འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ

Sanskrit title (Tibetan script, as in the text) ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 121 · folio 200a

ཅིང་ཆོས་མངོན་པར་རྟོགས་པའི་མངོན་པར་ཤེས་པ་ལ་རབ་ཏུ་འཇུག་གོ། །འོད་འཕྲོ་བ་ལ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་སྟེ། ཆོས་མངོན་པར་རྟོགས་པའི་སྤྲོ་བ་ལ་རབ་ཏུ་འཇུག་གོ། །ཤིན་ཏུ་དཀའ་རྒྱལ་དུ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་

ཉོན་མོངས་པ་ཡོངས་སུ་ཟད་པར་བྱ་བའི་དོན་དུ་བསམ་གཏན་ལ་སྙོམས་པར་འཇུག་གོ། །མངོན་དུ་སོང་བ་ནི་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་ཕྱེ་ནས་ནམ་མི་དམིགས་པ་དེ་ན་ཟབ་མོའི་ཆོས་ལ་འཇུག་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་ལུགས་དང་ལུགས་

མ་ཡིན་པར་འཇུག་གོ། །རིང་དུ་སོང་བ་ནི་དེ་བཞིན་དུ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ལ་སྙོམས་པར་འཇུག་ཅིང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །མི་གཡོ་བ་ནི་གཞན་གྱི་དོན་དུ་སྨོན་ལམ་

གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཐོག་མ་དང་ཐ་མའི་མཐར་སྟོང་ཞིང་བར་དུ་གཉིས་ཀྱི་རང་བཞིན་གྱིས་སྟོང་པ་རྨི་ལམ་དང་། མིག་འཕྲུལ་ལྟ་བུར་གཉིས་ཀྱི་རྣམ་པར་སྐྱེ་བ་ནི་བྱེད་པ་དང་། བྱེད་པ་པོ་དང་མངོན་པར་འབྲེལ་པ་མེད་

ཅིང་སྔ་མའི་འོག་ཏུ་གཉིས་སུ་མེད་པའི་སྐད་ཅིག་མ་རྒྱུན་དངོས་པོ་དང་། དངོས་པོ་མེད་པ་རྣམ་པར་མི་རྟོག་ཅིང་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ་ལ་འཇུག་གོ། །ཐུགས་རྗེའི་བག་ཆགས་ཀྱིས་སད་དེ་སྣང་བ་དང་བཅས་པའི་

ཏིང་ངེ་འཛིན་ལ་བཞུགས་ནས་ཆོས་སྟོན་ཏོ། །ལེགས་པའི་བློ་གྲོས་ལ་ནི་ཆོས་དང་དོན་དང་ངེས་པའི་ཚིག་དང་། སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པས་སེམས་ཅན་གྱི་བསམ་པ་དང་། བག་ལ་ཉལ་བ་ཤེས་ནས་ཆོས་སྟོན་ཅིང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་

སུ་རྫོགས་པར་བྱེད་དོ། །ཆོས་ཀྱི་སྤྲིན་དུ་ནི་ཆོས་མ་ལུས་པར་རྫོགས་པ་སྟེ། ཆུ་ཆེན་པོའི་སྤྲིན་ལྟ་བུར་སངས་རྒྱས་ཀྱི་ཆོས་བདུད་རྩིའི་ཆར་པས་འཇིག་རྟེན་སིམ་པར་བྱེད་པ་ཐམས་ཅད་མཁྱེན་པས་དབང་བསྐུར་ཞིང་དར་ལ་སྲབ་མོས་གཡོགས་པ་ལྟ་བུར་ཤེས་པར་བྱ་བའི་

Vol. 121 · folio 200b

དཀྱིལ་འཁོར་མཐའ་དག་ཤེས་ཏེ། ཉོན་མོངས་པ་མེད་པའི་མི་ཤེས་པའི་བག་ཆགས་མཉམ་པར་འཇོག་པ་མེད་པས་ས་བཅུར་སྤོང་བར་བྱས་པ་སྤངས་པར་འགྱུར་ཏེ། ཐམས་ཅད་མཁྱེན་པར་འགྱུར་རོ། །མཐོང་བའི་ལམ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་ཏིང་ངེ་འཛིན་ཐོབ་པའི་

ཕྱིར་རབ་ཏུ་དགའ་བའི་སར་སྐྱེ་སྟེ། འཇུངས་པ་ལ་སོགས་པའི་ཉོན་མོངས་པ་སྤངས་ཤིང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པས་ན་ཉན་ཐོས་རྣམས་ལས་ཁྱད་པར་དུ་ཕྱེ་བ་རྣམས་སོ། །ཚུལ་ནི་རྣམ་པ་གཉིས་སོ་ཞེས་བྱ་བ་ལ་སོགས་པ་ལ་བསྟན་པའི་

ཚུལ་ནི་སྣང་བ་ཙམ་གྱིས་གཉིས་ཀྱི་རྣམ་པའི་ཡེ་ཤེས་ཏེ། སྦྱིན་པ་ལ་སོགས་པའི་ཚོགས་དང་། སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་སྐུ་དང་། སོ་སོར་སྣང་བ་མཚན་ཉིད་ཀྱི་ཆོ་འཕྲུལ་དང་། དབྱངས་ཀྱི་དཀྱིལ་འཁོར་དང་། བདག་དང་གཞན་གྱི་དོན་དུ་འབྱེད་པའི་སའི་ཁྱད་

པར་ཐ་དད་པའི་ཐབས་སྣ་ཚོགས་པ་དང་། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་གཉིས་ཀྱི་རྣམ་པར་སྣང་བ་ནི་བསྟན་པའི་

ཚུལ་ལོ། །གྲུབ་པའི་མཐའ་སོ་སོར་བཞག་པའི་ཚུལ་ནི་ནམ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་ནས་མི་དམིགས་པ་དེ་ནི་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་བྱང་ཆུབ་རང་བཞིན་གྱིས་འོད་གསལ་

བ་རྣལ་འབྱོར་པ་རྣམས་ལ་གནས་སོ། །སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པ་ནི་སྤྱིའི་རྣམ་པར་དེའི་ཆོས་སྟོན་པ་འབྱུང་ངོ་། །བདེ་བར་འཛིན་ཅིང་ཆུད་པར་བྱ་བའི་དོན་དུ་ཐམས་ཅད་མཁྱེན་པས་བསྡུ་བའི་ཚིགས་སུ་བཅད་པ། ང་ཡི་ཚུལ་ནི་རྣམ་

གཉིས་ཏེ། །གྲུབ་པའི་མཐའ་དང་བསྟན་པའོ། །བྱིས་པ་རྣམས་ལ་བརྗོད་པ་བཤད། །རྣལ་འབྱོར་ཅན་ལ་གྲུབ་མཐའོ། །འཇུག་པའི་རིམ་གྱིས་ཐམས་ཅད་མཁྱེན་པས་ཆོས་སྟོན་པ་ནི་གཉིས་དང་། མི་གཉིས་པའོ། །གཅིག་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་

Vol. 121 · folio 201a

མ་ཡིན་པའི་ཕྱོགས་དང་། བྲལ་བ་ཞེས་པ་ནི་མུ་སྟེགས་ཅན་གཉིས་དང་། མི་གཉིས་པར་སྨྲ་བ་རྣམས་ཀྱིས་ཚངས་པ་དང་། དབང་པོ་ལ་སོགས་པ་གཅིག་པ་ཀུན་རྟོག་པར་བྱེད་པ་ནི་ཇི་ལྟར་རིག་སྔགས་འཛིན་པའི་མཐར་སྨྲ་བས། འདི་ཐམས་ཅད་ཚངས་པ་ཞི་བ་

ཡིན་པས་ན་བསྟན་པར་བྱའོ་ཞེས་པ་དེ་དག་ལ་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །གཞན་དག་གྲངས་ཅན་དང་། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་ཀྱིས་འཛིན་པ་དང་། གཟུང་བ་ཐ་དད་པས་གཉི་གར་

འདོད་དེ། དེ་དག་གི་དེ་ཁོ་ན་ཉིད་ཉི་ཤུ་ལྔ་དང་། ཚིག་གི་དོན་བཅུ་དྲུག་དང་། དྲུག་ཡོད་དོ། །གཉིས་པ་ནི་ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་རྣམས་ཐ་དད་པ་དང་། མི་དད་པར་རྟོག་པར་བྱེད་དེ། ཕྱི་རོལ་གྱི་དོན་གྱི་དངོས་པོ་མེད་པའི་ཕྱིར་གཉིས་ཀྱི་རྣམ་པའི་ཤེས་པ་ཐམས་ཅད་རྨི་ལམ་དང་

མིག་འཕྲུལ་དང་། རབ་རིབ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་མ་སྐྱེས་པ་དང་། དེས་ན་གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ལ་རྣམ་པར་བརྟག་གོ། །སེམས་

ཅན་གང་དག་ལ་བསླད་པ་ཡོད་པ་དེ་དག་ཐམས་ཅད་འཇིག་རྟེན་རྒྱང་པན་པར་སྨྲ་བ་ལྷུང་ངོ་། །འཇིག་རྟེན་རྒྱང་པན་པ་ནི་ཤེས་པ་ཕྱིན་ཅི་ལོག་པ་སྟེ། མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་དང་། སྡུག་བསྔལ་བ་དང་། སྟོང་པ་རྣམས་ལ་མ་རིག་པའི་མཐུས་སེམས་ཅན་

རྣམས་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཡོངས་སུ་ཤེས་སོ། །དེས་ན་མུ་སྟེགས་བྱེད་རྟག་པ་དང་། གཅིག་པ་དང་། བདག་དང་། ཕྱི་རོལ་དང་། གཉིས་པ་ལ་སོགས་པ་སྨྲ་བ་རྣམས་ཀྱིས་ནི་འཇིག་རྟེན་རྒྱང་པན་པའི་ལོག་པའི་ཤེས་པ་ཐམས་ཅད་

སྟོན་ཏོ། །དེའི་ཕྱིར་དེ་དག་ལ་འཕགས་པ་བློ་གྲོས་ཆེན་པོས་གླེངས་པ། བཅོམ་ལྡན་འདས་ཀྱང་འཇིག་རྟེན་རྒྱང་པན་ཉིད་ཀྱང་སྟོན་ཏམ་ཞེས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ང་ནི་འཇིག་རྟེན་རྒྱང་པན་མི་འཆད་དེ། ཇི་ལྟར་ཞེ་ན། འདུ་བ་དང་ཟད་པ་མ་ཡིན་

Vol. 121 · folio 201b

གྱི་ཞེས་པ་སྟེ། གཉིས་ཀྱི་རྣམ་པའི་ཤེས་པ་ལ་བྱེད་པ་དང་། བྱེད་པ་པོ་འབྲེལ་པར་རྟོགས་པས་འདུ་བ་དང་ཟད་པའི་རྣམ་པར་རྟོག་པ་དང་། སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་གཞན་པ་རྣམ་པར་རྟོག་པར་འགྱུར་གྱི། སྐད་ཅིག་མའི་རྒྱུན་གྱིས་མི་གཉིས་པ་

བརྗོད་དུ་མེད་པ་ཡང་དག་པར་རིག་པ་ལ་ལུང་སྟོན་པ་ལ་སོགས་པ་རྟག་པའི་སྐྱེ་བ་དང་། འཇིག་པ་ལ་སོགས་པའི་ཆོས་ལྷག་པ་རྣམས་མེད་དོ། །དེ་བས་བྱེད་པ་དང་། བྱེད་པ་པོ་དང་། མངོན་པར་འབྲལ་བ་དང་བྲལ་བར་བྱེད་པ་མེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་མི་འབྱུང་

