འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 121 · folio 256b
དང་། །མི་རྟོག་མི་དཔྱོད་པ་དང་། བག་ཆགས་ཀྱི་ས་བཞི་སྤངས་པ་སྟེ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པར་བག་ཆགས་རྣམ་བཞི་ཡོངས་སུ་སྨིན་པ་སྟེ། དེ་དག་
ཏུ་བསྟན་པ་དང་། མི་བདེན་པའི་བག་ཆགས་ནི་དགེ་བ་དང་། མི་དགེ་བ་དང་། གཉིས་ཀ་དང་། ལུང་དུ་མི་སྟོན་པར་བརྩམས་སོ། །ཟག་པ་དང་བཅས་པའི་བག་ཆགས་ནི་ཀུན་གཞི་རྣམ་པར་ཤེས་པ་ལས་རབ་ཏུ་གྱུར་པ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་མེ་ལོང་གི་ཡེ་ཤེས་སུ་
འགྱུར་རོ། །འཕོ་བ་གཉིས་དང་བྲལ་བ་ནི་འཁོར་བའི་འཕོ་བ་དང་། ཡོངས་སུ་འགྲིབ་པའི་འཕོ་བ་སྟེ། དེ་དག་བྲལ་བ་ནི་འཕོ་བ་གཉིས་དང་བྲལ་བར་བརྟག་གོ། །ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་འཕགས་པའི་བདེན་པ་
བཞི་བསྒོམ་པས་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པའི་ཕྱིར་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་བསྒོམ་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་སྤོང་ངོ་། །ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པས་ཤེས་བྱའི་སྒྲིབ་པ་སྤོང་ངོ་། །
བློ་གྲོས་ཆེན་པོ་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བདུན་རྣམས་ནི་དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ་ནི་འཁོར་བ་མ་ཡིན་ཏེ། བག་ཆགས་ཀྱི་རྒྱུ་ལས་འབྱུང་བའི་ཕྱིར་སྐད་ཅིག་པའོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་
སྙིང་པོ་ནི་འཁོར་ཞིང་མྱ་ངན་ལས་འདས་པ་དང་། བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བདུན་རྣམས་སྐད་ཅིག་པའི་བག་ཆགས་ཀྱི་རྒྱུ་ལས་འབྱུང་བས་ན་འཁོར་བར་མི་འཁོར་རོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་གནས་དེ་བཞིན་
གཤེགས་པའི་སྙིང་པོ་ནི་རྡོ་རྗེ་དང་གསེར་ལ་སོགས་པ་བཞིན་དུ་སྐད་ཅིག་མའི་རྒྱུན་རྟག་པའི་ཕྱིར་འཁོར་བ་སྟེ། དུས་ཀྱི་ཁྱད་པར་དུ་བྱེད་པ་ན་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་དང་། འཁོར་བ་དང་སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་
Vol. 121 · folio 257a
འཁོར་བར་འཁོར་བའི་ཕྱིར་རོ། །མྱ་ངན་ལས་འདས་པའི་བདེ་བའི་རྒྱུ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་དངོས་པོ་མེད་པའི་ཕྱིར་བདེ་བའི་རྒྱུ་སྟེ། བདེན་པ་ཤེས་པ་ལ་ནི་མི་ཤེས་པ་ཐམས་ཅད་སྡུག་བསྔལ་ལོ། །བྱིས་པ་སོ་སོའི་སྐྱེ་བོས་མི་ཤེས་སོ་ཞེས་པ་ནི་ཁ་ཅིག་སྟོང་
པ་ཉིད་ཀྱིས་གཡེངས་པའི་བློ་ཅན་ཐམས་ཅད་མེད་ཅེས་པ་སྟེ། ཐམས་ཅད་རྟག་པར་ཡོད་ཅེས་པ་རྟག་པའམ་ཆད་པར་སྨྲ་བར་ལྟུང་ཞིང་སྐད་ཅིག་མའི་རྒྱུན་དུ་རྟག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཁོང་དུ་ཆུད་པར་མི་བྱེད་དོ། །སྐད་ཅིག་མའི་ཕྱོགས་ལ་གཡེངས་པས་
བློ་རྟག་ཏུ་ཆད་པའམ་རྟག་ཏུ་ཆད་པ་མེད་པར་རྟོག་གོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་ཤེས་རབ་ཅན་རྣམས་ཀྱིས་ཤེས་ཏེ་དེ་ལྟར་ཐམས་ཅད་བསྡུ་བའི་དོན་དུ་བཤད་ནས་ཡན་ལག་གི་དོན་དུ་ཅུང་ཟད་ཅིག་བཤད་པར་བྱ་སྟེ། ཐམས་ཅད་མཁྱེན་པ་རྣམས་ཀྱི་སྐུ་གསུམ་ནི་
སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐ་དད་པས་རྣམ་པར་འབྱེད་དོ། །ངོ་བོ་ཉིད་ཀྱི་སྐུ་རྣམས་ནི་གཉིས་སུ་མེད་པ་སྟེ། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་ཡུལ་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་དབང་པོ་ཐམས་ཅད་ཀྱི་ཡུལ་ལས་འདས་པའོ། །བདུད་
ཀྱལ་ཀ་ཅན་གྱི་རིགས་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་འཕགས་པ་ཕྱག་ན་རྡོ་རྗེ་དེ་ཡོངས་སུ་སྲུང་བའི་དོན་དུ་དེ་ཞམ་འབྲིང་དུ་མི་འབྲང་ངོ་། །སྤྲུལ་པ་རྣམས་ནི་ལས་ལས་སྐྱེས་པའི་མ་ཡིན་ཏེ། དེ་དག་ལས་ནི་དེ་བཞིན་གཤེགས་པ་གཞན་པ་ཡང་མ་ཡིན། གཞན་པ་མ་
ཡིན་པ་ཡང་མ་ཡིན་ཏེ། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་པའི་དེ་བཞིན་གཤེགས་པ་ཉིད་གཅིག་པོར་གྱུར་ཏེ། རྣམ་པ་མང་པོར་འགྱུར་རོ། །དེས་ན་གཞན་པ་དང་གཞན་པ་མ་ཡིན་པའི་ཐ་སྙད་མི་རུང་ངོ་། །སྔོན་མེད་པ་དང་། ཕྱིས་
འབྱུང་བ་མ་ཡིན་པའི་ཡི་གེ་དེ་དག་ཉིད་ཀྱི་སྔ་མས་བཤད་པ་བཞིན་དུ་ཐོག་མ་དང་ཐ་མར་དགེ་བ་འཆད་ཀྱི་ལྷག་པར་ནི་མ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ལས་ལས་ནི་ངོ་བོ་ཉིད་ཀྱི་རྣམས་འབྱུང་བ་སྟེ། སྤྲུལ་པའི་རྣམས་ནི་མ་ཡིན་ནོ། །ཕུང་པོ་དང་། ཁམས་དང་།
Vol. 121 · folio 257b
སྐྱེ་མཆེད་ལ་སོགས་པ་སྤྲུལ་པ་རྣམས་ཀྱིས་སྟོན་གྱི། ངོ་བོ་ཉིད་རྣམས་ཀྱིས་ནི་མ་ཡིན་ནོ། །རྣལ་འབྱོར་པ་རྣམས་ལ་ནི་གཉིས་སུ་མེད་པ་དང་གཉིས་ཀ་ཡང་ངོ་། །སྤྲུལ་པ་རྣམས་ལ་ཉོན་མོངས་པ་བག་ཆགས་དང་བཅས་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་ལས་ཀྱི་རྒྱུ་
མེད་དེ། དེའི་ཕྱིར་ལྷུང་བཟེད་བཀྲུས་བཞིན་ལ་སོགས་པའི་ལན་ནི་ཐམས་ཅད་མཁྱེན་པ་བདག་ཉིད་ཀྱིས། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ནས་གསུངས་པ་སྟེ། སེམས་ཅན་རྣམས་སྐྱོ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་ཆེད་དུ་ལས་ཀྱི་རྒྱུད་བསྟན་པས་ན་སངས་
རྒྱས་རྣམས་ཆོས་སྟོན་པ་ནི་བསམ་གྱིས་མི་ཁྱབ་པོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་ཆོས་ཐམས་ཅད་དང་འགལ་བ་མེད་པར་དཔྱད་པ་དྲུག་པ་སྟེ་ལེའུ་དྲུག་པ་རྫོགས་སྷོ།། །།དེའི་འོག་ཏུ་བསྡུ་
བའི་ཚིགས་བཅད་འབྱུང་སྟེ། དེ་ནི་བདག་གིས་དགོངས་པ་ངེས་པར་འགྲེལ་པ་ལས་དོན་དམ་ཡང་དག་འཕགས་ཀྱིས་ཡོངས་སུ་གསོལ་བའི་འོག་ཏུ་བཤད་པ་སྟེ། སྐབས་འདིར་བྲི་བར་བྱའོ། །བསྟན་པའི་ངག་དང་། སེམས་ཅན་གྱི་སེམས་བསྲུང་བ་དང་། སྙིང་
རྗེ་བས་སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔས་ཤ་བཟའ་བར་མི་བྱའོ། །མི་གཙང་བ་བསྒོས་པས་སྐྱུག་བྲོ་བའི་གནས་དང་། ཕ་མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ་དང་། དྲི་མི་ཞིམ་ཞིང་རྨ་ཡོད་པའི་ལུས་ཀྱི་ཤ་སྟེ། དེས་ན་ཐམས་ཅད་མི་གཙང་བས་ཤ་བཟའ་
བར་མི་བྱའོ། །ཁ་ཅིག་གིས་ནི་གཙང་བ་དང་མི་གཙང་བར་རྟོག་པར་བྱེད་དེ། སྡེར་མོ་ལྔ་པ་ལྔ་བཟའ་བ། །རི་བོང་བྱི་ཏུར་སྦལ་དཀར་དང་། །བསེ་དང་རུས་སྦལ་ལྔ་པ་སྟེ། །ཕ་ཡི་སྦྱིན་སྲེག་བསྔོ་བ་བཞིན། །ཞེས་དེ་བཟའོ། །གལ་ཏེ་སྲོག་ཆགས་བསད་དོ་ཅོག་སྡིག་པར་གྱུར་
