུའི་འཁོར་རོ། །དགའ་བོ་དང་བསྙེན་དགའ་བོ་ནི་སྔོན་སྤུན་ཡིན་ཏེ། དགེ་བའི་སེམས་ཀྱིས་ཆར་དང་རླུང་དུས་སུ་འབེབས་པའི་རྒྱལ་པོ་སྟེ། གཞན་

Vol. 120 · folio 191b

ཡང་སོ་སོའི་ཡོན་ཏན་དང་མཐུ་ལས་མིང་དུ་བཏགས་པའོ། །མདོ་ལས་མིའམ་ཅིའི་རྒྱལ་པོ་བཞིའི་འཁོར་དང་ཐབས་ཅིག་ཏུ་བཞུགས་ཞེས་པ་ནི་སྒྲ་སྙན་པའི་ཡོན་ཏན་དང་ལྡན་པ་དག་གོ། །མདོ་ལས་དྲི་ཟའི་རིགས་ཀྱི་འཁོར་རྣམས་དང་ཐབས་ཅིག་ཏུ་བཞུགས་ཞེས་པ་ནི་དེ་དག་རྒྱུ་

ཞིང་གར་དང་རོལ་མོའི་སྒྲ་སྙན་པ་འབྱིན་ཅིང་དྲིས་འཚོ་བར་བྱེད་པའོ། །མདོ་ལས་ལྷ་མ་ཡིན་གྱི་དབང་པོའི་འཁོར་བཞི་རྣམས་དང་ཐབས་ཅིག་ཅེས་པ་ནི་ལྷའི་སྤྱོད་པ་མེད་དེ། གཡོ་དང་སྒྱུས་སྤྱོད་པ་མང་བས་ལྷ་མ་ཡིན་ཏེ། ཇི་ལྟར་མིའི་གཞུང་ཉམས་པ་ལ་མི་མ་ཡིན་ཞེས་

བྱ་བ་བཞིན་ནོ། །རྣལ་འབྱོར་སྤྱོད་པའི་གཞུང་ལས་ནི་ལྷའི་ཁམས་སུ་བཤད་དོ། །གཞན་ལས་ནི་ཡི་དགས་དང་བྱོལ་སོང་གི་ཁམས་སུ་གཏོགས་པར་ཡང་འཆད་དོ། །མདོ་ལས་འདབ་བཟངས་ཀྱི་དབང་པོ་འཁོར་བཞི་དང་ཐབས་ཅིག་ཏུ་བཞུགས་ཞེས་པ་ནི་འདབ་བཟངས་ནི་སྐྱེ་བ་རྣམ་པ་

བཞི་ལས་སྐྱེ་སྟེ། ཀླུའི་རིགས་ཀྱང་རྣམ་པ་བཞི་ལས་སྐྱེ་སྟེ། འདབ་བཟངས་འདི་ཟས་སུ་ཀླུ་ཟའོ། །ཟ་བའི་ཐབས་ནི་འདབ་བཟངས་འདི་འདབ་མས་རྒྱ་མཚོ་ལ་སླེབས་པས་ཀླུ་རྣམས་ཐོན་པ་ལ་ཟ་སྟེ། ཀླུ་བསོད་ནམས་དང་ལྡན་པ་དེ་བཞིན་གཤེགས་པའི་འཁོར་དུ་སྐྱེས་པ་

རྣམས་འདབ་བཟངས་ཀྱིས་མི་གསོད་པར་ཚད་མེད་པ་བཞིའི་སེམས་ཀྱིས་བསྐྱབ་པའི་ཕྱིར་ཏེ། དགེ་སློང་དག་སུ་འཚེ་བ་ཐམས་ཅད་ལས་ཐར་བར་འདོད་པའི་ཕྱིར་ཚད་མེད་པ་བཞི་ལ་བརྟེན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མདོ་ལས་ལུས་འཕགས་མོའི་བུ་མ་སྐྱེས་དགྲ་དང་ཐབས་

ཅིག་གོ་ཞེས་པ་ནི་མིའི་རྒྱལ་པོའི་འཁོར་བསྟན་ཏེ་རྒྱལ་པོ་སྨོས་པ་ནི་གཙོ་བོས་བསྡུས་པའི་ཕྱིར་ཏེ། མ་སྐྱེས་དགྲའི་གླེང་གཞི་ནི་མ་བཙས་པའི་སྔ་རོལ་ཏུ་ཕ་བསད་པའི་བསམ་པ་དང་བཅས་པའི་ཕྱིར་མ་སྐྱེས་པར་ཕའི་དགྲར་གྱུར་པ་སྟེ། དེས་ཕ་བསད་པ་དེ་ཉན་ཐོས་པའི་གཞུང་དུ་

སྡིག་པ་བཤགས་པས་སེམས་ཅན་དམྱལ་བར་ཕོ་ལོང་བརྡབས་པ་ཙམ་ཞིག་སྐྱེས་ཏེ། ཕྱིས་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་ཡང་འཆད་ཐེག་པ་ཆེན་པོ་ལས་ནི་ཆོས་ཟབ་མོ་རྟོགས་པའི་བཤགས་པས་སེམས་ཅན་དམྱལ་བར་མ་ལྷུང་བར་ཡང་འཆད་དེ། ཞིབ་ཏུ་མྱ་ངན་ལས་

Vol. 120 · folio 192a

འདས་པ་ཆེན་པོའི་མདོ་ལས་གསུངས་པ་བཞིན་ནོ། །མདོ་ལས་ཡང་དེའི་ཚེ་བཅོམ་ལྡན་འདས་འཁོར་བཞིས་བསྐོར་ཏེ། མཆོད་པ་དང་རིམ་གྲོ་བྱས་ཞེས་པའི་བར་དུ་ནི་འཁོར་ཕུན་སུམ་ཚོགས་པ་བཞིར་ཕྱེ་བ་ལ། གསུམ་ནི་བསྟན་ཟིན། འདི་བཞི་པ་སྟེ། འཁོར་

བཞི་ལ་བདུད་དང་ཚངས་པ་དང་། དགེ་སློང་དང་བྲམ་ཟེའི་འཁོར་ཞེས་ཀྱང་འཆད། ཡང་འཁོར་རྣམ་པ་བཞི་སྟེ། ཉན་ཐོས་པའི་འཁོར་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་ལྟ་བུ་ཆོས་གླེང་བའི་འཁོར་དང་། དབང་པོ་སྨིན་པ་དེ་ཆོས་རྟོགས་པའི་འཁོར་དང་། དགེ་བའི་

རྒྱུ་ལ་སོགས་པའི་འཁོར་དང་། མ་འོངས་པ་ན་ཆུད་པར་འགྱུར་བའི་འཁོར་རོ། །ཡང་འཁོར་བཞི་སྟེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རོ། །མདོ་ལས་གདོན་མི་ཟ་བར་བསྟན་པ་ཆེན་པོ་ཞེས་བྱ་བ་ཆོས་ཀྱི་གཞུང་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ། །བྱང་

ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་ཟིན་པ་བཤད་པར་བཞེད་དེ་ཞེས་པ་ནི་དེ་བཞིན་གཤེགས་པ་ཆོས་བཤད་པར་བྱེད་པའི་དུས་དེ་ཡང་རྣམ་པ་གསུམ་སྟེ། སྔར་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོ་མཐའ་ཡས་གདོན་མི་ཟ་བ་བསྟན་པ་ཞེས་བྱ་

བའི་ཆོས་ཀྱི་གཞུང་བསྟན། འོག་ཏུ་ཉན་ཐོས་པ་རྣམས་ཀྱི་ཆེད་དུ་ཐེག་པ་གཅིག་པུ་བསྟན་པ་དང་། གཞན་གྱི་དོན་དུ་ལུང་དང་རིགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་གཅིག་པུ་བསྟན། དེའི་འོག་ཏུ་བདག་གི་དོན་དུ་སྤྱོད་པ་དང་། འབྲས་བུ་བསྟན། གསུམ་དུ་སྔར་ཆོས་ཀྱི་

མཚན་ཉིད་བསྟན། འོག་ཏུ་ཆོས་ཀྱི་མཐུ་བསྟན་པའི་ཕྱིར་གདོན་མི་ཟ་བར་བྱ་བས་མདོ་འདི་བསྟན་ཏོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་དོན་རྣམ་པ་དྲུག་སྟེ། ཐེག་པ་རྣམ་པ་གཉིས་ལས་འདས་པ་དང་། སངས་རྒྱས་ཀྱི་སར་འདིས་ཕྱིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཐེག་པ་པས་ཐེག་པ་ཆེན་

པོ་ཡིན་པ་དང་། སྡུག་བསྔལ་ཆེན་པོ་ཞི་བར་བྱེད་ཅིང་བདེ་བ་ཆེན་པོ་སྦྱིན་པར་བྱེད་པ་དང་། འཕགས་པ་སྤྱན་རས་གཟིགས་ལ་སོགས་ཏེ་སྐྱེས་བུ་ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པ་དང་། ཆོས་རྣམས་ཀྱི་མཐར་ཐུག་པར་བྱེད་པའི་ཕྱིར་ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་ཐེག་པ་ཡང་ཡིན་ལ་ཆེན་

Vol. 120 · folio 192b

པོ་ཡང་ཡིན་པས་ཐེག་པ་ཆེན་པོའོ། །འདིས་འདེགས་པར་བྱེད་པའི་ཕྱིར་ཐེག་པའོ། །ཆེན་པོ་ནི་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཆེན་པོ་སྟེ། སྤྱད་ཡུལ་དང་། སེམས་དང་ཡེ་ཤེས་དང་བརྩོན་འགྲུས་དང་ཐབས་དང་། ཐོབ་པ་དང་། ལས་ཆེན་པོའི་ཕྱིར་ཆེན་པོ་ཞེས་བྱའོ། །མཐའ་ཡས་

གདོན་མི་ཟ་བར་བསྟན་པ་ཞེས་པ་ནི་མདོ་སྡེ་འདིའི་རྣམ་གྲངས་ཀྱི་མིང་སྟེ་འདིའི་འགྲེལ་པ་ལས་མདོ་སྡེའི་མིང་གི་རྣམ་གྲངས་བཅུ་བདུན་ཡོད་དེ། མདོ་སྡེ་འདི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་སྤྱོད་པ་རྣམས་ལ་བཤད་པས་མཐའ་ཡས་གདོན་མི་ཟ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་

རྣམས་ལ་བསྟན་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་གཟུང་བ། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་མཛོད། དེ་བཞིན་གཤེགས་པ་རྣམས་ཀྱི་མན་ངག་གི་གནས། དེ་བཞིན་གཤེགས་པ་རྣམས་བསྐྱེད་པ། དེ་བཞིན་གཤེགས་པ་རྣམས་

ཀྱི་དབྱིངས། དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་བསྟན་པར་བྱེད་པ། ཐབས་མཁས་པས་ཐེག་པ་གཅིག་སྟོན་པ། བླ་ན་མེད་པའི་གནས་དམ་པའི་ཆོས་པུཎྜ་རཱི་ཀ་ཞེས་བྱ་བ་ཆོས་རྣམས་ཀྱི་དམ་པའོ། །འགྲེལ་པ་ལས་མཐའ་ཡས་གདོན་མི་ཟ་བར་བསྟན་པ་ཞེས་པ་ནི་ཚིག་དང་དོན་རྫོགས་པ་

མིང་གི་རྣམ་གྲངས་བཅུ་བདུན་ཏེ། ཆོས་ཀྱི་སྒོ་མོ་འདིས་ཆོས་ཀྱི་སྒོ་མོ་ཟབ་མོ་གཞན་ཡང་སྟོན་པར་བྱེད་དོ། །འཆད་པའི་ལུང་དང་བཤད་པའི་འབྲས་བུ་གཉི་ག་ཡང་མཐའ་ཡས་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་རང་བཞིན་མཐའ་ཡས་པའི་ཕྱིར་ཆོས་རྣམས་ཀྱང་མཐའ་ཡས་སོ། །ཆོས་མཐའ་

