འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 121 · folio 228a
དུ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན་ཆོས་སྟོན་པ་འབྱུང་ངོ་། །ཐུགས་རྗེའི་བག་ཆགས་ཀྱིས་སད་དེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ལས་ཐམས་ཅད་མཁྱེན་པ་བཞེངས་པ་ན་སེམས་ཅན་གྱི་བསམ་པའི་
དགོས་པ་མ་ལུས་པར་འབྱུང་སྟེ། དེ་ལྟར་ན་ཆོས་སྟོན་པ་ལ་བར་ཆད་མེད་དོ། །སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ཐ་དད་པ་ལ་སྙོམས་པར་འཇུག་ཅིང་བཞེངས་པ་ན་ཆོས་སྟོན་པ་སྣ་ཚོགས་དང་། གསོལ་བའི་ལན་ཀྱང་དགོངས་པ། འཕགས་མ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེར་སྦྱར་རོ། །དེ་བཞིན་དུ་གཡོ་བ་མེད་པའི་སར་ཏིང་ངེ་འཛིན་ལ་གནས་པ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་སོ་སོར་སད་པར་བྱ་བ་དང་། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་འཇུག་པ་ན་སྒྱུ་མ་དང་འདྲ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མི་འབྱུང་བར་
རྣམ་པར་ལྟ་ཞིང་ཆོས་སྟོན་ཏོ། །སྦོམ་པོ་དང་ཕྲ་མོར་སོ་སོར་སྣང་བའི་རྣམ་པ་ཐ་དད་པས་ཕུང་པོ་དང་། ཁམས་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་གཉིས་ཀྱི་རྣམ་
པའི་ཆོས་སྟོན་ཏོ། །བསོད་ནམས་དང་ཏིང་ངེ་འཛིན་ལས་བྱུང་བ་གཟུགས་སུ་སྣང་ཞིང་སྒྱུ་མ་དང་འདྲ་བ་དང་། གཉིས་ཀྱི་རྣམ་པ་ཐམས་ཅད་ཀྱིས་སྟོང་ཞིང་གཉིས་སུ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་དག་པའི་སངས་རྒྱས་ཉིད་ཀྱང་འཁོར་བའི་རྣལ་འབྱོར་དུ་སྟོན་ཏོ། །འཕགས་
པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དཔྱད་པ་བཅུ་དྲུག་པའོ།། །།བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཐམས་ཅད་ཀྱིས་རྣམ་པ་བརྒྱད་དུ་རྣམ་པར་བརྟགས་ཏེ་ངས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་
སོགས་པ་ནི་མི་རྟག་པ་དང་འབྲེལ་ཏོ། །རྣམ་པ་བརྒྱད་གང་ཞེ་ན། དེ་ལ་བློ་གྲོས་ཆེན་པོ་ལ་ལ་ནི་རབ་ཏུ་རྩོམ་པ་ལས་རྣམ་པར་ལྡོག་པ་མི་རྟག་པ་ཉིད་ཅེས་ཟེར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་རྩོམ་པ་ཞེས་བྱ་བ་ནི་སྐྱེ་བ་ཡིན་ཏེ་ཞེས་པ་ནི་མུ་སྟེགས་བྱེད་པ་རྣམས་ཀྱིས་རྟག་པ་
Vol. 121 · folio 228b
རྣམས་ཀྱི་འབྲས་བུ་སྐྱེད་པར་རྩོམ་པ་སྟེ། དེ་བཞིན་དུ་བྱེད་པ་ནི་མི་རྟག་གོ་ཞེས་རྟོག་པ་སྟེ། དེ་དག་རིམ་གྱིས་དངོས་པོར་སྐྱེས་པ་རྣམས་ཀྱང་སྐྱེ་བ་མེད་པར་རྣམ་པར་རྟོག་གོ། །ཁ་ཅིག་ནི་དབྱིབས་རྣམ་པར་ལྡོག་པ་མི་རྟག་པ་ཉིད་ཅེས་ཟེར་རོ་ཞེས་པ་ནི་ཇི་ལྟར་རྫས་སུ་རྩོམ་པའི་ཡན་ལག་ཏུ་
སྦྱོར་བ་ལ་སྦྱོར་བ་དང་ལྡན་པ་གཞིགས་ནས་གློ་བུར་དུ་འོངས་ཏེ་གནོད་པ་འགལ་བ་ལས་བྱུང་ནས་གང་གི་ཚེ་ཡན་ལག་རྣམ་པའི་ཆ་ཕྱེ་བ་དེའི་ཚེ། བུམ་པ་ལ་སོགས་པའི་རྫས་དབྱིག་པ་ལ་སོགས་པས་འཇིག་པར་བྱེད་པ་དེ་ལྟ་བུ་ནི་ཡན་ལག་ཅན་གྱི་རྫས་ཀྱི་དབྱིབས་ནི་འཇིག་པ་སྟེ། རྫུ་འཕྲུལ་
མ་ནི་མ་ཡིན་ནོ་ཞེས་སོ། །ཁ་ཅིག་ནི་གཟུགས་ཉིད་མི་རྟག་པ་ཞེའོ་ཞེས་བྱ་བ་ནི་ཇི་ལྟར་མེ་ལྕེ་དང་གློག་ལ་སོགས་པའི་གཟུགས་ནི་རྟག་པའོ། །ཁ་ཅིག་ནི་གཟུགས་འགྱུར་བའི་བྱེ་བྲག་གཞན་མི་རྟག་པ་ཉིད་ཡིན་ཏེ། ཆོས་ཐམས་ཅད་བར་ཆད་མེད་པར་རྒྱུན་དུ་རང་གི་ངང་གིས་
རྣམ་པར་གྲོལ་བར་འོ་མ་ལས་ཞོར་འགྱུར་བའི་བྱེ་བྲག་ཐ་དད་པ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་མི་མཐོང་བ་གཞིག་པ་མི་རྟག་པ་ཉིད་འཇུག་ཅེའོ་ཞེས་བྱ་བ་ལ། སྔ་མ་ནི་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་གྱི་ལྟ་བ་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །
འདི་ནི་གྲངས་ཅན་གྱི་ལྟ་བ་སྟེ། ཇི་ལྟར་བ་ཏན་ཛ་ལའི་འགྲེལ་པ་ལས། ཡོན་ཏན་འཇུག་པ་ནི་མི་བརྟན་པ་སྟེ། ཡོན་ཏན་འདི་དག་བདག་ལ་ཡུད་ཙམ་དུ་ཡང་མི་གནས་སོ་ཞེས་སོ། །ཐམས་ཅད་མཁྱེན་པས་ཀྱང་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་མི་མཐོང་བ་གཞིག་པ་ནི་མི་རྟག་
པའོ་ཞེས་གསུངས་སོ། །རང་གི་ངང་གིས་འབྱུང་བ་ནི་འོ་མ་ལས་ཞོ་དང་དར་བ་ལ་སོགས་པ་འགྱུར་བའི་དངོས་པོ་འབྱུང་བ་ནི་སྔོན་གྱི་གཟུགས་ཡོངས་སུ་སྤངས་ཏེ་ཆོས་གཞན་སྐྱེའོ་ཞེས་སོ། །ཁ་ཅིག་ནི་དངོས་པོ་མི་རྟག་པར་རྟོག་གོ་ཞེས་བྱ་བ་ནི་དངོས་པོ་སྔ་མ་མེད་ཅིང་གྱོ་
མོ་དང་སོལ་བ་ལ་སོགས་པའི་དངོས་པོ་ཀུན་རྟོག་གོ། །ཁ་ཅིག་ནི་དངོས་པོའི་དངོས་པོ་མེད་པ་མི་རྟག་པར་རྟོག་གོ་ཞེས་པ་ནི་ཇི་ལྟར་ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་ལྟ་བུ་སྟེ། རྟག་པར་འགྱུར་བ་དང་། མི་རྟག་པར་འགྱུར་བ་དང་། རྟག་པ་དང་མི་རྟག་པར་འགྱུར་བ་དང་།
Vol. 121 · folio 229a
རྟག་པར་འགྱུར་བ་ཡང་སྨྲ་བར་མི་བྱ་བ་དང་། མི་རྟག་པར་འགྱུར་བ་ཡང་སྨྲ་བར་མི་བྱ་བ་དང་། རྟག་པ་དང་། མི་རྟག་པར་འགྱུར་བ་ཡང་སྨྲ་བར་མི་བྱ་བ་དང་། རིམ་པ་དང་རྣམ་པ་ལ་ལྟོས་ཏེ་ཐམས་ཅད་ཐམས་ཅད་དུ་སྨྲ་བར་མི་བྱ་བ་དང་བདུན་དུ་བྱེད་པའོ། །
དཔྱོད་པ་ཅན་རྣམས་ཀྱི་དངོས་པོ་རྣམས་ནི་སྤྱི་དང་ཁྱད་པར་དུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་སྟེ། དངོས་པོ་གཟུགས་ནི་གཅིག་པོ་ལ། །བརྟགས་ཏེ་གཟུགས་ནི་འདོད་པ་བཞིན། རིམ་དང་ཅིག་ཅར་འཇུག་པ་ཡིས། །ཚིག་གི་རྣམ་པ་གཞན་མེད་དོ། །ཇི་ལྟར་ཁ་དོག་
འདྲེས་པ་ལ། །འདོད་པ་བཞིན་དུ་ཁ་དོག་འཛིན། །དེ་བཞིན་དངོས་པོ་སྣ་ཚོགས་ཕྱིར། །ཐ་དད་ཐ་དད་མི་དམིགས་པའོ། །ཇི་ལྟར་སུ་ཞིག་གཅིག་ཤེས་ནས། །ཡང་དག་ཡང་བར་ཤེས་པ་ནི། །དུས་ཀྱི་ཐ་དད་མི་འབྱེད་པ། །དེ་བཞིན་སྒྲ་ཡང་མི་འབྱེད་དོ། །གོམས་
པས་ཇི་ལྟར་གཅིག་པ་ནི། །ཐ་དད་ཡུལ་དུ་འགྲོར་ཟིན་ཀྱང་། །ཐ་དད་ཡུལ་གྱིས་མི་འབྱེད་པ། །དེ་བཞིན་སྒྲ་ལ་འབྱེད་པ་མེད། །ཅེས་པ་ཆོས་ཅན་རྣམས་ནི་རྟག་པ་ལ། ཆོས་རྣམས་ནི་ཐ་དད་པ་དང་ཐ་དད་པ་མེད་པར་མི་རྟག་པ་ཉིད་དེ། ཉམ་ཆུང་བ་དང་། ཉམས་ཆེ་བའི་ལྷ་སྦྱིན་
ཡང་དེ་འདི་ཉིད་དོ། །ཡི་གེ་ཡང་རིང་པོ་དང་ཐུང་ངུ་དེ་ཉིད་དོ། །གཞན་གྱི་རང་གིས་མི་རྟག་པ་ཉིད་ངང་གིས་ནི་མི་རྟག་པ་ཉིད་ཅེས་ཏེ། དཔྱོད་པ་ཅན་ལོ་རྒྱུས་ལ་ནི་ཐ་དད་པ་མེད་པའོ། །གཟུགས་འགྱུར་བ་མི་རྟག་པ་ཉིད་ནི་སྨྲ་བ་པོ་ཐམས་ཅད་ལ་མཚུངས་ཏེ་བུམ་པ་མེ་དང་ཕྲད་པ་ན་
སྔོ་བ་ནི་ལྡོག །དམར་བ་ནི་སྐྱེ་བའོ། །སྐྱེ་བ་མི་རྟག་པ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུས་པས་དེའི་ཚེ་ལ་སོགས་པའི་རྫས་རྟག་པ་དེ་དག་ལ་གཞན་པ་མ་ཡིན་ཏེ། རྡུལ་ཕྲ་མོ་ལ་སོགས་པའི་སྔ་མའི་རྣམ་པ་བཞིན་དུ་ཕྱི་མའི་རང་བཞིན་སྐྱེ་བ་སྟེ། ཕྲད་པའི་དུས་དང་
འབྲལ་བའི་དུས་སུ་ཡང་རང་བཞིན་གཞན་སྐྱེ་བ་ནི་དེ་དག་གི་དེ་ལྟ་བུར་མི་རྟག་པ་ཉིད་དེ། ཕྲད་པ་དང་བྲལ་བར་ཐ་དད་པར་འབྱེད་པ་ན་བྱེད་པ་མེད་པ་རྣམས་ཀྱི་བྱེད་པ་སྐྱེ་བ་ན་དེ་བཞིན་དུ་གཡོ་བ་མེད་པའི་མཚན་ཉིད་རྣམས་ཡུལ་གཞན་དུ་འཕོ་བའི་ཁྱད་པར་གྱི་བདག་ཉིད་
Vol. 121 · folio 229b
ཐོབ་པོ། །གཡོས་པ་དང་། གཡོས་པ་མེད་པ་ལ་སོགས་པ་ཐ་དད་པའི་དུས་ཀྱི་མཚན་ཉིད་དང་ལྡན་པ་རྣམས་ལ་གཅིག་པར་མི་རིགས་ཏེ། ཤིང་དང་ཐལ་བ་ལ་སོགས་པ་དང་འོ་མ་དང་ཞོ་དང་མར་སར་པ་ལ་སོགས་པ་བཞིན་ནོ། །དེས་ན་ཐོག་མ་དང་ཐ་མའི་རང་བཞིན་གྱི་ཁྱད་
པར་ཐ་དད་པར་ཕྱེ་ན་རིམ་པ་དང་། ཡུལ་དང་དུས་ཐ་དད་པར་ཕྱེ་བའི་ཁྱད་པར་གྱིས་སྐྱེ་བ་དེ་དག་རང་བཞིན་གྱི་ཁྱད་པར་གྱིས་སྐད་ཅིག་པ་ཐོབ་པར་ཡིད་ཆེས་སོ། །རྡུལ་གཉིས་ལ་སོགས་པའི་རིམ་པས་རྡུལ་ཕྲ་མོའི་རྣམས་སྔར་ཕྲད་པར་འབྱུང་བ་རྣམ་པར་འཇིག་པ་ཡང་རྡུལ་
གསུམ་ལ་སོགས་པའི་རིམ་གྱིས་ཡིན་ཏེ། དེ་ལྟར་ན་སྐྱེ་བ་མི་རྟག་པ་ཉིད་དོ། །དེ་དག་ལ་ནམ་རྡུལ་ཕྲ་མོའི་མཐར་ཐུག་པར་ཡན་ལག་དང་བྲལ་བར་འགྱུར་བ་དེ་ན་སྐྱེ་བ་མེད་པའི་མི་རྟག་པ་ཉིད་དུ་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །དེ་བཞིན་དུ་ཡང་ས་ལ་སོགས་
པའི་རྡུལ་ཕྲ་མོ་རྣམས་རྟག་པ་ཉིད་ན་སུ་མི་རྟག་པར་འགྱུར། རྡུལ་ཕྲ་མོ་མ་གཏོགས་པར་སྦོམ་པོའི་རྫས་མེད་པའི་ཕྱིར་རོ། །བཙོས་པ་དང་། མ་བཙོས་པ་དང་། བསྒུལ་བ་དང་། མ་བསྒུལ་བ་དང་། བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པར་ཕྱེ་བ་དང་། ཕྱོགས་
ཀྱི་ཆ་ཐ་དད་པར་ཕྱེ་བ་ན་ཁང་པ་དང་སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །ནེ་ཡི་ཡ་ཡི་ཀ་དང་ཁྱད་པར་ཅན་ལ་སོགས་པ་རྣམས་ཀྱི་བྱེད་པ་དང་ལྡན་པའི་འདུས་པའི་རྡུལ་ཕྲ་མོ་རྣམས་ཀྱང་ཆ་ཐ་དད་པར་ཕྱེ་བ་ནི་རྟག་པ་མེད་དོ་ཞེས་ཐམས་ཅད་
མཁྱེན་པས་དགོངས་པའོ། །གྲངས་ཅན་དང་ཀྵ་པ་ན་ཀ་ལ་སོགས་པ་རྣམས་ལ་ནི་མེད་པ་མི་སྐྱེ་ལ་མེད་པ་མི་འགག་པ་སྟེ། ཡན་ལག་ཅན་དང་། ཡོན་ཏན་དང་ལས་རྣམས་སྔར་མེད་པའི་སྐྱེ་བ་དང་འཇིག་པ་མེད་དོ་ཞེ་ན་སུའི་མི་རྟག་པ་ཉིད་ཡིན་ཏེ། དེ་དེ་ལྟར་ན་མུ་སྟེགས་བྱེད་ཐམས་ཅད་ཀྱི་
མི་རྟག་པ་ཉིད་ནི་སྐད་ཅིག་མར་འཇིག་པ་མ་གཏོག་པར་རྫས་དང་ཡོན་ཏན་དང་ལས་དང་སྤྱི་དང་ཁྱད་པར་ལ་སོགས་པ་རྣམས་ཀྱི་ནི་མི་རུང་སྟེ། ཡོད་པ་དང་མེད་པ་ལས་སྐྱེ་བ་མེད་པའི་ཕྱིར་རོ། །དངོས་པོ་མི་རྟག་པའི་ཕྱིར་མི་རྟག་པ་ཐ་དད་པ་མི་རུང་སྟེ། དངོས་
Vol. 121 · folio 230a
པོ་གཞན་སྐྱེ་བ་ན་སྔ་མའི་དངོས་པོ་ཅིའི་ཕྱིར་ན་རྣམ་པར་འཇིག་པར་འགྱུར། འོན་ཏེ་རང་ཉིད་མི་ལྡོག་ན་གནས་པ་ཅན་ནི་སུས་ཀྱང་རྣམ་པར་གཞིག་པར་མི་བྱེད་པའི་ཕྱིར་རོ། །དངོས་པོ་མེད་པའི་མཚན་ཉིད་ཀྱི་ཡང་མི་རྟག་པ་ཉིད་དུ་བྱ་མི་ནུས་ཏེ། དངོས་པོ་མེད་པ་བྱེད་
པས་ན་བྱེད་པ་ཉིད་དག་པར་བྱས་པར་གྱུར་པར་རྟོགས་སོ། །དེའི་ཕྱིར་རིམ་པ་དང་། དབྱིབས་དང་ཡོན་ཏན་དང་ལས་དང་། སྤྱི་དང་ཁྱད་པར་དང་། ཆོས་གཞན་དུ་སྐྱེ་བའི་མི་རྟག་པ་ཉིད་ནི་སྐད་ཅིག་མར་འཇིག་པ་མ་གཏོགས་པར་མི་རུང་ངོ་ཞེས་ཐམས་ཅད་མཁྱེན་པས་དགོངས་
པའོ། །ཕྱི་རོལ་གྱི་དོན་མེད་པའི་ཕྱིར་གཉིས་ཀྱི་རྣམ་པ་ལ་རྒྱུ་དང་འབྲས་བུའི་དངོས་པོ་དང་། བྱ་བ་དང་བྱེད་པ་པོར་མངོན་པར་འབྲེལ་པ་ཀུན་བརྟགས་པ་ཐམས་ཅད་མི་རུང་སྟེ་ཐོག་མ་མེད་པའི་སེམས་དེ་བཞིན་ཉིད་མ་ཡིན་པའི་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་རྨི་ལམ་
དང་མིག་འཕྲུལ་དང་རབ་རིབ་ཀྱི་རྣམ་པ་དང་གཟུགས་བརྙན་ལ་སོགས་པ་བཞིན་དུ་བྱིས་པ་རྣམས་ལ་གཉིས་ཀྱི་རྣམ་པའི་འཁོར་སོ་སོར་སྣང་ངོ་། །དེ་ལ་གཞན་གྱི་དབང་གི་ཤེས་པ་ལ་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་གང་རྟོག་པ་དེ་དག་ནི་མི་རུང་སྟེ།
སྔ་མ་དང་ཕྱི་མའི་དུས་ཀྱི་གནས་ཐ་དད་པ་དང་བྲལ་བ་སྐད་ཅིག་པ་སྣང་བ་ནི་མངོན་སུམ་ཉིད་ཀྱི་ཕྱིར་རོ། །དེར་སྐད་ཅིག་པ་དྲུག་ཏུ་གནས་པའམ། སྐད་ཅིག་པ་དྲུག་ཅུ་རྩ་བཞིར་གནས་པ་ཡང་རུང་སྟེ་མི་རྟོགས་སོ། །ཇི་ལྟར་སེ་གོལ་གྱི་སྒྲ་ལ་དེར་མངོན་སུམ་ཉིད་ཚད་མའོ། །
རིམ་དུ་སྣང་བ་མེད་པའི་ཕྱིར་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་ལ་བྱ་བ་དང་བྱེད་པ་པོ་ལ་སོགས་པར་འབྲེལ་པར་ཀུན་བརྟགས་པ་རྣམས་སྐད་ཅིག་མ་གཏོགས་པར་དངོས་པོ་གཞན་མེད་དོ། །ཇི་ལྟར་དགེ་འདུན་ཆེན་པོ་པ་རྣམས་ཀྱིས་ཀློག་པ། འདུ་བྱེད་
ཐམས་ཅད་སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་འབྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་སོ། །རྡུལ་ཕྲ་མོ་རྣམས་དབང་པོ་ལས་འདས་པའི་ཕྱིར་ཕྱི་རོལ་གྱི་དོན་མེད་པས་དེ་འཕོ་བའི་དུས་ལ་སྐད་ཅིག་དྲུག་གི་མཚན་ཉིད་ཀྱི་སྐད་ཅིག་པ་མི་རུང་ངོ་། །
Vol. 121 · folio 230b
ཡོངས་སུ་གྲུབ་པ་གཉིས་ཀྱི་རྣམ་པ་དང་བྲལ་བའི་ཆུད་པ་དེར་ཡང་སྐད་ཅིག་མའི་རྒྱུན་ཡང་དག་པར་རིག་པ་སྟེ། དེར་བརྗོད་དུ་མེད་པས་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་རྣམ་པར་རྟོག་པ་དེར་མི་འབྱུང་ངོ་། །ནམ་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་
ཕྱོགས་ཀྱི་ཆ་ཐ་དད་པས་ཕྱེ་སྟེ་ཤེས་པར་བྱ་བ་མི་དམིགས་པའི་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ། དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ཉིད་གནས་སོ། །དེ་ཡང་སྔ་མ་དང་ཕྱི་མའི་དུས་ཀྱི་སྡུག་བསྔལ་
དང་། སྡུག་བསྔལ་མེད་པ་ལ་སོགས་ཐ་དད་པ་དང་། སྲེད་པ་དང་ཐར་པ་ཐ་དད་པས་འབྱེད་པ་ན་སྐད་ཅིག་མའི་རྒྱུན་འབྱུང་བ་བསྟན་ཏེ། གསེར་རིན་པོ་ཆེ་ལ་སོགས་པ་བཞིན་དུ་སྣང་བ་མེད་པའི་ཏིང་ངེ་འཛིན་དུ་གནས་པ་སྟེ། མིག་ལ་སོགས་པའི་ཡུལ་དང་བྲལ་ཞིང་། སྐད་
ཅིག་པ་གཞན་དུ་གསེར་ལ་སོགས་པ་བཞིན་དུ་མཚམས་སྦྱོར་བར་བྱེད་པ་ཉིད་དེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལག་མཐིལ་གྱི་སྒྲ་ལ་སོགས་པ་ལྟ་བུར་ནི་མ་ཡིན་ནོ། །དེའི་ཕྱིར་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྟག་པ་དང་བདག་དང་། བྱེད་པ་པོ་དང་། ཚངས་པ་དང་།
དབང་པོ་ལ་སོགས་པའི་དབང་དང་། ལོངས་སྤྱོད་པ་པོ་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་བྱེད་པ་དང་། ལོངས་སྤྱོད་པ་པོ་དང་། དབང་པོ་ནི་སེམས་ཉིད་དེ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་བས་ན་ཆུད་པའི་ངོ་བོ་ཉིད་ནི་བདེ་བར་གཤེགས་པ་དང་། གཏོགས་འདོད་དང་། ལྷ་
ཆེན་པོ་དང་། ཚངས་པ་དང་། རྣལ་འབྱོར་གྱི་དབང་པོ་ལ་སོགས་པའི་རང་བཞིན་དག་པ་ཡིན་ཏེ། སྤྱི་དང་ཁྱད་པར་དུ་བརྟགས་ན་དེ་བཞིན་ནོ། །དེས་ན། ཆུད་པ་བྱེད་པའི་སྦྱིན་པ་ཞི་སྲིད་པ། །ཡུལ་ཕྱད་སྤྱད་པོ་དེ་དབང་སྣ་ཚོགས་ཏེ། །བདེ་གཤེགས་འཕྲོག་འཕྲོག་ཅན་ཚངས་
རྣལ་འབྱོར་དབང་། །དེ་ལས་ཐ་དད་ས་ཆུ་མེ་རླུང་གིས། བརྩམས་པའི་འཇིག་རྟེན་ལུས་ནི་མ་ཡིན་ཏེ། །སྦོམ་པོ་ཕྱོགས་ཀྱི་ཆས་ནི་སྟོང་པ་སྟེ། །ནམ་མཁའ་ལས་ནི་སྐྱེས་པའི་མེ་ཏོག་བཞིན། །མ་སྐྱེས་པ་ནི་རྟག་ཏུ་ཡོད་པ་མིན། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་
Vol. 121 · folio 231a
བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་མི་རྟག་པ་ཉིད་དཔྱད་པ་བཅུ་བདུན་པའོ། །ཤ་ཐང་སྟེ་མཐར་ཕྱིན་པའི་རྒྱ་མཚོ་ལྟ་བུ་ལེའུ་གསུམ་པ་རྫོགས་སྷོ།། །།རིན་ཆེན་འབྱུང་གནས་རྒྱལ་མཐར་ཕྱིན་མཐོང་ནས། །རྒྱལ་དགའ་ཡུན་རིང་ནན་ཏན་དབུགས་ཕྱིན་
ཐོབ། །དེད་དཔོན་བཞིན་དུ་བདག་གིས་དགའ་ས་རྙེད། །མདོ་སྡེའི་དོན་ནི་བདག་དང་གཞན་གྱི་བློ། །རྒྱས་ཤིང་སྨྲ་བ་དུ་མས་བརྗོད་པ་ལས། །ཐུགས་རྗེ་ཡིས་ནི་གཞན་ལ་ཕན་མཛད་པ། །རབ་བྱམས་མཆོད་བྱེད་དཔལ་བཟང་དེ་ལྟར་རོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འགོག་པའི་གོ་རིམས་ཀྱིས་མཚམས་སྦྱར་བའི་མཚན་ཉིད་ལ་མཁས་པ་གང་གིས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཐམས་ཅད་མཁྱེན་པའི་ལན་ནི་བློ་གྲོས་ཆེན་པོ་ས་དྲུག་ནས་བཟུང་སྟེ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། ཉན་ཐོས་དང་། རང་སངས་རྒྱས་རྣམས་འགོག་པ་ལ་སྙོམས་པར་འཇུག་པ་སྟེ་ཞེས་པའོ། །ས་དྲུག་ཏུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སོ་སོར་རྟོག་ཅིང་མ་རིག་པ་ལ་སོགས་པ་འགོག་པར་སྙོམས་པར་འཇུག་པ་ན་འཁོར་བ་ལས་
སྐྱོ་ནས་རབ་ཏུ་ཞི་བའི་བདེ་བ་ལ་གནས་པར་འགྱུར་རོ། །བདུན་ལ་ནི་སེམས་སྐད་ཅིག་སེམས་སྐད་ཅིག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་གསལ་བས་སྙོམས་པར་འཇུག་སྟེ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་དཔྱད་པས་
དངོས་པོ་རྣམས་ཀྱི་མཚན་མའི་གནས་དང་། མཚན་མའི་དངོས་པོ་མི་རུང་སྟེ། ཇི་ལྟར་དབུ་མ་ལས། མཚོན་བྱ་མཚན་ཉིད་གལ་ཏེ་གཞན། །མཚན་ལ་མཚན་ཉིད་མེད་པར་འགྱུར། །གཅིག་ན་དེ་གཉིས་མི་འགྲུབ་སྟེ། །ཐ་དད་ན་ཡང་གཞན་དུ་མེད། །ཅེས་པའོ། །ཇི་ལྟར་
འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ། རྟག་པའི་མཚན་ཉིད་ནི་གཟུགས་ཏེ། དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མ་ཡིན་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་ལ་སོགས་པའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་མ་ཡིན་
Vol. 121 · folio 231b
