No title in the text — opening words: དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་བཞུགས
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 120 · folio 202b
ལུགས་དང་སྦྱར་ཏེ་ལན་གདབ་པའོ། །དེ་ལའང་དང་པོའི་གཉིས་དང་། ཐ་མའི་གཅིག་ནི་གོང་མའི་རིམ་པ་བཞིན་དུ་སྦྱར། བར་གྱི་བདུན་པོ་ནི་གཞན་ལས་གླེངས་ཏེ་ལན་གདབ་པ་དང་སྦྱར་རོ། །འདི་ནི་ལྟས་ལས་དཔགས་ཏེ་ལན་གདབ་པའོ། །འགྲེལ་པ་ལས་དོན་ཆེན་པོ་མཐོང་
བའི་རྒྱུ་ཕུན་སུམ་ཚོགས་པ་མཐོང་བ་ནི་ལྟས་རྣམ་པ་བརྒྱད་དོ། །ཆོས་ཆེན་པོའི་ཆར་འབེབས་པ་དང་། །ཆོས་ཀྱི་རྔ་བརྡུང་བ་དང་དུང་འབུད་པ་ལ་སོགས་པའོ། །འགྲེལ་པ་ལས་ཐེ་ཚོམ་ཅན་རྣམས་ཐེ་ཚོམ་བསལ་བའི་ཕྱིར་ཆོས་ཆེན་པོ་འཆད་དེ་ཐེ་ཚོམ་མ་ཆོད་ན་ཡེ་ཤེས་ཀྱི་ལུས་སྨིན་པར་བྱ་བའི་ཕྱིར་ཆོས་ཀྱི་ཆར་ཆེན་པོ་
ཕབ་པས་དགེ་བའི་མྱུ་གུ་སྐྱེས་ཏེ་འཕགས་པའི་གནས་ཐོབ་པར་འགྱུར་རོ། །དབང་པོ་སྨིན་པ་རྣམས་སྤྱོད་ཡུལ་གསང་བ་རྣམ་པ་གཉིས་སྟོན་ཏོ། །ཉན་ཐོས་རྣམས་ལ་ནི་ཆོས་ཀྱི་རྔ་ཆེན་པོ་བརྡུང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ལ་བླ་མའི་བླ་མ་རྣམ་པར་དག་པའི་དོན་
བསྟན་པའི་ཕྱིར་ཆོས་ཀྱི་རྒྱལ་མཚན་བསྒྲེང་བ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཡེ་ཤེས་རྟོགས་པའི་ཕྱིར་ཡེ་ཤེས་ཀྱི་སྒྲོན་མ་སྣང་བར་མཛད་པས་ཆོས་ཀྱི་སྒྲོན་མ་འབར་བར་མཛད་པའོ། །ཡེ་ཤེས་ཐམས་ཅད་མངོན་དུ་གྱུར་པའི་ཕྱིར་ཚིག་འབྲུ་དང་དོན་བསྒྲགས་པའི་ཕྱིར་ཆོས་
ཀྱི་དུང་འབུད་པ་ཞེས་པའོ། །དེ་དག་ཀྱང་སྡིག་པ་སྤོང་ཞིང་དགེ་བར་འཇུག་པ་དང་། དྲང་བའི་དོན་གྱིས་ངེས་པའི་དོན་སྟོན་པ་དང་། ཤེས་རབ་ཀྱིས་ཡང་དག་པའི་དོན་ཆུད་པ་དང་། ཆོས་སྟོན་པས་འགྲོ་བ་ལ་ཕན་པའོ། །མདོ་དང་འབྲེལ་པ་ལས་འབྱུང་བ་འདི་དག་ཅི་རིགས་
པ་དང་གར་འོས་སུ་སྦྱར་རོ། །མདོ་ལས་རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པས་ཆོས་ཆེན་པོ་བཤད་པར་དགོངས་པ་སྟེ་ཞེས་པ་ནི་འཇིག་རྟེན་གྱི་ཚིག་འབྲུའི་དོན་ཤིན་ཏུ་ཟབ་པའི་རྒྱུ་སྟོན་ཏེ། དེ་ནི་སྔོན་གྱི་ལུགས་ལས་དྲང་སྟེང་འདི་ལྟའོ་ཞེས་དོན་སྦྱར་བའོ། །མདོ་ལས་རིགས་ཀྱི་བུ་རྣམས་
བདག་གིས་ཇི་ལྟ་བུར་སྤོབས་པ་དང་། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་ཞེས་པ་ནས་འོད་ཟེར་བཏང་ཞིང་སྣང་བ་ཐོག་མ་མཐོང་བ་མངོན་པར་བསྟན་ཏོ་ཞེས་པའི་བར་དུ་ནི་གཞུང་བཞིན་དུ་ཆུད་པར་བྱའོ། །མདོ་ལས་རིགས་ཀྱི་བུ་རྣམས་བདག་གིས་དྲན་པ་འདས་པའི་དུས་བསྐལ་བ་གྲངས་
Vol. 120 · folio 203a
མེད་པའི་ཡང་གྲངས་མེད་པ་ཞེས་པ་ནི་རྒྱུ་བརྒྱད་སྦྱར་དུམ་བུ་གཉིས་སུ་ཕྱེ་སྟེ། ཚིག་ལྷུག་པ་དང་ཚིགས་སུ་བཅད་པས་བསྡུ་བའོ། །སྔར་རྒྱུན་གྱིས་ན་དོན་གཞན་ལས་གླེངས་ཏེ་ལན་བཏབ། རྒྱུ་གཅིག་གིས་སྔོན་གྱི་ལུགས་ལས་དྲས་ཏེ་ལན་བཏབ། དང་པོ་ལ་
ཡང་རྣམ་པ་གསུམ་སྟེ། ངོ་མཚར་དུ་གྱུར་པ་ལས་བསྟོད་དེ་ལན་བཏབ་པ་དང་། ཕྱིས་ཁྱད་པར་དུ་གྱུར་པ་ལས་ལན་བཏབ་པ་དང་། ཕྱི་མ་ལྔས་ནི་དོན་མཐུན་པ་ལས་དྲས་ཏེ་ལན་བཏབ། ངོ་མཚར་དུ་གྱུར་པ་ལས་བསྟོད་དེ་ལན་བཏབ་པ་ནི་འགྲེལ་པ་ལས་ཡ་མཚན་མངོན་དུ་གྱུར་པའི་རྒྱུ་
དང་སྦྱར་རོ། །གྲངས་མེད་པའི་ཡང་གྲངས་མེད་པ་ཞེས་པ་ནི་བསྐལ་པའི་དུས་ཡུན་རིང་བས་སྟེ། བསྐལ་པ་གྲངས་མེད་པ་ཞེས་པ་ནི་གྲངས་ཀྱི་མཐའ་ལྔ་བཅུ་རྩ་གཉིས་ལ་གྲངས་མེད་པ་ཞེས་བྱའོ། །ཡང་ན་བསྐལ་པ་ཞེས་པ་ནི་ལྷའི་ཚེ་དང་སྦྱར་བའི་བསྐལ་པ་དང་། ལོ་དང་དུས་མི་མཐུན་
པའི་བསྐལ་པ་ཞེས་འདིར་བསྐལ་པ་ཞེས་པ་ནི་ལོ་དང་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་བསྐལ་པ་ཆེན་པོ་ན་བརྒྱ་ལམ་ན་ལན་གཅིག་འབྱུང་བས། འཇམ་དཔལ་གྱིས་ཐོས་པའི་དུས་ཧ་ཅང་ཡུན་རིང་བའི་ཕྱིར་རོ། །མདོ་ལས་རྒྱང་རིང་བ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་བསྐྱང་དུ་མེད་
པ། ཚད་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཏུ་གྱུར་པ་དེའི་དུས་དེའི་ཚེ་ན་ཞེས་པ་ནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ་ཞེས་པའི་བར་དུ་ནི་ཉི་ཟླ་སྒྲོན་མ་དེ་བཞིན་གཤེགས་པ་ནི་ཉི་མ་ལ་དོན་རྣམ་པ་གཉིས་ཏེ། སྣང་བའི་དོན་དང་སྨིན་པའི་དོན་ཏོ། །ཟླ་བ་ལ་དོན་རྣམ་པ་གཉིས་ཏེ།
ཐེ་ཙོམ་སེལ་བའི་དོན་དང་བསིལ་བའི་དོན་ཏོ། །སྒྲོན་མ་ལ་ཡང་རྣམ་པ་གཉིས་ཏེ་མུན་པ་སེལ་བ་དང་། སྣང་བ་མཆེད་པའི་དོན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཡོན་ཏན་གྱི་མཚན་རྣམ་པ་བཅུའོ། །དེ་བཞིན་གཤེགས་པ་ནི་སྔོན་གྱི་དེ་བཞིན་གཤེགས་
པའི་ལུགས་བཞིན་དུ་གཤེགས་པའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་དེ་བཞིན་གཤེགས་པ་ནི་གང་ནས་ཀྱང་མ་བྱོན། གང་དུ་ཡང་མི་བཞུད་པའི་ཕྱིར་དེ་བཞིན་གཤེགས་པ་དེ་ཆོས་ཀྱི་སྐུའོ། །ཡང་ན་དེ་བཞིན་ཉིད་ཀྱི་བདེན་པ་ལས་བྱུང་བའི་ཕྱིར་དེ་བཞིན་གཤེགས་པའོ། །དགྲ་བཅོམ་
Vol. 120 · folio 203b
པ་ཞེས་པ་ནི་ཉོན་མོངས་པའི་དགྲ་ཐམས་ཅད་བཅོམ་པའི་ཕྱིར་དགྲ་བཅོམ་པའོ། །ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་ཡང་དག་པར་རྫོགས་པ་སྟེ། རིག་པ་དང་ཞབས་སུ་ལྡན་པ་ནི་སྔོན་གྱི་གནས་དྲན་པའི་རིག་པ་དང་འཆི་འཕོ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའི་རིག་པ་ནི་རིག་
པའོ། །བསྟན་པ་དང་། སྤྱོད་པ་དང་སྨོན་ལམ་རྣམ་པར་དག་པས་འཚོ་བ་དག་པར་གྱུར་པ་ནི་ཞབས་ཏེ། རིག་པ་དང་ཞབས་སུ་ལྡན་པའོ། །བདེ་བར་གཤེགས་པ་ནི་བདག་དང་གཞན་ལ་ཕན་འདོགས་པའི་ཡོན་ཏན་ཆེན་པོ་དང་ལྡན་པས་བྱང་ཆུབ་ཆེན་པོར་གཤེགས་པའི་ཕྱིར་བདེ་བར་གཤེགས་
པའོ། །འཇིག་རྟེན་མཁྱེན་པ་ཞེས་པ་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་མ་ལུས་པར་མཁྱེན་པ་དང་ཅི་འདུལ་བ་སོ་སོར་མཁྱེན་པ་དང་། སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་མི་མཐུན་པ་སོ་སོར་མཁྱེན་པ་དང་། སྣོད་ཀྱི་འཇིག་རྟེན་འཇིག་པ་དང་ཆགས་པ་མཁྱེན་པ་དང་། སེམས་ཅན་སོ་སོའི་
རང་བཞིན་དང་། རྒྱུ་རྐྱེན་ལ་སོགས་པ་ཀུན་མཁྱེན་པའོ། །བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་ནི་ཟླ་མེད་པའི་ཕྱིར་བླ་ན་མེད་པ་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་དང་ལྡན་པ་ཕུལ་དུ་གྱུར་པའི་ཕྱིར་རོ། །ལྷ་དང་མིའི་མཁན་པོ་ནི་ལྷ་དང་མིས་དོན་ཟབ་མོ་ཆུད་པའི་སྐལ་བ་དང་ལྡན་པས་
དེའི་མཁན་པོ་ཞེས་བྱའོ། །སྒྲིབ་པ་ཐམས་ཅད་བསལ་ཏེ། ཆོས་ཐམས་ཅད་མངོན་དུ་གྱུར་པ་ནི་སངས་རྒྱས་སོ། །བཅོམ་ལྡན་འདས་ཞེས་པ་ནི་བདུད་རྣམ་བཞི་བཅོམ་ལ། དབང་ཕྱུག་ལ་སོགས་པ་ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །མདོ་ལས་དེས་ཆོས་ཐམས་ཅད་
ཅེས་པ་ནས་ཚངས་པར་སྤྱོད་པ་ཡང་དག་པར་སྟོན་པ་ཞེས་པའི་བར་དུ་ནི་ཆོས་ཁྱད་པར་ཅན་དུ་བསྟན་པའི་ཕྱིར་ཏེ། ཐོག་མར་དགེ་བ་ནི་ཐོས་པ་ཙམ་གྱིས་དགའ་བའོ། །བར་དུ་དགེ་བ་ནི་སྒོམ་པ་ལ་བར་ཆད་མེད་ཅིང་མཐའ་གཉིས་སྤངས་པའི་སྤྱོད་ཡུལ་དྲི་མ་དང་བྲལ་བས་འཇུག་པའོ། །ཐ་
མར་དགེ་བ་ནི་སྤྱོད་པ་དང་སྒྲུབ་པའི་མཐར་ཕྱིན་པའི་འབྲས་བུ་ལ་གནས་པའོ། །ཡང་ན་ཐོག་མར་དགེ་བ་ནི་སྦྱིན་པ། བར་དུ་དགེ་བ་ནི་ཚུལ་ཁྲིམས། ཐ་མར་དགེ་བ་ནི་ཏིང་ངེ་འཛིན་ཏོ། །ཡང་ན་སྡུག་བསྔལ་ཤེས་པ་དང་ཀུན་འབྱུང་སྤངས་པ་ནི་ཐོག་མར་དགེ་བ། ཡང་དག་པའི་ལམ་བསྒོམ་
Vol. 120 · folio 204a
པ་ནི་བར་དུ་དགེ་བ། འགོག་པ་མངོན་དུ་གྱུར་པ་ནི་ཐ་མར་དགེ་བ་སྟེ། ཉན་ཐོས་པ་དང་སྦྱར་རོ། །བྱང་ཆུབ་ནི་སེམས་མི་གཏོང་བ་དང་། ཐེག་པ་གཉིས་པར་མི་བསྔོ་བར་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ནི་བྱང་ཆུབ་སེམས་དཔའི་ཐོག་མ་དང་བར་མ་དང་ཐ་མར་དགེ་
བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ཡང་དག་པའི་ངག་ལ་སོགས་པས་ཚིག་སྦྱར་ལེགས་ཤིང་དོན་ཟབ་མོ་དང་ལྡན་པས་མང་པོ་ལ་ཕན་པར་འགྱུར་བ། མུ་སྟེགས་ཀྱི་ལམ་དང་མ་འདྲེས་པ། དོན་དང་ཚིག་ཚང་བ་ཁྱད་པར་དུ་འཕགས་པ་ནི་དོན་བཟང་བ་ཚིག་འབྲུ་བཟང་བ་མ་འདྲེས་
པ། ཡོངས་སུ་རྫོགས་པ་ཞེས་བྱའོ། །ཡོངས་སུ་དཀར་བ་ནི་རྣམ་པར་གྲོལ་བར་འགྱུར་བའོ། །ཚངས་པར་སྤྱོད་པ་ནི་འཕགས་པའི་ཡན་ལག་བརྒྱད་དང་འགོག་པའི་བདེན་པ་དང་། ཚངས་པར་སྤྱོད་པ་སྟེ། ལམ་དེ་གཞན་དང་མ་འདྲེས་པའི་ཕྱིར་མ་འདྲེས་པའོ། །མདོ་ལས་འདི་ལྟར་ཉན་
ཐོས་རྣམས་ལ་ཞེས་པ་ནས་ཡེ་ཤེས་ཀྱི་མཐའི་བར་དུ་ཆོས་སྟོན་ཏོ་ཞེས་པའི་བར་དུ་ནི་འགྲོ་བ་ལ་ཕན་གདགས་པའི་ཕྱིར་ཆོས་སྟོན་པ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཐེག་པ་རྣམ་པ་གསུམ་གྱིས་ཆོས་སྟོན་པ་ནི་ཉན་ཐོས་པ་རྣམས་ལ་བདེན་པ་བཞི་བསྟན། རང་སངས་རྒྱས་ལ་རྟེན་
ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་བསྟན། བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པ་ཡང་དབང་པོའི་རིམ་པ་བཞིན་དུ་གྱུར་ཏོ། །མདོ་ལས་ཡང་རིགས་ཀྱི་བུ་ཉི་ཟླ་སྒྲོན་མ་ཞེས་པ་ནས་འདི་ལྟ་བར་དྭ་ཛའི་རིགས་སུ་མཐུན་པ་ཡང་དེ་བཞིན་གཤེགས་པ་སྟོང་ཕྲག་ཉི་ཤུ་
བྱུང་ཞེས་པའི་བར་དུ་ནི་ཕྱིར་འབྱུང་བ་ཁྱད་པར་ཅན་ལས་དཔགས་ཏེ་ལན་བཏབ་པའོ། །འགྲེལ་པ་ལས་རྒྱུ་ཁྱད་པར་ཅན་མངོན་དུ་མཐོང་བའི་རྒྱུ་སྟེ། རིགས་དམ་པ་དང་མིང་དམ་པ་དང་ལྡན་པར་བསྟན་པའི་གཏན་ཚིགས་སྨོས་པའོ། །མདོ་ལས་དེ་ལ་མ་ཕམ་པ་དེ་བཞིན་གཤེགས་པ་སྟོང་ཕྲག་ཉི་ཤུ་
པོ་དེ་དག་ཅེས་པ་ནས་ཁབ་ན་གནས་ཤིང་རབ་ཏུ་མ་བྱུང་བའི་ཚེ་སྲས་བརྒྱད་ཡོད་དོ་ཞེས་པའི་བར་དུ་ནི་དོན་མཐུན་པ་ལས་དྲིས་ཏེ་ལན་བཏབ་པའོ། །ཡང་རྒྱུ་རྣམ་པ་ལྔ་སྟེ་ལོངས་སྤྱོད་ཆེ་བའི་རྒྱུ་དང་། དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུ་དང་། དེ་བཞིན་གཤེགས་པ་
Vol. 120 · folio 204b
ཤིན་ཏུ་བསྟན་པའི་ཆོས་ཀྱི་འཁོར་ལོའི་རྒྱུ་དང་། འཇུག་པར་འགྱུར་བའི་རྒྱུ་དང་དྲན་པའི་རྒྱུའོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། རྒྱུ་དང་པོ་ནི་བཅོམ་ལྡན་འདས་ཆོས་སྟོན་པའོ། །རྒྱུ་ཕྱི་མ་ནི་མྱ་ངན་ལས་འདས་པའི་སྤྱོད་པའོ། །ལོངས་སྤྱོད་པའི་རྒྱུ་ཆེན་པོ་ནི་འགྲེལ་པ་ལས་སྔོན་བཅོམ་ལྡན་
འདས་རྒྱལ་བུ་མཛད་པ་ནས་ལོངས་སྤྱོད་ཆེན་པོ་སྤངས་ཏེ། ཁབ་ནས་བྱུང་བར་མཛད་ན་འགྲོ་བ་མ་རབས་རྣམས་ཀྱིས་ཡུན་ད་སྲིད་དུ་སྐྱོ་བའི་སེམས་མི་སྐྱེད་པ་དེ་ངོ་མཚར་དུ་བསྟན་པའོ། །ལོངས་སྤྱོད་ཀྱང་རྣམ་པ་གཉིས་ཏེ། ཁྱིམ་ན་གནས་ཤིང་སྡོད་པས་ལོངས་སྤྱོད་པ་དང་། ཁྱིམ་ནས་
བྱུང་ནས་ཆོས་ལ་ལོངས་སྤྱོད་པའོ། །བཅོམ་ལྡན་འདས་ཁབ་ནས་མ་བྱུང་བའི་ཚེ་སེམས་ཅན་བསྒྲལ་བའི་ཆེད་དུ་འདོད་པ་ལ་ལོངས་སྤྱོད་པ་དང་སྲས་མངའ་བར་ཡང་བསྟན་ཏོ། །མདོ་ལས་འདི་ལྟ་སྟེ་བློ་གྲོས་ཞེས་བྱ་བ་ནས་ཆོས་ཀྱི་བློ་གྲོས་ཀྱི་བར་དུ་གཞོན་ནུ་དེ་དག་ནི་ཤེས་རབ་ཆེ་བ་དང་།
ཐུགས་རྗེ་ཆེ་བ་དང་། ཡོད་པ་དང་མེད་པ་ལ་མཁས་པ་དང་། དགེ་བ་ལ་འཇུག་ཅིང་སྡིག་པ་སྤོང་བ་ལས་མཚན་དུ་བཏགས་པ་ཤེ་དག་གོ། །མདོ་ལས་མ་ཕམ་པ་བཅོམ་ལྡན་འདས་ཞེས་པ་ནས་ལོངས་སྤྱོད་ཅིང་དེ་དག་རྒྱལ་པོ་བྱེད་དོ་ཞེས་པའི་བར་དུ་ནི་གོ་སླ་བས་མ་བཤད་དོ། །མདོ་ལས་དེ་
དག་གིས་བཅོམ་ལྡན་འདས་དེ་ཁབ་ནས་མངོན་པར་འབྱུང་བར་ཤེས་ཤིང་ཞེས་པ་ནས་དགེ་བའི་རྩ་བ་བསྐྱེད་པར་གྱུར་ཏོ་ཞེས་པའི་བར་དུ་ནི་རབ་ཏུ་བྱུང་བ་བསྟན་ཏེ། རྟེན་དམ་པ་དང་འགྲོགས་པ་དང་ཉོན་མོངས་པ་ལས་འབྱུང་བར་རྩོལ་བ་རྒྱུ་དམ་པ་ལ་སྦྱོར་ཞིང་བསོད་ནམས་དང་ཡེ་ཤེས་
ཀྱི་ཚོགས་བསྒྲུབ་པའོ། །མདོ་ལས་མ་ཕམ་པ་དེའི་ཚེ་ན་ཡང་ཞེས་པ་ནས་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་ཟིན་པ་བཤད་ནས་ཞེས་པའི་བར་དུ་ནི་དུས་མཐུན་པར་གྲུབ་པ་བསྟན་ཏོ། །དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ཅེས་པ་ནས་སེམས་མི་གཡོའོ་ཞེས་པའི་བར་དུ་ནི་སྤྱོད་ལམ་
མཐུན་པ་བསྟན་ཏ། ཏིང་ངེ་འཛིན་དུ་ཞུགས་པ་དང་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་ཏེ་འདི་དང་པོའོ། །མདོ་ལས་མེ་ཏོག་མན་དཱ་ར་བ་ནས་རབ་ཏུ་འཁྲུག་པའི་བར་གྱིས་ནི་སྣོད་ཀྱི་འཇིག་རྟེན་བསྟན་ཏོ། །མ་ཕམ་པ་དེའི་ཚེ་འཁོར་དེར་ཞེས་པ་ནས་རྨད་དུ་དགའ་བར་གྱུར་ཏོ་
Vol. 120 · folio 205a
ཞེས་པའི་བར་དུ་འདིས་ནི་བཅུད་ཀྱི་འཇིག་རྟེན་བསྟན་ཏོ། །མདོ་ལས་དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཞེས་པ་ནས་ཤིན་ཏུ་ཁྱབ་པར་སྣང་བའི་བར་དུ་ནི་སྟོན་པ་མཐུན་པའི་རྒྱུ་སྟེ་འོད་གཏོང་པ་དང་སྣང་བར་བྱ་བ་དང་སྲུང་བར་བྱེད་པ་བསྟན་ཏོ། །མདོ་ལས་མ་ཕམ་པ་འདི་ལྟ་
སྟེ་ཞེས་པ་ནས་ངོ་མཚར་དུ་གྱུར་རྨད་དུ་གྱུར། ལྟད་མོ་རབ་ཏུ་བྱུང་ངོ་ཞེས་པའི་བར་དུ་ནི་དེ་ཡང་ཆོས་ཐོས་པར་དགའ་བ་དང་། སྔོན་གྱི་རྒྱུ་བསྟན་པར་འདོད་པའོ། །གཞན་ནི་གོ་སླ་བས་མ་བཤད་དོ། །མདོ་ལས་མ་ཕམ་པ་དེའི་ཚེ་ན་ཡང་བཅོམ་ལྡན་འདས་དེའི་བསྟན་པ་ལ་འོད་མཆོག་
ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་ཞེས་པ་ནས་བརྒྱད་བརྒྱ་ཡོད་དོ་ཞེས་པའི་བར་དུ་ནི་དེ་དང་མཐུན་པས་ལན་བཏབ་པ་སྟེ། སྣང་བར་བྱེད་པའི་འཁོར་མདོ་འདི་ལས་གླེང་བ་དང་ཡུན་རིང་བ་དང་འཁོར་སྐྱིད་པ་སྟེ་འདི་ནི་དང་པོའོ། །མདོ་ལས་བཅོམ་ལྡན་འདས་དེ་ཡང་ཞེས་པ་ནས་ལུས་སྐྱོ་བ་ཡང་
མེད་སེམས་སྐྱོ་བ་ཡང་མེད་ཅེས་པའི་བར་དུ་འདི་དག་ནི་མདོ་འདི་གླེང་བ་དང་དུས་རིང་ཐུང་དང་འཁོར་བཞི་དགའ་ཞིང་མོས་པ་གོ་རིམས་བཞིན་དུ་སྦྱར་ཏེ། གཞན་ནི་གོ་སླ་བས་མ་བཤད་དོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཉི་ཟླ་སྒྲོན་མ་ཞེས་པ་ནས་མྱ་ངན་ལས་འདས་སོ་ཞེས་པའི་བར་དུ་
ནི་ལྟས་ཀྱི་ལུགས་མཐུན་པ་བསྟན་པ་སྟེ། སངས་རྒྱས་མྱ་ངན་ལས་འདས་པ་ནི་ཐེག་པ་རྣམ་པ་གཉིས་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའོ། །མདོ་ལས་དེ་ནས་མ་ཕམ་པ་ཞེས་པ་ནས་ལུང་བསྟན་ནས་ཞེས་པའི་བར་ནི་དགེ་བའི་རྩ་བ་སྨིན་པའི་ཕྱིར་
ལུང་བསྟན་པ་ཡིན་ནོ། །མདོ་ལས་དགེ་སློང་རྣམས་དཔལ་གྱི་སྙིང་པོ་བྱང་ཆུབ་སེམས་དཔའ་ཞེས་པ་ནས་སངས་རྒྱས་སུ་གྱུར་ཏོ་ཞེས་པའི་བར་དུ་ནི་ཡང་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དོན་རྣམ་པ་ལྔའི་ཕྱིར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཕ་མ་བྱང་ཆུབ་ལ་དགོད་པ་དང་། མ་
དད་པ་རྣམས་དད་པར་བྱ་བ་དང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་སེམས་བསྐྱེད་པ་དང་། ལུང་མ་བསྟན་པ་རྣམས་ལུང་བསྟན་པའོ། །མདོ་ལས་དགེ་སློང་རྣམས་དཔལ་གྱི་སྙིང་པོ་ཞེས་པ་ནས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་པའི་བར་དུ་ནི་དེ་བཞིན་
Vol. 120 · folio 205b
གཤེགས་པ་ཤིན་ཏུ་བསྟན་པས་ཆོས་འཛིན་པའི་རྒྱུའོ། །འགྲེལ་པ་ལས་བཅོམ་ལྡན་འདས་དེ་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པའི་འོག་ཏུ་དེ་བཞིན་གཤེགས་པས་ཤིན་ཏུ་བསྟན་པའི་ཆོས་འཛིན་པར་འགྱུར་རོ། །མདོ་ལས་དེ་ལ་མ་ཕམ་པ་དེའི་སྲས་བློ་གྲོས་ལ་སོགས་པ་ཞེས་
པ་ནས་མངོན་པར་སངས་རྒྱས་ནས་ཞེས་པའི་བར་དུ་ནི་འཇུག་པར་ནུས་པའི་རྒྱུ་བསྟན་ཏེ། མཆོད་པ་དང་རིམ་གྲོ་ནི་ཆོས་དང་ཟང་ཟིང་གི་སྤྱོད་པས་སོ། །མདོ་ལས་དེ་དག་གི་ཐ་མ་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་པ་ནས་རིམ་གྲོར་བྱས་སོ་ཞེས་
པའི་བར་དུ་ནི་དྲན་པའི་རྒྱུ་དང་བསྟན་པའི་རྒྱུ་དང་དག་པའི་རྒྱུ་བསྟན་ཏོ། །མདོ་ལས་མ་ཕམ་པ་ཁྱོད་དེའི་དུས་ན་ཞེས་པ་ནས་ཆོས་སྨྲས་པ་ཡིན་ནོ་ཞེས་པའི་བར་དུ་མཐུན་པའི་དོན་གྱིས་ལན་བཏབ་པ་དང་། སྔོན་གྱི་ལུགས་ལས་ལན་བཏབ་པ་སྟེ་འདི་ནི་ངའི་ཡིན་ནོ་ཞེས་པ་ནི་གཏན་ཚིགས་ཀྱི་རྒྱུ་སྨྲས་སོ། །
མདོ་ལས་གང་ཡང་གྲགས་འདོད་བྱང་ཆུབ་སེམས་དཔའ་ཞེས་པ་ནས་སྙམ་བྱེད་དོ་ཞེས་པའི་བར་དུ་ནི་སྤྱིར་བསྡུས་ཏེ་ལན་བཏབ་པའོ། །མདོ་ལས་དེ་ནས་འཇམ་དཔལ་ཞེས་པ་ནས་མཐའ་ཡས་བྱེ་བ་སྟོང་རྣམས་ཤེས་པའི་བར་དུ་ནི་འདི་མན་ཆད་ཚིགས་སུ་བཅད་པ་བཞི་བཅུ་རྩ་གསུམ་གྱི་དོན་