ཡས་པའི་ཕྱིར་དོན་ཡང་མཐའ་ཡས་སོ། །དོན་མཐའ་ཡས་པ་ནི་ཆོས་གཅིག་བསྐྱེད་པའོ། །ཆོས་གཅིག་ནི་མཚན་མ་མེད་པའི་ཆོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་པར་བྱ་བའོ། །དེ་ཉིད་ཡང་དག་པ་སྟེ། བྱམས་པ་དང་སྙིང་རྗེར་ལྡན་པ། སེམས་ཅན་རྣམས་སྡུག་བསྔལ་གྱི་ས་ནས་འདྲེན་པ། བདེ་

བའི་གནས་སུ་འཇོག་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་མཐའ་ཡས་པའི་ཆོས་ཀྱི་སྒོ་དེ་གཅིག་བསྒྲུབས་པས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་འཐོབ་པོ། །འདི་ལྟ་སྟེ་དཔེར་ན་ས་བོན་གཅིག་བསྐྱེད་པས་བརྒྱ་སྟོང་མང་པོ་བསྐྱེད་པར་འགྱུར་རོ། །བརྒྱ་སྟོང་མང་པོ་ལས་ཀྱང་དེ་བཞིན་དུ་བསྐྱེད་དེ་

Vol. 120 · folio 193a

མཐའ་ཡས་པར་འགྱུར་བ་བཞིན། མདོ་སྡེ་འདི་ཡང་དེ་བཞིན་ཏེ། ཆོས་གཅིག་གིས་དོན་བརྒྱ་སྟོང་གྲངས་མེད་པ་བསྐྱེད་དོ། །དོན་དེ་ལས་ཀྱང་དེ་བཞིན་དུ་མང་དུ་བསྐྱེད་པས་དོན་མཐའ་ཡས་མུ་མེད་པར་འགྱུར་བའི་ཕྱིར་མདོ་སྡེ་འདི་ཡང་མཐའ་ཡས་གདོན་མི་ཟ་བར་བསྟན་པ་

ཞེས་བྱའོ། །ཡང་ན་མདོ་སྡེ་འདི་མཆོག་གམ་དམ་པ་ཞེས་བྱ་སྟེ། སྡེ་སྣོད་གསུམ་གྱི་ནང་ནས་མཛོད་འདི་དམ་པ་ཡིན་པའི་ཕྱིར་རོ། །ཡང་མདོ་སྡེ་འདི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཆེན་པོ་གདོན་མི་ཟ་བའི་སྒོ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དབང་པོ་དང་མཐུན་པར་འཛིན་པའི་ཕྱིར་འཛིན་པ་ཕུན་སུམ་ཚོགས་

པའོ། །ཡང་འདི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པའི་ཆོས་ཏེ། དབང་པོ་སྨིན་པ་རྣམས་ལ་སྣོད་བཞིན་དུ་ཆོས་སྟོན་པས་ཐེག་པ་རྣམ་གཉིས་སུ་མི་འགྱུར་བའི་ཕྱིར་རོ། །ཡང་འདི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གཟུང་བ་སྟེ། གནས་གཞན་མེད་པའི་ཕྱིར་རོ། །ཡང་འདི་དེ་

བཞིན་གཤེགས་པ་རྣམས་ཀྱི་གསང་བའི་ཆོས་ཏེ། ཆོས་འདི་ཤིན་ཏུ་ཟབ་པའི་ཕྱིར་སངས་རྒྱས་ཉག་གཅིག་གི་མཁྱེན་པ་སྟེ། གསང་བ་ནི་མཛོད་ཅེས་པའི་དོན་ཏོ། །ཡང་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་མཛོད་དེ། བསོད་ནམས་དང་ཏིང་ངེ་འཛིན་ལ་སོགས་པའི་མཛོད་ཡིན་

པའི་ཕྱིར་རོ།། །།དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ། བམ་པོ་གཉིས་པ། ཡང་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའི་གནས་ཏེ། དབང་པོ་མ་སྨིན་ཅིང་སྣོད་དུ་མ་གྱུར་པ་རྣམས་ལ་སྦྱིན་པར་བྱ་བ་མ་ཡིན་པའོ། །ཡང་འདི་དེ་བཞིན་གཤེགས་པ་རྣམས་བསྐྱེད་པ་སྟེ། ཆོས་ཀྱི་

སྒོ་འདི་ཐོས་པས་སྤྲུལ་པ་དང་རྫོགས་ལོངས་སྤྱོད་པའི་སྐུ་ཐོབ་པར་བྱེད་པའོ། །ཡང་འདི་དེ་བཞིན་གཤེགས་པ་རྣམས་ཀྱི་དབྱིངས་ཏེ། ཆོས་འདིས་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་བྱེད་ཀྱི་མདོ་སྡེ་གཞན་གྱིས་མ་ཡིན་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དང་ཡེ་ཤེས་སྟོན་པར་བྱེད་པའི་ཕྱིར་རོ། །ཡང་

འདི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ། ཆོས་ཀྱིས་སྒྲིབ་པ་སྦྱོང་བར་བྱེད་པའི་ཕྱིར་རོ། །ཡང་འདི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་བསྟན་པར་བྱེད་པ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཆོས་ཀྱི་སྐུ་འདིའི་ནང་ནས་སྟོན་པའི་ཕྱིར་རོ། །ཡང་

Vol. 120 · folio 193b

འདི་ཐབས་མཁས་པ་སྟེ། ཆོས་ཀྱི་དོན་འདི་ལ་བརྟེན་པས་མངོན་པར་རྫོགས་པར་འཚང་རྒྱ་བའོ། །སངས་རྒྱས་ནས་ཀྱང་ལྷ་དང་མི་ལ་སོགས་པའི་སེམས་ཅན་རྣམས་ལ་ཐེག་པ་རྣམ་པ་ལྔའི་ཆོས་ཀྱིས་བྱང་ཆུབ་ཐོབ་པའི་ཡེ་ཤེས་དང་ཐབས་སྟོན་པའི་ཕྱིར་རོ། །ཡང་འདི་ཐེག་པ་གཅིག་པོ་སྟོན་

པས་བླ་ན་མེད་པའི་བྱང་ཆུབ་ཀྱི་ངོ་བོ་ཉིད་སྟོན་པ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ནི་ཡང་དག་པའི་མཐའ་མ་ཡིན་ནོ། །ཡང་འདི་དོན་དམ་པའི་གནས་ཏེ། ཆོས་འདི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་དག་པའི་གནས་ཏེ། ཆོས་ཀྱི་སྐུ་ཉིད་དམ་པ་ཡིན་པའི་ཕྱིར་དམ་པའི་

གནས་ཞེས་བྱའོ། །ཡང་འདི་དམ་པའི་ཆོས་པདྨ་དཀར་པོ་ཞེས་པ་ནི་འགྲེལ་པ་ལས་རྣམ་པ་གཉིས་ཏེ། ཆུ་ལས་བྱུང་བའི་དོན་དང་། ཁ་འབྱེད་པའི་དོན་ཏོ། །ཆུ་ལས་བྱུང་བ་ཡང་དོན་རྣམ་པ་གཉིས་ཏེ། ཐེག་པ་རྣམ་པ་གཉིས་ཀྱི་ཆུ་རྙོག་པ་ཅན་ལས་བྱུང་སྟེ། ཅིག་ཅར་ཆུད་པའི་བྱང་ཆུབ་

སེམས་དཔའ་ཉིད་པདྨོ་དང་འདྲ་བར་རྙོག་པ་དང་བྲལ་ཞིང་ཆོས་ཉིད་བརྟན་པའི་ཚུལ་ཐེག་པ་གཅིག་པུའི་གཞུང་རྟོགས་ཞེས་པའི་དོན་སྟོན་ཏོ། །ཡང་ན་ཐེག་པ་རྣམ་པ་གཉིས་ཆུ་རྙོག་པ་ཅན་གྱི་ནང་ནས་བྱུང་སྟེ་དེ་བཞིན་གཤེགས་པའི་འཁོར་ཆེན་པོར་ཞུགས་པ་ནི་བྱང་ཆུབ་སེམས་དཔའ་པདྨོའི་

གདན་ལ་བཞུགས་ཤིང་མཐའ་ཡས་གདོན་མི་ཟ་བའི་ཡེ་ཤེས་རྣམ་པར་དག་པའི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་གསང་བའི་མཛོད་རྟོགས་པ་བཞིན་ཉན་ཐོས་པ་རྣམས་ཀྱིས་ཀྱང་རིམ་གྱིས་ལུང་ཡང་དག་པ་དང་། གཞུང་དང་སྤྱོད་པ་དང་འབྲས་བུ་ལ་ཞུགས་ཞེས་པའི་དོན་ཏོ། །ཡང་འདི་

བླ་ན་མེད་པའི་ཆོས་ཀྱི་སྒོ་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་སྡུད་པའི་ཕྱིར་རོ། །སྡུད་པ་ནི་མཐའ་ཡས་པའི་མིང་དང་ཚིག་དང་འབྲུའི་ཚོགས་ཐམས་ཅད་སྡུད་པའི་ཕྱིར་བླ་ན་མེད་པ་སྟེ། བཤད་པ་དང་བཤད་པར་བྱ་བའི་ཆོས་ཐམས་ཅད་འདིར་འདུས་པའི་ཕྱིར་རོ། །རྣམ་གྲངས་བཅུ་བདུན་པོ་

འདི་ལས་འདི་ནི་སྤྱིའི་ཚིག་གོ། །གཞན་ནི་དབྱེ་བའི་ཚིག་གོ། །མདོ་སྡེ་འདི་ཉིད་ཀྱི་རྣམ་གྲངས་གསུམ་ཞིག་འབྱུང་སྟེ། མཐའ་ཡས་གདོན་མི་ཟ་ཞེས་པ་ནི་བྱིན་གྱི་རླབས་ཀྱི་ཁྱད་པར་བསྟན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ་ནི་དབང་པོ་སྨིན་པ་རྣམས་ཀྱི་ཆེད་དུ་གསུངས་

Vol. 120 · folio 194a

པའི་དོན་ཏོ། །སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་ཟིན་པ་ནི་སངས་རྒྱས་ཉིད་ལ་བརྟེན་ཞེས་པའི་དོན་ཏེ། འདི་གསུམ་གཙོ་བོ་ཡིན་པའི་ཕྱིར་སྨོས་སོ། །མཐའ་ཡས་པ་ནི་རྣམ་པ་གཉིས་ཏེ། དོན་མཐའ་ཡས་པ་དང་ཚིག་མཐའ་ཡས་པའོ། །ཚིག་མཐའ་

ཡས་པ་ནི་སྟོན་པའི་ཆོས་སོ། །དོན་ནི་བསྟན་པར་བྱ་བའི་ཆོས་སོ། །མདོ་ལས་བཅོམ་ལྡན་འདས་ཆོས་ཀྱི་གདན་དེ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ནས་མཐའ་ཡས་གདོན་མི་ཟ་བ་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་མི་གཡོ་བར་བཞུགས་ཤིང་སེམས་མི་གཡོ་བར་གྱུར་

པ་ནི་སྤྱོད་ལམ་ཕུན་སུམ་ཚོགས་པའི་ཆོས་དམ་པ་སྟོན་པ་སྟེ། ཆོས་ཟབ་མོ་འདི་སྟོན་པ་ལ་སྤྱོད་ལམ་དམ་པ་ལ་ཞུགས་ཏེ་ཆོས་སྟོན་པར་འོས་པའི་ཕྱིར་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །བཞུགས་པའང་རྣམ་པ་གཉིས་ཏེ། བདུད་འདུལ་བའི་བཞུགས་པ་དང་། བཀྲ་ཤིས་པའི་

ཚུལ་དུ་བཞུགས་པ་ལས་འདི་ནི་དང་པོའི་ཚུལ་དུ་བཞུགས་པའོ། །སྤྱོད་ལམ་དམ་པ་ཡང་རྣམ་པ་གསུམ་སྟེ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ལ་བཞུགས་པས་སྐུ་དང་ཐུགས་མི་གཡོ་བར་གྱུར་པའོ། །ཡང་ན་སྣོད་ཀྱི་འཇིག་རྟེན་ན་ལྷའི་མེ་ཏོག་འབུལ་བ་དང་། ཞིང་རྣམ་པར་གཡོ་བ་