ན་ནི་ཤ་བཟའ་ཅི་དགོས་དེ་ལ་མཆོག་སྦྱིན་པ་རྣམས་རྟོག་པ་ནི་མཆོད་སྦྱིན་དུ་བསད་པ་རྣམས་ནི་བུ་དང་བཅས་པ་དང་། ཁྱུ་དང་བཅས་པར་ཡང་མཐོ་རིས་སུ་སྐྱེའོ། །ཡང་སྨྲས་པ། ལུག་དང་རི་དགས་བྱ་རྣམས་དང་། །བསྟན་པ་བྱིན་འགྲོ་ཐམས་ཅད་ནི། །མཆོད་སྦྱིན་
Vol. 121 · folio 258a
དོན་དུ་བསད་གྱུར་པ། །འགྲོ་བ་གཙོ་ནི་ཐོབ་པར་འགྱུར། །ཞེས་པ་ནི་གལ་ཏེ་དོན་དམ་པ་ཉིད་རྩོམ་ན་ནི་དེ་དག་ལ་སྲོག་སྡུག་པ་ཉིད་དེ། ཇི་ལྟར་དྲང་སྲོང་བྱ་སས་སྨྲས་པ། སེམས་ཅན་གཅིག་ལ་མི་འཇིགས་ཡོད། །སྦྱིན་པ་དེ་ནི་མཆོག་ཡིན་གྱི། །བྲམ་ཟེ་སྟོང་གི་གྲངས་
རྣམས་ལ། །བ་སྟོང་གསེར་དང་བཅས་པ་ཡི། །གང་གིས་གསེར་གྱི་རི་བོ་དང་། །རིན་ཆེན་བཀང་སྟེ་ས་སྦྱིན་དང་། །དེ་དང་མཉམ་པ་མ་ཡིན་ནོ། །ཞེས་སོ། །ནེ་ཙོས་ཀྱང་སྨྲས་པ། གཟུགས་ཤིང་བཅད་དེ་ལུག་བསད་ནས། །ཁྲག་གི་རྫབ་ཏུ་བྱས་ནས་ནི། །གལ་ཏེ་དེ་ལྟར་མཐོ་རིས་འགྲོ། །
དམྱལ་བར་ཅིས་ན་འགྲོ་བར་འགྱུར། །ཞེས་པའོ། །མཆོད་སྦྱིན་པ་རྣམས་རྟོག་པ་ནི་སྔགས་ཀྱིས་བསད་པ་ལ་སྡིག་པར་མི་འགྱུར་རོ་ཞེས་ཏེ། འོ་ན་མཚོན་གྱིས་བསད་པ་ལ་ཅིས་ན་སྡིག་པར་འགྱུར། དེ་ལྟ་བས་ན་སྙིང་རྗེ་ཅན་གྱིས་སྲོག་གཅོད་པ་སྤོང་བར་བྱའོ། །ལེགས་པར་སྤྱོད་པ་
ལ་ནི་གཞན་ལ་གནོད་པ་བྱེད་པས་ཇི་ལྟར་ན་བདག་གི་དོན་དུ་རུང་། ཇི་ལྟར་དྲང་སྲོང་བྱ་སས་སྨྲས་པ། གང་གིས་གང་གི་ཤ་ཟ་བ། །དེ་དག་གཉིས་ཀྱི་ཁྱད་པར་ལྟོས། །གཅིག་ནི་སྐད་ཅིག་འགྲངས་པར་འགྱུར། །གཅིག་ནི་གཏན་དུ་སྲོག་དང་བྲལ། །འཆིའོ་སྙམ་པའི་སྡུག་བསྔལ་གང་། །སྐྱེས་
བུ་ལ་ནི་སྐྱེ་འགྱུར་བ། །རྗེས་སུ་དཔག་པ་དེ་ཡིས་ནི། །གཞན་ཡང་བསྲུང་བར་རིག་པའོ། །ཀྵ་པ་ན་ཀ་རྣམས་ཀྱིས་གསོད་པ་ནི། དམ་པའི་ཆོས་མ་ཡིན་ནོ་ཞེས་དེ་སྐད་ཅེས་པ་དེ་ནི་རུང་ངོ་། །ཆོས་སེམས་པ་ཅན་རྣམས་ཀྱིས་ནི་དབང་པོ་རྣམས་ལས་འབྱུང་བའི་འོ་མ་དང་། ཤ་བཟའ་བར་མི་བྱའོ། །དབང་
པོ་ལས་མ་བྱུང་བའི་ཟན་དང་། སྐོམ་ནི་བཟའ་བར་བྱའོ་ཞེས་བཙོག་པ་དང་། གཙང་བ་རྣམ་པར་རྟོག་པར་བྱེད་དོ། །དེ་དེ་ལྟར་བཙོག་པ་དང་གཙང་བར་རྣམ་པར་རྟོག་པའི་ཆུ་ཡང་བཏུང་བ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཉ་དང་རུས་སྦལ་སེམས་ཅན་མང་པོ་དང་། མི་རྨ་བཀྲུ་བ་དང་། རྣག་དང་
ཁྲག་ལ་སོགས་པ་རུལ་པ་རྣམས་ཀྱིས་རྙོག་པའི་ཕྱིར་རོ། །ཁར་སོ་ན་བའི་ཟས་ཀྱང་ལྡད་པ་ན་མཆུ་སྒོའི་མཚམས་སུ་ཚུད་ཅིང་སོའི་དྲི་མ་པགས་པ་དང་། མཆིལ་མས་དཀྲིས་པ་ན་ཁ་ཟས་ཀྱང་མི་བཟའོ། །ལུས་ཐམས་ཅད་ཀྱང་བཙོག་པ་ཡིན་ནོ། །ཇི་ལྟར་ཁ་ཅིག་གིས་སྨྲས་པ། ཟས་དང་དེ་བཞིན་
Vol. 121 · folio 258b
བཤད་པ་དང་། །འཚོ་བ་དང་ནི་འཆིལ་མས་ཀྱང་། །བཀྲུ་བ་ལུས་ལ་གནས་པས་ན། །མཁས་པ་རྣམས་ཀྱིས་མི་གཙང་རིག །ཅེས་སོ། །དགེ་སློང་སྐྱེ་བོ་གཞན་དག་འོ་མ་དང་ཤས་ཕོ་མཚན་རྒྱགས་པར་བྱེད་ཅིང་། སྦྱར་བར་བྱེད་པའི་ཁ་ཟས་རྣམས་ཡོངས་སུ་སྤོང་ངོ་ཞེས་རྣམ་པར་
རྟོག་ན་ལུས་མ་བསྒོམས་པ་རྣམས་ལ་ཡང་སྲན་མ་ཤ་དང་། ཏིལ་དང་། འབྲུ་མར་དང་། ནས་རྗེན་གྱི་ཕྱེ་ལ་སོགས་པས་ཕོ་མཚན་ཆེར་རྒྱགས་པར་བྱེད་དོ། །དེ་དེ་ལྟར་ན་བཙོག་པ་དང་། གཙང་བ་རྣམ་པར་རྟོག་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་ཡིན་པས་རབ་ཏུ་འབྱུང་བ་