བ་སྟེ། སྔ་མའི་འོག་ཏུ་འདི་ཡོད་ཅེས་བྱ་བ་འབའ་ཞིག་གོ། །རྒྱུ་དང་འབྲས་བུ་ཞེས་བྱ་བ་ནི་བཏགས་པའི་ཆོས་སོ། །མུ་སྟེགས་བྱེད་རྣམས་ཀྱི་རྟག་པ་ནི་རྒྱུ་མེད་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་པ། ཚངས་པ་དང་དབང་པོ་ལ་སོགས་པ་རྟག་ཅིང་གཅིག་པ་

རྣམས་རྒྱུ་མ་ཡིན་ཏེ། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མ་སྐྱེས་པའི་ཕྱིར་རོ། །དངོས་པོ་མེད་པར་ཡང་རྟག་པ་དང་། གཅིག་པ་ཡང་མི་རུང་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །གཅིག་ལ་དུ་མར་མི་རིགས་ཏེ། གཟུགས་ཅན་དང་། གཟུགས་མེད་པ་དང་། གྲང་བ་དང་།

མེ་ལ་སོགས་པ་བཞིན་ནོ། །གཉི་གར་སྨྲ་བར་ཡང་མི་རུང་སྟེ། ཕྱི་རོལ་གྱི་དོན་མེད་པས་འཛིན་པ་མེད་པ་སྟེ། དེས་ཚད་མ་དང་གཞལ་བྱ་ལ་སོགས་པའི་ཚིག་གི་དོན་རྣམས་ཀྱིས་སླུ་བ་དང་། སླུ་བ་མེད་པར་ངེས་པར་གཞག་པ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་ནོ། །

ཕྱི་རོལ་གྱི་འབྱུང་བའི་ཚིག་རྣམས་རྟག་པར་ཡང་ཤེས་པ་སོ་སོར་སྣང་བ་ལས་མ་གཏོགས་པ་དངོས་པོ་མེད་པའི་ཕྱིར་འཇིག་རྟེན་རྒྱང་པན་པར་སྨྲ་བ་མི་རུང་ངོ་། །ས་དང་། ཆུ་དང་། མེ་དང་། རླུང་ནི་ཡང་དག་པ་ཡིན་ཏེ། དེ་དག་ལས་ཚོར་བར་འབྱུང་ངོ་ཞེས་བྱ་བ་ནི་མི་རུང་ངོ་། །འབྱུང་བ་

སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་བ་ན། ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ། །ཀྵ་པ་ན་ཀ་དང་། དཔྱོད་པ་པ་རྣམས་ཀྱི་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་སྨྲ་བ་ཡང་མི་རུང་སྟེ། རང་བཞིན་གཅིག་ལ་རང་བཞིན་གཉིས་སུ་མེད་པའི་ཕྱིར་ཡོད་པར་

Vol. 121 · folio 202a

གྱུར་པ་དང་། མེད་པར་གྱུར་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དག་རང་བཞིན་འགལ་ཏེ། དེས་ན་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། སྨྲ་བར་མི་བྱ་བ་དེ་དག་ཀྱང་མི་རུང་ངོ་། །དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀར་ཡང་འགལ་བ་གཅིག་ཏུ་སྨྲ་

བར་མི་བྱ་བའི་རང་བཞིན་ཡང་མི་རུང་ངོ་། །ཐེག་པ་ཆེན་པོ་ལ་དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བའི་དོན་དམ་པ་ཇི་ལྟ་བུ་ཞེ་ན། དེ་ལ་བྱིས་པས་དངོས་པོ་དང་། དངོས་པོར་བརྟགས་པའི་རྣམ་པར་རྟོག་པ་སྤངས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཆུད་པ་དོན་དམ་པ་

རྟོགས་ནས་དེ་བཞིན་དུ་ཐམས་ཅད་མཁྱེན་པས་གཉིས་སུ་མེད་པར་སྤྱིའི་རྣམ་པར་སྟོན་པ་མཛད་དོ། །དེའི་ཕྱིར་འདི་སྐད་དུ་བཀའ་སྩལ་པ། བློ་གྲོས་ཆེན་པོ་ང་ནི་མུ་སྟེགས་བྱེད་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་ནང་དུ་གཏོགས་པར་མི་འཆད་དོ་ཞེས་པའོ། །ཇི་ལྟར་ན་ཡང་བདེ་བར་གཤེགས་པའི་བློའི་

ཁྱད་པར་བྱ་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པ་ལ་མ་ཆགས་ཤིང་རང་གི་སེམས་སྣང་བ་ཙམ་ལ་གནས་པ་དང་། འཇུག་པ་རྣམ་པ་གཉིས་སུ་མེད་པར་རྣམ་པར་རྟོག་པ་མི་འཇུག་

པ་དང་། མཚན་མའི་སྤྱོད་ཡུལ་མེད་པ་དང་། རང་གི་སེམས་སྣང་བ་ཙམ་དུ་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་མི་འཇུག་གོ་ཞེས་པ་སྟེ། དེས་ན་མུ་སྟེགས་བྱེད་གཉིས་པ་དང་། མི་གཉིས་པར་སྨྲ་བ་རྣམས་ལས་ཐམས་ཅད་མཁྱེན་པས་རང་གི་བློའི་ཁྱད་པར་གསུངས་པའོ། །

ཕྱི་རོལ་གྱི་དངོས་པོ་དང་དངོས་པོ་མེད་པས་གྲངས་ཅན་དང་། ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་དང་། ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་དང་། འཇིག་རྟེན་རྒྱང་པན་པའི་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ལས་བདེ་བར་གཤེགས་པའི་བློའི་ཁྱད་པར་དུ་ཕྱེ་བའོ། །ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ་

ཕྱོགས་ཀྱི་ཆ་ཐ་དད་པར་དབྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་ཏེ། དེས་ན་ཕྱི་རོལ་གྱི་དོན་མེད་དོ། །གང་གི་ཚེ་ན་དམིགས་པར་བྱ་བ་དེ་མི་དམིགས་པ་དེའི་ཚེ་རང་གི་སེམས་ནོར་པ་ལས་གྲོལ་བས་མི་གཉིས་པའི་སྐད་ཅིག་མའི་རྒྱུན་ཡང་

Vol. 121 · folio 202b

དག་པར་ཁོང་དུ་ཆུད་པར་འགྱུར་གྱི། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ལ་རྟག་པ་དང་གཅིག་པ་དང་། བདག་དེ་དག་གི་ངོ་བོ་ཉིད་ཁོང་དུ་ཆུད་པར་ནི་མ་ཡིན་ནོ། །དེའི་ཕྱིར་མི་གཉིས་པར་སྨྲ་བ་རྣམས་ཀྱི་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་

འགྱུར་རོ། །རྟག་པ་ནི་མ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་པའོ། །བདེ་བར་གཤེགས་པ་པ་རྣམས་ཀྱི་སྐད་ཅིག་མའི་རྒྱུན་དུ་འབྱུང་བ་ཆུད་པ་རྣམས་ནི་མང་སྟེ། དག་པའི་དུས་ན་དངོས་པོ་དང་དངོས་པོ་མེད་པའམ། མི་རྟོག་ཅིང་བསམ་པ་མེད་པ་སྣང་བ་མེད་པ་

དོན་དམ་པའི་བདེན་པ་མི་གཉིས་པའི་ཆུད་པ་རྣམས་སུ་འགྱུར་རོ། །དེས་ན་མུ་སྟེགས་བྱེད་རྣམས་ཀྱི་ལྟར་རྟག་པ་དང་། མི་གཅིག་པར་མི་རུང་ངོ་། །སངས་རྒྱས་པའི་ཆུད་པ་རྣམས་ཀྱི་ཁྱད་པར་ནི་འཁོར་བའི་དུས་སུ་སྡུག་བསྔལ་ཐ་དད་པ་དུ་མས་ཕྱེ་བ་ཡིན་ནོ། །གྲོལ་བའི་དུས་ནི་སྡུག་

བསྔལ་ཞི་ལས་གྲོལ་ཞིང་རབ་ཞི་བའི་ཏིང་ངེ་འཛིན་གྱིས་ཁྱད་པར་རྣམས་སུ་འགྱུར་རོ། །དེ་བཞིན་དུ་ཡང་གནས་ཐ་དད་པ་ཕྱེ་བ་ན་ཤིང་དང་། ཐལ་བ་ལ་སོགས་པ་བཞིན་དུ་གཅིག་པར་མི་རུང་ངོ་། །དེས་ན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་

སྣང་བ་མེད་པའི་སྒོ་ལ་ཞུགས་པ་གཞན་གྱི་དོན་དུ་ཐམས་ཅད་མཁྱེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པར་འགྱུར་རོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་གྲུབ་པའི་མཐར་འཇུག་པའི་ལེའུ་ཕྲན་བཅུ་གཅིག་

པའོ།། །།ངས་མངོན་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་ལས་དུས་གཅིག་ན་འཇིག་རྟེན་རྒྱང་པན་པས་གསོལ་བ་སྟེ། ཀྱེ་གཽའུ་ཏ་མ་ཐམས་ཅད་ནི་བྱས་པའོ། །བློ་གྲོས་ཆེན་པོ་ངས་དེ་ལ་འདི་སྐད་ཅེས་བྱས་སོ། །ཀྱེ་བྲམ་ཟེ་གལ་ཏེ་ཐམས་ཅད་བྱས་ཤེ་

ན། འདི་ནི་འཇིག་རྟེན་རྒྱང་པན་དང་པོའོ། །དེར་ཐམས་ཅད་མཁྱེན་པའི་དགོངས་པ་ཅིར་བརྟག་ཅེ་ན། འཇིག་རྟེན་དུ་བྱ་བ་དང་། བྱེད་པ་ལ་མངོན་པར་འབྲེལ་ཏེ། ཡེ་ཤེས་བྱས་པ་དང་དེ་ལས་འབྱུང་ཞིང་། རྟག་པ་ལས་འབྱུང་བའོ། །ཆོས་རྣམས་ནི་སུས་ཀྱང་མི་བྱེད་དེ། སྔ་མའི་

Vol. 121 · folio 203a

འོག་ཏུ་འདི་ཡོད་པས་འདི་ཡོད་དོ་ཞེས་བྱ་བ་འབའ་ཞིག་སྟེ། དེ་ཆོས་སུ་བརྟགས་པའོ། །རྒྱུ་མེད་ཅིང་མ་བྱས་པའི་རྟག་པ་ནི་མི་རུང་སྟེ། དངོས་པོ་མེད་པས་ན་རི་བོང་གི་རྭ་བཞིན་ནོ། །དེ་བཞིན་དུ་མི་རྟག་པ་ལ་སོགས་པའི་ཆོས་རྣམས་སྐད་ཅིག་པ་ལ་ཐ་དད་པར་མི་རུང་སྟེ། ཇི་ལྟར་

འཕགས་པ་དགེ་འདུན་ཆེན་པོ་པ་རྣམས་ཀློག་པ། འདུ་བྱེད་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོ་ཡང་དེར་བརྗོད་དོ། །ཇི་ལྟར་བར་ཏི་ཀ་ལས་འབྱུང་བ། དེ་ཡི་ཅུང་ཟད་ཡོད་པ་མིན། །མེད་པར་འགྱུར་བ་འབའ་ཞིག་སྟེ། །དངོས་པོ་ལ་དེ་

རྣམ་རྟོག་འགྱུར། །ཚུལ་ནི་དངོས་པོ་རྗེས་ཐོགས་ཕྱིར། །ཞེས་པ་སྟེ། དེས་ན་སྐད་ཅིག་པ་ལ་སྐྱེ་བ་དང་། འགོག་པ་ལ་སོགས་པ་གཞན་དག་ཡོད་པར་མི་རིགས་ཏེ། དེའི་ཕྱིར་མུ་སྟེགས་ཅན་གྱི་ཐམས་ཅད་རྟག་པ་དང་། གཅིག་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་ཞེས་