ལ་བཞུགས་པའོ། །ཡང་ན་བཅུད་ཀྱི་འཇིག་རྟེན་ན་བཞུགས་པ་སྟེ། འཁོར་བཞི་དང་བརྒྱད་ཀྱིས་བསྐོར་ཅིང་ཏིང་ངེ་འཛིན་དུ་བཞུགས་པ་དང་། ཆོས་ཟབ་མོ་རྟོགས་པར་མཛད་པས་འཁོར་དགའ་ཞིང་ཞལ་དུ་ལྟ་བ་དང་བཞུགས་པའོ། །སྙོམས་པར་ཞུགས་ཞེས་པ་ནི་མཐའ་ཡས་པའི་དོན་

ཟབ་མོ་ལ་སེམས་མཉམ་པར་གཞག་ཅེས་པའི་དོན་ཏོ། །འགྲེལ་པ་ལས་ཏིང་ངེ་འཛིན་ལ་རྣམ་པ་གཉིས་ཏེ། ཐུགས་དང་སྐུ་ལ་མངའ་བརྙེས་ཤིང་ཕུན་སུམ་ཚོགས་པས་ཟབ་མོ་འདི་བཤད་པ་ལ་ཏིང་ངེ་འཛིན་ལ་མ་ཞུགས་ན་གཡོ་བ་དང་རྟོག་པ་འབྱུང་བའི་ཕྱིར་ཏིང་ངེ་འཛིན་དུ་ཞུགས་པ་དང་སྒྲིབ་

པ་ཐམས་ཅད་དང་བྲལ་བ་ནི་མངའ་བརྙེས་པ་སྟེ། ཏིང་ངེ་འཛིན་དུ་ཞུགས་པས་ཏིང་ངེ་འཛིན་གྱིས་སྒྲིབ་པ་ཐམས་ཅད་བསལ་བས་ཆོས་སྟོན་པ་ལ་མངའ་བརྙེས་ཞེས་པའི་དོན་ཏོ། །འགྲེལ་པ་ལས་མངའ་བརྙེས་པ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་སོ་སོའི་དབང་པོ་དང་མཐུན་པར་བསྟན་

Vol. 120 · folio 194b

པས་བྱང་ཆུབ་ཀྱི་ཕྱོགས་ལ་འཛུད་ཅིང་སོ་སོའི་ཐབས་དང་གཉེན་པོ་ལ་སྦྱོར་བས་ཟག་པ་མེད་པའི་ལམ་སྟོན་པ་དང་། གཉིས་སུ་སེམས་ཅན་རྣམས་ཐོག་མ་མེད་པའི་དུས་ནས་ཉོན་མོངས་པས་དམ་དུ་བཅིངས་པ་རྣམས་དེའི་གཉེན་པོར་རྣམ་པར་རྟོག་པ་དང་གཡོ་བ་དང་། ཁྲོ་སེམས་ལ་སོགས་པའི་

ལས་ཞི་བར་བྱ་བའི་ཕྱིར། ཏིང་ངེ་འཛིན་དེ་ལ་ཞུགས་ཤིང་མཐུས་དབང་སྒྱུར་བའོ། །འགྲེལ་པ་ལས་ཏིང་ངེ་འཛིན་དུ་ཞུགས་པའི་ཕྱིར་ས་གཡོ་བ་དང་། སྔོན་བསྐལ་པ་གྲངས་མེད་པ་འདས་པའི་དོན་རྣམས་ཞེས་པའང་ཏིང་ངེ་འཛིན་དུ་ཞུགས་པ་ལས་འབྱུང་གི་གཞན་གྱིས་མ་ཡིན་ནོ། །བཅོམ་ལྡན་

འདས་ཏིང་ངེ་འཛིན་དུ་མ་ཞུགས་པའི་ཐུགས་དང་སྤྱོད་པ་མི་མངའ་སྟེ། དུས་ཐམས་ཅད་དུ་ཏིང་ངེ་འཛིན་གྱི་སྤྱོད་པ་དང་ལྡན་པའོ་ཞེས་འབྱུང་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཏིང་ངེ་འཛིན་དུ་བཞུགས་ཞེས་སྨོས་སོ། །དོན་རྣམ་པ་བཅུའི་ཕྱིར་ཏེ། ཏིང་ངེ་འཛིན་དུ་ཞུགས་པ་དང་། ཏིང་ངེ་འཛིན་

ལས་བཞེངས་པས་འགྲོ་བ་ལ་ཕན་འདོགས་པའི་ཕྱིར་དང་། བཅོམ་ལྡན་འདས་ཆོས་ཉིད་ཀྱི་ཏིང་ངེ་འཛིན་དུ་ཞུགས་ནས་འོད་གཏོང་བ་ལ་སོགས་པ་མཛད་པའི་ཕྱིར་ཏིང་ངེ་འཛིན་དུ་མ་ཞུགས་ན་ལྟས་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་མ་ཡིན་པར་དོགས་པ་བསལ་བ་དང་། ཡང་ན་ཆོས་སྟོན་པ་ཏིང་

ངེ་འཛིན་གྱི་དབང་པོ་བསྡུ་བར་བསྟན་པ་དང་། ཆོས་ཟབ་མོ་ནི་ཏིང་ངེ་འཛིན་དུ་མ་ཞུགས་པས་ཆུད་དཀའ་སྟེ་གུས་པ་སྐྱེ་བར་བསྟན་པ་དང་། ཤེས་རབ་ནི་ཏིང་ངེ་འཛིན་དུ་ཞུགས་པས་གདོད་སྐྱེའི་གཞན་གྱིས་མ་ཡིན་ཞེས་ཏིང་ངེ་འཛིན་བསྒོམས་པ་ལ་གཟུང་བའི་ཕྱིར་དང་། ཏིང་ངེ་འཛིན་དང་ཤེས་

རབ་རྫོགས་པས་ཆོས་སྟོན་གྱི་མ་རྫོགས་པས་ནི་མ་ཡིན་པར་བསྟན་པ་དང་། མ་འོངས་པ་ན་ཆོས་སྟོན་པ་རྣམས་ཚུལ་དེ་དང་འདྲ་བའི་སེམས་ཀྱིས་ཆོས་སྟོན་ཅིག་པར་བསྟན་པ་དང་། ཚུལ་འདི་བསྟན་པས་གཞན་དག་ཀྱང་སེམས་ཤིན་ཏུ་ངེས་པར་བྱས་པ་ནི་ཐོས་པ་འཛིན་པའི་མཚན་ཉིད་པས་གཞན་

དག་ཀྱང་སེམས་ངེས་པར་བསྟན་པ་དང་། ཏིང་ངེ་འཛིན་དུ་ཞུགས་ཏེ་ལྟས་མང་པོ་བསྟན་པས་འཕགས་པ་བྱམས་པ་ལ་སོགས་པ་ཆོས་གསོལ་བའི་རྟོག་པ་སྐྱེའི་གཞན་གྱིས་མ་ཡིན་པ་དང་། ཡང་གསང་བ་གསུམ་བསྟན་པའི་ཕྱིར་ཏེ། ཏིང་ངེ་འཛིན་དུ་ཞུགས་པས་ཐུགས་གསང་བ་དང་། འོད་

Vol. 120 · folio 195a

ལ་སོགས་པའི་ལྟས་ཀྱིས་སྐུ་གསང་བ་དང་། ཆོས་སྟོན་པས་གསུང་གི་གསང་བ་བསྟན་པའོ། །ཡང་རྟོག་པ་ན་རེ་དམ་པའི་ཆོས་པུཎྜ་རཱི་ཀ་འཆད་པར་དགོངས་ན་དམ་ཆོས་པདྨ་དཀར་པོའི་ཏིང་ངེ་འཛིན་ལ་འཇུག་པར་འོས་ཀྱི་དོན་མཐའ་ཡས་པའི་ཏིང་ངེ་འཛིན་

ལ་འཇུག་པར་མི་འོས་སོ་ཞེས་པ་ལ། དེ་ནི་ཇི་ལྟར་རྡོ་རྗེ་གཅོད་པ་ལས་ཀྱང་། ལུས་བསྲང་དྲན་པ་མངོན་དུ་བཞག་སྟེ་ཆོས་སྟོན་ཏོ་ཞེས་འབྱུང་བ་བཞིན་ཏེ། སྔར་མཐའ་ཡས་གདོན་མི་ཟ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཕྱིས་དམ་པའི་ཆོས་པུཎྜ་རཱི་ཀ་སྟོན་པ་ཡང་སྔ་མ་ནི་བྱང་

ཆུབ་སེམས་དཔའི་ཆེད་དུ་བསྟན། ཕྱི་མ་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་བསྟན། ཡང་སྔ་མ་ནི་རང་བཞིན། ཕྱི་མ་ནི་བྱེད་པའི་ལས་བསྟན་ཏེ། སོ་སོའི་དབང་པོའི་རིམ་པ་དང་སྦྱར་ཏེ་མིང་དུ་བཏགས་པས་འགལ་བ་མེད་དོ། །མདོ་ལས་བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་པ་

ནས། མེ་ཏོག་གི་ཆར་མངོན་པར་བབ་ཅིང་འབྲུལ་ལོ་ཞེས་པའི་བར་དུ་ནི་སྣོད་ཀྱི་འཇིག་རྟེན་རྣམ་པ་གཉིས་ལ་མེ་ཏོག་བྲུལ་བ་དང་ས་གཡོ་བ་སྟེ། ད་འདིར་མེ་ཏོག་འབྲུལ་བ་ནི་མེ་ཏོག་ཡིད་དུ་འོང་བ་དང་། དགའ་བར་བྱེད་པ་དག་ཡིན་པས་ཆོས་འདི་ཉན་པ་རྣམས་སེམས་ཞི་ཞིང་དགའ་བ་

བསྐྱེད་པའི་ཕྱིར་རོ། །མེ་ཏོག་དེ་དག་གི་ཡོན་ཏན་ཡང་རྣམ་པ་ལྔ་སྟེ། ཁ་བྱེ་ཞིང་ཟུམ་པ་ཡང་ཆོས་འདི་ཐོས་པས་ཉོན་མོངས་པའི་དྲི་མ་བསལ་བར་བསྟན་པ་དང་། འཇིག་རྟེན་གྱི་རྒྱན་དུ་བྱེད་པ་ནི་ཆོས་འདི་ཐོས་པས་ཡོན་ཏན་མང་པོས་ལུས་རྒྱན་དུ་བྱེད་པ་དང་། ཁ་འབྱེ་བས་ནི་ཐེག་པ་རྣམ་

གཅིག་དོན་འབྱེད་པར་སྟོན་པ་དང་། མེ་ཏོག་གི་རྗེས་ལ་འབྲས་བུ་འབྱུང་བ་བཞིན་ཆོས་འདི་ཐོས་པས་བྱང་ཆུབ་ཆེན་པོའི་འབྲས་བུ་ཐོབ་པ་དང་། དྲི་ཞིམ་པོ་ཡིད་དུ་འོང་བ་ནི་ཆོས་འདི་ཐོས་པས་ནང་གི་ཡོན་ཏན་ཕུན་སུམ་ཚོགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཡོན་ཏན་ཡིད་དུ་འོང་བས་

ཁྱབ་པར་གྱུར་པའོ། །ལྷའི་མེ་ཏོག་རྣམ་པ་བཞི་སྨོས་པ་ནི་འཁོར་རྣམ་བཞིས་འཕགས་པའི་ཡོན་ཏན་ཆོས་བཞི་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པ་ཐོབ་པ་དང་། མདུད་པ་ལ་སོགས་པ་སྤྱོད་པའི་དོན་དུ་བསྟན་ཏོ། །མདོ་ལས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས་

Vol. 120 · folio 195b

པར་གྱུར་ཏོ་ཞེས་པ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞིང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། གཡོ་འགུལ་ཞེས་པའི་དོན་ཏོ། །ཞིང་ཐམས་ཅད་ཅེས་པ་ནི་ཞིང་དེ་གཡོས་པ་ལ་བྱའི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཡོ་བ་ནི་མ་ཡིན་ནོ། །དེ་གཡོ་བ་

ཡང་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པའི་དུས་སུ་གཡོ་སྟེ་འདི་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་སྦྱར་བའོ། །ཡང་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མདོ་ལས་རྣམ་པ་དྲུག་ཏུ་གཡོ་བ་སྟེ། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། མཐའ་དམའ་ན་དབུས་མཐོ་བའི་བར་དུ་སྟེ་དྲུག་གོ། །ཡང་མཚན་ཉིད་དྲུག་ཏུ་གཡོ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འགུལ། རབ་ཏུ་འགུལ་ཞེས་བྱ་བ་