རྣམས་ཀྱིས་ཡོངས་སུ་སྤང་བར་བྱའོ། །ཏིལ་དང་། ལ་ཏུ་དང་། ཚོད་མ་དང་། འབྲུ་བ་དང་། འབྲུ་རྒོད་ཟས་ནི་བདག་ཏུ་ཆགས་པ་ཟློག་པར་བྱེད་པ་ཡང་མ་ཡིན་པ་ཞི་བར་བྱེད་པ་ཡང་མ་ཡིན་པས་ཆོས་བསམ་པ་ཅན་རྣམས་བཙོག་པ་དང་། གཙང་བ་རྣམ་པར་རྟོག་པ་འདི་ནི་ཚུལ་
ཁྲིམས་དང་བརྟུལ་ཞུགས་སྙེམས་པའོ། །དེ་དག་གི་སོ་སོའི་གཙོ་བོ་ནི་འབྱུང་བའི་མཐར་ཕྱིན་པ་ལ་སོགས་པར་ཀློག་གོ། །བསྐྱེད་པའི་སངས་རྒྱས་སུ་ནི་རྣམ་པར་གཟིགས། །སྤྱི་ཏོར་ཅན། ཐམས་ཅད་སྐྱོབ། ལོག་པར་དད་སེལ་ལ་སོགས་པ་དེ་དག་བསྐྱེད་པའི་སངས་རྒྱས་སུ་
རྗེས་སུ་དཔག་གོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱིས་གསུངས་པ་དེ་ལྟ་བུ་དག་ལ་དྲང་སྲོང་ཁ་ཅིག་བཞུགས་ནས་དེ་
དག་ལ་བྱེད་པ་དང་། ཕྲོགས་པ་ལ་སོགས་པའི་རྣམ་པར་བརྟག་གོ། །ཀྵ་པ་ན་ཀ་དང་། དབྱུ་གུ་ཅན་ལ་སོགས་པས་སྦྲང་རྩི་དང་། ཤ་ནི་རང་བཞིན་གྱིས་སྡིག་པའི་རྒྱུའོ་ཞེས་རྟོག་པར་བྱེད་ན། དེ་དག་གི་ཁ་ཟས་གཞན་འབྲས་ཆན་དང་། སྲན་མ་སྔོན་པོ་ལ་སོགས་པ་ཅིས་ནི་སྡིག་པའི་རྒྱུར་མི་འགྱུར་
ཏེ། །དེ་བས་ན་སྲོག་བཅད་པ་ཡོངས་སུ་སྤངས་ཤིང་ཁ་ཟས་ཐམས་ཅད་ལ་རོའི་སྲེད་པ་ཡོངས་སུ་སྤང་ངོ་། །ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མཁས་པ་བློ་ཅན་མཛངས་རྣམས་ཀྱིས། །ཟས་གཙང་བཟང་པོ་ཅུང་ཟད་བཟའ། །རྣལ་འབྱོར་འགྲུབ་པ་བརྐམ་མེད་བཟའ། །སྤངས་པའི་ཟས་སུ་
Vol. 121 · folio 259a
དེར་མི་འགྱུར། །ཞེས་པ་སྟེ། དེས་ན་འོ་མ་དང་ཤ་ལ་སོགས་པ་སྤངས་པ་འབའ་ཞིག་ལས་ཐར་པར་འགྱུར་བ་ནི་མ་ཡིན་གྱི། ཡུལ་ཐམས་ཅད་ཡོངས་སུ་སྤང་ན་ཐར་པར་འགྱུར་རོ། །གཞན་དག་ནི་ཤ་ཟ་བ་ལ་ཉེས་པ་མེད་དེ། ཆང་ལ་མེད་ཅིང་འཁྲིག་ལའང་མེད། །དེ་ནི་
འབྱུང་པོའི་འཇུག་པ་སྟེ། །བཟློག་པ་འབྲས་བུ་ཆེ་བའོ། །ཞེས་པ་ནི་བཟློག་པས་འཁོར་བའི་སྡུག་བསྔལ་ལས་ཐར་པ་ནི་འབྲས་བུ་ཆེ་བར་ཡང་རུང་ངོ་། །འཇུག་པ་ནི་བདག་ཏུ་ཆགས་པ་ལས་ཏེ། ཤ་ལ་སོགས་པའི་ཡུལ་དུ་སྲེད་པས་འཁྲུལ་པ་རྣམས་ལ་འཁོར་བར་སྡུག་བསྔལ་འབྲེལ་པར་
འགྱུར་བ་ནི་ཕྱེ་མ་ལེབ་མར་མེ་ལ་སོགས་པར་ལྷུང་བ་བཞིན་ནོ། །དེར་ཚད་མ་ནི་གང་དང་གང་འཁོར་བར་སྡུག་བསྔལ་གྱི་རྗེས་སུ་འབྲེལ་པར་འཇུག་པ་དེ་དང་དེ་ནི་བདག་ཏུ་ཆགས་ཤིང་བསླད་པ་ཐོག་མར་བྱས་པ་ལས་འབྱུང་སྟེ། མེ་ལ་ཕྱེ་མ་ལེབ་ལ་སོགས་པ་བཞིན་ནོ། །འཁོར་བར་ཡང་སྐྱེ་
བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་བླང་བ་དང་། འཁྲུལ་པའི་མཚན་ཉིད་དུ་འཇུག་པ་ནི་སྡུག་བསྔལ་གྱི་རྗེས་སུ་འབྲེལ་པ་ཞེས་བྱའོ། །དེའི་ཕྱིར་བདག་ཏུ་ཆགས་པ་དང་། སེར་སྣ་དང་། གཞན་ལ་གནོད་པ་ལ་སོགས་
པ་ནི་སྲེད་པ་ལ་རྗེས་སུ་དཔག་གོ། །གལ་ཏེ་ལོག་པའི་ཤེས་པའི་བྱ་བ་མ་གཏོགས་པར་སྡུག་བསྔལ་རྗེས་སུ་འབྲལ་བར་འགྱུར་ན་ནི་དེའི་ཚེ་དབེན་པའི་ཡེ་ཤེས་སྐྱེས་སུ་ཟིན་ཡང་ངམ་གྲོག་ལ་སོགས་པ་ཡུལ་སྤོང་བཞིན་དེ་ཉིད་དུ་ལྟུང་བར་འགྱུར་རོ། །དེ་ནི་མི་མཐུན་པའི་ཕྱོགས་ལ་གནོད་པའི་
ཚད་མའོ། །གཞན་དག་གིས་འབྲུ་ལ་སོགས་པ་ལ་སྲོག་ཏུ་ཀུན་བརྟགས་པའི་སློང་བ་ལ་སྦྱིན་པ་ཡང་སྡིག་པར་འགྱུར་རོ། །དེ་ཅིའི་ཕྱིར་བདག་ཏུ་ཆགས་པའི་ལོག་པའི་ཤེས་པས་འཁོར་བའི་སྡུག་བསྔལ་འབྱུང་ངོ་། །བདག་མེད་པ་ཤེས་པས་འདོད་ཆགས་དང་བྲལ་བ་འཁོར་བའི་སྡུག་