ནོ་ཞེས་བྱ་བ་ལ་སོགས་པ་ལ་མཚན་ཉིད་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མ་ཡིན་ཏེ། ཅིའི་སླད་དུ་ཞེས་པ་དང་ཐམས་ཅད་མཁྱེན་པས་རྒྱུ་གཞན་གསུངས་པ། དེ་དག་གིས་འགོག་པ་ལ་སྙོམས་པར་འཇུག་པ་ནི་མངོན་པར་འདུ་བྱེད་པ་ཅན་གཟུང་བ་དང་འཛིན་པའི་
མཚན་ཉིད་དུ་ལྷུང་བའོ། །རྒྱུ་གཉིས་ཀྱིས་འཕགས་པ་ཉན་ཐོས་རྣམས་ཀྱི་འགོག་པ་ལ་སྙོམས་པར་འཇུག་པ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་དུ་ལྷུང་སྟེ། ཕྱི་རོལ་གྱི་མཚན་ཉིད་དུ་མངོན་པར་ཆགས་པ་དང་། སྙོམས་པར་འཇུག་པ་ལས་ལྡང་བའི་དུས་ན་ཕྱི་རོལ་གྱི་མཚན་
མ་འཛིན་པའི་ཕྱིར་རོ། །བཙུན་གཙོའི་བྱང་ཆུབ་སེམས་དཔའི་ཁྱད་པར་ནི་ཤེས་རབ་ཀྱིས་དཔྱད་པས་འཛིན་པ་དང་གཟུང་བའི་མཚན་མ་མི་མཐོང་སྟེ། དེ་ལྟར་ན་དེ་དག་ལ་ཡང་ནན་ཏན་མེད་པར་བསམ་པ་མེད་ཅིང་སྣང་བ་མེད་པའི་ཏིང་ངེ་འཛིན་སེམས་སྐད་ཅིག་སེམས་སྐད་ཅིག་ལ་ཡོད་མོད་ཀྱི་
སེམས་ཅན་གྱི་དོན་དུ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །ཅིས་ན་དུས་ཐམས་ཅད་དུ་སྣང་བ་མེད་པ་ཉིད་དུ་སྙོམས་པར་མི་འཇུག་ཅེས་དེ་སྐད་དུ་ཐུགས་དོགས་ནས་བཀའ་སྩལ་པ། དེ་བས་ན་དེ་དག་ནི་ཆོས་ཐམས་ཅད་བྱེ་བྲག་མེད་པའི་མཚན་ཉིད་
ཐོབ་པར་འགྱུར་རོ་ཞེས་པ་སྟེ། སྣང་བ་མེད་པའི་ཏིང་ངེ་འཛིན་ལ་དུས་ཐམས་ཅད་དུ་གནས་ན་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་ཐ་དད་པར་ཕྱེ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཁྱད་པར་དང་། སེམས་ཅན་གྱི་དོན་དུ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་
མེད་པར་སངས་རྒྱས་སུ་འགྱུར་རོ། །སྣ་ཚོགས་ཀྱི་མཚན་ཉིད་མེད་པར་ཐོབ་པར་འགྱུར་ཞེས་པ་ནི་སྣང་བ་མེད་པའི་ཏིང་ངེ་འཛིན་ཏེ། ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་མི་སེམས་ཤིང་མི་དམིགས་སོ། །དགེ་བ་དང་མི་དགེ་བའི་རང་གི་མཚན་ཉིད་ཁོང་དུ་ཆུད་པས་
ཞེས་པ་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ཏེ་སྤང་བར་བྱ་བ་དང་བླང་བར་བྱ་བ་ཡོངས་སུ་ཤེས་ནས་ས་གོང་ནས་གོང་མའི་ཁྱད་པར་རྣམས་ཀྱིས་སྙོམས་པར་འཇུག་པ་ཡིན་ནོ། །ས་བཅུས་སྤང་བར་བྱ་བ་ཉོན་མོངས་པ་མེད་པའི་མི་ཤེས་པ་བག་ཆགས་དང་བཅས་པ་མཉམ་པར་
Vol. 121 · folio 232a
མི་འཇོག་པའི་མཚན་ཉིད་ཅན་དང་ཤེས་རབ་ཀྱིས་དཔྱད་དེ་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་སྤང་བར་བྱ་བ་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་སྤོང་ངོ་། །བདག་ཏུ་ཆགས་པ་མེད་པའི་ཕྱིར་གཟུང་བ་རྣམ་པར་ལྡོག་གོ། །གཟུང་བ་ཐམས་
ཅད་ཡོངས་སུ་སྤངས་པས་སེམས་ཅན་ཐམས་ཅད་སྙིང་རྗེས་རྗེས་སུ་ཡོངས་སུ་གཟུང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསོད་ནམས་ཀྱི་ཚོགས་སོ། །གཉིས་ཀྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་མི་གཉིས་པའི་ཚུལ་ཁྲིམས་རྣམ་པར་དག་པའོ། །དེ་དེ་བཞིན་དུ་གཉིས་སུ་མེད་པའི་
ཏིང་ངེ་འཛིན་ཐོབ་པས་འཁྲུགས་པ་མེད་པའི་ཕྱིར་བཟོད་པའོ། །མི་གཉིས་པའི་རྣལ་འབྱོར་ལ་བརྩོན་པའི་ཕྱིར་བརྩོན་འགྲུས་སོ། །གཉིས་ཀྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་སེམས་རྩེ་གཅིག་པ་ཉིད་ནི་བསམ་གཏན་ནོ། །ཤེས་རབ་ཀྱིས་དཔྱད་དེ་འཛིན་པ་དང་གཟུང་བའི་མཚན་
མ་ལ་མི་དམིགས་ཤིང་བསམ་པ་མེད་པ་དང་། སྣང་བ་མེད་ཅིང་མི་གཉིས་པའི་ཆོས་ཉིད་ནི་ཤེས་རབ་བོ། །བདུན་དུ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཁོང་དུ་ཆུད་པས་ཀྱང་སྙིང་རྗེ་བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་གྱི་དོན་བྱེད་དོ། །བརྒྱད་དུ་
སྒྱུ་མ་དང་འདྲ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མི་འབྱུང་བར་རྟོགས་ཤིང་། བྱེད་པ་དང་བྱེད་པ་པོ་དང་། འཛིན་པ་དང་། གཟུང་བ་དང་བྲལ་བ་དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཐམས་ཅད་མཁྱེན་པ་རྣམས་ཀྱི་ཕྱིར་
སད་པར་མཛད་པ། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་འཇིག་རྟེན་ཐམས་ཅད་ལ་དམིགས་ཏེ་གཞན་གྱི་དོན་དུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དགུར་ནི་ཆོས་དང་དོན་དང་ངེས་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་
པའི་ཏིང་ངེ་འཛིན་ཐོབ་པས་སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་བ་ཤེས་པའི་ཕྱིར་ཆོས་སྟོན་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བཅུར་ནི་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཐམས་ཅད་རྙེད་ཅིང་བསོད་ནམས་དང་ཡེ་
Vol. 121 · folio 232b
ཤེས་ཀྱི་ཚོགས་ཀྱི་ཁྱད་པར་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེས་ན་ཐམས་ཅད་མཁྱེན་པའི་ཆོས་ཐམས་ཅད་དུ་དབང་བསྐུར་བར་དབང་བསྐུར་བ་དང་། རྣལ་འབྱོར་གྱི་དབང་པོ་རྣམས་ཀྱི་ཆོས་ཐམས་ཅད་ལ་
སྙོམས་པར་འཇུག་པར་འགྱུར་རོ། །ས་དང་པོ་དང་ས་དྲུག་ལ་ནི་ཁམས་གསུམ་པ་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཙམ་སྟེ་ཞེས་པ་ནི་ཁམས་གསུམ་མཐོང་བ་སྟེ། དེ་ལ། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་
པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་པས་ན་ཁམས་གསུམ་སེམས་ཙམ་དུ་མཐོང་བ་སྟེ། ཕྱི་རོལ་གྱི་དོན་མེད་པར་སེམས་ཉིད་བསླད་པའི་མཐུ་ལས་གཉིས་ཀྱི་རྣམ་པར་སྣང་ངོ་། །ཁམས་གསུམ་པ་བདག་དང་བདག་གི་མེད་པ་ནི་གཉིས་སུ་སྨྲ་བ་རྣམས་ཀྱི་བདག་ཏུ་
རྣམ་པར་རྟོག་པའི་བརྟག་པའི་སྐྱེས་བུ་མང་ངོ་། །མི་གཉིས་པར་སྨྲ་བ་རྣམས་ཚངས་པ་དང་། དབང་པོ་ལ་སོགས་པ་སྐྱེས་བུ་གཅིག་ཏུ་རྣམ་པར་བརྟགས་པ་དེ་ལྟ་བུ་ནི་སེམས་ཀྱི་རྒྱུད་མ་གཏོགས་པར་མི་རུང་ངོ་། །རྟག་པ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་
དོ། །གཉིས་སུ་མེད་པར་སྨྲ་བ་རྣམས་ལ་ནི་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ་ཞེས་ལན་དུ་མར་བཤད་པའོ། །ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ནས་ས་དང་པོ་དང་དྲུག་ཏུ་གཉིས་སུ་མེད་པའི་
སེམས་ཀྱི་སྐད་ཅིག་གི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །ཇི་ལྟར་འདིར་གསུངས་པ། ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་གཉིས་དག་ནི་གནས་ཡིན་ཏེ། །ས་གཞན་ང་ཡི་རང་བཞིན་ནོ། །ཞེས་པའོ། །དངོས་པོ་དང་དངོས་པོ་མེད་
པར་རྣམ་པར་མི་རྟོག་པ་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་ནི་ས་བརྒྱད་དུ་སྙོམས་པར་འཇུག་པ་སྟེ། ཇི་ལྟར་འདིར་གསུངས་པ། དངོས་མེད་དངོས་པོ་མེད་ཀྱང་མིན། །ཡོད་དང་མེད་པར་མི་དམིགས་པ། །འདི་ནི་དབུ་མའི་ནན་ཏན་དུ། །ང་དང་གཞན་གྱིས་བཤད་པའོ། །
Vol. 121 · folio 233a
ཞེས་པ་འདི་ནི་དབུ་མའི་ཏིང་ངེ་འཛིན་ཏོ། །རྣམ་པར་ཤེས་པའི་ཏིང་ངེ་འཛིན་ནི་ཇི་ལྟར་འདིར་གསུངས་པ། ཕྱི་ཡི་དངོས་པོ་བསལ་ནས་སུ། །ཤེས་པ་ཙམ་དུ་འཇུག་པ་སྟེ། །འདི་ནི་དབུ་མའི་ནན་ཏན་དུ། །ང་དང་གཞན་གྱིས་བསྟན་པའོ། །ཞེས་བྱ་བ་སྟེ།
དེ་ལྟར་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནར་རྣམ་པར་རྟོག་པ་ནི་ས་བརྒྱད་དུ་དངོས་པོ་དང་དངོས་པོ་མེད་པ་ལ་རྣམ་པར་མི་རྟོག་པ་སྣང་བ་མེད་པའི་དབུ་མའི་ཏིང་ངེ་འཛིན་ནི་ལྡོག་གོ། །ཇི་ལྟར་ལེའུ་འདིར་གསུངས་པ། བཅུ་པོ་པ་ནི་དང་པོ་ཡིན། །དང་པོ་པ་ནི་བརྒྱད་པོ་ཡིན། །
དགུ་པོ་ཡང་ནི་བདུན་པ་སྟེ། །བདུན་པོ་པ་ཡང་བརྒྱད་པོ་ཡིན། །གཉིས་པོ་པ་ནི་གསུམ་པོ་ཡིན། །བཞི་པོ་པ་ནི་ལྔ་པོ་ཡིན། །གསུམ་པོ་ཡང་ནི་དྲུག་ཡིན་ཏེ། །སྣང་བ་མེད་ལ་རིམ་ཅི་ཡོད། །ཅེས་ཏེ། གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་ས་དང་པོར་ཡང་
ཡོད་པས་ན་སྣང་བ་མེད་པའི་ཏིང་ངེ་འཛིན་ཏེ། འཛིན་པ་དང་གཟུང་བར་སྣང་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སེམས་ཙམ་ཡོད་པར་མངོན་པར་ཆགས་པ་ནི་ས་བརྒྱད་པ་ན་ལྡོག་གོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །གལ་ཏེ་ཏིང་ངེ་འཛིན་ལ་ཁྱད་
པར་གཉིས་སུ་མེད་པ་རྟོགས་པ་མེད་ན་ནི་གཞན་དུ་ཇི་ལྟར་ན་ས་བརྒྱད་ཀྱི་དབང་པོ་རྣམས་ཀྱི་སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འགྱུར་ས་བརྒྱད་དུ་དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཁོ་ནས་ཁྱད་པར་ཏེ། དེར་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །
སྣང་བ་མེད་པ་གཉིས་སུ་མེད་པའི་སེམས་ཁོང་དུ་ཆུད་ཀྱང་ས་བདུན་པོའི་དབང་པོ་རྣམས་ལ་ཡང་རྣམ་པར་ཤེས་པ་ཡོད་པར་མངོན་པར་ཆགས་པ་ཕྲའོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པ་སྒྲའི་རྗེས་སུ་དཔག་པས་རྗེས་སུ་དཔག་གོ། །སྣང་བ་མེད་པའི་རིམ་ཅི་ཡོད། །ཅེས་
བྱ་བ་ནི་ས་བཅུ་རྣམས་ལ་སྣང་བ་མེད་པ་སྟེ་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པས་ས་དང་པོའི་དབང་པོ་རྣམས་ལ་ཡང་ཕྱི་རོལ་གྱི་དོན་མེད་པའི་སྟོང་པ་ཉིད་ཡོད་དོ། །ཡོངས་སུ་ཤེས་ནས་སྣང་བ་མེད་པའི་ཏིང་ངེ་འཛིན་མཉམ་པར་རྟོགས་པའི་ཕྱིར་ས་བདུན་གྱི་དབང་
Vol. 121 · folio 233b
པོ་རྣམས་ཀྱི་བར་དུ་ཡང་གཉིས་མི་སྣང་བའི་སེམས་རྟོགས་པའི་ཏིང་ངེ་འཛིན་ཏོ། །བརྒྱད་པོའི་དབང་པོ་རྣམས་ཀྱི་ཁྱད་པར་ནི་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་སྣང་བ་མེད་པའི་ཏིང་ངེ་འཛིན་ཏོ། །འོན་ཏེ་དེ་ལྟར་ན་ནི་དེ་བཞིན་དུ་ས་བཅུ་རྣམས་ཀྱི་སྣང་བ་མེད་པའི་རིམ་
མེད་པ་དེ་བཞིན་དུ་ལྷག་པའི་ཏིང་ངེ་འཛིན་དུ་ཕྱེ་བ་མེད་པས་སངས་རྒྱས་ཀྱི་སའི་རིམ་ཀྱང་ག་ལས་འགྱུར། དེ་ནི་དེར་ཐམས་ཅད་མཁྱེན་པས་སྔ་མ་ཉིད་དུ་སྤངས་པ་སྟེ། དབང་མཆོག་ཆེན་པོའི་གནས་ཀྱི་མཆོག །འོག་མིན་གནས་སུ་རྣམ་པར་མཛེས། །དེར་ནི་ཐེག་པ་རྣམས་
སྟོན་པ། །ས་གཞན་ང་ཡི་རང་བཞིན་ས། །ཞེས་རྒྱ་ཆེར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐ་དད་པས་ཕྱེ་བ་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལས་སའི་ཁྱད་པར་དུ་གྱུར་ཏོ། །དེ་བཞིན་དུ་ཡང་སྒྲིབ་པ་ཐམས་ཅད་ལ་ཕན་འདོགས་ནུས་པའི་ཐམས་ཅད་མཁྱེན་པར་
འགྱུར་རོ། །ས་བཅུའི་དབང་པོ་རྣམས་ལ་ནི་དར་ལས་གཡོགས་པ་ལྟ་བུར་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་སྣང་སྟེ། ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཁྱད་པར་ནི་སྒྲིབ་པ་མེད་པས་གསལ་བའོ། །དེ་ཡི་འོད་ཟེར་སྣ་ཚོགས་
པ། །ཡིད་འོང་ཞི་བ་རབ་ཏུ་འབྱུང་། །དེ་དག་སྲིད་གསུམ་སྤྲུལ་པར་བྱེད། །སྲིད་པ་གསུམ་པོ་ཁ་ཅིག་སྤྲུལ། །ཁ་ཅིག་སྔ་ནས་སྤྲུལ་པ་སྟེ། །དེ་ནི་ཐེག་པ་རྣམས་སྟོན་པ། །དེ་ནི་ང་ཡི་རང་བཞིན་ས། །ཞེས་བྱ་བ་ལ་སོགས་པ་མདོ་སྡེ་འདིར་རྒྱ་ཆེར་ཏེ། དེ་ལྟ་བུ་དེར་ཡང་
དབང་པོ་ལ་སོགས་པས་བྱས་པའི་ཉེས་པ་ཇི་ལྟར་མི་འགྱུར་དེ་ལྟ་བུའི་རྣམ་པ་ནི་ཆོ་འཕྲུལ་ཡིན་གྱི་སེམས་ཅན་རྣམས་ལ་སྔར་མེད་པའི་སྤྲུལ་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ནི་དེ་བཞིན་གཤེགས་པ་ཕྱུང་ཡང་རུང་མ་བྱུང་ཡང་རུང་སྟེ།
ཆོས་ཉིད་དེ་ནི་ཡེ་ནས་གནས་པའོ། །རང་བཞིན་གྱིས་འོད་གསལ་བའི་ཆུད་པའི་གློ་བུར་གྱིས་གཉིས་ཀྱི་རྣམ་པ་བསླད་པ་སྤང་བར་བྱ་བ་འབའ་ཞིག་སྟེ། ནམ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་བྱ་སྟེ། སེམས་ཅན་རྣམས་ཀྱི་
Vol. 121 · folio 234a
དམིགས་པ་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་སྐད་ཅིག་པའི་རྒྱུན་གྱི་རང་བཞིན་དུ་ཆུད་པ་མང་པོ་བརྟན་པའི་ངོ་བོ་ཉིད་གསེར་རིན་པོ་ཆེ་ལ་སོགས་པ་བཞིན་དུ་དྲི་མ་མེད་པ་རྣམས་སོ། །རྣལ་འབྱོར་
པ་རྣམས་རྣལ་འབྱོར་གོམས་པར་བྱེད་པ་ན་སོ་སོར་བདག་གིས་རིག་པའི་ཁྱད་པར་དུ་འགྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ། མེ་གཅིག་གི་ཞེས་པའི་ཤིང་གི་མེ་ལྕེ་རྣམས་རིང་པོ་དང་ཐུང་ངུ་ལ་སོགས་པའི་ཁྱད་པར་བཞིན་དུ་འགྱུར་རོ། །དེས་ན་བརྟགས་
པ་བདག་དང་། གཅིག་པོ་དང་བྱེད་པ་པོར་སྨྲ་བ་རྣམས་ལས་ཁྱད་པར་རོ། །རྟག་པ་དང་ཚངས་པ་དང་། དབང་པོ་ལ་སོགས་པ་རྣམས་ནི་མ་སྐྱེས་པའི་ཕྱིར་བྱེད་པ་པོར་མི་རིགས་ཏེ། མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །གཅིག་པོར་ནི་
གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་ཐ་དད་པ་མེད་པའི་སྐྱོན་ནོ། །འདོད་ཆགས་དང་བྲལ་བས་ནི་ཇི་ལྟར་ན་གཞན་གྱི་སྡུག་བསྔལ་བྱེད། ཡང་ན་རྩེད་མོ་ལ་མོས་པར་འགྱུར་བའམ། འདོད་ཆགས་དང་མ་བྲལ་བ་ཞིག་ན་ནི་དེའི་མི་ཤེས་པ་
ཡང་སུས་བྱས། དེས་ན་ཇི་ཙམ་དུ་སེམས་མཉམ་པར་འཇོག་པར་བྱེད་པ་དེ་ཙམ་དུ་མ་རིག་པའི་གདོན་གྱི་མཐའ་ལས་རྟག་པ་དང་བདག་གིར་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་སེམས་ཅན་རྣམས་ལ་སྣང་ངོ་། །གང་གི་ཚེ་
དགེ་བའི་བཤེས་གཉེན་ལས་ཆོས་ཐོས་ནས་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་མི་དམིགས་པ་དེའི་ཚེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་གནས་སོ། །སྙིང་རྗེའི་བག་ཆགས་ཀྱིས་སད་ནས། །གཞན་གྱི་
དོན་དུ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །ཇི་ལྟར་ས་བརྒྱད་དུ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་སད་པར་བྱ་བ་སྟེ། གང་དག་ལ་སྙིང་རྗེའི་ས་བོན་མེད་པ་དེ་དག་ལ་ནི་སྣང་བ་མེད་པའི་སེམས་ཉིད་མྱ་ངན་ལས་འདས་པ་སྟེ། ཇི་ལྟར་འཕགས་པ་ཉན་ཐོས་
Vol. 121 · folio 234b
རྣམས་ལ་གསུངས་པ། དེ་དག་ཏིང་འཛིན་མྱོས་པས་མྱོས། །ཟག་པ་མེད་པའི་དབྱིངས་ན་འཁོད། །ཅེས་པའོ། །སྐད་ཅིག་པའི་སེམས་ཀྱི་རྒྱུད་འབྲེལ་པ་ནི་བརྟེན་ཞིང་ཟད་པ་མེད་པར་ཐམས་ཅད་མཁྱེན་པས་དགོངས་པ་ཡིན་གྱི། ཡང་ཇི་ལྟར་སེ་གོལ་གྱི་སྒྲ་དང་གློག་ལ་
སོགས་པ་རྣམས་ལ་འདྲ་བའི་སྐད་ཅིག་པ་གཞན་ཕྱིར་མཚམས་སྦྱོར་བ་མེད་པ་ལྟར་སེམས་ཀྱི་སྐད་ཅིག་པ་མ་ཡིན་ནོ། །ཐམས་ཅད་མཁྱེན་པས་ནི་སྐད་ཅིག་མའི་རྒྱུན་ལ་སེམས་རྟག་པའོ་ཞེས་དགོངས་ཀྱི། མུ་སྟེགས་བྱེད་ཀྱི་རྟག་པ་དང་གཅིག་པ་དང་གཉིས་སུ་མེད་པ་ལ་ནི་མ་ཡིན་
ནོ། །དེས་ན་སངས་རྒྱས་རྣམས་ཀྱིས་ནི་རྟག་པ་དང་ཆད་པ་དང་བྲལ་བ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་ཅིང་མཐའ་གཉིས་རྣམ་པར་སྤོང་བ་གཉིས་སུ་མེད་པའི་སེམས་ལ་དགོངས་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། རིགས་ཀྱི་བུ་
འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་འདི་ནི་སྟོན་པས་བཏགས་པའི་ཚིག་གོ་ཞེས་པ་སྟེ། འདུས་བྱས་དང་འདུས་མ་བྱས་མ་ཡིན་པར་དཔྱད་པའོ། །བློ་གྲོས་ཆེན་པོ་ས་བརྒྱད་པ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་
པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་གང་གིས་ཡོངས་སུ་མྱ་ངན་ལས་མི་འདའ་བར་ཏིང་ངེ་འཛིན་གྱིས་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་དེ་ལ་རྣམ་པར་འཛིན་ཏོ་ཞེས་པ་ནི་གཞན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་སྔོན་གྱི་སྨོན་ལམ་དང་སྙིང་རྗེའི་
ས་བོན་ཡོད་པས་སོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་རྣམས་ཀྱིས་རབ་ཏུ་སད་པར་མཛད་དོ། །གཞན་དུ་ནི་སེམས་ཅན་གྱི་བྱ་བ་ཡང་རྒྱུན་ཆད་པར་འགྱུར་ཞིང་འཚང་རྒྱ་བའི་ཕྱིར་ནན་ཏན་མི་བྱེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཕྱིར་སད་པར་མི་མཛད་ན། དེའི་ཚེ་དེ་བཞིན་
གཤེགས་པའི་རིགས་ཀྱི་གདུང་ཡང་ཆད་པར་འགྱུར་རོ། །འཕགས་པ་ཉན་ཐོས་གང་དག་ལ་སྙིང་རྗེའི་ས་བོན་ཡོད་པ་ཡང་རབ་ཏུ་སད་པ་ན་སངས་རྒྱས་སུ་བསྒྱུར་ནུས་ཀྱི་ཞི་བ་ཕྱོགས་གཅིག་གི་འདོད་ཆགས་དང་བྲལ་བ་རྣམས་ནི་མ་ཡིན་ནོ། །ཇི་ལྟར་དགོངས་པ་ངེས་པར་
Vol. 121 · folio 235a
འགྲེལ་པ་ལས། ཚིག་གི་དབང་པོས་ཡོངས་སུ་གསོལ་པ། ཐམས་ཅད་མཁྱེན་པས་གསུངས་པ། བྱང་ཆུབ་སེམས་དཔའི་ས་བརྒྱད་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སངས་རྒྱས་ཀྱི་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡང་སྟོན་ཏེ། དེའི་ཕྱིར་དེ་དག་