སྔ་མ་རྣམས་བཟླས་ཏེ་སྔ་མའི་ལུགས་ཀྱི་ལྟས་བསྟན་ཏོ། །མདོ་ལས་དེའི་ཚེ་རྒྱལ་པོ་དེའི་སྲས་སུ་གྱུར་པ་དེའི་ཞེས་པ་ནས་ཐམས་ཅད་རབ་ཏུ་བྱུང་ངོ་ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་བཅད་སུམ་ཅུ་རྩ་བརྒྱད་ཀྱིས་དོན་མཐུན་པའི་ལུགས་བསྟན་ཏེ། རྒྱུ་ལྔ་པ་དང་སྦྱར་རོ། །ཚིགས་སུ་བཅད་
པ་ཉི་ཤུ་རྩ་དགུས་ནི་ལོངས་སྤྱོད་ཀྱི་རྒྱུ་ཆེ་བ་བསྟན། ཚིགས་སུ་བཅད་པ་དགུས་ནི་རྒྱུ་བཞི་པོ་བསྟན། དང་པོ་ལའང་རྣམ་པ་བཞི་སྟེ། དང་པོའི་ཚིགས་སུ་བཅད་པ་ཉི་ཤུས་ནི་ལྟས་མཐུན་པ་བསྟན། དེའི་འོག་མ་ཚིགས་སུ་བཅད་པ་བཞིས་ནི་མྱ་ངན་ལས་འདས་པ་མི་མཐུན་པ་བསྟན། ཡང་
ཕྱེད་དང་གསུམ་གྱིས་ནི་ལུང་བསྟན་པ་བསྟན། ཚིགས་སུ་བཅད་པ་གཉིས་ཀྱིས་ནི་མྱ་ངན་ལས་འདས་པ་བསྟན་ཏོ། །དང་པོ་ལའང་རྣམ་པ་དྲུག་སྟེ་འཁོར་ཕུན་སུམ་ཚོགས་པ་དང་དུས་ཕུན་སུམ་ཚོགས་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པ་དང་། རྒྱུ་ཕུན་སུམ་ཚོགས་པ་དང་། ཐོས་པ་ཕུན་སུམ་
Vol. 120 · folio 206a
ཚོགས་པ་དང་། ལམ་ཕུན་སུམ་ཚོགས་པའོ། །ཚིགས་བཅད་དང་པོ་གཉིས་ཀྱིས་ནི་ཁྱིམ་ན་གནས་པ་བསྟན། དེའི་འོག་མ་གཉིས་ཀྱིས་ནི་རབ་ཏུ་བྱུང་བ་བསྟན་ཏོ། །མདོ་ལས། འཇིག་རྟེན་མགོན་པོ་དེ་ཡིས་ཆོས་བཤད་པ། །ཞེས་པ་ནས། །སྲོག་ཆགས་སྟོང་ཕྲག་བྱེ་བ་
དག་ལས་བཤད། །ཅེས་པའི་བར་དུ་ནི་དུས་ཕུན་སུམ་ཚོགས་པ་བསྟན་ཏོ། །མདོ་ལས་རྣམ་པར་འདྲེན་པ་ཞེས་པ་ནས་བཞུགས་ནས་བསམ་གཏན་མཛད་ཅེས་པའི་བར་དུ་ནི་སྤྱོད་ལམ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་ཚིགས་བཅད་གཅིག་གིས་ནི་བསམ་གཏན་ལ་འཇུག་པ་བསྟན།
དེའི་འོག་མ་གཉིས་ཀྱིས་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་བསྟན་ཏོ། །མདོ་ལས་རྫུ་འཕྲུལ་གྱི་མེ་ཏོག་ཅེས་པ་ནས། ཞིང་རྣམས་ཐམས་ཅད་དེ་མ་ཐག་ཏུ་གཡོས། །ཞེས་པའི་བར་དུ་འདིས་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་བསྟན་ཏེ། དེ་ལ་ཡང་སྙོམས་པར་འཇུག་པ་དང་མེ་ཏོག་གི་ཆར་འབབ་པ་
དང་། མཆོད་པ་བསྟན་པས་གཡོ་བ་ལ་སོགས་པ་བསྟན་པའོ། །མདོ་ལས། དེ་ནི་ངོ་མཚར་རྨད་དུ་གྱུར། །ཅེས་པ་ནས། རབ་ཏུ་སྣང་བས་འཇིག་རྟེན་ཐམས་ཅད་མཛེས། །ཞེས་པའི་བར་དུ་ནི་རྒྱུ་ཕུན་སུམ་ཚོགས་པ་སྟེ། འོད་གཏོང་བ་དང་ཡུལ་སྣང་བར་བྱས་པ་དང་། སངས་རྒྱས་ཀྱིས་
ཀྱང་མངོན་དུ་སྣང་བ་སྟེ། འདི་ནི་དང་པོའོ། །མདོ་ལས། སེམས་ཅན་རྣམས་ཀྱི་ཤི་འཕོ་སྐྱེ་བ་སྟོན། །ཞེས་པ་ནས་དེས་མངོན་དུ་མཐོང་བ་བསྟན་ཏེ། དང་པོ་ཚིགས་བཅད་ཕྱེད་དང་དྲུག་གིས་ནི་འགྲོ་བ་དྲུག་བསྟན། ཚིགས་བཅད་གསུམ་གྱིས་ནི་སངས་རྒྱས་མཐོང་བ་བསྟན། གཅིག་གིས་
ནི་ཆོས་ཐོས་པ་བསྟན། གཅིག་གིས་ནི་འཁོར་བཞི་མཐོང་བ་བསྟན། ཚིགས་བཅད་བཞིས་ནི་བྱང་ཆུབ་སེམས་དཔའ་མཐོང་བ་བསྟན་ཏེ་འདི་ནི་དང་པོའོ། །འགྲོ་བ་ནི་ལས་དང་རྒྱུ་རྣམས་ཀྱིས་འགྲོ་བར་བྱེད་པའོ། །མདོ་ལས། འདི་ལྟར་དེ་ན་ལ་ལས་རིན་ཆེན་ཞིང་། །ཞེས་པ་ནས། །
རྣམ་པར་འདྲེན་པའི་འོད་ཟེར་དེ་ཡི་མཐུས། །ཞེས་པའི་བར་ནི་སངས་རྒྱས་མཐོང་བ་བསྟན་ཏེ། ཞིང་མཐོང་བ་དང་མཆོད་པ་མཐོང་བ་དང་སངས་རྒྱས་མངོན་དུ་མཐོང་བ་དང་གསུམ་སྟེ་འདི་ནི་དང་པོའོ། །ཤཱཀྱ་ཐུབ་པའི་འོད་ཀྱིས་ནི་གསེར་གྱི་ཁ་དོག་ཏུ་སྣང་བར་བྱས། ཉི་ཟླ་སྒྲོན་མའི་འོད་ཀྱིས་
Vol. 120 · folio 206b
ཤེལ་དང་བཻ་ཌཱུརྱའི་འོད་དུ་སྣང་བར་བྱས་ཏེ། ཐེག་པ་ཆེན་པོ་འདི་གཞན་དང་མ་འདྲེས་པ་ཉིད་དམ་པ་ཡིན་པར་བསྟན་པའི་ཕྱིར་རོ། །མདོ་ལས། ལྷ་དང་མི་དང་དེ་བཞིན་གནོད་སྦྱིན་ཀླུ། །ཞེས་པ་ནས། གསེར་གྱི་མཆོད་སྡོང་ལྟ་བུ་ལྟ་ན་མཛེས། །ཞེས་པའི་བར་དུ་ནི་འཁོར་བརྒྱད་
རྣམས་ཀྱིས་མཆོད་ནས་དེ་བཞིན་གཤེགས་པ་མཐོང་བའོ། །མདོ་ལས། བཻ་ཌཱུརྱ་ཡི་དབུས་ན་གསེར་གཟུགས་བཞིན། །ཞེས་པ་ནས། ཆོས་འདི་རབ་ཏུ་གསུངས་ཞེས་པའི་བར་དུ་ནི་ཆོས་ཐོས་པར་བསྟན་ཏོ། །མདོ་ལས། སོ་སོའི་ཞིང་དུ་རྣམ་པར་འདྲེན་པ་ཡི། །ཞེས་པ་ནས། འདིའི་
ཅི་ཞིག་ཅེས་ནི་ཕན་ཚུན་འདྲི། །ཞེས་པའི་བར་དུ་འཁོར་རྣམ་བཞི་བསྟན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་རྟོགས་ཤིང་མོས་པ་སྐྱེ་བ་དང་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་གཉི་གས་བྱང་ཆུབ་ཀྱི་སྤྱོད་པ་ཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་དབང་དུ་གྱུར་པར་བསྟན་ཏོ། །མདོ་
ལས། གནོད་སྦྱིན་ལྷ་མིས་དེ་མཆོད་མ་ཐོགས་པར། །ཞེས་པ་ནས། ང་ཡི་ཆོས་མཛོད་འདི་ལ་ཁྱོད་མངོན་སུམ། །ཞེས་པའི་བར་དུ་ནི་ལན་བཏབ་པ་ཕུན་སུམ་ཚོགས་པ་སྟེ། ཚིགས་བཅད་དང་པོ་གཅིག་གིས་ནི་བཤད་པའི་རྒྱུ་བསྟན། ཕྱི་མ་གཉིས་ཀྱིས་ནི་ཡུན་རིང་ཐུང་བསྟན། ཏིང་
ངེ་འཛིན་ལས་བཞེངས་མ་ཐག་ཏུ་སེམས་ཅན་རྣམས་བྱང་ཆུབ་ལ་འཛུད་ཅེས་པའི་དོན་ཏོ། །མདོ་ལས། ཇི་ལྟར་སྲོག་ཆགས་ཕན་ཕྱིར་ངས་བསྟན་པ། །ཞེས་པ་ནས། །དེ་ཚེ་རྒྱལ་བས་ཆོས་རབ་འདི་གསུངས་པ། །བར་གྱི་བསྐལ་པ་དྲུག་ཅུ་ཚང་བར་དེ། །ཞེས་པའི་བར་དུ་ནི་དུས་རིང་བ་
བསྟན་པ་དང་། ལྟས་མཐུན་པ་བསྟན་པ་དང་། བརྩོན་འགྲུས་ཀྱིས་འབྱུང་བར་བསྟན་པ་དང་། དེ་བཞིན་གཤེགས་པ་ཡང་བསྐལ་པར་ཏིང་ངེ་འཛིན་ལས་མི་བཞེངས་ནས་སེམས་ཅན་མ་རབས་ཉོན་མོངས་པ་སྤོང་བར་མི་རྩོལ་བ་མི་རིགས་པར་བསྟན་པ་དང་། སེམས་ཅན་ལ་ཐུགས་རྗེ་ཞིང་ཕན་
གདགས་པར་དགོངས་པ་དང་དུས་ལ་བབ་པ་རྣམས་ལུང་བསྟན་ཞིང་མྱ་ངན་ལས་འདས་པའི་བདེ་བ་ལ་འཇོག་པ་དང་ལོངས་སྤྱོད་ཆེ་བའི་རྒྱུ་བསྟན་ཏེ་ཆོས་འཛིན་ཅིང་དགེ་བའི་རྒྱུ་ལ་འཇུག་པར་བསྟན་པའོ། །མདོ་ལས། །དེ་ཡི་སློབ་མར་གྱུར་པ་བརྒྱད་བརྒྱ་དག །ཅེས་པ་ནས། །དེ་དག་སངས་
Vol. 120 · folio 207a
རྒྱས་བྱེ་བ་མང་པོ་མཐོང་། །ཞེས་པའི་བར་དུ་འདིས་ནི་དེ་བཞིན་གཤེགས་པ་ཤིན་ཏུ་བསྟན་པའི་ཆོས་ཀྱི་རྒྱུ་བསྟན་པ་སྟེ། ཐེག་པ་ཆུང་ངུའི་ཚུལ་དུ་བསྐལ་པ་གྲངས་མེད་པ་གསུམ་ནི་ལུགས་ལས་བཟློག་པ་བསྟན་པའོ། །བསྐལ་པ་དང་པོའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་
པ་མཐོང་། དེའི་འོག་ཏུ་སངས་རྒྱས་ཁྲག་ཁྲིག་བདུན་ཅུ་རྩ་ལྔ་མཐོང་། བསྐལ་པ་གཉིས་པར་སངས་རྒྱས་རིན་ཆེན་གཙུག་ཕུད་མཐོང་སྟེ། ཡང་སངས་རྒྱས་ཁྲི་ཕྲག་བདུན་ཅུ་རྩ་དྲུག་མཐོང་། བསྐལ་པ་གསུམ་པར་སངས་རྒྱས་མར་མེ་མཛད་མཐོང་སྟེ། སངས་རྒྱས་ཁྲི་ཕྲག་བདུན་ཅུ་
རྩ་བདུན་མཐོང་ངོ་། །མདོ་ལས། དྲང་སྲོང་ཆེན་པོ་དེ་དག་བཀུར་སྟི་བྱས། །ཞེས་པ་ནས། །བྱང་ཆུབ་མཆོག་ཏུ་གཅིག་གིས་གཅིག་ལུང་བསྟན། །ཞེས་པའི་བར་གྱིས་ནི་འཇུག་པར་འགྱུར་བའི་རྒྱུ་བསྟན་ཏེ། ཀུན་གྱིས་བྱང་ཆུབ་ཆེན་པོ་ཐོབ་ཅེས་པའི་དོན་ཏོ། །མདོ་ལས། སངས་
རྒྱས་དེ་དག་རིམ་གྱིས་འབྱུང་བ་ཡིན། །ཞེས་པ་ནས། །སྲོག་ཆགས་བྱེ་བ་སྟོང་ཡང་དུལ་བར་བྱས། །ཞེས་པའི་བར་དུ་ཚིགས་བཅད་དྲུག་གིས་ནི་དྲན་པའི་རྒྱུ་བསྟན་ཏེ། ཚིགས་བཅད་དང་པོ་གཅིག་གིས་ནི་རྒྱལ་བུ་བརྒྱད་ལ་དགོངས་པ་བསྟན། དེའི་འོག་མ་ལྔས་ནི་འཁོར་བརྒྱད་
བརྒྱ་ལ་དགོངས་པ་བསྟན་ཏོ། །མདོ་ལས། །གང་སྔོན་བདེ་བར་གཤེགས་པ་དེ་ཡི་སྲས། །ཞེས་པ་ནས། །ཕྱོགས་རྣམ་པར་གྲགས་ཞེས་པའི་བར་དུ་ནི་འཁོར་རྣམས་ལ་དགོངས་པ་བསྟན་ཏེ། ཚིགས་བཅད་ཕྱེད་དང་གསུམ་གྱིས་ཉོན་མོངས་པའི་རྒྱུ་བསྟན། ཡང་ཚིགས་བཅད་ཕྱེད་
དང་གསུམ་གྱིས་ནི་དག་པའི་རྒྱུ་བསྟན་ཏེ། འདི་ནི་དང་པོ་དང་སྦྱར་རོ། །ཁེ་དང་གྲགས་པ་དང་ཆོ་རིགས་ལ་ཆགས་པ་ཐོས་པར་རྩོལ་བའི་ཆགས་པ་དེ་དག་གྲགས་པར་འདོད་པའོ། །མདོ་ལས། དེ་ཡང་དགེ་བ་རྣམས་ཀྱིས་ལས་དེ་དག །ཅེས་པ་ནས། །སྲོག་ཆགས་སྟོང་ཕྲག་བྱེ་བ་འདུལ་བར་
འགྱུར། །ཞེས་པའི་བར་གྱིས་ནི་རྣམ་པར་དག་པའི་རྒྱུ་བསྟན་ཏོ། །མདོ་ལས། །དེའི་ཚེ་ལེ་ལོ་ཅན་དུ་གང་གྱུར་པ། །ཞེས་པ་ནས། །ཆོས་སྨྲ་བ་ནི་ཁོ་བོ་ཡིན། །ཞེས་པའི་བར་དུ་ནི་དོན་གཞན་ལས་གླེང་བ་རྣམས་བསྟན་ནས་སྔོན་གྱི་ལུགས་དང་སྦྱར་བ་བསྟན་པ་སྟེ། ཚིགས་བཅད་དང་པོས་
Vol. 120 · folio 207b
ནི་གང་ཟག་བསྟན། །དེའི་འོག་མས་ནི་ཆོས་བསྟན། དེའི་འོག་མས་ནི་བསྡུ་བ་སྟེ་འདི་ནི་དང་པོའོ། །མདོ་ལས། ཡེ་ཤེས་འདི་ཡི་ལྟས་སྣང་འགྱུར། །ཞེས་པ་ནས་བྱང་ཆུབ་གང་འདིར་ཞུགས་ཞེས་པའི་བར་དུ་ནི་ཆོས་བསྟན་པ་དང་། ལྟས་བསྟན་ནས་གཟེངས་བསྟོད་པ་དང་། ཆོས་
ཟབ་མོ་ལ་སེམས་སུ་གཞུག་པའི་ཕྱིར་ལྷའི་འོད་ཀྱིས་བསྟན་པ་དང་། ཆོས་ཀྱི་ཆར་པ་ཕབ་པས་དགེ་བའི་མྱུ་གུ་བསྐྱེད་པ་དང་། བྱང་ཆུབ་ཚོལ་བ་རྣམས་ཐེ་ཚོམ་བཅད་པའོ།། །།དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ། བམ་པོ་གསུམ་པ། འདི་མན་ཆད་ཐབས་
མཁས་པའི་ལེའུ་སྟོན་ཏེ། དེ་ཡང་གདགས་པའི་གཏན་ཚིགས་དང་མིང་དགྲོལ་བ་དང་། རང་བཞིན་བསྟན་པའོ། །འདི་ལ་ཡང་ལེའུ་བརྒྱད་གཞུང་ཡང་དག་པར་འགྲེལ་པ་སྟེ། པདྨ་ཆུ་ལས་སྐྱེས་པ་དང་ཁ་འབྱེད་པའི་དོན་གྱིས་དམ་པའི་ཆོས་ཀྱི་འབྲས་བུ་རྟོགས་པར་
སྟོན་ཏེ་ཐེག་པ་གཅིག་པོ་སྟོན་པ་ཡང་ཐེག་པ་རྣམ་པ་གཉིས་བསྩལ་ནས་དབང་པོ་རྣམ་གསུམ་ལུང་བསྟན་པ་དང་ཐེ་ཚོམ་བསྩལ་བའི་ཕྱིར་དཔེ་དང་ཐབས་རྣམ་པ་སྣ་ཚོགས་སྟོན་པས་ཐབས་མཁས་པའི་ལེའུ་སྟོན་པར་དགོངས་པ་དང་། ཡང་ན་ལེའུ་བཅུ་དགུ་པ་ཡང་དག་པའི་གཞུང་ཉིད་སྟོན་
པ་ལ་ཐབས་མཁས་པའི་ལེའུ་འདི་མན་ཆད་ལེའུ་བཅུ་གཉིས་ཀྱིས་ཐེག་པ་གཅིག་པོ་སྟོན་པའི་དམིགས་པ་སྟོན་པ་དང་། བདེ་བ་ལ་གནས་པ་དང་སའི་རུམ་ནས་འཐོན་པའི་ལེའུ་གཉིས་ཀྱིས་ཐེག་པ་གཅིག་པོའི་སྤྱོད་པ་བསྟན་པ་དང་། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱི་ལེའུ་དང་། རྟག་
ཏུ་མི་བརྙས་པའི་ལེའུ་དང་། སྤྱིར་ལེའུ་ལྔས་ཐེག་པ་གཅིག་པོའི་འབྲས་བུ་བསྟན་པ་སྟེ། དམིགས་པ་བསྟན་པས་ནི་ཐེག་པ་འདིའི་དྲང་བ་དང་ངེས་པའི་དོན་མཚོན་ནས་ཉན་ཐོས་པ་རྣམས་དེ་རྟོགས་པ་ལུང་བསྟན་པའོ། །དེ་ལ་ཡང་དང་པོའི་ལེའུ་བརྒྱད་ཀྱིས་ནི་དྲང་བ་དང་ངེས་པའི་དོན་དངོས་པོ་
བསྟན་པས་དབང་པོ་རྣམ་གསུམ་ལུང་བསྟན་པས་ཐོབ་པ་དང་། ལེའུ་གསུམ་གྱིས་ཆོས་དང་གང་ཟག་ལ་བསྟོད་ཅིང་མདོ་འདི་ལ་གཟུད་པ་དང་ལེའུ་གཅིག་གིས་བཀྲི་བའི་དོན་སྤངས་ཏེ་ངེས་པའི་དོན་ལ་འཇུག་པའོ། །འགྲེལ་པ་ལས་འདི་མན་ཆད་རྒྱུ་དང་འབྲས་བུའི་མཚན་ཉིད་སྟོན་ཏེ།
Vol. 120 · folio 208a
གླེང་གཞིའི་ལེའུ་བཤད་པའི་རྗེས་ལ་གཞུང་ཉིད་བསྟན་པའི་ཕྱིར་རྒྱུ་དང་འབྲས་བུ་སྟོན་པའི་མཚན་ཉིད་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་བླ་ན་མེད་པའི་འབྲས་བུའོ། །ཡེ་ཤེས་ཀྱི་འབྲས་བུ་ནི་མཚོན་པར་བྱེད་པའི་རྒྱུའོ། །ཕུགས་སུ་འགྲོ་བ་
སྒོ་ནས་འཇུག་པ་བཞིན་བསྟན་པའི་ལུང་འདི་ལ་གནས་ཏེ་ཡང་དག་པའི་འབྲས་བུ་ལེན་པར་བྱེད་པ་ཞེས་པའི་དོན་ཏོ། །དེ་ཡང་མདོ་སྡེ་འདི་ཉིད་ཀྱི་གཞུང་དང་ལུགས་སུ་བསྟན་པ་ཡང་དག་པའི་ཡེ་ཤེས་ཀྱི་སྒོ་དབྱེ་བ་དང་། དེ་བསྟན་པ་དང་དེ་རྟོགས་པ་དང་། དེ་ཆུད་པ་སྟེ། དེ་ཉིད་རྒྱུ་དང་འབྲས་བུར་
བལྟའོ། །ཐེག་པ་རྣམ་པ་གསུམ་གྱི་གཞུང་ཐོས། ཐེག་པ་རྣམ་པ་གཅིག་གི་ཚུལ་ལ་ཞུགས་པ་དེ་ཉིད་ཀྱི་འབྲས་བུ་ཐོབ་པ་ནི་ཆོས་ཀྱི་པདྨོ་ཞེས་པའི་དོན་ཏོ། །འདི་མིང་བཤད་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རྣམ་པ་གཉིས་ཏེ། ཡང་དག་པའི་ཡེ་ཤེས་དང་སྦྱོར་བའི་ཡེ་ཤེས་སོ། །ཡང་
དག་པའི་ཡེ་ཤེས་ཀྱང་འདུས་བྱས་དང་འདུས་མ་བྱས་ཀྱི་ཡེ་ཤེས་དང་གཉིས་སུ་དབྱེ་བ་ལ། འདིར་ནི་ཟག་པ་མེད་པའི་ཡེ་ཤེས་རྩ་བ་དང་རྒྱབ་ནས་ཐོབ་པའི་ཡེ་ཤེས་གཉིས་དང་སྦྱར་རོ། །སྦྱོར་བ་ནི་ཡང་དག་པའི་ཡེ་ཤེས་ལ་སྦྱོར་ཞིང་འཇུག་པའི་ཕྱིར་ཀུན་རྫོབ་ཀྱི་ཡེ་ཤེས་ཏེ་ཐབས་ཉིད་དོ། །
ཐབས་དེ་ཡང་བདག་དང་གཞན་གྱི་དོན་སྒྲུབ་པ་ལ་སྦྱོར་བ། སྒྲུབ་པ་ལ་མཁས་པ་དེ་ཐབས་ཞེས་གདགས་སོ། །དེ་ཡང་འོག་མ་འདྲེས་པ་དང་། བླ་མ་ལ་སྦྱར་བའོ། །ཇི་ལྟར་མདོ་ལས་སྣོད་མི་གཙང་བ་འཛིན་ཅིང་གོས་མི་གཙང་བ་གྱོན་པས་མངོན་པར་བྱང་ཆུབ་པ་ནི་ལུས་ཀྱི་ཐབས་སོ། །བདེན་པ་
བཞི་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐེག་པ་ཆེན་པོ་ལ་འཇུག་པའི་མདོ་སྟོན་པ་ནི། ངག་གི་ཐབས་མཁས་པའོ། །སྔོན་གྱི་དེ་བཞིན་གཤེགས་པས་མཛད་པ་དང་འདྲ་བར་ཐབས་མཁས་པ་རྣམ་པ་སྣ་ཚོགས་དགོངས་པ་ནི་ཡིད་ཀྱི་ཐབས་མཁས་པའོ། །ཡང་ན་འདྲེན་པའི་ཐབས་
མཁས་པ་སྟེ་ཕྱི་རོལ་གྱི་དྲུག་སྤྱོད་པའོ། །བསྔོ་བ་ལ་ཐབས་མཁས་པ་སྟེ་ནང་དུ་དྲུག་སྤྱོད་པའོ། །འདི་རང་བཞིན་ནི་ཤེས་རབ་ཀྱི་རང་བཞིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཡང་ན་ཕྱིས་ཐོབ་པའི་ཡེ་ཤེས་ཏེ་གཞན་ལ་ཕན་འདོགས་པའི་ཕྱིར་སྤྱོད་པ་དམ་པ་དང་ལྡན་པའི་ཕྱིར་ཞེས་
Vol. 120 · folio 208b
ཀྱང་འཆད་དོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་དགོངས་པ་དང་ལྡན་ཞིང་ཞེས་པ་ནས་རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའོ་ཞེས་པའི་བར་དུ་ནི་འདི་མན་ཆད་ཚིག་རྐྱང་པས་རྒྱས་པར་བཤད་པ་དང་། ཚིགས་སུ་བཅད་པས་བསྡུས་ཏེ་བསྟན་པའི་དོན་ནི་དམ་པའི་ཆོས་ཀྱི་དོན་ཆུད་པར་
བྱ་བ་དེ་བཞིན་གཤེགས་པ་ཉག་གཅིག་གིས་མཁྱེན་པ་དེ་སྟོན་ཏེ། བཅོམ་ལྡན་འདས་དགོངས་པ་དང་མཁྱེན་བཞིན་དུ་ལྡན་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་གཟིགས་ཤིང་ཏིང་ངེ་འཛིན་ལས་བཞེངས་པའོ། །ཏིང་ངེ་འཛིན་དེ་ལས་བཞེངས་པ་ཡང་ཆོས་ལ་མངའ་བརྙེས་པའི་དོན་དང་། བཅོམ་
ལྡན་འདས་ཏིང་ངེ་འཛིན་དུ་བཞུགས་པ་ལ་གཞན་གྱིས་བཞེངས་པར་བསྐུལ་མི་ནུས་ཀྱི་བཅོམ་ལྡན་འདས་ཉིད་དེ་ལས་བཞེངས་ཤིང་འབྱུང་བ་དང་འཇུག་པ་ལ་མངའ་བརྙེས་པ་སྟོན་ཏོ། །དེ་ལས་བཞེངས་ནས་ཡང་དག་པའི་དོན་དེ་བཞིན་ལ་བཀའ་མི་སྩོལ་གྱི། ཤཱ་རིའི་བུ་ཞེས་བོས་ཏེ་བཀའ་
སྩལ་པ་ནི་ཤེས་རབ་མཆོག་ཏུ་རྣོ་བས་ཆོས་དམ་པའི་མཆོག་སྣོད་དུ་འགྱུར་བ་དང་འཕགས་པ་ཉན་ཐོས་པ་རྣམས་གཟེངས་བསྟོད་ཅིང་དམ་པའི་ཆོས་འདི་འཕགས་པ་ཉན་ཐོས་པ་རྣམས་ཀྱི་ཆེད་དུ་གསུངས་པ་དང་ཉན་ཐོས་པ་རྣམས་བྱང་ཆུབ་ཆེན་པོ་ལ་གཞོལ་ཞིང་འབྲས་བུ་བླ་ན་མེད་པ་ལ་གཟུད་པ་
དང་འཕགས་པ་ཉན་ཐོས་པ་རྣམས་སྙིང་རྗེ་ཞན་པ་ཡིན་པས་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་ནས་ཆོས་འདི་ལ་ཉན་ཐོས་པ་རྣམས་སྐལ་བ་མེད་པ་དང་དོན་དུ་མ་བཤད་ཅེས་འཇུག་ཏུ་མི་བཏུབ་པའི་ཕྱིར་ཤཱ་རིའི་བུ་ལ་བཀའ་སྩལ་ནས་འཕགས་པ་ཉན་ཐོས་པ་གཞན་ཡང་མདོ་འདི་ལ་འཇུག་པར་
སེམས་བསྐྱེད་པ་དང་བལྟ་བ་དང་། རྟོགས་པར་དཀའ་བ་ནི་ཡེ་ཤེས་དང་ཡེ་ཤེས་ཀྱི་སྒོའོ། །འགྲེལ་པ་ལས་ཀྱང་ཤིན་ཏུ་ཟབ་པ་རྣམ་པ་གཉིས་ཏེ། རྟོགས་པ་ཤིན་ཏུ་ཟབ་པ་དང་གཞུང་ཤིན་ཏུ་ཟབ་པའོ། །རྟོགས་པ་ནི་ཤེས་རབ་པོ། །གཞུང་ནི་ཤེས་རབ་ཀྱི་སྒོའོ། །ཤེས་རབ་ཅེས་པ་ནི་
ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་སྟེ། ཐམས་ཅད་མཁྱེན་པ་ནི་ཡུལ་མཁྱེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ནི་གང་ཡོད་པ་དང་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་དང་ཟག་པ་དང་ཟག་པ་མེད་པ་ལ་སོགས་པ་སྟེ། རྣམ་པ་ཐམས་ཅད་ཐུགས་སུ་ཆུད་པའོ། །
Vol. 120 · folio 209a
ཤེས་རབ་ཀྱི་སྒོ་ནི་གཞུང་ཤིན་ཏུ་ཟབ་པ་སྟེ། དེ་བཞིན་གཤེགས་པས་གསུངས་པའི་ཚིག་དང་དོན་ཐམས་ཅད་དེ་བསམ་གྱིས་མི་ཁྱབ་པའི་ཆོས་ཡེ་ཤེས་རྣམ་པ་ལྔའི་སྤྱོད་ཡུལ་དུ་གྱུར་པའོ། །རྟོགས་པར་དཀའ་བ་ནི་ཐེག་པ་རྣམ་གཅིག་རང་བཞིན་གྱིས་ཤིན་ཏུ་ཟབ་
པ་བླ་ན་མེད་པ་སྟེ། ཡང་དག་པ་ཉིད་ཀྱི་དོན་ཏོ། །ཡང་ཟབ་པ་ནི་དངོས་པོ་དམ་པ་ཡིན་པ་དང་ཆུད་པར་དཀའ་བའོ། །དངོས་པོ་དམ་པ་ནི་རྟོགས་པ་ཤིན་ཏུ་ཟབ་པ་ལྔའོ། །ཆུད་པར་དཀའ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་མི་ནུས་པའོ། །ཤིན་ཏུ་ཟབ་པ་ལྔ་ནི་དོན་
ཟབ་པ་སྟེ་དོན་ཐ་དད་པ་དང་། རང་བཞིན་ཟབ་པ་སྟེ་ངོ་བོ་ཉིད་ཀྱི་ཕྱིར་དང་། རང་གི་རིག་པ་ཟབ་པ་སྟེ། ཡང་དག་པའི་ཡེ་ཤེས་ཀྱི་རང་རིག་པའི་ཡེ་ཤེས་གཞན་གྱིས་ཤེས་པར་མི་ནུས་པ་དང་། གནས་ཟབ་པ་སྟེ། ཆོས་ཀྱི་དབྱིངས་ཆོས་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གཞི་ཡིན་པ་
དང་བླ་ན་མེད་པའི་ཟབ་པ་སྟེ་དངོས་པོ་དམ་པའི་ཕྱིར་ཟབ་པའོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་ཤེས་པར་དཀའ་བའི་ཆོས་ཤེས་པ་རྣམས་སོ་ཞེས་པའི་བར་དུ་ནི་འདིར་གཞུང་ལས་ཤིན་ཏུ་ཟབ་པ་བརྒྱད་འབྱུང་བ་བསྟན་ཏེ། ཅིའི་ཕྱིར་ཞེས་དྲིས་པ་ནི་ཐེག་པ་རྣམ་གསུམ་རྣམ་པར་གྲོལ་བ་ཐོབ་