པར་རྣམ་པར་རྟོག་པ་རྣམས་ནི་མི་རུང་སྟེ། དེ་ལྟ་བུར་ནི་སྔར་བསལ་བའོ། །ཐམས་ཅད་བསྐྱེད་པ་དང་སྐྱེད་པ་མ་ཡིན་ཞེས་པ་ནི་བརྗོད་དུ་མེད་པའི་སྐད་ཅིག་པ་ལ་སྐྱེད་པ་ལ་སོགས་པའི་ལྷག་པ་མི་རིགས་ཏེ། དེ་དེ་བཞིན་དུ་བྱས་པ་དང་། མ་བྱས་པ་དང་། རྟག་པ་དང་། མི་རྟག་པ་དང་། བདག་

དང་། བདག་མ་ཡིན་པ་དང་། སྐད་ཅིག་པ་དང་། སྐད་ཅིག་མ་ཡིན་པ་ལ་སོགས་པ་སོ་སོར་སྣང་བའི་རྣམ་པར་རྟོག་པ་ནི་གནས་ངན་ལེན་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་སྐྱེས་པའི་གཉིས་ཀྱི་རྣམ་པའི་ཤེས་པ་ལ་རབ་ཏུ་འཇུག་གི །གཉིས་སུ་མེད་པའི་སྐད་ཅིག་མའི་རྒྱུན་བརྗོད་དུ་

མེད་པའི་ཡང་དག་པར་རིག་པ་ལ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་རང་གིས་ཡང་དག་པར་རིག་པ་དེར་ནི་སྐད་ཅིག་གི་རྣམ་པར་རྟོག་པ་ནི་མི་འབྱུང་སྟེ། ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྒྲུབ་པར་བྱེད་པ། བདེ་ལ་སོགས་པའི་བདག་ཉིད་ནི། །གཞན་དུ་མི་རྟེན་འབྲེལ་མི་ནུས། །དེ་ཕྱིར་

དེ་དག་རང་རིག་ནི། །མངོན་པར་བརྗོད་དང་འབྲེལ་པ་མེད། །ཅེས་པ་སྟེ། དེས་ན་རང་གི་མཚན་ཉིད་སྐད་ཅིག་མའི་རྒྱུན་རྣམ་པར་མི་རྟོག་པ་ཡང་དག་པར་རིག་པ་ནི་བསྟན་མི་ནུས་ཏེ། སྤྱིའི་རྣམ་པར་བཏགས་པའི་དོན་ནི་ཐོག་མ་དང་ཐ་མའི་མཐར་སོང་བ་མངོན་དུ་བྱ་སྟེ། སྐད་ཅིག་པ་ལ་

Vol. 121 · folio 203b

སོགས་པའི་སྒྲ་ཡང་འཇུག་གི་རང་གི་མཚན་ཉིད་ཀྱི་སྐད་ཅིག་ལ་མ་ཡིན་ནོ། །དེས་ན་འཇིག་རྟེན་རྒྱང་པན་པའི་ཐམས་ཅད་སྐད་ཅིག་པ་དང་། ཐམས་ཅད་མཁྱེན་པ་མ་ཡིན་པ་དེར་བདེ་བར་གཤེགས་པ་དང་བདེ་བར་གཤེགས་པ་མ་ཡིན་པ་མང་པོ་རྣམས་ནོར་པར་ཞུགས་པ་སྟེ། གཟུགས་

བརྙན་ལ་སོགས་པ་བཞིན་དུ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པས་ནི་སྐད་ཅིག་མར་འཇིག་པའི་དངོས་པོ་མེད་དོ་ཞེས་པ་ལ། ཇི་ལྟ་བུར་སོ་སོར་སྣང་བ་ལ་དེ་ལྟར་སྐད་ཅིག་པ་རྣམས་ཏེ། སེ་གོལ་གྱི་སྒྲ་བཞིན་དུ་སྔ་མ་དང་ཕྱི་མའི་དུས་གནས་ཐ་དད་པ་བྲལ་བ་ཡིན་ཏེ། སྣ་ཚོགས་

པ་ནི་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གཅིག་མི་རིགས་ཏེ། དེ་ལ་གཉིས་ཀྱི་རྣམ་པས་གནོད་པའི་ཕྱིར་རོ། །དངོས་པོ་གཅིག་པ་ལ་མི་གནོད་པའི་ཕྱིར་ཇི་ལྟར་ན་གྲུབ་པའི་རང་བཞིན་མེད། དེར་གཉིས་ཀྱི་རྣམ་པའི་སྟོང་པ་ཉིད་ཡང་དག་པར་རིག་པ་མངོན་

སུམ་གྱི་ཚད་མའོ། །གང་མི་གཉིས་པ་དེ་ནི་རྟག་པ་ཞེས་མུ་སྟེགས་ཅན་ལ་ལས་དེ་ལྟར་རྟོག་པ་དེ་ཡང་མི་རུང་སྟེ། འཁོར་བའི་དུས་ན་ཆུད་པ་རྒྱུན་དུ་སྡུག་བསྔལ་དུ་མས་ཐ་དད་པས་ཕྱེ་བ་ཇི་ལྟར་ན་རྟག་པ་ཡིན། དག་པའི་དུས་ན་ཡང་སྡུག་བསྔལ་ལས་གྲོལ་ཏེ་གནས་གཞན་པ་སྟེ། དེ་

ལྟར་ན་ཡང་ཤིང་དང་ཐལ་པ་ལ་སོགས་པ་བཞིན་དུ་རིམ་པར་ཕྱེ་བ་ན། ཇི་ལྟར་ན་གཅིག་པུ་རུང་། ལ་ལས་ནི་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་གཉིས་ཀའི་ངོ་བོ་ཉིད་དུ་རྟོག་པར་བྱེད་པ། གྲང་བ་དང་མེ་ལ་སོགས་པ་བཞིན་དུ་རང་བཞིན་གཅིག་ལ་དངོས་པོ་གཉིས་

ཞེས་པ་དེ་ནི་མི་རིགས་སོ། །གཞན་དག་ནི་དངོས་པོ་མེད་པའི་ཕྱིར་སྐད་ཅིག་པ་ཡང་མ་ཡིན། སྐད་ཅིག་པ་མ་ཡིན་པ་ཡང་མ་ཡིན་ཞེས་པ་འདི་ཡང་མི་རིགས་ཏེ། དངོས་པོ་ལ་ནི་སྐད་ཅིག་པ་མེད་དེ། དེའི་རང་བཞིན་རྟག་པ་ཉིད་ནི་གཉིས་ཀྱི་དངོས་པོ་མེད་པའི་ཕྱིར་རང་

བཞིན་གཅིག་པ་ཉིད་དོ། །རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་ལྟ་བུའི་འདུས་བྱས་དང་། འདུས་མ་བྱས་དང་། རྟག་པ་དང་། མི་རྟག་པ་དང་། སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་དང་། སྐད་ཅིག་པ་མ་ཡིན་པ་མ་ཡིན་པ་དང་། སྐད་ཅིག་པ་མ་ཡིན་པ་ཡང་མ་ཡིན་

Vol. 121 · folio 204a

པ་རྣམ་པ་དེ་ལྟ་བུ་ནི་རྨི་ལམ་དང་། རྨི་ལམ་མ་ཡིན་པར་དངོས་པོ་ཐ་དད་པར་མྱོང་བའི་རང་བཞིན་མེད་པ་སྟེ། གང་དེ་ལྟ་བས་ན་མ་རིག་པས་གློངས་ཏེ། འཁོར་བའི་དུས་ཀྱི་ཤེས་པ་ཐམས་ཅད་ནི་བདེན་པ་མ་ཡིན་པ་ཉིད་དོ། །གང་ཤེས་རབ་ཀྱིས་དཔྱད་དེ་གཉིས་ཀྱི་རྣམ་པས་སྟོང་

པར་མཐོང་བ་དེ་ནི་བསམ་དུ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའོ། །དེ་ཡང་སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་ཁོ་ན་གང་གིས་ངེས་པར་འགྱུར། མངོན་སུམ་དུ་མྱོང་བས་སོ། །ཐམས་ཅད་མཁྱེན་པས་ཐམས་ཅད་སྐད་ཅིག་པ་ཅིས་ན་ཞལ་གྱིས་

མི་བཞེས། མ་དགོངས་པའི་ཕྱིར་རོ་དགོངས་པ་ཐ་དད་པས་མིག་ལ་སོགས་པའི་ཤེས་པ་ནི་སྲིད་པ་གཞན་དུ་སྐད་ཅིག་མའི་མཚན་མས་སྦྱོར་བ་མེད་དོ། །སེམས་ནི་སྐད་ཅིག་པའི་རྒྱུད་ཀྱིས་རྒྱུན་དུ་སྲིད་པ་གཞན་དུ་མཚམས་སྦྱོར་བར་བྱེད་དོ། །སེ་གོལ་གྱི་སྒྲ་སྐད་ཅིག་པ་གཞན་དུ་མཚམས་སྦྱོར་བ་མེད་དོ། །

དེས་ན་ཐམས་ཅད་སྐད་ཅིག་མར་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་མི་རྟག་གོ། །དགོངས་པ་ངེས་པར་འགྲེལ་པའི་ཚུལ་གྱིས་འདུས་བྱས་དང་། འདུས་མ་བྱས་པ་ལྟ་བུ་སྟེ། ཆོས་ཉིད་ཡེ་གནས་པ་དེ་ནི་དབང་པོ་ལ་སོགས་པ་སུས་ཀྱང་མི་བྱེད་དེ། འདུས་མ་བྱས་པ་ཡང་མ་ཡིན་པ་ནི་སྐད་ཅིག་

པའི་རྒྱུད་དུ་འདུས་བྱས་སོ། །དེ་ལྟར་ན་ཐམས་ཅད་རྟག་པ་དང་། མི་རྟག་པ་ལ་སོགས་པར་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་རྟག་གོ། །ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་ཏེ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་སྒྲོ་བཏགས་པའི་དོན་ཐམས་ཅད་ཀྱི་ཐ་སྙད་འཇུག་གི་མི་གཉིས་པའི་སྐད་ཅིག་པ་རྣམ་པར་

མི་རྟོག་པ་ལ་ནི་མ་ཡིན་ནོ། །དེར་སྤྱིའི་རྣམ་པ་ཐམས་ཅད་མཁྱེན་པའི་སྒྲའི་དོན་གྱི་ཐ་སྙད་ཀྱང་འཇུག་གོ། །དེ་བཞིན་དུ་སྒྲུབ་པར་མཛད་པ། ཀྱེ་བྲམ་ཟེ་ང་ནི་ཐོག་མ་མེད་པའི་དུས་ནས་སྤྲོས་པར་རྣམ་པར་རྟོག་པའི་བག་ཆགས་གནས་ངན་ལེན་གྱི་རྒྱུ་ལས་སྲིད་པ་གསུམ་སྐྱེས་པས་སྟོན་ཏེ། བྲམ་

ཟེ་ང་ནི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པས་རྣམ་པར་རྟོག་པ་འབྱུང་གི །ཕྱི་རོལ་གྱི་དངོས་པོ་དམིགས་པ་ལས་ནི་མ་ཡིན་ནོ་ཞེས་པ་སྟེ། ཤེས་པའི་རྣམ་པ་མ་གཏོགས་པར་ཕྱི་རོལ་གྱི་དོན་ལ་དམིགས་པ་མེད་དེ། ཇི་ལྟར་ཞེ་ན། བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་ཐོག་མ་མེད་པའི་

Vol. 121 · folio 204b

ཤེས་པ་ཀུན་ཏུ་སྐྱེས་པ་ཉིད་ནི་ནང་གློངས་ཤིང་མཉམ་པར་མི་འཇོག་པའི་མ་རིག་པ་རྣམ་པར་སྨིན་པའི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་རྣམ་པར་གྲོལ་བ་སྣང་སྟེ། དེ་ནི་རང་གི་རྣམ་པ་ལ་སེམས་ཅན་རྣམས་ཀྱི་ཐ་སྙད་དོ། །རྟག་པ་དང་།