ནས་འཁྲུགས་རབ་ཏུ་འཁྲུགས་པའི་བར་དུ་སྟེ། འགུལ་ཞེས་པ་ནི་ཆུང་ངུ་འགུལ་བའོ། །རབ་ཏུ་འགུལ་བ་ནི་ཕྱོགས་ཐམས་ཅད་འགུལ་བ་སྟེ། འོག་མའི་རྣམས་ཀྱང་དེ་བཞིན་དུ་སྦྱོར་རོ། །དེ་བསྒུལ་བ་ཅིར་དགོངས་ཤེ་ན། དོན་རྣམ་པ་བདུན་གྱི་ཕྱིར་ཏེ། བདུད་དང་མུ་སྟེགས་ཅན་རྣམས་

སྡང་བ་དང་། སེམས་གཡེང་བའི་འཁོར་རྣམས་སེམས་བསྡུ་བ་དང་། ཡང་དྲེགས་པ་ལ་གནས་པ་རྣམས་ཆོས་ལ་གཟུད་པའི་ཕྱིར་གཞན་གདབ་པ་དང་། ཆོས་ཀྱི་མཚན་ཉིད་ལ་སེམས་སུ་གཞུག་པ་དང་། རྟོགས་པའི་གནས་བསྟན་པ་དང་། སྨིན་པ་རྣམས་གྲོལ་བ་ཐོབ་པར་བྱ་བ་

དང་། ཡང་དག་པའི་དོན་འདྲི་བར་བསྐུལ་བའི་ཕྱིར་ས་གཡོ་བ་བསྟན་ཏོ། །མདོ་ལས་ཡང་དེའི་ཚེ་འཁོར་དེར་གང་དགེ་སློང་དང་ཞེས་པ་ནས། བཅོམ་ལྡན་འདས་ལ་ལྟ་ཞིང་ངོ་མཚར་དུ་གྱུར་རྨད་དུ་གྱུར་དགའ་བར་གྱུར་ཏོ་ཞེས་པའི་བར་དུ་ནི་འདི་མན་ཆད་བཅུད་ཀྱི་འཇིག་རྟེན་བསྟན་ཏེ། དེ་

ཡང་ཚོགས་བཞིར་བསྡུའོ། །འཁོར་བཞི་པ་དང་། འཁོར་བརྒྱད་པ་དང་། རྒྱལ་པོ་གཉིས་དང་མངོན་པར་དགའ་བ་རྣམས་སོ། །མདོ་ལས་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་བར་གྱི་མཛོད་སྤུ་ནས་འོད་ཟེར་གཅིག་བྱུང་ཞེས་པ་ནི་དེ་མན་ཆད་བཤད་པའི་རྒྱུ་ཕུན་སུམ་ཚོགས་པ་བསྟན་

Vol. 120 · folio 196a

ཏེ། འགྲེལ་པ་ལས་འགྲོ་བ་ཕལ་པོ་ཆེ་རྣམས་དེ་ལྟ་བུའི་ལྟས་ངོ་མཚར་དུ་གྱུར་པ་མཐོང་ན་དེ་བཞིན་གཤེགས་པ་དེ་ཡང་བདག་ཅག་ལ་ཆོས་འཆད་དོ་སྙམ་པའི་སྤྲོ་བའི་སེམས་སྐྱེ་བའི་བཤད་པའི་རྒྱུ་ཕུན་སུམ་ཚོགས་པ་སྟེ། འོད་དེ་བཏང་བས་འཇིག་རྟེན་གྱི་ཁམས་

ན་དོན་གྱི་རྣམ་པ་ཐམས་ཅད་སྣང་བར་མཛད་དོ། །ཡང་བཅོམ་ལྡན་འདས་ཆོས་སྟོན་པ་ནི་འགྲོ་བ་མང་པོ་ལ་ཕན་པའི་ཆེད་པས་ཉན་པ་རྣམས་སྤྲོ་ཞིང་ཐོས་པར་དཀའ་བའི་སེམས་སྐྱེ་བའི་ཕྱིར་བཤད་པའི་རྒྱུ་ཞེས་བྱ་བས་དེའི་ཕྱིར་འོད་ཀྱིས་རྒྱང་རིང་པོ་ཚུན་ཆད་སྣང་བར་མཛད་དོ། །རྣམ་པ་གཉིས་

སུ་རྣམ་པ་དྲུག་ཏུ་གཡོ་བར་བསྟན་ནས། དེའི་འོག་ཏུ་ཆོས་བསྟན་པར་མཛད་པ་ནི། ཆོས་ཟབ་མོ་རང་གི་རིག་པའི་དོན་ཡིན་པས་སྔར་ཆོ་འཕྲུལ་བསྟན་ཏེ་གཟོད་ཆོས་འདི་སྟོན་པར་མཛད་པས་དེའི་ཕྱིར་ཆོས་བཤད་པའི་རྒྱུ་ཞེས་བྱའོ། །སྔར་ལྷའི་མེ་ཏོག་འབྲུལ་བ་དང་ས་རྣམ་པར་གཡོ་བ་

བསྟན་པ་ཡང་ངོ་མཚར་དུ་བྱ་བ་ཡིན་མོད་ཀྱི་འོད་ཀྱིས་སྣང་བར་མཛད་པ་འདི་ཉིད་ཆོས་ཟབ་མོ་རང་གི་རིག་པ་བསྟན་པའི་ལྟས་བསམ་གྱིས་མི་ཁྱབ་པར་ཀུན་གྱིས་མཐོང་བས་བཤད་པའི་རྒྱུ་ཞེས་བྱའོ། །འོད་གཏོང་བ་དང་ཡུལ་སྣང་བར་མཛད་པ་མཐོང་བར་བྱེད་པ་སྟེ། འདི་ནི་དང་པོ་

སྨིན་མ་བཞིན་གྱི་རྒྱན་ཡིན་པ་བཞིན་ཐེག་པ་ཆེན་པོའི་གཞུང་དེ་ཡང་གཙོར་ཡིན་པར་བསྟན་པ་དང་། མཚམས་ཞེས་བསྟན་པས་དབུ་མའི་དོན་མཚོན་པ་དང་། དཀར་པོ་ཞེས་སྨོས་པས་ཁ་དོག་ཐམས་ཅད་ཀྱི་གཞི་ཡིན་ཏེ། དེ་བཞིན་དུ་མདོ་སྡེ་འདི་ཡང་ཐེག་པ་རྣམ་གསུམ་གྱི་གཞི་ཡིན་

པར་བསྟན་པའོ། །མཛོད་སྤུ་དེ་ཡང་ཤིན་ཏུ་དཀར་པ་བརྐྱང་ན་རིང་པ། བསྐུམ་ན་ཐུང་བའོ། །འོད་དེ་ཡང་རྣམ་པ་བདུན་ཏེ། མི་ཆེན་པོའི་ཆ་ཡིན་པས་འགྲོ་བ་དད་པ་སྐྱེ་བར་འགྱུར་བ་དང་། མུན་པ་སེལ་བས་མ་རིག་པའི་ས་འཇོམས་པ་དང་། སྣང་བ་དེས་མཚོན་པས་འཇིག་རྟེན་ནས་འདྲེན་

པ་དང་ནང་གི་བསྟན་པ་ཡེ་ཤེས་ཀྱི་འོད་ཡིན་པར་མཚོན་པ་དང་། འོད་ཀྱིས་རེག་པ་རྣམས་སྡུག་བསྔལ་ཞི་བར་བྱེད་པ་དང་། འོད་ཀྱིས་རེག་པ་རྣམས་ཆོས་ཉན་པར་བསྐུལ་བ་དང་། ཡུལ་ལ་ཆགས་པ་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་ཏེ་བདུན་ནོ། །གཅིག་ཏུ་རྫུ་འཕྲུལ་བཤད་པའི་སྐབས་སུ་

Vol. 120 · folio 196b

བསྟན་ཏོ། །མདོ་ལས་དེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅོ་བརྒྱད་ཅེས་པ་ནས་འོད་ཀྱིས་ཤིན་ཏུ་ཁྱབ་པར་སྣང་ངོ་ཞེས་པའི་བར་དུ་ནི་ཡུལ་སྣང་བར་མཛད་པ་བསྟན་པ་སྟེ། ཞིང་ནི་སྟོང་ཕྲག་བཅོ་བརྒྱད་པའོ། །ཤར་ཕྱོགས་ཞེས་སྨོས་པ་ནི་ཕྱོགས་ཀྱི་གཙོ་བོ་ཡིན་པ་བཞིན་བསྟན་པ་

འདི་ཐེག་པའི་གཙོ་བོ་ཡིན་པའོ། །དང་པོ་དེར་འཆར་བ་ཡང་དཔེར་ཉི་མ་རི་མཐོ་མཐོ་ལ་དང་པོར་འཆར་བ་བཞིན་མདོ་སྡེ་འདི་ཡང་དང་པོར་དབང་པོ་སྨིན་པ་རྣམས་ལ་སྣང་བར་མཛད་དོ། །སེམས་ཅན་དམྱལ་བ་སྣང་བར་མཛད་པ་ནི་སྡུག་བསྔལ་ཞི་བར་མཛད་པ། ལྷའི་ཁམས་སྣང་བར་མཛད་

པ་ནི་ཐེག་པ་ཆེན་པོ་ཉན་པར་བསྐུལ་བ་སྟེ། ཐུགས་རྗེས་ཁྱབ་པར་མཛད་ཅེས་པའི་དོན་ཏོ། །སེམས་ཅན་དམྱལ་བ་བསྟིར་མེད་པ་ཞེས་པ་ནི་སྡུག་བསྔལ་མྱོང་བ་མནར་བའི་སྐབས་མེད་པའི་ཕྱིར་རོ། །མདོ་ལས་སངས་རྒྱས་ཀྱི་ཞིང་དེ་དག་གི་འགྲོ་བ་དྲུག་ན་སེམས་ཅན་གང་ཡོད་པ་དེ་དག་ཐམས་

ཅད་མ་ལུས་པར་སྣང་ངོ་ཞེས་པ་ནི་འདི་སྣང་བར་བྱ་བའི་ཡུལ་བསྟན་ཏེ། དེ་ཡང་རྣམ་པ་བདུན་ནོ། །འགྲོ་བ་དྲུག་དང་སངས་རྒྱས་དང་ཆོས་དང་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་དང་མྱ་ངན་ལས་འདས་པ་རྣམས་དང་། མཆོད་རྟེན་རྣམས་སོ། །དེ་ཡང་དུམ་བུ་གསུམ་དུ་དབྱེ་སྟེ།

འཁོར་བར་འཁོར་པའི་སེམས་ཅན་རྣམས་སྣང་བར་བྱས་པ་དང་། དཀོན་མཆོག་གསུམ་སྣང་བར་བྱས་པ་དང་། མྱ་ངན་ལས་འདས་པའི་སྤྱོད་པ་བསྟན་པའོ། །འགྲོ་བ་དྲུག་ལ་ཡང་དྲུག་ཏུ་དབྱེ་སྟེ། དེའི་མིང་བསྟན་པ་དང་། བསྐྱེད་པའི་རྒྱུ་དང་། དབྱེ་བ་དང་བསྡུ་བ་བསྟན་པ་དང་། གནས་

བསྟན་པ་དང་། ཚེའི་ཚད་བསྟན་པ་དང་། རྒྱུ་དང་འབྲས་བུའི་མཚན་ཉིད་བསྟན་པའོ། །མིང་བསྟན་པ་ནི་དྲུག་ཅེས་པ་ནི་གྲངས་སོ། །འགྲོ་བ་ཞེས་པ་ནི་ཉོན་མོངས་པ་དང་། ལས་ཀྱིས་བསྐྱེད་པའི་ཕུང་པོ་ལྔ་ལ་གནས་པ་འགྲོ་བ་སྣ་ཚོགས་སུ་འགྲོ་ཞེས་པའི་དོན་ཏོ། །རང་གིས་བྱས་པའི་ལས་