པར་འདྲ་ན་ཁྱད་པར་ཅི་ཡོད་ཅེས་པ་ལ་ཤིན་ཏུ་ཟབ་པ་འདི་དག་གིས་འཕགས་པ་ཉན་ཐོས་པ་ལས་ཁྱད་པར་དུ་བསྟན་པའི་ཕྱིར་ཤིན་ཏུ་ཟབ་པའི་ཚིག་གི་དོན་རྣམ་པ་བརྒྱད་སྟོན་ཏེ། སངས་རྒྱས་མང་པོ་ལ་བསྙེན་བཀུར་ཞེས་པ་ནི་གཟུང་ཞིང་འཛིན་པ་དང་། ཀློག་ཅིང་འདོན་པ་ཤིན་ཏུ་ཟབ་པ་བསྟན་
ཏེ། བཅོམ་ལྡན་འདས་སྔོན་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སངས་རྒྱས་ཆུ་བོ་གང་གཱའི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ཤིང་ལུང་མནོས་པའི་ཕྱིར་ཤིན་ཏུ་ཟབ་པའོ། །བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅེས་པ་ནི་མངོན་པར་སྒྲུབ་པ་ཤིན་ཏུ་ཟབ་པ་སྟོན་པ་སྟེ། དེ་བཞིན་གཤེགས་པ་རྣམས་བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པས་མངོན་པར་བྱང་ཆུབ་པ་སྟོན་གྱི་ཉན་ཐོས་པ་རྒྱུ་སྒྲུབ་པ་ཙམ་དུ་ཟད་པ་མ་ཡིན་པར་བསྟན་པའི་ཕྱིར་ཤིན་ཏུ་ཟབ་པ་འདི་བསྟན་ཏོ། །བརྩོན་འགྲུས་སྤྱད་པ་རྣམས་ཞེས་པ་ནི་འབྲས་བུ་སྒྲུབ་པ་ཤིན་ཏུ་ཟབ་པ་སྟོན་ཏེ། བརྟུན་པའི་བརྩོན་འགྲུས་ཀྱིས་
Vol. 120 · folio 209b
སྐྱོ་བ་དང་དུབ་པ་མེད་པར་བསྒྲུབས་པས་འབྲས་བུ་དམ་པ་འཐོབ་པ་ནི་འབྲས་བུ་ཤིན་ཏུ་ཟབ་པའོ། །ངོ་མཚར་དང་ཞེས་པ་ནི་བསོད་ནམས་སྤེལ་བའི་སེམས་ཤིན་ཏུ་ཟབ་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དཀའ་བ་སྤྱོད་ཅིང་བརྩོན་པ་མི་གཏོང་བའི་སེམས་ཕྱོགས་ཐམས་ཅད་དུ་གྲགས་
པ་གཞན་གྱིས་ཐོས་ཏེ་ངོ་མཚར་དུ་གྱུར་པ་ཤིན་ཏུ་གྲགས་པ་ཟབ་པའོ། །རྨད་ཀྱི་ཆོས་དང་ལྡན་པ་ཞེས་པ་ནི་ཆོས་དམ་པས་ཚིམ་པའི་སེམས་ཤིན་ཏུ་ཟབ་པ་སྟེ། སྔོན་མ་ཐོབ་པའི་ཆོས་དམ་པ་མངོན་དུ་གྱུར་པས་སེམས་དགའ་བ་དང་མོས་པ་སྐྱེས་པ་ཤིན་ཏུ་ཟབ་བོ། །ཤེས་པར་དཀའ་བའི་
ཆོས་ཤེས་པ་ནི་བླ་ན་མེད་པ་ཤིན་ཏུ་ཟབ་པ་སྟེ། ཤེས་པར་དཀའ་བའི་ཆོས་དེ་དག་དེ་བཞིན་གཤེགས་པ་ཉག་གཅིག་གིས་ཐུགས་སུ་ཆུད་པས་བླ་ན་མེད་པའི་ཟབ་པའོ། །ལྡེམ་པོ་དག་ཤེས་པར་དཀའོ་ཞེས་པ་ནི་འཇུག་པ་ཤིན་ཏུ་ཟབ་པ་སྟེ། མིང་དང་ཚིག་དང་། དོན་ཤིན་ཏུ་ཤེས་པར་
དཀའ་བའི་ཕྱིར་དེ་བཞིན་གཤེགས་པ་རང་གིས་རིག་པ་སྟེ། དེ་ཡང་ཤིན་ཏུ་འཇུག་པར་དཀའ་བ་དང་། བསྙད་པར་དཀའ་བའོ། །འཇུག་པ་ནི་བདག་ཉིད་འཇུག་པའོ། །བཤད་པ་ནི་གཞན་ལ་བཤད་པར་དཀའ་བ་སྟེ། དེ་གཉི་ག་དེ་བཞིན་གཤེགས་པ་ཉག་གཅིག་གིས་སྤྱོད་ཅེས་པའོ། །
ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་དཀའ་བ་ནི་གནས་པ་ཤིན་ཏུ་ཟབ་པ་བསྟན་པ་སྟེ། ཕྱི་ནང་གི་སྤྱོད་པ་ཐུན་མོང་མ་ཡིན་པ་བསྟན་པའོ། །མདོ་ལས་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཞེས་པ་ནས་རྣམ་པ་སྣ་ཚོགས་ཀྱི་ཐབས་མཁས་པ་དང་། ཡེ་ཤེས་དང་མཐོང་བ་དང་། རྒྱུ་དང་གཞི་
དང་། དམིགས་པ་དང་། ངེས་པའི་ཚིག་དང་ཞེས་པའི་བར་དུ་ནི་སྔར་བཤད་པ་དང་ཆུད་པར་བྱ་བའི་ཆོས་དམ་པ་བསྟན། དེའི་འོག་ཏུ་དེ་བཞིན་གཤེགས་པས་དགོངས་པ་དང་སྟོན་པའི་ཆོས་སྨྲ་བ་ཉིད་ཀྱི་ཡོན་ཏན་འཆད་དེ། དེ་བཞིན་གཤེགས་པ་སྟོན་པའི་རྒྱུ་ཕུན་སུམ་ཚོགས་པའོ། །ཐབས་
མཁས་པ་དང་། ཡེ་ཤེས་མཐོང་བ་དང་རྒྱུ་དང་ངེས་པའི་ཚིག་ཅེས་པ་ཚིག་འོག་མས་གོང་མ་འབྲེལ་ཏེ། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་ནས་སེམས་ཅན་དྲང་བའི་ཆེད་དུ་གནས་དེ་དང་དེ་དག་ཏུ་དཔེ་དང་ཐབས་རྣམ་པ་སྣ་ཚོགས་ཀྱིས་ཆོས་བསྟན་ཏེ། སེམས་ཅན་ཆགས་པའི་གནས་ལས་
Vol. 120 · folio 210a
དགྲོལ་བར་མཛད་དོ། །དང་པོ་ཚིག་དེ་བཞི་སོ་སོར་དགྲོལ་བ་དང་དེའི་འོག་ཏུ་ཚིག་རྣམས་ལན་གསུམ་ཙམ་དུ་བཟླས་ཏེ་འཆད་པའོ། །དེ་ཡང་དེ་བཞིན་གཤེགས་པའི་ཡོན་ཏན་རྣམ་པ་བཞི་རྫོགས་པར་བྱ་བ་སྟེ། སེམས་ཅན་བསྒྲལ་བའི་ཕྱིར་བྱོན་པ་དང་བཞུད་
པ་སྟོན་ཅིང་ཐབས་མཁས་པ་རྫོགས་པར་མཛད་པ་སྟེ། དང་པོ་དགའ་ལྡན་གནས་ན་གནས་པ་དང་མྱ་ངན་ལས་འདས་པར་གཤེགས་པའི་བར་དུ་སེམས་ཅན་ལ་ཕན་པའི་དོན་རྣམ་པ་སྣ་ཚོགས་མཛད་པ་ནི་ཐབས་མཁས་པའོ། །ཡེ་ཤེས་མཐོང་བ་ཞེས་པ་ནི་ཆོས་རྣམ་པར་དག་པའི་རྒྱུ་བསྟན་པ་སྟེ།
ཡེ་ཤེས་དང་གཟིགས་པ་མངའ་བའི་ཕྱིར་ཆོས་རྣམ་པར་དག་པ་གཟིགས་ཤིང་མཁྱེན་པར་འོས་པ་སྟེ། སྔར་ནི་ལུས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་བསྟན། འདིར་ནི་རིགས་པ་དང་བཤད་པའི་སྒོ་ནས་སྟོན་པའོ། །ཡེ་ཤེས་མཐོང་བ་ཞེས་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པའི་མཐའ་བསྟན་ཏེ།
ཆོས་སྟོན་པ་ལ་དབང་པོ་དང་མཐུན་པ་ཅི་དང་ཅིས་འདུལ་བ་མཁྱེན་པ་གཟིགས་ཤིང་ཆོས་སྟོན་པའོ། །ངེས་པའི་ཚིག་ཅེས་པ་ནི་སོ་སོ་ཡང་དག་པར་རིག་པ་བཞིས་ཅི་རིགས་པར་ཆོས་སྟོན་པ་སྟེ། དེ་ལ་དང་པོ་སྤྲུལ་པའི་སྐུས་ཐབས་སྣ་ཚོགས་ཀྱིས་ཆོས་སྟོན་པ་བསྟན། དེའི་འོག་མས་ནི་ཆོས་རྣམ་པར་
དག་པའི་རིགས་པས་སེམས་ཅན་གྱི་དོན་མཛད་པ་བསྟན། དེའི་འོག་མས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་མཐར་ཕྱིན་པ་བསྟན། དེའི་འོག་མས་ནི་སོ་སོ་ཡང་དག་པར་རིག་པས་སོ་སོའི་ཡིད་དང་མཐུན་པར་ཆོས་སྟོན་པ་ནི་དེ་བཞིན་གཤེགས་པ་ཉག་གཅིག་གིས་གོ་བར་བསྟན་
པའོ། །ཡང་ན་ཚིག་དེ་བཞི་ཡང་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུ་དང་། སྤོབས་པ་མཐའ་ཡས་པ་དང་ལྡན་པས་སྟོན་པ་ཞེས་སྦྱར་རོ། །མདོ་ལས་རྣམ་པར་བསྟན་པ་རྣམས་ཀྱིས་ཡང་དག་པར་སྟོན་ཏེ། ཐབས་མཁས་པ་དེ་དང་དེས། སེམས་ཅན་དེ་དང་དེ་ལ་
ཆགས་པའི་རྣམས་རབ་ཏུ་འགྲེལ་ཏོ་ཞེས་པ་དེ་གོང་གི་ཚིག་དེ་བཞི་ཡང་དང་ཡང་དུ་བཟླས་ཏེ་དགྲོལ་ཞིང་བཤད་པ་ལ་འདི་ནི་ཐབས་མཁས་པས་སྟོན་ཏེ། ཐབས་མཁས་པ་ནི་མུ་སྟེགས་ཅན་གྱི་རྣམས་ཐབས་སྣ་ཚོགས་ཀྱིས་ཡང་དག་པའི་བསྟན་པ་ལ་འཛུད་པར་མཁས་པས་ཐབས་མཁས་པ་སྟེ། མུ་
Vol. 120 · folio 210b
སྟེགས་ཅན་དེ་དག་ཀྱང་དགེ་བ་ལ་འཛུད་པ་དང་། ཐེ་ཙོམ་བཅད་པ་དང་། ཡེ་ཤེས་དམ་པ་ལ་གཟུད་པ་དང་། བསྡུ་བ་རྣམ་པ་བཞིས་བསྡུ་ཞིང་རྣམ་པར་གྲོལ་བ་ཐོབ་པར་མཛད་པས་ཐབས་མཁས་པ་སྟེ། གོང་མ་བཞི་དང་རིམ་པ་བཞིན་དུ་སྦྱར་རོ། །ཡང་ན་ཐབས་སྣ་ཚོགས་ཀྱིས་དྲང་ཞིང་ཆགས་
པ་ལས་དགྲོལ་བ་སྟེ། ཁམས་ལ་ཆགས་པ་དང་། ས་ལ་ཆགས་པ་དང་། ཕྱོགས་ལ་ཆགས་པ་དང་། ཐེག་པ་ལ་ཆགས་པའོ། །ཁམས་ལ་ཆགས་པ་ནི་ཁམས་གསུམ་ལ་ཆགས་པའོ། །ས་ལ་ཆགས་པ་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བསམ་གཏན་དང་། ཏིང་ངེ་འཛིན་གྱི་ས་ལ་ཆགས་
པའོ། །ཕྱོགས་ལ་ཆགས་པ་ནི་ཁྱིམ་པའི་ཕྱོགས་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་སྟེ་ལས་དང་འཚོ་བ་སྣ་ཚོགས་དང་ཁེ་དང་གྲགས་པ་ལ་ཆགས་པའོ། །ཐེག་པ་ལ་ཆགས་པ་ནི་ཐེག་པ་ཆེ་ཆུང་གི་ལྟ་བ་ལ་གཙོར་འཛིན་ཅིང་ཆགས་པའོ། །མདོ་ལས་ཤཱ་རིའི་བུ་དེ་བཞིན་གཤེགས་པ་
ཞེས་པ་ནས་རྨད་དུ་བྱུང་བའི་ཆོས་དང་ལྡན་ཏེ་ཞེས་པའི་བར་དུ་ནི་གོང་མའི་ཡེ་ཤེས་མཐོང་བ་ཞེས་པས་སྟོན་ཏེ། ཆེན་པོ་ནི་བླ་ན་མེད་པ་མཆོག་ཅེས་པ་ནི་དམ་པའོ། །དེ་ཀུན་ཀྱང་ཡེ་ཤེས་རྣམ་གཉིས་ཀྱི་འཁོར་ཏེ། ཐོགས་པ་མེད་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞིའོ། །སྟོབས་ནི་
སྟོབས་བཅུའོ། །མི་འཇིགས་པ་ནི་མི་འཇིགས་པ་བཞིའོ། །མ་འདྲེས་པ་ནི་བཅོ་བརྒྱད་དོ། །དབང་པོ་དང་སྟོབས་ནི་ལྔ་ལྔའོ། །བྱང་ཆུབ་ཀྱི་ཡན་ལག་ནི་བདུན་ནོ། །བསམ་གཏན་ནི་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་གསུམ་མོ། །སྙོམས་པར་འཇུག་པ་ནི་དགུའོ། །དེ་
དག་གི་མཚན་ཉིད་དང་རྣམ་གྲངས་བཤད་པ་ནི་མདོ་དང་གཙུག་ལག་ལས་རྒྱས་པར་བཤད་པ་བཞིན་ནོ། །མདོ་ལས་རྨད་དུ་བྱུང་བའི་ཆོས་དང་ལྡན་པ་ཞེས་པ་ནས་ཡང་དག་པར་སྟོན་པ་རྣམས་སོ་ཞེས་པའི་བར་དུ་ནི་ངེས་པའི་ཚིག་སྟོན་ཏེ། འགྲེལ་པ་ལས་སྟོན་པ་ཕུན་སུམ་ཚོགས་པ་རྣམ་པ་བདུན་
སྟོན་པ་ལ་འདི་དང་པོ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤིན་ཏུ་ཟབ་མོར་འཇུག་པའོ། །མདོ་ལས་ཤཱ་རིའི་བུ་ཞེས་པ་ནས་གྱིས་ཤིག་ཅེས་པའི་བར་དུ་ནི་ཚིག་ཕུན་སུམ་ཚོགས་པ་དང་། མིང་དང་མཚན་མ་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་བཞིན་གཤེགས་པས་
Vol. 120 · folio 211a
གསུང་སྙན་པ་ཡིད་དུ་འོང་བས་ཆོས་སྟོན་ཏེ། དེ་ནི་འབྲུག་སྒྲ་ལྟར་ཤིན་ཏུ་ཟབ་པ་གསུང་གསལ་ཞིང་དག་པ་རྒྱང་དུ་སྒྲོག་ཅིང་ཐོས་པ་རྣམས་དགའ་བ་སྐྱེ་བ་དང་། སེམས་ལ་ཞེན་པར་དད་ཅིང་གུས་པ་སྐྱེ་བའི་གསུང་དང་། བདེ་བའི་དོན་གོ་སླ་བའི་གསུང་དང་། ཉན་པ་
རྣམས་མི་སྐྱོ་ཞིང་ཆོས་རྣམ་པར་འབྱེད་པ་ལ་མཁས་པའི་གསུང་ངོ་། །མིང་དང་མཚན་ཉིད་ཕུན་སུམ་ཚོགས་པ་ནི་དེ་ཙམ་གྱིས་ཆོག་གིས་ཞེས་པ་སྟེ། སེམས་ཅན་ཆོས་ཀྱི་སྣོད་དུ་གྱུར་པ་རྣམས་སྨིན་པར་གྱུར་ཟིན་པའི་ཕྱིར་ཏེ། ཆོས་ཀྱི་སྣོད་ལ་ཡང་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་
རྣམ་པ་གཉིས་ཏེ། ཡང་དག་པ་ནི་ཤཱ་རིའི་བུ་ལ་སོགས་པའོ། །ཡང་དག་པ་མ་ཡིན་པ་ནི་ང་རྒྱལ་ཅན་རྣམས་སོ། །ཆོས་ཡང་དག་པའི་སྣོད་དུ་གྱུར་པ་ནི་འཕགས་པ་རྣམས་ནི་དམ་པའི་ཆོས་ཀྱི་དགའ་བས་སེམས་རྒྱས་པར་གྱུར་པའི་ཕྱིར་མཆོག་ཅེས་བཀའ་སྩལ་པ་དང་། ཆོས་ཡང་དག་པ་མ་
ཡིན་པའི་སྣོད་ཅན་རྣམས་ཀྱང་རང་གི་འཕགས་པའི་སེམས་ཐོབ་པ་ཙམ་དུ་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་ཆོས་ཐོབ་པས་ཆོག་པར་སེམས་པས་ཆོག་ཅེས་གསུངས་པའོ། །མདོ་ལས་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཞེས་པ་ནས་ངོ་མཚར་རབ་ཏུ་ཐོབ་པ་སྟེ་ཞེས་པའི་བར་དུ་ནི་འདི་བཤད་པར་
འོས་པ་སྟོན་ཏེ། འཕགས་པ་ཤཱ་རིའི་བུ་ལ་སོགས་པ་དབང་པོ་སྨིན་པ་རྣམས་ཡོན་ཏན་རྨད་ཀྱི་ཆོས་རྣམས་བཤད་པར་འོས་པའི་ཕྱིར་ངོ་མཚར་རབ་ཏུ་ཐོབ་པའོ། །མདོ་ལས་ཤཱ་རིའི་བུ་དེ་ཙམ་ཞེས་པ་ནས་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཉིད་མཁྱེན་ཏོ་ཞེས་པའི་བར་དུ་ནི་ཚད་མེད་པའི་རྣམ་པ་
ཕུན་སུམ་ཚོགས་པ་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་མི་འགྱུར་བས་ཆོས་ཀྱི་སྐུའི་རང་བཞིན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་མཁྱེན་པའི་ཕྱིར་རྣམ་པ་ཚད་མེད་པ་མཁྱེན་པའོ། །ཚིག་དེ་དག་གིས་གོང་དུ་སྨོས་པའི་ཐབས་མཁས་པ་དང་ཡེ་ཤེས་མཐོང་བ་
ལ་སོགས་པའི་ཚིག་གི་དོན་རྣམས་མདོ་སྡེ་ཉིད་ཀྱིས་བཀྲོལ་བ་དང་བཅས་སུ་བསྟན་ཏེ། གོ་རིམས་བཞིན་དུ་སྦྱར་ཞིང་ཆུད་པར་བྱའོ། །མདོ་ལས་ཆོས་དེ་དག་གང་ཡིན་པ་དང་ཞེས་པ་ནས་དེ་བཞིན་གཤེགས་པ་ཉིད་མངོན་སུམ་སྟེ། མི་མངོན་པ་མ་ཡིན་ནོ་ཞེས་པའི་བར་དུ་ནི་དེ་བཞིན་
Vol. 120 · folio 211b
གཤེགས་པ་ཡང་ཆོས་ཐམས་ཅད་མངོན་དུ་གཟིགས་ཤིང་མཁྱེན་ནས་ཆོས་སྟོན་ཏོ། །ཚིག་གི་དོན་རྣམ་པ་ལྔ་པོ་དེ་ནི་ལན་བཞིར་བཟླས་ཏེ་བཤད་པར་བྱའོ། །དེ་ལ་ཆོས་གང་ཡིན་ཞེས་པ་ནི་ཐེག་པ་རྣམ་གསུམ་ལ་འཇུག་པ་བཀྲི་བའི་དོན་བསལ་ཏེ་ངེས་པའི་དོན་གང་ཡིན་པ་ལ་འཇུག་པ་དང་། ཆོས་
དེ་དག་ཇི་ལྟ་བུ་ཡིན་པ་ནི་ཐེག་པ་གཅིག་པུ་ལ་དོན་རྣམ་པ་སྣ་ཚོགས་སུ་སྟོན་པའོ། །ཆོས་དེ་དག་ཅི་འདྲ་བ་ཞེས་པ་ནི་ཐེག་པ་རྣམ་གསུམ་གྱི་སྒོར་ཞུགས་པ་ལ་སྤྱོད་པ་རྣམ་པར་དག་པ་བསྒྲུབ་པའོ། །མཚན་ཉིད་ཇི་ལྟ་བུ་ཡིན་པ་ནི་ཐེག་པ་རྣམ་པ་གསུམ་གྱི་མཚན་ཉིད་གཅིག་ཏུ་བསྟན་པའོ། །ངོ་བོ་ཉིད་
ཅི་ཡིན་པ་ནི་མཐར་ཐེག་པ་གཅིག་ཏུ་ཟད་དེ་གཉིས་དང་གསུམ་གྱི་ངོ་བོ་ཉིད་མེད་པར་བསྟན་པའོ། །ཡང་འདི་མན་ཆད་ཚིག་དེ་དག་ལས་གཞན་དུ་གྲོལ་ན་ཆོས་དེ་དག་གང་ཡིན་ཞེས་པ་ནི་འདུས་བྱས་དང་འདུས་མ་བྱས་པའི་ཆོས་སོ། །ཆོས་དེ་དག་ཇི་ལྟ་བུ་ཡིན་པ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་དང་། རྒྱུ་དང་
རྐྱེན་གྱིས་མ་བསྐྱེད་པ་སྟེ། དེ་ལ་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ནི་འདུས་བྱས་ཀྱི་ཆོས་སོ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་ནི་འདུས་མ་བྱས་པའི་ཆོས་སོ། །དེ་དག་ཇི་འདྲ་བ་ནི་རྟག་པ་དང་མི་རྟག་པའི་ཆོས་ཏེ། དེ་ཡང་རྐྱེན་གྱིས་མ་བསྐྱེད་པ་ནི་རྟག་པའི་ཆོས་སོ། །རྐྱེན་གྱིས་བསྐྱེད་པ་ནི་མི་རྟག་པའི་ཆོས་སོ། །
མཚན་ཉིད་ཇི་ལྟ་བུ་ཡིན་པ་ནི་སྐྱེ་བ་དང་། གནས་པ་དང་འཇིག་པའི་ཆོས་ཀྱི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་དང་ལྡན་པ་ནི་འདུས་བྱས་མི་རྟག་པའི་ཆོས་སོ། །མཚན་ཉིད་དེ་གསུམ་དང་བྲལ་བ་ནི་འདུས་མ་བྱས་རྟག་པའི་ཆོས་སོ། །ངོ་བོ་ཉིད་ཅི་ཡིན་པ་ནི་ཕུང་པོ་ལྔའི་ངོ་བོ་ཉིད་དང་ཕུང་པོ་ལྔ་
དང་བྲལ་བའི་ངོ་བོ་ཉིད་ཀྱི་ཆོས་ཏེ། ཕུང་པོ་ལྔ་ནི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དོ། །ཕུང་པོ་ལྔ་དང་བྲལ་བ་ནི་སྐྱེ་བ་མེད་པ་ལ་སོགས་པའོ། །ཡང་བཤད་པ་གསུམ་ནི་ཚིག་དེ་ལྔ་ལས་དང་པོའི་གཉིས་ནི་གོང་དུ་བཤད་པ་དག་དང་འདྲ། ཆོས་དེ་དག་ཅི་འདྲ་ཞེས་པ་ནི་རང་བཞིན་མེད་པ་སྟེ་རྟེན་ཅིང་
འབྲེལ་ཏེ་འབྱུང་བའི་ཆོས་སོ། །མཚན་ཉིད་ཇི་ལྟ་བུ་ཡིན་པ་ནི་བལྟར་རུང་བའི་མཚན་ཉིད་ཀྱི་ཆོས་རྣམས་སོ། །ངོ་བོ་ཉིད་ཇི་ལྟ་བུ་ཡིན་པ་ནི་ཕུང་པོ་ལྔ་གཟུང་བ་དང་འཛིན་པའི་ཆོས་ཏེ། ཀུན་འབྱུང་གི་ངོ་བོ་ཉིད་དམ་ལམ་གྱི་བདེན་པས་གཟུང་བའོ། །ཡང་ཆོས་དེ་དག་ལ་བཤད་པ་བཞི་སྟེ།
Vol. 120 · folio 212a
ཆོས་སྟོན་པའི་བྱེད་པ་ལ་བརྟེན་ཏེ་བཤད་པ་ནི་ཆོས་དེ་དག་གང་ཡིན་ཞེས་པ་ནི་མིང་དང་ཚིག་དང་འབྱུང་བའི་ཚོགས་ཀྱི་བཤད་པའི་ཆོས་སོ། །ཆོས་དེ་དག་ཇི་ལྟ་བུ་ཡིན་པ་ནི་དེ་བཞིན་གཤེགས་པའི་ཆོས་རྣམས་ལ་བརྟེན་ཏེ་བཤད་པའི་ཆོས་རྣམས་སོ། །ཆོས་དེ་
དག་ཅི་འདྲ་བ་ཞེས་པ་ནི་འདུལ་བ་གདུལ་བར་བྱ་བའི་སེམས་ཅན་རྣམས་སོ། །མཚན་ཉིད་ཇི་ལྟ་བུ་ཡིན་པ་ནི་ཚིག་གི་སྒྲ་ལ་བརྟེན་ནས་ཆུད་པར་བྱེད་པ་སྟེ། ཚིག་གི་སྒྲ་ལ་འཇུག་པའི་མཚན་ཉིད་དོ། །ངོ་བོ་ཉིད་ཅི་ཡིན་པ་ནི་ངོ་བོ་ཙམ་ལ་བརྟེན་ནས་ཆོས་ཡང་དག་པ་ལ་འཇུག་པ་ངེས་པ་མ་ཡིན་ཏེ།
དེ་ལ་ཆགས་ཤིང་ཞེན་པ་ཡང་ཡོད་དེ། ཆོས་ཀྱི་ངོ་བོ་ཉིད་ཚིག་གི་ཐ་སྙད་དང་བྲལ་བའི་ངོ་བོ་ཉིད་དུ་རྟོགས་པས་འཇུག་པ་བསྟན་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་ཀྱི་དོན་རྒྱ་ཆེར་བསྟན་པ་ཞེས་པ་ནས་སུས་ཀྱང་ཤེས་པར་མི་ནུས་སོ་ཞེས་པའི་བར་དུ་ནི་འདི་མན་ཆད་
ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་ལ་རྣམ་པ་གཉིས་སུ་ཕྱེ་སྟེ། ཚིགས་བཅད་ཕྱེད་དང་བཅོ་བརྒྱད་ཀྱིས་ནི་གོང་གི་དམ་པ་གཉིས་བསྟན། དེའི་འོག་མ་ཚིགས་བཅད་ཕྱེད་དང་བཞིས་ནི་དད་པའི་སེམས་སྐྱེ་བ་དང་ཡང་དག་པའི་དོན་སྟོན་པ་བཤད་དོ། །དང་པོ་ལ་ཡང་རྣམ་པ་གཉིས་སུ་དབྱེ་
སྟེ། གོང་མ་གཉིས་ཀྱིས་ནི་དམ་པ་གཉིས་བསྟན། དེའི་འོག་མ་ཚིགས་བཅད་ཕྱེད་དང་བཅུ་དྲུག་གིས་ནི་དམ་པ་གཉིས་ཀྱི་དབྱེ་བ་བསྟན་ཏེ་འདི་དང་པོའོ། །ཚིགས་བཅད་དང་པོས་ནི་སྟོན་པའི་ཡོན་ཏན་བསྟན། དེའི་འོག་མ་གཅིག་གིས་ནི་ཆོས་ཀྱི་བསྔགས་པ་བསྟན་ཏོ། །མདོ་ལས། སྔོན་ཆད་
བསྙན་ཅིང་སྤྱད་པ་ནི། །ཞེས་པ་ནས། ཤེས་དཀའ་ཤིན་ཏུ་ལྟ་བར་དཀའ། །ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་བཅད་བཅོ་ལྔས་དམ་པ་གཉིས་ཀྱི་དབྱེ་བ་སྟོན་ཏེ། དེ་ཡང་རྣམ་པ་གཉིས་སོ། །ཚིགས་བཅད་བཅུ་བཞིས་ནི་ཆོས་དམ་པར་བསྔགས། དེའི་འོག་མ་གཅིག་གིས་ནི་ཆོས་སྨྲ་བ་དམ་
པར་བསྔགས་པའོ། །དེའི་དང་པོ་ལ་ཡང་རྣམ་པ་ལྔར་དབྱེ་སྟེ། ཚིགས་བཅད་དང་པོ་གཅིག་གིས་ནི་ཀློག་ཅིང་འདོན་པ་དང་གྲུབ་ཅིང་སྤྱོད་པའི་ཤིན་ཏུ་ཟབ་པ་གཉིས་བསྟན། དེའི་འོག་མ་ཚིགས་བཅད་གཅིག་གིས་ནི་འབྲས་བུ་སྤྱོད་ཅིང་ཡོན་ཏན་རྣམ་པར་འཕེལ་བས་སེམས་བདེ་བའི་དམ་
Vol. 120 · folio 212b
པ་ཐོབ་སྟེ་ཤིན་ཏུ་ཟབ་པ་གསུམ་བསྟན། ཡང་ཚིགས་བཅད་གཅིག་གིས་ནི་བླ་ན་མེད་པའི་ཟབ་པ་བསྟན། ཡང་ཕྱེད་དང་གཉིས་ཀྱིས་ནི་འཇུག་པ་ཤིན་ཏུ་ཟབ་པ་བསྟན། ཡང་ཚིགས་བཅད་ཕྱེད་དང་དགུས་ནི་ཐེག་པ་རྣམ་པ་གཉིས་དང་ཐུན་མོང་མ་ཡིན་པར་འཛིན་པ་ཤིན་ཏུ་ཟབ་པ་བསྟན་ཏེ་འདི་
ནི་དང་པོའོ། །མདོ་ལས། དེ་ལྟར་སྤྱད་པ་སྤྱོད་པ་ནི། །ཞེས་པ་ནས། དེ་ནི་ཅི་འདྲ་བ་ཡང་མཐོང་། །ཞེས་པའི་བར་དུ་ནི་ཚིགས་བཅད་འདི་གཅིག་གིས་ནི་འབྲས་བུ་སྤྱོད་པས་བསོད་ནམས་རྣམ་པར་འཕེལ་བ་སྟོན་ཏེ། སེམས་དགའ་བའི་དམ་པ་ཐོབ་པ་ཡང་བརྩོན་འགྲུས་བསྐལ་པ་གྲངས་མེད་པར་སྤྱད་པས་འབྲས་