གཅིག་པ་དང་། བདག་དང་། བདག་གི་དང་། གཉི་ག་དང་། གཉི་ག་མ་ཡིན་པ་དང་། བྱས་པ་དང་མ་བྱས་པ་དང་། རྟག་པ་དང་། མི་རྟག་པ་དང་། སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་དང་། སྐྱེས་པ་དང་། མ་སྐྱེས་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་གཉིས་ཀྱི་རྣམ་པའི་

ཤེས་པ་ལ་རབ་ཏུ་འཇུག་གོ། །ནམ་ཤེས་རབ་ཀྱིས་དཔྱད་དེ་ཕྱི་རོལ་གྱི་དོན་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་བ་ན་མི་དམིགས་ཏེ། དེས་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་སྟེ། རྣམ་པར་མི་རྟོག་པ་སྐད་ཅིག་པའི་རྒྱུན་དུ་འབྱུང་

ཡང་རང་གི་མཚན་ཉིད་སྨྲ་བར་མི་ནུས་ཏེ་དེར་སྒྲའི་དོན་མི་འབྱུང་སྟེ། དེ་ལས་གཞན་པ་ཐ་སྙད་པ་རྣམས་ཀྱི་ངེས་པར་འཇོག་པ་རང་གིས་རིག་པ་དབང་པོའི་ཤེས་པ་བཞིན་ནོ། །འོན་ཀྱང་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་ལ་སྤྱིར་སྒྲོ་བཏགས་པའི་ཐ་སྙད་དོ། །གང་ཡོད་པ་དེ་ཐམས་ཅད་སྐད་

ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་། གློག་ལ་སོགས་པ་བཞིན་དུ་ཐོག་མ་དང་ཐ་མའི་དུས་ཀྱི་གནས་ཐ་དད་པ་དང་བྲལ་བའི་སྐད་ཅིག་པའི་ཕྱིར་རོ། །མི་གཉིས་པའི་སྐད་ཅིག་པ་ཇི་ལྟར་ན་རྟོགས་པར་འགྱུར། ཐམས་ཅད་མཁྱེན་པས་ཡང་དག་པར་ཐུགས་སུ་ཆུད་པ་ཡང་དེ་ལས་

གཞན་པའི་ཐ་སྙད་པ་རྣམས་ཀྱིས་ཇི་ལྟར་ན་རྟོགས་པར་འགྱུར། རྣལ་འབྱོར་པ་རྣམས་ཀྱི་རང་གིས་ཡང་དག་པར་རིག་པ་ཡང་དག་པར་རྟོགས་པའི་སྐད་ཅིག་པའི་རྒྱུན་ནི་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་དུ་འབྱེད་པས་ན་ཀུན་གྱིས་རྟོགས་པར་མི་

འགྱུར་རོ། །འཁོར་བ་པ་རྣམས་ཀྱི་སྐད་ཅིག་པ་ཇི་ལྟར་ན་རྣམ་པར་གདོན་མི་ཟ་བར་སོ་སོར་སྣང་། དེ་དག་ལ་རྨི་ལམ་དང་། རྨི་ལམ་མ་ཡིན་པའི་དུས་ཀྱིས་སོ་སོར་ངེས་པ་མེད་པའི་ཕྱིར་རོ། །ཇི་ལྟར་སེ་གོལ་ལ་སོགས་པའི་སྒྲ་ཙམ་གྱིས་རྨི་ལམ་ལ་ཟླ་བ་དང་། ལོ་ལ་སོགས་

Vol. 121 · folio 205a

པ་ཀུན་དུ་ཚོར་བ་དེ་བཞིན་དུ་གཉིད་ཀྱིས་མ་ལོག་པའི་དུས་ན་ཡང་ཡིན་ན་འཁོར་བའི་དུས་ན་སྐད་ཅིག་པ་ལ་སོགས་པའི་དུས་སོ་སོར་ཇི་ལྟར་ན་དེས་གང་གི་ཚེ་ན་ཐུང་བ་དང་། རིང་བ་ལ་སོགས་པའི་སྐད་ཅིག་པ་ལ་སོགས་པའི་དུས་སུ་སོ་སོར་ངེས་པ་མེད་ན། དེའི་ཚེ་དག་པ་གཉིས་

སུ་མེད་པའི་སྐད་ཅིག་པའི་རྒྱུན་ལ་ཇི་ལྟར་ན་ཡང་རྗེས་སུ་དཔག་པར་འགྱུར། ཤིང་དང་ཐལ་བ་ལ་སོགས་པ་བཞིན་དུ་རང་བཞིན་ཐ་དད་པའི་ཕྱིར་དག་པ་དང་མ་དག་པའི་རང་བཞིན་གྱི་ཕྱིར་རིམ་པ་ཡང་གཅིག་པར་མི་རིགས་ཏེ། དེས་ན་བདེ་བར་གཤེགས་པ་རྣམས་ཀྱི་སྐད་ཅིག་མར་འཇིག་

པར་ངེས་པ་འདི་ནི་རྨི་ལམ་དང་། མིག་འཕྲུལ་ལྟ་བུའི་མ་རིག་པས་གློངས་པའི་སྣང་བ་མ་གཏོགས་པར་རོ། །གཉིས་སུ་མེད་པ་དག་པ་དང་མ་དག་པ་ལ་སོགས་པས་དེ་ཐ་དད་པར་དབྱེ་བ་ན་ཚངས་པ་དང་། དབང་པོ་མི་གཉིས་པ་ལ་སོགས་པའི་རྟོག་པ་ལྟ་བུར་རྟག་ཅིང་གཅིག་པ་མ་

ཡིན་ཏེ། དེས་ན་མུ་སྟེགས་བྱེད་པ་ལས་བདེ་བར་གཤེགས་པའི་བློ་གྲོས་ཞན་པའོ། །ཕྱི་རོལ་གྱི་དོན་དུ་སྨྲ་བའི་ཁྱད་པར་ཅན་ལ་སོགས་པའི་མུ་སྟེགས་བྱེད་པ་བདག་དང་། དབང་པོ་དང་། ཡིད་དང་དོན་དུ་འཕྲད་པ་ལས་ཤེས་པ་སྐྱེའོ་ཞེས་རྟོག་པར་བྱེད་དོ། །ཕྱི་རོལ་གྱི་དོན་མེད་

པས་ཐེག་པ་ཆེན་པོ་ལ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་དུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཞེས་པ་སྟེ། ཇི་ལྟར་རྨི་ལམ་གྱི་དུས་རྣམ་པ་སྣ་ཚོགས་བསླད་པའི་བག་ཆགས་ཡོངས་སུ་སྨིན་པའི་

མཐུ་ལས་ཕྱི་རོལ་གྱི་དོན་མེད་པར་ཡང་རྣམ་པར་ཤེས་པ་གཅིག་པུ་ཉིད་ལུས་དང་ལོངས་སྤྱོད་དང་གནས་སུ་སོ་སོར་སྣང་ངོ་། །དེའི་ཕྱིར་ཐམས་ཅད་མཁྱེན་པས་བསྒྲུབ་པ་མཛད་པ་ལྟ་བུ་ངའི་མ་ཡིན་ནོ། །ཀྱེ་བྲམ་ཟེ་ང་ནི་རྒྱུར་སྨྲ་བ་ཡང་མ་ཡིན། རྒྱུ་མེད་པར་སྨྲ་བ་ཡང་མ་ཡིན།

གཞན་དུ་ན་རྣམ་པར་རྟོག་པ་ཉིད་གཟུང་བ་དང་འཛིན་པའི་དངོས་པོ་རབ་ཏུ་བཞག་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བར་བསྟན་ཏོ་ཞེས་པ་སྟེ། རྒྱུར་སྨྲ་བ་རྣམས་ལ་ནི་ཕྱི་རོལ་གྱི་དོན་རྒྱུ་མ་ཡིན་ཏེ། སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་བ་ན་མེད་པའི་ཕྱིར་རོ། །ཇི་ལྟར་མུ་སྟེགས་བྱེད་རྣམས་

Vol. 121 · folio 205b

ཀྱི་བདག་དང་། དབང་པོ་དང་། ཡིད་དང་དོན་འཕྲད་པ་ལས་ཤེས་པ་སྐྱེས་པ་དེ་ལྟར་མུ་སྟེགས་ཅན་གྱི་བརྟགས་པ་ཡིད་དང་དབང་པོ་ནི་སངས་རྒྱས་པ་རྣམས་ཀྱི་མ་ཡིན་གྱི། བསླད་པའི་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་སྣ་ཚོགས་ཐ་དད་པའི་རྣམ་པར་ཤེས་པ་སྣང་ངོ་། །

དེའི་རྒྱུ་ལས་ཡང་བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་པའི་བྱ་བ་མེད་དེ། སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བ་འབའ་ཞིག་གོ། །རྣམ་པར་རྟོག་པ་ཉིད་ཅེས་པ་ནི་སྤྱིར་དོན་དུ་སྒྲོ་བཏགས་པར་བཞག་ནས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟོན་པ་ནི། གཉིས་ཀྱི་རྣམ་

པའི་ཤེས་པ་འཛིན་པ་དང་གཟུང་བའི་དངོས་པོ་སྟོན་གྱི། གཉིས་སུ་མེད་ཅིང་བརྗོད་དུ་མེད་པས་མ་ཡིན་པ་ནི་དེར་དངོས་པོ་མེད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །བསམ་པ་མེད་ཅིང་སྣང་བ་མེད་པ་མི་གཉིས་པར་ཡང་དག་པར་རིག་པའི་སྐད་ཅིག་པ་རྣམས་

མངོན་སུམ་གྱིས་མྱོང་དུ་ཟིན་ཀྱང་དེ་ལྟ་བུར་རྣམ་པར་རྟོག་པའི་སྒྲའི་དོན་དུ་ཐ་སྙད་མེད་དོ། །དེས་ན་རྣམ་པར་རྟོག་པ་ཉིད་གཟུང་བ་དང་འཛིན་པའི་དངོས་པོ་བཞག་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟོན་ཏོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །ཁྱོད་ལྟ་བུ་

དང་གཞན་དག་གིས་མི་རིག་གོ་ཞེས་པ་ནི་སྐྱེས་པ་ལ་སོགས་པའི་ཆོས་དང་བྲལ་བའི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ། །བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་ཏེ་འབྱུང་བར་མི་རིག་པ་ནི་ནམ་སྐད་ཅིག་པ་གཅིག་ཡོད་པ་དེ་ན་གཉིས་པོ་ནི་མེད་དོ། །དངོས་པོ་དང་དངོས་པོ་མེད་པ་དག་

འབྲེལ་པ་མེད་པའི་ཕྱིར་དེ་ལས་གཞིག །གང་ཟག་ལ་བདག་མེད་པ་ལ་ནི། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་འཕགས་པ་དགེ་འདུན་ཆེན་པོ་པ་རྣམས་ཀྱིས་ཀློག་པ་ལྟ་བུའོ། །

ཤིན་ཏུ་རྒྱས་པ་ཆོས་ལ་བདག་མེད་པར་ཡང་གཉིས་ཀྱི་རྣམ་པ་རྣམས་ཀྱི་སྐྱེ་བའི་རང་བཞིན་མེད་དེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། །རྣམ་པ་དེ་ལྟ་བུའི་གཞན་གྱི་དབང་ལ་སྐྱེ་བ་ཡང་མེད་མི་སྐྱེ་བ་ཡང་མེད། བྱས་པ་ཡང་མ་ཡིན། མ་བྱས་པ་ཡང་མ་ཡིན། རྟག་