ཡོངས་སུ་མྱ་ངན་ལས་མི་འདའོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་ཏིང་ངེ་འཛིན་གྱི་བདེ་བས་ཕྲོགས་པར་འགྱུར་ཏེ། དེ་བས་ན་དེ་དག་ནི་མྱ་ངན་ལས་འདས་པའི་བློར་འགྱུར་རོ། །ཇི་ལྟར་བདུན་བརྒྱ་པ་ལས། འདི་ཉིད་མྱ་ངན་འདས་པ་སྟེ། །གང་འདི་བསམ་པ་མེད་
པ་ཉིད། །ཅེས་སོ། །རྣམ་པར་རྟོག་པ་ཟད་ནས་བྱང་ཆུབ་སེམས་དཔའི་ས་བརྒྱད་དུ་མི་སྐྱེ་བ་ལ་བཟོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ལ་ནི་ཟད་པ་མེད་དོ། །ཤེས་རབ་ཀྱིས་ཉོན་མོངས་པ་ཟད་པ་ནི་དེ་དག་གི་ཐར་པ་སྟེ་གསེར་དྲི་མ་དང་བྲལ་བ་བཞིན་ནོ། །
བློ་གྲོས་ཆེན་པོས་ས་བདུན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་དང་སྤྱིའི་མཚན་ཉིད་མི་ཤེས་ཤིང་སའི་གོ་རིམས་དང་མཚམས་སྦྱར་བ་ལ་མི་མཁས་པས་མུ་སྟེགས་བྱེད་ཀྱི་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་མུ་སྟེགས་ཅན་ཐར་པ་འདོད་པ་རྣམས་ཀྱི་སེམས་བཀག་
སྟེ་འཁོད་ཀྱི། དེ་དག་ལ་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ནི་མེད་དོ། །དེར་ཁྱད་པར་ནི་ཆོས་དང་། དོན་དང་ངེས་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རབ་ཏུ་ཐོབ་པས་ཆོས་རབ་ཏུ་ཤེས་སོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་
བདུན་ཁོང་དུ་ཆུད་པས་ལུས་དང་། ཚོར་བ་དང་སེམས་དང་། ཆོས་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཡོངས་སུ་བརྟགས་པས་འདོད་ཆགས་དང་བྲལ་བ་ལ་གནས་པ་དང་། འགོག་པ་ལ་གནས་པ་དང་། འདུ་འཛིས་གྱུར་པར་ལུས་དྲན་པ་ཉེ་བར་གཞག་པ་སྒོམ་པར་
བྱེད་དོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་དང་ཡང་སྦྱར་རོ། །སྤྱིའི་མཚན་ཉིད་ནི་སྐད་ཅིག་པ་ལ་སོགས་པའོ། །རང་གི་མཚན་ཉིད་ནི་ལུས་འདི་ལ་སྐྲ་དང་སོ་ལ་སོགས་པ་ཡོད་དེ། དེ་ལ་རྡུལ་ཕྲ་མོའི་ཚོགས་ལ་མི་མཛེས་པ་བསྒོམ་མོ། །དེ་བཞིན་དུ། གཟུགས་
Vol. 121 · folio 235b
ནི་རྡུལ་ཕྲན་གཞིགས་པ་དང་། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པར་གང་ཟག་ལ་བདག་མེད་པར་སྔར་བྱས་ཏེ་ཆོས་ལ་བདག་མེད་པར་འཇུག་གོ། །དེ་ལྟར་བསྟན་པ་ཡང་སྣང་བ་མེད་པ་སྟེ་ས་རྣམས་ཀྱི་གོ་རིམས་ཁོང་དུ་ཆུད་པར་མི་འགྱུར་རོ། །སྣང་བ་དང་བཅས་པའི་ཏིང་ངེ་
འཛིན་ལ་གནས་པ་ན་གཞན་ལ་ཕན་པའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཁྱད་པར་འབྱུང་བ་རྣམས་ཀྱིས་ས་བཅུའི་དབང་པོ་སྒྲིབ་པ་མ་ལུས་པར་སྤངས་ཏེ། ཕན་པ་ཐམས་ཅད་སྤྱོད་པའི་ཐམས་ཅད་མཁྱེན་ཅིང་སངས་རྒྱས་
ཉིད་དུ་འགྱུར། དེས་ན་ས་རྣམས་ཀྱི་གོ་རིམས་བསྟན་པར་བྱའི། དོན་དམ་པ་ནི་འདི་ལ་གང་ཡང་འཇུག་པའམ་ལྡོག་པ་མེད་དོ། །སྣང་བ་མེད་ལ་རིམ་ཅི་ཡོད། །ཅེས་བྱ་བ་སྟེ། དེའི་ཕྱིར་ཤེས་རབ་དང་སྙིང་རྗེ་དང་གཞན་ལ་ཕན་པའི་བསོད་ནམས་ཀྱི་ཁྱད་པར་ཚོགས་དང་ཕ་
རོལ་ཏུ་ཕྱིན་པའི་རིམ་པ་ཡོངས་སུ་རྫོགས་པ་རྣམས་དང་འཁོར་བ་མཐའ་དག་ཤེས་པ་རྣམས་ཀྱིས་མི་ཤེས་པ་དང་སྡུག་བསྔལ་ཡོངས་སུ་ཟད་དེ། བདག་དང་གཞན་ལ་ཕན་པའི་རྣལ་འབྱོར་ཤིན་ཏུ་རྣམ་པར་དག་པ་ན་བདག་དང་གཞན་ལ་ཕན་འདོགས་ནུས་པའི་ཐམས་ཅད་
མཁྱེན་པ་ཉིད་རྣལ་འབྱོར་གྱི་དབང་པོ་ཁོ་ན་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་འགྱུར་རོ། །མུ་སྟེགས་བྱེད་རྣམས་ཀྱི་བྱ་བ་ནི་རྣལ་འབྱོར་ཞེས་བྱ་བ་ཤེས་རབ་དང་། ཐབས་དང་ཉོན་མོངས་པ་ཟད་པ་དང་བྲལ་བ་སྟེ། ཇི་སྲིད་སྙིང་དུ་ཟད་འགྱུར་པ། །དེ་སྲིད་ཡིད་ནི་དགག་པར་བྱ། །དེ་
ནི་བསམ་གཏན་ཡེ་ཤེས་ཏེ། །ལྷག་མ་གཞན་ནི་གཞུང་རྒྱས་པའོ། །ཡིད་ནི་རྒོད་ཅིང་མི་བརྟན་པའོ། །གང་ཕྱིར་གང་ཕྱིར་འབྱུང་བ་ནི། །དེ་ཕྱིར་དེ་ཕྱིར་སྡོམ་པ་ན། །དེ་ཚེ་བདག་ཉིད་དབང་དུ་འགྱུར། །སྤྲོ་བ་གཟུང་བའི་བློ་ཡིས་ནི། །ཁད་ཀྱིས་ཁད་ཀྱིས་སྤངས་ནས་སུ། །
ཡིད་ནི་བདག་ལ་གནས་བྱས་ཏེ། །ཅུང་ཟད་བསམ་པར་ཡང་མི་བྱ། །ཞེས་སོ། །སངས་རྒྱས་པ་རྣམས་ཀྱི་གཉིས་སུ་མེད་པའི་རྣལ་འབྱོར་གྱི་ཁྱད་པར་ནི་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པ་ཕྱེ་བ་ན། གང་གི་ཚེ་མི་དམིགས་པ་དེའི་ཚེ་བསམ་
Vol. 121 · folio 236a
པ་མེད་ཅིང་སྣང་བ་མེད་པ་ཡང་དག་པར་རིག་པ་རང་ཉིད་ཀྱིས་གནས་ཏེ། སྐད་ཅིག་མའི་རྒྱུན་བརྗོད་དུ་མེད་པར་རང་གི་རིག་པ་མངོན་སུམ་དུ་བྱའོ། །སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཞུགས་པའི་རྣལ་འབྱོར་གྱི་དབང་པོ་ཆོས་སྟོན་པ་འབྱུང་ངོ་། །ཇི་ལྟར་
ཐམས་ཅད་མཁྱེན་པས་སྔར་སྨྲས་པ། དབང་ཕྱུག་ཆེན་པོའི་གནས་ཀྱི་མཆོག །འོག་མིན་ཤིན་ཏུ་རྣམ་པར་མཛེས། །དེར་ནི་ཐེག་པ་རྣམས་སྟོན་པ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་རོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་
སྦྱར་བའི་མངོན་པར་རྟོགས་པའི་ལེའུ་བཞི་པ་སྟེ་རྫོགས་སོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རྟག་གམ། དེ་སྟེ་མི་རྟག་གམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཉི་གར་ཡང་ཉེས་པར་འགྱུར་བའི་ཕྱིར་རོ། །བློ་
གྲོས་ཆེན་པོ་གཉི་གར་ཡང་ཉེས་པར་འགྱུར་བ་ནི་རྟག་ཏུ་ཟིན་ན་རྒྱུར་འགྱུར་རོ། །བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྒྱུ་རྣམས་ནི་མ་བྱས་པ་རྟག་པ་སྟེ་ཞེས་པ་ནི་ཚངས་པ་དང་དབང་པོ་རྒྱུ་རྣམས་ནི་མ་བྱས་པར་སྨྲ་ལ། རྟག་པ་ལ་སོགས་པར་ཡང་ཀུན་རྟོག་པར་བྱེད་དེ།
དེ་དག་གི་མ་བྱས་པའི་རྒྱུ་ནི་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་དོ། །དེ་ལྟར་དེ་བཞིན་གཤེགས་པ་རྟག་པར་མི་རུང་ངོ་། །མི་རྟག་པ་ཡང་མ་ཡིན་ཏེ། ཕུང་པོའི་མཚན་ཉིད་ཐམས་ཅད་བྱས་པས་མི་རྟག་པ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མི་རྟག་པར་འགྱུར་
རོ། །དེ་བཞིན་གཤེགས་པ་ནི་རྟག་པའི་ཕྱིར་གསེར་ལྟ་བུར་མངོན་པར་རྟོགས་པའི་ཡེ་ཤེས་ཡོངས་སུ་མི་ཟད་དེ། དེ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྟག་པའི་རྣམ་གྲངས་ཡོད་དོ། །སེམས་ཀྱི་གཉིས་ཀྱི་རྣམ་པ་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། གཟུགས་
Vol. 121 · folio 236b
བརྙན་ལ་སོགས་པ་བཞིན་དུ་བསླད་པའི་མཐུ་ལས་བྱུང་བའོ། །དེས་ན་མཉམ་པར་མི་འཇོག་པའི་མ་རིག་པ་དང་ལས་ཀྱི་མཐུ་ལས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་སྣ་ཚོགས་པ་བཞིན་དུ་སྣ་ཚོགས་ཐ་དད་པའི་རྣམ་པའི་ཤེས་པ་འཁོར་བར་སྣང་ངོ་། །ནམ་ཤེས་རབ་ཀྱིས་
དཔྱད་དེ་ཕྱི་རོལ་གྱི་རྣམ་པར་ཕྱེ་བ་ན་མི་དམིགས་པ་དེ་ན་རྟག་པ་དང་། བདག་དང་། ཕྱི་རོལ་གྱི་དོན་དང་བྲལ་བའི་སེམས་ཀྱི་སྐད་ཅིག་པའི་རྒྱུན་ཙམ་གཉིས་སུ་མེད་པ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་རྟག་པ་གནས་སོ། །སྐད་ཅིག་མའི་རྒྱུན་རྟག་པས་རྟག་
གི །ཡང་མུ་སྟེགས་བྱེད་པས་བདག་དང་ཚངས་པ་དང་། དབང་པོ་དང་རྡུལ་ཕྲ་མོའི་རྫས་ལ་སོགས་པར་ཀུན་བརྟགས་པར་ནི་མ་ཡིན་ནོ། །ཀུན་བརྟགས་པར་མི་རུང་བ་ནི་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །ཕྱི་རོལ་གྱི་རྫས་ཀྱང་སྦོམ་པོ་
དང་ཕྲ་མོ་རྣམ་པར་གཞིགས་པ་ན་ཁང་པ་དང་སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དེ། དེས་ན་མུ་སྟེགས་བྱེད་ཀྱི་རྟག་པ་ནི་རང་བཞིན་གཅིག་པ་རྟག་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་མི་རྟག་པ་ཡང་མ་ཡིན་ཏེ། བྱས་པ་ཐམས་ཅད་མི་རྟག་པ་སྟེ།
ཕུང་པོ་ལ་སོགས་པའི་མཚན་ཉིད་སེ་གོལ་གྱི་སྒྲ་བཞིན་ནོ། །གཟུགས་ལ་སོགས་པའི་བུམ་པ་དང་རྩིག་པ་ལ་སོགས་པ་ལྟ་བུ་སྐད་ཅིག་པ་གཞན་དང་མཚམས་སྦྱོར་བ་མེད་པའི་ཕྱིར་རོ། །གཞན་གྱི་དབང་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་འཛིན་པ་དང་།
གཟུང་བར་སྣང་བའི་མཚན་ཉིད་ཅན་ཏེ། སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་དང་བྲལ་བ་སྔ་མའི་སྐད་ཅིག་གི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བརྟགས་པའི་ཆོས་ཡིན་གྱི། ལུང་བསྟན་པ་ལ་སོགས་པས་བྱེད་པ་དང་། བྱེད་པ་པོར་མངོན་པར་འབྲེལ་ཏེ།
སྐྱེ་བ་ཀུན་བརྟགས་པ་ལྟ་བུར་ནི་མི་རུང་ངོ་། །གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པོ་མེད་པས་སུས་ཀྱང་མི་སྐྱེད་དོ། །སྐྱེ་བ་ན་ཡང་སྐྱེད་པ་གཞན་མེད་དེ། ཆོས་ཐམས་ཅད་མི་བྱེད་ཅིང་བྱེད་པ་དང་། བྱེད་པ་པོ་དང་བྲལ་བ་དང་། དུས་
Vol. 121 · folio 237a
ཆུད་པ་རྣམས་དུས་ཐམས་ཅད་དུ་སྐད་ཅིག་མའི་རྒྱུན་དུ་འགྱུར་ཞིང་དེ་བཞིན་གཤེགས་པ་དང་མ་སྐྱེས་པ་དང་མི་གཉིས་པའི་རང་བཞིན་པ་རྣམས་ནི་དབང་པོ་ལ་སོགས་པ་སུས་ཀྱང་མི་བྱེད་དོ། །དེས་ན་འདུས་བྱས་དང་འདུས་མ་བྱས་སུ་བརྟགས་པའི་སེམས་ཀྱི་ཆོས་
ཉིད་དེ་ནི་ཡེ་གནས་པ་སྟེ། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཏེ་ཞེས་བྱ་བས་ན་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་རྣམས་ནི་དག་པ་དང་མ་དག་པ་ཡང་མ་ཡིན་ནོ། །རང་བཞིན་གྱིས་ཡོངས་སུ་དག་པ་དེ་དག་བསླད་པས་ཉེ་བར་སྐྱེས་པའི་གཉིས་ཀྱི་
རྣམ་པ་གློ་བུར་གྱི་ཉེས་པ་སྤངས་པས་དེ་དག་གསེར་ལྟ་བུ་སྟེ། དེའི་ཕྱིར་རྟག་པའི་རྣམ་གྲངས་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་རིན་པོ་ཆེ་གསེར་ལ་སོགས་པ་བཞིན་ནོ། །ཇི་ལྟར་ས་དང་པོའི་དབང་པོ་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་
ཤིང་བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པས་ལུས་ལ་སོགས་པའི་མཚན་ཉིད་སོ་སོར་སྣང་བ་རྣམས་ཀྱི་སེམས་ཀྱི་སྐད་ཅིག་ལ་གཉིས་ཀྱི་རྣམ་པ་སོ་སོར་སྣང་ངོ་། །དེ་ལྟར་སྣང་བ་མེད་ཅིང་མི་གཉིས་པའི་ཡོངས་སུ་གྲུབ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ལ་
གཉིས་ཀྱི་རྣམ་པ་སོ་སོར་མི་སྣང་ངོ་། །འཛིན་པ་དང་གཟུང་བ་དང་། རྗོད་པ་དང་། བརྗོད་པར་བྱ་བ་དང་། བྱ་བ་དང་། བྱེད་པ་དང་། བྱེད་པ་པོ་དང་། རྟག་པ་དང་། མི་རྟག་པ་ཕན་ཚུན་དུ་ལྟོས་པ་གཉིས་ཀྱི་རྣམ་པའི་ཐ་སྙད་ཐམས་ཅད་བསམ་པ་མེད་ཅིང་སྣང་བ་མེད་
པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་བརྗོད་དུ་མེད་པ་ལས་ལྡོག་པ་སྟེ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེས་ན་ཕན་ཚུན་དུ་ལྟོས་པའི་དངོས་པོ་དང་དངོས་པོ་མ་ཡིན་པ་དང་། གཉི་ག་དང་གཉི་ག་མ་ཡིན་པ་ལ་སོགས་
པའི་རྣམ་པར་རྟོག་པ་མེད་པས་གཉིས་ལ་ལྟོས་པའི་ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། དགེ་བ་དང་། མི་དགེ་བ་དང་། བདག་དང་། བདག་མེད་པར་གྱུར་པ་དང་། གཅིག་པ་དང་དུ་མ་ལ་སོགས་པར་སྨྲ་བས་བརྟགས་པ་དེ་ལྟ་བུ་ཐམས་
Vol. 121 · folio 237b
ཅད་ནི་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པ། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་མི་རྟོག་པ་ལས་ལྡོག་གོ། །སྐད་ཅིག་གི་རྣམ་པར་རྟོག་པ་མེད་མོད་ཀྱི། འོན་ཀྱང་སྐད་ཅིག་པ་སྟེ། སྔ་མ་དང་ཕྱི་མའི་དུས་ཀྱི་རིམ་པ་
ཐ་དད་པས་ཕྱེ་བ་ན་འཁོར་བ་དང་མྱ་ངན་ལས་འདའ་བ་སྡུག་བསྔལ་དང་ཐར་པས་ཕྱེ་བ་ལ་གཅིག་པར་མི་རུང་ངོ་། །སྐྱེ་བ་ཡང་མེད་དེ་བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་བ་མེད་པའི་ཕྱིར་རོ། །རྣལ་འབྱོར་རྣམས་ཀྱི་སེམས་ཀྱི་ཡང་དག་པར་རིག་པ་སྔ་མ་འོག་ཏུ་སྐད་ཅིག་
པ་སྐད་ཅིག་པར་བྱེད་པ་སྟེ། དེའི་ཕྱིར་སྐྱེ་བ་དང་འགོག་པའི་ཆོས་སུ་བརྟགས་པ་སྐད་ཅིག་མར་འཇིག་པ་ལ་རིམ་གྱིས་འབྱུང་བའི་དངོས་པོ་མེད་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མི་སྐྱེ་བ་ནི་སྟོང་པ་ཉིད་མ་ཡིན་ནོ། །དེས་ནི་མུ་སྟེགས་ཀྱིས་བརྟགས་པའི་རྟག་པས་སྨྲ་
བར་འགྱུར་རོ། །ཇི་ལྟར་ལ་ལ་འཁྲུལ་ཏེ་ཞི་བ་དང་། རིག་སྔགས་འཛིན་པའི་མཐར་སྨྲ་བ་པ་དང་། གཏོགས་འདོད་ལ་སོགས་པའི་ལྟ་བར་ལྷུང་ནས་བདག་ལ་སོགས་པ་བཞིན་དུ་སེམས་ཀྱང་རྟག་གོ་ཞེས་བཅབ་པ་ལ་སོགས་པ་ཐོས་པ་ཤིན་ཏུ་ཉུང་བ་རྣམས་རྟག་གོ། །
ཁ་ཅིག་ནི་མི་སྐྱེ་བ་ལ་ཆད་པར་སྨྲ་བར་ལྟུང་བས་སེམས་རི་བོང་གི་རྭ་ལྟ་བུར་ཡོངས་སུ་རྟོག་ཅིང་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་གྱི་དབང་ལྟ་བུར་ཡོངས་སུ་གྲུབ་པ་ཡང་རྟོག་གོ། །དེས་ན་སེམས་ཀྱི་རྒྱུད་རྣམས་ཀྱི་རྣམ་གྲངས་རྟག་པ་ཉིད་དེ། གསེར་
ལ་སོགས་པ་བཞིན་དུ་རྣམ་པར་དག་པ་རྣམ་པར་ཟད་པ་མེད་ཅིང་སངས་རྒྱས་ཁོ་ནའོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་རྟག་པ་དང་། མི་རྟག་པའི་དཔྱད་པ་ལེའུ་ལྔ་པ་སྟེ་རྫོགས་སྷོ།། །།དེ་ནས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འཇུག་པ་དང་། ལྡོག་པ་བདེ་བར་གཤེགས་པས་བདག་ལ་བཤད་དུ་གསོལ། བདག་མ་མཆིས་ན་གང་
Vol. 121 · folio 238a
ཞིག་འཇུག་པའམ་ལྡོག་པར་འགྱུར་ན་བྱིས་པ་རྣམས་ནི་འཇུག་པ་དང་། ལྡོག་པ་ལ་གནས་པས་སྡུག་བསྔལ་ཟད་པ་ཁོང་དུ་མ་ཆུད་པའི་ཕྱིར། མྱ་ངན་ལས་འདས་པ་རབ་ཏུ་མི་ཤེས་སོ་ཞེས་བྱ་བ་ནི་གྲངས་ཅན་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་སྨྲ་བའི་མུ་སྟེགས་
ཅན་རྣམས་ཀྱིས་ཇི་ལྟར་ཧ་ཅང་མགྱོགས་པའི་ལུས་ནི་འཁོར་བར་འཇུག་གོ། །རང་བཞིན་དང་སྐྱེས་བུའི་ཁྱད་པར་ཤེས་པས་ལྡོག་གོ་ཞེས་རྟོག་གོ། །ཕྱི་རོལ་གྱི་དངོས་པོ་མེད་པར་བདག་ཡོད་པས་ཇི་ལྟར་ན་འཇུག་པར་འགྱུར། རང་བཞིན་དང་སྐྱེས་བུ་ཐ་དད་པར་ཤེས་པས་
ཀྱང་ཇི་ལྟར་ལྡོག་པར་འགྱུར། རེ་ལྡེ་དང་རྩིག་པ་ལ་སོགས་པ་ཐ་དད་པར་ཤེས་པ་བཞིན་ཏེ། དེས་ན་མུ་སྟེགས་བྱེད་པ་རྣམས་ལ་སྡུག་བསྔལ་ཟད་པ་ཁོང་དུ་ཆུད་པ་མེད་པའི་ཕྱིར་ཇི་ལྟར་ན་མྱ་ངན་ལས་འདས་ཞེས་གཞན་གྱི་སེམས་ཤེས་པ་ལ་ལྟོས་ཏེ། འཕགས་པ་བློ་གྲོས་ཆེན་
པོས་ཐམས་ཅད་མཁྱེན་པ་ལ་གསོལ་བར་བརྟག་གོ། །དེའི་ཕྱིར་འཁོར་བ་དེར་སྡུག་བསྔལ་ཇི་བཞིན་པ་དང་། དེ་ཇི་ལྟར་ལྡོག་པར་འགྱུར་བ་དེ་ལྟར་ཐམས་ཅད་མཁྱེན་པས་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཞེས་བྱ་བ་
ལ་སོགས་པའོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་དགེ་བ་དང་མི་དགེ་བའི་རྒྱུར་གྱུར་པ་སྐྱེ་བ་དང་འགྲོ་བ་ཐམས་ཅད་བྱེད་པར་འཇུག་སྟེ་བྱས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་སྙིང་པོ་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་སྟེ། སྐད་
ཅིག་མའི་རྒྱུན་དུ་འབྱུང་ཞིང་བདག་དང་གཞན་གྱི་རྒྱུན་གྱི་དབང་དང་། དམ་པ་དང་། དམ་པ་མ་ཡིན་པའི་ཆོས་བསྟན་པས་དགེ་བ་དང་། མི་དགེ་བའི་འདུ་བྱེད་ཀྱིས་བཏབ་པ་ཉམ་ང་བའི་འགྲོ་བར་འཇུག་གོ། །གར་མཁན་བཞིན་པ་ནི་གཟུགས་སྣ་ཚོགས་སུ་སྣང་བ་སྟེ།
རྨི་ལམ་དང་མིག་འཕྲུལ་དང་། རབ་རིབ་ཀྱི་རྣམ་པ་དང་གཟུགས་བརྙན་ལ་སོགས་པ་བཞིན་ནོ། །བདག་དང་བདག་གི་སྤངས་པ་ཞེས་བྱ་བ་ནི་རྟག་པ་དང་བདག་ཏུ་མངོན་པར་ཆགས་པའི་མུ་སྟེགས་བྱེད་རྣམས་ཀྱི་རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་
Vol. 121 · folio 238b
བཞིན་དུ་མེད་དོ། །རིམ་དང་ཅིག་ཅར་གྱིས་དོན་བྱེད་པ་དང་འགལ་བའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །ལྟོས་པའི་མི་རྒྱུ་མེད་པ་དང་གཞན་གྱིས་བཏང་བའི་བྱེ་བྲག་མེད་པའི་ཕྱིར་ཅིས་ན་རིམ་གྱིས་བྱེད་པར་འགྱུར། གང་བྱེད་པར་འགྱུར་བ་ཡང་དེ་ཐོག་མ་
ཉིད་དུ་ཅིས་ན་མ་བྱས་ཅིག་ཅར་ཡང་དེའི་དོན་གྱི་བྱ་བ་བྱེད་པར་མི་རིགས་ཏེ། དུས་གསུམ་གྱི་དངོས་པོ་ཐང་ཅིག་ཏུ་བྱས་པར་མི་དམིགས་པའི་ཕྱིར་རོ། །བྱས་ནས་ཀྱང་ཡང་བྱེད་པ་མེད་པའི་ཕྱིར་བྱེད་པ་དང་བཅས་པ་དང་བྱེད་པ་མེད་པ་དག་ངོ་བོ་ཉིད་གཅིག་པར་མི་རིགས་
ཏེ། །གང་དང་གང་དག་རིམ་པ་ཐ་དད་པའི་མཚན་ཉིད་དང་ལྡན་པ་དེ་དག་གཅིག་པ་མ་ཡིན་ཏེ། ཤིང་དང་ཐལ་བ་ལ་སོགས་པའི་རིམ་པ་ཐ་དད་པ་དང་། མཚན་ཉིད་དང་ལྡན་པ་ལྟ་བུའོ། །དེའི་ཕྱིར་མུ་སྟེགས་བྱེད་རྣམས་ཀྱི་བདག་བདེ་བ་དང་སྡུག་བསྔལ་ལ་སོགས་ཐ་དད་