ལ་སྤྱོད་པའི་ཕྱིར་ལྷའོ། །ཡང་ན་འདོད་པ་དང་རྫུ་འཕྲུལ་དུ་ལྡན་པ་ནི་ལྷའོ། །སེམས་པ་མང་བ་ནི་མིའོ། །བཀྲེས་པའི་སྡུག་བསྔལ་གྱིས་མནར་བ་ནི་ཡི་དགས་སོ། །དུད་དེ་འགྲོ་བས་དུད་འགྲོའོ། །གཏུབ་པ་དང་གཤེགས་པ་ལ་སོགས་པའི་གཞིར་གྱུར་པའི་ཕྱིར་དམྱལ་བའོ། །ལྷ་མ་ཡིན་ནི་སྔར་

Vol. 120 · folio 197a

བསྟན་པ་ཡིན་ནོ། །སྐྱེད་པའི་རྒྱུ་ནི་འགྲོ་བ་དྲུག་པོ་ཀུན་ཀྱང་རྣམ་པར་སྨིན་པའི་རྣམ་པར་ཤེས་པས་བསྐྱེད་པའི་རང་བཞིན་ཅན་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །བསྡུ་བ་དང་དབྱེ་བ་ལ། འགྲོ་བ་དྲུག་ཅེས་པ་ནི་བསྡུ་བའོ། །དེ་ཡང་དགེ་བ་བསྐྱེད་པ་དང་། མི་

དགེ་བ་བསྐྱེད་པ་ནི་དབྱེ་བའོ། །ཡང་ན་འཁོར་བ་ཞེས་པ་ནི་བསྡུ་བའོ། །སྲིད་པ་གསུམ་དང་སྐྱེ་བ་རྣམ་བཞི་ནི་དབྱེ་བའོ། །གནས་ནི་ཁམས་གསུམ་པའོ། །མདོ་ལས་སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་འཚོ་སྐྱོང་བ་ནས་འབྲས་བུ་ཐོབ་པ་དང་མ་ཐོབ་

པ་ཐམས་ཅད་ཀྱང་སྣང་ངོ་ཞེས་པ་ནི་འདི་ནི་དཀོན་མཆོག་གསུམ་འབྱུང་བ་བསྟན་པ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་སྣང་བའོ། །དགེ་འདུན་ལ་ཡང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཉན་ཐོས་ཀྱི་དགེ་འདུན་ལ་ཡང་

འཕགས་པའི་འབྲས་བུ་ཐོབ་པ་དང་རྣལ་འབྱོར་པ་ལམ་ལ་གནས་ཤིང་འབྲས་བུ་མ་ཐོབ་པ་དང་རྣམ་པ་གཉིས་སོ། །མདོ་ལས་སངས་རྒྱས་ཀྱི་ཞིང་དེ་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ནས་སྤྱོད་པ་ཐམས་ཅད་སྣང་ངོ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་

དགེ་འདུན་ཏེ། འགྲོ་བ་མང་པོ་སྡུག་བསྔལ་གྱི་ས་ནས་འདོན་པའི་ཕྱིར་དད་པ་དང་ཐབས་སྣ་ཚོགས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ལ་འཛུད་ཅིང་སྤྱོད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་བརྒྱན་པའི་ཕྱིར་བསྡུ་བ་རྣམ་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ་བྱང་ཆུབ་ཀྱི་སྤྱོད་པ་སྣ་ཚོགས་

སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། དད་པ་ནི་མོས་པས་སྤྱོད་ཅིང་འཕགས་པའི་འབྲས་བུ་མ་ཐོབ་པའི་སའོ། །འགྲེལ་པ་ལས་ཀྱང་བསྡུ་བ་རྣམ་པ་བཞིས་སེམས་ཅན་ཐམས་ཅད་ཐབས་སུ་སྡུད་ཅིང་བསྟན་པ་ལ་འཇོག་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། སྦྱིན་པ་དང་ཚིག་སྙན་པ་

དང་དོན་སྤྱོད་པ་དང་དོན་མཐུན་པས་འདྲེན་པའོ། །མདོ་ལས་སངས་རྒྱས་ཀྱི་ཞིང་དེ་དག་ན་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་སྣང་ངོ་ཞེས་པ་ནི་མྱ་ངན་ལས་འདས་པའི་འོག་གི་སྤྱོད་པ་བསྟན་པ་སྟེ། མྱ་ངན་ལས་འདའ་བར་འཇུག་པ་དང་མཆོད་རྟེན་བསྟན་པའོ། །མྱ་ངན་ལས་འདས་པ་

Vol. 120 · folio 197b

ཡང་རྣམ་པ་དྲུག་སྟེ། རང་བཞིན་དང་མིང་དང་དུས་དང་གང་ཟག་དང་བསྟན་པ་དང་། མྱ་ངན་ལས་འདའ་བར་འཇུག་པའི་དོན་ཏོ། །རང་བཞིན་ལ་རྣམ་པ་བཞི་སྟེ། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་

བཞི་སྤྱིར་མྱ་ངན་ལས་འདས་པ་སྟེ་ཡང་དག་པ་ཉིད་དུ་དོན་གཅིག་པའོ། །བཅོམ་ལྡན་འདས་མངོན་པར་བྱང་ཆུབ་ནས་སེམས་ཅན་མ་གྲོལ་བ་རྣམས་གྲོལ་བར་མཛད་དོ། །རྒྱུ་ཡོད་པ་རྣམས་མྱ་ངན་ལས་འདས་པའི་འོག་ཏུ་མཆོད་རྟེན་བཞག་པས་གྲོལ་བར་འགྱུར་བའི་རྒྱུ་བསྟན་ཏོ། །མདོ་ལས་དེ་ནས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པས་ཆོ་འཕྲུལ་ཆེན་པོ་མཛད་པ་འདི་ཅིའི་ལྟས་ཞེས་པ་ནི་འཁོར་མང་པོ་རྣམས་ལྟས་དེ་དག་དབང་པོ་ཞན་པ་རྣམས་ཀྱིས་ཅིའི་ལྟས་སུ་བསྟན་པ་མི་ཤེས་པས་འཕགས་པ་བྱང་ཆུབ་སེམས་དཔའ་

བྱམས་པས་འགྲོ་བ་མང་པོའི་ཐེ་ཚོམ་བསལ་བའི་ཕྱིར་འདྲི་བར་བརྩམས་སོ། །མདོ་འདིའི་དོན་བདག་གིས་སུ་ལ་དྲི། ལན་ལྡོན་སུས་ནུས། དེ་ཡང་འདི་ལྟར་ཞེས་པ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དོན་འདི་འདྲིའོ་སྙམ་དུ་བསམས་པ་ནི་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསམ་

གྱིས་མི་ཁྱབ་པ་བསྟན་པ་འདི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདྲིའོ་ཞེས་པ་ལེགས་པ་ཆེན་པོ་འཇམ་དཔལ་ལ་ཡོད་པ་བསྟན་པ་སྟེ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ནས་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་སྟེ། འགྲེལ་པ་ལས་ཀྱང་དོན་ཟབ་མོ་གཅིག་ལ་དྲིས་དང་མང་པོ་ཐོས་པར་འགྱུར་

བས་ཀུན་གྱི་ཐེ་ཚོམ་གཅོད་པ་ནི་འཇམ་དཔལ་གཞོན་ནུར་གྱུར་པའོ་ཞེས་འབྱུང་། ཡང་འགྲེལ་པ་ལས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དགོངས་པ་མཐུན་པར་གྱུར་པས་སྒྲུབ་པ་དང་བཤད་པའི་ཆོས་གཉི་ག་འགྲུབ་པར་འགྱུར་བའི་ཕྱིར་ལྟས་ཆེན་པོ་བསྟན་པའི་དོན་དམ་པའི་ཆོས་

འདི་ཉིད་བཤད་པའི་གླེང་གཞི་ཡིན་པའི་ཕྱིར་རོ། །ཆོས་འདི་ཐེ་ཚོམ་ཅིའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པ་འབའ་ཞིག་ལ་དྲི་ཞེ་ན། དོན་རྣམ་པ་གཉིས་ཀྱི་ཕྱིར་ཏེ། ཆོས་འདི་ཉིད་འཇམ་དཔལ་གཞོན་ནུར་གྱུར་པ་འབའ་ཞིག་གིས་མངོན་དུ་གྱུར་པའི་ཕྱིར་དང་། རང་གི་སེམས་ཀྱིས་

Vol. 120 · folio 198a

རྟོགས་པ་ཉིད་ཡིན་གྱི། གཞན་ལ་མཉན་མི་དགོས་པའི་ཕྱིར་རོ། །ཡང་འགྲེལ་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པས་དྲིས་པ་དེའི་ལུང་བསྟན་པར་ནུས་པ་ནི་འཇམ་དཔལ་དེ་ཕུན་སུམ་ཚོགས་པ་གཉིས་དང་ལྡན་པའི་ཕྱིར་ཏེ། བསོད་ནམས་ཕུན་སུམ་

ཚོགས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ། །རྒྱུ་དེ་གཉིས་ཕུན་སུམ་ཚོགས་པའི་ཕྱིར་ཆོས་དེ་སྟོན་པར་འོས་པའོ། །མདོ་ལས་དགེ་སློང་ཕ་དང་དགེ་སློང་མ་ནས་བདག་ཅག་གིས་སུ་ལ་དྲི་སྙམ་པའི་བར་དུ་ནི་དོན་སླ་བས་མ་བཤད་དོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བྱམས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་དོན་རྣམ་པ་གཉིས་ཀྱིས་གླེང་གཞི་ཆོས་འདྲི་བ་ལ་སྔར་ནི་ཚིག་ལྷུག་པས་བཤད། དེའི་འོག་ཏུ་ནི་ཚིགས་སུ་བཅད་པས་བསྡུས་ཏེ་བསྟན་པའོ། །མདོ་ལས་འཇམ་དཔལ་ལ་བཅོམ་ལྡན་འདས་ཀྱིས་གང་

འདི་ལྟ་བུའི་ལྟས་ཞེས་པ་ནས་འདི་ཅིའི་རྒྱུ་ཅིའི་རྐྱེན་ཞེས་པའི་བར་དུ་ནི་ལྟས་དང་ཆོ་འཕྲུལ་དྲི་བ་བསྡུ་བའོ། །ཞིང་འདི་དག་སྣ་ཚོགས་བལྟ་ན་སྡུག་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་ཞིང་རྣམ་པ་སྣ་ཚོགས་ཏེ། ཞིང་ཡོངས་སུ་དག་པ་དང་མ་དག་པ་རྣམས་སོ། །སངས་རྒྱས་ཐོག་མར་

བཞུད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདྲེན་པ་ཡིན་པའི་ཕྱིར་རོ། །མདོ་ལས་ཚིགས་སུ་བཅད་པ་འདི་གསུངས་པ་ནི་འདི་ཚིགས་བཅད་ཀྱི་བསྡུ་བ་སྟེ་དུམ་བུ་བཅུར་དབྱེའོ། །དབང་པོ་རྣོ་རྟུལ་གཉི་ག་ལ་ཕན་པ་དང་སྔ་ཕྱི་རྣམ་གཉིས་ཀྱི་འཁོར་བ་ལ་ཕན་གདགས་པ་དང་། དྲང་པོ་དང་

དེ་མ་ཡིན་པ་གཉིས་དགའ་བར་བྱ་བ་དང་། དཀའ་སླ་གཉི་གའི་ཆེད་དང་དོན་དམ་པ་དང་ཀུན་རྫོབ་གཉི་གའི་དོན་དང་། བླང་དོར་གཉི་གའི་ཆ་དང་། གསལ་མི་གསལ་དབྱེ་བ་དང་། ཤེས་པ་དང་སྤོབས་པ་དབྱེ་བ་དང་། ཐེ་ཚོམ་དང་འཆིང་བ་དབྱེ་བ་དང་། བཤད་པ་དང་སྤྱོད་པ་བསྟན་པའོ། །

མདོ་ལས་འཇམ་དཔལ་ཞེས་པ་ནས་ཞལ་གྱི་མཛོད་སྤུ་ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པ་འདི་དག་ལ་རྩ་བ་དྲུག་ཅུ་རྩ་གཉིས་ཡོད་དེ། དུམ་བུ་གཉིས་སུ་དབྱེའོ། །དང་པོ་རྩ་བ་ལྔ་བཅུ་རྩ་བཞིས་ནི་ལྟས་རྣམས་ཀྱི་དོན་བསྟན། རྩ་བ་བརྒྱད་ཀྱིས་ནི་དོན་འདྲི་བའོ། །དང་པོ་ལ་ཡང་རྣམ་པ་གསུམ་སྟེ།