བསྔལ་བཟློག་གོ། །དེར་བཙོག་པ་དང་། གཙང་བ་དང་། བཟའ་བ་དང་། མི་ཟ་བ་ལ་སོགས་པ་མི་དགོས་སོ། །ཆ་བྱད་རྣམ་པ་སྣ་ཚོགས་དང་། རྒྱན་ལ་སོགས་པ་དང་། ཐལ་བས་བསྐུས་པ་དང་། དྲི་མ་འཆང་བ་དང་། བ་གླང་དང་། རི་དགས་ཀྱི་བརྟུལ་ཞུགས་དང་། ཁྲུས་དང་། ཟན་མི་ཟ་བ་ལ་
Vol. 121 · folio 259b
སོགས་པ་སྦྱིན་སྲེག་ལ་སོགས་པ་ཡང་རུང་སྟེ། གང་གིས་འདོད་ཆགས་ལས་སྐྱོ་བ་ཐར་པར་འགྱུར་བ་བདག་ཏུ་སྲེད་པ་ལས་མི་ལྡོག་པའི་ཕྱིར་རོ། །ཞི་བ་པ་རྣམས། གསེར་ལ་སོགས་པ་རྐུ་བ་དང་། །བ་ལང་ཤ་ཡང་ཟ་བ་དང་། །བྲམ་ཟེ་སྟོང་ཡང་བསད་པས་ཀྱང་། །ཡང་དག་རིག་ན་མི་
གོས་སོ། །ཡོད་པ་རྣམས་ནི་བྱས་པ་དང་། །རྒྱུ་དང་མི་རྒྱུ་འཇིག་རྟེན་བསད། །ཆང་འཐུང་ལ་སོགས་ཉེས་པ་ཡིས། །ཡང་དག་རིག་པ་ལ་མི་གོས། །ཞེས་སོ། །ཚངས་སྤྱོད་པ་ལ་སོགས་པ་ཡིས། །ཅི་ཕྱིར་ལུས་ནི་ལྟུང་བར་བྱེད། །ཡང་དག་ཤེས་ལས་དེ་དག་གྲོལ། །དེ་དག་ལ་ནི་གཟིར་
གྱུར་མེད། །ཅེས་ཟེར་རོ། །དེ་སྟེ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་བསྒོམ་པས་འདོད་ཆགས་ཀྱིས་སྐྱོ་བ་ལ་གཉིས་དང་གཉིས་སུ་མེད་པའི་རྣལ་འབྱོར་དུ་གྱུར་ན་ནི་དེའི་ཚེ་བདག་ཏུ་ཆགས་པ་དང་། སེར་སྣ་དང་། གཞན་ལ་གནོད་པའི་དངོས་པོ་མེད་པས་ཇི་ལྟར་ན་
རྐུ་བ་དང་། ཆང་དང་། གཞན་གྱི་བུད་མེད་ལ་སྨྲེལ་བར་འགྱུར། སྲོག་གཅོད་པའི་སྡིག་པ་ཡང་ཇི་ལྟར་ན་བྱེད། འདོད་ཆགས་ཀྱི་སྐྱོ་བ་ཚངས་པར་སྤྱོད་པ་ཡང་ཇི་ལྟར་ན་ཡང་གདུང་བར་བྱེད། འོན་ཏེ་དེ་ཁོ་ན་ཉིད་ཡི་གེ་འབྲུ་དེ་བརྗོད་པས་ན་ནི་དེར་ཞུགས་པས་ན་ཅིའི་ཕྱིར་ན་འདོད་ཆགས་དང་བྲལ་བར་མི་འགྱུར།
བདག་ཏུ་ཆགས་པ་ལས་ནི་འཁོར་བར་སྡུག་བསྔལ་འབྱུང་ན་ཆགས་པ་དང་མ་བྲལ་གྱི་བར་དུ་ཇི་ལྟར་ན་འགྲོལ། དེའི་ཕྱིར་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་མཐར་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ་ཞེས་སངས་རྒྱས་བློ་ནི་དེ་ལྟ་བུའོ། །མཐའ་གསུམ་ཡོངས་
སུ་དག་པའི་ཤ་ནི་བཅོམ་ལྡན་འདས་ཀྱིས་གནང་ངོ་ཞེས་པ་ནི་གང་གནང་བ་ཡང་མེད་ལ་བཀག་པ་ཡང་མེད་དེ། ཇི་ལྟར་ཞེ་ན། མཐའ་གསུམ་ཡོངས་སུ་དག་པའི་ཤ་དཀོན་པར་གསུངས་སོ། །སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་ནི་དེ་ཡང་མདོ་སྡེ་འདིར་བཀག་པ་སྟེ། སྔགས་
སྨྲ་བ་རྣམས་ལ་ནི་ཤ་ཟ་རྣམས་ཀྱིས་བར་ཆད་བྱེད་ཅིང་གནོད་པ་བྱེད་པས་ན་ཁྱད་པར་དུ་བཀག་གོ། །རླུང་ལ་སོགས་པའི་ནད་ལ་ནི་བ་མར་དང་། འབྲུ་མར་དང་། ཏིལ་དང་། ཏིལ་མར་དང་། གྲོ་ལ་སོགས་པར་གྱུར་པ་ནི་གཉེན་པོའོ། །དེས་ན་བཙོག་པ་དང་གཙང་བའི་ཤ་སྙིང་རྗེ་ཅན་
Vol. 121 · folio 260a
གྱིས་མི་བཟའོ། །འཕགས་པའི་ཉན་ཐོས་རྣམས་ཡང་དག་པར་ལྟ་བ་ལ་སོགས་པའི་མཚན་ཉིད་ཅན་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པ་བསྒོམ་པའི་ལམ་གྱི་རྣམ་པ་ཐམས་ཅད་ཤེས་པ་ལས་གནས་པ་རྣམས་ཇི་ལྟར་ན་ཤ་ལ་སོགས་པའི་
རོ་ལ་མངོན་པར་ཆགས་པར་འགྱུར། བཙུན་གཙོ་བྱང་ཆུབ་སེམས་དཔའ་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་པ་དར་ལས་གཡོགས་པ་ལྟ་བུར་ཤེས་པར་བྱ་བའི་དཀྱིལ་འཁོར་མཐའ་དག་སྣང་ངོ་། །བཅོམ་ལྡན་འདས་རྣམས་ནི་སྒྲིབ་པ་མེད་པར་རྣམ་པ་ཐམས་ཅད་མཁྱེན་ཏེ།
དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། དེའི་དངོས་པོ་བས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཉིད་དོ། །སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་པ་རྣམས་ཀྱིས་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་
སྒྲིབ་པ་སྤངས་པའི་ཕྱིར་དེ་དག་ལ་བཀྲེས་པ་ག་ལ་ཞིག་སྟེ། འགོག་པ་ལ་སྙོམས་པར་ཞུགས་པ་ལ་གནས་པ་རྣམས་ལྟ་བུར་ཏིང་ངེ་འཛིན་གྱི་དབང་དུ་འཚོ་བའི་དབང་པོ་དུས་ཐམས་ཅད་དུ་གནས་སོ། །མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་ཐམས་
ཅད་མཁྱེན་ཅིང་གཟུགས་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོ་ཏིང་ངེ་འཛིན་གྱི་རོ་བདུད་རྩིས་འཚོ་བ་དེ་དག་ལ་རྙིང་པ་མི་མཛེས་པའི་ཤ་ལ་སོགས་པའི་རོ་མྱང་བར་ག་ལས་ན་འགྱུར། སེམས་ཅན་ཐམས་ཅད་རྒྱུད་རངས་པར་མཛད་པ། དེ་བཞིན་གཤེགས་པའི་
སྙིང་པོར་ཐབས་སྣ་ཚོགས་ཅན་བྱང་ཆུབ་སེམས་ཀྱི་སེམས་རྒྱུ་སྤངས་པ་རྟག་པ་དང་། གཉིས་པ་དང་། གཉིས་སུ་མེད་པའི་ཆོས་ཐབས་སྣ་ཚོགས་ཀྱིས་སྟོན་པ་དང་། དོན་དམ་པ་དངོས་པོ་དང་། དངོས་པོ་མེད་པ་དང་། ཡིད་བཞིན་གྱི་ནོར་བུ་ཡོན་ཏན་གྱི་
ཚོགས་དང་། ས་དང་ཕ་རོལ་དུ་ཕྱིན་པ་ལས་རྒྱུ་དང་འབྲས་བུར་བྱུང་བ་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་ཡོན་ཏན་མང་དུ་འབྱུང་བ་དང་། སེམས་ཀྱི་ཚོགས་ཁྱད་པར་ཅན་དང་དབྱངས་ཀྱི་དཀྱིལ་འཁོར་གྱི་གསུང་ལ་མངའ་བ་ལ་སོགས་
Vol. 121 · folio 260b
པའི་ཡོན་ཏན་ཅན་དང་། ཆོ་འཕྲུལ་རྒྱ་ཆེ་བ་དང་། ཡེ་ཤེས་དཔལ་བཟང་པོས་ཆུད་པའི་མུན་པ་ཆེན་པོ་མཐའ་དག་བཅོམ་སྟེ། རབ་ཏུ་སྣང་བར་བྱས་པ་དང་། རབ་རིབ་དང་ལིང་ཏོག་བཅོམ་སྟེ་ཉི་མའི་ཡོན་ཏན་གྱིས་འཇིག་རྟེན་མཐའ་དག་སྣང་བར་མཛད་པའི་ཐམས་ཅད་
མཁྱེན་པ་རྣམས་ཏེ། མཆོག་ཏུ་ཡོངས་སུ་དག་ཅིང་། འདོད་ཆགས་དང་བྲལ་བ་ཐམས་ཅད་མཁྱེན་ཅིང་རྣལ་འབྱོར་གྱི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡོངས་སུ་སྐྱོབ་པར་ཞུགས་པའོ། །མཆོད་
སྦྱིན་པ་ཁ་ཅིག་ནི་རང་བྱུང་རང་ཉིད་ཀྱིས་མཆོད་སྦྱིན་གྱི་དོན་དུ་ལུགས་བྱས་སོ་ཞེས་རྟོག་པ་དེ་འདིར་དཔྱད་པར་བྱ་སྟེ། གལ་ཏེ་དེ་འདོད་ཆགས་དང་བྲལ་བ་ཞིག་ན་ནི་རྩེད་མོའི་ཕྱིར་བྱ་སྟེ། གཞན་ལ་སྡུག་བསྔལ་བར་བྱེད་པ་དེ་ལ་ཅི་མཁོ། །འོན་ཏེ་འདོད་ཆགས་དང་བྲལ་བ་
ཉིད་ཡིན་ན་ནི་ནང་གི་འདོད་པས་བསླད་དེ་རྣམ་པ་མང་པོར་སྡུག་བསྔལ་བར་གྱུར་པ་དེའི་མི་ཤེས་པ་ཡང་སུས་བྱས། དེས་ན་ཅི་ཡང་སུས་ཀྱང་མི་བྱེད་དེ། གསེར་གྱི་འབྱུང་གནས་བཞིན་དུ་སེམས་ཅན་རྣམས་ཀྱི་ཆུད་པ་རྣམས་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཇི་ལྟ་
བུར་ཞེ་ན་ནི་བདག་དང་གཞན་གྱི་རྒྱུན་གྱི་དབང་དང་། མཉམ་པར་མི་འཇོག་པའི་མ་རིག་པ་ནི་གཉིས་ཀྱི་རྣམ་པ་གློ་བུར་དུ་བྱུང་བའི་དྲི་མ་དང་བྲལ་ན་དག་པའི་སངས་རྒྱས་སུ་འགྱུར་རོ། །བསམ་པ་དག་པ་དེ་དག་ནི་གཞན་གྱི་སྡུག་བསྔལ་ཡོངས་སུ་སྐྱོབ་ཅིང་མི་འཇིགས་
པ་སྦྱིན་པར་ཐམས་ཅད་དུ་ཞུགས་པའོ། །དེ་དག་གིས་བསྟན་པ་ལ་ཞུགས་པ་རྣམས་ཀྱིས་རོའི་སྲེད་པ་ཐམས་ཅད་ཡོངས་སུ་སྤོང་ན་སེམས་ཅན་ལ་གནོད་པར་འགྱུར་བའི་ཤ་ཟ་བའི་རོ་ལ་ཆགས་པར་འགྱུར་བ་ལྟ་ཞིག་ཅི་སྨོས། ཁ་ཟས་ནི་སྨན་བཞིན་དུ་བཟའི་