པར་ཕྱེ་བ་ནི་དེ་དག་གི་རྟག་པར་མི་རིགས་ཏེ་དེས་ན་རྗེས་སུ་དྲན་པ་དང་། ཤེས་པ་དང་འཆིང་བ་དང་། ཐར་པ་དང་། བདེ་བ་ལ་སོགས་པ་སྐད་ཅིག་ཏུ་འཇིག་པ་ལ་རུང་གི་རྟག་ཅིང་མི་འགྱུར་བ་ལ་མ་ཡིན་ཏེ། རྟོག་པའི་རྒྱུན་དུ་བདག་མེད་པར་རྩོད་པ་ཞི་བའོ། །གང་དག་
ཚངས་པ་དང་། དབང་པོ་ལ་སོགས་པ་ལ་གཅིག་པར་ཡང་བདག་རྣམ་གཉིས་སུ་མེད་པར་རྟོག་པ་སྟེ། དེ་ལྟར་འདི་ཐམས་ཅད་ནི་ཚངས་པའོ་ཞེས་པ་དང་། ཐམས་ཅད་འདི་ནི་ཞི་བདག་སྟེ། །ཞི་བ་ལས་ནི་རབ་ཏུ་འབྱུང་། །འབྱུང་པོ་ཀུན་ལ་ཞི་བ་ཡོད། །ཞི་བ་གང་
ཡིན་དེ་ང་ཉིད། །ཅེས་སོ། །གཏོགས་འདོད་ཀྱིས་ཀྱང་སྨྲས་པ། བདག་ནི་འབྱུང་པོ་ཀུན་ལ་གནས། །འབྱུང་པོ་ཀུན་ཀྱང་བདག་ལ་སྟེ། །བདག་ལྡན་དེ་ལྟར་སུས་རིག་པ། །ཀུན་དུ་མཉམ་པར་མཐོང་བའོ། །ཞེས་དེ་སྐད་ཅེས་པ་དེ་དག་ལ་གྲོལ་བ་དང་། མ་གྲོལ་
བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་གླགས་སོ། །སྤྱི་དང་ཁྱད་པར་དུ་བརྟགས་པས་དེ་བཞིན་གཤེགས་པའི་སྙིང་པོ་བཞིན་དུ་གལ་ཏེ་དེ་དག་ཀྱང་དེ་སྐད་དུ་འཆད་ན་ནི་དེའི་ཚེ་བཤད་པ་ཐ་དད་པར་མི་འགྱུར་རོ། །སེམས་ཅན་མང་པོའི་
Vol. 121 · folio 239a
སེམས་ཀྱི་རྒྱུན་སྐད་ཅིག་པ་རྣམས་ཀྱང་མེ་བཞིན་དུ་གཉིས་སུ་མེད་པ་སྟེ། དེ་བཞིན་དུ་ཚ་བ་དང་རབ་ཏུ་སྣང་བ་ལ་སོགས་པའི་ཆོས་དང་མཐུན་པས་གཅིག་པའོ། །གསལ་བ་ཐ་དད་པས་ཀྱང་ཐ་དད་པ་སྟེ། རྩྭ་དང་ལོ་མ་དང་སེང་ལྡེང་ལ་སོགས་པའི་མེ་བཞིན་
ནོ། །དེ་དག་གི་ནི་ཇི་ལྟར་ཐོས་པ་ལས་བྱུང་བ་མེའི་མེ་སྟག་ཕྲ་མོ་ཡར་བ་བཞིན་དུ་འགྱུར་བ་དེ་དག་ལས་རྣམ་པར་ཤེས་པ་སྟུག་པོ་འབྱུང་སྟེ། དེ་དག་ཉིད་ཀྱི་རྗེས་སུ་རྣམ་པར་འཇིག་ཅེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ལྷ་ཆེན་པོས་སྨྲས་པ། ཇི་ལྟར་ཤིང་ལ་མེ་གནས་དང་། །
ས་ཡི་ནང་དུ་ཆུ་ཡོད་པ། །དེ་ལྟར་ཐམས་ཅད་ལུས་རྣམས་སུ། །ཞི་བ་དག་པ་རྣམ་པར་གནས། །ཞེས་པ་སྟེ། དེ་ནི་ཆུད་པའི་བདག་ཉིད་ལ་བརྟགས་པའོ། །སྔགས་ཀྱི་བདག་དང་སེམས་པ་ཅན། །སྐྱེས་བུ་རྣམ་པ་གཉིས་ཞེས་བྱ། །སྔགས་ལས་འདས་དང་སྔགས་ཉིད་
དང་། །དབང་ཕྱུག་མཆོག་ལ་རྣམ་གཉིས་སོ། །གཏོགས་འདོད་ཀྱིས་ཀྱང་སྨྲས་པ། ཤེས་པ་འདི་ལ་ཉེ་བརྟན་ཏེ། །ང་ཡི་ཆོས་མཐུན་ཕྱིན་པ་རྣམས། །མཐོ་རིས་སུ་ཡང་མི་སྐྱེ་ཞིང་། །རབ་ཏུ་འཇིག་ནི་གོད་མི་འགྱུར། །བྷ་དྲ་ཧ་རིས་ཀྱང་རིག་སྔགས་ཀྱི་མཐའ་དང་
མཐུན་པར་སྨྲས་པ། དེ་ཡི་ཚོར་བ་གཅིག་པོ་ཡང་། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་པ་འབྱུང་བའི་མེ་མདག་ནི། །ཆུ་ཡི་ཕུང་པོར་ཆུ་བཞིན་དུ། །དེ་ཕྱིར་ད་རོད་རིག་གནས་པ། །གསལ་བའི་གྲོང་ནི་མི་འགྱུར་བས། །སྤྲིན་རྣམས་ཆར་དང་ལྡན་པ་ནི། །རླུང་ལས་
འབྱུང་བ་བཞིན་དུའོ། །གསུམ་གྱི་གཟུགས་སུ་དེ་སྣང་བ། །མུར་སྨྲ་ཐ་དད་རྣམས་ལ་ནི། །མཆོག་ནི་ཡོངས་སུ་འགྱུར་བ་སྟེ། །ལྟ་བ་ཐ་དད་ཀྱིས་ནི་བཅིངས། །ཞི་ཞིང་རིག་བདག་ཚངས་པ་སྟེ། །དེ་ལས་བྱུང་བའི་མ་རིག་པ། །དེས་ནི་སྲིན་པོ་བཞིན་དུ་མིང་། །གང་སྨྲ་མི་ནུས་པ་
རྣམས་སོ། །ཇི་ལྟར་ནམ་མཁའ་རྣམ་པར་དག །རི་རབ་འཁྲུལ་པའི་སྐྱེས་བུ་ཡིས། །རི་མོ་རྣམ་པ་སྣ་ཚོགས་ཀྱིས། །ཀུན་དུ་གང་བ་སེམས་པའོ། །དེ་ལྟར་ཚངས་པ་བདུད་རྩི་འདི། །འགྱུར་བ་མེད་པ་མ་རིག་པས། །རྙོག་པ་ལྟ་བུར་བྱས་པས་ན། །ཐ་དད་གཟུགས་སུ་སྣང་བ་
Vol. 121 · folio 239b
སྟེ། །ཞེས་བྱ་བ་ཚངས་པའི་རྒྱུད་དུ་ཞིབ་པོ། །དེ་དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པའི་བདག་དང་བྲལ་བ། བདག་དང་གཞན་གྱི་རྒྱུད་དང་མཉམ་པར་མི་འཇོག་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་མཐུ་ལས་འཁོར་བ་སྣ་ཚོགས་ཐ་དད་པའི་རྣམ་པ་སྣང་ངོ་། །བདག་
གི་ཡང་ཕྱི་རོལ་གྱི་དོན་གང་ཡང་མེད་དེ། ཁྱད་པར་ཅན་ལ་སོགས་པས་བརྟགས་པ་སའི་རྫས་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །དེས་ན་གཉིས་ཀྱི་རྣམ་པ་དང་བྲལ་ཞིང་སྐད་ཅིག་གི་རྒྱུན་
འབྱུང་བའི་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ་དེ་ཁོང་དུ་མ་ཆུད་པས་གསུམ་འདུས་པའི་རྐྱེན་གྱི་བྱ་བ་དང་ལྡན་པར་འཇུག་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གསུམ་འདུས་པ་ནི་མ་རིག་པ་དང་། སྲེད་པ་དང་། ལས་གསུམ་འདུས་པ་དང་ལྡན་
པའི་འཁོར་བ་འཇུག་ལྡོག་གོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །རྒྱུ་ལ་མངོན་པར་ཆགས་ཤིང་ཞེན་པའི་མུ་སྟེགས་ཅན་རྣམས་ཀྱིས་ནི་ཁོང་དུ་མ་ཆུད་དོ་ཞེས་བྱ་བ་ནི་རྟག་པ་དང་། བདག་དང་། ཚངས་པ་དང་། དབང་པོ་ལ་སོགས་པ་རྣམས་རྒྱུར་
ཡོངས་སུ་རྟོག་པ་སྟེ། རྟོག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །གཅིག་པ་ཡང་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་ཐ་དད་པ་མེད་པའི་སྐྱོན་ཏེ་སྔར་བཤད་པ་བཞིན་ནོ། །འདོད་ཆགས་དང་བྲལ་བ་ཞིག་ན་ནི་
གཞན་གྱི་སྡུག་བསྔལ་ཅེས་ན་བྱེད་པར་འགྱུར། རྩེད་མོ་ཡང་དེ་ལ་ཇི་ལྟར་ན་ཡོད། འདོད་ཆགས་དང་མ་བྲལ་བ་ཞིག་ན་ནི། མ་ཤེས་པ་སུས་བྱས། དེའི་ཕྱིར་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་རྣམ་པ་མང་པོས་བསྒོས་པ་ཀུན་གཞི་རྣམ་
པར་ཤེས་པ་ཞེས་བསྒྲགས་པ། མ་རིག་པའི་གནས་ལས་སྐྱེས་པའི་རྣམ་པར་ཤེས་པ་བདུན་ཞེས་བྱ་བ་ལ་སོགས་པ་སྟེ། བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་རྣམ་པ་སྣ་ཚོགས་སུ་རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོའི་རླབས་བཞིན་དུ་རྟག་ཏུ་
Vol. 121 · folio 240a
ལུས་ཀྱི་རྒྱུན་མི་འཆད་པ། མི་རྟག་པའི་ཉེས་པ་དང་བྲལ་བ། བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ། ཤིན་ཏུ་རང་བཞིན་གྱིས་ཡོངས་སུ་དག་པའི་རྣམ་པར་ཤེས་པ་གཅིག་པུ་ཉིད་འཇུག་པ་སྟེ། ཇི་ལྟར་རྨི་ལམ་གྱི་དུས་ན་དེར་གཟུགས་ལ་སོགས་
པའི་ཡུལ་དང་མིག་ལ་སོགས་པའི་ཤེས་པ་མེད་པར་ཡང་ཡུལ་དང་། ཡུལ་ཅན་གྱི་དངོས་པོ་སྣ་ཚོགས་ཀྱི་རྣམ་པར་ཤེས་པ་གཅིག་པུ་ཉིད་སྣང་བ་དེ་ལྟ་བུ་གཉིད་ཀྱིས་མ་ལོག་པའི་དུས་ན་ཡང་མ་རིག་པ་ཡོངས་སུ་སྨིན་པའི་མཐུ་ལས། ལུས་དང་ལོངས་སྤྱོད་གནས་སྣང་
བ། །ཀུན་གཞི་ཀུན་དུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཞེས་པར་འདིར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཕྱི་རོལ་གྱི་གཟུགས་དམིགས་པ་མེད་དོ་ཞེས་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གསུངས་པ།
གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །འོ་ན་དམིགས་པ་ནི་ཅི་ཞིག །ཅེས་པ་དང་། ཕྱི་ཡི་དངོས་པོ་མེད་པར་ཡང་། །སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་པ་སྟེ། ནམ་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོའི་ཆ་ཐ་དད་པར་ཕྱེ་བ་ན་
ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་མཐོང་བ་དེ་ན་ཀུན་གཞི་རྣམ་པར་ཤེས་པ་གཉིས་ཀྱི་རྣམ་པར་ལྡོག་པར་འགྱུར་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ཀྱི་རྒྱུད་གཉིས་སུ་མེད་པ་གསེར་ལྟར་དྲི་མ་དང་བྲལ་བ་འབའ་ཞིག་ལ་འཁོར་བ་
གནས་པར་འགྱུར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་འཇིག་པ་རྣམས་ནི་སྐད་ཅིག་པ་དག་སྟེ། སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བར་མི་བྱེད་པས་སེམས་ཉིད་ལ་སྲིད་པ་དང་ཐར་པའི་དུས་སུ་འཇུག་པ་ཡོད་དོ། །རྣམ་པར་ཤེས་པ་བདུན་ནི་མིག་ལ་སོགས་པའི་རྣམ་
པར་ཤེས་པ་དྲུག་དང་། ཉོན་མོངས་པའི་ཡིད་རྟག་ཏུ་ངར་བྱེད་པར་འཇུག་པ་དང་བདུན་ནོ། །སྣང་བ་མེད་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན་བདུན་པོ་རྣམས་ཀྱི་སྣང་བ་མེད་དོ། །དེ་དག་ནི་ཡུལ་མེད་པས་མ་རིག་པ་ཡོངས་སུ་སྨིན་པའི་མཐུ་འབའ་ཞིག་ལས་མགོ་འཁོར་བ་
Vol. 121 · folio 240b
དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་འཁོར་བར་སྣ་ཚོགས་ཐ་དད་པའི་རྣམ་པའི་རྣམ་པར་ཤེས་པ་སྣང་ངོ་། །དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་ཆུའི་རིམ་པའི་ཁྱད་པར་དུ་རླབས་ཐ་དད་པ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པར་འགྱུར་བའི་རིམ་པའི་ཁྱད་པར་དུ་རྣམ་པར་ཤེས་
པ་བདུན་དང་ཡུལ་རྣམས་འབྱུང་ངོ་། །མི་རྟག་པའི་ཉེས་པ་དང་བྲལ་བ་ནི་བརྟན་པའོ། །བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ་ནི་སྐད་ཅིག་པའི་རྒྱུན་དུ་འབྱུང་བའི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་གློ་བུར་གྱི་གཉིས་ཀྱི་དྲི་མ་ཐམས་ཅད་དང་བྲལ་ཏེ་གསེར་ལྟ་བུར་དྲི་མ་མེད་
པར་རང་བཞིན་ཡོངས་སུ་དག་པ་སྟེ་ལན་དུ་མར་བཤད་པའོ། །བདུན་པོ་སྐད་ཅིག་པ་ཡིན་ཏེ། ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པའི་རྒྱུ་ལས་སྐྱེས་པ་དབྱིབས་ཀྱི་བྱད་དང་བྱེ་བྲག་ལ་དམིགས་པ་ཞེས་བྱ་བ་ནི་ཇི་ལྟར་བཙུན་གཙོ་འཕགས་པ་བྱམས་པས་ཡང་དག་
པ་མ་ཡིན་པར་ཀུན་དུ་རྟོག་པ་བཤད་པ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཅིང་། །སེམས་དང་སེམས་བྱུང་ཁམས་གསུམ་པ། །དེ་ན་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པའོ། །བདག་དང་གཞན་གྱི་རྒྱུད་ཀྱི་དབང་གིས་འཁྲུགས་ཏེ་
མཉམ་པར་མི་འཇོག་པའི་མ་རིག་པ་ཡོངས་སུ་སྨིན་པ་དང་། རྟག་པ་དང་། བདག་དང་བདག་གིར་ཆགས་པ་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པའི་སེམས་ལས་བྱུང་བ་རྣམས་ལས་ལས་སྣ་ཚོགས་མངོན་པར་འདུ་བྱེད་པའི་རྒྱུ་རྣམས་ཀྱི་ཁམས་
གསུམ་པར་སྣང་བ་སྐྱེད་པར་བྱེད་དོ། །རྨི་ལམ་དང་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་དེར་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རང་གི་སྣང་བ་ཉིད་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་འཇུག་གོ། །དེ་དག་གི་ཕྱི་རོལ་གྱི་དམིགས་པ་མེད་པའི་ཕྱིར་
ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པས་བསྐྱེད་པའི་ཡུལ་ལ་དམིགས་པ་རྣམས་སོ། །མིང་དང་མཚན་མ་ལ་མངོན་པར་ཆགས་ཤིང་ཞེན་པ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པས་སྒྲ་དང་དོན་བརྗོད་པའི་རྣམ་པས་བསྐྱེད་པའོ། །མིང་ནི་གཟུགས་ལ་སོགས་
Vol. 121 · folio 241a
པ་བརྗོད་པར་བྱའོ། །དེ་ལ་མཚན་མ་ནི་མཛེས་པ་དང་། མི་མཛེས་པ་དང་། བུད་མེད་དང་སྐྱེས་པ་ལ་སོགས་པའི་མཚན་ཉིད་དོ། །མངོན་པར་ཆགས་པའི་རྒྱུ་ནི་རང་གི་སེམས་སྣང་བའི་གཟུགས་དང་མཚན་ཉིད་ཁོང་དུ་ཆུད་པ་སྟེ། རང་གི་སེམས་སྣང་
བའི་གཟུགས་རབ་རིབ་ཅན་དང་རྨི་ལམ་དང་མིག་འཕྲུལ་ལ་སོགས་པའི་ཤེས་པ་བཞིན་དུ་ཁོང་དུ་ཆུད་པར་བྱེད་དོ། །བདེ་དང་སྡུག་བསྔལ་མི་མྱོང་བར་ཞེས་པ་ནི་འཁོར་བའི་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་ཏེ། མིག་ལ་སོགས་པའི་ཤེས་པ་རྣམས་སྐད་ཅིག་པ་ཁོ་ནའི་
ཕྱིར་སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བ་མེད་དེ། དེས་ན་ཐར་པའི་རྒྱུ་མ་ཡིན་པར་དགོངས་པའོ། །དེའི་ཕྱིར་འདི་བཞིན་དུ་སེམས་སྐད་ཅིག་པ་གཞན་དུ་ཉིང་མཚམས་སྦྱོར་བས་འཁོར་བར་འཁོར་ན་རང་གིས་བྱས་པའི་ལས་ཀྱིས་བདེ་བ་དང་སྡུག་བསྔལ་དེས་མྱོང་ངོ་། །མིག་
ལ་སོགས་པའི་ཤེས་པ་རྣམས་སྐད་ཅིག་པས་ན་སྲིད་པ་གཞན་དུ་བདེ་བ་དང་སྡུག་བསྔལ་མི་མྱོང་ངོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །མཐོང་བའི་ཆོས་ལ་ཚོར་བའི་ལས་ཀྱིས་བདེ་བ་དང་སྡུག་བསྔལ་མྱོང་བ་རྣམས་ཞེས་པ་ནི་ཞིང་དང་བསམ་པའི་བྱེ་
བྲག་ལས་ཤེས་པ་རྣམས་ནི་མཐོང་བའི་ཆོས་ལ་ཚོར་བའི་ལས་ཀྱི་བདེ་བ་དང་། སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བས་ན། གང་དག་འགོག་པ་མྱ་ངན་མེད། །བྱམས་པ་དགྲ་བཅོམ་འབྲས་བུ་ལས། །ཕན་གནོད་དེ་དག་ལ་བྱས་པའི། །འབྲས་བུ་མོད་ལ་མྱོང་བར་
འགྱུར། །ཞེས་བྱ་མོད་ཀྱི་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ནི་ལུས་རྣམ་པར་ཞིག་པ་ན་དབང་པོའི་ཤེས་པ་དེ་དག་ལ་སྐད་ཅིག་པ་གཞན་དུ་ཉིང་མཚམས་སྦྱོར་བ་མེད་དོ། །སྐྱེས་ནས་ཚོར་བའི་ལས་གང་གིས་རྒྱུད་ཆད་པ་ལས་ཡང་ལུས་དང་དབང་པོ་རྣམས་གཞན་
ཉིད་འབྱུང་བར་འགྱུར་རོ། །སེམས་ནི་སྐད་ཅིག་གི་རྒྱུན་དུ་འབྱུང་ཞིང་རྒྱུ་དང་འབྲས་བུའི་དུས་སུ་ཆད་པ་མེད་པས་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་མྱོང་ངོ་། །སྐད་ཅིག་མའི་རྒྱུན་དུ་འབྱུང་བས་ན་རྟག་པའི་བདག་ཏུ་སྨྲ་བ་རྣམ་པར་སྤངས་སོ། །ཇི་ལྟར་སེ་གོལ་གྱི་
Vol. 121 · folio 241b
སྒྲ་དང་གློག་ལ་སོགས་པའི་སྐད་ཅིག་པ་དང་། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་སྐད་ཅིག་པ་དེ་ལྟར་དེའི་ཆད་པ་མ་ཡིན་ཏེ། དེས་ན་རྟག་པ་དང་ཆད་པར་སྨྲ་བ་མུ་སྟེགས་བྱེད་དང་། ཉན་ཐོས་ཀྱིས་བསླད་པའི་སྐུར་པ་ཐམས་ཅད་དང་བྲལ་ཞིང་སེམས་ཅན་
རྣམས་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་དག་པའོ། །གཉིས་སུ་མེད་པ་དེ་ལ་སྤྱི་དང་ཁྱད་པར་དུ་བརྟགས་པ་ན་གཅིག་དང་དུ་མའི་ཁྱད་པར་རོ། །མིག་ལ་སོགས་པའི་ཤེས་པ་རྣམས་ནི་བདེ་བ་དང་སྡུག་བསྔལ་མི་མྱོང་བ་སྟེ། དེ་དག་སྐད་ཅིག་པ་གཞན་དུ་ཉིང་
མཚམས་སྦྱོར་བའི་ཕྱིར་ཐར་པའི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་སེམས་ཉིད་སྲིད་པ་དང་ཐར་པའི་རྒྱུ་ཡིན་ཏེ། དེས་བཏབ་པའི་ལས་རྣམ་པ་ལྔ་དངོས་དང་བརྒྱུད་པས་རྣམ་པར་སྨིན་པར་འགྱུར་རོ། །གདོན་མི་ཟ་བར་ཚོར་བ་ནི་མཚམས་མེད་པའོ། །བསམ་པ་དྲག་པོས་
ཁྱད་པར་གྱི་ཞིང་དུ་དགེ་བ་དང་མི་དགེ་བ་དང་བྱས་པ་ནི་མཐོང་བའི་ཆོས་ལ་ཚོར་བའོ། །ཚོར་བར་ངེས་པ་མེད་པ་དང་། སྐྱེས་ནས་ཚོར་བ་དང་། རྣམ་གྲངས་གཞན་དུ་ཚོར་བ་ནི་དེ་ལས་གཞན་པ་སྟེ། དེ་ཐམས་ཅད་སེམས་ཀྱི་རྒྱུད་ཀྱི་བག་ཆགས་ལ་གནས་སོ། །ཐར་
པ་ཡང་ཤེས་རབ་ཀྱིས་མངོན་པར་འདུ་བྱེད་ཅིང་ཡོན་ཏན་གྱི་ཁྱད་པར་དང་ཉོན་མོངས་པ་ཟད་པ་ཡང་སེམས་ཉིད་ལ་ཡོད་དོ། །མིང་དང་མཚན་མ་དང་ཀུན་ནས་ལྡང་བའི་འདོད་ཆགས་ཀྱིས་བསྐྱེད་ཅིང་སྐྱེད་པར་བྱེད་པ་དེའི་རྒྱུ་ལ་དམིགས་པའོ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་
པ་མཛེས་པ་དང་མི་མཛེས་པའི་མཚན་མ་ལ་མངོན་པར་ཆགས་པའི་ཀུན་ནས་ལྡང་བའི་འདོད་ཆགས་ཀྱིས་གང་ཡུལ་དུ་སྣང་བ་བསྐྱེད་པ་དེར་དམིགས་པ་རྣམས་ཏེ། སྔོན་གྱི་བག་ཆགས་ཡོངས་སུ་སྨིན་པས་བཏབ་པ་རྣམས་ལ་དགོངས་པར་བརྟག་གོ། །ཟིན་པའི་
དབང་པོ་ཞེས་བྱ་བ་དེ་དག་ཡོངས་སུ་ཟད་ཅིང་འགགས་ནས་དེ་མ་ཐག་ཏུ་མི་སྐྱེ་ཞིང་ཞེས་བྱ་བ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་སེམས་དང་ཡུལ་རྣམ་པར་རྟོག་པར་སྣང་བ་བཀག་སྟེ་འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ནོ། །གཞན་དག་ནི་
Vol. 121 · folio 242a
རང་གི་བློའི་རྣམ་པར་རྟོག་པའི་བདེ་བ་དང་སྡུག་བསྔལ་མི་མྱོང་བ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་བསམ་གཏན་བཞི་དང་། བདེ་བ་དང་རྣམ་པར་ཐར་པ་ལ་མི་མཁས་པའི་རྣལ་འབྱོར་ཅན་རྣམས་ནི་རྣམ་
པར་ཐར་པའི་བློར་འགྱུར་རོ་ཞེས་བྱ་བ་ནི་གཞན་དག་ཀྱང་ཐར་པའི་བློར་འགྱུར་རོ་ཞེས་པ་དང་འབྲེལ་ཏོ། །རང་གི་བློས་རྣམ་པར་བརྟགས་ཏེ་བདེ་བ་དང་སྡུག་བསྔལ་མྱོང་བའི་འདུ་ཤེས་འགོག་པ་ཉིད་ཐར་པའི་བློར་འགྱུར་རོ། །བསམ་གཏན་བཞི་པ་དང་། བདེན་པ་དང་། རྣམ་
པར་ཐར་པ་ལ་མི་མཁས་པ་ཞེས་བྱ་བ་ལ་མུ་སྟེགས་བྱེད་རྣམས་ཀྱིས་བརྟགས་པ་སྟེ། དེ་དག་ཇི་ལྟར་རྣམ་པར་རྟོག་ཅེ་ན། ཇི་སྲིད་སྙིང་དུ་ཟད་གྱུར་པ། །དེ་སྲིད་ཡིད་ནི་དགག་པར་བྱ། །དེ་ནི་བསམ་གཏན་ཤེས་པ་སྟེ། །ལྷག་པ་གཞན་ནི་གཞུང་རྒྱས་པའོ། །བསམ་གཏན་
བཞི་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །དེ་ལ་བརྒྱད་ནི་ཇི་ལྟར་ཆོས་མངོན་པ་དང་། ཇི་ལྟར་སྡོང་པོ་བརྒྱན་པ་ལ་སོགས་པར་རྒྱ་ཆེར་རིག་པར་བྱའོ། །དེ་བཞིན་གཤེགས་
པའི་སྙིང་པོ་ཞེས་བསྒྲགས་པ། ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་མ་གྱུར་ན་འཇུག་པའི་རྣམ་པར་ཤེས་པ་བདུན་རྣམས་འགག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་རྒྱུ་དང་དེ་ལ་དམིགས་པས་ཞུགས་པའི་ཕྱིར་དང་ཞེས་པ་ནི་རྣམ་པར་ཤེས་པ་བདུན་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་