Vol. 121 · folio 206a

པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། དངོས་པོ་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན། སྐད་ཅིག་པ་མ་ཡིན་སྐད་ཅིག་པ་མ་ཡིན་པ་ཁོ་ན་ཡང་མ་ཡིན་ནོ། །འཇིག་རྟེན་རྒྱང་པན་པས་རྣམ་པ་དེ་ལྟ་བུ་ཁས་བླངས་པའི་ཕྱི་རོལ་གྱི་དོན་མེད་དོ། །མུ་སྟེགས་བྱེད་ཐམས་

ཅད་ཀྱིས་རང་དང་སྤྱིའི་མཚན་ཉིད་རྣམ་པར་བརྟགས་པ་ནི་སེམས་ཀྱི་སྣང་བ་མ་གཏོགས་པར་བྱེད་དོ། །བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་རྒྱུད་ཡང་དག་པར་རིག་པའི་མཚན་ཉིད་ཁྱོད་ལྟ་བུའི་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་ཤིང་།

འཇིག་རྟེན་རྒྱང་པན་པར་སྨྲ་བ་གནས་པས་མི་རིག་གོ། །དེས་ནི་ས་དང་། ཆུ་དང་། མེ་དང་། རླུང་རྣམས་དེ་ཁོ་ན་ཉིད་དོ་ཞེས་ལ། དེ་དག་ལས་ཚོར་བའི་རྣམ་པར་ཤེས་པ་ནི་ར་རོ་བའི་མཐུ་བཞིན་ལ། སྲོག་ནི་ཆུའི་ཆུ་བུར་བཞིན་ཏེ། དེ་འདུས་པ་ལས་ལུས་དང་། དབང་པོ་དང་། བློར་འདུ་ཤེས་

སོ། །འབྱུང་བ་སྣ་ཚོགས་ཐ་དད་པའི་ཕྱིར་འགྲོ་བ་ཡང་སྣ་ཚོགས་པ་སྟེ། རྨ་བྱའི་མདོངས་ཀྱི་རི་མོ་བཞིན་ནོ་ཞེས་པ་འཇིག་རྟེན་རྒྱང་པན་པའི་མདོ་ལས་ཞི་བ་པ་རྣམས་ལ་ཕྱི་རོལ་གྱི་དོན་མེད་པར་འབྱུང་བ་པ་རྣམས་དང་། དེ་ལ་དག་པ་ལ་ཚོར་བ་འབྱུང་བ་ཡང་མེད་དོ། །ཡེ་ཤེས་ཀྱི་གོང་

མའི་ཁྱད་པར་གོང་དང་གང་ཡིན་པ་དེ་དང་དེ་ནི་ཐོས་པ་དང་སེམས་པ་ལ་སོགས་པ་ཐོག་མར་བྱས་པ་ལས་བྱུང་བ་རྣམས་ཏེ། སློབ་དཔོན་གྱི་མཁས་པའི་ཁྱད་པར་བཞིན་ནོ། །སྐྱེས་མ་ཐག་པ་རྣམས་ཀྱང་ཤེས་རབ་དང་། དགའ་བ་དང་། འཇིགས་པ་དང་། མྱ་ངན་དང་། མི་དགའ་

བ་ལ་སོགས་པས་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་བསྒྲུབ་པ་མཐོང་ངོ་། །དེས་ན་སྔོན་གྱི་གོམས་པ་རྗེས་སུ་དཔག་གོ། །འགྲོ་བ་རྣམ་པ་སྣ་ཚོགས་ནི། གཞན་དུ་མི་འཐད་པས་ན་རྒྱུའི་ཁྱད་པར་རྗེས་སུ་དཔག་གོ། །འབྱུང་བ་ལས་ནི་འབྲས་བུ་ཐམས་ཅད་མཐུན་པར་འགྱུར་ལ།

བྱུང་བའི་ཁྱད་པར་ཡང་སུས་ཕྱེད། གང་གིས་དེ་དག་ཁྱད་པར་དུ་བྱེད་པ་དེ་དག་དགེ་བ་དང་། མི་དགེ་བའི་ལས་སུ་གཏོགས་སོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པར་བརྟག་གོ། །ཁྱེད་ལྟ་བུས་མི་རིག་གོ་ཞེས་པ་དང་། མུ་སྟེགས་ཅན་གཞན་དག་གིས་མི་རིག་གོ་ཞེས་པ་ནི་བདག་

Vol. 121 · folio 206b

ཏུ་མངོན་པར་ཆགས་པར་ལྷུང་བའི་རྒྱུད་ཅན་གྱི་ཕྱིར་རོ། །དེ་ལ་ལ་ལ་ནི་རྟག་པ་དང་གཅིག་པའི་བདག་ཏུ་མངོན་པར་ཆགས་པ་ཉིད་དོ། །འཇིག་རྟེན་ཇི་ལྟར་ཞི་བ་པ་དང་། རིག་སྔགས་འཛིན་པའི་མཐར་སྨྲ་བ་པ་རྣམས་སོ། །དེ་དག་ལ་འཁོར་བ་དང་ཐར་པའི་དུས་ན་སྡུག་བསྔལ་དང་། སྡུག་

བསྔལ་མེད་པ་ལ་སོགས་པ་ཐ་དད་པས་ཕྱེ་བའི་ཕྱིར་བདག་ཅི་ལྟར་ན་རྟག །ཚངས་པ་དང་དབང་པོ་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །གྲངས་ཅན་ལ་སོགས་པ་རྣམས་ཀྱི་

སྐྱེས་བུ་ཡང་མང་སྟེ། གང་གི་ཚེ་ཡུལ་ཀུན་དུ་རིག་པ་ན་བདེ་བ་དང་། །སྡུག་བསྔལ་ལ་སོགས་པ་འབྱེད་པས་ཕྱེ་བ་དེ་ནི་སྐྱེས་བུ་རྟག་པར་ཡང་མི་རུང་སྟེ། དེས་ན་བདེ་བར་གཤེགས་པའི་ཚུལ་འཁོར་བ་དང་། ཐར་པར་རྣམ་པར་གནས་པ་མུ་སྟེགས་བྱེད་པ་རྣམས་ཀྱིས་མི་

རིག་གོ། །མྱ་ངན་ལས་འདས་པ་ནི་ཇི་ལྟར་བདུན་བརྒྱ་པ་ལས་འབྱུང་བ། མྱ་ངན་ལས་འདས་པ་དེ་ཉིད་དེ། འདི་ལྟ་སྟེ་བསམ་པ་མེད་པ་ཉིད་དོ་ཞེས་པ་སྟེ། དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་གོ་ཞེས་པ་ནི་ཐར་པའོ། །མྱ་ངན་ལས་འདས་པ་དང་། ནམ་མཁའ་

དང་། སོ་སོར་མ་བརྟགས་པ་སྟེ། འགོག་པ་རྣམས་ཀྱི་གསུམ་པ་ཉིད་རྣམ་པར་མི་རྟོག་ན་འདུས་བྱས་དང་། འདུས་མ་བྱས་པ་ལྟ་ཅི་སྨོས། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་སྤངས་ཏེ། དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་ཀྱིས་རྟོགས་པར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །ཀྱེ་གཽ་ཏ་མ་སྲིད་པ་གསུམ་པོ་འདི་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྒྱུ་ལས་བྱུང་ངམ། དེ་སྟེ་རྒྱུ་མེད་པས། ཀྱེ་བྲམ་ཟེ་འདི་གཉིས་ཀ་ཡང་འཇིག་རྟེན་རྒྱང་པན་པའོ་ཞེས་པ་གཉིས་ཀ་ཡང་ཇི་ལྟར་ན་འཇིག་རྟེན་རྒྱང་པན་པ་ཡིན་ཞིང་དེར་

ཐམས་ཅད་མཁྱེན་པའི་དགོངས་པ་ཅི་ཞིག །ཇི་བཞིན་དུ་རྒྱུ་ལས་བྱེད་པ་པོ་དང་འབྲེལ་བར་ཀུན་དུ་རྟོག་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ལས་མེད་པས་མི་ཤེས་པ་དང་། སྲེད་པ་དང་། ལས་ཀྱི་རྒྱུ་ལས་སྲིད་པ་གསུམ་འབྱུང་བ་མེད་དོ། །རྒྱུ་མེད་པ་ལས་ཀྱང་མ་ཡིན་ཏེ། བདག་

Vol. 121 · folio 207a

ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཞེས་པ་སྟེ། འོན་ཀྱང་སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་ཆོས་སུ་བཏགས་པ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་འབྱུང་བ་མེད་དེ་སྐྱེ་བ་ལ་སོགས་པའི་ཆོས་སྐད་ཅིག་པ་ལས་གུད་ན་མེད་

དོ། །བརྗོད་དུ་མེད་ཅིང་གཉིས་སུ་མེད་པའི་སྐད་ཅིག་པའི་རྒྱུད་ལ་ཡང་རྣམ་པར་རྟོག་པ་མི་འཇུག་གོ། །འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བ་ནི་གཞན་གྱི་དབང་གཉིས་རྣམ་པ་ལ་ཆོས་སུ་བཏགས་པའི་རྣམ་པར་རྟོག་པར་བྱའོ། །དངོས་པོ་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་དུ་ལྟུང་བའོ་ཞེས་

པ་ནི་འཇིག་རྟེན་རྒྱང་པན་གྱི་རྒལ་བ་སྟེ། ཐམས་ཅད་མཁྱེན་པས་སྤོང་བ་རང་དང་སྤྱིའི་མཚན་ཉིད་ནི་གཉིས་ཀྱི་རྣམ་པའི་ཤེས་པ་ལ་ཕྱི་རོལ་དང་། ནང་གི་དྲོ་བ་དང་། གྲང་བ་དང་། རྟག་པ་དང་མི་རྟག་པའི་དངོས་པོ་རྣམ་པར་བརྟག་གོ། །དེས་ན་ནོར་པར་སྒྲོ་བཏགས་པའི་རྣམ་པ་ཐམས་

ཅད་ལ་རང་དང་སྤྱིའི་མཚན་ཉིད་དུ་བཤད་དོ། །ཇི་ལྟར་དབུ་མ་ལས། མཚོན་བྱ་མཚན་ཉིད་གལ་ཏེ་གཞན། །མཚན་ལ་མཚན་ཉིད་མེད་པར་འགྱུར། །གཅིག་ན་དེ་གཉིས་མི་འགྲུབ་སྟེ། །ཐ་དད་ན་ཡང་གཞན་དུ་མེད། །ཅེས་པའོ། །དེ་ལྟར་ན་ནང་དང་ཕྱིའི་མཚན་ཉིད་མེད་པ་ལ་རྣམ་པར་

རྟོག་པ་དེའི་ཕྱིར་འཇིག་རྟེན་རྒྱང་པན་ལ་ཁྱབ་པའི་ཚུལ་ཐམས་ཅད་མཁྱེན་པས་གསུངས་པ། བྲམ་ཟེ་ཇི་ཙམ་དུ་ཡིད་ལས་རྣམ་པར་གཡོས་པ་དང་། ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་ཤིང་རྣམ་པར་རྟོག་པ་ཙམ་དུ་འཇིག་རྟེན་རྒྱང་པན་ནོ་ཞེས་པ་ནི། ཇི་ཙམ་དུ་ཕྱི་རོལ་གྱི་དོན་ལ་

མངོན་པར་ཆགས་ཤིང་འཛིན་པ་དང་གཟུང་བའི་རྣམ་པར་རྟོག་པ་སོ་སོར་སྣང་བའི་ཤེས་པ་ནི་ལོག་པའི་ཤེས་པའོ། །ཡིད་ལ་རྣམ་པར་གཡོས་པ་ནི་རྟག་པ་ལ་སོགས་པའི་རྣམ་པར་འཇུག་པ་དེ་ཙམ་དུ་ཐམས་ཅད་འཇིག་རྟེན་རྒྱང་པན་པའོ། །གང་ཡང་དོན་དམ་པའི་བདེན་པའི་ཡེ་