བུ་དམ་པ་ཐོབ་སྟེ། ཅི་ཡང་མཁྱེན་ཅིང་གཟིགས་པའི་དམ་པ་ཐོབ་པའོ། །མདོ་ལས། དེ་ནི་ང་ཡིས་རབ་ཏུ་ཤེས། །ཞེས་པ་ནས། །དེ་ཡི་མཚན་ཉིད་ཅི་འདྲ་བ། །ཞེས་པའི་བར་དུ་ནི་འདིས་བླ་ན་མེད་པའི་ཤིན་ཏུ་ཟབ་པ་བསྟན་ཏེ། དེའི་ངོ་བོ་ཉིད་དང་གཞུང་ཅི་འདྲ་བར་དེ་བཞིན་གཤེགས་
པས་རབ་ཏུ་མཁྱེན་ཅེས་པའོ། །མདོ་ལས། དེ་ནི་བསྟན་དུ་མི་ནུས་ཏེ། །ཞེས་པ་ནས། །རྣམ་དག་གང་རྣམས་དད་ལ་གནས་པའོ། །ཞེས་པའི་བར་དུ་ནི་འཇུག་པ་ཤིན་ཏུ་ཟབ་པ་བསྟན་ཏེ། དེ་བཞིན་གཤེགས་པའི་ཆོས་སྟོན་པ་མིང་དང་ཚིག་དང་ཡིག་འབྲུས་ཆོས་སྟོན་པ་འཇུག་པ་དང་
ཤེས་པར་དཀའ་བས་འཇུག་པ་ཤིན་ཏུ་ཟབ་པའོ། །ཡང་ན་དེ་བཞིན་གཤེགས་པ་ཉིད་ཟབ་མོ་འདི་ལ་གནས་ཤིང་ཞུགས་པའི་ཕྱིར་མུ་སྟེགས་ཅན་ལས་ཁྱད་པར་དུ་བསྟན་ཏེ། མུ་སྟེགས་ཅན་ལྟ་བུ་རང་གི་ཆོས་སྤྱོད་ཀྱང་ཆོས་ཉིད་མ་རྟོགས་པ་ལྟ་བུ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་
མོ་ཚིག་གི་ཐ་སྙད་དང་བྲལ་བ་སེམས་ཅན་རྣམས་ཀྱིས་འཇུག་པར་མི་ནུས་ཀྱི། བྱང་ཆུབ་སེམས་དཔའ་དད་པ་བརྟན་པ་ལ་གནས་པ་ཉག་གཅིག་གིས་མཁྱེན་ཅེས་པའོ། །བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་ཡན་ཆད་ཆོས་བཞི་ལ་དད་པའི་ཕྱིར་མི་ནུར་བ་རྣམས་ཀྱི་ཆོས་འདི་ལ་བཟོད་
པས་བཤད་པར་འོས་ཀྱི་གཞན་ལ་མ་ཡིན་ཞེས་པའོ། །ཆོས་བཞི་ནི་དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ་ཡིད་ཆེས་ཤིང་ཕྱིར་མི་ནུར་བའོ། །མདོ་ལས་གང་དེ་འཇིག་རྟེན་གྱིས་མཁྱེན་པའི་ཕྱིར་རྣམ་པར་ཤེས་པ་ནས། དེ་དག་ཡུལ་མེད་རྒྱལ་བའི་ཡེ་ཤེས་ལ། །ཞེས་པའི་བར་དུ་ནི་འདི་མན་ཚིགས་བཅད་ཕྱེད་
Vol. 120 · folio 213a
དང་བཅུས་ཐེག་པ་རྣམ་པ་གཉིས་དང་ཐུན་མོང་མ་ཡིན་པ་སྟོན་ཏེ། གནས་ཤིང་འཛིན་པ་ཤིན་ཏུ་ཟབ་པ་དང་སྦྱར་རོ། །དེ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དང་པོ་ཚིགས་བཅད་བཞིས་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པ་བསྟན། ཚིགས་བཅད་གཉིས་ཀྱིས་ནི་རང་
སངས་རྒྱས་དང་ཐུན་མོང་མ་ཡིན་པ་བསྟན། ཚིགས་བཅད་ཕྱེད་དང་བཞིས་ནི་བྱང་ཆུབ་སེམས་དཔའ་དང་ཐུན་མོང་མ་ཡིན་པར་བསྟན་ཏོ། །ཚིག་རྐྱང་པ་ལས་ནི་ཐེག་པ་རྣམ་པ་གཉིས་དང་ཐུན་མོང་མ་ཡིན་པ་ཉི་ཚེ་བསྟན། ཚིགས་སུ་བཅད་པ་ལས་ནི་བྱང་ཆུབ་སེམས་དཔའ་དང་ཐུན་མོང་མ་ཡིན་
པའང་སྟོན་ཏོ། །ཉན་ཐོས་དང་ཐུན་མོང་མ་ཡིན་པའང་དབང་པོ་རྣོན་པོ་ཤཱ་རིའི་བུ་ལྟ་བུ་དང་ཐུན་མོང་མ་ཡིན་པ་དང་། འཁོར་གཞན་དང་ཡང་ཐུན་མོང་མ་ཡིན་པ་བསྟན་པ་ལས་འདི་ནི་དང་པོ་དང་སྦྱར་རོ། །ཟག་པ་ཟད་པ་འཕགས་པ་དགྲ་བཅོམ་པའི་ལུས་ཐོབ་པའི་ཡེ་ཤེས་ཀྱིས་ཀྱང་མི་སྐྲུན་
ཅེས་པའོ། །མདོ་ལས་གལ་ཏེ་འཇིག་རྟེན་འདི་དག་ཐམས་ཅད་དུ་ཞེས་པ་ནས་དེའི་བདེ་གཤེགས་ཡེ་ཤེས་མི་ནུས་ཞེས་པའི་བར་དུ་འདིས་ནི་དབང་པོ་རྣོན་པོ་འཕགས་པ་ཤཱ་རིའི་བུའི་ཡེ་ཤེས་ཀྱིས་ཀྱང་ཤེས་པར་མི་ནུས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཤེས་པ་དང་ཆུད་པར་དཀའ་བ་བསྟན་ཏོ།
མདོ་ལས། གལ་ཏེ་ཁྱོད་འདྲར་མཁས་པ་རྣམས་ཀྱིས་སུ། །ཞེས་པ་ནས། ཐམས་ཅད་འདུས་པར་ཤེས་པར་མི་ནུས་ཏེ། །ཞེས་པའི་བར་དུ་ནི་ཕྱོགས་བཅུའི་གང་ཤེས་རབ་རྣོན་པོར་གྱུར་པ་འཕགས་པ་ཤཱ་རིའི་བུ་ལྟ་བུ་དང་། གཞན་ཡང་དབང་པོ་རྣོ་བ་རྣམས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་
པའི་ཤེས་རབ་ཀྱིས་ཀྱང་ཤེས་པར་མི་ནུས་ཞེས་བསྟན་ཏོ། །མདོ་ལས། ཇི་ཙམ་ཚད་མེད་ཡེ་ཤེས་ངས་ཤེས་པ། །ཞེས་པ་ནས། དེ་ཡི་ཡང་དག་དོན་ནི་ཡོངས་མི་ཤེས། །ཞེས་པའི་བར་དུ་ནི་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་བསྟན་ཏེ། རང་སངས་རྒྱས་ལ་ཡང་བསེ་རུ་བཞིན་དུ་གཅིག་པུར་
གནས་པ་དང་། མང་པོ་ཁྱུས་ལྡིང་བ་སྟེ་ཆོས་རྣམ་པར་འབྱེད་པ་ལ་མ་ཞུགས་པ་ནི་གཅིག་པུ་གནས་པས་སྒྲུབ་པའོ། །ཆོས་རྣམ་པར་འབྱེད་པ་ལ་ཞུགས་པ་ནི་ཁྱུས་ལྡིང་བ་འགྲུབ་པ་སྟེ། རྣམ་པར་གྲོལ་བའི་ཆ་མ་སྐྱེས་པ་དང་རྣམ་པར་གྲོལ་བའི་ཆ་སྐྱེས་པའི་བྱེ་བྲག་གིས་དབྱེའོ། །མདོ་ལས།
Vol. 120 · folio 213b
བྱང་ཆུབ་སེམས་དཔའ་ཐེག་པ་གསར་ཞུགས་རྣམས། །ཞེས་པ་ནས། །འདི་ལ་དེ་དག་གི་ཡང་ཡུལ་མེད་དོ། །ཞེས་པའི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང་ཐུན་མོང་མ་ཡིན་པ་བསྟན་པ་སྟེ། བྱང་ཆུབ་ཀྱང་བྱང་ཆུབ་སེམས་དཔས་མི་དཔོགས་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོས་མི་
དཔོགས་པ་དང་གཉིས་ཏེ། འདི་ནི་དང་པོའོ། །སེམས་གསར་དུ་བསྐྱེད་ཅེས་པ་ནི་ཡོན་ཏན་དྲུག་དང་ལྡན་པ་སྟེ། བསྙེན་བཀུར་བྱེད་པ། དོན་རྟོགས་པ་འཆད་མཁས་པ་འཁོར་མང་བ་སེམས་གཅིག་ཏུ་གྱུར་པ་རྣམས་ཀྱིས་ཀྱང་མི་དཔོགས་ཞེས་པའོ། །མདོ་ལས། ཕྱིར་མི་ལྡོག་པའི་བྱང་ཆུབ་
སེམས་དཔའ་གང་། །ཞེས་པ་ནས། །འདི་ལ་དེ་དག་གི་ཡང་ཡུལ་མེད་དོ། །ཞེས་པའི་བར་དུ་ནི་དབང་པོ་རྣོན་པོའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་མི་རིག་པར་སྟོན་ཏེ། ཕྱིར་མི་ལྡོག་པའི་ས་བརྒྱད་པ་ཡན་ཆད་དོ། །མདོ་ལས། ཟབ་ཅིང་ཤིན་ཏུ་ཕྲ་བའི་ཆོས་ཤེས་པ། །ཞེས་པ་
ནས། །ཡུན་རིང་བཤད་ཀྱང་མཆོག་གི་དོན་ཡིན་ནོ། །ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་སུ་བཅད་པ་ཕྱེད་དང་བཞིས་དད་པའི་སེམས་བསྐྱེད་པར་བསྐུལ་བ་སྟེ། དེ་ཡང་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་ཤཱ་རིའི་བུ་ལ་མཆོག་གི་དོན་བསྟན་ཏེ་བསྐུལ། འོག་མ་ཚིགས་བཅད་གཉིས་ཀྱིས་ནི་ཐེག་
པ་རྣམ་གཉིས་ཀྱིས་འཁོར་མང་པོ་ལ་ཐབས་ཀྱིས་བསྐུལ་བ་བསྟན་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལ་དད་པ་བསྐྱེད་ཅིག་པའོ། །མདོ་ལས། བསྒོའོ་ཉན་ཐོས་འདི་དག་ཐམས་ཅད་དང་། །ཞེས་པ་ནས། ཐེག་པ་གསུམ་རྣམས་ཉེ་བར་བསྟན་པ་ནི། །ཞེས་པའི་བར་དུ་ནི་ཚིགས་སུ་བཅད་
པ་གཉིས་ཀྱིས་ཐེག་པ་གཉིས་པའི་འཁོར་ལ་ཐེག་པ་ཆེན་པོ་བསྟན་ཞིང་བླ་ན་མེད་པར་གཏང་བའི་ཕྱིར་ཐེག་པ་གསུམ་པ་བསྟན་ཏོ། །མདོ་ལས་དེ་ནས་འཁོར་དེ་ན་ཞེས་པ་ནས་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་སོ་ཞེས་པའི་བར་དུ་ནི་འཁོར་བཞི་པོ་རྣམས་ཀྱི་ཐེ་ཙོམ་དུ་གྱུར་པ་ཆེད་དུ་གླེངས་ཏེ་བཅོམ་ལྡན་འདས་
ལ་དོན་དེ་དགྲོལ་བར་ཡིད་ཀྱིས་བསམས་པའོ། །མདོ་ལས་ཀྱེ་མ་གང་གི་རྒྱུ་ཅིའི་ཕྱིར་ཞེས་པ་ནས་ཤེས་པར་དཀའོ་ཞེས་པའི་བར་དུ་ནི་ཐེ་ཙོམ་གྱི་དོན་ཉིད་གླེངས་ཏེ། ཐེག་པ་རྣམ་པ་གཉིས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པར་དཀའ་བའི་དོན་དེ་དངོས་སུ་གང་ཡིན་ཞེས་པའོ། །མདོ་ལས་དེ་ལྟར་
Vol. 120 · folio 214a
བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བ་གཅིག་གོ་ཞེས་བཀའ་སྩལ་པ་ཞེས་པ་ནས་མ་རིག་གོ་སྙམ་པའི་བར་དུ་ནི་འདི་ཉིད་ཐེ་ཙོམ་གྱི་དོན་ངེས་པ་སྟེ། མྱ་ངན་ལས་འདས་པ་ཐོབ་པ་ཡན་ཆད་ནི་བསམ་གཏན་གྱི་དོན་ལ་ཐེ་ཚོམ་ཟ་བ། འཕགས་པ་ཉན་ཐོས་པ་རྣམས་ལྟ་བ་ཟབ་མོ་
ལ་གཟུད་པ་དང་། མྱ་ངན་ལས་འདས་པ་ཆེན་པོ་ལ་བརྟེན་པའི་ཕྱིར་ཤེས་པ་དང་ཆུད་པར་དཀའ་བའི་དོན་ཞེས་སྨོས་སོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས་ཡང་དང་ཡང་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་དགེ་བར་བཤད་དུ་གསོལ་ཞེས་པའི་བར་དུ་ནི་འཕགས་པ་ཤཱ་རིའི་
བུས་ཐེ་ཚོམ་གླེངས་པ་སྔར་ནི་ཚིག་རྐྱང་པས་གསོལ། དེའི་འོག་ཏུ་ནི་ཚིགས་སུ་བཅད་པས་བསྡུས་ཏེ་གསོལ་པའོ། །དེ་ཡང་སྔར་ནི་ཐེ་ཚོམ་གྱི་དོན་གླེངས། དེའི་འོག་ཏུ་ནི་ཐེ་ཚོམ་བཅད་པར་གསོལ་བའོ། །ཐེ་ཙོམ་གྱི་དོན་ནི་ཐེག་པ་རྣམ་གསུམ་གྱིས་རྣམ་པར་གྲོལ་བ་སོ་སོའི་བྱེ་བྲག་དང་། ཁྱད་
པར་ཡོད་པ་ཡང་བསྟན། ཐེག་པ་རྣམ་གསུམ་རྣམ་པར་གྲོལ་གཅིག་སྟེ། །རྣམ་པར་གྲོལ་བའི་ཁྲི་གཅིག་ལ་བཞུགས་སོ། །ཞེས་ཀྱང་བསྟན་པ་དེ་ཉིད་རྒྱུ་ལ་ཐེ་ཙོམ་དུ་གྱུར་ཏོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཀྱི་མཚན་ཉིད་དང་། ཆོས་ཀྱི་སྐུ་གཉིས་སུ་མེད་པ་ལས་དགོངས་པ་དང་། མྱ་
ངན་ལས་འདས་པ་ཆེན་པོ་ལས་རྣམ་པ་གསུམ་བསྟན་པ་བཞིན་ཅི་རིགས་པར་ཆུད་པར་བྱའོ། །ཅིའི་རྒྱུ་ཞེས་པ་ནི་དོན་ཅི་ལས་གླེངས་པའོ། །ཅིའི་ཕྱིར་ཞེས་པ་ནི་དངོས་པོའོ། །དངོས་པོ་གང་ལས་དྲིས་ཞེས་པའི་དོན་ཏོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས། དེ་དག་ཚད་མེད་ངས་ཐོབ་དང་། །ཞེས་པའི་བར་དུ་ནི་
ཚིགས་སུ་བཅད་པ་བཅུ་གཅིག་ལ་རྣམ་པ་བཞིར་དབྱེ་སྟེ། དང་པོ་ཚིགས་སུ་བཅད་པ་ཕྱེད་དང་བཞིས་ནི་བཅོམ་ལྡན་འདས་ལ་ཐབས་མཁས་ཤིང་ཤིན་ཏུ་ཟབ་པའི་སྒོ་ནས་བསྟོད་པ་དང་། ཡང་ཚིགས་སུ་བཅད་པ་གསུམ་གྱིས་ནི་འཁོར་བཞི་པོ་རྣམས་ཀྱི་ཐེ་ཚོམ་གླེངས་པ་དང་། ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ཐེ་
ཚོམ་དེ་ལྟ་བུ་སྔོན་མ་ཐོས་པ་གླེངས་པ་དང་། ཡང་ཚིགས་བཅད་གསུམ་གྱིས་བཅོམ་ལྡན་འདས་ལ་ཡང་དོན་དེ་བཤད་པར་གསོལ་བའོ། །དེ་དག་ལ་ཡང་དེ་བཞིན་གཤེགས་པ་ཉིད་ཀྱིས་དགོངས་ཤིང་མཁྱེན་པ་ཟབ་ཅིང་རྒྱ་ཆེ་བ་དང་། ཐོགས་པ་མེད་པར་འཇུག་པ་བསྟན་ཏོ། །ཉི་མ་ཞེས་པ་ནི་བཅོམ་ལྡན་
Vol. 120 · folio 214b
འདས་ཀྱི་ཡོན་ཏན་གྱི་དཔེ་སྟེ། ཉི་མ་དེས་མུན་པ་སེལ་བ་དང་། བྱ་བ་ལ་འཇུག་པ་སློང་བ་དང་། བྱ་མང་པོ་སྐད་འབྱིན་པ་དང་། གདུང་བ་བསྐྱེད་པ་བཞིན་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་བས་ཀྱང་མ་རིག་པའི་མུན་པ་སེལ་བ་དང་། བསོད་ནམས་ཀྱི་བྱ་བ་བྱེད་པ་སྟོན་པ་དང་། འཁོར་མང་པོ་ལ་
ཆོས་སྒྲོག་པ་དང་། བདུད་དང་མུ་སྟེགས་གདུང་བ་བསྐྱེད་པའོ། །མདོ་ལས། སྙིང་པོ་བྱང་ཆུབ་བརྗོད་མཛད་པ། །ཞེས་པ་ནས། །མ་དྲིས་པར་ཡང་གསུང་མཛད་པ། །ཞེས་པའི་བར་དུ་ནི་ཚིགས་བཅད་གོང་མ་གཉིས་ཀྱིས་ནི་མངོན་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་ཤེས་པ་བསྟན།
འོག་མ་གཉིས་ཀྱིས་ནི་གོང་མ་དེ་ཉིད་ཐེག་པ་རྣམ་གཉིས་ཀྱིས་ནི་མི་ཤེས་ཏེ། ཡེ་ཤེས་ཟབ་མོའི་སྤྱོད་ཡུལ་དུ་བསྟན་པའོ། །མདོ་ལས། ཉིད་ཀྱི་སྤྱོད་པ་ཀུན་ཀྱང་བརྗོད། །ཞེས་པ་ནས། ཐུབ་པ་ཆེན་པོ་ལུང་བསྟན་གསོལ། །ཞེས་པའི་བར་དུ་ནི་དེ་ལ་དང་པོའི་ཚིགས་བཅད་གཅིག་གིས་ནི་བཅོམ་ལྡན་འདས་
ཏིང་ངེ་འཛིན་ལས་བཞེངས་ཤིང་ཆོས་ཉིད་ཀྱིས་བསྒྲགས་པ་དང་། དེའི་འོག་མས་ནི་འཁོར་བཞི་རྣམས་ཀྱི་ཐེ་ཚོམ་གླེང་ཞིང་དགྲོལ་བར་གསོལ་བའོ། །མདོ་ལས། ཇི་སྙེད་འཁོད་པའི་ཉན་ཐོས་ནི། །ཞེས་པ་ནས། འོན་ཏེ་བདག་ལ་སྤྱོད་བསྟན་ཏམ། །ཞེས་པའི་བར་དུ་ནི་འབྲས་བུ་ཐོབ་པ་དེ་འབྲས་བུ་ཉིད་མངོན་དུ་གྱུར་
པའམ། རྒྱུ་མངོན་དུ་གྱུར་པ་ཡིན། འབྲས་བུ་མངོན་དུ་གྱུར་པ་ཡིན་ན་ནི་མངོན་པར་བསྟོད་ཀྱང་ཅི་དགོས། རྒྱུ་མངོན་དུ་གྱུར་པ་ཡིན་ན་ནི་རྒྱུ་བསྒྲུབས་པས་གཟོད་འབྲས་བུ་རྩོམ་པ་ཡིན་པའི་ཕྱིར་འཁོར་རྣམས་ཀྱིས་ཐོབ་པར་ངེས་པའི་སེམས་བསྐྱེད་དེ། དེ་ངེས་པའི་དོན་མེད་པས་ཤཱ་རིའི་བུ་ཐེ་ཙོམ་དུ་གྱུར་པ་
བསྟན་ཏོ། །མདོ་ལས། །རྔ་མཆོག་དབྱངས་ཀྱིས་རབ་ཏུ་སྒྲ་ཕྱུང་སྟེ། །ཞེས་པ་ནས། ཀྱེ་མ་ཇི་ལྟར་སྤྱོད་རྫོགས་བྱས། །ཞེས་པའི་བར་དུ་ནི་འཕགས་པ་ཉན་ཐོས་པའི་འཁོར་རྣམས་ཀྱིས་ཆོས་བཤད་པར་གསོལ་བ་དང་། ཕྱིའི་འཁོར་རྣམས་ཀྱིས་ཆོས་བཤད་པར་གསོལ་བའོ། །དེ་བཞིན་གཤེགས་
པས་བསྟན་པའི་ཐུགས་ལས་སྐྱེས་པའི་སྲས་པོས། མངལ་ནས་སྐྱེ་བ་ལ་སོགས་པ་གསོལ་བའོ། །མདོ་ལས་དེ་སྐད་ཅེས་གསོལ་པ་དང་ཞེས་པ་ནས་སྡང་བར་འགྱུར་ཞེས་པའི་བར་དུ་ནི་འདི་ལ་དུམ་བུ་གཉིས་སུ་དབྱེ་སྟེ། སྔར་དགག་པ་དང་ཕྱིས་གསོལ་བ་སྟེ། འདི་ནི་མི་བཤད་པར་དགག་པའོ། །
Vol. 120 · folio 215a
ཡང་འཆད་ཅིང་ལུང་སྟོན་པ་ཡང་རྣམ་པ་བཞི་སྟེ། ངེས་པར་ལུང་བསྟན་པ་ལ་སོགས་པའོ། །ཡང་ལུང་བསྟན་པ་ཡང་རྣམ་པ་གསུམ་སྟེ་སྔོན་འདས་པའི་དུས་ན་འཁོར་རྣམས་ཀྱིས་ལེགས་ཉེས་ཅི་བྱས་པ་སྟོན་པ་དང་། སྐྱེས་བུ་ཆེན་པོ་སངས་རྒྱས་སུ་ལུང་སྟོན་པ་དང་། ལྡེམ་
པོ་ངག་གི་དོན་ངེས་པར་སྟོན་པའོ། །ཡང་འགྲེལ་པ་ལས་དོན་རྣམ་པ་བཞི་ལ་བརྟེན་ཏེ། སེམས་ངེས་པ་དང་། ལུང་སྟོན་པའི་རྒྱུ་དང་ལུང་ནོད་པ་དང་། ལུང་དཔོག་པར་གསོལ་བ་སྟེ། སེམས་ངེས་པ་ལ་ནི་དེ་བཞིན་གཤེགས་པའི་རང་བཞིན་ངེས་པར་ཡོད་པ་ལས་དགོངས་ཏེ་མི་བཤད་པར་དག་
པའོ། །སྡང་བ་ལ་རྣམ་པ་ལྔ་སྟེ། སྐུར་བས་སྡང་བ་དང་སྒྲུབ་དཀའ་བའི་ཕྱིར་སྡང་བ་དང་། ཕྱིན་ཅི་ལོག་དུ་སྡང་བ་དང་། འགྱོད་པས་སྡང་བ་དང་། དོགས་པས་སྡང་བའོ། །སྐུར་པས་སྡང་བ་ནི་ཐོས་པའི་སྒྲས་སྡང་བ་སྟེ་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བ་ཉིད་ཡང་དག་པའི་མཐའ་ཡིན་པར་སེམས་པ་ལ་
ཐེག་པ་ཆེན་པོའི་མྱ་ངན་ལས་འདའ་བ་ཐོས་པས་གཉིས་ཀ་ལ་སྐུར་ཅིང་སྡང་བ་དང་། སྒྲུབ་དཀའ་བའི་ཕྱིར་སྡང་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐལ་པ་གྲངས་མེད་པར་བསྒྲུབས་པས་གདོད་འགྲུབ་པ་ལས་སེམས་ནུར་ཞིང་སྡང་བ་དང་། ཕྱིན་ཅི་ལོག་གིས་སྡང་བ་ནི་དབང་པོ་མ་སྨིན་པའི་སེམས་ཅན་མ་
རབས་ཀྱི་རིགས་ཅན་ཉོན་མོངས་པ་སྟུག་པ་བདག་དང་བདག་གིར་འཛིན་པ་ལ་ཞེན་པ་ལ་ཆོས་ཟབ་མོ་བསྟན་ན་ཕྱིན་ཅི་ལོག་ཏུ་འཛིན་ཅིང་སྡང་བ་དང་། འགྱོད་པའི་སྡང་བ་ནི་འཕགས་པ་ཤཱ་རིའི་བུ་ལྟ་བུ་ཐེག་པ་ཆུང་ངུ་ལ་གནས་པའི་སེམས་ལ་འགྱོད་ཅིང་དངང་བས་ཐེག་པ་ཆེན་པོ་ལ་འཇུག་པ་ལྟ་བུའོ། །
དོགས་པས་དངང་བ་ནི་ལྷག་པའི་ང་རྒྱལ་ཅན་ཏེ། དེ་ཡང་ཉན་ཐོས་ཀྱི་རིགས་ལ་ནི་རིགས་ངེས་པ་དང་མ་ངེས་པ་གཉིས་སོ། །སེམས་ཅན་མ་རབས་ལ་ནི་མ་ཐོབ་པ་ཐོབ་པར་སེམས་པ་དང་། ཉོན་མོངས་པ་སྟུག་པོ་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ལ་ནི་ཕྱིར་ལྡོག་པ་དང་མི་ལྡོག་པ་
ལ་གནས་ཏེ་ངེས་པའི་རིགས་ཅན་གྱི་ཉན་ཐོས་ནི་སྐུར་པས་དངང་ངོ་། །མ་ངེས་པའི་རིགས་ཅན་ནི་འགྱོད་པས་དངང་ངོ་། །མ་ཐོབ་པ་ཐོབ་པར་སེམས་པ་ནི་དོགས་པས་དངང་ངོ་། །ཉོན་མོངས་པ་སྟུག་པ་ནི་ཕྱིན་ཅི་ལོག་གིས་དངང་ངོ་། །ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་སྒྲུབ་པར་དཀའ་བས་
Vol. 120 · folio 215b
དངང་ངོ་། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་དངང་བ་རྣམས་དང་བྲལ་བ་སྟེ། ཐེག་པ་གཅིག་པོ་བཤད་པར་འོས་པའི་སྣོད་དུ་གྱུར་པའོ། །ཡང་མི་བཤད་པར་དགག་པ་ནི་གང་ཟག་རྣམ་པ་གཉིས་ཀྱི་དོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ངེས་པའི་སེམས་པ་དང་སྒྲུབ་པར་དཀའ་
བ་ལས་ལྷག་པར་སེམས་པ་གཉིས་ཀྱི་ཕྱིར་རོ། །ཡང་མི་བཤད་པར་དགག་པ་ནི་ལྷ་དང་མི་ལ་སོགས་པ་དོན་མ་རྟོགས་པར་དངང་བ་དང་། འཁོར་མང་པོ་དོན་ཟབ་མོ་ཚོལ་དུ་གཞུག་པ་དང་། གུས་ཤིང་རིན་ཆེ་བར་སེམས་སུ་གཞུག་པ་དང་། ལྷག་པའི་ང་རྒྱལ་ཅན་རྣམས་གདུལ་
བའི་ཕྱིར་རོ། །མདོ་ལས་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཞེས་པ་ནས་བདེ་བར་གཤེགས་པ་བཤད་དུ་གསོལ་ཞེས་པའི་བར་དུ་ནི་འདས་པའི་དེ་བཞིན་གཤེགས་པ་གྲངས་མེད་པ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པར་སྟོན་པ་སྟེ། འདི་ཆོས་བཤད་པར་གསོལ་བ་གཉིས་པ་སྔར་
ནི་ཚིག་རྐྱང་པས་གསོལ། དེའི་འོག་ཏུ་ནི་ཚིགས་སུ་བཅད་པས་བསྡུས་པ་སྟེ། འདི་ནི་དང་པོའོ། །མདོ་ལས་དེ་ཅིའི་སླད་དུ་ཞེ་ན་ཞེས་པ་ནས་ཡིད་ཆེས་པ་དང་འཛིན་པ་མཆིས་སོ་ཞེས་པའི་བར་དུ་ནི་འདི་བསྟན་པར་འོས་པའི་རྒྱུ་བསྟན་པ་སྟེ། སྔོན་དེ་བཞིན་གཤེགས་པ་མཐོང་བའི་རྒྱུ་བཟང་
པོ་ཡོད་པ་ཤེས་རབ་རྣོ་ཞིང་དབང་པོ་གསལ་བ་དོན་ཟབ་མོ་ལ་མཁས་པའི་འཁོར་རྣམས་ཞེས་སྦྱར་རོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཞེས་པ་ནས་ཁྱོད་ཀྱིས་ཆོས་བསྟན་གང་གིས་འཚལ་བར་འགྱུར་ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པས་བསྡུས་པའོ། །མདོ་ལས་དེ་ནི་
བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ་ཞེས་པའི་བར་དུ་ནི་དགག་པ་གསུམ་པ་སྟེ། ཐོས་པའི་རྒྱུ་དང་མི་ལྡན་པའི་ང་རྒྱལ་ཅན་རྣམས་འཇིག་རྟེན་པའི་བསམ་གཏན་བཞི་ལ་གནས་པ་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པ་ཐོབ་པར་སེམས་པའི་འཆི་བའི་དུས་