ཞིང་དེ་ལ་དམིགས་པར་ཡང་འཇུག་པ་སྟེ། ཇི་ལྟར། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་དུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཞེས་བྱ་བར་ལན་མང་པོར་བཤད་པའོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་
ཡང་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་སྟེ། འཁོར་བའི་དུས་སུ་གློ་བུར་གྱི་གཉིས་ཀྱི་རྣམ་པར་སོ་སོར་སྣང་ངོ་། །དེར་ཉན་ཐོས་དང་མུ་སྟེགས་བྱེད་རྣམས་རྟག་པ་དང་བདག་དང་ཕྱི་རོལ་གྱི་དོན་མངོན་པར་ཆགས་པ་སྟེ། དེ་བཞིན་དུ་ཐམས་ཅད་མཁྱེན་པས་སྒྲུབ་པར་མཛད་པ།
Vol. 121 · folio 242b
ཉན་ཐོས་དང་རང་སངས་རྒྱས་དང་མུ་སྟེགས་ཅན་གྱི་རྣལ་འབྱོར་ལ་རྣལ་འབྱོར་པ་ཐམས་ཅད་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་ཞེས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི་རྟག་པ་དང་གཅིག་པ་དང་དུ་མ་དང་བདག་ཏུ་སྨྲ་བའི་མུ་སྟེགས་ཅན་གྱི་རྣལ་འབྱོར་
སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་ཤེས་པའི་ཡུལ་མ་ཡིན་ནོ། །དེ་ནི་འདུས་བྱས་དང་འདུས་མ་བྱས་པར་རྟག་པ་ན་སྐད་ཅིག་པའི་རྒྱུན་རྟག་པས་རྣམ་གྲངས་སུ་རྟག་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། རིགས་ཀྱི་བུ་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་
བ་འདི་ནི་སྟོན་པས་བརྟགས་པའི་ཚིག་གོ་ཞེས་འབྱུང་ངོ་། །འདུས་བྱས་སུ་སྤྱོད་ཀྱང་རུང་འདུས་མ་བྱས་སུ་སྤྱོད་ཀྱང་རུང་སྟེ་ནམ་འདུས་བྱས་པ་དེ་ནི་སྐད་ཅིག་པའོ། །ནམ་རྟག་པར་བསམས་ཏེ་འདུས་མ་བྱས་པ་དེ་ནི་སྐད་ཅིག་པ་མ་ཡིན་ཏེ། དེ་དེ་ལྟར་སྐད་ཅིག་ཏུ་འཇིག་པ་
ཡོད་ན་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་དུས་ན་བསམ་པས་འདུས་བྱས་དང་འདུས་མ་བྱས་སུ་འགྱུར་རོ། །གལ་ཏེ་ཡང་སྐད་ཅིག་ཏུ་འཇིག་པ་མེད་དུ་ཟིན་ན་ནི་དེའི་ཚེ་བདེ་བར་གཤེགས་པས་རྟོགས་པ་དང་མུ་སྟེགས་བྱེད་པར་ཁྱད་པར་ཅི་ཡོད། ཁ་ཅིག་གིས་ནི་ཇི་ལྟར་
རྟག་པའི་དངོས་པོ་མེད་པ་དེ་ལྟར་སྐད་ཅིག་གི་དངོས་པོ་མེད་ཅེས་ཏེ། ཇི་ལྟར་དཀོན་མཆོག་ཕྲེང་བ་ལས། སྐད་ཅིག་གི་སྐྱེ་བ་དང་གནས་པ་དང་རྒ་བ་དང་། མི་རྟག་པའི་མཚན་ཉིད་རིམ་གྱིས་ཆོས་དང་ལྡན་པ་ན་དེ་ལྟ་བུར་ནི་སྐད་ཅིག་པ་འགྲིབ་པོ་ཞེས་འཕགས་པ་ཀླུས་
བོས་ཀྱིས་གླེངས་པ་ནི། སྐད་ཅིག་ལ་ནི་མཐའ་ཡོད་པས། །ཐོག་མ་བར་ཡང་རྟོགས་པར་གྱིས། །དེ་ལྟར་སྐད་ཅིག་གསུམ་དག་ཕྱིར། །སྐད་ཅིག་མི་གནས་འཇིག་རྟེན་ལ། །ཐོག་མ་བར་དང་ཐ་མ་ཡི། །ཆ་རྣམས་ལ་ཡང་རྟོག་པར་གྱིས། །ཐོག་མ་བར་དང་མཐའ་ཡོད་ཀྱི། །
འདུས་ལ་གཅིག་པ་མེད་པའོ། །ཞེས་སོ། །དེ་དེ་ལྟར་གྲངས་ཅན་དང་ནེ་ཡི་ཡ་ཡི་ཀ་ལ་སོགས་པའི་སྐད་ཅིག་པ་དྲུག་ཏུ་ཡང་མི་རུང་བར་གླེང་ངོ་། །གང་དག་ཡང་ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པར་ཕྱེ་བ་དང་བྲལ་བའི་སྐད་ཅིག་ཏུ་ཇི་ལྟར་སེ་གོལ་གྱི་སྒྲ་ལ་སོགས་པ་ལྟར་ཆུད་
Vol. 121 · folio 243a
པར་བྱེད་པ་དེ་ལྟར་ནི་གླེང་བའི་རྣམ་པར་རྟོག་པ་འདི་མི་འཇུག་གོ། །ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པར་རྣམ་པར་ཕྱེ་བ་དང་བྲལ་བའི་སྐད་ཅིག་པ་རྣམས་ནི་མངོན་སུམ་གྱི་ཕྱིར་རོ། །འདུས་མ་བྱས་པར་བརྟགས་པའི་རྟག་པས་ནི་རང་བཞིན་གྱིས་འོད་གསལ་
བ་ཡང་དག་པར་རིག་པའི་ཆོས་ཉིད་དེ་ནི་ཡེ་གནས་སོ། །སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོར་བརྟག་པ་དབང་པོ་ལ་སོགས་པར་སུས་ཀྱང་མི་བྱེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་ཞིང་མི་གཉིས་པ་སྟེ་རྣམ་པ་དེ་ལྟ་བུ་ནི་དེ་
བཞིན་གཤེགས་པའི་ཡུལ་ཏེ། སྔ་མ་དང་ཕྱི་མའི་དུས་ཀྱི་རིམ་པ་ཐ་དད་པ་དང་བྲལ་བ་སྐད་ཅིག་མའི་རྒྱུན་མྱོང་བ་ཐོག་མ་དང་བར་དང་ཐ་མའི་སྐད་ཅིག་པའི་ཡན་ལག་ཐ་དད་པར་སྣང་བའི་རྣམ་པར་རྟོག་པ་དང་བྲལ་བའོ། །ཇི་ལྟར་དབུ་མ་ལས་བྱུང་བ། གལ་ཏེ་སྐྱེ་བ་སྔར་ཡོད་ལ། །
རྒ་བ་འཆི་བ་ཕྱི་ནས་ནི། །སྐྱེ་ལ་རྒ་དང་འཆི་མེད་དེ། །སྐྱེས་ཀྱང་འཆི་བ་མེད་པར་འགྱུར། །ཞེས་པ་སྟེ། གང་ན་དེ་དག་ཐོག་དང་མཐར། །ལྷན་ཅིག་རིམ་དུ་མི་འཇུག་ན། །སྐྱེ་དང་འཆི་བའི་ཆོས་རྣམས་ཀྱི། །དངོས་པོ་ཀུན་ལ་ཐམས་ཅད་དུ། །སྐྱེ་བ་ཅི་ཞིག་སྤྲོ་བར་
བྱེད། །རྒ་བར་འཆི་བ་དེ་ཅི་ཞིག །རྒ་དང་འཆི་བ་མེད་པར་ནི། །དངོས་པོ་གང་ཞིག་ཡོད་པར་འགྱུར། །ཅེས་སོ། །གལ་ཏེ་སྐད་ཅིག་ཏུ་འཇིག་པར་མི་འགྱུར་ན་ཆོས་དང་གང་ཟག་ལ་བདག་མེད་པ་ཇི་ལྟར་ན་རྣམ་པར་གཞག །འོན་ཏེ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་
བཞིན་དུ་གཞན་གྱི་དབང་གི་གཉིས་ཀྱི་རྣམ་པའི་སྐད་ཅིག་མ་རྣམས་ཀྱི་དངོས་པོ་མེད་པ་ནི་ཡོངས་སུ་གྲུབ་པའི་སྐད་ཅིག་པ་རྣམས་ལ་གནོད་པ་མེད་པའི་ཕྱིར་ཇི་ལྟར་དངོས་པོ་མེད་དེ། དོན་དམ་པ་རང་བཞིན་མེད་པ་ཉིད་ནི་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་ནི། བསམ་པ་
མེད་ཅིང་སྣང་བ་མེད་པ་མཆོག་ཏུ་དག་ཅིང་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་ཡང་དག་པར་རིག་པར་མྱོང་བ་ནི་དངོས་པོ་མེད་པ་མ་ཡིན་ཏེ། དེས་ན་གང་ཤེས་པར་བྱ་བ་དང་ཤེས་པ་དང་། དངོས་པོའི་ཕྱིར་བརྟགས་པ་ལྟ་བུ་དང་། གཞན་གྱི་དབང་བཞིན་དུ་ཡོངས་སུ་
Vol. 121 · folio 243b
གྲུབ་པ་ཞེས་བྱ་བ་ལ་ཡང་ཡིད་ཆེས་པ་མེད་ཅེས་པ་ནི་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བའི་ཚུལ་གྱིས་ཆོས་ཀྱི་གནོད་པ་འབྱུང་བའི་ལས་སྒྲུབ་པར་བྱེད་དོ། །རྨི་ལམ་བཞིན་དུ་གང་ཟག་ལ་བདག་མེད་པར་རྟོགས་པ་ལ་སོགས་པ་ནི་འཛིན་པ་དང་གཟུང་བ་ལ་མངོན་
པར་ཆགས་ཏེ། ཉན་ཐོས་རྣམས་གང་ཟག་ལ་བདག་མེད་པར་རྟོགས་པར་བྱེད་པའི་ཕྱིར་རོ། །རྨི་ལམ་བཞིན་དུ་དེ་དག་གི་ཡེ་ཤེས་གཉིས་ཀྱི་རྣམ་པ་ཅན་ཏེ་གཉིས་སུ་མེད་པ་ཉིད་ནི་མ་ཡིན་ནོ། །སེམས་བསླད་པས་ན་དེའི་ཕྱིར་དེ་དག་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པ་
མེད་དོ། །ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་ནས་གཉིས་ཀྱི་རྣམ་པའི་ཤེས་པ་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་རབ་ཏུ་གྱུར་པ་ན་ཤེས་རབ་ཀྱི་ཀུན་གཞི་ནི་མེ་ལོང་ལྟ་བུར་ཇི་ལྟ་བ་དེ་བཞིན་དུ་ཤེས་པ་ཤེས་པར་རྣམ་པར་དག་ཅིང་གཉིས་སུ་མེད་པ་མིག་ལ་
སོགས་པའི་འཇུག་པའི་རྣམ་པར་ཤེས་པ་རྣམས་སྣང་བ་མེད་ཅིང་གཉིས་སུ་མེད་པའི་ཚུལ་གྱིས་རབ་ཏུ་ལོག་པར་གྱུར་པ་རྣམས་ནི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་དུ་ཐམས་ཅད་མཁྱེན་པ་ལ་མིག་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་ལྔ་སོ་སོར་རྟོག་པའི་ཡེ་ཤེས་སུ་
འགྱུར་རོ། །ཉོན་མོངས་པའི་ཡིད་རབ་ཏུ་གྱུར་པ་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །འཇུག་པའི་རྣམ་པར་ཡེ་ཤེས་པ་དྲུག་གི་ནང་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བརྗོད་དོ། །དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་ལོག་པས་བདུན་
རྣམས་ཀྱང་ལྡོག་པར་འགྱུར་ཏེ། ཉོན་མོངས་པ་དང་ཉོན་མོངས་པ་བདུན་རྣམས་ཀྱིས་དེའི་རྒྱུ་དང་དེ་ལ་དམིགས་པའི་ཕྱིར་རོ། །གང་གི་ཚེ་ཆོས་དང་གང་ཟག་ལ་བདག་མེད་པ་ཡང་དག་པ་ཇི་ལྟ་བ་ཡོངས་སུ་ཤེས་ནས་ཆོས་ལྔ་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ་གཉིས་སུ་མེད་
པའི་ཡེ་ཤེས་ལ་དོན་དམ་པའི་བདེན་པ་འབའ་ཞིག་ཏུ་འགྱུར་རོ། །ཆོས་ལྔ་པོ་བཤད་ཟིན་མོད་ཀྱི། གཞུང་བཤད་པའི་ཆེད་དུ་བྱས་ཏེ། ཡང་སྦྱར་བར་བྱ་བ་ལ་མིང་དང་མཚན་མ་དང་། རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་སོ། །ཉན་ཐོས་
Vol. 121 · folio 244a
རྣམས་ནི་གཉིས་ཀྱི་རྣམ་པ་ཡོངས་སུ་བཟུང་ནས་རྨི་ལམ་བཞིན་དུ་གང་ལ་བདག་མེད་པ་ཡོངས་སུ་ཤེས་སོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་དེ་དག་ལ་འཛིན་པ་དང་། གཟུང་བ་ལ་མངོན་པར་ཆགས་པ་ལྟ་བུར་ཀུན་གཞི་རྣམ་པར་ཤེས་པ་རབ་ཏུ་འགྱུར་རོ། །དེས་
ན་ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པས་ནི་ཤེས་བྱའི་སྒྲིབ་པ་ལྡོག་གོ། །གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་ནི་ཉོན་མོངས་པའི་སྒྲིབ་པ་ལྡོག་གོ། །དེ་བཞིན་དུ་ཡང་བདག་དང་བདག་གིར་ཆགས་པ་ལོག་པ་ན་ལས་ཀྱི་སྒྲིབ་པ་ལྡོག་སྟེ། དེ་ལྟར་ན་སྣང་བ་
དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་ཤེས་པ་དང་། ས་དང་ཕ་རོལ་ཏུ་ཕྱིན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་ཕན་པས་ཐམས་ཅད་སྤྱོད་པ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །རབ་ཏུ་དག་པའི་ས་ལ་གང་
ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པ་ནས་བདག་དང་བདག་གིར་མངོན་པར་ཆགས་པའི་དངོས་པོ་མེད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བཟུང་བ་ཡོངས་སུ་སྤངས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དྲི་མ་མེད་
པར་ནི་གཉིས་ཀྱི་དྲི་མ་སྤོང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །འོད་བྱེད་དུ་ནི་གཉིས་ཀྱིས་འཁྲུགས་པ་མེད་པའི་ཕྱིར་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །འོད་འཕྲོ་བ་ནི་གཉིས་སུ་མེད་པའི་ཆོས་ལ་ཤེས་རབ་ཀྱིས་དཔྱོད་པར་སྤྲོ་
བའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཤིན་ཏུ་དཀའ་རྒྱལ་དུ་ནི་རྒྱལ་བར་དཀའ་བའི་ཉོན་མོངས་པ་རྣམས་ལས་རྒྱལ་བར་བྱེད་དེ་གང་ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་རོ། །མངོན་པར་མཐུན་
པ་དང་མི་མཐུན་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལ་ཟབ་མོ་ཤེས་རབ་ཀྱིས་དཔྱོད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འགྱུར་རོ། །རིང་དུ་སོང་བར་ནི་འཕགས་པའི་བདེན་པ་བཞི་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྟོགས་ཤིང་ཁམས་གསུམ་གྱི་
Vol. 121 · folio 244b
འདོད་ཆགས་དང་བྲལ་བ་ཤེས་རབ་དང་སྙིང་རྗེ་ལྡན་པའི་ཕྱིར་གཞན་གྱི་དོན་དུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་རོ། །མི་གཡོ་བར་ནི་འཛིན་པ་དང་། གཟུང་བ་དང་། བྱ་བ་དང་། བྱེད་པ་དང་། བརྗོད་པ་དང་། རྗོད་པར་བྲལ་ཞིང་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་
མི་རྟོག་པའི་སྒྱུ་མ་དང་འདྲ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྟོག་པར་བྱེད་ཅིང་གཉིས་ཀྱི་རྣམ་པས་སྟོང་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ན་ཐམས་ཅད་མཁྱེན་པ་རྣམས་ཀྱིས་གཞན་གྱི་དོན་དུ་འགོག་པ་ལ་སྙོམས་པར་འཇུག་པ་ལྟ་བུ་ལས་སངས་པར་མཛད་དེ། སྨོན་ལམ་
གྱི་རྗེས་སུ་དྲན་པའི་ཕྱིར་དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ལེགས་པའི་བློ་གྲོས་སུ་ནི་ཆོས་དང་དོན་དང་། ངེས་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་སེམས་ཅན་མཐའ་དག་གི་བསམ་པ་དང་བག་ལ་ཉལ་བ་ཤེས་ཤིང་
ཆོས་སྨྲ་བ་པོ་སྟོབས་དང་ལྡན་པའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཀྱི་སྤྲིན་དུ་ནི་ས་བཅུ་པོར་སྤང་བར་བྱ་བའི་ཉོན་མོངས་པ་མེད་པའི་མི་ཤེས་པ་སྤངས་པས་དར་ལས་གཡོགས་པ་ལྟ་བུར་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་སྣང་
ངོ་། །ཐམས་ཅད་མཁྱེན་པ་ལ་ནི་སྒྲིབ་པ་མེད་པ་ཉིད་དེ་ཁྱད་པར་རོ། །ཉོན་མོངས་པ་དང་ཉོན་མོངས་པ་མེད་པའི་མི་ཤེས་པའི་རྒྱུད་ཐམས་ཅད་རྩ་བ་ནས་ཕྱུང་བ་མཆོག་ཏུ་ཡོངས་སུ་དག་པའི་འདོད་ཆགས་དང་བྲལ་བ་ཤེས་བྱའི་སྒྲིབ་པ་སྤངས་པ། ཐམས་ཅད་མཁྱེན་པའི་
ཡེ་ཤེས་ཀྱི་རྣལ་འབྱོར་གྱི་དབང་པོ། །གཟུགས་སྣ་ཚོགས་ཀྱི་ཆོ་འཕྲུལ་གྱིས་མཐའ་ཡས་པའི་སེམས་ཅན་གྱི་རྒྱུད་རངས་པར་མཛད་པའི་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་གཞལ་དུ་མེད་པ་རྒྱུ་དང་འབྲས་བུས་རྒྱས་པ་རྣམས་ཀྱི་སའོ། །དེར་
ཐམས་ཅད་མཁྱེན་པ་རྣམས་བཞུགས་ནས་ས་བཅུའི་རྒྱལ་ཚབ་ཀྱི་དབང་པོ་རྣམས་ལ་ཆོས་ཀྱི་སྤྲིན་གྱི་དབང་བསྐུར་བར་མཛད་དེ། དེར་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འགྱུར། ཆོས་ལྔ་དང་བདག་མེད་པ་ཡོངས་སུ་ཤེས་ནས་དེ་ལྟར་སའི་གོ་རིམས་སུ་མཚམས་སྦྱོར་བ་ནི་
Vol. 121 · folio 245a
འཕགས་པ་ས་བཅུ་པར་རྒྱས་པར་བཤད་པའོ། །ཆོས་ལྔ་པོ་ནི་ལན་མང་པོར་བཤད་པས་ན་ད་ནི་དེ་དག་ལ་བདག་མེད་པར་བཤད་པར་བྱ་སྟེ། མིང་དང་མཚན་མ་དང་། རྟོག་པ་རྣམས་ནི་གཉིས་ཀྱི་རྣམ་པའི་ཕྱིར་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་མ་
སྐྱེས་པ་སྟེ། དེ་དག་ནི་བརྟགས་པ་དང་གཞན་གྱི་དབང་དུ་བསྡུའོ། །ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་གྲུབ་པར་བསྡུའོ། །མདོར་བསྡུས་ན་ནི་ཀུན་ནས་ཉོན་མོངས་པ་དང་ཡོངས་སུ་དག་པའི་ཆོས་ཐམས་ཅད་ནི་བརྟགས་པ་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་
པའི་ནང་དུ་གཏོགས་སོ། །དེ་དག་དབྱེ་ན་ནི་ཆོས་ལྔ་ཡོངས་སུ་བཟུང་བ་སྟེ། མིང་དང་མཚན་མ་དང་ཡོངས་སུ་རྟོག་པའོ། །ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་ཏེ་སྣང་བ་དང་བཅས་པ་ལ་ཡེ་ཤེས་འཇུག་ཅིང་སྒྲོ་འདོགས་པ་ནི་མཚན་མའོ། །རྣམ་པ་དེ་ལྟ་བུ་གཟུགས་ལ་མཛེས་པ་
དང་མི་མཛེས་པར་རྟོག་པ་ནི་ཆོས་ལྔའི་ནང་དུ་གཏོགས་པའི་རྣམ་པར་རྟོག་པའི་ཁྱད་པར་རོ། །གསུམ་གྱི་ནང་དུ་གཏོགས་པའི་བརྟགས་པ་ནི་རྟག་པ་དང་། བདག་དང་རྡུལ་ཕྲ་མོའི་རྫས་ལ་སོགས་པ་རྣམ་པར་རྟོག་པའི་ཡུལ་མེད་དེ། མོ་གཤམ་གྱི་བུ་ལ་སོགས་པ་རྣམ་
པར་རྟོག་པ་བཞིན་ནོ། །སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་ཙམ་གྱི་ཡུལ་གྱི་དེ་གཉིས་ཀྱི་ཁྱད་པར་ཕྱེ་བའོ། །ཡང་དག་པའི་ཡེ་ཤེས་ནི་ཤེས་རབ་ཀྱིས་དཔྱད་དེ། ཡང་དག་པར་ལྟ་བ་ལ་སོགས་པར་ལམ་གྱི་མཚན་ཉིད་དོ། །དེ་བཞིན་ཉིད་ནི་གཉིས་ཀྱི་རྣམ་པའི་བསླད་པ་
འགོག་པའི་མཚན་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤེས་གྲུབ་པའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནི་རབ་ཏུ་ཕྱེ་སྟེ་བཤད་པར་མཛད། བཙུན་གཙོ་འཕགས་པ་བྱམས་པས་དབུས་མཐའ་རྣམ་པར་འབྱེད་པ་ལས་ནི་རབ་ཏུ་ཕྱེ་བ་བསྡུས་ཏེ་འཆད་པའོ། །ཐམས་ཅད་
མཁྱེན་པས་ཞིབ་ཏུ་འཆད་པ་ནི་ཇི་ལྟར་སྔ་མའི་ལེའུ་ལས་འབྱུང་བ། ཀུན་དུ་བརྟགས་པ་རྣམ་བཅུ་སྟེ། །གཞན་གྱི་དབང་ནི་རྣམ་པ་དྲུག །གྲུབ་པ་ལ་ནི་དབྱེ་བ་མེད། །ཅེས་བྱ་བ་ལ་སོགས་པ་སྟེ། གཟུགས་ནི་དབང་པོ་ལྔ་རྣམས་དོན། །ཞེས་པར་རྣམ་པ་བཅུར་དགོངས་པའི་
Vol. 121 · folio 245b
དོན་དུ་བརྟག་གོ། །མིག་ལ་སོགས་པའི་ཡེ་ཤེས་པ་དྲུག་ནི་གཞན་གྱི་དབང་རྣམ་པ་དྲུག་གོ། །གྲུབ་པ་དབྱེར་མེད་པ་ནི་བསམ་པ་མེད་པ། སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ལ་འཛིན་པ་དང་། གཟུང་བ་དང་། བྱ་བ་དང་། བྱེད་པ་དང་། སྐྱེད་པ་དང་།
བསྐྱེད་པ་དང་། རྗོད་པ་དང་། བརྗོད་པ་དང་། དངོས་པོ་དང་། དངོས་པོ་མེད་པ་གཉིས་སུ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །གཉིས་སུ་མེད་པ་ལ་ནི་རིག་པར་བྱ་བ་དང་། རིག་པའི་དངོས་པོར་བདག་ཉིད་དུ་ཡང་མི་རྟོགས་ན། དབྱེ་བའི་རྣམ་པ་གང་གིས་འཛིན་པ་
དང་། །གཟུང་བའི་རྣམ་པ་དེ་ལ་གཉིས་ཀྱི་རྣམ་པར་འགྱུར་བའི་འབྱེད་པ་འཇུག་པ་ལྟ་ཅི་ཞིག་སྨོས་ཏེ། དེ་ལྟ་བུར་ཆོས་ལྔ་དང་བདག་མེད་པ་ཡོངས་སུ་ཤེས་པ་དང་། ས་བཅུ་རྟོགས་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་པས་
གཉིས་སུ་མེད་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་རོ། །དེས་ན་འཁོར་བ་རྣམས་ཀྱི་ཀུན་གཞི་རྣམ་པར་ཤེས་པ་འཇུག་པ་དང་རྣལ་འབྱོར་པ་རྣམས་ཀྱི་གཉིས་ཀྱི་རྣམ་པ་ལྡོག་པ་སྟེ། དབང་ཐོབ་པ་ན་ཉོན་མོངས་པ་གཉིས་ཀྱི་རྣམ་པ་ལྡོག་གོ། །འཕགས་པ་
ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་ལས་དེ་བཞིན་གཤེགས་པའི་སྙིང་པོ་དཔྱད་པ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་གསོལ་བ་བཏབ་