རྒྱགས་ཤིང་རློམ་པའི་ཕྱིར་ན་མ་ཡིན་ཏེ། མཁས་པ་རྣམས་ལ་གང་ནི་སྡིག་པ་མེད་པ་རྣམས་དེ་ལྟ་བུ་ནི་ལུས་གསོ་བ་འབའ་ཞིག་གི་ཕྱིར་རུང་ངོ་། །ནན་ཏན་ཅན་རྣམས་ལ་ནི་བྱེ་བྲག་ཏུ་སྟེ། སློང་བའི་ཟས་སུ་གང་ལྟུང་ཞིང་ཁྱིམ་བདག་གིས་བྱིན་པ་ནི་འབྲས་ཆན་བཞིན་དུ་དེ་
Vol. 121 · folio 261a
དག་གི་ཟས་གཙོ་ཡིན་ཏེ། ཅི་འདིས་དབང་པོ་བཞིན་དུ་གཞན་ལ་གནོད་པར་བྱས་ཏེ་ཟས་རྙེད་དམ། འོན་ཏེ་ཅི་བདག་ཉིད་ཀྱིས་ཇི་ལྟ་བུ་ཞིག་ཏུ་འབྱུང་ངམ་ཞེས་རྣམ་པར་མི་བརྟག་པར་བླངས་ལ་ནན་ཏན་པ་རྣམས་འབྱུང་སྟེ་འགྲོའོ། །བརྒྱུད་པ་ལས་སྡིག་པར་འགྱུར་དུ་
ཟིན་ན་ནི་འགྲོན་པ་ལ་ཡང་སྡིག་པར་འགྱུར་ཏེ། གལ་ཏེ་འགྲོན་པོ་ལམ་དུ་མི་འགྲོ་ན་ནི་མི་རྒོད་ལ་མ་བྱིན་པར་བླང་བར་ཇི་ལྟར་ན་འགྱུར། གལ་ཏེ་མ་བསྐྱེད་ན་ནི་ཇི་ལྟར་ན་གསོད་པར་འགྱུར། དེས་ན་ཕ་མ་ལ་ཡང་སྡིག་པར་འགྱུར་རོ། །དེ་ལྟ་བས་ན་བསམ་པ་ཡོངས་སུ་དག་པས་གཞན་
ལ་ཕན་པར་ཞུགས་ཏེ། སློང་བ་བསླངས་ན་ཐམས་ཅད་དུ་བསོད་ནམས་ཡོད་དེ། གཉིས་ཀྱི་རྣམ་པར་བསོད་ནམས་སོ། །དེ་དེ་ལྟར་ཐམས་ཅད་མཁྱེན་པས་གཞན་ལ་གནོད་པ་ལ་ལྟོས་ཏེ་ཤ་ཟ་བ་དང་ཤ་ཟ་བར་བསྐུལ་པ་ལ་ནི་སྡིག་པར་གསུངས་སོ། །མཐའ་གསུམ་བཀག་
པར་གྱུར་པ་ལས་སྡིག་པ་མི་བྱ་སྟེ། མཐའ་གསུམ་ཡོངས་སུ་དག་པ་ནི་བདག་གིས་མ་བསད། གསོད་དུ་མ་བཅུག །ལྟོས་པ་ཡང་མེད་པ་སྟེ། རྣམ་པ་དེ་ལྟར་འབྲས་ཆན་ལྟ་བུར་སློང་བའི་ཟས་མ་བསླངས་པ་མ་བསམས་པར་བྱིན་པ་ནི་ཡོངས་སུ་དག་པ་སྟེ། སྨན་ལྟ་
བུར་ཤིས་པའི་ཟས་སོ། །སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་དེ་ཡང་བཀག་པའོ། །སྔགས་མཁན་ལ་ནི་ཁྱད་པར་དུ་སྟེ། སེམས་ཅན་མགུ་བར་བྱ་བ་དང་། ལྷ་མངོན་པར་དང་བར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཡུལ་ཐམས་ཅད་ཀྱི་རོ་མྱང་བར་ཆགས་པ་ཡོངས་སུ་
སྤངས་ན་མཐར་རོ། །སངས་རྒྱས་བྱང་ཆུབ་སྐྱེ་བོ་ལ། །གདོན་ཟ་མེད་པར་བདར་བ་ཡིན། །གསེར་བཞིན་དུ་ནི་བཞག་པ་སྟེ། །མངོན་སུམ་རྗེས་སུ་དཔག་པ་ཡི། །གཉིས་སུ་འགྲོ་བའི་ཡུལ་གྱིས་སུ། །ཤེས་རབ་ཀྱིས་ནི་གཉིས་མེད་འགྲུབ། །བདག་དང་གཞན་གྱི་བློ་རྒྱས་
པས། །རྩོད་པ་དུ་མར་རབ་ཕྱེ་སྟེ། །ཡང་དག་ཆོས་ནི་བཤད་པ་ནི། །བདག་དང་གཞན་ལ་ཕན་པ་ཡི། །ཡེ་ཤེས་དཔལ་བཟང་བྱ་བས་ནི། །ལང་ཀར་གཤེགས་པར་ཤེས་པར་བྱའོ། །ཤེས་རབ་གང་ནི་ཕ་རོལ་ཕྱིན། །རབ་ཏུ་རྣམ་པར་རྒྱས་པའི་ཡུལ། །གཉིས་ཀྱི་ཚུལ་གྱིས་རབ་
Vol. 121 · folio 261b
རྒྱས་པ། །གཉིས་མེད་རིགས་པར་ཞུགས་པ་དེ། །ལང་ཀར་གསུངས་དང་དགོངས་ཚུལ་གྱིས། །བཤད་པ་སྦྱར་བར་བྱ་བ་ནི། །ཕུང་པོར་གནས་པ་རྣམ་པར་འཇིག །མགོ་ཡུང་རབ་རིབ་མཚུངས་པར་ནོད། །དེ་ནི་ཞི་བ་རབ་ཞི་སྟེ། །སྦོམ་པོ་ཕྱོགས་ཀྱི་ཆས་སྟོང་པ། །ནམ་མཁའ་མེ་ཏོག་བཞིན་
དུ་སྟེ། །མ་སྐྱེས་པ་ཡང་རྟག་པ་མེད། །ཇི་འདྲ་དོན་ནི་འདྲ་བ་དག །གཞན་གྱི་དབང་ནི་སྨོན་ལམ་གྱིས། །ཇི་ལྟར་བྱ་ཞེས་སེམས་ཁོང་ཆུད། །ཀླུ་འཕགས་སོགས་པ་མཁས་པ་རྣམས། །ཚེ་རིང་བ་ཡང་རྙེད་པའི་རྣམས། །འགྲོ་བ་ལ་ནི་ཕྱིར་ཕྱོགས་ཏེ། །རྩོད་པ་དུ་མར་བརྗོད་པ་
ཡི། །བདག་དང་གཞན་གྱི་བློ་རྒྱས་པ། །དཔག་ཏུ་མེད་པར་བཤད་པའོ། །ཀུན་མཁྱེན་མཁྱེན་པས་རྟོགས་པ་དང་། །བདེ་གཤེགས་དམ་པའི་སྲས་རྣམས་ཀྱི། །ཚུལ་ནི་ཡང་དག་བསམ་སྟོན་གྱི། །མདོ་སྡེ་རིན་ཆེན་འབྱུང་གནས་ནི། །རྣམ་པ་སྣ་ཚོགས་ཐུལ་གླང་གིས། །