ཀྱི་ཚེ་ན་འཕགས་པའི་ལམ་མེད་དོ་ཞེས་སྐུར་པས་སེམས་ཅན་དམྱལ་བའི་གཡང་ས་ཆེན་པོར་ལྷུང་ངོ་ཞེས་པའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་སྨན་པ་དང་བདེ་བར་འགྱུར་རོ་ཞེས་པའི་བར་དུ་ནི་ཆོས་བཤད་པར་གསོལ་བ་གསུམ་པ་སྟེ། བཤད་པར་གསོལ་བ་
Vol. 120 · folio 216a
དང་ཆོས་ཀྱི་སྣོད་དུ་རུང་བའི་གཏན་ཚིགས་སྨོས་ཏེ། འཕགས་པ་ཤཱ་རིའི་བུ་བདག་ཉིད་ཚེ་རབས་ཀྱང་དྲན་ལ་གཞན་གྱི་དབང་པོའང་རྟོགས་པ་ཡིན་པས་ཆོས་ཀྱི་སྣོད་དུ་འགྱུར་བའི་གཏན་ཚིགས་ཀྱིས་གསོལ་ཏོ། །མདོ་ལས་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེའི་
ཚེ་ཞེས་པ་ནས། དེ་དག་ཁྱོད་ཀྱིས་ཆོས་བཤད་དད་པར་འགྱུར། །ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པ་བཞི་ལ་དང་པོ་ཚིགས་བཅད་གཅིག་གིས་ནི་ཤཱ་རིའི་བུ་ཉིད་སྲས་ཀྱི་ཐུ་བོ་ཡིན་པའི་སྒོ་ནས་ཆོས་བཤད་པར་གསོལ་བ་དང་། དེའི་འོག་གི་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་སྔོན་དེ་བཞིན་
གཤེགས་པས་བྱིན་གྱིས་བརླབས་པ་ཤ་སྟག་གོ་ཞེས་གཞན་ལ་གླེངས་ཏེ་གསོལ་བ་དང་། དེའི་འོག་གི་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་བདག་དང་གཞན་གཉི་ག་ལས་གླེངས་ཏེ་གསོལ་བ་ལས་འདི་ནི་དང་པོའོ། །རྐང་གཉིས་ཀྱི་གཙོ་བོ་ཞེས་པ་ནི་ལྷ་དང་མི་ཆོས་ཀྱི་སྣོད་དུ་གྱུར་པ་ཡིན་ལ་
དེའི་གཙོ་བོ་བས་ན་བཅོམ་ལྡན་འདས་རྐང་གཉིས་ཀྱི་གཙོ་བོས་གསུངས་སོ། །མདོ་ལས། གང་དུ་ཁྱོད་ཀྱིས་རྟག་པར་སྔོན་འཁོར་ན། །ཞེས་པ་ནས། གང་དག་དད་འགྱུར་ཁྱོད་ཀྱིས་ཆོས་འདི་ལ། ཞེས་པའི་བར་དུ་ནི་རྒྱུ་སྨིན་པ་ལས་གླེངས་ཏེ། ཆོས་བཤད་པར་གསོལ་པའོ། །མདོ་ལས།
འདི་དག་བདག་འདྲ་བརྒྱ་ཕྲག་བཅུ་གཉིས་ཏེ། །ཞེས་པ་ནས། དེ་དག་དགའ་བའི་མཆོག་ཀྱང་བསྐྱེད་དུ་གསོལ། ཞེས་པའི་བར་དུ་ནི་བདག་དང་གཞན་གཉི་ག་ལས་གླེངས་ཏེ་ཆོས་བཤད་པར་གསོལ་བའོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་ངས་ཁྱོད་ལ་བཤད་དོ་ཞེས་པའི་བར་
དུ་ནི་ལུང་བསྟན་པ་རྣམ་པ་བཞི་ལས་ངེས་པར་ལུང་སྟོན་པ་དང་། ཁས་བླང་ཞིང་ལུང་སྟོན་པ་སྟེ་དེ་ཡང་སྔར་ནི་ལུང་བསྟན་པ་རྣམ་གཉིས་གླེངས། དེའི་འོག་ཏུ་ནི་སྙིགས་མ་རྣམ་པ་ལྔ་དང་སྦྱར། ཐེ་ཚོམ་རྣམ་བཞི་བསྩལ་བ་ལ་འདི་ནི་དང་པོ་སྟེ། ཁས་བླངས་པས་ལུང་བསྟན་པ་ཡང་བཅོམ་
ལྡན་འདས་ཀྱིས་བཤད་པར་གནང་བ་དང་། ང་རྒྱལ་ཅན་གྱི་རྣམས་བསལ་བར་སྟོན་ཏོ། །ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་པ་ནི་དབང་པོ་བསྡུས་ཏེ་བཀའ་ཉན་དུ་གཟུང་བའོ། །མདོ་ལས་བཅོམ་ལྡན་འདས་ཀྱིས་ཚིག་དེ་གསུངས་མ་ཐག་ཏུ་ཞེས་པ་ནས་འཁོར་དེ་ནས་དོང་ངོ་ཞེས་
Vol. 120 · folio 216b
པའི་བར་དུ་ནི་ང་རྒྱལ་ཅན་གྱི་རྣམས་དོང་བ་བསྟན་ཏོ། །མདོ་ལས་འདི་ལྟར་ང་རྒྱལ་ཅན་གྱི་ཞེས་པ་ནས་འཁོར་དེ་ནས་དོང་ངོ་ཞེས་པའི་བར་དུ་ནི་ང་རྒྱལ་ཅན་དེ་དག་ཅིའི་ཕྱིར་དོང་བའི་གཏན་ཚིགས་བསྟན་ཏེ། ཐོབ་པར་དཀའ་བ་རྣམས་སྔ་སྟེ། མིའི་ལུས་ཐོབ་པ་དང་ཡུལ་གྱི་དབུས་སུ་སྐྱེ་བ་དང་
དབང་པོ་ཚང་བ་དང་། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་མཐོང་བ་དང་། དམ་པའི་ཆོས་ཐོས་པ་འདི་དག་དཀའ་བ་ལས་རྙེད་པ་ཡིན་ན་ང་རྒྱལ་ཅན་གྱི་འཁོར་འདི་རྣམས་ཅིའི་ཕྱིར་སྟན་ལ་ལངས་ཏེ་དོང་ངོ་ཞེས་པའོ། །དེ་ནི་རྣམ་པ་གཉིས་ཀྱི་ཕྱིར་སྡིག་པའི་རྣམ་པར་སྨིན་པ་སྟུག་
པ་དང་། ང་རྒྱལ་ཅན་དུ་གྱུར་པའི་ཕྱིར་ཏེ། སྡིག་པ་སྟུག་ཆེས་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་སྟེ། དེ་ཉིད་རང་གི་སྐྱོན་དུ་གྱུར་པའོ། །སྐྱོན་དེ་གསུམ་གྱི་སྒྲིབ་པས་འཕགས་པའི་འབྲས་བུ་མི་ཐོབ་ཅེས་པའོ། །ང་རྒྱལ་ཞེས་པ་ནི་ང་རྒྱལ་
རྣམ་པ་བདུན་ལས་འདི་ནི་ལྷག་པའི་ང་རྒྱལ་དང་། མ་ཐོབ་པ་ཐོབ་པར་སེམས་ཤིང་ལོག་པའི་ང་རྒྱལ་དང་ལྡན་པའོ། །འཕགས་པའི་འབྲས་བུ་མ་ཐོབ་པ་དང་། འདུས་མ་བྱས་མ་རྟོགས་པས་སྣོད་དུ་མ་གྱུར་པའི་ཕྱིར་ལངས་ཏེ་དོང་ངོ་ཞེས་སྦྱར་རོ། །མདོ་ལས་བཅོམ་ལྡན་འདས་ཅང་མི་
གསུང་བར་བཞུགས་སོ་ཞེས་པ་ནི་ངེས་པའི་འབྲས་བུ་སྨིན་པ་ནི་བཅོམ་ལྡན་འདས་ཀྱི་མཐུས་ཀྱང་བསྟང་བ་མི་མཛད་པ་བསྟན་ཏོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་དེའི་དོན་བཤད་དོ་ཞེས་པའི་བར་དུ་ནི་འཁོར་མ་བརྟགས་པ་བསལ་ཏེ། སྣོད་དུ་གྱུར་པ་འཁོར་
དམ་པ་ཉི་ཚེ་ལ་ཆོས་བཤད་པར་དགོངས་པའོ། །མདོ་ལས་བཅོམ་ལྡན་འདས་ལ་སླར་ཉན་ཏོ་ཞེས་པ་ནས་བརྒྱ་ལམ་ན་རེས་འགའ་འབྱུང་ངོ་ཞེས་པའི་བར་དུ་ནི་འདི་མན་ཆད་མ་ཐོས་པ་ཐོས་པར་བྱ་བ་དང་། འདི་བཤད་པར་བྱ་བའི་ཆོས་ཤེས་པར་དཀའ་བ་བསྟན་པ་དང་། དེ་
བཞིན་གཤེགས་པས་གསུངས་པའི་ཐབས་ལ་སོགས་པ་ལ་བསྟེན་པ་དང་། ཐེག་པ་གཅིག་པོ་ལ་གནས་པར་བྱ་བ་དང་། འཛིན་པ་རྣམ་གཉིས་བསྩལ་བ་སྟོན་ཏེ། འདིས་ནི་མ་ཐོས་པ་ཐོས་པར་བྱ་བ་དང་། ཐོས་པར་དཀའ་བ་དང་དེའི་དཔེ་བསྟན་ཏོ། །འཁོར་ལོས་སྒྱུར་བའི་
Vol. 120 · folio 217a
རྒྱལ་པོ་ནམ་བྱུང་བའི་ཚེ་རྒྱ་མཚོ་བྲི་བར་གྱུར་པས་མེ་ཏོག་ཨུ་དུམ་བཱ་ར་འདི་འབྱུང་བ་བཞིན་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བས་འཁོར་བའི་རྒྱུད་བསྲབས་ཤིང་ཐེག་པ་ཆེན་པོའི་དོན་གསལ་བར་འགྱུར་ཞེས་པའི་དོན་ཏོ། །མདོ་ལས་ཤཱ་རིའི་བུ་དེ་
བཞིན་དུ་ཞེས་པ་ནས་ང་ནི་གཞན་དུ་མི་སྨྲའོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་གསུང་ལ་ཡིད་ཆེས་པར་བྱ་བ་བསྟན་ཏོ། །མདོ་ལས་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ལྡེམ་པོ་དག་ནི་ཆུད་པར་དཀའོ་ཞེས་པ་ནི་བཤད་པར་བྱ་བ་བསྟན་ཏོ། །མདོ་ལས་དེ་ཅིའི་ཕྱིར་ཞེས་པ་ནས་
དེ་བཞིན་གཤེགས་པས་མཁྱེན་པའོ་ཞེས་པའི་བར་དུ་ནི་བཤད་པར་བྱ་བའི་དོན་མཚོན་པར་བྱ་བ་སྟེ། བརྟག་པ་དང་རྟོགས་པའི་སྤྱོད་ཡུལ་ལས་འདས་པ་ནི་དེ་བཞིན་ཉིད་བདེན་པའི་དོན་ཏེ། ཚིག་གི་ཐ་སྙད་ཐམས་ཅད་ལས་འདས་པ་ཡིན་ན་བཅོམ་ལྡན་འདས་ཐབས་མཁས་པ་དང་ལྡན་པས་
ཡི་གེ་དང་ཚིག་འབྲུའི་སྒོ་ནས་ཐེག་པ་རྣམ་པ་གསུམ་གྱི་དོན་མཚོན་པའོ། །མདོ་ལས་དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས་འཇིག་རྟེན་དུ་བྱུང་སྟེ་ཞེས་པའི་བར་དུ་ནི་གང་ལ་བརྟེན་པར་བྱ་བའི་དོན་སྟོན་ཏེ། དེ་ཡང་བྱ་བ་གཅིག་པ་དེ་སྔར་གླེང་བ་དང་ཕྱིས་དགྲོལ་བ་ལ་འདི་ནི་དང་པོའོ། །གང་ལ་བརྟེན་པར་བྱ་བ་ནི་
བཅོམ་ལྡན་འདས་ཉག་གཅིག་གིས་མཁྱེན་པའི་ཆོས་ཏེ་ཤེས་པར་དཀའ་བའི་དོན་ཏོ། །དོན་དེ་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་སོ་སོའི་དབང་པོ་དང་སྦྱོར་ཞིང་ཆོས་སྟོན་པ་མཛད་དོ། །མདོ་ལས་དེ་ལྟར་ན་ཤཱ་རིའི་བུ་ཞེས་པ་ནས་ཡེ་ཤེས་མཐོང་བའི་ལམ་དུ་འཇུག་གོ་ཞེས་པའི་
བར་དུ་ནི་འདི་མན་ཆད་བསྟན་པར་བྱ་བའི་ཆོས་རྒྱས་པར་དགྲོལ་བ་སྟེ། དོན་ཆེན་པོ་བྱ་བ་གཅིག་པ་ཞེས་པ་ནི། དེ་བཞིན་གཤེགས་པའི་མཁྱེན་པ་གཟིགས་པ་སྟེ་དེ་ཡང་དབྱེ་བ་དང་བསྟན་པ་དང་། ཆུད་པར་བྱ་བ་དང་། འཇུག་པ་དང་འདི་བཞི་སྟོན་ཏོ། །རྣམ་པ་འདི་བཞིས་དེ་བཞིན་གཤེགས་
པའི་མཁྱེན་པ་གཟིགས་པ་རྟོགས་པར་བྱེད་དོ། །ཡེ་ཤེས་དེའི་བྱེད་པ་དང་། རང་བཞིན་གཉིས་ཀ་ལ་མཁྱེན་པ་གཟིགས་པ་ཞེས་བྱ་སྟེ། དོན་དམ་པ་དང་ཀུན་རྫོབ་གཉི་གའི་སྤྱོད་ཡུལ་ལ་འཇུག་པའོ། །དེ་ལ་དབྱེ་བ་ལ་ནི་བླ་ན་མེད་པའི་དོན་བསྟན་པ་ནི་མཐུན་པའི་དོན་ནི་རྟོགས་པར་བྱ་བ་
Vol. 120 · folio 217b
ནི་མི་ཤེས་པ་ཤེས་པར་བྱ་བའི་དོན་ལ་འཇུག་པ་ནི་ཕྱིར་མི་ལྡོག་པའི་སར་འཇུག་ཅིང་ཡེ་ཤེས་ཀྱི་ལས་ཚད་མེད་པར་སྟོན་པའོ། །བླ་ན་མེད་པའི་བྱང་ཆུབ་དང་མྱ་ངན་ལས་འདས་པ་གཉིས་ཀ་གཞན་ལས་འཕགས་པའི་ཕྱིར་བླ་ན་མེད་པ་ཞེས་གདགས་སོ། །བསྟན་པ་མཐུན་པའི་དོན་ནི་ཐེག་པ་
རྣམ་གསུམ་ཀུན་ལས་ཆོས་ཀྱི་སྐུས་འདྲ་བར་ཁྱབ་པའི་ཕྱིར་མཐུན་པ་ཞེས་གདགས་སོ། །རྟོགས་པར་བྱ་བ་ནི་ཐེག་པ་རྣམ་གཉིས་པ་དག་ཡང་དག་པའི་ངོ་བོ་མི་ཤེས་ཤིང་ཐེག་པ་རྣམ་གཅིག་གི་དོན་ལ་མི་གནས་པའི་ཕྱིར་དེ་བཞིན་གཤེགས་པས་མི་ཤེས་པ་ཤེས་པར་བྱ་བའི་ཕྱིར་འདི་བསྟན་པ་དང་།
འཇུག་པར་བྱ་བ་ནི་མཚན་ཉིད་གསུམ་པོ་གང་དུ་བསྟན་པ་དེ་ལ་འཇུག་པ་དང་། ཐོབ་པར་བྱ་བའི་ཐབས་བསྟན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ་ཆོས་སྟོན་པ་ཡང་རིམ་དང་ཅིག་ཅར་དང་ཆེ་ཆུང་གི་རྣམ་པ་མི་མཐུན་གྱིས་ཀྱང་སེམས་ཅན་ཐམས་ཅད་ཡེ་ཤེས་དེ་མཐོང་བ་དང་འཇུག་
པར་བྱ་བ་ལས་གཞན་མི་སྟོན་ཏོ། །ཡེ་ཤེས་མཐོང་བ་དང་འཇུག་པ་ལ་མཐོང་བ་ནི་མངོན་དུ་རྟོགས་པ་ཤེས་པ་ནི་རྣམ་པར་ཤེས་པ་ལྔ་དང་ལྡན་པ་སྟེ། ཆོས་མངོན་པ་ལས་ཀྱང་མཁྱེན་ལ་མི་གཟིགས་པ་དང་། གཟིགས་ལ་མི་མཁྱེན་པ་དང་། མཁྱེན་ཀྱང་མཁྱེན་ལ་གཟིགས་ཀྱང་གཟིགས་
པ་སྟེ་རྣམ་པ་གསུམ་མོ། །མཁྱེན་ལ་མི་གཟིགས་པ་ནི་ཟད་པའི་ཡེ་ཤེས་དང་། མི་སྐྱེ་པའི་ཡེ་ཤེས་སོ། །གཟིགས་ལ་མི་མཁྱེན་པ་ནི་བཟོད་པ་བརྒྱད་དང་འཇིག་རྟེན་པའི་ཡང་དག་པར་ལྟ་བའོ། །མཁྱེན་ཀྱང་མཁྱེན་ལ་གཟིགས་ཀྱང་གཟིགས་པ་ནི་ཡེ་ཤེས་ལྷག་མ་གཞན་དག་གོ། །རྣ་
བས་ཐོས་པ་ལྟ་བུ་ནི་མཁྱེན་པ་དང་སྦྱར་རོ། །མིག་གིས་མངོན་དུ་མཐོང་བ་ནི་གཟིགས་པ་དང་སྦྱར་རོ། །ཡང་དོན་ཆེན་པོ་ཞེས་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་བསྟན་པ་སྟེ། མ་རིག་པའི་སྒྲིབ་པས་བསྒྲིབས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་རང་བཞིན་མཚོན་པ་ནི་དབྱེ་བའོ། །དེ་ཉིད་
རྣམ་པར་ཕྱེ་སྟེ་དགྲོལ་བ་ནི་བསྟན་པའོ། །ཡང་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་དོན་གཞན་མེད་དོ་ཞེས་གསུངས་ཏེ་ཐམས་ཅད་མཁྱེན་པ་ནི་ཆོས་དང་གང་ཟག་ལ་བདག་མེད་པར་མཁྱེན་པའོ། །ཡེ་ཤེས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་གཉིས་ལས་
Vol. 120 · folio 218a
འདའ་བའི་ཆོས་གཞན་མེད་པའི་ཕྱིར་བླ་ན་མེད་པའོ། །དེ་ལ་དབྱེ་བ་དང་བསྟན་པ་དང་རྟོགས་པ་འདི་གསུམ་གྱིས་ནི་བླ་ན་མེད་པའི་འབྲས་བུ་བསྟན། འཇུག་པར་བྱ་བས་ནི་སྒྲུབ་པའི་རྒྱུ་བསྟན་ཏོ། །མདོ་ལས་ཤཱ་རིའི་བུ་ཞེས་པ་ནས་ཡེ་ཤེས་མཐོང་བའི་ལམ་དུ་འཇུག་
གོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པའི་མཁྱེན་པ་དང་། གཟིགས་པས་སེམས་ཅན་རྣམས་ལ་སྟོན་པ་སྟེ། ཐེག་པ་རྣམ་པ་གཉིས་པ་དག་བླ་ན་མེད་པའི་སྐལ་བ་མེད་པ་ཙམ་དུ་སེམས་པ་དེ་དག་འབྲས་བུ་དེ་ལ་གཟུད་པའི་ཕྱིར་རྣམ་པ་དེ་བཞིན་བསྟན་ཏོ། །མདོ་ལས་ཤཱ་རིའི་བུ་ང་ནི་ཐེག་པ་
གཅིག་ལས་བརྩམས་ཏེ་ཞེས་པ་ནས་གཉིས་སམ་གསུམ་ཞེས་བྱ་བ་ཆུང་ཟད་ཀྱང་མེད་ཅེས་པའི་བར་དུ་ནི་ལུང་བསྟན་པའི་ནང་ནི་ཐེག་པ་གཅིག་བརྩམས་པ་ལ་གནས་པ་སྟེ། ཐེག་པ་གཅིག་བརྩམས་པ་འདི་སེམས་ཅན་རྣམས་ལ་ཆོས་སྟོན་གྱི་རང་སངས་རྒྱས་ཐེག་པ་གཉིས་པའམ། ཉན་ཐོས་ཞེས་
ཐེག་པ་གསུམ་པའི་ཁྱད་པར་རིམ་པར་བཀོད་པ་མེད་དེ། དེ་ལ་ཟབ་པའམ་མི་ཟབ་པའམ་དཀའ་བའམ་སླ་བ་ལས་རིམ་པར་བཀོད་པ་ཡང་མ་ཡིན་ནོ། །སྐབས་འདིར་ཐེག་པ་གཉིས་བསལ་ཏེ་ཐེག་པ་ཆེན་པོ་གཅིག་བསྟན་པའི་དོན་སྟོན་ཏོ། །མདོ་ལས་ཤཱ་རིའི་བུ་ཕྱོགས་བཅུའི་འཇིག་རྟེན་
ཐམས་ཅད་ཀྱི་དོན་ཡང་དེའོ་ཞེས་པ་ནི་ཆོས་ལ་གནས་པ་སྟེ། ད་ལྟར་བཞུགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལུགས་ལ་བརྟེན་ཏེ་འགྲོ་བ་མང་པོ་ལ་དད་པ་བསྐྱེད་ཅིང་བདག་དང་འདྲ་བར་བྱ་བའི་ཕྱིར་སྔར་ཐབས་ཙམ་བསྟན་ནས་ཕྱིས་ཡང་དག་པ་གང་ཡིན་པ་སྟོན་
ཏེ། སྔར་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཆོས་ལུགས་ཀྱང་འདིའོ། །དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ཀྱང་འདིའོ། །ད་ལྟར་ངས་བསྟན་པའི་ཆོས་ལུགས་ཀྱང་འདིའོ་ཞེས་བསྟན་པ་སྟེ། འདི་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཆོས་ལུགས་བསྟན་
པའོ། །དུས་གསུམ་ལས་ཕྱོགས་བཅུ་ཞེས་བྱ་བ་གཞན་པ་མེད་ལ་ཕྱོགས་བཅུ་ལས་དུས་གསུམ་ཞེས་བྱ་བ་གཞན་ཡང་མེད་མོད་ཀྱི་ཆུ་ཞེང་ལས་ཁྱད་པར་དུ་བཤད་དོ། །མདོ་ལས་དེ་ཅིའི་ཕྱིར་ཞེས་པ་ནས་ཐེག་པ་གཅིག་ལས་བརྩམས་ཏེ་ཆོས་བཤད་པ་དེ་ཡང་ཐམས་ཅད་མཁྱེན་པའི་
Vol. 120 · folio 218b
མཐའི་བར་དུ་ཞེས་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་ལུགས་བསྟན་པ་སྟེ་འདི་ལ་ཡང་རྣམ་པ་གཉིས་སོ། །སྔར་དུས་གསུམ་གྱི་ཆོས་སོ་སོར་བསྟན་པ་ཐམས་ཅད་དང་མཐུན་པ་སྟེ་སྔ་མ་ལ་ཡང་རྣམ་པ་གསུམ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་དང་གསུམ་མོ། །གསུམ་པོ་ལ་
ཡང་གཉིས་གཉིས་ཏེ། སངས་རྒྱས་ཀྱི་ཆོས་བསྟན་པའི་ཆོས་ལུགས་མཐུན་པ་དང་། སེམས་ཅན་གྱི་དོན་བྱས་པའི་འབྲས་བུ་མཐུན་པ་སྟེ། འདི་ནི་འདས་པའི་སངས་རྒྱས་ཀྱི་ཆོས་ལུགས་དང་མཐུན་པར་བསྟན་པའོ། །སྔར་རྒྱུ་རྐྱེན་རྣམ་པ་མང་པོས་ཐབས་སུ་བསྟན་པ་ནི་ཕྱིས་སངས་རྒྱས་ཀྱི་
ཐེག་པ་གཅིག་ཐོབ་པར་བྱ་བའི་ཕྱིར་བསྟན་ཏོ། །འགྲེལ་པ་ལས་ཐབས་ནི་སྦྱོར་བ་སྟེ་ཐེག་པ་ཆུང་ངུའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་རྟོག་ཅིང་སྡུག་བསྔལ་ལས་སྐྱོ་བ་དང་སྡུག་བསྔལ་སྤང་བ་དང་། རྣམ་པར་གྲོལ་བ་ཐོབ་པར་བྱེད་པ་ཐེག་པ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བསྡུ་བ་
རྣམ་བཞིས་བདག་དང་གཞན་གྱི་དོན་བྱེད་པ་གཉེན་པོའི་ཆོས་རྣམས་སོ། །རྒྱུ་ཞེས་བྱ་བ་ནི་འགྲེལ་པ་ལས་སྔར་དོན་དྲུག་སྨོས་པ་ལས་གཉིས་པའི་ནང་ནས་བཤད་པ་བཞིན་ནོ། །སྔར་རྒྱུ་དང་རྐྱེན་རྣམ་པ་སྣ་ཚོགས་ཞེས་སྨོས་པ་ནི་ཐེག་པ་གསུམ་ཡང་ཚིག་དང་མིང་དུ་བཏགས་པ་ཙམ་དུ་ཟད་དེ་ཡང་
དག་པའི་དོན་ཡོད་པ་མ་ཡིན་ལ། ཡང་དག་པའི་དོན་ལ་བཤད་དུ་མེད་ཅེས་བྱ་བའི་དོན་ཏོ། །དཔེ་ཞེས་བྱ་བ་ནི་དཔེར་ན་བ་ལ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་པོ་ཡོད་པ་དང་འདྲ་སྟེ། དེ་ལ་ཐེག་པ་ཆུང་ངུ་ནི་འོ་མ་ལྟ་བུ་ཡིན་ནོ། །ཐེག་པ་ཆེན་པོ་ནི་མར་གྱི་སྙིང་པོ་ལྟ་བུ་
ཡིན་ནོ། །དཔེ་འདིས་ན་ཐེག་པ་ཆེན་པོ་བླ་ན་མེད་པ་བསྟན་ཏེ། ཉན་ཐོས་ལ་སོགས་པ་ཡང་ཐེག་པ་ཆེན་པོ་བླ་ན་མེད་པ་དང་མཐུན་པར་བསྟན་ཏོ། །ཉན་ཐོས་དང་མཐུན་པ་བསྟན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ཉིད་སེམས་ཅན་དང་རང་སངས་རྒྱས་ལ་སོགས་པར་ཆོས་ཀྱི་སྐུར་
མཉམ་ཞིང་ཁྱད་པར་མེད་པར་བསྟན་པ་སྟེ། དཔེ་འདི་དང་སྦྱར་ན་སེམས་ཅན་ནི་བ་ལྟ་བུ་ཉན་ཐོས་ནི་འོ་མ་ལྟ་བུ། རང་སངས་རྒྱས་ནི་ཞོ་ལྟ་བུ། བྱང་ཆུབ་སེམས་དཔའ་ནི་མར་ལྟ་བུ། བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ཞུན་མར་ལྟ་བུ། སངས་རྒྱས་བཅོམ་ལྡན་འདས་ནི་མར་གྱི་སྙིང་པོ་ལྟ་བུ་སྟེ།
Vol. 120 · folio 219a
མར་གྱི་སྙིང་པོ་མཆོག་དམ་པ་ཡིན་པ་ལྟར་སངས་རྒྱས་ཀྱི་ཐེག་པ་གཅིག་ཀྱང་དེ་དང་འདྲ་སྟེ། བའི་འོ་མ་གཅིག་ལས་མར་གྱི་སྙིང་པོའི་བར་དུ་འགྱུར་བའི་ཕྱིར་སེམས་ཅན་ལས་སངས་རྒྱས་ཀྱི་བར་དུ་མཚན་མ་ཐ་དད་ཀྱང་རང་བཞིན་ནི་མཉམ་སྟེ་གཉིས་སུ་མེད་དོ། །མདོ་
ལས་དེ་ནི་སེམས་ཅན་རྣམས་ཞེས་པ་ནས་བྱང་ཆུབ་ཐོབ་པར་གྱུར་ཏོ་ཞེས་པའི་བར་དུ་ནི་འདས་པའི་སེམས་ཅན་གྱི་དོན་བྱས་པའི་འབྲས་བུ་མཐུན་པར་བསྟན་པ་སྟེ། སྔར་ཐེག་པ་གཉིས་ཀྱིས་དོན་བྱས་ནས་ཕྱིས་སངས་རྒྱས་སུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པ་བསྟན་ཏེ། རྣམ་
པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཡང་དག་པའི་ཡེ་ཤེས་སོ། །རྣམ་པ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། ཡང་དག་པ་ནི་གླང་པོའི་ཤིང་རྟ་ལྟ་བུ། མདོ་ལས་འདི་ལྟར་ཤཱ་རིའི་བུ་མ་འོངས་པའི་དུས་ཞེས་པ་ནས་ཐམས་ཅད་མཁྱེན་པའི་མཐའི་བར་དུ་ཞེས་
པའི་བར་དུ་ནི་མ་འོངས་པའི་སངས་རྒྱས་རྣམས་ཀྱི་ཆོས་ལུགས་མཐུན་པ་བསྟན་ཏོ། །མདོ་ལས་དེ་ནི་སེམས་ཅན་རྣམས་ཞེས་པ་ནས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་པའི་བར་དུ་ནི་མ་འོངས་པའི་སེམས་ཅན་གདུལ་བར་འགྱུར་བའི་འབྲས་བུ་མཐུན་པར་བསྟན་པའོ། །མདོ་ལས་ཤཱ་རིའི་བུ་ད་