པ་ལ། བདག་མེད་པ་གཉིས་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། མིང་དང་མཚན་མ་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པ་བདག་གི་
སོ་སོ་རང་གིས་རིག་པ་ལ་འཇུག་པ་དང་། དེ་ལ་བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ནི་གང་དག་གིས་མིང་དུ་བརྗོད་ཅིང་འདི་ནི་གླང་པོ་དང་། རྟ་དང་། ཤིང་རྟ་དང་། རྐང་ཐང་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པ་ཡིན་ཏེ། དེ་དེ་བཞིན་དུ་འདི་ནི་གཞན་དུ་མ་ཡིན་ནོ་ཞེས་
Vol. 121 · folio 246a
མཚན་མ་གསལ་བར་བྱེད་པ་དེ་ནི་རྣམ་པར་རྟོག་པའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་ནི་གང་གིས་མིང་དང་། མཚན་མ་མི་དམིགས་ཤིང་ཕན་ཚུན་གློ་བུར་དུ་བྱུང་བའི་ཕྱིར་རྣམ་པར་ཤེས་པ་མི་འཇུག་པ་རྟག་པ་མེད་པ་དང་ཆད་པ་མེད་པའི་ཕྱིར་མུ་
སྟེགས་བྱེད་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་མི་བྱེད་པས་ཡང་དག་པའི་ཡེ་ཤེས་ཞེས་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིང་དངོས་པོར་མི་བྱེད། མཚན་མ་དངོས་པོར་མི་
བྱེད་དོ། །སྒྲོ་འདོགས་པ་དང་སྐུར་པའི་མཐའ་གཉིས་སུ་ངན་པར་ལྟ་བ་རྣམ་པར་སྤངས་པ་མིང་དང་མཚན་མའི་དོན་མི་འཇུག་པར་ཤེས་པ་དེ་ལྟ་བུ་ནི་དེ་བཞིན་ཉིད་འདི་ཡིན་པར་བཤད་དོ། །བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་སྣང་བ་མེད་པའི་རྟོགས་པའི་སྤྱོད་ཡུལ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་སྟེ། དེས་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དང་ངན་སོང་གི་འགྲོ་བ་ཐམས་ཅད་རྣམ་པར་ལོག་པ་ཡིན་ཏེ་ཞེས་བྱ་བ་ནི་སེམས་
མཉམ་པར་མི་འཇོག་པའི་མ་རིག་པས་གཡེངས་ཏེ། གང་གིས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱི་མིང་དུ་བརྗོད་པ་སྟེ། དེ་ནི་མིང་དུ་འཛིན་པའོ། །གཟུགས་སྔོན་པོ་ལ་སོགས་པར་འཛིན་པ་ནི་དེའི་འཁྲུལ་པའི་མཚན་མའོ། །གང་གིས་བུད་
མེད་དང་སྐྱེས་པ་ལ་སོགས་པ་མཛེས་པ་དང་མི་མཛེས་པའི་མཚན་མ་འཛིན་པ་ནི་རྣམ་པར་རྟོག་གོ། །དེ་ལྟར་འཁྲུལ་པའི་སེམས་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་སྒྲོ་བཏགས་པའི་གཉིས་ཀྱི་རྣམ་པའི་གཞན་གྱི་དབང་ལ་ཡང་མིང་དང་། མཚན་མ་དང་། རྣམ་པར་རྟོག་པའི་ཆོས་
སུ་འབྱེད་པ་རྣམས་ནི་འཁོར་བ་ལ་ཡོད་དོ། །ཡང་དག་པའི་ཡེ་ཤེས་དེ་ནི་གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དེ་བཞིན་ཉིད་ལ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་རབ་ཏུ་
Vol. 121 · folio 246b
དགའ་བ་ཐོབ་སྟེ་ཞེས་པ་ནི་ཆོས་ལ་བདག་མེད་པ་འདི་ཡོངས་སུ་ཤེས་པའི་ཕྱིར་ཞེས་བྱ་བ་སྟེ། ཐམས་ཅད་མཁྱེན་པ་བདག་ཉིད་ཀྱིས་གསལ་བར་བཤད་པའོ། །དེས་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་ནས་མུ་སྟེགས་ཅན་དང་ངན་སོང་གི་འགྲོ་བ་ཐམས་ཅད་ལས་རྣམ་པར་
ལོག་པ་ཡིན་ཏེ་ཞེས་པ་ནི་མུ་སྟེགས་ཅན་རྣམས་རྟག་པ་དང་། གཅིག་པ་དང་། བདག་དང་། བདག་གི་དང་། ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པས་ཆོས་དང་གང་ཟག་ལ་བདག་མེད་པར་ཐར་པའི་རྒྱུ་མི་ཤེས་ཏེ་རྟག་པའི་བདག་ཏུ་ཆགས་པའི་ཕྱིར། །ཚུལ་ཁྲིམས་དང་བརྟུལ་
ཞུགས་སྙེམས་པས་སྲེད་པའི་མེར་ཕྱེ་མ་ལེབ་བཞིན་དུ་ལྟུང་ངོ་། །ཇི་ལྟར་རྡོ་རྗེ་ཕྲེང་བ་ལས་གསུངས་པ། གྲང་བ་དང་། ཚ་བ་དང་། ཐལ་བ་དང་། དྲི་མ་འཛིན་པ་ལ་སོགས་པར་ཐར་པ་ལ་ནོར་པར་ལྟ་བས་གཞན་དག་ཀྱང་ལོག་པའི་ཤེས་པ་སྦྱོར་བར་བྱེད་པའོ། །ཡང་བློ་གྲོས་
ཆེན་པོས་གསོལ་པ། བཅོམ་ལྡན་འདས་རང་བཞིན་གསུམ་པོ་ཆོས་ལྔའི་ནང་དུ་འདུས་སམ། འོན་ཏེ་རང་གི་མཚན་དུ་གྲུབ་པའམ། ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ཉིད་ཀྱི་ནང་དུ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་
དང་། བདག་མེད་པ་གཉིས་ཀྱང་འདུས་སོ། །དེ་ལ་མིང་དང་མཚན་མ་ནི་ཡོངས་སུ་བརྟགས་པའི་མཚན་ཉིད་དུ་ཤེས་པར་བྱའོ། །གང་ཡང་བློ་གྲོས་ཆེན་པོ་དེ་ལ་གནས་ཤིང་ཞུགས་པའི་རྣམ་པར་རྟོག་པ་སེམས་དང་སེམས་ལས་བྱུང་བ་ཞེས་བསྒྲགས་པ་ཉི་མ་དང་འོད་ཟེར་
ལྷན་ཅིག་བཞིན་དུ་དུས་གཅིག་ཏུ་བྱུང་བ་སྣ་ཚོགས་ཀྱི་མཚན་ཉིད་རང་གི་རྣམ་པར་རྟོག་པ་ཁོང་དུ་ཆུད་པར་བྱེད་པའི་རང་བཞིན་ནི་བློ་གྲོས་ཆེན་པོ་གཞན་གྱི་དབང་ཞེས་བྱའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་མི་འཇིག་པའི་ཕྱིར་རང་བཞིན་ཡོངས་སུ་གྲུབ་
པར་ཤེས་པར་བྱའོ་ཞེས་བྱ་བ་ལ། མཚན་ནི་དབྱིབས་ཏེ། བུད་མེད་དང་སྐྱེས་པ་ལ་སོགས་པའི་གཟུགས་སོ། །དེ་ལ་མིང་ནི་གདོས་པ་ཞེས་སམ་གོ་ཆ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལ་རྣམ་པར་རྟོག་པ་ནི་སེམས་དང་སེམས་ལས་བྱུང་བ་འདུས་པའི་གཞན་གྱི་དབང་
Vol. 121 · folio 247a
སྟེ། རྒྱུ་དང་རྐྱེན་གྱིས་བྱས་པ་ནི་སྔར་བཤད་པ་ལྟ་བུ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ཅིང་། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པར་རོ། །གསུམ་གྱི་ནང་དུ་གཏོགས་པའི་བརྟགས་པ་ནི་ཡུལ་མེད་པ་སྟེ། ཇི་ལྟར་གསུངས་པ། བརྟགས་པ་
ནི་ཡི་རང་བཞིན་གྱིས། །དངོས་པོ་ཐམས་ཅད་མ་སྐྱེས་ཏེ། །གཞན་དབང་ལ་ནི་བརྟེན་ནས་སུ། །མི་རྣམས་རྣམ་པར་རྟོག་པ་སྐྱེ། །གང་ཚེ་གཞན་དབང་རྣམ་རྟོག་གི །རྣམ་པར་སྤངས་ཏེ་དག་པ་ནི། །གྲུབ་པ་དེ་བཞིན་ཉིད་ཅེས་བྱ། །མདོ་སྡེ་མདོ་སྡེར་ངས་བསྟན་ཏོ། །ཡང་
དག་པའི་ཡེ་ཤེས་དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པའི་རང་བཞིན་མི་འཇིག་པ་ཞེས་པ་ནི་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་པ་ན་མི་དམིགས་པ་དེ་ནི་ཡང་དག་པའི་ཡེ་ཤེས་ཀྱི་མིང་དང་མཚན་མ་དང་། རྣམ་པར་རྟོག་པ་རྣམས་ཀྱི་རྗེས་སུ་མི་དམིགས་
པའི་ཕྱིར་དེ་བཞིན་ཉིད་ལ་གནས་པ་སྟེ། ཡོངས་སུ་གྲུབ་པའི་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་བཞིན་དུ་གློ་བུར་གྱི་རྣམ་པ་དང་བྲལ་བ་མི་གཉིས་པ་དུས་ཐམས་ཅད་དུ་གནས་སོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་བདུན་ནི་
སྐད་ཅིག་པ་རྣམས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་སྐད་ཅིག་པ་འབྲེལ་པའི་རྟག་པས་རྟག་པ་སྟེ། གསེར་རིན་པོ་ཆེ་ལ་སོགས་པ་བཞིན་དུ་ཡོངས་སུ་གྲུབ་པའི་རང་བཞིན་རྣམ་པར་དག་པ་ཡིན་པར་རིག་པར་བྱའོ། །ཇི་ལྟར་མི་འཇིག་པའི་ཕྱིར་
ཞེ་ན། དུས་ཐམས་ཅད་ཀྱི་ཕྱིར་ཏེ། འཁོར་བའི་དུས་སུ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་དུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཞེས་བྱ་བར་ལན་དུ་མར་བཤད་པ་ཡིན་ཏེ། མཉམ་པར་
མི་འཇོག་པའི་མ་རིག་པས་བདག་དང་བདག་གིར་ཆགས་པས་འཁོར་བར་འཇུག་གོ། །བདག་དང་བདག་གིར་འཛིན་པ་རྣམས་གཉིས་ཞི་བས་བདག་མེད་པ་གཉིས་སྐྱེའོ། །བློ་གྲོས་ཆེན་པོ་ཆོས་ལྔ་པོ་འདི་རྣམས་ཀྱི་ནང་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། ས་རྣམ་
Vol. 121 · folio 247b
པར་དབྱེ་བའི་མཚམས་སྦྱར་བ་དང་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྣང་བ་དང་བཅས་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པས་སའི་མཚམས་སྦྱོར་བར་བཤད་དོ། །ཐེག་པ་ཆེན་པོར་བསྡུས་པའི་ཚིགས་བཅད་ནི། ཆོས་ལྔ་དག་དང་རང་བཞིན་དང་། །
རྣམ་ཤེས་བརྒྱད་པོ་ཉིད་དག་དང་། །བདག་མེད་རྣམ་པ་གཉིས་པོར་ནི། །ཐེག་ཆེན་ཐམས་ཅད་འདུས་པ་ཡིན། །ཞེས་བྱ་བ་ལས་ཆོས་ལྔ་ནི་མདོ་སྡེ་བརྩམས་ནས་ལན་དུ་མར་བཤད་མོད་ཀྱི། འོན་ཀྱང་ཇི་ལྟར་ཐམས་ཅད་མཁྱེན་པས་མཚན་མ་དང་། གཟུགས་དང་།
དབྱིབས་སུ་བསྟན་པ་དེ་ལྟར་བཤད་པར་སྦྱར་བར་བྱ་སྟེ། བསླད་པའི་མཐུས་མགོ་འཁོར་བ་དང་བརྒྱལ་བ་ལ་སོགས་པ་བཞིན་དུ་སྣང་བ་སྟེ། དེ་ལ་མིང་ནི་གདོས་པ་དང་གོ་ཆ་ཞེས་བྱའོ། །གང་གིས་ཡི་གེ་དང་། ཚིག་དང་། བརྗོད་པའི་མཚན་ཉིད་རྗོད་ཅིང་སེམས་
དང་སེམས་ལས་བྱུང་བའི་ཚོགས་དེ་ནི་རྣམ་པར་རྟོག་པའོ། །ཤེས་རབ་ཀྱིས་དཔྱོད་པའི་ཡང་དག་པའི་ཡེ་ཤེས་ཀྱིས་གང་གི་ཚེ་སྦོམ་པོ་དང་ཕྲ་མོའི་མཚན་མ་མི་དམིགས་པ་དེའི་ཚེ། མིང་དང་རྣམ་པར་རྟོག་པ་མེད་ཅིང་གཉིས་ཀྱི་རྣམ་པར་བསླད་པ་དང་བྲལ་བ་རང་བཞིན་
གྱིས་འོད་གསལ་བ་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་གསེར་ལ་སོགས་པ་བཞིན་རྟག་པར་གནས་སོ། །རང་བཞིན་ནི་ཆོས་ཀྱི་དབྱིངས་ཏེ། སྲིད་པ་དང་ཐར་པའི་གནས་དེ་བཞིན་གཤེགས་པའི་སྙིང་པོའོ། །རྣམ་གྲངས་སུ་ཀུན་གཞི་ཞེས་བྱ་བ་སྟེ། དེ་གཏོགས་
པར་རྣམ་པར་ཤེས་པ་བརྒྱད་པོ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་བདུན་ནོ། །བདག་མེད་པ་གཉིས་པ་གཉིས་ནི་ཆོས་ལ་བདག་མེད་པ་དང་། གང་ཟག་ལ་བདག་མེད་པའོ། །ཆོས་ལ་བདག་མེད་པ་ནི་གཟུགས་ལ་སོགས་
པའི་ཆོས་ཀྱི་དངོས་པོ་མེད་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་སོ། །གང་ཟག་ལ་བདག་མེད་པ་ནི་གང་སྐད་ཅིག་པ་ཡིན་པ་དེ་ཐམས་ཅད་སེ་གོལ་གྱི་སྒྲ་དང་། འབབ་ཆུ་ལ་སོགས་པ་ལྟ་བུར་བདག་དང་གང་ཟག་ལ་སོགས་པར་བརྟགས་པའི་རྟག་པ་མེད་དོ། །མ་
Vol. 121 · folio 248a
སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ཏེ། རྟག་པ་ནི་རིམ་དང་། ཅིག་ཅར་གྱི་དོན་བྱེད་པར་འགལ་བའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །དེས་ན་སྐད་ཅིག་པ་མ་ཡིན་པ་ཅིའང་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་སེ་གོལ་གྱི་
སྒྲ་ལ་སོགས་པ་མ་གཏོགས་པར་གསེར་ལ་སོགས་པ་བཞིན་དུ་སྐད་ཅིག་མ་གཞན་དུ་མཚམས་སྦྱོར་བས་རྟག་པར་དགོངས་པའོ། །ཐམས་ཅད་མཁྱེན་པས་དགོངས་པ་ངེས་པར་འགྲེལ་པའི་ངེས་པའི་དོན་གྱི་ཚུལ་དུ་གསུངས་པ་ནི། མིང་དང་མཚན་མ་ཀུན་རྟོག་པ། །རང་བཞིན་
གཉིས་ཀྱི་མཚན་ཉིད་དེ། །ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་པ་སྟེ། གསུམ་གྱི་ནང་དུ་ལྔ་བསྡུ་བ་ནི་མིང་དང་། མཚན་མ་དང་། ཀུན་དུ་རྟོག་པ་རྣམས་བརྟགས་པ་དང་། གཞན་གྱི་དབང་རང་བཞིན་གཉིས་ཀྱི་མཚན་ཉིད་དོ། །ཡང་
དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། ཡོངས་སུ་གྲུབ་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་ཆོས་ལྔ་དཔྱད་པ་
གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །གང་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་བསྟན་པ་བརྗོད་པ་ལས་དེ་བཞིན་གཤེགས་པ་འདས་པ་དང་། མ་བྱོན་པ་དང་།
ད་ལྟར་གྱི་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ་ཞེས་གསུངས་ན་ཞེས་བྱ་བ་ལ་སོགས་པ་ལ། བློ་གྲོས་ཆེན་པོས་ཅིར་དགོངས་ཤེ་ན། བྱེ་མའི་རྣམས་ལ་ནི་ཚད་ཡོད་ཀྱི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ལ་ཚད་མེད་དོ་ཞེས་དེ་ལྟ་བུར་གསོལ་པ་ལ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། སྒྲ་ཇི་བཞིན་གྱི་དོན་དུ་གཟུང་བར་མི་བྱ་སྟེ་ཞེས་སོ། །སྐྱི་བུང་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་ཐོབ་པར་བྱ་བ་སླ་བའི་ཕྱིར་དཔེ་ཙམ་དུ་མང་པོ་གཞག་པར་གསུངས་སོ། །ཨུ་དུམ་ཝཱ་རའི་མེ་ཏོག་གི་དཔེས་ནི་རབ་ཏུ་དང་བ་རྣམས་ལ་ཐོབ་དཀའ་
Vol. 121 · folio 248b
བར་གསུངས་སོ། །དེས་ན་སྒྲ་ཇི་བཞིན་དུ་གཟུང་བར་བྱ་སྟེ། དོན་གྱི་རྗེས་སུ་འབྲང་བར་བྱའི། ཡི་གེའི་རྗེས་སུ་འབྲང་བར་མི་བྱ་ཞེས་སོ། །སེམས་ཅན་གྱི་བསམ་པ་དུ་མ་ལ་ཐབས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པས་བཤད་པའི་ཆོས་རྣམས་ནི་དགོངས་པའི་དོན་ཐ་དད་
པ་དུ་མར་འཇུག་གོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་དམ་པའི་ཆོས་ཇི་ལྟ་བུར་རིགས་པ་དེ་ལྟ་བུར་གཟུང་བར་བྱའོ། །གང་གཱའི་ཀླུང་གི་བྱེ་མའི་ཆོས་དང་མཐུན་པར་ཐམས་ཅད་མཁྱེན་པས་སྒྲའི་དོན་དུ་མ་སྟོན་པར་མཛད་པ་ནི་སངས་རྒྱས་རྣམས་མང་བ་དང་། དག་པ་དང་། མི་
ཟད་པ་དང་། འཁྲུག་པ་མེད་པ་དང་། གཙང་བ་ཁོ་ན་སྟེ། དེ་ལྟར་ན་དབྱངས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་བཞུགས་པའི་ཚིག་གི་དབང་པོ་རྣམས་ཀྱི་དོན་དུ་མའི་སྒྲ་རྣམས་འབྱུང་གི །ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་གཉིས་སུ་མེད་ཅིང་། བསམ་པ་
མེད་ཅིང་སྣང་བ་མེད་པ་ཡང་དག་པར་རིག་པ་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་མི་རྟོག་པར་ནི་མ་ཡིན་ཏེ། དེར་གཉིས་ཀྱི་རྣམ་པར་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་མི་འཇུག་གོ། །སྣང་བ་མེད་ཅིང་གཉིས་སུ་མེད་པ་དེ་ཁོ་ན་ཉིད་དེར་དེ་བཞིན་གཤེགས་པ་རྣམས་
ཀྱིས་གང་གཱའི་ཀླུང་གི་བྱེ་མའི་ཁྱད་པར་དུ་སྣང་བ་དཔེར་འཇོག་པར་མི་མཛད་དོ། །འོན་ཀྱང་བྱིས་པ་རྣམས་ལ་བྱེ་མ་ལ་སོགས་པའི་དཔེ་རྣམས་གསུང་ངོ་། །དེ་བཞིན་གཤེགས་པའི་སྙིང་པོ་སྤྱི་དང་ཁྱད་པར་དུ་དགོངས་པ་ན་མེ་ལྟ་བུར་སེམས་ཅན་ཐམས་ཅད་དེ་བཞིན་
གཤེགས་པའི་སྙིང་པོ་ཅན་ཞེས་གཞག་གོ། །གཉིས་ཀྱི་རྣམ་པ་ལ་ནི་འབྱེད་པའི་ཐ་སྙད་ཡོད་ཀྱི་བརྗོད་དུ་མེད་པས་ན་སྐད་ཅིག་མའི་རྒྱུན་རྣམས་ལ་ནི་མེད་དོ། །དེའི་ཕྱིར་དེ་ལྟར་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་སྤངས་པས་གང་གཱའི་བྱེ་མ་དང་འདྲ་བར་རྣམ་པར་རྟོག་པ་མེད་
པ་སྟེ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དངོས་པོ་དང་དངོས་པོ་མེད་པ་མཉམ་པས་མངོན་པར་རྟོགས་པ་ཞེས་པའོ། །དྲི་མ་དང་བྲལ་བ་ཞེས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་མེད་པའི་ཕྱིར་རོ། །སྟོབས་བཅུ་དང་། མི་
Vol. 121 · folio 249a
འཇིགས་པ་ལ་སོགས་པའི་བཤད་པ་ནི་ཆོས་མངོན་པ་ལས་རྒྱས་པར་རིག་པར་བྱའོ། །གནས་དང་གནས་མ་ཡིན་པའི་སྟོབས་ནི་ཐམས་ཅད་མཁྱེན་པ་རྣམས་ཀྱི་བླང་བ་དང་དོར་བའི་ཡེ་ཤེས་སོ། །འཆི་འཕོ་དང་སྐྱེ་བ་ཤེས་པའི་སྟོབས་ནི་དུས་གསུམ་གྱི་ཡེ་ཤེས་ཀྱི་
སྟོབས་ཏེ་ཞེས་བྱ་བ་ལ་སོགས་པའོ། །མཛའ་བ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་མུ་སྟེགས་ཅན་དང་། ཉན་ཐོས་ཀྱི་སྐྱེ་བོ་རྣམས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་ཏུ་གསུངས་པའི་ཕྱིར་ཡེ་ཤེས་ཀྱི་མཉམ་པ་ཉིད་དོ། །དེ་བཞིན་
གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་སའི་རྡུལ་རྣམས་མེའི་ཁམས་དང་འབྲེལ་ཡང་མི་ཚིག་པ་བཞིན་དུ་ཆོས་ཀྱི་སྐུ་མི་འཇིག་གོ། །དེ་བཞིན་གཤེགས་པའི་འོད་ཟེར་སྣང་བ་ཟད་མེད་པ་ཞེས་བྱ་བ་ནི་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པ་སྤྲོས་པ་རྣམས་ཀྱིས་དོན་གྱི་བྱ་བ་བྱེད་
པའི་ཕྱིར་རོ། །སྲིད་པ་ཐམས་ཅད་དུ་འཇུག་པའི་རྒྱུ་ཆད་པ་ཡིན་པས་ན་འཁོར་བར་འཇུག་པ་ཡང་མེད་ལྡོག་པ་ཡང་མེད་དོ་ཞེས་བྱ་བ་ནི་རྟག་པ་དང་བདག་ཏུ་ཆགས་པ་དང་། ལས་ཀྱི་མཐུ་ལས་སྲིད་པར་འཇུག་པར་འགྱུར། བདག་མེད་པར་འགྱུར། བདག་མེད་པ་གཉིས་
ཡོངས་སུ་ཤེས་པས་དེ་བཞིན་གཤེགས་པ་སྲིད་པར་འཇུག་པ་ནི་ཆད་དོ། །འོ་ན་ལྡོག་པར་ཅིས་ན་མི་འགྱུར། ཐུགས་རྗེས་སེམས་ཅན་གྱི་དོན་དུ་བཞུགས་པའི་ཕྱིར་རོ། །ཆོས་ནི་ལུས་མེད་དེ། ལུས་དང་ལྡན་པ་ལ་འཇིག་པ་ཡོད་ཀྱི་ལུས་དང་མི་ལྡན་པ་ལ་ནི་མ་ཡིན་ནོ་ཞེས་པ་ནི་
རྣམ་པ་དེ་ལྟ་བུའི་གཉིས་སུ་མེད་པའི་ཆུད་པ་ལ་ངེས་པ་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་རང་གི་ངང་གི་སྨོན་ལམ་གྱི་བདེན་པ་མི་འདོར་རོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་མཐའ་དག་ལ་ཕན་པའི་སྨོན་ལམ་གྱི་བདེ་བ་ནི་ཆོས་ཉིད་ཐོག་མར་ཡོངས་
སུ་མཁྱེན་པའི་ཐུགས་རྗེ་ལས་བྱུང་བ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པའི་ཆོས་རྣམས་ལ་སེམས་ཅན་རྣམས་རྟག་པ་དང་། བདག་དང་བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པས་སྡུག་བསྔལ་མྱོང་བ་དེ་དག་ལ་བདག་ཅག་གིས་
Vol. 121 · folio 249b