ཤེས་དེ་ནི་བསམ་པ་མེད་ཅིང་སྣང་བ་མེད་པ་མི་གཉིས་པའི་ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་རྟོག་པ་སྟེ། དེས་ནི་གཉིས་ཀྱི་རྣམ་པར་རྟོག་པའི་རྣམ་པ་ཐམས་ཅད་མི་འཇུག་གོ། །གྲུབ་པའི་མཐའ་འདི་ནི་བདེ་བར་གཤེགས་པའི་ཡིན་ཏེ། མུ་སྟེགས་

Vol. 121 · folio 207b

བྱེད་ཐམས་ཅད་ལ་མ་གཏོགས་པར་རྣམ་པར་གཞག་གོ། །སྐད་ཅིག་པའི་རྒྱུན་དུ་འབྱུང་བས་ན་མུ་སྟེགས་བྱེད་པའི་རྟག་པ་ལ་སོགས་པ་དང་མཐུན་པའི་ཆོས་མ་ཡིན་ནོ། །ཕྱི་རོལ་གྱི་དོན་མེད་པའི་ཕྱིར་འཇིག་རྟེན་རྒྱང་པན་གྱི་འབྱུང་བའི་རྒྱུ་ལས་ལོག་ཅིང་རིག་པར་ཞུགས་པ་སྟེ། དགེ་བ་དང་མི་

དགེ་བའི་ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པ་ལས་སྐྱེས་པ་དང་། ཤེས་རབ་ལ་སོགས་པའི་ཚོགས་ལ་གོམས་པ་ལས་སྐྱེས་པའི་སེམས་ཏེ། དེས་ན་འཇིག་རྟེན་རྒྱང་པན་དགག་པ་བསྒྲུབ་པར་རྗེས་སུ་དཔག་གོ། །ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་

ནས་གཉིས་སུ་མེད་པ་ནི་དམིགས་སུ་ཟིན་ཀྱང་། འོན་ཀྱང་བསམ་པ་མེད་ཅིང་སྣང་བ་མེད་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་རྒྱུན་ཡང་དག་པར་རིག་པ་ནི་དེ་ལས་གཞན་པ་ངེས་པར་འཇུག་པ་དབང་པོའི་ཤེས་པ་ཡང་དག་པར་རིག་པ་བཞིན་དུ་མངོན་སུམ་མོ། །གྲུབ་པའི་མཐའ་

འདི་ནི་མུ་སྟེགས་ཅན་རྣམས་ཀྱི་མ་ཡིན་ལ་འཇིག་རྟེན་རྒྱང་པན་ལ་གྲགས་པ་ཡང་མ་ཡིན་ནོ། །གྲུབ་པ་འདི་ཡང་སྟོན་ཏོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པ་རྒྱ་ཆེར་བསྟན་པ་མདོར་རིག་པར་བྱའོ། །ཕྱི་རོལ་གྱི་འབྱུང་བར་སྒྲོ་འདོགས་པས་རྣམ་པར་རྟོག་པ་འབྱུང་ངོ་། །ནམ་ཤེས་

རབ་ཀྱིས་དཔྱད་པ་དེ་ནི་མི་དམིགས་ཤིང་རྣམ་པར་རྟོག་པ་ལྡོག་སྟེ། རང་གི་མཚན་ཉིད་དུ་འདུག་གོ། །ཆུད་པ་འཁྲུགས་པ་ནི་དེ་འཁྲུག་གོ། །ཤེས་རབ་ཀྱིས་དཔྱད་པས་ནོར་པ་ལྡོག་གོ། །ཆུད་པ་གནས་ལས་བྱུང་བ་ན་གཞན་གྱི་དབང་ལ་བརྟེན་པ་གཉིས་ཀྱི་རྣམ་པའི་རྣམ་

པར་རྟོག་པ་འཇུག་གོ། །མཚན་མ་མི་དམིགས་པ་ན་རང་གི་གནས་སུ་ཆུད་པ་ཙམ་དུ་འདུག་གོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་གསལ་བར་བཤད་པའོ། །ཟང་ཟིང་སྡུད་པ་ནི་སྲེད་པ་སྡུད་པ་སྟེ་སྡུག་བསྔལ་གྱི་དོན་ཏོ། །སྡུག་བསྔལ་ཡོངས་སུ་ཟད་པ་ནི་དག་པའི་ཆོས་

ཀྱིས་ཐོབ་པར་བྱེད་དོ། །དེས་ན་འཇིག་རྟེན་རྒྱང་པན་གྱི་སྨྲ་བ་ཡོངས་སུ་སྤོང་ཞིང་དག་པའི་ཆོས་ཐོབ་པར་བརྩོན་པར་བྱའོ་ཞེས་པའོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་འཇིག་རྟེན་རྒྱང་པན་དཔྱད་པའི་ལེའུ་སྟེ་

Vol. 121 · folio 208a

བཅུ་གཉིས་པའོ།། །།དེ་ལ་བློ་གྲོས་ཆེན་པོས་ཆོས་སྡུད་པ་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་ཀྱིས་ཆོས་བདག་མེད་པ་གཉིས་ཁོང་དུ་ཆུད་པ་དང་ཞེས་བྱ་བ་ལ་སོགས་པ་དེ་ལ་བདག་མེད་པ་གཉིས་ནི་ཆོས་དང་གང་ཟག་ལ་བདག་མེད་པའོ། །ཇི་ལྟར་མདོ་སྡེ་འདི་

ཉིད་ལས་གསུངས་པ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པར་ཕུང་པོར་གནས་པའི་སྦོམ་པོ་རྣམས་ཕྱེ་ཞིང་། བཙོས་པ་དང་། མ་བཙོས་པ་དང་། བསྒུལ་བ་དང་། མ་བསྒུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པར་ཕྱོགས་

ཀྱི་ཆ་ཐ་དད་པར་ཕྱེ་བ་ནི་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །ཆ་མེད་པའི་རྡུལ་ཕྲ་མོ་རྣམས་ནི་བླ་འོག་ཏུ་ཆགས་པར་མི་རུང་སྟེ། སེམས་དང་སེམས་ལས་བྱུང་བ་བཞིན་བར་ལན་དུ་མར་བཤད་པའོ། །གང་ཟག་ལ་བདག་མེད་པར་ཡང་གང་ཡོད་

པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་འབབ་ཆུ་ལ་སོགས་པ་བཞིན་ནོ། །སྨྲ་བ་གཞན་དག་གིས་བརྟགས་པའི་བདག་དང་། ཚངས་པ་དང་། དབང་པོ་དང་། རྡུལ་དང་། གཙོ་བོ་ལ་སོགས་པ་ཡོད་པར་ཁས་ལེན་ཏོ། །དེ་དག་གི་བློ་དང་རྣམ་པར་རྟོག་པས་

དངོས་པོ་བླངས་པ་མེད་དེ། རྟག་པ་ནི་མེད་པ་སྟེ། མ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །རིམ་དང་ཅིག་ཅར་གྱི་དོན་གྱི་བྱ་བ་འགལ་བའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའོ། །དེ་ལྟར་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་ཤིང་ཤེས་རབ་

ཀྱིས་དཔྱད་དེ། རྟག་པ་དང་། བདག་དང་། བྱེད་པ་པོ་དང་། ལས་དང་། བྱེད་པ་དང་། བྱ་བ་དང་། གཟུང་བ་དང་། འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་འཇུག་གོ། །ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཕུང་པོར་མི་གནས་པ་དང་། རྣམ་པར་འཇིག་

པའི་ཕྱིར་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་བདག་དང་བདག་གིར་ཆགས་པ་མེད་པའི་ཕྱིར་འཇུངས་པ་སྤངས་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱི་སའི་ཁྱད་

Vol. 121 · folio 208b

པར་གོང་ནས་གོང་དུ་ཡུལ་ལ་དབང་ཞིང་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་གོ། །ཇི་ལྟར་ན་དབང་ཐོབ་ཅེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དབང་བསྐུར་བ་རྟོགས་པ་དང་། ཐུགས་པ་མེད་པའི་གནས་ཡོངས་སུ་བཟུང་བ་དང་། ཆོས་ཐམས་ཅད་ལ་ལྷུན་

གྱིས་གྲུབ་པས་དབང་བྱེད་པ་ནི་ཆོས་ཞེས་བྱའོ་ཞེས་པ་སྟེ། ས་བཅུ་ཐ་དད་པས་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམས་ཀྱིས་གོང་མའི་ཡང་གོང་མར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་སྦྱོར་བ་མཆོག་ཏུ་དབང་དུ་གྱུར་པས་དབང་དང་གཞན་གྱི་དོན་དུ་ནུས་པའི་རྣལ་འབྱོར་གྱི་དབང་པོ་ཐམས་ཅད་

མཁྱེན་པ་ཉིད་ཐོབ་ཅིང་སེམས་ཅན་ལ་ཕན་པར་འཇུག་པར་འགྱུར་རོ། །དེ་ལ་སྡོམ་པ་གཉིས་པ་དད་པ་སྤྱོད་པ་ལས་འདས་ཏེ། རབ་ཏུ་དགའ་བའི་ས་ལ་ཏིང་ངེ་འཛིན་ཐོབ་ནས་དབང་ཐོབ་པ་ནི་འཁོར་བ་ལས་ལོག་པ་ཡིན། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། མང་

དུ་ཐོས་ཤིང་འཇིགས་པ་མེད་པ་ཡིན། དེ་འཁོར་གྱི་ནང་དུ་སྤ་གོང་བ་མེད་པ་ཡིན། དེ་ཀུན་དུ་འཚེ་བས་འཇིགས་པ་མེད་པ་ཡིན། སངས་རྒྱས་བརྒྱ་ནི་མཐོང་། ཞིང་བརྒྱ་ནི་བསྐྱོད། ལུས་བརྒྱ་ནི་སྟོན། གཉིས་ཀྱིས་འཁོར་ལོས་སྒྱུར་བ་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་དུ་

སེམས་ཅན་རྣམས་དགོད་པར་བྱེད། སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་པ་ནི་ཟས་འདོད་པ་ལ་ནི་ཟས་སྦྱིན་ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་རྒྱ་ཆེར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་རོ། །དྲི་མ་མེད་པར་ཆོས་དང་གང་ཟག་ལ་བདག་མེད་པ་རྟོག་པར་འཛིན་

པ་དང་། གཟུང་བ་གཉིས་ཀྱི་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་གཉིས་སུ་མེད་པའི་ཚུལ་ཁྲིམས་ཀྱི་ཏིང་ངེ་འཛིན་ལ་གནས་པ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་རོ། །འོད་བྱེད་དུ་མངོན་པར་ཤེས་པ་དང་། བཟོད་པ་ཐོབ་པས་འོད་དང་ལྡན་པའི་

ཕྱིར་སྣང་བར་འགྱུར་རོ། །འོད་འཕྲོར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་རྟོགས་པར་སྤྲོ་བས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེའོ། །ཤིན་ཏུ་དཀའ་རྒྱལ་དུ་རྒྱལ་བར་དཀའ་བའི་ཉོན་མོངས་པ་ལས་རྒྱལ་ཏེ་སེམས་རྩེ་གཅིག་ཏུ་མཉམ་པར་

Vol. 121 · folio 209a

འཇོག་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེའོ། །མངོན་དུ་བར་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་མཐུན་པ་དང་། མི་མཐུན་པར་འཇུག་པར་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེའོ། །རིང་དུ་སོང་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་

རྟོགས་པའི་ཕྱིར་རིང་དུ་སོང་བ་སྟེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཡང་སྙིང་རྗེས་གཞན་གྱི་དོན་ཐབས་ཀྱིས་བྱེད་དེ། དེ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེའོ། །མི་གཡོ་བར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཤེས་རབ་ཀྱིས་དཔྱད་པའི་སྟོང་པ་ཉིད་གཉིས་སུ་མེད་ཅིང་སྣང་