ལྟར་གྱི་དུས་ན་ཞེས་པ་ནས་ཐམས་ཅད་མཁྱེན་པའི་ཆོས་འཆད་དོ་ཞེས་པའི་བར་དུ་ནི་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཆོས་ལུགས་མཐུན་པར་བསྟན་པ་སྟེ། དོན་དང་ཕན་པ་དང་བདེ་བ་ནི་བདེ་བར་བྱེད་པའི་དོན་ཏེ། བདེ་བ་ནི་བདེ་བ་བྱིན་པའོ། །སྡུག་བསྔལ་ལས་བཏོན་ཏེ་བདེ་བ་བྱིན་པ་
དང་ཡེ་ཤེས་དང་བསོད་ནམས་བྱིན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་བྱིན་པ་དང་། འབྲས་བུ་ཆུང་ངུ་དང་ཆེན་པོ་བྱིན་པར་གོ་རིམས་བཞིན་སྦྱར་རོ། །མདོ་ལས་ཤཱ་རིའི་བུ་ང་ཡང་ཞེས་པ་ནས་ཐམས་ཅད་མཁྱེན་པ་ཞེས་པའི་བར་དུ་ནི་ད་ལྟར་གྱི་སེམས་ཅན་ཐམས་
ཅད་འབྲས་བུ་ཐོབ་པ་མཐུན་པར་བསྟན་པའོ། །མདོ་ལས་དེ་ནི་སེམས་ཅན་རྣམས་ཞེས་པ་ནས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་པའི་བར་དུ་ནི་སེམས་ཅན་རྣམས་ལ་ཆོས་འཆད་པ་ཡང་ཐེག་པ་གཅིག་ལས་བརྩམས་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ལ་འཛུད་པ་དང་སྟོན་པ་དང་
Vol. 120 · folio 219b
འཇུག་པ་དང་ཆུད་པར་བྱེད་པའི་ཕྱིར་རོ། །འཛུད་པ་ནི་མུ་སྟེགས་ཅན་དག་ལོག་པར་ལྟ་བ་ལས་བཟློག་སྟེ་ཡང་དག་པའི་ཆོས་ལ་ཞུགས་པའོ། །ཆུད་པར་བྱེད་པ་ནི་ཉན་ཐོས་པ་དག་བྱང་ཆུབ་ཆེན་པོ་ཆུད་པར་བྱེད་ཅིང་། ཆུང་ངུ་ལས་བཟློག་ནས་ཆེན་པོ་ཆུད་པར་བྱེད་པའོ། །འགྲེལ་པ་
ལས་འཛུད་པ་ནི་བླ་ན་མེད་པའི་དོན་ཏོ། །སྟོན་པ་ནི་མཐུན་པའི་དོན་ཏེ་ཐེ་ཙོམ་ཡོད་ན་བསྒོམ་ཞིང་སྤྱོད་པའོ། །འཇུག་པ་ནི་མི་ཤེས་པའི་དོན་ཏེ། སེམས་མ་བསྐྱེད་པ་བསྐྱེད་པ་དང་མུ་སྟེགས་ཅན་དག་དམ་པའི་དོན་ལ་གཞུག་པའི་ཕྱིར་རོ། །ཆུད་པར་བྱེད་པ་ནི་ཕྱིར་མི་ལྡོག་པའི་ས་ལ་
ཆུད་པར་བྱེད་པ་དང་སེམས་བསྐྱེད་པ་དག་ཆོས་ཆུད་པ་དང་ཉན་ཐོས་པ་དག་བྱང་ཆུབ་ཆེན་པོ་ཆུད་པར་བྱེད་པའོ། །མདོ་ལས་དེ་ནི་སེམས་ཅན་རྣམས་ཞེས་པ་ནས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་པའི་བར་དུ་ནི་ང་ཡང་ཆོས་ལུགས་འདི་ལ་བརྟེན་ཏེ། ཐམས་ཅད་ཀྱི་ཆོས་ཀྱང་དེའོ་ཞེས་བསྟན་
པ་སྟེ། སངས་རྒྱས་ཉག་གཅིག་ལ་སྣ་ཚོགས་མཁྱེན་པའི་སྟོབས་མངའ་བས་སེམས་ཅན་གྱི་དབང་པོ་སྣ་ཚོགས་མཁྱེན་ཅིང་ཡེ་ཤེས་ཀྱི་སྟོབས་ཤིན་ཏུ་མོས་པ་མཁྱེན་ཏེ་མོས་པའི་ནི་སྤྱོད་པ་ལ་མོས་པའོ། །ཁམས་སྣ་ཚོགས་མཁྱེན་པའི་སྟོབས་མངའ་བས་རང་བཞིན་མཁྱེན་ཏེ། རིགས་
མ་ངེས་པའི་ཁམས་སུ་གཏོགས་པ་མོས་པ་བསྐྱེད་པའི་ཕྱིར་སྔར་ཐེག་པ་གསུམ་ཐབས་ཙམ་དུ་གསུངས་ནས། ཕྱིས་མཐར་ཕྱིན་པའི་ཐེག་པ་གསུངས་ཏེ། སོ་སོའི་སྐྱེ་བོ་དག་སངས་རྒྱས་ཀྱི་ཐེག་པ་གཅིག་ཐོབ་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་མདོ་
ལས་ཐེག་པ་གཅིག་ལས་བརྩམས་ཏེ་ཐམས་ཅད་མཁྱེན་པའི་མཐའི་བར་དུ་གསུངས་སོ། །མདོ་ལས་ཤཱ་རིའི་བུ་ཞེས་པ་ནས་ཐེག་པ་གཉིས་སུ་གདགས་པ་ཡང་མེད་ན་གསུམ་དུ་ལྟ་ཅི་སྨོས་ཞེས་པའི་བར་དུ་ནི་རང་སངས་རྒྱས་ཀྱི་ཐེག་པ་གཉིས་པ་ཡང་མེད་ན་ཉན་ཐོས་ཀྱི་ཐེག་པ་གསུམ་པ་ཡོད་པ་
ལྟ་ཅི་སྨོས་ཞེས་བསྟན་པ་སྟེ། མདོ་ལས་རའི་ཤིང་རྟ་དང་རི་དགས་ཀྱི་ཤིང་རྟ་དང་། གླང་པོ་ཆེའི་ཤིང་རྟ་འདོད་པའི་ཕྱིར་མེ་འབར་བའི་གྲོང་ཁྱེར་ལས་བྱུང་བ་ནི་ཐེག་པ་གཉིས་བསལ་བར་ཟད་ཀྱི་གླང་པོ་ཆེའི་ཐེག་པ་ཡང་བསལ་བ་མ་ཡིན་ཏེ་དེ་བས་ནི་འདི་ལ་ཐེག་པ་གཉིས་ཀྱི་མྱ་ངན་ལས་འདའ་
Vol. 120 · folio 220a
བ་དང་མཐར་ཕྱིན་པ་མེད་དོ་ཞེས་གསུངས་སོ། །འགྲེལ་པ་ལས་ཐེག་པ་གཉིས་མེད་པ་ནི་ཐེག་པ་གཉིས་ཀྱི་མྱ་ངན་ལས་འདའ་བ་མེད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་གིས་མྱ་ངན་ལས་འདས་པ་ཆེན་པོ་བརྙེས་ཏེ། ཡེ་ཤེས་ཐམས་ཅད་ཡོངས་སུ་
རྫོགས་པའི་མཐར་ཕྱིན་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེ་ཡང་དངོས་པོ་གསུམ་ཡོངས་སུ་རྫོགས་ཏེ་ཐེག་པ་གཉིས་པ་ལྟར་བརྟགས་ཏེ་འགོག་པ་ལ་ལྟོས་པ་མ་ཡིན། ཡེ་ཤེས་ཆེན་པོའི་ཆོས་ཀྱི་སྐུ་ཡོད་པ་མ་ཡིན། མྱ་ངན་ལས་འདས་པ་ཆེན་པོ་ཡོད་པ་མ་ཡིན་ཏེ།
སངས་རྒྱས་ཀྱི་ཐེག་པ་འབའ་ཞིག་ལ་མངའོ། །འགྲེལ་པ་ལས་ལུང་བསྟན་པའི་ནང་ནས་དོན་རྣམ་པ་དྲུག་གིས་ཆོས་གང་བསྟན་པ་ལ་སོགས་པ་དོན་རྣམ་པ་ལྔ་བསྟན་པ་ལ། ཆོས་གང་ལ་སོགས་པ་ཞེས་བྱ་བ་ནི་མ་ཐོས་པ་ཐོས་པར་བྱ་བ་སྟེ། སྔོན་མ་བྱུང་བའི་ཆོས་བསྟན་ནས་ཐོས་པར་
བྱེད་པའོ། །ཆོས་གང་དག་ཅེས་བྱ་བ་ནི་སྣ་ཚོགས་བསྒྲུབ་པར་བཤད་པ་དང་། རྒྱུ་དང་གཞི་རྣམ་པ་ཐ་དད་པ་བསྟན་པ་དང་། དམིགས་པ་དང་ངེས་པའི་ཚིག་གིས་ཐབས་ལ་མཁས་པ་བསྟན་པའོ། །ཆོས་ཇི་ལྟ་བུ་ཞེས་བྱ་བ་ནི་གང་ལ་བརྟེན་ཞེ་ན་བྱ་བའི་དོན་ཆེན་པོ་གཅིག་གི་ཕྱིར་ཞེས་
སྨོས་པའོ། །ཆོས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེས་པ་ནི་ཐེག་པ་གཅིག་ལ་གནས་ནས་སེམས་ཅན་གྱི་དབང་པོ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། སངས་རྒྱས་ཀྱི་ཆོས་ལ་གནས་པའོ། །ཇི་ལྟ་བུའི་རང་བཞིན་ཞེས་པ་ནི་ཐེག་པ་གཉིས་ཀྱི་རང་བཞིན་བསལ་ཏེ། ཐེག་པ་གཅིག་གི་
རང་བཞིན་འབའ་ཞིག་གོ་ཞེས་སྨོས་པ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་མཉམ་པའོ། །མདོ་ལས་འོན་ཀྱང་དེ་བཞིན་གཤེགས་པ་ཞེས་པ་ནས་ཚེའི་རྙོག་མ་ལ་བྱུང་ན་ཞེས་པའི་བར་དུ་ནི་འདིར་ཡང་དག་པའི་མཚན་ཉིད་བསྟན་པ་སྟེ། འདི་མན་ཆད་ཐེ་ཚོམ་རྣམ་པ་བཞི་
འགྲེལ་པ་ལས་དོན་རྣམ་པ་ལྔས་སྟོན་ཏེ། ཐེ་ཚོམ་རྣམ་པ་བཞི་གང་ཞེ་ན་ནམ་ཞིག་སྟོན་པར་འགྱུར་བ་དང་། ང་རྒྱལ་གྱི་དབང་དུ་གྱུར་པ་ཇི་ལྟར་ཤེས་པ་དང་། བསྟན་པའི་སྣོད་དུ་ཇི་ལྟར་འགྱུར་བ་དང་ཇི་ལྟར་ན་བརྫུན་དུ་མི་འགྱུར་བ་དང་བཞིའོ། །སྐབས་འདིར་ཐེ་ཚོམ་དང་པོ་བསལ་བ་བསྟན་ཏེ།
Vol. 120 · folio 220b
འགྲེལ་པ་ལས་སངས་རྒྱས་བཅོམ་ལྡན་འདས་ནམ་ཞིག་གི་དུས་ན་ཐབས་ཙམ་དུ་བསྟན་པ་སྟོན་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་ནམ་ཞིག་གི་དུས་ན་སྔར་ཐེག་པ་གཉིས་ཐབས་ཙམ་དུ་བསྟན་ཏེ། ཕྱིས་ཐེག་པ་གཅིག་པ་ཡང་དག་པ་བསྟན་པར་འགྱུར་ཞེས་སྨོས་པ་ལ་ཡང་རྣམ་
པ་གཉིས་ཏེ། སྔར་རྙོག་པ་ལྔའི་དུས་བྱུང་བ་བསྟན་པ་དང་། ཕྱིས་ཅིའི་ཕྱིར་བསྟན་པ་སྟེ་རྙོག་པ་ལ་ཡང་རྣམ་པ་ལྔའོ། །མིང་བསྟན་པ་དང་། མཚན་ཉིད་བསྟན་པ་དང་གཉེན་པོ་དང་བཞག་པ་དང་གཟུགས་དང་གཅིག་གིས་གཅིག་བསྡུ་བ་དང་ལྔའོ། །དེ་ལ་མིང་བསྟན་པ་ནི་རྙོག་པ་སྟེ། རྙོག་
ཅེས་བྱ་བ་ནི་དྲི་མའང་མི་གཙང་བའི་དོན་ཏོ། །དཔེར་ན་ཁ་ཟས་མི་གཙང་བ་དྲི་མ་ཅན་ནི་བཙོག་པ་སྟེ་རྙོག་པ་ཞེས་བྱའོ། །མདོར་ན་བསྐལ་པ་སྐྱེ་བའི་ཚེ་བསྐལ་པ་གསུམ་ནི་བགས་གྱིས་དམས། ཉོན་མོངས་པ་ནི་ཁད་ཀྱིས་བསྲབས་ཏེ། སེམས་ཅན་དག་དགེ་བ་ལ་ཕྱོགས་ཤིང་ལོག་པར་ལྟ་བ་
ཉུང་བས་ཚེའི་དབང་པོ་ནི་ཕྱི་ཕྱིར་རིང་། བཟང་ཞིང་ལེགས་པ་ནི་ཕྱི་ཕྱིར་སྐྱེ་བ་དང་སེམས་ཅན་སྡུག་བསྔལ་བ་མེད་ཅིང་སངས་རྒྱས་སྤྲུལ་པ་འཇིག་རྟེན་དུ་མ་བྱུང་བའི་དུས་ནི་གཙང་མ་ཞེས་བྱའོ། །སངས་རྒྱས་སྤྲུལ་པ་འཇིག་རྟེན་དུ་བྱུང་ན་བསྐལ་པ་འགྲིབ་པའི་དུས་འབྱུང་དུ་ཉེ་སྟེ། བསྐལ་པ་ཆུང་
ངུ་གསུམ་ཡང་བགས་ཀྱིས་འབྱུང་། ཉོན་མོངས་པ་ཡང་ཕྱི་ཕྱིར་སྐྱེ། སེམས་ཅན་ཡང་ཉེས་པ་ལ་དགའ་ཞིང་ལྟ་བ་ལ་ཕྱི་ཕྱིར་ཞེན་པ་དང་། ཚེའི་དབང་པོ་ཕྱིར་ཞིང་ཐུང་བ་དང་། ཕྱི་ཕྱིར་ཞིང་ངན་ལ་བཙོག་པའི་དུས་ནི་རྙོག་པ་ཞེས་བྱའོ། །ལྔ་ཞེས་པ་ནི་གྲངས་བསྟན་པའོ། །དེ་ལ་མཚན་ཉིད་བསྟན་
པ་ནི་འགྲེལ་པ་ལས་ད་ལྟར་གྱི་མི་རྣམས་རབ་ཏུ་ཚེ་ཐུང་སྟེ་ལོ་བརྒྱ་ལས་མི་འདའ་བ་ནི་ཚེའི་རྙོག་པ་ཞེས་བྱ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་ལ་བག་ཆགས་ཀྱི་རྣམ་པས་ལས་ཐ་དད་པར་གྱུར་པ་ནི་ཚེའི་དབང་པོའི་མཚན་ཉིད་དོ། །དགེ་བའི་ལས་ཀྱི་འབྲས་བུའི་མཐུ་ཞན་པར་གྱུར་ཏེ། ཚེའི་དབང་ཕྱི་ཕྱིར་
ཐུང་བར་གྱུར་བ་ནི་སྲོག་གཅོད་པའི་ལས་ཀྱི་དབང་གིས་གྱུར་ཏོ། །སེམས་ཅན་གང་ཕ་མར་མི་ཤེས་པ་དང་དགེ་སྦྱོང་དང་བྲམ་ཟེ་དང་བླ་མར་མི་ཤེས་པ་དང་། ཆོས་མི་ཤེས་པ་དང་། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ལས་ཀྱི་རྣམ་པར་སྨིན་པས་མི་འཇིགས་མི་སྐྲག་པ་དང་། སྦྱིན་པ་མི་བྱེད་
Vol. 120 · folio 221a
བསོད་ནམས་མི་བྱེད་ཅིང་། ཚུལ་ཁྲིམས་མི་བསྲུང་བ་སྟེ། མདོར་ན་སྡིག་པ་བྱེད་ཅིང་དགེ་བ་མེད་པ་ནི་སེམས་ཅན་གྱི་རྙོག་པ་ཞེས་བྱའོ། །སེམས་ཅན་གང་ཆོས་མ་ཡིན་པ་ལ་ཆགས་པ་མཚོན་ཆ་དང་། སེམས་ཅན་ལ་གནོད་པར་འགྱུར་བའི་ཡོ་བྱད་སྦྱིན་པ་དང་། འཐབ་
ཅིང་རྩོད་པ་ལ་དགའ་བ་དང་། བརྫུན་དང་གཡོ་སྒྱུ་བྱེད་པ་དང་། ལོག་པའི་ཆོས་འཛིན་ཅིང་དགེ་བའི་ཆོས་མ་ཡིན་པ་སྤྱོད་པ་ནི་ཉོན་མོངས་པའི་རྙོག་པ་ཞེས་བྱ་སྟེ། ལྟ་བ་ལྔ་མ་གཏོགས་པ་ཉོན་མོངས་པ་ཐམས་ཅད་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ནི་ཉོན་མོངས་པའི་རྙོག་པའི་མཚན་ཉིད་
ཅེས་བྱའོ། །ཆོས་མ་ཡིན་པའི་འདོད་ཆགས་ཀྱི་མཚོན་ཆ་ལ་སོགས་པ་བྱིན་ཏེ་གསོད་དུ་བཅུག་པ་དང་། ནོར་རྫས་ལ་ཆགས་ཏེ་མཚོན་ཆ་བྱིན་པས་འཐབ་ཅིང་རྩོད་པའི་གཞིར་གྱུར་པ་དང་། གཞན་ཡང་སྡིག་པ་མི་དགེ་བའི་ཆོས་སུ་གཏོགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་བག་
ཆགས་ཀྱི་དབང་གིས་ཉོན་མོངས་པ་སྐྱེ་བ་དང་། འཇིག་རྟེན་ན་དམ་པའི་ཆོས་ནུབ་སྟེ། ནམ་གཟུགས་བརྙན་ཙམ་ལ་སྤྱད་པ་ལོག་པར་ལྟ་བ་སྐྱེས་པ་ནི་ལྟ་བའི་རྙོག་པ་ཞེས་བྱའོ། །མུ་སྟེགས་ཅན་ངན་པར་ལྟ་བ་མང་དུ་བྱུང་སྟེ། མུ་གེའི་བསྐལ་པ་དང་ནད་ཀྱི་བསྐལ་པ་དང་། མཚོན་གྱི་
བསྐལ་པ་བྱུང་བ་ནི་བསྐལ་པའི་རྙོག་པ་ཞེས་བྱའོ། །དེ་ལ་གཉེན་པོ་ནི་སྤྱོད་པ་ལས་གཉེན་པོ་བསྟན་ཏེ། འགྲེལ་པ་ལས་གྲུབ་པའི་མཐའ་རྣམ་པ་བཞི་དང་། རྙོག་པ་ལྔར་སྦྱར་རོ། །གྲུབ་པའི་མཐའ་བཞི་ནི་འཇིག་རྟེན་གྱི་གྲུབ་པའི་མཐའ་དང་། དབང་པོ་སོ་སོའི་གྲུབ་པའི་མཐའ་དང་། གཉེན་
པོའི་གྲུབ་པའི་མཐའ་དང་། དོན་དམ་པའི་གྲུབ་པའི་མཐའོ། །དེ་ལ་བསྐལ་པའི་རྙོག་པ་དང་སེམས་ཅན་གྱི་རྙོག་པའི་གཉེན་པོ་ནི་འཇིག་རྟེན་གྱི་གྲུབ་པའི་མཐའོ། །ཚེའི་རྙོག་པའི་གཉེན་པོ་ནི་དབང་པོ་སོ་སོའི་གྲུབ་པའི་མཐའོ། །ཉོན་མོངས་པའི་རྙོག་པ་དང་། ལྟ་བའི་རྙོག་པའི་གཉེན་
པོ་ནི་གཉེན་པོའི་གྲུབ་པའི་མཐའོ། །གྲུབ་པའི་མཐའ་གསུམ་གྱིས་རྙོག་པ་ལྔ་བཅོམ་ནས་དོན་དམ་པར་ཞུགས་ཏེ་ཡང་དག་པ་ཉིད་ནི་རིག་པའོ། །དེ་ལ་གཟུགས་པ་དང་གཞིག་པ་ནི་དྲིས་པ། ཅིའི་ཕྱིར་རྙོག་པ་ལྔ་ལས་མི་མང་མི་ཉུང་ཞེ་ན། ལན་བཏབ་པ། སེམས་ཅན་ལ་རྣམ་པ་གཉིས་
Vol. 120 · folio 221b
ཏེ། སྡིག་པ་སྤྱོད་པ་ཁྱིམ་པ་སྐྱེ་བོ་དང་ལོག་པར་ལྟ་བ་སྟེ་རབ་ཏུ་བྱུང་བའི་མུ་སྟེགས་ཅན་ནོ། །ཁྱིམ་པ་ཤིས་པ་མེད་པ་ཉོན་མོངས་པ་བསྐྱེད་པ་ནི་ཉོན་མོངས་པའི་རྙོག་པ་ཞེས་བྱའོ། །མུ་སྟེགས་ཅན་ལ་ལོག་པར་ལྟ་བ་དོན་མེད་པ་ཚོལ་བ་ནི་ལྟ་བའི་རྙོག་པ་ཞེས་བྱའོ། །གཞན་ཡང་དབང་
པོ་རྟུལ་པོ་ནི་ཉོན་མོངས་པའི་རྙོག་པ་ཞེས་བྱ། དབང་པོ་རྣོན་པོ་ནི་ལྟ་བའི་རྙོག་པ་ཞེས་བྱ་སྟེ། རྒྱུ་རྣམ་པ་གཉིས་ཀྱིས་མ་འོངས་པའི་འབྲས་བུ་ཐོབ་པའི་ཚེ་བསྡུ་བ་དང་དབྱེ་བ་མི་མཐུན་པས་རྙོག་པ་རྣམ་གཉིས་སུ་ཕྱེ་སྟེ་ནང་གི་འབྲས་བུ་གཉིས་དང་སྤྱིར་བསྡུ་བ་ནི་སེམས་ཅན་གྱི་རྙོག་པ་ཞེས་བྱའོ། །
སེམས་ཅན་སྡིག་པ་ཕྱིའི་འབྲས་བུ་གཉིས་དང་སྤྱིར་བསྡུས་པ་ནི་བསྐལ་པའི་རྙོག་པ་ཞེས་བྱའོ། །རྩ་བ་བསྟན་པའམ། ནང་གི་མི་དགེ་བའི་འབྲས་བུ་ནི་ཚེའི་རྙོག་པ་ཞེས་བྱ། ཕྱི་རོལ་གྱི་མི་དགེ་བའི་འབྲས་བུ་ནི་བསྐལ་པའི་རྙོག་པ་ཞེས་བྱ། སྡིག་པའི་རྒྱུ་དང་འབྲས་བུ་སེམས་ཅན་སྡིག་པ་
ལས་ཡོད་པར་འགྱུར་བས་སེམས་ཅན་གྱི་རྙོག་པ་ཞེས་བྱ་སྟེ་དེ་བས་ན་རྙོག་པ་ལྔའི་མཚན་ཉིད་བསྟན་པས་དེ་ལ་སྐྱོ་བར་བྱ་བའི་ཕྱིར་རྙོག་པ་ལྔ་བཤད་དོ། །དེ་ལ་གཅིག་གིས་གཅིག་བསྡུ་བ་ནི་མདོ་དག་ལས་རྙོག་པ་བཅུ་གཉིས་གསུངས་ཏེ། བསྐལ་པའི་རྙོག་པ་བསྟན་པ་དང་། དུས་ཀྱི་རྙོག་པ་བསྟན་པ་
དང་། སེམས་ཅན་གྱི་རྙོག་པ་བསྟན་པ་དང་། ཉོན་མོངས་པའི་རྙོག་པ་བསྟན་པ་དང་། ཚེའི་རྙོག་པ་བསྟན་པ་དང་། ཐེག་པ་གསུམ་གྱི་ཁྱད་པར་གྱི་རྙོག་པ་བསྟན་པ་དང་། ཡོངས་སུ་མ་དག་པའི་ཞིང་གི་རྙོག་པ་བསྟན་པ་དང་། སེམས་ཅན་གདུལ་དཀའ་བའི་རྙོག་པ་བསྟན་པ་དང་། ཉོན་མོངས་
པ་སྣ་ཚོགས་བསྟན་པའི་རྙོག་པ་བསྟན་པ་དང་། མུ་སྟེགས་ཅན་འཁྲུག་པའི་རྙོག་པ་བསྟན་པ་དང་། བདུད་ཀྱི་རྙོག་པ་བསྟན་པ་དང་། བདུད་ཀྱི་ལས་ཀྱི་རྙོག་པ་བསྟན་པ་དང་བཅུ་གཉིས་སོ། །རྙོག་པ་བཅུ་གཉིས་པོ་འདི་སྤྲུལ་པའི་སངས་རྒྱས་ཀྱི་ཞིང་ན་ཐེག་པ་ཆེན་པོ་པ་འབའ་ཞིག་ལ་ཡོད་དོ། །རྙོག་པ་ལྔའི་
ཡོངས་སུ་མ་དག་པའི་ཞིང་ན་ཐེག་པ་ཆེ་ཆུང་གཉི་ག་ལ་ཡོད་དོ། །བསྐལ་པ་དང་དུས་ནི་བསྐལ་པའི་རྙོག་པ་སེམས་ཅན་དང་གདུལ་དཀའ་བའི་སེམས་ཅན་ནི་སེམས་ཅན་གྱི་རྙོག་པ་ཉོན་མོངས་པ་དང་ཉོན་མོངས་པ་སྣ་ཚོགས་པ་ནི་ཉོན་མོངས་པའི་རྙོག་པ། ཚེ་ནི་ཚེའི་རྙོག་པ། མུ་སྟེགས་ཅན་འཁྲུག་པ་ནི་ལྟ་བའི་
Vol. 120 · folio 222a
རྙོག་པ་སྟེ། བརྒྱད་པོ་འདི་ནི་རྙོག་པ་རྣམ་པ་ལྔའོ། །ལྷག་མ་བཞི་པོ་ནི་ཐེག་པ་གསུམ་གྱི་ཁྱད་པར་དུ་བསྟན་ཏོ། །ཡོངས་སུ་མ་དག་པའི་ཞིང་ན་བདུད་དང་བདུད་ཀྱི་ལས་ནི་རྙོག་པ་ལྔར་མི་བསྡུའོ། །འགྲེལ་པ་ལས་རྣམ་པར་དག་པ་ནི་རྙོག་པ་མ་ཡིན་པའི་དོན་ཏེ། རྙོག་པ་ལ་
ཡང་རྣམ་པ་དྲུག་སྟེ། རྙོག་པ་འདི་དང་བྲལ་ན་རྣམ་པར་དག་པ་ཞེས་བྱའོ། །དྲུག་གང་ཞེ་ན་ཆགས་པའི་རྙོག་པ་དང་། སྤྱོད་ལམ་གྱི་རྙོག་པ་དང་། སྒྲིབ་པའི་རྙོག་པ་དང་། མཚན་མ་ཐ་དད་པའི་རྙོག་པ་དང་། ཡོན་ཏན་དང་མི་ལྡན་པའི་རྙོག་པ་དང་། གཏི་མུག་གི་རྙོག་པ་དང་དྲུག་གོ། །གཉེན་པོའི་
ཕྱིར་ལེ་ལོ་སྤང་བའི་ཕྱིར་དག་པའི་ཕྱིར་བསྟན་པའི་ཕྱིར་བསོད་ནམས་དང་ལྡན་པའི་ཕྱིར། ཡེ་ཤེས་དང་ལྡན་པའི་ཕྱིར་གཉེན་པོ་འདི་དྲུག་དང་ཟག་པ་དྲུག་གོ་རིམས་སུ་སྦྱར་རོ། །ཆོས་ཉིད་སངས་རྒྱས་ནི་རྙོག་པ་ལྔའི་ཚེ་འཇིག་རྟེན་དུ་གཤེགས་ཏེ་དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་
ནི་རྙོག་པ་ལྔའི་དུས་སུ་འཇིག་རྟེན་དུ་གཤེགས་སོ། །ཅིའི་ཕྱིར་བྱམས་པ་ནི་ཚེ་ལོ་བརྒྱད་ཁྲིའི་དུས་སུ་གཤེགས་ལ་ཤཱཀྱ་ཐུབ་པ་ནི་ཚེ་ལོ་བརྒྱའི་དུས་སུ་གཤེགས་པར་གྱུར། སྨྲས་པ། སྨོན་ལམ་ནི་ཐ་དད་ཀྱི་གཉི་ག་ཡང་རྙོག་པ་ལྔའི་དུས་སུ་གཤེགས་པར་འདྲ་བར་སྔར་ཐེག་པ་གསུམ་ཐབས་
ཙམ་དུ་བསྟན་ནས་ཕྱིས་ཡང་དག་པ་བསྟན་ཏེ། །སྤྲུལ་པའི་སྐུ་ལ་འདྲའོ། །གལ་ཏེ་བསོད་ནམས་ཀྱི་སྐུ་དང་། སྤྲུལ་པའི་སྐུ་ལ་ཐེག་པ་གཉིས་པོ་ལ་འདུལ་བ་མི་མཛད་ན་ངེས་པར་རྙོག་པ་མ་ཡིན་པའི་དུས་སུ་གཤེགས་ནས་ཐེག་པ་གཉིས་པོ་ལ་གདུལ་བར་མཛད་པས་ངེས་པར་རྙོག་པའི་དུས་སུ་
གཤེགས་སོ། །རྙོག་པ་ཞེས་བྱ་བ་ནི་འགྲིབ་པའི་བསྐལ་བ་ལས་འཇུག་སྟེ་རྙོག་པ་ལྔ་ཁད་ཀྱིས་སྐྱེ་བས་དེ་ལ་རྙོག་པ་ཞེས་བྱའོ། །སངས་རྒྱས་བྱམས་པ་གཤེགས་པའི་ཚེ་ལོ་བརྒྱད་ཁྲི་ལས་ཁད་ཀྱིས་བྲི་བས་དེ་ལ་ཡང་རྙོག་པའི་དུས་ཞེས་བྱ་བའི་ཚེ་ལོ་བཅུའམ་ཉི་ཤུ་ལས་མི་ཐུབ་པའི་བསྐལ་པ་
ཆུང་ངུ་འབྱུང་བ་འབའ་ཞིག་ལ་རྙོག་པ་ཞེས་བྱ་བ་མ་ཡིན་ནོ། །དེ་བས་ན་བསྐལ་པ་འགྲིབ་པའི་ཚེ་སངས་རྒྱས་འཇིག་རྟེན་དུ་གཤེགས་ལ་བསྐལ་པ་སྐྱེ་བའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་ངོ་། །དེ་ལྟར་བསྐལ་པ་འགྲིབ་པའི་ཚེ་སངས་རྒྱས་གཤེགས་ལ་བསྐལ་པ་སྐྱེ་བའི་ཚེ་འཁོར་
Vol. 120 · folio 222b
ལོས་སྒྱུར་བའི་རྒྱལ་པོ་འབྱུང་ན་ཅིའི་ཕྱིར་རྒྱལ་པོ་དུང་ཞེས་བྱ་བ་སངས་རྒྱས་བྱམས་པ་དང་ཅིག་ཅར་བྱུང་ལ་གལ་ཏེ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞིང་སངས་རྒྱས་མར་མེ་མཛད་ཀྱི་སྲས་བརྒྱད་ཅར་གླིང་བཞི་ལ་དབང་བར་འགྱུར་ཞེས་གསུངས། ལན་བཏབ་པ་རྒྱལ་པོ་
དུང་ཞེས་བྱ་བ་བསྐལ་པ་སྐྱེ་བའི་ཚེ་བྱུང་བ་ནི་བདེན་ན་ཚེ་རིང་བས་བྱམས་པ་དང་ཕྲད་པར་ཟད་ཀྱི་སངས་རྒྱས་བྱམས་པ་བསྐལ་པ་འགྲིབ་པའི་དུས་མ་ཡིན་པར་གཤེགས་པ་ནི་མ་ཡིན་ནོ། །སངས་རྒྱས་རབ་ཏུ་བྱུང་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞེས་བསྟན་པ་ཡང་ངེས་པར་ལུང་བསྟན་པ་མ་
ཡིན་ནོ། །སངས་རྒྱས་མར་མེ་མཛད་ཀྱི་སྲས་བརྒྱད་ཀྱང་སྔ་མ་དང་འདྲ་སྟེ། བསོད་ནམས་ཀྱི་སྐུ་ཡིན་པས་དེ་འདྲའི་སྐྱོན་མེད་དུ་ངེས་སོ། །གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བསྐལ་པ་ཡར་སྐྱེ་བའི་ཚེ་འཇིག་རྟེན་དུ་ངེས་པར་འབྱུང་གི །དངུལ་དང་ཟངས་དང་ལྕགས་ཀྱི་འཁོར་