Vol. 120 · folio 198b

ཚིགས་བཅད་དང་པོ་གཅིག་གིས་ནི་འོད་ཀྱིས་སྣང་བར་མཛད་པའི་གླེང་གཞི་སྟོན་ཏོ། །དེའི་འོག་མ་རྩ་བ་གསུམ་གྱིས་ནི་མེ་ཏོག་འབྲུལ་བ་དང་ས་གཡོ་བའི་སྤྱོད་ལམ་བསྟན་ཏོ། །དེའི་འོག་གི་རྩ་བ་ལྔ་བཅུས་ནི་ཡུལ་རྣམས་སྣང་བར་མཛད་པའི་གླེང་གཞི་བསྟན་ཏེ་འདི་ནི་དང་པོའོ། །མདོ་ལས། མེ་

ཏོག་མན་དཱ་ར་བའི་ཆར་ཆེན་ཀྱང་། ཞེས་པ་ནས་གང་གིས་དེ་ནི་ཀུན་དུ་མཛེས་པ་ཞེས་པའི་བར་དུ་དེ་ལ་རྩ་བ་གསུམ་གྱིས་ནི་སྤྱོད་ལམ་གསུམ་གྱི་དོན་བསྟན། རྩ་བ་ཕྱེད་དང་གཉིས་ཀྱིས་ནི་མེ་ཏོག་གི་ཆར་བབ་པ་བསྟན། རྩ་བ་ཕྱེད་ཀྱིས་ནི་ས་གཡོ་བ་བསྟན། རྩ་བ་གཅིག་གིས་ནི་འཁོར་བཞི་རབ་ཏུ་

དགའ་བ་བསྟན། འདི་ནི་མེ་ཏོག་གི་ཆར་འབབ་པ་བསྟན་ཏོ། །མེ་ཏོག་དེ་དག་ཙན་དན་གྱི་དྲི་བསུང་དང་ལྡན་ཞིང་ཡིད་དུ་འོང་བས་ཞིང་དེ་མཛེས་པར་བྱེད་པའོ། །མདོ་ལས། འཁོར་བཞི་དེ་དག་ཤིན་ཏུ་དགའ་བ་འཐོབ། །ཞིང་འདི་ཐམས་ཅད་ཀུན་ནས་རབ་ཏུ་གཡོས། །ཞེས་པ་ནི་ས་གཡོ་

བས་འཁོར་འདི་རྣམས་དགའ་བ་བསྟན་ཏོ། །མདོ་ལས། འོད་ཟེར་དེ་ཡིས་ཤར་གྱི་ཕྱོགས་ལོགས་སུ། །ཞེས་པ་ནས། བསྟིར་མེད་ཡན་ཆད་སྲིད་པའི་ཐོག་མའི་བར། །ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པའི་རྩ་བ་བཅོ་ལྔས་ཡུལ་རྣམས་སྣང་བར་མཛད་པ་བསྟན་ཏེ། དེ་ལ་རྩ་བ་ཕྱེད་ཀྱིས་ནི་སྣང་

བའི་ཡུལ་བསྟན། གཞན་གྱིས་ནི་ལྟ་བ་བསྟན་ཏེ། འདིས་ནི་སྣོད་ཀྱི་འཇིག་རྟེན་སྣང་བར་བྱེད་པ་བསྟན་ཏོ། །གསེར་གྱི་ཁ་དོག་དུ་སྣང་ཞེས་པ་ནི་ཐེག་པ་གཅིག་པོ་འདི་རིན་ཆེ་བར་བསྟན་པའོ། །མདོ་ལས། དེ་དག་ཞིང་གི་ཇི་སྙེད་སེམས་ཅན་དག །ཅེས་པ་ནས། འགྲོ་བ་བདེ་དང་མི་བདེ་རྣམས་ཀྱང་

སྣང་། །ཞེས་པའི་བར་དུ་ནི་སྣང་བར་བྱ་བ་རྣམས་བསྟན་ཏེ། །དུམ་བུ་དྲུག་ཏུ་དབྱེའོ། །ཚིགས་བཅད་རྩ་བ་ཕྱེད་དང་གཉིས་ཀྱིས་ནི་འགྲོ་བ་དྲུག་པོ་རྣམས་བསྟན། རྩ་བ་ཕྱེད་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་བསྟན། དེའི་འོག་ཏུ་རྩ་བ་ཕྱེད་དང་བདུན་གྱིས་ནི་ཆོས་ཐོས་པ་བསྟན། ཡང་ཕྱེད་དང་གཉིས་

ཀྱིས་ནི་འཁོར་བཞི་བསྟན། དེའི་འོག་ཏུ་རྩ་བ་སུམ་ཅུ་རྩ་གཅིག་གིས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན། རྩ་བ་བདུན་གྱིས་ནི་མྱ་ངན་ལས་འདས་པ་དང་མཆོད་རྟེན་བསྟན་ཏེ། འདིས་ནི་དང་པོ་ལས་དགེ་བ་དང་མི་དགེ་བས་བསྐྱེད་པའི་འགྲོ་བ་དྲུག་པོ་རྣམས་ལས་དང་ཉོན་མོངས་པས་བདེ་བ་དང་མི་

Vol. 120 · folio 199a

བདེ་བ་རྣམ་པར་སྨིན་པ་མྱོང་བར་བྱེད་པ་རྣམས་སྣང་བར་མཛད་པའོ། །ཡང་མདོ་ལས། བཟང་པོ་ངན་པ་དེ་བཞིན་བར་མ་ཡང་། །ཞེས་པ་ནས། སངས་རྒྱས་ཆོས་འདི་རབ་ཏུ་སྟོན་པ་ནི། །ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་སྣང་བ་བསྟན་ཏེ། བཅོམ་ལྡན་འདས་ཉིད་སེངྒེ་

བཞིན་བག་ཚ་བ་མི་མངའ་བར་ཆོས་སྟོན་པ་ལ་མངའ་བརྙེས་པའོ། །སངས་རྒྱས་ཆོས་ནི་རབ་ཏུ་སྟོན་པ་ནི། ཞེས་པ་ནི། ཆོས་ཐོས་པ་བསྟན་ཏེ། སྤོབས་བ་སོ་སོ་ཡང་དག་པར་རིག་པས་དཔེ་དང་དོན་གསལ་བར་སྟོན་པའོ། །མདོ་ལས། སེམས་ཅན་གང་དག་སྡུག་བསྔལ་གཟིར་བ་རྣམས། ཞེས་

པ་ནས། དེ་དག་ལ་ནི་བྱང་ཆུབ་ཕྱིར་བསྔགས་གསུང་། །ཞེས་པའི་བར་དུ་ནི་ཐེག་པ་ཆེ་ཆུང་གསུམ་གྱི་རིམ་པ་བསྟན་ཏེ། མདོ་ལས་འབྱུང་བ་བཞིན་དུ་ཆུད་པར་བྱའོ། །མདོ་ལས། ཤིན་ཏུ་མཐོང་ཞིང་ཐོས་སོ་འཇམ་པའི་དབྱངས། །ཞེས་པ་ལས་ནི་ཆ་ཙམ་སྨོས་པར་བྱ་ཞེས་པའི་བར་དུ་ནི་ཚིགས་

སུ་བཅད་པ་འདིས་ནི་འཁོར་རྣམ་བཞི་སྣང་བར་བསྟན་ཏེ། འཁོར་དེ་དག་གིས་ལམ་བསྒྲུབས་པ་དང་འབྲས་བུ་ཐོབ་པའང་སྣང་ཞེས་པའི་དོན་ཏེ། ཚིག་གོང་མས་ནི་ཉན་ཐོས་ཚིག་འོག་མས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་ཏོ། །མདོ་ལས་མཐོང་ཞིང་རྣམ་པ་མང་པོ་དག་ན་ཡང་། །ཞེས་

པ་ནས། བརྩོན་འགྲུས་སྣ་ཚོགས་བྱང་ཆུབ་བསྐྱེད་པ་དག །ཅེས་པའི་བར་དུ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་ཏེ། ཚིགས་སུ་བཅད་པ་འདིས་ནི་བརྩོན་འགྲུས་སྣ་ཚོགས་བསྟན། རྩ་བ་བདུན་གྱིས་ནི་དངོས་པོ་བསྟན། ཡང་རྩ་བ་ཕྱེད་དང་བཅུ་བཞིས་ནི་མོས་པས་སྤྱོད་པ་སྣ་ཚོགས་

བསྟན་ཏོ། །གང་གཱ་ཞེས་པ་ནི་ཆུ་བོ་མ་དྲོས་པ་ལས་ཆུ་བོ་བཞི་འབྱུང་བའི་གཅིག་གོ། །དེ་བྱེ་མ་མང་བའི་ཕྱིར་མང་བའི་དཔེར་བསྟན་ཏོ། །མདོ་ལས། ལ་ལ་སྦྱིན་པ་སྦྱིན་པའང་དེ་བཞིན་ཏེ། །ཞེས་པ་ནས། སྨོན་པ་དེ་བཞིན་གཤེགས་ཀྱི་ཡེ་ཤེས་ལ། །ཞེས་པའི་བར་དུ་འདིས་ནི་སྦྱིན་པ་སྣ་ཚོགས་ཀྱི་

མཚན་ཉིད་བསྟན་ཏེ། འདི་ལའང་རྣམ་པ་གཉིས་སུ་དབྱེའོ། །དང་པོའི་ཚིགས་བཅད་བཅོ་ལྔས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན། ཚིགས་སུ་བཅད་པ་གཉིས་ཀྱིས་ནི་རླུང་བརྒྱད་ཀྱིས་མི་བསྐྱོད་པར་བསྟན། ཚིགས་སུ་བཅད་པ་དྲུག་གིས་ནི་སྦྱིན་པ་བསྟན། དེའི་འོག་མ་གཉིས་ཀྱིས་ནི་ཚུལ་

Vol. 120 · folio 199b

ཁྲིམས་བསྟན། དེའི་འོག་མ་གཉིས་ཀྱིས་བཟོད་པ་དང་བརྩོན་འགྲུས་བསྟན། དེའི་འོག་མ་གཉིས་ཀྱིས་ནི་བསམ་གཏན་བསྟན། དེའི་འོག་མ་གསུམ་གྱིས་ནི་ཤེས་རབ་བསྟན་ཏོ། །སྦྱིན་པ་ལ་ཡང་རྣམ་པ་གསུམ་སྟེ། རྩ་བ་བཞིས་ནི་ཕྱིའི་ནོར་གྱིས་ཕན་གདགས་པ། དེའི་འོག་མ་

གཅིག་གིས་ནི་ནང་གི་ཕན་གདགས་པ། དེའི་འོག་མ་གཅིག་གིས་ནི་ཕྱི་ནང་གཉིས་གའི་ཕན་གདགས་པའོ། །དང་པོ་བཞི་ལ་ཡང་རིན་པོ་ཆེ་བདུན་སྦྱིན་པ་དང་དབྱིག་བརྒྱད་སྦྱིན་པ་དང་། ཐེག་པ་སྦྱིན་པ་དང་། རྫས་སྣ་ཚོགས་སྦྱིན་པའོ། །རིན་པོ་ཆེ་བདུན་ནི་གསེར་དང་དངུལ་ལ་སོགས་པ་

བདུན་ནོ། །དབྱིག་བརྒྱད་ནི་བྲན་ཕོ་མོ་དང་། ཤིང་རྟ་དང་། ཁྱོགས་རིན་པོ་ཆེས་སྤྲས་པ་ལ་སོགས་པའོ། །མདོ་ལས། འཇམ་དཔལ་བདག་གིས་མཐོང་བ་ལ་ལ་ན། །ཞེས་པ་ནས། ངུར་སྨྲིག་གོས་རྣམས་རབ་ཏུ་གྱོན་པར་བྱེད། །ཅེས་པའི་བར་དུ་འདིས་ནི་རབ་ཏུ་འབྱུང་བའི་མཚན་