རབ་ཏུ་གློངས་པའི་རྒྱ་མཚོ་ཡི། །བར་ནས་ཡེ་ཤེས་དཔལ་བཟང་པོ། །ལོག་པའི་སྨོན་ལམ་གཞན་དབང་གིས། །ངས་ནི་ཇི་ལྟར་བྱ་སྙམ་ནས། །གཞན་ལ་ཕན་པའི་སྙིང་རྗེ་དང་། །བསོད་ནམས་འགས་ནི་ཕ་རོལ་དུ། །རབ་ཏུ་ཕྱིན་ཞིང་འགལ་བའོ། །ཡེ་ཤེས་དཔལ་བཟང་
དེ་ལྟར་ནི། །སྙིང་རྗེ་དང་ནི་ཤེས་རབ་ཀྱང་། །རབ་ཏུ་ཡངས་པས་གཞན་ལ་ཕན། །འདིར་ནི་བདག་གིས་གང་བཤད་པ། །རྟོགས་པའི་རྒྱན་གྱི་གཙུག་ལག་དང་། །ཚིག་ཚུལ་ཚངས་པ་སྨྲ་ལ་སོགས། །བདག་དང་གཞན་གྱི་བློ་རྒྱས་པའི། །གྲུབ་མཐའི་ཁྱད་
པར་མ་བཤད་དོ། །འདིར་བཤད་པ་ཡི་ཆོས་རྣམས་དབང་། །གཞན་དུ་བཤད་པ་མེད་པ་སྟེ། །རྒྱལ་པོ་ལ་ཡང་བརྟེན་པ་མེད། །ཡེ་ཤེས་དཔལ་ནི་བཟང་པོ་ཞེས། །བྱ་བས་འདུས་པ་བརྒྱད་པ་ལས། །སྟོན་པའི་དོན་ནི་བྱས་པའོ། །གང་སྔོན་འཕགས་པ་ཀླུས་
བོས་དང་། །ལྷ་དང་ཕྱོགས་ཀླུ་ས་དབང་པོ། །མདོ་འདི་མཁས་པས་མ་བཤད་པ། །སྒྲ་མཁས་རིགས་པས་བསོད་ནམས་ནི། །དེར་གང་བདག་གི་ཐུབ་པ་མཁྱེན། །ལོག་པའི་རྟོག་པས་བསྟན་པ་དཀྲུགས་པ་ལ། །བདག་གཞན་སྨྲ་རྩོད་བདག་གིས་ཤེས་
Vol. 121 · folio 262a
ནས་སུ། །གདོན་ཟ་མེད་པ་འདི་ནི་ཚུལ་ཅན་སྦྱར། །སྐྱེ་བོ་བསོད་ནམས་ང་ཡིས་ཀུན་མཁྱེན་ཤོག །ལོག་པའི་རྟོག་པ་ཆུད་བྱ་བར། །སྨོན་ལོག་ང་ཡིས་ཅི་དགོས་ཏེ། །དམ་ཆོས་གང་ནི་གདོན་མི་ཟ། །འདི་བྱས་ནུབ་པའི་དུས་ལའོ། །དམ་པའི་ཆོས་སྟོན་མཛད་པ་འདིའི། །བརྩེ་
བས་རྣམ་པར་བཤད་པ་བྱས། །བདག་གཞན་ལ་ཡང་རྨོངས་པ་ལ། །མང་དུ་ཐོས་པས་བཤད་པར་འགྱུར། །ཅུང་ཟད་ངན་དུ་སྤྱན་པ་ནི། །ཀུན་དུ་འཚོ་བས་མ་སྦྱངས་པ། །བདག་གི་དོན་དང་གཞན་དོན་དུ། །བསྟན་པའི་དོན་ལ་རྣམ་ལྟོས་ཏེ། །བདག་དང་གཞན་སྨྲ་དོན་མང་པོས། །ཡེ་ཤེས་
དཔལ་བཟང་དགེ་སློང་གིས། །དམ་ཆོས་ངེས་པར་བཤད་པའི་ཕྱིར། །དེ་ལྟར་སྒྲིབ་པ་ཟད་པར་འགྱུར། །རབ་རིབ་སྐྱེས་པ་བདག་ལ་ནི། །བྲི་བ་གསོལ་བ་བཏབ་དག་ལ། །བྱང་ཆུབ་བླ་མེད་དེ་ཐོབ་སྟེ། །ཐོག་མ་ཉིད་དུ་དེ་རྟོགས་བྱ། །ཞེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་
པ་དམ་པའི་ཆོས་ཐམས་ཅད་ཀྱི་འགྲེལ་པ་ལང་ཀར་གཤེགས་པའི་རིན་པོ་ཆེའི་འབྱུང་གནས་ཀྱི་བསྡུ་བའི་ཚིགས་བཅད་ནི་དགོངས་པ་ངེས་པར་འགྲེལ་པའི་འགྲེལ་པ་ལས་དོན་དམ་ཡང་དག་འཕགས་ཀྱིས་ཡོངས་སུ་གསོལ་བའི་འོག་ཏུ་བཤད་པ་འདིར་སྦྱར་བར་བྱའོ། །ཤའི་དཔྱད་པའི་
གོང་དུའམ་འོག་ཏུ་འབྲེལ་ཏེ། བློ་གྲོས་ཆེན་པོས་ཚིགས་སུ་བཅད་པས་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ལ་ཡང་གསོལ་པ་ཞེས་གང་གིས་དེ་ལྟར་ཀློག་པས་ན་སྔ་མའི་ལེའུ་དེར་རྟོགས་པར་བརྟག་གོ། །དེ་ལ་མཚོན་ནས་བརྗོད་པའི་གནས་མང་ཞིང་དེ་བཞིན་
གཤེགས་པར་ལུང་སྟོན་པ་ལ་སོགས་པ་བསྡུ་བའི་ཚིགས་བཅད་ཉིད་ལས་འབྱུང་ངོ་། །གང་དེ་དག་གིས་ཆོས་བཤད་ཕྱིར། །ཇི་ཞིག་ལས་ཀྱང་ཡུལ་འཁྲུལ་ཏེ། །སེམས་ཀྱིས་སྡིག་པ་སྐྱེས་གྱུར་པ། །མཆོད་སྦྱིན་དུ་མས་ཞི་གནས་གྱུར། །སྡུག་བསྔལ་མི་མཛེས་ཚོགས་དང་རྨི་
བཞིན་དུ། །སྟོང་པར་འཇིག་རྟེན་རྣམ་པར་ཤེས་ནས་ནི། །ཡེ་ཤེས་དཔལ་བཟང་པོས་ནི་རྣལ་འབྱོར་དུ། །འཇིག་རྟེན་ཐམས་ཅད་ཤེས་རབ་སྙིང་རྗེར་གྱུར། །འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་སྦྱར་བ་རྫོགས་སོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words