ཡང་དག་པའི་ཡེ་ཤེས་རབ་ཏུ་ཆུད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའི་ཚེ་ན་གང་སྨོན་ལམ་བཏབ་པ་དེ་ཉིད་སངས་རྒྱས་རྣམས་ཀྱི་རྗེས་སུ་འབྱུང་ངོ་། །དག་པའི་དངོས་པོར་གྱུར་པ་བདག་ཏུ་ཆགས་པ་དང་། འཇུངས་པ་དང་། གཞན་ལ་གནོད་པ་དང་། འདོད་ཆེན་དང་། ཁྲོ་
བ་དང་། གཏི་མུག་དང་། གཡོ་དང་། སྒྱུ་དང་། ལེ་ལོའི་སྐྱོན་དང་བྲལ་བའི་དམ་པ་རྣམས་ལ་ནི་གཞན་ལ་ཕན་པ་མ་གཏོགས་པ་བྱ་བ་གཞན་ཅི་ཡོད། བདག་ཏུ་ཆགས་པ་རྣམས་ལ་ནི་བདག་གི་དོན་དུ་ཡོད་ཀྱི། གང་ལ་བདག་ཏུ་ཆགས་པ་མེད་པ་དེ་ལ་གཞན་གྱི་དོན་
ལེགས་པའི་ཆོས་ཉིད་དུས་ཀུན་དུ་རྣམ་པར་གནས་སོ། །དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། ཉོན་མོངས་པ་སྤངས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པའོ། །གཞན་ལ་ཕན་པ་མཛད་པའི་ཕྱིར་ཡོངས་སུ་མྱ་ངན་
ལས་འདས་པ་མེད་དོ། །སེམས་ཅན་ཐམས་ཅད་ཇི་སྲིད་དུ་ཡོངས་སུ་མྱ་ངན་མ་འདས་པ་དེ་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་རྗེ་ཆེན་པོས་བཞུགས་སོ། །ཆོས་བསྟན་པ་ཐམས་ཅད་ཀྱང་མྱ་ངན་ལས་འདས་པ་འབབ་པའི་རྒྱུན་དུ་མཐུན་པར་འཇུག་པ་སྟེ་ཞེས་པ་ནི་
ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་སྟོན་པས་གང་ཟག་ལ་བདག་མེད་པའི་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་ནོ། །ཆོས་ལ་བདག་མེད་པས་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་ཏེ། ཉེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཡོངས་
སུ་མྱ་ངན་ལས་འདས་པའི་སངས་རྒྱས་ཁོ་ནའོ། །བློ་གྲོས་ཆེན་པོ་གང་གི་སེམས་སྣང་བའི་ཕྱི་རོལ་གྱི་དོན་ཡོངས་སུ་ཤེས་པས་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུན་རྣམ་པར་ལོག་ཅིང་རང་གི་གནས་ཤིན་ཏུ་གྱུར་པའི་ཐར་པ་ཡིན་ཏེ།
བློ་གྲོས་ཆེན་པོ་འཇིག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་དང་། བདག་དང་། གཙང་བ་དང་། བདེ་བའི་དངོས་པོར་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་སྤངས་ན་ཐར་པར་འགྱུར་ཏེ། ལོག་པའི་རྣམ་པར་རྟོག་པའི་རང་གི་གནས་ཤིན་ཏུ་རབ་ཏུ་གྱུར་པ་ནི་ཐར་པ་ཡིན་གྱི། སེམས་
Vol. 121 · folio 250a
འཇིག་པར་འགྱུར་བ་ནི་ཐར་པ་མ་ཡིན་ཏེ། གསེར་གྱི་དྲི་མ་མེད་པ་བཞིན་དུ་ཉོན་མོངས་པ་དང་བྲལ་ན་ཐར་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །འཁོར་བའི་ཐོག་མ་དང་ཐ་མའི་མཐའ་ནི་རྣམ་པར་རྟོག་པའི་ཁྱད་པར་ཏེ། གཉིས་སུ་
མེད་པའི་ཡེ་ཤེས་ནི་ཁྱད་པར་དང་བྲལ་བའོ། །དེར་ནི་ཐོག་མ་དང་། ཐ་མའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་ལ་འཇིག་པ་དང་སྐྱེ་བའི་རྣམ་པར་རྟོག་པ་མེད་དོ། །སྐད་ཅིག་པའི་རྒྱུན་རྟག་པ་ཉིད་མྱོང་དུ་ཟིན་ཡང་བརྗོད་དུ་མེད་པའི་ཕྱིར་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་
བཞུགས་པ་རྣམས་ཀྱི་ཆོས་བསྟན་པ་འབྱུང་ངོ་ཞེས་ལན་གྲངས་མང་པོར་བཤད་པའོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་གང་གཱའི་བྱེ་མ་དང་འདྲ་བར་དེ་བཞིན་གཤེགས་པ་དཔྱད་པ་གསུམ་པའོ།། །།
འཕགས་པ་བློ་གྲོས་ཆེན་པོས་གསོལ་པ་ལ་ཅི་དགོངས་ཤེ་ན། ཁ་ཅིག་ནི་སྐད་ཅིག་པ་གཞན་དུ་ཕྱིར་མཚམས་སྦྱོར་བ་མེད་དེ། སེ་གོལ་གྱི་སྒྲ་ལ་སོགས་པ་ལྟ་བུར་དེ་དག་གསལ་བར་སྐད་ཅིག་པའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སྐད་ཅིག་པར་ཡང་ཡིད་
ཆེས་ན་གང་དག་ཡང་རི་ལ་སོགས་པ་གཟུང་བ་སྣང་བ་རྣམས་སྐད་ཅིག་པ་གཞན་འདྲ་བའི་སེམས་སྐྱེད་པར་བྱེད་པ་དེ་དག་ཐ་དད་མེད་ན་ཇི་ལྟར་སྐད་ཅིག་པར་རྟོགས་པར་འགྱུར་སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པའི་ཐ་སྙད་ཇི་ལྟར་འཇུག་ཅེས་དེ་སྐད་བསྟན་པ་ཀུན་གཞི་དང་
འཇུག་པའི་རྣམ་པར་ཤེས་པ་ལས་དགོངས་ཏེ། དེར་ཐམས་ཅད་མཁྱེན་པའི་ལས་ནི་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་
བྱས་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཟིན་པ་དང་། མ་ཟིན་པ་རྣམས་ཡིན་ཏེ། བློ་གྲོས་ཆེན་པོ་མདོར་ན་ལེན་པའི་ཕུང་པོ་ལྔ་སེམས་
Vol. 121 · folio 250b
དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་སེམས་དང་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་རྒྱས་པའི་སྐྱེ་བོ་རྣམས་ཀྱིས་དགེ་བ་དང་། མི་དགེ་བར་ཡོངས་སུ་བརྟགས་སོ། །ཏིང་ངེ་འཛིན་གྱི་བདེ་བ་དང་། སྙོམས་པར་འཇུག་
པ་རྣམས་ནི་ཞེས་བྱ་བ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་ཟག་པ་སྟེ། དེ་དག་ལ་ནི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམ་པར་གྲོལ་བས་ན་ཟག་པ་མེད་པ་སྟེ། དགེ་བའི་ཆོས་རྣམས་ནི་ཐམས་ཅད་མཁྱེན་པས་གསལ་བར་བཤད་པའོ། །སེམས་
དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བག་ཆགས་བརྟས་པའི་བྱིས་པ་རྣམས་ཀྱིས་མཐོ་རིས་དང་། ངན་སོང་གི་རྒྱུ་དགེ་བ་དང་མི་དགེ་བ་བཅུ་སེམས་ཅན་ལ་ཕན་པ་དང་། གནོད་པའི་མཚན་ཉིད་ཅན་ལ་དགེ་བ་དང་མི་དགེ་བའི་བག་ཆགས་ཡོངས་སུ་སྨིན་པའི་མཐུས་
ཡོངས་སུ་བརྟགས་སོ། །རྨི་ལམ་བཟང་པོ་དང་རྨི་ལམ་ངན་པ་མཐོང་བ་ལྟ་བུར་བདེ་བ་དང་། སྡུག་བསྔལ་རྣམ་པར་སྨིན་པར་སྣང་བས་རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་སོ་སོར་སྣང་ངོ་། །དེ་ལ་སྐད་ཅིག་མའི་བག་ཆགས་ཀྱིས་བསྒོས་པའི་རྣམ་པར་ཤེས་པ་བདུན་རྣམས་འབྱུང་
ངོ་། །དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་ཟག་པ་མེད་པའི་བག་ཆགས་ཀྱིས་བསྒོས་པས་སྐད་ཅིག་པ་མ་ཡིན་ཏེ། སྐད་ཅིག་པ་གཞན་དུ་ཕྱིར་མཚམས་སྦྱོར་བས་རྟག་པ་དང་། ཆད་པ་དང་བྲལ་བ་རྒྱུན་མི་འཆད་པར་རྟག་ཏུ་འབྱུང་ངོ་། །མུ་སྟེགས་
ཅན་དང་། ཉན་ཐོས་ཀྱི་རྟག་པ་དང་མི་རྟག་པར་བརྟགས་པ་རྣམ་པར་གཅད་པའི་ཕྱིར་དེ་སྐད་ཅིག་པ་མ་ཡིན་པར་དགོངས་པའོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། རིགས་ཀྱི་བུ་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བ་འདི་ནི་སྟོན་པས་བརྟགས་པའི་
ཚིག་གོ་ཞེས་འབྱུང་སྟེ། དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་ན་འདུས་མ་བྱས་པའོ། །སྐད་ཅིག་མའི་རྒྱུན་དུ་འབྲེལ་པའི་ཕྱིར་འདུས་བྱས་ཏེ་ལན་དུ་མར་བཤད་པའོ། །ཟག་པ་དང་བཅས་པའི་བག་ཆགས་ཡོངས་སུ་སྨིན་པའི་ཕྱིར་རྣམ་པར་ཤེས་པ་བདུན་ནི་
Vol. 121 · folio 251a
སྐད་ཅིག་པ་རྣམས་སོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་མུ་སྟེགས་ཅན་རྣམས་ཀྱིས་རྗེས་སུ་དཔག་པ་སྟེ། རང་གི་སེམས་སྣང་བ་མ་རྟོགས་པའི་ཕྱིར་ཏེ། འགག་པ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཁ་དོག་དང་། ང་རོད་དང་། དབྱིབས་སུ་ཉེ་བར་སྐྱེ་
བ་ནི་དགེ་བ་དང་། མི་དགེ་བའི་བག་ཆགས་འགག་པར་མ་གྱུར་གྱི་བར་དུའོ། །ནམ་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོ་མི་དམིགས་པ་དེ་ན་ཀུན་གཞི་རྣམ་པར་ཤེས་པ་ཤིན་ཏུ་གྱུར་ཏེ། འདོད་ཆགས་ལ་སོགས་པའི་མཚན་མ་གཟུགས་མཛེས་པ་དང་། མི་
མཛེས་པ་ལ་སོགས་པ་མི་དམིགས་ཏེ། དེའི་ཚེ་ཟག་པ་མེད་ཅིང་རྟག་པའི་བག་ཆགས་ཀྱིས་བསྒོས་པ་མི་འགྱུར་བར་གྲུབ་པས་གྲུབ་པའི་ཕྱིར་མི་ལྡོག་གོ། །རྡོ་རྗེ་དང་གསེར་ལ་སོགས་པ་ལྟ་བུར་རྟག་པ་སྟེ། ལོག་པའི་རྣམ་པར་རྟོག་པ་སྤངས་པས་བསྐལ་པར་
བཞག་ཀྱང་ཟད་པ་མེད་པ་ལྟ་བུ་སྟེ། རྟག་པ་དང་། བདག་དང་གཙང་བའི་དངོས་པོ་ཕྱིན་ཅི་ལོག་པ་རྣམས་ཀྱིས་དེའི་ཕྱིར་ཡང་ཉོན་མོངས་པར་མི་འགྱུར་རོ། །མི་རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་ཆོས་རྣམ་པར་
རྟོག་པས་ཆོས་ཡོངས་སུ་དག་པའི་རྗེས་སུ་འབྲང་བའི་ཐུགས་རྗེ་སྟེ། དེ་ལྟར་ན་ཆོས་སྟོན་པ་ཡང་འབྱུང་ངོ་། །དེས་ན་ཉོན་མོངས་པའི་རྣམ་པར་རྟོག་པ་ནི་སྤང་གི །དགེ་བ་ནི་མ་ཡིན་ཏེ། དེའི་ཕྱིར་སྟོན་པ་དེ་ལ་ཉོན་མོངས་པ་ཀུན་དུ་རྟོག་པ་མེད་དེ། སྒྲིབ་པ་ཟད་པས་འགྲོ་
བ་ལ་ཕན་པ་དང་། རྗེས་སུ་མཐུན་པའི་དགེ་བ་སུས་དགག །ཇི་ལྟར་མདོ་སྡེ་འདིར་གསུངས་པ། མཚན་ཉིད་དང་ནི་བྱ་བ་དང་། །དངོས་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་ཤེས་བཟློག་པ་ན། །ང་ནི་མྱ་ངན་འདས་པའོ། །ཞེས་པ་སྟེ། དེར་ནི་ཐམས་ཅད་མཁྱེན་པས་
ལོག་པའི་རྣམ་པར་རྟོག་པ་སྤོང་བར་དགོངས་པ་སྟེ། གཞན་དུ་ན་གསོལ་པའི་ལན་དུ་ཆོས་སྟོན་པ་ཇི་ལྟར་ན་འབྱུང་། འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་སྐད་ཅིག་མར་འཇིག་པ་དཔྱད་པ་བཞི་པའོ།། །།
Vol. 121 · folio 251b
ཡང་བློ་གྲོས་ཆེན་པོས་གསོལ་པ། གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ན་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ་ཞེས་པ་དེར་ཐམས་ཅད་མཁྱེན་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ཁྱད་པར་རྒྱས་པར་གསུངས་
པ་སྟེ། བདག་དང་བདག་གིར་མངོན་པར་ཆགས་ཏེ། འབྲས་བུ་རེ་བ་ནི་འཇིག་རྟེན་པའི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །འཇིག་རྟེན་ལས་འདས་པ་ནི་ཕྱི་རོལ་དུ་མངོན་པར་ཆགས་ཏེ་འབྲས་བུ་རེ་བར་ཞུགས་པ་ན། འཕགས་པ་ཉན་
ཐོས་རྣམས་ཀྱིའོ། །བློ་གྲོས་ཆེན་པོ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་སྣ་ཚོགས་ཀྱི་བག་ཆགས་ལས་སྐྱེས་པའི་རང་གི་སེམས་སྣང་བའི་
རྣམ་པར་རྟོག་པས་རྟག་པ་དང་། མི་རྟག་པ་དང་། མཛེས་པ་དང་། མི་མཛེས་པ་ལ་སོགས་པར་འཛིན་པ་སྟེ། ཤེས་རབ་ཀྱིས་གཞིགས་པ་ནི་ཕྱི་རོལ་གྱི་དོན་མི་མཐོང་ངོ་། །དེའི་ཕྱིར་དེ་ལྟར་རང་གི་སེམས་གཟུགས་སུ་སྣང་བ་ལ་མཚན་ཉིད་རྣམས་ཀྱི་སྲ་བ་དང་གཤེར་
བ་ལ་སོགས་པའི་མཚན་ཉིད་དུ་དེ་ལྟར་མངོན་པར་ཆགས་པའི་འབྱུང་བ་ཆེན་པོ་རྣམས་ལ་མངོན་པར་ཆགས་པར་མི་བྱེད་དེ། དེ་ལྟར་ཕྱིའི་དོན་དུ་མངོན་པར་ཆགས་པ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྱུང་བར་
འགྱུར་རོ། །སེམས་ཅན་རྣམས་ཀྱི་སྣང་བའི་ཚུལ་ཇི་ལྟ་བ་བཞིན་དུ་དེ་དག་ལས་ཕན་པ་དང་བདེ་བར་འབྱུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཆོས་དང་། ཟང་ཟིང་དང་མི་འཇིགས་པ་རྣམས་ཀྱིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པར་འགྱུར་བ་ནི་བྱང་ཆུབ་སེམས་
དཔའི་ས་རབ་ཏུ་དགའ་བར་ཆོས་དང་གང་ཟག་ལ་བདག་མེད་པ་རྟོགས་ཤིང་ཕྱི་རོལ་གྱི་དོན་དུ་མངོན་པར་ཆགས་པ་མེད་པའི་ཕྱིར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཡང་ཐོབ་པར་འགྱུར་རོ། །ཆོས་དང་གང་ཟག་ལ་
Vol. 121 · folio 252a
བདག་མེད་པར་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། ཇི་ལྟར་ཐམས་ཅད་མཁྱེན་པས་སྐད་ཅིག་འཇིག་ཅིང་ཐོག་མ་དང་ཐ་མའི་མཐའ་སྟོང་པ་རང་བཞིན་གཉིས་ཀྱིས་ཀྱང་སྟོང་ཞིང་བྱ་བ་དང་བྱེད་པ་པོ་དང་འབྲེལ་ཏེ། སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་
པ་ལྷག་པའི་ཆོས་དང་བྲལ་བ་མི་གཉིས་པ་སྐད་ཅིག་མའི་རྒྱུན་དུ་འབྱུང་ཞིང་བརྗོད་དུ་མེད་པར་གསུངས་པའོ། །སྐད་ཅིག་པ་དང་སྐད་ཅིག་པ་མ་ཡིན་པར་རྟག་ན་དགོངས་པ་ངེས་པར་འགྲེལ་པ་ལས། ཇི་ལྟར་འདུས་བྱས་དང་འདུས་མ་བྱས་པར་འབྱུང་བ་དེ་ལྟར་འདིར་ཡང་དགོངས་པ་
ཡོངས་སུ་ཤེས་པར་བྱ་སྟེ། གཞན་དུ་ན་ཆོས་ཉིད་དང་འགལ་བར་འགྱུར་རོ། །དེའི་ཕྱིར་དགོངས་པ་བཤད་པར་བྱ་སྟེ། སྟོང་པ་མི་རྟག་སྐད་ཅིག་པར། །འདུས་བྱས་ལ་ནི་བྱིས་པ་རྟོག །འབབ་ཆུ་མར་མེ་ས་བོན་དཔེས། །སྐད་ཅིག་པ་ཡི་དོན་དུ་རྟོག །ཅེས་པ་སྟེ། འབབ་
ཆུ་དང་ས་བོན་ལ་སོགས་པ་གཉིས་ཀྱི་རྣམ་པ་ཅན་ནི་སྐྱེ་བ་མེད་པ་སྟེ། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་གཞན་གྱི་དབང་ནི་རྣམ་པ་སྣ་ཚོགས་ནོར་པའི་རྣམ་པ་རྣམས་ནི་མེད་པས་ན་དེར་བྱིས་པ་རྣམས་ཀྱིས་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པར་ཅི་ཞིག་རྣམ་པར་
རྟོག་ཅེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །འོན་ཏེ་གཞན་གྱི་དབང་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་རྣམས་ལ་སྐྱེ་བ་མེད་ན་ཡོངས་སུ་གྲུབ་པ་གཞན་ལ་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ཁོ་ན་ཇི་ལྟར་ན་ཡོད་པར་འགྱུར་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་
ཅད་མཁྱེན་པས་བཀའ་སྩལ་པ། བྱེད་པ་མེད་ཅིང་སྐད་ཅིག་པ། །དབེན་པ་མེད་པ་སྤངས་པ་དང་། །ཆོས་རྣམས་སྐྱེ་བ་མེད་པ་ནི། །སྐད་ཅིག་དོན་དུ་ངས་བཤད་དོ། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པ་ལ་ཐམས་ཅད་མཁྱེན་པས་དོན་དམ་པར་སྐད་ཅིག་ཏུ་འཇིག་པར་གྲུབ་པ་སྟེ།
གཉིས་སུ་མེད་པའི་ཡང་དག་པར་རིག་པ་དེ་ལ་གནོད་པ་མེད་ཅིང་རང་བཞིན་གཅིག་པའི་ཕྱིར་ན་ཡོད་དོ། །ཆོས་ཐམས་ཅད་ལ་ནི་བྱེད་པ་མེད། བྱེད་པ་གང་གིས་ཀྱང་སུ་ཡང་མི་བྱེད་དེ། ནམ་སྐད་ཅིག་པ་གཅིག་པ་དེ་ནི་སྐད་ཅིག་པ་གཉིས་པོ་མེད་ན་སུ་ཞིག་བྱ་བ་དང་བྱེད་པ་པོ་དང་
Vol. 121 · folio 252b
མངོན་པར་འབྲེལ་པར་འགྱུར། ཇི་ལྟར་ལུང་སྟོན་པ་པོ་རྣམས་ཀྱི་བྱེད་པ་པོ་ནི་རང་དབང་ཅན་དང་། བྱ་བ་འདོད་པའི་གཙོ་བོ་ནི་ལས་དང་། སྒྲུབ་པའི་མཆོག་ནི་བྱ་བ་ལ་སོགས་པར་རྟོགས་པ་ནི་རྒྱུན་རྟག་པར་བརྟགས་ཏེ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་འདིས་བྱེད་དོ་ཞེས་ནི་རིགས་སོ། །གང་
ཡང་བྱ་བ་དང་བྱེད་པ་པོ་གཉིས་ལས་དབེན་ཞིང་མི་གཉིས་པ་དེ་ནི་བྱ་བ་དང་བྱེད་པ་པོར་འབྱེད་པའི་བྱེད་པ་དང་བྲལ་བས་ན་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་རིམ་གྱི་ཆོས་རྣམས་སྐད་ཅིག་པ་ལ་མེད་དོ། །བདག་མེད་པ་གཉིས་ལ་ཡང་མེད་དེ། ལན་དུ་མར་སྒྲུབ་
པའོ། །དེས་ན་ཆོས་རྣམས་སྐྱེ་བ་མེད་པ་ནི་སྐད་ཅིག་པའི་དོན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི། །བྱུང་བ་མེད་ཅེས་སེང་གེའི་སྒྲ། །དེ་ཉིད་སྒྲུབ་པར་མཛད་པས་ན། །སྐྱེས་མ་ཐག་ཏུ་འཇིག་པར་ནི། །བྱིས་པ་རྣམས་ལ་ང་
མི་འཆད། །དངོས་པོ་རྣམས་ནི་རྣམ་རྟོག་པ། །བར་ཆད་མེད་པར་འགྲོ་བར་གཡོ། །ཞེས་པ་སྟེ། སྐྱེས་མ་ཐག་ཏུ་འཇིག་པའི་སྐད་ཅིག་པ་གཅིག་གི་རིམ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་བྱིས་པ་རྣམས་ལ་མི་འཆད་དོ། །ཇི་ལྟར་ཞེ་ན། སྐྱེ་བ་དང་། གནས་པ་དང་།
རྒ་བ་དང་། མི་རྟག་པའི་ཆོས་རྣམས་ནི་རྒྱུན་དུ་གནས་པ་ལ་འཆད་དོ་ཞེས་དགོངས་པའི་དོན་དུ་བརྟག་གོ། །སེམས་ནི་འབྱུང་བར་བྱེད་པ་ཡི། །རྒྱུ་ནི་མ་རིག་དེ་ཡིན་ཏེ། །ཇི་སྲིད་གཟུགས་དག་མི་ཤེས་པ། །དེ་སྲིད་བར་དུ་དེ་གནས་ཅི། །ཞེས་བྱ་བ་ནི་འདིས་འདི་བྱེད་དོ་
ཞེས་བྱེད་པ་པོར་འབྲེལ་ཏེ་དངོས་པོ་རྣམས་ཀྱི་རིམ་གྲོ་བ་རྣམ་པར་རྟོག་པས་གཡོ་བ་དེ་ནི་སེམས་ཅན་རྣམས་ཀྱི་མ་རིག་པ་སྟེ། བྱེད་པ་པོར་རང་དབང་ཅན་གྱིས་གནས་པའི་ལས་བྱེད་དོ་ཞེས་བྱེད་པ་དང་། བྱེད་པ་པོར་རྟོག་པ་སྟེ། དེ་ལྟ་བུར་རྟག་པ་དང་། བདག་དང་། བྱེད་པ་པོ་
ལ་མངོན་པར་ཆགས་པའི་ཕྱིར་འཁོར་བར་གདགས་སོ། །སྐད་ཅིག་ཏུ་འཇིག་པ་ཡོངས་སུ་ཤེས་པས་ནི་བདག་ཏུ་ཆགས་པ་མེད་པར་འགྱུར། བདག་ཏུ་ཆགས་པ་མེད་ན་ལོངས་སྤྱོད་ཀྱི་དོན་དུ་ལས་མི་བྱེད་དོ། །སེམས་རྣམས་རྣམ་པ་སྣ་ཚོགས་སུ་བསླད་པས་བདེ་བ་
Vol. 121 · folio 253a
དང་། སྡུག་བསྔལ་དུ་འབྱེད་པས་དབྱེ་བ་ན་སྐད་ཅིག་ཏུ་འཇིག་པ་མངོན་སུམ་དུ་གྲུབ་པོ། །དེར་གླེངས་པ། གལ་ཏེ་ཐམས་ཅད་སྐད་ཅིག་ཏུ་འཇིག་ན་དུས་གཞན་དུ་དེ་ཉིད་འདི་ཡིན་ནོ་ཞེས་པར་ཇི་ལྟར་ན་འགྱུར། དེ་ནི་འདྲ་བའི་སྐད་ཅིག་པ་གཞན་འབྱུང་བའི་ཕྱིར་ཤེས་པ་
འཇུག་སྟེ། སྐྲ་དང་རྩྭ་ལ་སོགས་པ་བཅད་ནས་ཡང་སྐྱེ་བ་ལྟ་བུ་ཡིན་གྱི་སེ་གོལ་གྱི་སྒྲ་ལ་སོགས་པ་བཞིན་དུ་འདྲ་བའི་སྐད་ཅིག་པ་གཞན་མཚམས་སྦྱོར་བ་མེད་པར་ཐམས་ཅད་སྐད་ཅིག་པ་མ་ཡིན་ནོ། །དེ་བཞིན་དུ་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ལ་དགོངས་ཏེ་ཐམས་
ཅད་མཁྱེན་པས་མཚམས་སྦྱོར་གནས་སྟོན་པར་མཛད་པ། རྣལ་འབྱོར་ཅན་གྱི་སྙོམས་འཇུག་དང་། །གསེར་དང་རྒྱལ་བའི་རིང་བསྲེལ་དང་། །འོད་སྣང་གནས་ཀྱི་གཞལ་མེད་ཁང་། །འཇིག་རྟེན་རྒྱུ་ཡིས་འཇིག་པ་མེད། །ཅེས་པ་སྟེ། རྒྱུས་བཏབ་པ་སྐད་ཅིག་མའི་རྒྱུན་དུ་