ཉིད་བསྟན་ཏེ། གང་རབ་ཏུ་བྱུང་ནས་འདུལ་བ་ལ་གནས་པ་དེ་སྤྱོད་པ་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །དེ་རབ་ཏུ་བྱུང་བའི་ཡོན་ཏན་ཡང་རྣམ་པ་ལྔ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྐྱོབ་པ་དང་། འཆི་ཀར་དགའ་བ་བསྐྱེད་པ་དང་། ཚུལ་ཁྲིམས་བསྲུངས་པས་བཤེས་གཉེན་

བཟང་བ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཐམས་ཅད་དུ་རབ་ཏུ་བྱུང་བའི་རྒྱུ་ལ་སོགས་པའོ། །མདོ་ལས། བདག་མཐོང་བྱང་ཆུབ་སེམས་དཔའ་ལ་ལ་དག །ཅེས་པ་ནས། ལ་ལ་ལུང་ནོད་ཁ་ཏོན་བྱེད་ལ་དགའ། །ཞེས་པའི་བར་དུ་འདིས་ནི་མདོ་སྡེ་དཀའ་བ་འདོན་ཅིང་

མདོ་ཟབ་མོ་ལ་སེམས་པའི་བཟོད་པ་དང་ལྡན་པས་བཟོད་པ་དང་ལྡན་པ་བསྟན་ཏོ། །ཡང་མདོ་ལས། བདག་མཐོང་བྱང་ཆུབ་སེམས་དཔའ་ལ་ལ་དག །ཅེས་པ་ནས། ཡོངས་སུ་བསམས་པས་ཉེ་བར་རྟོགས་པར་གྱུར། །ཅེས་པའི་བར་དུ་འདིས་ནི་གོ་ཆ་བགོས་པ་དང་དགེ་བ་སྡུད་པའི་

བརྩོན་འགྲུས་བསྟན་ཏེ། བརྩོན་འགྲུས་རྣམ་པ་ལྔ་དང་ལྡན་ཞེས་པའི་དོན་ཏོ། །ཡང་མདོ་ལས། ཁ་ཅིག་གིས་ནི་འདོད་པ་མ་ལུས་སྤངས། །ཞེས་པ་ནས། །ཚིགས་བཅད་སྟོང་གིས་རྒྱལ་བ་རྒྱལ་པོ་ལའོ། །ཞེས་པའི་བར་དུ་འདི་གཉིས་ཀྱིས་ནི་བསམ་གཏན་ལ་གནས་པ་བསྟན་ཏོ། །

Vol. 120 · folio 200a

བསམ་གཏན་གྱི་མངོན་པར་ཤེས་པ་ལ་སོགས་པ་བསྐྱེད་པས་དེ་བཞིན་གཤེགས་པ་མང་པོ་ལ་བསྟོད་པའི་སྤོབས་པ་སྐྱེ་བའོ། །མདོ་ལས། དྲན་དང་ལྡན་ཞིང་དུལ་བ་མི་འཇིགས་པ། །ཞེས་པ་ནས། །ཐོས་ནས་དེ་དག་ཆོས་རྣམས་འཛིན་པར་འགྱུར། །ཞེས་

པའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ཟབ་མོ་དང་ལྡན་ཞིང་ཐོས་པ་འཛིན་པར་གྱུར་པའོ། །མདོ་ལས། ཡོངས་སུ་སྒོམ་པ་བདག་ཉིད་རྒྱལ་དབང་སྲས་པོ་རྣམས། །ཞེས་པ་ནས། །ཆོས་ཀྱི་རྔ་ནི་ཤིན་ཏུ་རྡུང་བར་བྱེད། །ཅེས་པའི་བར་དུ་ནི་ཤེས་རབ་དང་ཏིང་ངེ་འཛིན་

དང་ལྡན་པར་གྱུར་པའོ། །ཆོས་སྟོན་པ་ནི་རྣམ་པ་བཞི་སྟེ། དགའ་བས་ཕན་འདོགས་པའི་ཕྱིར་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་སྟོན་པ་དང་། བདུད་རྣམས་སྡང་བར་བྱེད་པ་དང་། བཀྲི་བ་དང་ངེས་པའི་དོན་གྱིས་བརྡུང་བའོ། །མདོ་ལས། མངོན་པ་ལ་ལས་

བདེ་གཤེགས་བསྟན་པ་ལ། །ཞེས་པ་ནས། །བསྙེམས་མེད་ཞི་ཞིང་རབ་ཏུ་ཞི་བར་སྤྱོད། །ཅེས་པའི་བར་དུ་ནི་འཇིག་རྟེན་གྱི་རླུང་བརྒྱད་ཀྱིས་མི་བསྐྱོད་པའི་དོན་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་ནི་བསྟོད་པ་དང་སྨད་པ་ལ་སོགས་པའོ། །མདོ་ལས། མང་དུ་ནགས་གནས་དེ་བཞིན་གཞན་

དག་ཀྱང་། །ཞེས་པ་ནས། །དེ་དག་རྣམས་ཀྱང་བྱང་ཆུབ་ཕྱིར་དུ་འཇུག །ཅེས་པའི་བར་དུ་འདིས་ནི་ཐུགས་རྗེས་འདྲེན་པར་བསྟན་ཏེ། ཐུགས་རྗེའི་འོད་ཀྱིས་སེམས་ཅན་དམྱལ་བའི་གནས་རྣམས་ཞི་བར་བྱེད་པའོ། །རྒྱལ་བའི་སྲས་པོ་ལ་ལ་བརྩོན་འགྲུས་གནས། །ཞེས་པ་ནས། དེ་དག་

བརྩོན་འགྲུས་བྱང་ཆུབ་མཆོག་ལ་ཞུགས། །ཞེས་པའི་བར་དུ་ནི་སེམས་ཅན་མོས་པས་སྤྱོད་པའི་ས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཚོལ་བར་སྤྱོད་པ་བསྟན་པའི་ཕྱིར་འདི་མན་ཆད་ཚིགས་བཅད་རྩ་བ་ཕྱེད་དང་བཅུ་བཞིས་བསྟན་ཏོ། །དེ་ལ་དང་པོ་འདིས་ནི་བརྩོན་འགྲུས་བསྟན། །དེའི་འོག་མ་

གཅིག་གིས་ནི་ཚུལ་ཁྲིམས་བསྟན། ཡང་ཕྱེད་དང་གཉིས་ཀྱིས་ནི་བཟོད་པ་བསྟན། ཡང་གཉིས་ཀྱིས་ནི་བསམ་གཏན་བསྟན། ལྔས་ནི་སྦྱིན་པ་བསྟན། གསུམ་གྱིས་ནི་ཤེས་རབ་བསྟན་ཏེ། འདི་ནི་དང་པོ་བརྩོན་འགྲུས་རྩོམ་པ་ཡང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་བསལ་བ་དང་།

Vol. 120 · folio 200b

དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པར་བྱ་བ་ལ་སོགས་པའོ། །མདོ་ལས། ལ་ལ་སྲུང་བ་རྟག་ཏུ་རྣམ་དག་པ། །ཞེས་པ་ནས། དེ་ལས་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར། །ཞེས་པའི་བར་དུ་ནི་བསླབ་པ་ལ་གནས་ཤིང་སྒོ་གསུམ་ལ་སྤྱོད་པ་སྐྱོན་མེད་པར་གྱུར་པའོ། །ཇི་ལྟར་

རིན་པོ་ཆེ་ཕྱི་ནང་གསལ་བ་འོད་ཡོད་པ་ཀུན་གྱི་ཡིད་དུ་འོང་བ་བཞིན་ཚུལ་ཁྲིམས་མ་ཉམས་པ་སྐྱོན་མེད་པར་གྱུར་པའོ། །རྒྱལ་སྲས་ལ་ལ་བཟོད་པའི་སྟོབས་ཅན་ཏེ། །ཞེས་པ་ནས། བཟོད་པ་དེ་དག་བྱང་ཆུབ་མཆོག་ལ་ཞུགས། །ཞེས་པའི་བར་དུ་ནི་རྡེག་པ་དང་སྤྱོ་བ་དང་

སྨད་པ་ལ་སོགས་པས་སྨ་དབབ་པ་སྣ་ཚོགས་ཉམས་སུ་ལེན་ཅིང་བཟོད་པའོ། །དེ་བཟོད་པ་ཡང་རྣམ་པ་ལྔའི་ཚུལ་གྱིས་བཟོད་དེ། ཐོག་མ་མེད་པ་ནས་གཉེན་དུ་གྱུར་པའི་བསམ་པ་དང་། ཆོས་ལ་བསམ་པ་དང་། སྡུག་བསྔལ་ལ་བསམ་པ་དང་། མི་རྟག་པ་ལ་བསམ་པ་དང་། སྡུག་

བསྔལ་བའི་བསམ་པས་བཟོད་པའོ། །མདོ་ལས། བདག་མཐོང་བྱང་ཆུབ་སེམས་དཔའ་ལ་ལ་ནི། །ཞེས་པ་ནས། དེ་དག་བསམ་གཏན་བྱང་ཆུབ་མཆོག་ལ་ཞུགས། །ཞེས་པའི་བར་གྱིས་ནི་བསམ་གཏན་ལ་གནས་པ་བསྟན་ཏེ། གཡེང་བའི་སྐྱོན་འདི་དག་བསྩལ་ཏེ་གནས་སོ། །

རྣམ་པར་རྟོག་པ་དང་རྩེད་མོའི་དགའ་བ་དང་། བྱིས་པ་མ་རབས་སྤང་བ་དང་། བཤེས་གཉེན་ངན་པ་དང་མི་འགྲོགས་ཤིང་སེམས་སྡུད་པའོ། །ཡང་མདོ་ལས། ལ་ལས་དེ་བཞིན་སྦྱིན་པ་བྱིན་པ་ནི། །ཞེས་པ་ནས། སྦྱིན་པ་དེ་དག་བྱང་ཆུབ་མཆོག་ལ་ཞུགས། །ཞེས་པའི་བར་དུ་

སྦྱིན་པ་རྣམ་པ་སྣ་ཚོགས་བསྟན་པའོ། །སྦྱིན་པ་དེ་དག་ཀྱང་རྒྱ་ཆེར་སྦྱིན་པ་དང་། མི་སྐྱོ་བར་སྦྱིན་པ་དང་། དགའ་བར་སྦྱིན་པ་དང་། ཆགས་པ་མེད་པར་སྦྱིན་པ་དང་། དགེ་བའི་རྒྱུར་འགྱུར་བའི་སྦྱིན་པའོ། །དེ་ལ་ཁ་ཟས་ཀྱི་སྦྱིན་པ་བྱས་ན་ནི་མུ་གེའི་བསྐལ་པར་མི་སྐྱེ། སྨན་བྱིན་པས་

ནི་བླ་ན་མེད་པའི་ཆོས་ཀྱི་སྨན་དང་ལྡན་པར་འགྱུར། གོས་བྱིན་པས་ནི་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་ཁྲེལ་དང་ངོ་ཚ་ཡོད་པར་འགྱུར། ཁྲི་སྟན་ལ་སོགས་པ་བྱིན་པས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པར་འགྱུར། ར་བ་དང་སྐྱེད་མོས་ཚལ་བྱིན་པས་ནི་གཟུངས་ཀྱི་

Vol. 120 · folio 201a

སྐྱེད་མོས་ཚལ་དང་ལྡན་པར་འགྱུར། མེ་ཏོག་བྱིན་པས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པར་འགྱུར། འབྲས་བུ་བྱིན་པས་ནི་འཕགས་པའི་འབྲས་བུ་བཞི་དང་ལྡན་པར་འགྱུར། རྫིང་དང་ཁྲོན་པ་བྱིན་པས་ནི་རྣམ་པར་གྲོལ་བའི་ཆུ་དྲི་མ་མེད་པ་དང་ལྡན་

པར་འགྱུར་ཞེས་གསུངས་སོ། །མདོ་ལས། དེ་དག་བྱང་ཆུབ་མཆོག་ཞུགས་ཡེ་ཤེས་ཀྱི། །ཞེས་བྱ་བ་ནས། དེ་དག་ཤེས་རབ་བྱང་ཆུབ་མཆོག་ལ་ཞུགས། །ཞེས་པའི་བར་དུ་ནི་ཤེས་རབ་ཀྱི་མཚན་ཉིད་བསྟན་ཏེ། མཚན་མ་མེད་པ་གཉིས་སུ་མེད་པ་ནམ་མཁའ་དང་མཚུངས་