བ་མེད་པའི་ཏིང་ངེ་འཛིན་ལས་ལྡང་ཞིང་དག་པའི་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་སོ་སོར་ལྟ་བའི་ཡེ་ཤེས་ཀྱིས་འཇིག་རྟེན་སྣང་བར་བྱེད་ཅིང་གཞན་གྱི་དོན་དུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་རོ། །ལེགས་པའི་བློ་གྲོས་སུ་ནི་སོ་སོར་ཡང་དག་པར་རིག་པའི་

ཏིང་ངེ་འཛིན་སོ་སོར་ལྟ་བའི་ཡེ་ཤེས་བསམ་པ་དང་བག་ལ་ཉལ་བ་ཐམས་ཅད་ཤེས་ཤིང་ཆོས་སྨྲ་བ་པོའི་ཆོས་བསྟན་པ་རབ་ཏུ་འབྱུང་སྟེ། དེའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་རོ། །ཆོས་ཀྱི་སྤྲིན་དུ་ནི་ཆོས་མཐའ་དག་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་རྣམས་

ཀྱིས་དབང་བསྐུར་ཏེ། དེའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར་འགྱུར་རོ། །ས་བཅུར་སྤོང་བར་བྱ་བ་ཉོན་མོངས་པའི་མི་ཤེས་པ་བག་ཆགས་དང་བཅས་པ་དེས་སྤོང་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་ཡང་དེ་ཆོས་ཐམས་ཅད་ལ་དབང་བྱེད་ཅིང་རྣལ་འབྱོར་

ཐམས་ཅད་ཀྱི་དབང་པོ་སངས་རྒྱས་ཉིད་དུ་འགྱུར་རོ། །ལྷུན་གྱིས་གྲུབ་པ་མེད་པ་ནི་ས་བདུན་གྱི་བར་དུ་སྟེ་ས་བརྒྱད་ཀྱི་དབང་པོ་རྣམས་ཀྱིས་ནི་ལྷུན་གྱིས་གྲུབ་པའོ། །ས་དང་པོའི་དབང་པོ་རྣམས་ཀྱིས་ཡེ་ཤེས་ལ་དབང་བྱེད་མོད་ཀྱི་འོན་ཀྱང་ཐམས་ཅད་མཁྱེན་པའི་དུས་སུ་རྫོགས་པར་

འགྱུར་རོ། །ཚེའི་དབང་དང་། ཡོ་བྱད་ཀྱི་དབང་དང་། ལས་ཀྱི་དབང་ཐོབ་པས་ན་འཁོར་བ་ལས་ལོག་པ་ཡིན། དེ་ཀུན་དུ་འཚོ་བ་ལས་འཇིགས་པ་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན་ས་དང་པོ་ནས་བརྩམས་ཏེ་དབང་བྱེད་པ་ཡིན་ནོ། །ཇི་ལྟར་གསུངས་པ།

Vol. 121 · folio 209b

ཚེ་ལས་ཡོ་བྱད་མོས་པ་དང་། །སྨོན་ལམ་རྫུ་འཕྲུལ་སྐྱེ་དབང་དང་། །ཆོས་སེམས་དེ་བཞིན་ཤས་ཆེན་དང་། །དབང་བཅུ་འདི་དག་དབང་པོས་འཐོབ། །ཅེས་པ་སྟེ། དེས་ན་དབང་བྱེད་པར་འགྱུར་རོ། །ས་བཅུ་ཐ་དད་པར་ཕྱེ་བ་ན་ཐམས་ཅད་མཁྱེན་པ་ཁོ་ན་ཐོབ་པར་བྱེད་དོ་ཞེས་འཕགས་པ་ས་བཅུ་པ་

དང་འདྲ་བར་ཐམས་ཅད་མཁྱེན་པས་འདིར་བསྙད་པའོ། །ལྟ་བ་ཐམས་ཅད་ལ་སྤྲོས་པ་ལ་རྣམ་པར་རྟོག་པའི་དངོས་པོ་མཐའ་གཉིས་སུ་ལྷུང་བར་བྱེད་པས་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པར་ལྟ་བའི་རྣམ་པར་རྟོག་པ་སྟེ། རྡུལ་ཕྲ་མོའི་རང་བཞིན་ཡོད་པ་རྟག་པའི་གཟུགས་དང་། སྦོམ་

པོ་ཡན་ལག་གི་རྫས་ནི་བྱེད་པ་དང་ལྡན་པ་ནས་ཡོན་ཏན་དང་ལྡན་པ་དང་། འདུ་བའི་རྒྱུ་བའི་བར་དུ་རྫས་ཡོད་ལ་རྨི་ལམ་གྱི་དུས་ན་མེད་དོ་ཞེས་སོ། །ཤེས་རབ་ཀྱིས་དཔྱད་ནས། གང་གི་ཚེ་ན་སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིགས་ཏེ། མི་དམིགས་པ་དེའི་ཚེ་ལྟ་བའི་སྤྲོས་པ་ལ་རྣམ་པར་

རྟོག་པ་སྤོང་ངོ་། །མུ་སྟེགས་བྱེད་སྨྲ་བ་ནི་བྱིས་པ་རྣམས་ཕལ་ཆེར་རྟག་པ་དང་། ཆད་པ་དང་། མཐའ་གཉིས་སུ་ལྷུང་བར་བྱེད་དོ། །མཁས་པ་རྣམས་ནི་མ་ཡིན་ནོ། །རྒྱུ་མེད་པར་སྨྲ་བ་ཡོངས་སུ་བཟུང་བས་རྣམ་པར་ལྟ་བར་འགྱུར་རོ་ཞེས་པ་ནི་ཇི་ལྟར་ཁྱད་པར་ཅན་ལ་སོགས་པ་ཡོད་

ལ། རྒྱུ་དང་མི་ལྡན་པ་ནི་རྟག་པའོ་ཞེས་ཀུན་རྟོག་པར་བྱེད་དེ། མཐོང་བ་དང་རེག་པ་ལ་སོགས་དོན་གཅིག་འཛིན་པས་ན། བདག་ཡོད་དོ་ཞེས་སོ། །རྒྱུ་ཞིག་པར་རྒྱུའི་དངོས་པོ་མེད་པའི་ཕྱིར་ཆད་པར་ལྟ་བར་འགྱུར་ཏེ་ཞེས་པ་ནི་རྒྱུ་འཇིག་པའི་ཕྱིར་སྐད་ཅིག་པའི་གཉིས་པོ་ལ་འབྲས་

བུའི་དངོས་པོ་མེད་པས་སྐད་ཅིག་པ་སྔ་མ་རྒྱུ་མ་ཡིན་ནོ། །དེ་ལྟར་ན་མུ་སྟེགས་ཅན་རྣམས་ཆད་པར་ལྟ་བར་འགྱུར་རོ། །དྲན་པ་དང་ཤེས་པ་ལ་སོགས་པ་སྐད་ཅིག་མར་འཇིག་པ་ལ་མི་རུང་ངོ་ཞེས་པར་རྒོལ་བ་ལ་ཐམས་ཅད་མཁྱེན་པས་ཀྱང་གནས་པའི་ཕྱོགས་སུ་གསུངས་པ།

སྐྱེ་བ་དང་། གནས་པ་དང་། འཇིག་པར་མི་མཐོང་བས་ཆོས་ཞེས་དེ་སྐད་དུ་བྱའོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པའི་དགོངས་པ་ནི་འདི་ཡིན་ཏེ། གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་། འབབ་ཆུ་ལ་སོགས་པ་བཞིན་ནོ། །རྟག་པ་ནི་མ་སྐྱེས་པས་ན་རི་བོང་གི་རྭ་

Vol. 121 · folio 210a

ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །རིམ་དང་ཅིག་ཅར་དུ་བྱེད་པ་དང་འགལ་བའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་དོ། །དེའི་ཕྱིར་དྲན་པ་དང་། ཤེས་པ་དང་། འཆིང་བ་དང་། གྲོལ་བ་དང་། བདེ་བ་ལ་སོགས་པ་སྐད་ཅིག་མར་འཇིག་པ་ལ་ནི་རུང་གི་

རྟག་ཅིང་མི་འགྱུར་བ་ལ་ནི་མ་ཡིན་ནོ། །ལུང་སྟོན་པ་ལ་སྐྱེ་བ་དང་གནས་པ་དང་། འཇིག་པ་ལ་སོགས་པ་ཐ་དད་པར་བྱེད་པ་དང་། བྱེད་པ་པོ་མངོན་པར་འབྲེལ་བར་ཀུན་རྟོག་པ་དེ་དག་མི་རུང་སྟེ། འོན་ཀྱང་དེ་ཉིད་མ་བྱུང་བ་ལས་བྱུང་བ་དང་། བྱུང་བ་ལས་ཕྱིར་མེད་པར་འགྱུར་ཏེ། དེས་

ན་སྐྱེ་བ་དང་། གནས་པ་དང་། འཇིག་པའི་ཆོས་རྟག་པ་ཡིན་ཏེ་དོན་དམ་པའི་ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར་དགེ་འདུན་ཆེན་པོ་རྣམས་ཀློག་པ། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་

པ་སྟེ། དེས་ན་བདག་མེད་པ་གཉིས་ཀ་ལ་ཡང་སྐད་ཅིག་མར་འཇིག་པ་ཡོད་ཅེས་ཐམས་ཅད་མཁྱེན་པས་དགོངས་པའོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་ཆོས་དཔྱད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།

དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ཞེས་གང་མུ་སྟེགས་བྱེད་ཐམས་ཅད་རྣམ་པར་རྟོག་པ་མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཞེས་

བགྱི་བ་དག་གི་ཚིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཞེས་བྱ་བ་ལ་སོགས་པ་སྟེ། མུ་སྟེགས་བྱེད་པ་ཁ་ཅིག་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འགོག་པ་དང་། ཡུལ་ལ་འདོད་ཆགས་

དང་བྲལ་བ་དང་། རྟག་པ་དང་ཆོས་མི་མཐུན་པ་མཐོང་བས་སེམས་དང་སེམས་ལས་འབྱུང་བ་མང་པོ་མི་འབྱུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཡུལ་རྗེས་སུ་དྲན་པ་ནི་མར་མེ་དང་། ས་བོན་དང་། རླུང་བཞིན་དུ་རྒྱུ་ཟད་པས་རྣམ་པར་རྟོག་པ་མི་འཇུག་པར་བརྗོད་

Vol. 121 · folio 210b

དོ། །དེའི་ཕྱིར་དེ་དག་ལ་མྱ་ངན་ལས་འདས་པར་འགྱུར་མོད་ཀྱི་བློ་གྲོས་ཆེན་པོ་འཇིག་པར་ལྟ་བས་མྱ་ངན་ལས་མི་འདའོ་ཞེས་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་དཔེ་མར་མེ་ལ་སོགས་པས་ཡུལ་རྣམས་སྐད་ཅིག་མར་འཇིག་པ་རྣམ་པར་ཤེས་པ་ནས་འཇིག་པའི་ལྟ་

བ་གང་གིས་མྱ་ངན་ལས་འདས་པར་རྟོག་པ་དེ་དག་ལ་འགྲོ་བ་ཐམས་ཅད་ཀྱི་ཐེར་ཟུག་ཏུ་སྔ་མའི་སྐད་ཅིག་པའི་འོག་ཏུ་མྱ་ངན་ལས་འདས་པ་ཉིད་དོ། །དེའི་ཕྱིར་འཇིག་པར་མཐོང་བས་མྱ་ངན་ལས་འདས་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །ཉན་