བསྐལ་པར་འཁོར་བར་ཡང་གནས་ཏེ། ཇི་ལྟར་གསེར་དང་། བདེ་བར་གཤེགས་པའི་རིང་བསྲེལ་དང་། རྡོ་རྗེ་རིན་པོ་ཆེ་དང་། འོད་སྣང་བའི་གཞལ་མེད་ཁང་དང་། འགོག་པ་ལ་སྙོམས་པར་འཇུག་པའི་ལུས་ལ་སོགས་པ་བསྐལ་པའི་གནས་བསྟན་ནོ། །ཁ་ཅིག་ནི་སྐད་ཅིག་པ་
གཞན་དུ་སྡོད་པ་མེད་པར་སྐད་ཅིག་པ་དེ་ཉིད་ལ་སེ་གོལ་གྱི་སྒྲ་ལ་སོགས་པ་ལྟ་བུར་རྣམ་པར་འཇིག་གོ། །གནས་པ་རྣམས་དང་ཐོབ་པའི་ཆོས། །སངས་རྒྱས་ཡེ་ཤེས་ཕུན་སུམ་ཚོགས། །དགེ་སློང་ཉིད་དང་ཤེས་ཐོབ་རྣམས། །སྐད་ཅིག་མར་ནི་ཇི་ལྟར་མཐོང་། །ཞེས་བྱ་བ་ནི་ཐམས་
ཅད་མཁྱེན་པས་རྒྱུན་རྟག་པས་རྟག་པ་ཉིད་དུ་དགོངས་པའོ། །གལ་ཏེ་དེ་དག་རྣམས་ཀྱང་སྐད་ཅིག་པ་གཅིག་ཏུ་གནས་སུ་ཟིན་ན་ནི་དེའི་ཚེ་འདོད་ཆགས་དང་བྲལ་བ་ནི་འདོད་ཆགས་དང་མ་བྲལ་བ་ཁོ་ན་དང་། ཐམས་ཅད་མཁྱེན་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པ་ཁོ་ན་དང་དགེ་སློང་ནི་དགེ་
སློང་མ་ཡིན་པ་ཁོ་ནའི་གླགས་སུ་འགྱུར་རོ། །གལ་ཏེ་འདྲི་བའི་སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བ་མེད་པར་འགྱུར་ན་ནི་དེས་ན་སྐད་ཅིག་པའི་རྒྱུན་ཆད་པར་འགྱུར་རོ། །དེའི་ཕྱིར་དགོངས་པས་སྐད་ཅིག་པ་ཁོ་ན་མ་ཡིན་ལ། མུ་སྟེགས་བྱེད་པའི་རྒྱུ་ལྟ་བུར་རྟག་པའི་དངོས་པོར་ཡང་མ་ཡིན་ནོ། །
Vol. 121 · folio 253b
དེ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །སྒྱུ་མ་དྲི་ཟའི་གྲོང་ལ་སོགས། །གཟུགས་རྣམས་ཇི་ལྟར་སྐད་ཅིག་པ། །འབྱུང་བ་མ་ཡིན་གཟུགས་རྣམས་དང་། །འབྱུང་བ་དེ་དག་གང་དུ་སོང་། །ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་སུ་སྣང་བ་རྣམས་དྲི་ཟའི་གྲོང་
ཁྱེར་དང་སྒྱུ་མ་དང་། རྨི་ལམ་ལ་སོགས་པ་སྣང་བ་བཞིན་དུ་གཞན་གྱི་དབང་གི་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་མ་སྐྱེས་པས་ན་དེར་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ཁོ་ནར་ཅི་ཡོད། སྔར་བཤད་པ་བཞིན་རིག་པར་བྱའོ། །དེ་དེ་ལྟར་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པས་རྟག་པ་དང་། བདག་དང་། ཕྱི་
རོལ་གྱི་དོན་དུ་མངོན་པར་ཆགས་པ་མེད་པའི་ཕྱིར་མུ་སྟེགས་བྱེད་དང་། ཉན་ཐོས་རྣམས་ལས་ལྷག་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་པོ། །བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣལ་འབྱོར་དམ་པ་ལ། རྣལ་འབྱོར་པ་ཞེས་བྱ་བ་ནི་མུ་སྟེགས་བྱེད་
དང་ཉན་ཐོས་ཀྱི་རྣལ་འབྱོར་ལ་མཆོག་ཆོས་དང་། གང་ཟག་ལ་བདག་མེད་པ་རྟོགས་པའི་ཕྱིར་སའི་དབང་པོ་རྣམས་རྣལ་འབྱོར་དམ་པ་ལ་རྣལ་འབྱོར་པ་ཡིན་ནོ། །གང་དམིགས་པ་དེ་ཉིད་ལ་རྣམ་པར་རྟོག་པ་མི་འཇུག་པར་སྒོམ་པ་དེ་ནི་ཚུལ་ཁྲིམས་ཏེ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་ཀྱི་དངོས་པོ་
མེད་པས་མཛེས་པ་དང་། མི་མཛེས་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་འཇུག་པའི་ངང་ཚུལ་དུ་བྱེད་དེ། ནམ་ཤེས་རབ་ཀྱིས་དཔྱད་ནས་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ་མི་དམིགས་པ་དེ་ན། གཉིས་སུ་མེད་པ་ཡོངས་སུ་ཤེས་པ་དེ་ཚུལ་ཁྲིམས་ཡིན་ཏེ། དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་
པའོ། །གང་གཟུང་བ་དང་། འཛིན་པ་ཡོངས་སུ་ཤེས་ནས་རྣམ་པར་རྟོག་པ་དེ་ནི་མི་འཇུག་པར་བཟོད་པ་དེ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པའོ་ཞེས་བྱ་བ་ནི་འཛིན་པ་དང་། གཟུང་བ་གཉིས་ཀྱི་རྣམ་པ་སྟོང་པ་ཉིད་ཡོངས་སུ་ཤེས་ནས་རྣམ་པར་རྟོག་པ་མི་འཇུག་པ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པའོ། །
བརྩོན་འགྲུས་གང་གིས་ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་ལ་བརྩོན་པར་བྱེད་ཅིང་རྣལ་འབྱོར་དང་མཐུན་པར་མཐོང་བས་རྣམ་པར་རྟོག་པ་ལྡོག་པའི་ཕྱིར། དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་ནམ་ཤེས་རབ་ཀྱིས་དཔྱོད་པའི་བརྩོན་འགྲུས་ཀྱིས་སྦོམ་པོ་དང་། ཕྲ་མོ་རྣམ་པར་
Vol. 121 · folio 254a
གཞིགས་ཏེ། མི་དམིགས་པ་དེ་ན་རྣམ་པར་རྟོག་པ་འཇུག་པར་མི་འགྱུར་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་རྣམ་པར་རྟོག་པ་བཟློག་པའི་ཕྱིར་མུ་སྟེགས་ཅན་གྱི་མྱ་ངན་ལས་འདས་པར་འཛིན་པར་མི་ལྟུང་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཆོས་དང་
གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་རྟག་པ་དང་། བདག་དང་ཕྱི་རོལ་གྱི་དོན་རྣམ་པར་བཟློག་པའི་ཕྱིར་མུ་སྟེགས་ཅན་གྱི་མངོན་པར་ཆགས་པར་ལྟུང་བར་མི་འགྱུར་བ་དེ་ནི་གཉིས་སུ་མེད་པའི་བསམ་གཏན་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་
རང་གི་སེམས་ཀྱི་རྣམ་པར་རྟོག་པ་མེད་པ་དང་། བློ་རབ་ཏུ་འབྱེད་པའི་བར་དུ་རབ་ཏུ་ཕྱེ་ན་མཐའ་གཉིས་སུ་མི་ལྟུང་ཞིང་གནས་རབ་ཏུ་གྱུར་པ་མངོན་དུ་འགྲོ་བ་མི་འཇིགས་པས་བདག་གི་འཕགས་པ་སོ་སོ་རང་གིས་རིག་པ་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་སྦྱོར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་
རང་གི་སེམས་ཀྱི་རྣམ་པར་རྟོག་པའི་དངོས་པོ་མེད་པར་གྱུར་པ་སྟེ། ནམ་བློ་རབ་ཏུ་འབྱེད་པའི་ཤེས་རབ་ཀྱིས་དཔྱད་དེ། ཕྱི་རོལ་གྱི་དོན་རབ་ཏུ་ཕྱེ་བས་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིག་ཅིང་ཕུང་པོ་ལ་སོགས་པའི་མཚན་ཉིད་དུ་མི་ལྟུང་ཞིང་མི་དམིགས་པ་དེ་ནི་དམིགས་སུ་མེད་པའི་ཚུལ་གྱིས་འཛིན་པ་
དང་གཟུང་བའི་ཤེས་པའི་ལོག་པར་གྱུར་ཏེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་ཅིང་མཚན་མ་མེད་པ་སྟེ། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་
རོལ་ཏུ་ཕྱིན་པ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོག་མར་བྱས་པ་ལས་རབ་ཏུ་ཕྱེ་བ་སྟེ། ས་བཅུའི་དབང་པོ་རྣམས་ཀྱི་བདག་དང་གཞན་ལ་ཕན་པའི་ས་བཅུར་འབྱེད་པ་རྣམས་ཀྱིས་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་དབྱེ་བས་ཕྱེ་བ་ན་སངས་རྒྱས་ཉིད་འཐོབ་པའི་ཕྱིར་འཇུག་
གོ། །དེ་ལྟར་ན་དེས་ཐམས་ཅད་དུ་ཁྱབ་པར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔྱད་པའོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་དྲུག་པ་ལས་ས་དང་ཕ་རོལ་དུ་ཕྱིན་པ་དཔྱད་པ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་
Vol. 121 · folio 254b
འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ་ཞེས་པའོ། །ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་དགྲ་བཅོམ་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་
བཞིན་གཤེགས་པར་འགྱུར་བར་ལུང་བསྟན་ཞེས་བྱ་བ་དེ་ལ་ཅི་དགོངས་ཤེ་ན། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་བས་ན་འདོད་ཆགས་དང་བྲལ་བ་རྣམས་ནི་སངས་རྒྱས་སུ་གདོན་མི་ཟ་ཞེས་སོ། །ཐམས་ཅད་མཁྱེན་པས་ཀྱང་བསམ་པའི་དོན་ལ་གསུང་བར་འགྱུར་བ་ནི་
བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་འདོད་པ་བསལ་བའི་དོན་དུ་ཉན་ཐོས་རྣམས་ལ་སངས་རྒྱས་སུ་དེ་བཞིན་གཤེགས་པར་འགྱུར་བར་ལུང་བསྟན་ཏོ། །དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་པ་ནས་གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་བཅོམ་ལྡན་འདས་ཀྱིས་ཡི་གེ་གཅིག་ཀྱང་མ་གསུངས་མ་བཤད་ཅེས་བྱ་བ་དེར་དགོངས་ཏེ་གསུངས་པའི་དོན་ཐམས་ཅད་མཁྱེན་པས་གསུངས་པ་ནི་ཇི་བཞིན་དུ་སྔོན་གྱི་དེ་བཞིན་གཤེགས་པ་
རྣམས་ཀྱིས་ཆོས་སྟོན་པ་དེ་བཞིན་དུ་ངས་ཀྱང་ཆོས་དེ་ཁོ་ན་ཉིད་བཤད་ཀྱི། སྔར་མེད་པ་ནི་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་དགོངས་པའོ། །དེ་བཞིན་གཤེགས་པ་རྣམས་ནི་རྟག་ཏུ་མཉམ་པར་བཞག་པ་ལགས་ཏེ། མི་རྟོག་མི་དཔྱོད་པར་འཕྲུལ་པ་དག་ཀྱང་སྤྲུལ་ནས་དེ་དག་གིས་དེ་བཞིན་གཤེགས་
པའི་བྱ་བ་མཛད་དེ་རྣམ་པར་ཤེས་པ་རྣམས་ཀྱང་སྐད་ཅིག་མ་གཅིག་ནས་གཅིག་ཏུ་ཐ་དད་པའི་མཚན་ཉིད་དུ་བཤད། ལག་ན་རྡོ་རྗེ་ཡང་ཁོར་མོར་རྟག་ཏུ་ཞམ་འབྲིང་དུ་འབྲང་ཐོག་མའི་མཐར་མི་འདོགས་ལ་མྱ་ངན་ལས་འདས་པར་འདོགས། བདུད་དང་བདུད་ཀྱི་ལས་རྣམས་
དང་། ལས་ཀྱི་རྒྱུ་རྣམས་དང་། བྲམ་ཟེའི་བུ་མོ་ཙཉྩ་དང་། མཛེས་མ་ཀུན་དུ་རྒྱུ་དང་། ལྷུང་བཟེད་བཀྲུས་བཞིན་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་དག་གདའ་ན། བཅོམ་ལྡན་འདས་དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ནོངས་པ་དག་མ་སྤངས་པར་རྣམ་པ་ཐམས་ཅད་
Vol. 121 · folio 255a
མཁྱེན་པ་ཉིད་ཐོབ་ཅེས་བྱ་བར་བསྟན་པ་དེ་དག་ཕན་ཚུན་དུ་འགལ་བ་རྣམས་ཐམས་ཅད་མཁྱེན་པས་སྤངས་པར་གསུངས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། ཕུང་པོ་ལྷག་མ་མ་ལུས་པའི་དབྱིངས་
ལ་ཡང་དགོངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཀྱང་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་ཏེ། བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་དང་། གཞན་དག་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་གང་དག་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་
པ་ཡོད་དེ། དེ་དག་ཉན་ཐོས་ཀྱི་ཐེག་པ་འདོད་པ་ལས་བཟློག་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར་སྤྲུལ་པའི་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་དག་གིས་ལུང་བསྟན་གྱི། ཆོས་ཉིད་ཀྱི་སངས་རྒྱས་རྣམས་ཀྱིས་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་དགོངས་
ནས་ཉན་ཐོས་ལུང་བསྟན་ཏོ། །བློ་གྲོས་ཆེན་པོ་རྣམ་པར་གྲོལ་བ་རོ་གཅིག་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་རྣམས་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ནི་བྱེ་བྲག་མེད་མོད་ཀྱི་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པར་བསྒོམས་པས་
རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བར་ཕྱིན་ཅི་ལོག་ལས་འབྱུང་བའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་སྤོང་སྟེ། འཕགས་པའི་བདེན་པ་བཞི་རྟོགས་པ་ནི་བྱང་ཆུབ་གསུམ་དུ་ཡང་བྱེ་བྲག་མེད་དོ། །གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པས་
ནི་ཉོན་མོངས་པ་སྤོང་ངོ་། །ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པས་ཤེས་བྱའི་སྒྲིབ་པ་སྤངས་ཏེ། ཉོན་མོངས་པའི་སྒྲིབ་པ་དེ་ཡང་མཉམ་པར་མི་འཇོག་པའི་བག་ཆགས་དང་བཅས་ཏེ་སྤངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་
རོ། །བཅོམ་ལྡན་འདས་ཀྱིས་དེ་ཉིད་བསྒྲུབ་པར་མཛད་པ་ཤེས་བྱའི་སྒྲིབ་པ་སྤངས་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་ཤེས་བྱའི་སྒྲིབ་པ་ནི་ཆོས་ལ་བདག་མེད་པ་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་རོ། །ཉོན་མོངས་པའི་སྒྲིབ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་
Vol. 121 · folio 255b
ཕྱིར་གང་ཟག་ལ་བདག་མེད་པ་མཐོང་བ་ལ་བསྒོམ་པ་སྔོན་དུ་འགྲོ་བས་སྤོང་བར་འགྱུར་རོ། །ཆོས་ཀྱི་སྒྲིབ་པ་རྣམ་པར་གྲོལ་བ་དེ་ནི་ཀུན་གཞི་རྣམ་པར་ཤེས་པའི་བག་ཆགས་བཟློག་པའི་ཕྱིར་རྣམ་པར་དག་པར་འགྱུར་རོ། །སྔོན་གྱི་ཆོས་ཀྱི་ལུས་ལ་དགོངས་ཏེ་སྔོན་དང་ཕྱིས་མེད་པ་མི་འབྱུང་བའི་ཕྱིར་
སྔོན་བཤད་པའི་ཡི་གེ་དེ་དག་ཉིད་ཀྱིས་དེ་བཞིན་གཤེགས་པ་མི་རྟོག་མི་དཔྱོད་པར་ཆོས་འཆད་དེ། མཁྱེན་བཞིན་དུ་མཛད་པ་དང་། དྲན་པ་ཉམས་པ་མེད་པ་དང་། མི་རྟོག་མི་དཔྱོད་དོ་ཞེས་པ་སྟེ། དྲན་པ་ཉམས་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་དང་རྫོགས་ལོངས་སྤྱོད་པའི་སྐུ་ལ་བཞུགས་ཏེ་རྣལ་
འབྱོར་པ་རྣམས་ལ་དངོས་པོ་ཆོས་སྟོན་ཅིང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་དོ། །བསླད་པ་ལྟ་བ་དུ་མར་ལྟུང་བ་དང་། ཉོན་མོངས་པས་དཀྲུགས་པ་རྣམས་ལ་སྤྲུལ་པ་རྣམས་ཀྱིས་རྩོད་པ་དང་། ལན་གླན་པ་དང་། མུ་སྟེགས་ཅན་དང་། བདུད་ཕམ་པར་བྱེད་ཅིང་ཐབས་དུ་མར་
ཆོས་སྟོན་ཏོ། །ཉན་ཐོས་རྣམས་ལ་ནི་སངས་རྒྱས་སུ་ལུང་སྟོན་པར་མཛད་དོ། །དེ་བཞིན་གཤེགས་པ་ངོ་བོ་ནི་དོན་དམ་པ་པའི་ཚུལ་ཉིད་སྟོན་ཏོ། །སྤྲུལ་པའི་སྐུ་རྣམས་ཀྱི་ནི་ཤེས་རབ་དང་ཐབས་རྣམས་ཀྱིས་སེམས་ཅན་རྣམས་གཟུང་བའི་ཕྱིར་གོ་རིམས་ཀྱིས་གང་ཟག་ལ་བདག་མེད་པར་བསྟན་ནས་
ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་རབ་ཏུ་འབྱེད་པས་སྐད་ཅིག་ཏུ་འཇིག་པ་ལ་ཞུགས་པ་རྣམས་གཉིས་སུ་མེད་པའི་དོན་དམ་པའི་ཚུལ་ལ་གཟུང་བར་བྱ་བའི་ཕྱིར་སྣོད་དུ་གྱུར་པ་རྣམས་ལ་ཆོས་ལ་བདག་མེད་པ་སྟོན་ཅིང་སེམས་ཅན་གྱི་དོན་རྣམ་པ་མང་པོ་མཛད་དོ། །སེམས་
ཅན་གང་དག་ལ་བདུད་ཀྱལ་ཀ་བྱེད་པའི་རིགས་ཅན་གྱིས་ཆོས་ཀྱི་བར་ཆད་བྱེད་པ་དེ་དག་ལ་བཙུན་གཙོ་འཕགས་པ་ཕྱག་ན་རྡོ་རྗེ་ཆ་ཉེ་བར་གནས་པ་ཡིན་ནོ། །སེམས་ཅན་རྣམས་སྐྱོ་བར་བྱེད་པའི་ལས་ཀྱི་རྒྱུད་རབ་ཏུ་འབྱེད་པ་གསུངས་ཏེ། ཀྱེ་མའོ་འདུ་བྱེད་རྣམས་ནི་མི་རྟག་གོ་ཞེས་རྟོག་
པར་ལོངས་སྤྱོད་ཀྱིས་མོས་པ་ཁ་ཅིག་ཡིད་འབྱུང་བར་འགྱུར་རོ། །ཁ་ཅིག་ནི་རྟག་པའི་བདག་ཏུ་མངོན་པར་ཆགས་པས་སྐད་ཅིག་ཏུ་འཇིག་པ་ཐོས་ཏེ། བདག་མེད་པས་སྐྲག་ཅིང་ཆོས་དང་གང་ཟག་ལ་བདག་མེད་པས་དོན་དམ་པའི་ཚུལ་ལ་མི་འཇུག་པ་དེ་དག་ལ་སེམས་ཀྱི་སྐད་ཅིག་མ་
Vol. 121 · folio 256a
གཅིག་ཏུ་རྒྱུན་རྟག་པས་སྲིད་པ་དང་། ཐར་པའི་གནས་ཀུན་གཞི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་སྟོན་ཏོ། །སེམས་གཅིག་པོ་རྟོག་གོ་ཞེས་བྱེད་པ་པོར་སྨྲ་བར་མངོན་པར་ཆགས་པ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཆུད་པ་ཉིད་སྤྱི་དང་
ཁྱད་པར་དུ་དགོངས་ཏེ། སེམས་ཅན་རྣམས་ལ་ཁྱབ་པ་དང་རྟག་པ་སྟོན་ཏོ། །དེ་དེ་བཞིན་དུ་ཐབས་དུ་མས་སྔགས་ཀྱི་རྒྱུད་དང་། སྤྲུལ་པ་གཏོང་བར་གསུངས་ཀྱང་གཟུགས་རྣམ་པ་སྣ་ཚོགས་ཀྱི་རྣལ་འབྱོར་གྱི་དབང་པོར་གྱུར་པ་སྟོན་ཏོ། །མོས་པ་ཐ་དད་པ་སེམས་ཅན་གྱི་དོན་དུ་སངས་རྒྱས་གར་
མཁན་གྱི་ཐབས་སྣ་ཚོགས་འདི་ནི་བསམ་གྱིས་མི་ཁྱབ་པ་སྟེ། བྲོ་བ་དང་། སྨན་ར་ས་ཡ་ན་དང་། མིག་རྩི་དང་། གཏེར་མི་ཟད་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། ཕུག་དང་གཞལ་མེད་ཁང་དང་། ལོངས་སྤྱོད་རྣམ་པ་དུ་མ་སྦྱིན་པའི་རྣལ་འབྱོར་གྱི་དབང་པོ་རྣམས་སོ། །ལྷུང་བཟེད་བཀྲུས་
བཞིན་དུ་སླར་ཇི་ལྟར་གཤེགས་ཤེ་ན། དེ་ནི་ཆོས་བཅུ་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསོད་ནམས་ཆུང་ཞིང་ཉན་ཐོས་རྣམས་ཀྱི་ཡི་ཆད་པ་བསྩལ་བའི་དོན་དུ་དེ་བཞིན་གཤེགས་པས་གསུངས་པའོ། །དེ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་སྔགས་ཀྱི་ཚུལ་དང་། ཆོ་
འཕྲུལ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་མི་སྣང་བས་སྤང་བར་ནུས་ཀྱང་སྐུར་པ་ལ་བཏང་སྙོམས་མཛད་པ་ནི་བསོད་ནམས་ཆུང་ཞིང་སྐུར་པ་མང་བའི་སེམས་ཅན་རྣམས་ཀྱི་ཡིད་མི་བདེ་བ་བསྩལ་བའི་དོན་དུ་ཙཉྩ་དང་། མཛེས་མ་མུ་སྟེགས་ཀྱིས་སྐུར་པ་ལ་བཏང་སྙོམས་མཛད་དོ། །ལྷ་སྦྱིན་
གྱིས་ཕ་བོང་ལས་ཡར་ཏེ་ཕོག་པ་ལ་བཏང་སྙོམས་སུ་མཛད་པ་ནི་སེམས་ཅན་མང་པོས་སྨན་བྱིན་པའི་བསོད་ནམས་ཀྱི་དོན་དང་། དེ་དུས་གཞན་དུ་སྐྱོ་བར་བྱ་བའི་ཕྱིར་ཏེ། ཆོས་བཅུ་པ་ལས་ལོག་པ་ལྷ་སྦྱིན་ནི་རྣམ་པར་ཐར་པ་ཐོབ་པ་སྟེ། དེ་བཞིན་གཤེགས་པ་ཆེ་བ་ཁོ་ནར་མི་དང་ལྷ་ལ་
སོགས་པའི་སེམས་ཅན་རྣམས་ལ་སྒྲོགས་པར་བྱེད་དོ། །གང་ཡང་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་མི་བདེན་པར་བྱེད་པ་དེ་ནི་དེ་ལྟ་བུར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་བྱ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་བྱང་ཆུབ་བསམ་གྱིས་མི་ཁྱབ་བོ། །དྲན་པ་མཉམ་པ་མེད་པ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words