ལོས་སྒྱུར་བའི་རྒྱལ་པོ་འབྱུང་བའི་དུས་སུ་ནི་ངེས་པ་མེད་དེ། དེ་བས་ན་རྒྱལ་པོ་དྷརྨཱ་ཨ་ཤོ་ཀ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པའི་འོག་ཏུ་འབྱུང་ངོ་།། །།དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ། བམ་པོ་བཞི་པ། མདོ་ལས་ཤཱ་རིའི་བུ་འདི་ལྟ་སྟེ་ཞེས་པ་ནས་
ཐེག་པ་གསུམ་དུ་བཤད་དེ་བསྟན་ཏོ་ཞེས་པའི་བར་དུ་ནི་སངས་རྒྱས་རྙོག་པ་ལྔའི་དུས་སུ་ཅིའི་ཕྱིར་འབྱུང་བ་བསྟན་པའི་ཕྱིར་འདི་ལྟར་བསྐལ་པ་དང་། འཁྲུག་པའི་རྙོག་པ་དང་། དྲི་མ་མང་པོ་དང་བརྐམ་པའི་སེམས་ཅན་དགེ་བའི་རྩ་བ་ཆུང་བདག་ལ་བཅོམ་ལྡན་འདས་ཐབས་མཁས་པ་རྣམ་པ་
གསུམ་དུ་སྟོན་ཏོ། །མུ་གེའི་བསྐལ་པ་དང་མཚོན་གྱི་བསྐལ་པ་དང་ནད་ཀྱི་བསྐལ་བ་བྱུང་བའི་ཚེ། སེམས་ཅན་འཁྲུག་པའི་རྙོག་པ་དང་། དྲི་མ་མང་ཞེས་བྱའོ། །དྲི་མ་ནི་རྙོག་པའམ་མི་གཙང་བའི་དོན་མང་པོ་ནི་གཞིག་དཀའ་བའི་དོན་ཏོ། །དྲི་མ་ལ་རྣམ་པ་དྲུག་སྟེ། འཚེ་བ་དང་། ཁོན་དུ་འཛིན་
པ་དང་། འཁྲུག་པ་དང་། གཡོ་དང་། བརྫུན་དུ་སྨྲ་བ་དང་། ང་རྒྱལ་དང་དྲུག་གོ། །དེ་ལ་གང་། སེམས་ཅན་ལ་གནོད་པར་བྱེད་པ་དགའ་བ་ནི་འཚེ་བ་ཞེས་བྱའོ། །ཁོང་ཁྲོ་བའི་དབང་གིས་ཞེ་ལ་འཛིན་པ་ནི་ཁོན་དུ་འཛིན་པ་ཞེས་བྱའོ། །ཉེས་པས་རྐྱེན་བྱས་ཏེ། སྨྲེ་སྔགས་འདོན་པ་ནི་འཁྲུག་པ་ཞེས་
Vol. 120 · folio 223a
བྱ་སྟེ། འདི་གསུམ་ནི་ཞེ་སྡང་གི་རང་བཞིན་ནོ། །བདག་གི་ཉེས་པ་འཆབ་ཅིང་ཕ་རོལ་པོའི་སྐྱོན་རྟོག་པ་དང་གཞན་གྱི་ཡིད་དང་སྦྱོར་ཏེ་ཚུལ་འཆོས་པ་ནི་གཡོ་ཞེས་བྱའོ། །བཀུར་སྟིའི་ཕྱིར་ཡོན་ཏན་སྒྱུས་སྟོན་པ་ནི་བརྫུན་ཞེས་བྱ་སྟེ་འདི་གཉིས་ནི་འདོད་ཆགས་དང་གཏི་མུག་གི་རང་
བཞིན་ནོ། །དར་ཅིང་རྒྱགས་པ་ལ་ཆགས་པར་བྱེད་པ་ནི་ང་རྒྱལ་ཞེས་བྱ་སྟེ་འདོད་ཆགས་ཀྱི་རང་བཞིན་ནོ། །སེམས་ཅན་དག་དྲི་མ་དྲུག་པོ་མང་བའི་ཕྱིར་དགེ་སྦྱོང་དུ་མི་ཤེས། དགེ་བའི་ཆོས་མི་སྤྱོད་པ་ནི་སེམས་ཅན་གྱི་རྙོག་པའོ། །སེར་སྣ་དང་འཇུངས་པ་དང་། ཕྲག་དོག་ནི་ཉོན་མོངས་པའི་རྙོག་པ་སྟེ། ཆོས་
དང་ཟང་ཟིང་བདོག་པ་གཏོང་མི་ཕོད་པ་ནི་སེར་སྣ་ཞེས་བྱའོ། །མ་ཐོབ་པའི་ཟང་ཟིང་ལ་ཐོབ་པར་བྱེད་པའི་ཐབས་སྦྱོར་ཏེ་ཆགས་ཤིང་རེ་བ་ནི་བརྐམ་པ་ཞེས་བྱའོ། །དགེ་བའི་རྩ་བ་ཆུང་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མི་དགེ་བའི་རྩ་བའོ། །དེ་ལྟར་ན་སེམས་ཅན་དགེ་བ་ཆུང་བས་ལྷ་དང་
མི་ནི་འགྲིབ། ངན་སོང་ནི་འཕེལ་ཞིང་སྐྱེ་སྟེ། སེམས་ཅན་དག་ཐེག་པ་ཆེན་པོ་ལ་ཅིག་ཅར་དགོད་པར་དཀའ་བས་སངས་རྒྱས་རྣམས་ཐབས་མཁས་པས་སངས་རྒྱས་ཀྱི་ཐེག་པ་གཅིག་པོ་དེ་ལས་ཐེག་པ་གསུམ་དུ་བཅད་དེ་བསྟན་ཏོ། །མདོ་ལས་ཤཱ་རིའི་བུ་དེ་ལྟར་ཞེས་པ་ནས་སངས་རྒྱས་ཀྱང་མ་ཡིན་པར་
རིག་པར་བྱའོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པས་ང་རྒྱལ་གྱི་དབང་དུ་གྱུར་པ་ལ་མི་སྟོན་ཏོ་ཞེས་ཐེ་ཚོམ་དུ་གྱུར་པ་འགྲོ་བ་སྟེ་དེ་དག་ང་རྒྱལ་གྱི་དབང་དུ་གྱུར་པ་ཇི་ལྟར་ཤེས་ཤེ་ན་དེ་ལ་རྣམ་པ་གསུམ་སྟེ། ཡང་དག་པ་མ་ཡིན་པ་ཐེག་པ་གཉིས་ཀྱི་འཕགས་པའི་མཚན་ཉིད་བསྟན་པ་དང་། ང་རྒྱལ་གྱི་དབང་
དུ་གྱུར་པའི་མཚན་ཉིད་བསྟན་པ་དང་། ཡང་དག་པའི་འཕགས་པ་བསྡུས་པའི་མཚན་ཉིད་དོ། །འདིར་ནི་ཡང་དག་པ་མ་ཡིན་པ་བསྟན་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་འཕགས་པ་ཡང་དག་པར་རབ་ཏུ་ཞི་བ་ལ་ཞུགས་པ་ནི། སངས་རྒྱས་དང་ཕྲད་ཀྱང་ཕལ་ཆེར་ཐེག་པ་ཆེན་པོའི་ཆོས་དང་
མི་ཕྲད་དོ། །གང་རིགས་མ་ངེས་ཤིང་སེམས་བསྐྱེད་པ་ནི་ཐོས་མ་ཐག་ཏུ་ཉན་པ་དང་། འཇུག་པ་དང་། ཁོང་དུ་ཆུད་པར་གྱུར་ཏེ། དེ་ནི་འཕགས་པ་ཡང་དག་པའོ། །གང་དེ་ལྟར་མི་ཤེས་པ་དེ་ནི་སངས་རྒྱས་ཀྱི་ཉེ་གནས་མ་ཡིན་ཏེ། འཕགས་པ་ཡང་དག་པ་མ་ཡིན་པར་རིག་པར་བྱའོ། །
Vol. 120 · folio 223b
མདོ་ལས་འདི་ལྟར་ཤཱ་རིའི་བུ་ཞེས་པ་ནས་ང་རྒྱལ་ཅན་དུ་ཤེས་པར་བྱའོ་ཞེས་པའི་བར་དུ་ནི་ང་རྒྱལ་གྱི་དབང་དུ་གྱུར་པའི་མཚན་ཉིད་བསྟན་པ་སྟེ། མ་རབས་བསམ་གཏན་བཞི་པ་ཐོབ་པ་འབྲས་བུ་གསུམ་གྱི་ཉོན་མོངས་པ་མ་ཟད་པ་དགྲ་བཅོམ་པའི་འབྲས་བུ་ཕུང་པོ་ནང་གི་ཐ་མ་མྱ་ངན་ལས་
འདའ་བ་ཐོབ་སྙམ་སྟེ། སངས་རྒྱས་མི་འདོད་པ་ནི་ང་རྒྱལ་ཅན་ཞེས་བྱའོ། །མདོ་ལས་དེ་ཅིའི་ཕྱིར་ཞེས་པ་ནས་གནས་མ་ཡིན་ནོ་ཞེས་པའི་བར་དུ་ནི་ཡང་དག་པའི་འཕགས་པ་བསྡུས་པའི་མཚན་ཉིད་བསྟན་པ་སྟེ། འཕགས་པ་ཡང་དག་པ་དང་ཕྲད་པ་རབ་ཏུ་ཞི་བ་ལ་ཞུགས་པ་ན་ཕལ་
ཆེར་ཆོས་དང་ཕྲད་དོ་དེ་དག་སྤྱོད་མི་ནུས་ཀྱང་དད་ཅིང་ཡིད་ཆེས་པར་བྱེད་དོ། །གང་རིགས་མ་ངེས་པ་ནི་ཐོས་ནས་ཀྱང་འཇུག་ཅིང་སྤྱོད་པར་བྱེད་དེ་དེ་བས་ན་དེ་བཞིན་གཤེགས་པ་དང་མངོན་སུམ་དུ་གྱུར་ཏེ་ཆོས་འདི་ཐོས་ནས་དད་པར་མི་འགྱུར་བའི་སྐབས་མེད་དེ་གནས་མ་ཡིན་ནོ་ཞེས་སྨོས་སོ། །
མདོ་ལས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ནི་མ་གཏོགས་སོ་ཞེས་པ་ནི་སྐབས་འདིར་ཇི་ལྟར་ཆོས་ཀྱི་སྣོད་དུ་འགྱུར་ཞེས་བའི་ཐེ་ཚོམ་བསྟན་པ་སྟེ། ལ་ལ་ནི་སངས་རྒྱས་ལས་ཆོས་ཐོས་ནས་སྐུར་བའི་སེམས་སྐྱེ་སྟེ། ཅིའི་ཕྱིར་ན་དེ་བཞིན་གཤེགས་པས་ཁ་ཅིག་ལ་སངས་རྒྱས་སུ་མི་
འགྱུར་པ་དང་ཆོས་ཀྱི་སྣོད་དུ་མི་འགྱུར་བ་ཞེས་བསྟན་པ་ཐེ་ཚོམ་སྐྱེས་ཏེ། དེ་ལྟར་སྣོད་དུ་མ་གྱུར་པའི་སེམས་ཅན་ལ་ཆོས་སྟོན་པ་མི་མཛད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བར་རུང་ངམ་ཞེས་པའི་དོགས་པ་བསལ་བའི་ཕྱིར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ནི་མ་གཏོགས་སོ་ཞེས་
སྨོས་སོ། །མདོ་ལས་དེ་ཅིའི་ཕྱིར་ཞེས་པ་ནས་མི་འབྱུང་ཞེས་པའི་བར་དུ་ནི་མྱ་ངན་ལས་འདས་ནས་ཐབས་མི་མཁས་པ་རབ་ཏུ་ཞི་བ་ལ་ཞུགས་པ་ཆོས་འདི་དང་ཕྲད་ཀྱང་མདོ་སྡེ་འདི་ལྟ་བུ་འཛིན་པའམ་འཆད་པ་མི་འབྱུང་ངོ་ཞེས་སྨོས་སོ། །མདོ་ལས་ཤཱ་རིའི་བུ་ཞེས་པ་ནས་ཐེ་ཚོམ་མེད་པར་འགྱུར་
རོ་ཞེས་པའི་བར་དུ་ནི་གང་ཆོས་དང་ཕྲད་པ་ནི་ང་མྱ་ངན་ལས་འདས་ཀྱང་སངས་རྒྱས་གཞན་དང་ཕྲད་དེ་ཐབས་མཁས་པས་བསྟན་ན་ཆོས་འདི་ལ་ཐེ་ཚོམ་མེད་པར་འགྱུར་རོ་ཞེས་སྨོས་སོ། །མདོ་ལས་ཤཱ་རིའི་བུ་ཞེས་པ་ནས་སངས་རྒྱས་ཀྱི་ཐེག་པའོ་ཞེས་པའི་བར་དུ་ནི་སྔར་ཐེག་པ་གསུམ་བསྟན་པ་
Vol. 120 · folio 224a
ལས། ད་ཐེག་པ་གཅིག་བསྟན་ཞེས་པའི་ཐེ་ཚོམ་བཅད་པ་སྟེ། སྔར་བསྟན་པ་དང་ཕྱིས་གསུངས་པ་མི་མཐུན་ཡང་བརྫུན་དུ་མི་འགྱུར་བ་ནི་ང་འབའ་ཞིག་གིས་མཁྱེན་གྱི་ཁྱེད་མི་ཤེས་པས་དད་པར་གྱིས་ཤིག །ཡིད་ཆེས་པར་གྱིས་ཤིག །ཁྱེད་ཐོག་མ་སེམས་
བསྐྱེད་པས་རྟོགས་པར་གྱིས་ཤིག །དགྲ་བཅོམ་པའི་སེམས་བསྐྱེད་ནས་བསྐལ་པ་སྟོང་ཕྲག་ཉི་ཤུ་འདས་ན་གདོད་བསྐལ་པ་གྲངས་མེད་པ་གསུམ་དུ་སྤྱོད་པའི་དད་པའི་སེམས་དང་འདྲ་བས་ཁྱེད་ཐེ་ཚོམ་མ་བྱེད་པར་ཡིད་ཆེས་པར་གྱིས་ཤིག་དང་ངས་གསུངས་པ་ལ་བརྫུན་མེད་དོ་ཐེག་པ་
གཅིག་ཏུ་ཟད་དོ་ཞེས་སྨོས་པ་ཡིན་ནོ། །མདོ་ལས་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་དགེ་བསྙེན་མ་རྣམས་ལ་དད་དོ་ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་བཅད་ཚིག་བརྒྱ་ཉི་ཤུ་རྩ་གཅིག་ལ་གཉིས་སུ་དབྱེ་སྟེ། ཚིག་བརྒྱ་རྩ་བཅོ་བརྒྱད་ནི་རྐྱང་པ་བཟླས་སོ། །ཚིག་གསུམ་ནི་གཞུང་འོག་
མ་དང་མཚམས་སྦྱོར་བའོ། །སྔ་མ་ལ་ཡང་རྣམ་པ་གཉིས་སུ་དབྱེ་སྟེ་ཚིག་བརྒྱ་རྩ་བཅོ་ལྔས་ནི་སྔར་ལུང་བསྟན་པ་རྣམ་པ་གཉིས་པོ་སྟོན་ཏོ། །ཚིག་གསུམ་གྱིས་ནི་ཐེ་ཚོམ་བཞི་བསལ་བ་བསྟན་པ་སྟེ་སྔ་མ་ལ་ཡང་རྣམ་པ་གཉིས་སོ། །སྔ་མའི་ཚིག་བཞིས་ནི་ལུང་བསྟན་པ་ལས་ངན་པ་སྐྱོན་ཅན་
ཕྱིར་དོང་བ་བསྟན་ཏོ། །ཚིག་བརྒྱད་ཅུ་རྩ་གཅིག་གིས་ནི་ལུང་བསྟན་པ་བསྟན་ཏོ། །ཚིག་སྔ་མ་བཞི་པོ་ལས་ཚིག་སྔར་སྨོས་པ་གཅིག་གིས་ནི་ང་རྒྱལ་གྱི་དབང་དུ་གྱུར་པ་བསྟན་ཏོ། །ཚིག་གསུམ་གྱིས་ནི་མི་དགེ་བའི་རྩ་བ་ཆེ་བ་བསྟན་ཏོ། །ཚིགས་བཅད་འདིས་ནི་ང་རྒྱལ་གྱི་དབང་དུ་གྱུར་པ་བསྟན་ཏེ།
རབ་ཏུ་བྱུང་བ་ནི་ཚུལ་ལ་གནས་པ་ཡིན་ན་མ་ཐོབ་པ་ཐོབ་ཅེས་སྨྲ་བས་ང་རྒྱལ་ཅན་ནོ། །ཁྱིམ་ན་གནས་པ་དགེ་བསྙེན་པ་ཡང་ང་ཞེས་པ་ལ་ཞེན་པས་ང་རྒྱལ་གྱི་སེམས་སྐྱེས་ཏེ། ང་རྒྱལ་ཅན་དགེ་བསྙེན་མ་ནི་ང་ཞེས་པའི་ལྟོ་མེད་ཀྱང་ཁྱིམ་ཐབ་ཀྱི་རྗེས་སུ་ང་ཞེས་པ་བསྐྱེད་པས་ང་རྒྱལ་ཅན་ཞེས་སྨོས་སོ། །མདོ་
ལས། ལྔ་སྟོང་ལས་ནི་མི་ཉུང་བ། །ཞེས་པ་ནས། །དེ་དག་སྙིང་པོ་རབ་ཏུ་གནས། །ཞེས་པའི་བར་དུ་ནི་ཚིག་གསུམ་ནི་མི་དགེ་བའི་རྩ་བ་ཆེ་བ་བསྟན་པ་སྟེ། སྐྱོན་སྦེད་པ་ནི་ཚུལ་ཁྲིམས་ཉམས་ནས་ཉེས་པ་འཆབ་པའོ། །ཉམས་པ་ནི་ཚུལ་ཁྲིམས་ལས་ཤས་ཀྱིས་ཉམས་པའོ། །མ་ཐོབ་
Vol. 120 · folio 224b
པར་ཐོབ་ཅེས་སྨྲ་བ་ནི་ཚུལ་ཁྲིམས་ཀྱི་རྩ་བ་མེད་པ་སྟེ་དེ་ལ་ཚུལ་ཁྲིམས་ཀྱང་མེད་པ་རྣམ་པར་དག་པ་ཡང་མ་ཡིན། ཏིང་ངེ་འཛིན་ཀྱང་མངོན་དུ་མི་འགྱུར་རོ། །སྙིགས་མ་ཞེས་བྱ་བ་ནི་ཅིར་ཡང་དགོས་པ་མེད་པ་སྟེ། བྱིས་པའི་བློ་ཅན་དག་སངས་རྒྱས་ཀྱི་མཐུས་དོང་བ་ཡང་ཅི་སྟེ་དམ་པའི་ཆོས་ཐོས་ན་དེ་
ལ་སྐུར་པ་འདེབས་པས་སྡིག་པ་སྐྱེ་བར་འགྱུར་ཏེ། ཕན་པ་མེད་པའི་ཕྱིར་ཕྱིར་དོང་ངོ་། །མདོ་ལས། འདི་འདྲ་ང་ལ་ཉོན་ཅིག་ཤཱ་རིའི་བུ། །ཞེས་པ་ནས་ཐབས་ལ་མཁས་པ་བརྒྱ་ཕྲག་དུ་མ་ཞེས་པའི་བར་དུ་འདི་མན་ཆད་ནི་ཚིག་བརྒྱ་རྩ་བཅུ་གཅིག་གིས་ལུང་བསྟན་པ་བརྗོད་དེ། སྔར་མདོ་ལས་རྣམ་པ་
དྲུག་ཏུ་ཕྱེ་བ་ལྟར་འདིར་ཡང་རྣམ་པ་དྲུག་ཏུ་དབྱེ་སྟེ་ཚིག་དྲུག་གིས་ནི་ཅིའི་ཕྱིར་བཤད་པ་བསྟན་ཏོ། །ཚིག་ཕྱེད་དང་བརྒྱད་ཀྱིས་ནི་གནས་པ་བསྟན་ཏོ། །ཚིག་ཕྱེད་དང་གཉིས་ཀྱིས་ནི་བཅས་པ་བསྟན་ཏོ། །ཚིག་ཕྱེད་དང་དགུས་ནི་དོན་གང་ལ་བརྟེན་པ་བསྟན་ཏོ། །ཚིག་བདུན་ཅུ་རྩ་གཅིག་གིས་ཆོས་བསྡུ་
བ་བསྟན་ཏོ། །ཚིག་བདུན་གྱིས་ནི་མ་ཐོས་པ་ཐོས་པར་བྱ་བ་བསྟན་ཏེ། མདོ་ལས་འགྲེལ་པ་ལས་བཤད་པ་དང་ལྟག་འོག་ནི་མི་མཐུན་ནོ། །ཚིག་དྲུག་གིས་ཅིའི་ཕྱིར་བཤད་པ་ལས་ཡང་རྣམ་པ་གཉིས་སུ་དབྱེ་སྟེ། ཚིག་ཕྱེད་དང་ལྔས་ནི་ཅིའི་ཕྱིར་བྱ་བ་བསྟན་ཏོ། །ཚིག་ཕྱེད་དང་གཉིས་ཀྱིས་ནི་
དབང་པོ་ཇི་བཞིན་དུ་བཤད་པ་བསྟན་ཏོ། །དེ་ལ་ཚིགས་བཅད་གཅིག་གིས་རྒྱུ་སྣ་ཚོགས་བསྟན་ཏོ། །ཚིག་གཉིས་ཀྱིས་ནི་གདོན་མི་ཟ་བའི་ཚིག་དང་རྒྱུ་དང་དཔེ་སྣ་ཚོགས་བསྟན་ཏོ། །ཚིག་ཕྱེད་དང་གཉིས་ཀྱིས་ནི་ཆོས་སྣ་ཚོགས་བསྟན་པ་སྟེ། ཚིགས་བཅད་འདིས་ནི་དབང་པོ་ཇི་བཞིན་དུ་རྒྱུ་སྣ་ཚོགས་
བསྟན་པའོ། །མདོ་ལས། དེ་ཡི་བསམ་པ་སྤྱོད་པ་ཇི་འདྲ་མཁྱེན། །ཞེས་པ་ནས། །ཅི་ནས་སེམས་ཅན་ཐམས་ཅད་མགུ་བར་བྱས། །ཞེས་པའི་བར་དུ་ནི་གདོན་མི་ཟ་བའི་ཚིག་དང་རྒྱུ་དང་དཔེ་རྣམ་པ་སྣ་ཚོགས་བསྟན་པའོ། །ཁོང་དུ་ཆུད་པ་ནི་བྱང་ཆུབ་རྟོགས་པའོ། །དད་པ་སྣ་ཚོགས་ནི་མོས་
པའི་མཆོག་ཅེས་བྱ་བའི་དོན་ཏོ། །བསམ་པ་དང་སྦྱོར་བ་ནི་དགེ་བ་དང་མི་དགེ་བའི་ལས་སོ། །དེ་ལྟར་བསམ་པ་དང་དཔྱོད་པ་དང་དད་པ་སྣ་ཚོགས་མཁྱེན་པས་གདོན་མི་ཟ་བའི་ཚིག་དང་རྒྱུ་དང་དཔེ་མང་པོ་བསྟན་པས་ཐམས་ཅད་མགུ་བར་གྱུར་ཏོ། །མདོ་ལས་དེ་བཞིན་མདོ་སྡེ་ཞེས་པ་ནས་གཏན་
Vol. 120 · folio 225a
ལ་ཕབ་ཀྱང་དེ་བཞིན་བཤད་ཅས་པའི་བར་དུ་ནི་སྐབས་འདིར་མདོ་སྡེ་བཅུ་གཉིས་བསྟན་ཏེ། དེ་ལ་ཡང་རྣམ་པ་གསུམ་མོ། །མཚན་ཉིད་བསྟན་པ་དང་། མིང་བསྟན་པ་དང་། ཁྱད་པར་བསྟན་པའོ། །མདོ་སྡེའི་མཚན་ཉིད་ལ་ཡང་རྣམ་པ་གཉིས་ཏེ། སྤྱིའི་མཚན་ཉིད་དང་རང་
གི་མཚན་ཉིད་དོ། །དེ་ལ་སྤྱིའི་མཚན་ཉིད་ནི་འདི་སྐད་བདག་གིས་ཐོས་པ་ནས་མངོན་པར་དགའོ་ཞེས་པའི་བར་དུ་ནི་ཚིག་གི་དོན་གང་བརྗོད་པ་དེ་དག་ཐམས་ཅད་ནི་སྤྱིའི་མཚན་ཉིད་ཅེས་བྱའོ། །འགྲེལ་པ་དག་ལས་མདོ་སྡེའི་ཚིགས་སུ་བཅད་དེ་གསུངས་པ་མ་གཏོགས་པར་ཚིག་རྐྱང་པ་ལས་
ཚིག་གི་དོན་མཚོན་ཏེ་བརྗོད་པ་ནི་རང་གི་མཚན་ཉིད་ཅེས་བྱའོ། །དབྱངས་ཀྱིས་བསྙད་པ་ལ་ཡང་རྣམ་པ་གཉིས་ཏེ། ཕྱིས་འོངས་པ་ལ་ཕན་གདགས་པ་དང་རྐྱང་པ་ལས་དོན་མ་ངེས་པ་ངེས་པར་བསྟན་པའོ། །འགྲེལ་པ་དག་ལས་མདོ་སྡེ་ལ་ལ་སྔ་ཕྱི་མི་མཐུན་ཏེ་རྐྱང་པ་ལས་སྨོས་པའི་འོག་
ཏུ་ཚིགས་སུ་བཅད་དེ་བཟླས་པ་ནི་ཕྱིས་འོངས་པ་ལ་ཕན་པའོ། །རྐྱང་པ་ལས་དོན་མ་ངེས་པ་དག་ཚིགས་སུ་བཅད་དེ་བཟླས་པས་དོན་གསལ་བར་བྱ་བའི་ཕྱིར་དོན་མ་ངེས་པ་ངེས་པར་བསྟན་པ་ཞེས་བྱའོ། །ལུང་བསྟན་པ་ལ་རྣམ་པ་གསུམ་སྟེ། ཉེ་གནས་ཀྱི་སྐྱེ་ཤིའི་རྒྱུ་དང་འབྲས་བུ་
ལུང་བསྟན་པ་དང་། ངེས་པའི་དོན་ལ་གསལ་བར་ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་སུ་ལུང་བསྟན་པ་དང་གསུམ་མོ། །འཕགས་པའི་ཉེ་གནས་དག་ལ་ཁྱོད་འདས་པའི་དུས་ལེགས་པ་དང་ཉེས་པ་འདི་ལྟ་བུ་ཞིག་བྱས་ཏེ་སྐྱེ་བའི་གནས་ཀྱི་ཁྱད་པར་ལུང་བསྟན་པ་ནི་སྐྱེ་
ཤིང་རྒྱུ་དང་འབྲས་བུ་ལུང་བསྟན་པའོ། །མདོ་སྡེ་མ་ངེས་པ་ངེས་པའི་དོན་དུ་ལུང་བསྟན་པ་ནི། ངེས་པའི་དོན་ཟབ་མོར་ལུང་བསྟན་པའོ། །མ་ཕམ་པ་ཁྱོད་མ་འོངས་པའི་དུས་རྒྱལ་པོ་དུང་ཞེས་བྱ་བ་དེའི་ཚེ་བྱམས་པ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པ་ནི་སངས་རྒྱས་སུ་
ལུང་བསྟན་པའོ། །ཚིགས་སུ་བཅད་པ་ནི་མདོ་སྡེ་དག་ལ་ཚིག་རྐྱང་པ་ལས་མི་སྨོས་པར་ཚིགས་སུ་བཅད་པ་གཉིས་སམ་གསུམ་མམ་བཞིའམ་ལྔའམ་དྲུག་ལ་སོགས་པ་དོན་གང་བརྗོད་པ་ཚིགས་སུ་བཅད་དེ་གསུངས་པ་ནི་ཚིགས་སུ་བཅད་པའི་སྡེ་ཞེས་བྱའོ། །ཆེད་དུ་བརྗོད་པ་ནི་
Vol. 120 · folio 225b
མདོ་སྡེ་ལས་གསོལ་བ་མ་བཏབ་པར་ཡང་དག་པའི་ཆོས་དང་བསྟན་པ་དང་ཡུན་དུ་གནས་པར་བྱ་བའི་ཕྱིར་གསོལ་བ་གདབ་མི་དགོས་པར་གསུངས་པ་ནི་ཆེད་དུ་བརྗོད་པའི་སྡེ་ཞེས་བྱའོ། །གླེང་གཞི་ལ་ཡང་རྣམ་པ་གསུམ་སྟེ་གསོལ་བ་བཏབ་ནས་བསྟན་པ་དང་ཉམས་པ་ལས་ཚུལ་ཁྲིམས་
བཅས་པ་བསྟན་པ་དང་། གླེང་བ་ཡོད་པས་ཆོས་བསྟན་པ་དང་གསུམ་མོ། །འགྲེལ་པ་དག་ལས་གླེངས་ནས་བསྟན་པ་ནི་གསོལ་བ་བཏབ་ནས་བཤད་པའོ། །བསླབ་ཚིག་བཅས་པ་ནི་བཅས་པའོ། །མདོ་སྡེ་དག་ལས་ཕ་རོལ་པོས་གླེངས་ཏེ་དཔེར་ན་མཉན་དུ་ཡོད་པ་ན་མི་ཞིག་གིས་བྱ་
ཞིག་བཟུང་ནས་ཕྱིར་ཡང་བཏང་བ་ལས་གླེངས་ཏེ་བཅོམ་ལྡན་འདས་ཀྱིས་སྔོན་གྱི་རྒྱུ་ཡང་གླེངས་ནས་བསྟན་པ་ནི་གླེངས་ནས་བསྟན་པ་ཞེས་བྱའོ། །དཔེ་ནི་མདོ་སྡེ་དག་ལས་དཔེ་རྣམ་པ་མང་པོས་ཆོས་བསྟན་པའོ། །ད་ལྟར་འདས་པའི་སྡེ་ནི་སྐྱེས་པའི་རབས་མ་གཏོགས་པར་སྔོན་འདས་པའི་གང་ཟག་
དང་ཆོས་ཀྱི་རྒྱུས་བསྟན་པའོ། །སྐྱེས་པའི་རབས་ཀྱི་སྡེ་ནི་བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་ཆེ་གེ་མོ་ཞིག་ན་སྐྱེ་བ་དང་འཆི་འཕོ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བ་སྤྱོད་པ་དང་། མདོ་སྡེ་དག་ལ་འདས་པའི་དུས་ན་ཤ་བ་དང་དྲེད་མོ་དང་། རི་བོང་དང་བྱ་ནམ་མཁའ་ལྡིང་ལ་སོགས་པའི་
ལུས་བྱས་པ་བསྟན་པ་ནི་སྐྱེས་པའི་རབས་ཞེས་བྱའོ། །ཤིན་ཏུ་རྒྱས་པ་ལ་རྣམ་པ་གཉིས་ཏེ། བྱང་ཆུབ་སེམས་དཔའི་ལམ་ལ་སྟོན་པ་དང་། རྒྱ་ཆེ་ལ་དུས་ཡུན་རིང་བའོ། །ཉན་ཐོས་ལའང་ཤིན་ཏུ་རྒྱས་པ་ཡོད་དེ། འདིར་ནི་གཉི་ག་ལ་ཤིན་ཏུ་རྒྱས་པ་ཞེས་བྱའོ། །རྨད་དུ་བྱུང་བ་ནི་མདོ་སྡེ་དག་ལས་
སངས་རྒྱས་དང་ཉེ་གནས་འཕགས་པ་འཁོར་བརྒྱད་ཀྱི་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཡ་མཚན་ངོ་མཚར་དུ་གྱུར་པ་བསྟན་པ་ནི་རྨད་དུ་བྱུང་བ་ཞེས་བྱའོ། །གཞན་ཡང་མདོ་སྡེ་ལས་སངས་རྒྱས་བཙས་མ་ཐག་ཏུ་གོམ་པ་བདུན་བདུན་གཤེགས་པ་དང་། འོད་ཟེར་ཆེན་པོས་ཕྱོགས་བཅུ་སྣང་བར་
བྱས་པ་དང་། སྤྲེའུས་སྦྲང་རྩི་ཕུལ་བ་དང་། ཁྱི་དཀར་པོས་ཆོས་ཉན་པ་ལ་སོགས་ཏེ། ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་ནི་རྨད་དུ་བྱུང་བ་ཞེས་བྱའོ། །གཏན་ལ་ཕབ་པར་བསྟན་པ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། སངས་རྒྱས་ཉིད་ཀྱིས་བསྟན་པ་དང་། འཕགས་པ་ཉེ་གནས་ཀྱིས་བསྟན་
Vol. 120 · folio 226a
པའོ། །འགྲེལ་པ་དག་ལས་མདོ་སྡེ་གང་ལྟག་འོག་གཏན་ལ་ཕབ་པ་ནི་གཏན་ལ་ཕབ་པར་བསྟན་པ་ཞེས་བྱའོ། །གང་མདོ་སྡེ་ངེས་པར་བསྟན་པ་ལ་ཡང་གཏན་ལ་ཕབ་པ་ཞེས་བྱའོ། །དེ་ལ་མིང་བསྟན་པ་ནི་མདོ་སྡེ་བཅུ་གཉིས་ཀྱི་མིང་བསྟན་པའོ། །དེ་ལ་ཁྱད་པར་ལ་ཡང་