པའོ། །མཚན་མ་ཡོད་པ་དང་མཚན་མ་མེད་པ་ནི་གཞན་གྱི་དོན་དེ་དང་བདག་གི་དོན་ལ་སྤྱོད་པའི་ཡེ་ཤེས་སོ། །མདོ་ལས། གང་གིས་གཞན་ཡང་མཐོང་བ་འཇམ་པའི་དབྱངས། །ཞེས་པ་ནས། རྒྱལ་བའི་རིང་བསྲེལ་དག་ལ་རིམ་གྲོ་བྱེད། །ཅེས་པའི་བར་དུ་ནི་འདི་མན་ཆད་

དུམ་བུ་དྲུག་སྟེ། ཚིགས་བཅད་རྩ་བ་བདུན་གྱིས་མཆོད་རྟེན་སློང་བ་བསྟན། དེ་ལ་ཡང་རྣམ་པ་གཉིས་ཏེ། རིང་བསྲེལ་མཆོད་པ་དང་མཆོད་རྟེན་ལ་མཆོད་པའོ། །ཡང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་དང་འཁོར་བརྒྱད་ལ་མཆོད་པའོ། །མདོ་ལས། མཆོད་རྟེན་བྱེ་བ་སྟོང་ཕྲག་མི་

ཉུང་བ། །ཞེས་བྱ་བ་ནས། །དྲིལ་དང་དྲིལ་བུ་གཡེར་ཁ་རྟག་ཏུ་འཁྲོལ། །ཞེས་པའི་བར་འདིས་ནི་མཆོད་རྟེན་སློང་བ་བསྟན་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་རིང་བསྲེལ་གྱི་མཆོད་རྟེན་ལ་མཆོད་པ་དང་རིམ་གྲོ་བྱས་ན་བསྐལ་པ་དུ་མར་ངན་སོང་དུ་མི་ལྷུང་བྱང་ཆུབ་ཆེན་

པོའི་ཚོགས་ཀྱང་རྫོགས་པར་འགྱུར་ཞེས་བསྟན་ཏོ། །དཔག་ཚད་ཅེས་པ་ནི་གཞུ་འདམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ། །མདོ་ལས། མེ་ཏོག་དྲི་དང་དེ་བཞིན་སིལ་སྙན་གྱི། །ཞེས་པ་ནས། འདི་འདྲའི་མཆོད་རྟེན་རྒྱལ་བའི་རིང་བསྲེལ་

ལ། །ཞེས་པའི་བར་དུ་ནི་འཁོར་བརྒྱད་ཀྱིས་མཆོད་པ་བསྟན་ཏོ། །མདོ་ལས། གང་གིས་ཕྱོགས་བཅུའི་དེ་དག་བརྒྱན་པ་ནི། །ཞེས་བྱ་བ་ནས། ལྷ་དང་བཅས་པའི་འཇིག་རྟེན་རྒྱས་པ་འདི། །ཞེས་པའི་བར་དུ་ནི་མཆོད་རྟེན་དེ་བྱས་པས་འཇིག་རྟེན་ཐམས་ཅད་ལ་མཛེས་པ་ནི་དཔེར་ན་

Vol. 120 · folio 201b

ལྷའི་མེ་ཏོག་པ་རི་ཡ་ཏ་རྒྱས་པ་བཞིན་དུ་མཛེས་པ་བསྟན་ཏོ། །མདོ་ལས། རྒྱལ་བས་འོད་ཟེར་གཅིག་པུ་འདི་བཏང་བས། །ཞེས་པ་ནས། སྟོང་ཕྲག་མང་པོའི་ཞིང་རྣམས་སྟོན་པའོ། །ཞེས་པའི་བར་དུ་ཚིགས་བཅད་རྩ་བ་བརྒྱད་ཀྱིས་ནི་གསོལ་བའི་དོན་བསྟན་ཏེ། རྩ་བ་བཞིས་ནི་ལན་

བཏབ་པའོ། །མདོ་ལས། ལྟས་རྣམས་མཐོང་ནས་བདག་ཅག་ངོ་མཚར་ཐོབ། །ཅེས་པ་ནས། ཐེ་ཚོམ་སོལ་ལ་དགའ་བ་བསྐྱེད་པར་གྱིས། །ཞེས་པའི་བར་དུ་ནི་བདག་དང་གཞན་གྱི་རེ་བ་སྐོང་བར་བསྟན་པའོ། །མདོ་ལས། བདེ་གཤེགས་སྲས་པོ་ཁྱོད་ཀྱིས་ལུང་སྟོན་ཅིག །

ཅེས་པ་ནས། འདི་འདྲའི་རྒྱ་ཆེན་འོད་ཀྱང་རབ་ཏུ་བཏང་། །ཞེས་པའི་བར་དུ་འདིས་ནི་དྲིས་པའི་ལན་གསོལ་བའོ། །མདོ་ལས། བདེ་གཤེགས་སྲས་པོ་ཁྱོད་ཀྱིས་ལུང་སྟོན་ལ། །ཞེས་པ་ནས། འདི་ཡི་རྒྱུ་ནི་ཆུང་བར་མི་འགྱུར་ཏེ། །ཞེས་པའི་བར་དུ་ནི་དྲིས་པའི་ལན་བཏབ་པ་

དང་། ལུང་བསྟན་པ་དང་། དོན་ཆེ་བ་བསྟན་པ་དང་། ཞིང་རྣམ་པར་དག་པ་འདིའི་དོན་ཆུང་བ་མ་ཡིན་པར་བསྟན་པའོ། །མདོ་ལས། ཞིང་རྣམས་སྟོང་ཕྲག་དུ་མ་གང་བསྟན་པ། །ཞེས་པ་ནས། འཇམ་དབྱངས་འདི་རུ་ཅི་ཞིག་ལུང་སྟོན་ཅེས། །ཞེས་པའི་བར་དུ་ནི་དྲིས་པའི་ལན་

དངོས་སུ་བཏབ་པའོ། །མདོ་ལས་དེ་ནས་ཞེས་པ་ནས་རིགས་ཀྱི་བུ་རྣམས་ཞེས་པའི་བར་དུ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ལན་གློན་པར་ནུས་པ་ནི་འགྲེལ་པ་ལས། འཇམ་དཔལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཡེ་ཤེས་ཀྱིས་འདས་པ་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་མངོན་

དུ་གཟིགས་པའི་ཕྱིར་ལན་གློན་ནུས་པ་སྟེ། རྗེས་སུ་དཔག་པའམ་ཡིད་ཚོད་ཙམ་གྱིས་ལན་འདེབས་པ་མ་ཡིན་ནོ། །འཇམ་དཔལ་གྱིས་རང་གི་སྐུ་སངས་རྒྱས་མང་པོ་ལ་བྱ་བ་བྱས་པའི་རྒྱུ་དེ་ད་ལྟར་གྱི་འབྲས་བུ་འདི་ཉིད་པས་སྔོན་དམ་པའི་འོད་ཅེས་བྱ་བའི་དགེ་སློང་དུ་གྱུར་པ་ན། དེ་བཞིན་

གཤེགས་པ་ལས་ཆོས་འདི་མངོན་དུ་ཐོས་པའི་ཕྱིར། ད་འགྲོ་བ་མང་པོ་ལ་སྟོན་ནུས་ཏེ། འདི་མན་ཆད་དུམ་བུ་གསུམ་དུ་བཅད་དེ་སྟོན་ཏོ། །དང་པོ་མིང་སྨོས་ཏེ་མདོར་བསྟན་པ་དང་། དྲིས་པའི་ལན་གདབ་པ་དང་། འོག་མ་ཉན་པ་རྣམས་ལ་གདམས་པ་དང་གསུམ་མོ། །མདོ་ལས་

Vol. 120 · folio 202a

འདི་ནི་བདེ་བར་གཤེགས་པས་ཆོས་ཆེན་པོ་བསྒྲགས་ཤིང་ཡང་དག་པར་བརྗོད་པར་མཛད་པར་དགོངས་པ་ཞེས་པ་ནི་དྲིས་པའི་ལན་གདབ་པ་སྟེ། འདི་འགྲེལ་པ་ལས་ལན་གདབ་པ་ལ་དོན་རྣམ་པ་བཅུ་སྟེ། དོན་ཆེན་པོ་མངོན་དུ་མཐོང་བའི་རྒྱུ་སྟེ་འདི་ཉིད་ཡིན་པ་དང་།

རིགས་ཀྱི་བུ་རྣམས་ང་སྔོན་འདས་པའི་དུས་འཇིག་རྟེན་གྱི་ཚིག་དང་འབྲུ་དང་ལེའུ་ཤིན་ཏུ་ཟབ་པའི་རྒྱུ་དང་མཐོང་བ་དང་། ཡང་རིགས་ཀྱི་བུ་རྣམས་སྔོན་འདས་པ་གྲངས་མེད་དཔག་ཏུ་མེད་པ་ནས་ངོ་མཚར་རྨད་དུ་བྱ་བའི་རྒྱུ་མཐོང་བ་སྔོན་ཡང་དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་ཞེས་བྱ་བ་ནས་

རྒྱུ་དམ་པ་མཐོང་བ་དང་། ཡང་དེ་བཞིན་གཤེགས་པ་ནང་གི་ཐ་མ་ཁྱིམ་ནས་མ་བྱུང་བ་ནས་ལོངས་སྤྱོད་པའི་རྒྱུ་ཆེན་པོ་མཐོང་བ་དང་། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་འོད་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་འདི་འཛིན་པ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་

ཆོས་སྡུད་ཅིང་འཛིན་པའི་རྒྱུ་མངོན་དུ་མཐོང་བ་དང་ཡང་ཉི་ཟླ་སྒྲོན་མ་དེ་བཞིན་གཤེགས་པའི་སྲས་བརྒྱད་པོ་ཡང་དམ་པའི་འོད་ལ་བརྟེན་ནས་ཤིན་ཏུ་བརྟན་པའི་དེ་བཞིན་གཤེགས་པ་མངོན་དུ་མཐོང་བའི་རྒྱུ་དང་རྒྱལ་བུ་དེ་དག་གིས་མཆོད་པ་དང་རིམ་གྲོ་གྲངས་མེད་པར་བྱས་པས་འཇུག་པར་

ནུས་པའི་རྒྱུ་མངོན་དུ་མཐོང་བ་དང་། དེ་བཞིན་གཤེགས་པ་ནང་གི་ཐ་མར་མངོན་པར་སངས་རྒྱས་པ་སྒྲོན་མ་མཛད་པ་ལ་མངོན་དུ་དྲན་པའི་རྒྱུ་མཐོང་བ་དང་། བྱམས་པ་ཁྱོད་ཀྱིས་ཤེས་པར་གྱིས་ཤིག །དེའི་ཚེ་དམ་པའི་དབྱངས་བྱང་ཆུབ་སེམས་དཔའ་དམ་པའི་འོད་ལ་བདག་ཉིད་ཀྱིས་

མངོན་དུ་སྤྱད་པ་སྤྱད་པའི་རྒྱུ་མཐོང་བ་སྟེ། རྒྱུ་ནི་གཏན་ཚིགས་ཀྱི་དོན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པས་གཏན་ཚིགས་དེ་དག་མངོན་དུ་གྱུར་པ་ལས་དཔག་ནས་འཕགས་པ་བྱམས་པ་ལ་ལན་བཏབ་པའོ། །རྒྱུ་དེ་བཅུ་ཡང་དོན་ལྔར་བསྡུས་ཏེ། དོན་བསྟན་པ་དང་། ཡ་མཚན་དུ་

གྱུར་པ་དང་། གྲོལ་བ་དང་བཅིངས་པ་དང་། བརྩོན་འགྲུས་བསྟན་པ་དང་། བདག་དང་གཞན་དུ་སྦྱར་བའོ། །རྒྱུ་བཅུ་པོ་དེ་དག་ཀྱང་ལྟས་ལས་དཔགས་ཏེ་ལན་གདབ་པ་དང་། སྔོན་གྱི་དང་ད་ལྟར་སྦྱར་ཏེ་ལན་གདབ་པ་དང་། དོན་གཞན་ལས་གླེང་སྟེ་ལན་གདབ་པ་དང་། སྔོན་གྱི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words