རྣམ་པ་གཉིས་ཏེ་རང་བཞིན་གྱི་ཁྱད་པར་དང་། བསྟན་པའི་ཁྱད་པར་རོ། །རང་བཞིན་གྱི་ཁྱད་པར་ནི་དབྱངས་ཀྱིས་བསྙད་པའི་ནང་ན་ཚིགས་སུ་བཅད་པ་མེད་ལ། ཚིགས་སུ་བཅད་པའི་ནང་ན་དབྱངས་ཀྱིས་བསྙད་པ་མེད་དེ་སྔ་ཕྱི་དང་། རྐྱང་པ་དང་བཟླས་པ་ཐ་དད་པའི་ཕྱིར་རོ། །མདོ་སྡེ་དག་ལས་ཐོག་མ་
འདི་སྐད་བདག་གིས་ཐོས་པ་ནས་ཐ་མ་རྗེས་སུ་སྤྱད་པའི་བར་དུ་མདོ་སྡེ་ཞེས་སྨོས་པས་སྡེ་བཅུ་གཉིས་ཀྱང་བསྡུས་ཏེ། མདོ་སྡེ་ནི་ཚིག་རྐྱང་པ་འབའ་ཞིག་ལ་བྱ་བས་དབྱངས་ཀྱིས་བསྙད་པ་དང་ཚིགས་སུ་བཅད་པ་མ་གཏོགས་པར་སྡེ་བདུན་པོ་ཀུན་ལ་བཅུ་གཉིས་ཚང་བར་ཡོད་པར་ཤེས་པར་བྱའོ། །བསྟན་
པའི་ཁྱད་པར་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ཚང་བར་ཡོད་ལ་ཐེག་པ་ཆུང་ངུ་ལ་དགུ་ལས་མེད་དེ། འདིའི་སྐབས་སུ་ཐེག་པ་ཆུང་ངུ་སྨོས་པས་ལུང་བསྟན་པ་དང་། ཆེད་དུ་བརྗོད་པ་དང་ཤིན་ཏུ་རྒྱས་པ་དང་གསུམ་མ་སྨོས་ཏེ། འདི་ནི་ཁྱད་པར་བསྟན་པའོ། །མདོ་ལས་མི་མཁས་ངན་ལ་ཆགས་པར་
གང་གྱུར་ཞེས་པ་ནས་དེ་ལས་མྱ་ངན་འདས་པ་ཉེ་བར་བསྟན་ཞེས་པའི་བར་དུ་ཚིག་ཕྱེད་དང་གཉིས་ཀྱིས་དབང་པོ་ཇི་ལྟ་བ་བཞིན་དུ་རྟོགས་པར་དཀའ་བ་བསྟན་པ་སྟེ། འདི་ལ་རྣམ་པ་ལྔའོ། །དབང་པོ་རྟུལ་བས་གོ་དཀའ་བ་དང་ཆུང་ངུ་ལ་མོས་ཤིང་ཆེན་པོས་སྐྲག་པ་དང་འཁོར་བ་ལ་ཆགས་ཤིང་འཇིག་
རྟེན་ལས་འདས་པ་ལ་མ་དད་པ་དང་། སྐལ་བ་ཡོད་ཀྱང་མི་སྤྱོད་པ་དང་། སྡུག་བསྔལ་མང་པོས་མངོན་དུ་གཟིར་བ་སྟེ། དེ་དག་ལ་མྱ་ངན་ལས་འདས་པ་ཉེ་བར་བསྟན་པའོ། །དབང་པོ་རྟུལ་ཞིང་མི་མཁས་ལ་ངན་ཏེ་འཁོར་བ་ལ་ཆགས་པས་སངས་རྒྱས་རྣམས་དང་ཕྲད་ཀྱང་ཐེག་པ་ཆེན་པོའི་ཆོས་ཟབ་མོ་མི་
སྤྱོད་དེ་སྡིག་པ་མི་དགེ་བ་སྤྱོད་པས་སྡུག་བསྔལ་མྱོང་བར་འགྱུར་ཏེ། སྡུག་བསྔལ་ཐར་བར་བྱ་བའི་ཕྱིར་ཐེག་པ་གཉིས་ཀྱི་མྱ་ངན་ལས་འདས་པ་བསྟན་ཏོ། །མདོ་ལས། དེ་ལྟར་རང་བྱུང་བ་ནི་ཐབས་མཛད་པ། །ཞེས་པ་ནས་ཁྱེད་ཅག་སངས་རྒྱས་སུ་ཡང་འགྲུབ་པོ་ཞེས་པའི་བར་དུ་འདི་མན་ཆད་ཚིག་ཕྱེད་
Vol. 120 · folio 226b
དང་བརྒྱད་ཀྱིས་གནས་པར་བྱ་བ་བསྟན་པ་སྟེ། དེ་ལ་ཚིག་གཅིག་ནི་སྤྱིར་བསྟན་ཏོ། །ཚིག་གཅིག་ནི་བཤད་པའོ། །ཚིག་བཞིས་བསྡུས་པའོ། །ཚིག་གཅིག་ནི་གནས་པར་བསྐུལ་བའོ། །འདི་ནི་སྤྱིར་བསྟན་པ་སྟེ། གཉིས་ཐབས་ཙམ་དུ་བསྟན་ནས་མཐར་སངས་རྒྱས་ཀྱི་ཡེ་ཤེས་ཐེག་པ་གཅིག་ལ་
འཇུག་པ་བསྟན་པའོ། །མདོ་ལས་ཅིའི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་སྡོད་ཅེས་པ་ནས་ཡང་དག་གདོན་མི་ཟ་བ་བཤད་དོ་ཞེས་པའི་བར་དུ་ནི་འདིར་སྤྱིར་བསྟན་པ་ལས་དམིགས་ཏེ། སྔོན་ཁྱོད་ཀྱི་དབང་པོ་མ་སྨིན་པས་ཐེག་པ་ཆེན་པོ་མི་རྟོགས་ཏེ་བསྟན་པའི་སྣོད་དུ་མ་གྱུར་ཏོ། །ད་ནི་དབང་པོ་སྨིན་པས་དུས་
ལ་བབ་སྟེ་གདོན་མི་ཟ་བའི་དོན་བཤད་དོ་ཞེས་བསྟན་ཏོ། །མདོ་ལས། ང་ཡིས་བསྟན་པ་སྡེ་དགུ་དེ་རྣམས་ཀྱང་། །ཞེས་པ་ནས། །རབ་ཏུ་གཞུག་པའི་ཕྱིར་ནི་ངས་བཤད་དོ། །ཞེས་པའི་བར་དུ་ནི་འདི་མན་ཆད་ཚིག་ཕྱེད་དང་ལྔས་བསྡུས་པ་བསྟན་པ་སྟེ། དེ་ལ་ཡང་གསུམ་དུ་དབྱེའོ། །ཚིག་གཅིག་
གིས་ནི་ཆོས་ཆུང་ངུ་ཡང་དག་པ་མ་ཡིན་ཏེ། ཆེན་པོ་ནི་ཡང་དག་པའོ་ཞེས་བསྟན་པའོ། །ཚིག་གཅིག་གིས་ནི་ཆོས་ཆེན་པོ་དམ་པར་བསྟན་ཏེ་སྐྱེས་བུ་དམ་པ་ལ་བཤད་པ་བསྟན་པའོ། །ཚིག་གཉིས་ཀྱིས་ནི་ཆོས་དང་གང་ཟག་བསྟན་པ་སྟེ། འདི་ནི་ཐོག་མ་སེམས་བསྐྱེད་པའི་མཐུ་སྟོབས་ཇི་
ལྟ་བ་བཞིན་དུ་བསྟན་པ་སྡེ་དགུ་བཤད་དེ། མཐར་ཕྱིན་པ་མ་ཡིན་པས་ཆེན་པོ་ལ་རབ་ཏུ་གཞུག་གོ་ཞེས་བསྟན་ཏོ། །མདོ་ལས། འདི་ལྟར་རྟག་ཏུ་རྣམ་པར་དག་འགྱུར་བ། །ཞེས་པ་ནས། །དེ་ལ་ཤིན་ཏུ་རྒྱས་པའི་མདོ་སྡེ་བཤད། །ཅེས་པའི་བར་དུ་ནི་སྐབས་འདིར་ཆོས་ཆེན་པོ་དམ་པ་
སྐྱེས་བུ་དམ་པ་ལ་བཤད་པ་བསྟན་ཏེ། མདོར་ན་བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་སྲས་ཞེས་བྱའོ། །སངས་རྒྱས་ཀྱི་སྲས་ཀྱང་ཡོན་ཏན་ལྔ་དང་ལྡན་བའོ། །ལྔ་གང་ཞེ་ན་བསམ་པ་རྣམ་པར་དག་པ་སྟེ་ཐེག་པ་ཆེན་པོའི་སངས་རྒྱས་ཀྱི་ཡེ་ཤེས་འབའ་ཞིག་
ཚོལ་བ་དང་། མཉན་ངེས་པ་སྟེ་ངེས་པའི་སེམས་ཀྱིས་ཐེག་པ་ཆེན་པོ་ལ་བརྩོན་པ་དང་དབང་པོ་རྣོ་བ་སྟེ་སྡུག་བསྔལ་ལས་འདོན་ཅིང་བདེ་བ་བྱིན་པ་དང་། ཚད་མེད་པ་སྟེ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་པ་དང་། ཤིན་ཏུ་ཟབ་མོ་སྤྱོད་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ནན་ཏན་
Vol. 120 · folio 227a
བྱེད་པའོ། །དེ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། ཆོས་བཅུ་པོ་འདི་དང་ལྡན་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །གང་ཞེ་ན་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་དང་། སངས་རྒྱས་མང་པོ་ལ་བྱ་བ་བྱེད་པ་དང་། དགེ་བའི་རྩ་བ་སྤྱོད་པ་དང་། ཆོས་མཆོག་
ཚོལ་བ་དང་། སེམས་མཉེན་ཞིང་ངེས་པ་དང་། སྡུག་བསྔལ་ལ་བཟོད་པ་དང་། སྙིང་རྗེ་ཤས་ཆེ་བ་དང་། བསམ་པ་དག་པས་སྙོམས་པ་དང་། ཐེག་པ་ཆེན་པོ་ལ་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་དང་བཅུ་སྟེ། ཡོན་ཏན་འདི་དག་དང་ལྡན་ན་སངས་རྒྱས་ཀྱི་སྲས་ཞེས་བྱ་སྟེ་ཐེག་པ་ཆེན་
པོ་སྟོན་པར་འགྱུར་རོ། །མདོ་ལས། འདི་ལྟར་དེ་དག་བསམ་པ་རྫོགས་པ་དང་། །ཞེས་པ་ནས། །ཤིན་ཏུ་རྒྱས་པའི་མདོ་སྡེ་རབ་ཏུ་བཤད། །ཅེས་པའི་བར་དུ་ནི་ཡོན་ཏན་ལྔ་དང་ལྡན་པའི་གང་ཟག་མ་འོངས་པའི་དུས་སུ་འཚང་རྒྱ་བར་འགྱུར་རོ། །དེ་ཡང་སངས་རྒྱས་དྲན་པའི་བསམ་པ་རྫོགས་
པ་དང་། རྣམ་པར་དག་པའི་ཚུལ་ཁྲིམས་དང་ལྡན་པའོ། །སངས་རྒྱས་དྲན་པ་ལ་རྣམ་པ་གཉིས་ཏེ་སེམས་ཀྱིས་དྲན་པ་དང་ཚིག་གིས་བརྗོད་པའོ། །ཚུལ་ཁྲིམས་དང་ལྡན་པ་བསླབ་པ་གསུམ་རྫོགས་པ་ལ་ལུང་སྟོན་པར་འགྱུར་ཏེ། དེ་དག་ཐོས་ནས་ཤིན་ཏུ་དགའ་བར་འགྱུར་ཞེས་སྨོས་སོ། །མདོ་ལས།
འདི་ལྟར་འདྲེན་པའི་ཉན་ཐོས་དེ་དག་ལས། །ཞེས་པ་ནས། །ཐམས་ཅད་བྱང་ཆུབ་འགྱུར་བར་ཐེ་ཙོམ་མེད། །ཞེས་པའི་བར་དུ་ནི་དད་པ་སྐྱེད་པར་བསྐུལ་བ་སྟེ། ཆོས་འདི་ཐོས་སམ་གཟུང་ཡང་རུང་ཐེག་པ་ཆེན་པོ་ལ་གནས་པར་འགྱུར་བ་བསྟན་པའོ། །མདོ་ལས། ཐེག་པ་གཅིག་སྟེ་གཉིས་སུ་
མེད། །ཅེས་པ་ནས། །ཐེག་པ་སྣ་ཚོགས་མངོན་པར་བསྟན། །ཞེས་པའི་བར་དུ་ནི་ཚིག་ཕྱེད་དང་གཉིས་པོ་འདིས་གཉིས་སུ་མེད་པ་བསྟན་པ་སྟེ། གཉིས་སུ་མེད་པ་ནི་རང་སངས་རྒྱས་ཀྱི་ཐེག་པ་མེད་ཅེས་པའི་དོན་ཏོ། །གསུམ་དུ་མེད་པ་ནི་ཉན་ཐོས་ཀྱི་ཐེག་པ་མེད་པ་སྟེ། སངས་རྒྱས་ཀྱིས་ཐབས་
སུ་གསུངས་པ་མ་གཏོགས་པར་ཐེག་པ་ཆེན་པོ་ལས་གཉིས་དང་གསུམ་དུ་མེད་ཅེས་བསྟན་ཏོ། །མདོ་ལས། སངས་རྒྱས་ཡེ་ཤེས་བསྟན་པའི་ཕྱིར། །ཞེས་པ་ནས། །ཐེག་པ་ཆུང་ངུས་མི་འདྲེན་སངས་རྒྱས་ཀྱི། །ཞེས་པའི་བར་དུ་ནི་འདི་མན་ཆད་ཚིགས་བཅད་ཕྱེད་དང་བཅུ་དགུས་དོན་གང་ལ་གནས་པར་བྱ་
Vol. 120 · folio 227b
བ་བསྟན་པ་སྟེ། དེ་ལ་ཚིག་ཕྱེད་དང་གཉིས་ཀྱིས་ནི་བྱ་བ་ཆེན་པོ་གཅིག་བསྟན་པའོ། །ཚིག་བཅུ་བདུན་གྱིས་ནི་འཛུད་པ་དང་སྟོན་པ་དང་། འཇུག་པ་དང་ཆུད་པར་བྱེད་པ་བསྟན་པའོ། །སངས་རྒྱས་འཇིག་རྟེན་དུ་བྱུང་བ་ནི་བྱ་བ་གཅིག་གི་ཕྱིར་ཏེ། སངས་རྒྱས་ཀྱི་ཐེག་པ་གཅིག་སྟེ་གཉིས་སུ་ཡོད་
པ་མ་ཡིན་ནོ། །མདོ་ལས། རང་བྱུང་བདག་ཉིད་གཅིག་ལ་གནས་པ་དང་། །ཞེས་པ་ནས། །དེ་དག་ལ་ཡང་སེམས་ཅན་སོ་སོར་འཇོག །ཅེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་བཅུ་བདུན་གྱིས་འཛུད་པ་དང་སྟོན་པ་དང་། འཇུག་པ་དང་ཆུད་པར་བྱ་བ་བསྟན་པ་སྟེ། ཐོག་མའི་ཚིག་གཅིག་
གིས་འཛུད་པ་བསྟན་ཏོ། །ཚིག་ལྔས་ནི་འཇུག་པ་བསྟན་ཏོ། །ཚིག་གཅིག་གིས་ནི་ཆུད་པར་བྱ་བ་བསྟན་ཏོ། །ཚིག་བཅུས་ནི་སྟོན་པ་བསྟན་པ་སྟེ། གནས་པ་ནི་བརྟེན་པའི་དོན་ཏེ་མྱ་ངན་ལས་འདའ་བ་དང་། བྱང་ཆུབ་ལ་བདེ་བར་གནས་པའོ། །སྟོབས་དང་བསམ་གཏན་ཚད་མེད་པས་བརྒྱན་
ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བའི་ཡོན་ཏན་ཐམས་ཅད་ཆོས་འདི་གཉིས་ཀྱི་ནང་དུ་འདུ་སྟེ། སེམས་ཅན་ཐམས་ཅད་དེ་ལ་འཇོག་པས་འཛུད་པ་ཞེས་བྱའོ། །མདོ་ལས། སེར་སྣའི་ཉེས་པ་ང་ལ་ཡོད་པར་འགྱུར། །ཞེས་པ་ནས། །སེམས་ཅན་གཅིག་ཀྱང་རུང་སྟེ་ང་མི་
དགེ །ཞེས་པའི་བར་དུ་འདི་མན་ཆད་ཚིགས་བཅད་ལྔས་ནི་འཇུག་པ་བསྟན་པ་སྟེ། དེ་ལ་ཡང་གསུམ་དུ་དབྱེའོ། །ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་མཉམ་པ་བསྟན་ཏོ། །ཚིག་ཕྱེད་དང་གསུམ་གྱིས་ནི་ཡོན་ཏན་གྱི་ཁྱད་པར་བསྟན་ཏོ། །ཚིག་གཅིག་གིས་ནི་འཇུག་པ་ཉིད་བསྟན་ཏེ། བྱང་
ཆུབ་མཆོག་རབ་ཅེས་བྱ་བ་ནི་བླ་ན་མེད་པའི་ཐེག་པ་ཆེན་པོ་དོན་དམ་པའོ། །སངས་རྒྱས་ཀྱི་བླ་ན་མེད་པའི་ཐེག་པ་མཉམ་པ་བརྙེས་ན་དེ་ལ་བདག་གམ་ཕ་རོལ་ཞེས་ཐ་དད་པར་ག་ལ་ཞིག་འབྱེད་དེ། ནང་གི་ཡེ་ཤེས་མི་མཉམ་ན་བདག་འབའ་ཞིག་ཐེག་པ་ཆེན་པོ་ལ་འཇུག་པར་བྱེད་ཕྱི་རོལ་གྱི་ཡེ་
ཤེས་མི་མཉམ་ན་ཕ་རོལ་པོ་ཐེག་པ་ཆུང་ངུ་ལ་འཇོག་པར་འགྱུར། སྒྲིབ་དང་མ་བྲལ་ན་བླ་ན་མེད་པའི་ཐེག་པ་ཆེན་པོར་ག་ལ་རུང་སྟེ། དེ་བས་ན་སེར་སྣའི་ཉེས་པ་ང་ལ་ཡོད་ན་མི་དགེ་ཞེས་སྨོས་པ་ཡིན་ནོ། །མདོ་ལས། ང་ལ་སེར་སྣ་དག་ནི་ཆུང་ཟད་མེད། །ཞེས་པ་ནས། །འགྲོ་བ་ཀུན་རིག་དེ་
Vol. 120 · folio 228a
བས་ང་སངས་རྒྱས། །ཞེས་པའི་བར་དུ་ནི་ཡོན་ཏན་གྱི་ཁྱད་པར་བསྟན་པ་སྟེ། དེ་ལ་ཚིག་ཕྱེད་དང་གཉིས་ཀྱིས་ང་འདོད་ཆགས་དང་བྲལ་བས་འཇིགས་པ་མེད་པའི་ཡོན་ཏན་བསྟན་ཏོ། །ཚིག་འོག་མ་གཅིག་གིས་ནི་ཕྱི་རོལ་གྱི་རྒྱན་དང་ཡང་དག་པའི་ཆོས་ཀྱི་ཡོན་ཏན་
བསྟན་ཏེ། སེར་སྣ་མེད་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་བཅབས་ཏེ། ཐེག་པ་ཆུང་ངུ་སྟོན་ཅིང་སེམས་ཅན་བསླུ་བའམ། སྔར་ཐེག་པ་ཆེན་པོ་སྦྱིན་པར་བྱ་བ་ལས་ཕྱིས་མ་སྦྱིན་པ་མ་ཡིན་པས་སེར་སྣ་མེད་དོ། །སེམས་ཅན་གྱིས་ཐེག་པ་ཆེན་པོ་རིག་ཅིང་ཆུད་ཀྱིས་དོགས་པའི་ཐུགས་མི་མངའ་
བས་ཕྲག་དོག་མེད་དོ། །སྡིག་པའི་ཆོས་ནི་གང་ཉོན་མོངས་པའི་ལས་དང་བཅས་པ་སྡུག་བསྔལ་བ་འཁོར་བའི་ཆོས་ཡོངས་སུ་བཅད་པས་ཉེས་པའི་སྐྱོན་གང་ཡང་མེད་དེ། ཡང་དག་པའི་ཡེ་ཤེས་རྫོགས་ནས་ཕྱོགས་བཅུར་སེང་གེའི་སྒྲ་བསྒྲགས་ཏེ་འཇིགས་པ་མི་མངའ་བས། འགྲོ་བ་ཀུན་
རིག་ང་སངས་རྒྱས། །ཞེས་བྱའོ། །མདོ་ལས། ཇི་ལྟར་མཚན་རྣམས་ཀྱིས་ནི་ང་བརྒྱན་ཏེ། །ཞེས་པ་ནས། །ཆོས་ཀྱི་རང་བཞིན་ཕྱག་རྒྱ་འདི་བཤད་དོ། །ཞེས་པའི་བར་དུ་ནི་ཕྱི་རོལ་གྱི་མཚན་གྱིས་བརྒྱན་པ་བསྟན་པ་སྟེ། མཚན་བཟང་པོས་བརྒྱན་པའི་སྐུའི་འོད་དང་། ཡེ་ཤེས་ཀྱི་འོད་
ཀྱིས་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་སྣང་བར་བྱས་ནས་སྲོག་ཆགས་ཀུན་གྱིས་ང་ལ་བཀུར་སྟི་བྱས་སོ། །ནང་ན་ཉོན་མོངས་པ་མེད་པས་ཕྱི་རོལ་གྱི་མཚན་གྱིས་བརྒྱན་ཏེ་ཆོས་ཀྱི་རང་བཞིན་གྱི་ཕྱག་རྒྱ་འདི་བཤད་དོ། །ཕྱག་རྒྱ་ནི་སྟོང་པ་གཉིས་ཀྱི་ཐེག་པ་ཆེན་པོའི་ཕྱག་རྒྱ་སྟེ། ཕྱག་རྒྱ་
འདིས་བཏབ་པ་ནི་ཐེག་པ་ཆེན་པོའི་ཆོས་ཡང་དག་པ་ཞེས་བྱའོ། །མདོ་ལས། དེ་ལྟར་ངས་བསམས་ཤཱ་རིའི་བུ། །ཞེས་པ་ནས། །བདག་འོད་རང་བྱུང་འཇིག་རྟེན་རིག་པར་རོ། །ཞེས་པའི་བར་དུ་ནི་གོ་བར་བྱ་བ་བསྟན་པ་སྟེ་ཐེག་པ་ཆེན་པོ་ཡང་དག་པའི་ཡེ་ཤེས་ངས་ཇི་ལྟར་རིག་པ་བཞིན་
དུ་སེམས་ཅན་ཐམས་ཅད་ལ་ཡང་བསྟན་ཞེས་པའི་དོན་ཏོ། །མདོ་ལས། ཇི་ལྟར་མཐོང་ཞིང་ཇི་ལྟར་བསམས་པ་དང་། །ཞེས་པ་ནས། །དུར་ས་དེ་དག་ཕྱི་ཕྱིར་སྐྱེ་བར་འགྱུར། །ཞེས་པའི་བར་དུ་ཚིགས་བཅད་གཅིག་གིས་ཆུད་པར་བྱེད་པ་བསྟན་པ་སྟེ། །སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་ནས་
Vol. 120 · folio 228b
སྨོན་ལམ་བཞིན་དུ་བྱང་ཆུབ་ལ་དགོད་དེ། བྱང་ཆུབ་ནི་རྒྱུའི་དོན་ཏོ། །ས་དང་པོ་ནས་ས་བརྒྱད་ཀྱི་བར་དུ་ཆུད་པར་བྱེད་དེ། ཕྱིར་མི་ལྡོག་པ་ཐོབ་པས་སངས་རྒྱས་སུ་འགྱུར་བའི་རྒྱུའོ། །འདི་མན་ཆད་ཚིག་བཅུས་ནི་སྟོན་པ་འགྲེལ་པ་སྟེ། དེ་ལ་ཐོག་མའི་ཚིག་བརྒྱད་ཀྱིས་མི་མཐུན་པ་སྟོན་ཏོ། །
ཚིག་ཕྱི་མ་གཉིས་ཀྱིས་ནི་ཕྱིས་མཐུན་པར་འགྱུར་བ་བསྟན་པ་སྟེ། དེ་ལ་གང་ཤེས་པ་དང་ལྡན་པས་ནི་དེ་བཞིན་དུ་འཛིན་པར་འགྱུར་གྱི་གང་མི་ཤེས་པ་རྣམས་ནི་དེ་ལ་མྱོས་ཏེ་སྐུར་པ་འདེབས་སོ། །འདི་མན་ཆད་ཚིག་དྲུག་གིས་མི་མཐུན་པའི་མཚན་མ་བསྟན་ཏེ། དེ་ལ་ཡང་རྣམ་པ་གཉིས་
སོ། །ཐོག་མ་ཚིག་གཅིག་གིས་ནི་དགེ་བ་མེད་ལ་སྡིག་པ་དང་བཅས་པས་མི་མཐུན་པ་བསྟན་ཏོ། །འོག་མ་ཚིག་ལྔས་ནི་སྡིག་པ་དང་བཅས་ལ་དགེ་བ་མེད་པས་མི་མཐུན་པ་བསྟན་ཏོ། །སྤྱོད་པ་མ་སྤྱད་ཚེ་རབས་སྔ་མ་ལ། །ཞེས་པ་ནི་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་བསྐྱེད་པ་
སྟེ། ཅུང་ཟད་བསྐྱེད་པ་ཡང་ཟག་པ་མེད་པའི་རྒྱུར་འགྱུར་བ་མ་ཡིན་གྱི་འདོད་པ་ལྔའི་ཡོན་ཏན་གྱི་རྒྱུར་འགྱུར་བས་འདི་ལྔ་ལ་ཆགས་ཤིང་ཞེན་ཏེ། གཏི་མུག་གི་ལས་བྱས་པས་སྲེད་པ་སྐྱེས་ཏེ། སྐྱེ་ཤིའི་སྡོང་པོ་ཕྱི་ཕྱིར་སྐྱེ་བར་གྱུར་ཏོ། །འདི་མན་ཆད་ཚིག་ལྔས་སྡིག་པ་དང་བཅས་ལ་དགེ་བ་
མེད་པས་མི་མཐུན་པར་བསྟན་ཏེ། དེ་ཡང་རྣམ་པ་གཉིས་སོ། །དེ་ལ་སྔ་མ་ཚིག་བཞིས་ནི་སྡིག་པ་དང་བཅས་པས་མི་མཐུན་པ་བསྟན་ཏོ། །འོག་མ་ཚིག་གཅིག་གིས་ནི་དགེ་བ་མེད་པས་མི་མཐུན་པ་བསྟན་ཏོ། །སྔ་མ་ལ་ཡང་རྣམ་པ་གཉིས་ཏེ། འདོད་པ་ལྔའི་ཡོན་ཏན་ལ་ཆགས་ཤིང་ཞེན་པས་
མི་མཐུན་པ་དང་། བསླབ་པ་མྱོས་ཤིང་འཁྲུལ་པས་མི་མཐུན་པ་སྟེ། འདོད་པའི་དབང་གིས་མི་དགེ་བའི་ལས་འབའ་ཞིག་སྤྱད་པས་ངན་འགྲོར་ལྷུང་ཞེས་བྱའོ། །ལས་འདྲེན་མར་སྤྱད་པ་འགྲོ་བ་དྲུག་ཏུ་ཉོན་མོངས་པར་འགྱུར་རོ། །སྐྱེ་བ་རྣམ་བཞིར་ལས་དང་འགྲོགས་པས་སྡུག་བསྔལ་
གསུམ་དང་ལྔ་དང་བརྒྱད་ཀྱིས་གདུངས་པས་བཙིར་བ་ཞེས་བྱའོ། །ཕྱི་ཕྱིར་སྐྱེ་བར་འགྱུར་བ་ནི་འཁོར་བའི་རྒྱུན་མི་འཆད་པའོ། །མདོ་ལས། བསོད་ནམས་ཆུང་བས་སྡུག་བསྔལ་ཀུན་གྱིས་བཙིར། །ཞེས་པ་ནས། །ཚེ་རབས་སྐྱེ་བ་སྟོང་ཕྲག་དུ་མའོ། །ཞེས་པའི་བར་དུ་འདི་མན་ཆད་ཚིག་ཕྱེད་
Vol. 120 · folio 229a
དང་གཉིས་ཀྱིས་བསླབ་པ་འཁྲུགས་པས་མི་མཐུན་པ་བསྟན་པ་སྟེ། ཐོག་མའི་ཚིག་ཕྱེད་དང་གཉིས་ཀྱིས་ནི་འཇིག་ཚོགས་སུ་ལྟ་བ་དང་མཐར་ལྟ་བས་ལྟ་བ་དྲུག་ཅུ་རྩ་གཉིས་སུ་འགྱུར་བ་བསྟན་ཏོ། །ཕྱི་མ་ཚིག་གཅིག་གིས་ནི་ལྟ་བ་བསྙེམས་པ་དང་ཚུལ་ཁྲིམས་བསྙེམས་
པའི་རྒྱུར་འགྱུར་བ་དང་། དེ་མ་ཡིན་པ་གཞན་ཡང་སྐྱེ་བ་བསྟན་ཏོ། །སེམས་ཅན་ཐོག་མ་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆུང་བས་སྡུག་བསྔལ་གྱིས་བཙིར་བར་གྱུར་ཏོ། །དེ་དག་ཀྱང་ཐར་པའི་ལམ་འདོད་མོད་ཀྱི་ཡང་དག་པ་དང་ལོག་པ་མ་རྟོགས་ཏེ་མུ་སྟེགས་ཅན་དུ་གྱུར་
ན་ལོག་པར་ལྟ་བ་ལ་སློབ་པ་དང་། སྤྱོད་པ་འཁྲུལ་པས་ལོག་པར་ལྟ་བ་ཞེས་བྱའོ། །ལྟ་བ་ལ་རྣམ་པ་མང་སྟེ་གང་སེམས་ཅན་གྱི་འབྱུང་བའི་ལམ་གྱི་བར་དུ་གཅོད་ཅིང་རྣམ་པར་གྲོལ་བར་མི་འགྱུར་བ་ལ་ལྟ་བ་སྟུག་པོ་ཞེས་བྱའོ། །ཡོད་པ་དང་མེད་པ་ཞེས་བྱ་བ་ནི་ལྟ་བ་ལྔ་ལ་བཞི་ནི་
ཡོད་པར་ལྟ་བའོ། །ངན་པར་ལྟ་བ་ནི་མེད་པར་ལྟ་བའོ། །གཞན་ཡང་ལྟ་བ་སྣ་ཚོགས་ནི་ཡོད་མེད་ཅེས་བྱའོ། །གཞན་ཡང་ཡོད་པ་ནི་བདག་གི་ཕུང་པོ་ཕྱི་མ་ཡོད་པར་འཛིན་པ་སྟེ། རྟག་པར་ལྟ་བའོ། །མེད་པ་ནི་བདག་གི་ཕུང་པོ་ཕྱི་མ་མེད་པར་འཛིན་པ་སྟེ་ཆད་པར་ལྟ་བའོ། །མཐར་ལྟ་བ་
དང་ལོག་པར་ལྟ་བ་ལས་ལྟ་བ་དྲུག་ཅུ་རྩ་གཉིས་སུ་འཛིན་པ་ནི་ཡོད་མེད་ཅེས་བྱའོ། །དེ་ལྟར་ངར་འཛིན་པར་ལྟ་བ་དྲུག་ཅུ་རྩ་གཉིས་ལ་སོགས་པར་འཛིན་ཅིང་ཆགས་ཏེ་གཏོང་དུ་མི་བཏུབ་པས་ལོག་པར་བྱེད་པར་ང་རྒྱལ་ཅན་ཞེས་བྱའོ། །འདི་མན་ཆད་ཚིག་གཅིག་གིས་ནི་དགེ་བ་མེད་པས་མི་
མཐུན་པ་བསྟན་ཏེ། གང་དགེ་བ་དང་ལྡན་པ་ནི་བསྙེན་པ་བཞི་ལ་བསྙེན་པར་བྱའོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་ཡང་དག་པའི་ཆོས་ཉེན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཐོས་པ་བཞིན་དུ་ནན་ཏན་བྱེད་པའོ། །བྱིས་པ་གཡོ་བྱེད་པ་སྡིག་པ་ཅན་ནི་ཚེ་རབས་དུ་
མར་སངས་རྒྱས་ཀྱི་མཚན་ཡང་མི་ཐོས་ན་དགེ་བའི་བཤེས་གཉེན་དང་གང་ཞིག་ཕྲད་དེ། དེ་ལྟར་སངས་རྒྱས་ཀྱང་མི་མཐོང་། ཆོས་ཀྱང་མི་ཐོས་ཏེ། ཆོས་ཐོས་པའི་སྐལ་བ་མེད་པ། ཡིད་ལ་བྱེད་པ་དང་ནན་ཏན་དུ་སྤྱོད་པར་ག་ལ་ཞིག་འགྱུར་ཏེ། དེ་ནི་ཤིན་ཏུ་གདུལ་དཀའ་བས་ཐོག་མ་ནས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words