ཐོས་རྣམས་དང་། དགེ་སློང་སྐྱེ་བོའི་ཆོས་བསམ་པ་ཅན་ཞེས་བྱ་བ་རྣམས་ཕུང་པོ་འཇིག་པར་ལྟའོ། །ཐེག་པ་ཆེན་པོ་ལ་ནི་ཕྱི་རོལ་གྱི་དོན་གྱི་དངོས་པོ་མེད་པས། འཛིན་པ་དང་གཟུང་བའི་དངོས་པོ་མེད་པའི་ཕྱིར་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ། །

ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྟག་པར་ཀུན་དུ་མི་མཐོང་ངོ་། །མི་རྟག་པར་ཡང་མ་ཡིན་ནོ་ཞེས་པ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན། དགེ་བ་ཡང་མ་ཡིན་མི་དགེ་བ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་རྒྱ་ཆེར་རོ། །གཞན་

དག་ནི་ཡུལ་གཞན་གྱི་གནས་སུ་སོང་བ་ཐར་པའོ་ཞེས་བརྗོད་པ་ནི་ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི་དབུས་ན་ཐར་པར་འགྲོའོ། །ཁ་ཅིག་ནི་རླུང་གིས་ཀླད་པ་བརྟོལ་ཏེ་ཞི་བའི་གནས་སུ་འགྲོའོ་ཞེས་རྟོག་གོ། །གང་ན་གནས་སུ་འགྲོ་བ་དེ་ན་སྐྱེ་བ་སྟེ། སྐྱེ་བ་གཞན་དུ་འགྲོ་བ་ཉིད་ཀྱི་

ཀྱིས་མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། ཉོན་མོངས་པ་ཟད་ནས་ཐར་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །དེ་བས་ན། ཉོན་མོངས་འདོད་སོགས་བསྒོས་པ་ཡིས། །སེམས་ཉིད་འཁོར་བ་ཡིན་པའི་ཕྱིར། །དེ་ཉིད་དེ་ལས་གྲོལ་བ་ནི། །སྲིད་པའི་མཐར་ཕྱིན་ཞེས་

པར་བརྗོད། །ཅེས་པ་ནི་མུ་སྟེགས་བྱེད་པ་ཁ་ཅིག་ནི་བློའི་རིག་པར་བྱ་བ་མཐོང་བ་རྣམ་པར་གཞིག་པས་ཐར་པ་བརྗོད་དོ། །ཤེས་པ་ལ་བློའི་རིག་པར་བྱ་བ་ཞིག་པར་མ་མཐོང་བས་ཐར་པ་ཞེས་བྱ་བ་ནི་མི་རྟག་པ་ཤེས་ནས་སྐྱོ་བ་ཐོབ་པའོ། །དེ་ནི་ཉོན་མོངས་པ་ཟད་པར་བྱ་

Vol. 121 · folio 211a

བ་ཐབས་མི་ཤེས་ཏེ། གལ་ཏེ་རྟག་པ་དང་། བདག་ཏུ་ཆགས་པས་འཁོར་བའི་སྡུག་བསྔལ་འབྱུང་བ་བདག་མེད་པ་ཤེས་ན་ལྡོག་གོ་ཞེ་ན་ནི་དེའི་ཚེ་ན་ཐར་པའི་ཐབས་སུ་འགྱུར་ན་འདུ་ཤེས་ཀྱི་རྣམ་པར་རྟོག་པ་བཀག་སྟེ་འཁོད་ཅིང་ཇི་ལྟར་ཤེས་རབ་ཀྱི་ཐབས་རྣམས་ཀྱིས་

ཆགས་པ་ལོག་སྟེ། ཇི་ལྟར་འགྲོ་བ་དེ་ལྟ་བུར་སྐད་ཅིག་མར་འཇིག་པ་མི་ཤེས་སོ། །ཁ་ཅིག་ནི་རྣམ་པར་རྟོག་པ་མི་འཇུག་ཅིང་རྟག་པ་དང་། མི་རྟག་པར་མཐོང་བས་ཞེས་པ་ནི་རྒྱུད་ཀྱི་རྒྱུན་དུ་གནས་པའི་རྣམ་པར་ཤེས་པ་ལ་བདག་ཏུ་སྒྲོ་བཏགས་ཏེ་རྟག་པ་དང་། བདག་ལ་སོགས་པའི་

རྫས་སུ་བརྟགས་ནས། བློ་དང་སྒྲ་དང་མི་རྣམས་མི་རྟོག་གོ་ཞེས་རྣམ་པར་རྟོག་པ་བཟློག་ཅིང་དེའི་ཡོན་ཏན་བློ་ལ་སོགས་པ་སྐྱེ་བ་རྣམས་བཀག་སྟེ་རྣམ་པར་རྟོག་གོ། །ཁ་ཅིག་ནི་མཚན་མར་རྣམ་པར་རྟོག་པ་མང་བ་ནི་སྡུག་བསྔལ་སྐྱེ་བ་ཐོབ་པར་བྱེད་པའོ་སྙམ་ནས། རང་གི་སེམས་སྣང་

བ་ཙམ་ལ་མི་མཁས་པ་དག་མཚན་མས་འཇིགས་ཤིང་སྐྲག་སྟེ་མཚན་མ་མཐོང་བས་བདེ་བ་འདོད་པའི་ཕྱིར་མྱ་ངན་ལས་འདས་པའི་བློར་གྱུར་ཏེ་ཞེས་པ་ནི་འདུ་ཤེས་ཀྱི་མཚན་མར་འཛིན་པའི་བདག་ཉིད་དེ། འདུ་ཤེས་སྐྲན་དང་འདུ་ཤེས་ཟུག་རྔུའོ་སྙམ་ནས་དེ་ལྟ་བུར་འདུ་ཤེས་མེད་པ་ཅན་

ཡིན་ནོ། །རང་གི་སེམས་སྣང་བ་ཙམ་ལ་མི་མཁས་པ་ནི། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་དུ་འབྱུང་བ་སྟེ། །ཞེས་པ་ཤེས་རབ་ཀྱིས་དཔྱད་པས་ལྡོག་པ་མི་ཤེས་ནས། བདག་རྟག་པ་ནི་མཆོག་ཏུ་དགའ་བའི་གནས་ཀྱི་མྱ་ངན་ལས་འདས་པར་རིག་

སྔགས་འཛིན་པའི་མཐར་སྨྲ་བ་རྣམས་རྟོག་གོ། །གང་ན་བདེ་བའི་ཀུན་དུ་ཚོར་བ་ཡོད་པ་དེ་ན་སྐྱེ་བ་གཞན་གྱི་གནས་ཏེ། ཇི་ལྟར་མྱ་ངན་ལས་འདས་པ་ཡིན་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །ཡང་ཁ་ཅིག་ནི་ནང་དང་ཕྱིའི་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་

ཁོང་དུ་ཆུད་ཅིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོ་མི་གནས་ཏེ། མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་ཞི་བ་པ་དང་། གཏོགས་འདོད་པ་དང་། ཚངས་པ་ལ་སོགས་པ་སྨྲ་བ་པོ་རྣམས་ཀྱིས་དངོས་པོ་རྣམས་སྤྱི་དང་ཁྱད་པར་དུ་ལྡན་པ་ཀུན་དུ་

Vol. 121 · folio 211b

རྟོག་གོ། །ཇི་ལྟར། ཐམས་ཅད་འདི་ནི་ཞི་བདག་སྟེ། །ཞི་བ་ཉིད་ལས་རབ་ཏུ་བྱུང་། །འབྱུང་པོ་ཀུན་ལ་ཞི་བ་སྟེ། །གང་ཞི་དེ་ནི་བདག་ཉིད་དོ། །ཇི་ལྟར་ཤིང་ལ་མེ་ཡོད་དང་། །ཆུ་ནི་ས་ལ་ཡོད་པ་སྟེ། །དེ་ལྟར་འབྱུང་པོ་ཐམས་ཅད་ལ། །ཞི་བ་དག་པ་རྣམ་པར་གནས། །བསྟན་པ་བྱིན་འགྲོ་དེ་བཞིན་

དུ། །གང་སར་ཅུང་ཟད་ཡོད་པ་ནི། །ཐམས་ཅད་དེ་ནི་དབང་མཆོག་གི །བདག་ཉིད་ཁྱབ་སྟེ་གནས་པའོ། །གཏོགས་འདོད་ཀྱིས་ཀྱང་སྨྲས་པ། འབྱུང་པོ་ཀུན་ལ་བདག་གནས་པར། །བདག་ལ་འབྱུང་པོ་ཐམས་ཅད་དེ། །བདག་ལྡན་དེ་ལྟར་སུས་རིག་པ། །ཀུན་དུ་མཉམ་པར་མཐོང་བའོ། །

ཚངས་པར་སྨྲ་བ་བྷ་དྲ་ཧ་རི་ལ་སོགས་པས་སྒྲུབ་པར་བྱེད་པ། དེ་ཕྱིར་ད་རོད་ས་གནས་པ། །སྣང་བའི་གྲོང་ནི་འགྱུར་བ་མེད། །ཚད་དང་ལྡན་པའི་སྤྲིན་རྣམས་ནི། །རླུང་ལས་སྐྱེ་བ་བཞིན་དུའོ། །སོ་སོར་ཚིག་དོན་དེ་དག་དང་། །ཁམས་ཀྱི་དོན་ཀྱང་སྨྲ་བ་སྟེ། །དེ་ཡོད་དང་ནི་དེ་ཆེ་བ། །

བདག་ཉིད་ཁོ་ན་ཉིད་རྣམས་སྨྲས། །ཞེས་པ་སྟེ། དེ་དེ་ལྟར་མི་གཉིས་པར་སྨྲ་བ་རྣམས་ཀྱིས་སྤྱི་དང་ཁྱད་པར་དུ་བརྟགས་པ་རྣམ་པ་ཐམས་ཅད་ཀྱི་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །ཀྵ་པ་ན་ཀ་དང་། དཔྱོད་པ་ཅན་གྱིས་

ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་བརྟགས་པ་ཡོད་པ་མ་ཡིན་ཏེ། བདག་དང་གཞན་གྱི་རང་བཞིན་གཉིས་གཅིག་པ་གཅིག་པུ་ལ་རང་བཞིན་གཉིས་མི་སྲིད་པའི་ཕྱིར་གཟུགས་ཅན་དང་། གཟུགས་མེད་པ་དང་། གྲང་བ་དང་། མེ་ལ་སོགས་པ་རྣམས་གཅིག་པའི་སྐྱོན་དུ་འགྱུར་

བའི་སྟེང་དུ་ཕན་ཚུན་གྱི་འབྲས་བུ་མེད་པར་ཡང་འགྱུར་རོ། །དེས་ན་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་ཤེས་པས་ཐར་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །ཁ་ཅིག་ནི་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་།

ཆོས་ཐམས་ཅད་མི་འཇིགས་པར་མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་ཐོས་པ་ལས་ཏེ། གལ་ཏེ་བདག་ལྟ་བར་བྱས་ན་ཤེས་པར་བྱ་བ་དང་། གདོན་མི་ཟ་བར་བསྟན་པར་བྱའོ། །འོན་ཏེ་སྐྱེ་དགུ་མི་འདོད་ན་སྐྱེ་དགུ་ཅི་བྱ། གང་དག་ལ་འཇིག་རྟེན་འདི་མེད་ཅིང་འཇིག་རྟེན་གྱི་མི་

Vol. 121 · folio 212a

རྟག་པ་ཉིད་ཤེས་ནས་བདག་གི་རྣལ་འབྱོར་དུ་གནས་པ་དེ་དག་ལ་ནི་ཇི་ཙམ་དུ་བདག་ཏུ་ཆགས་པ་ཡོད་པ་དེ་ཙམ་དུ་ཐར་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །བདག་དང་སེམས་ཅན་ལ་སོགས་པ་མིང་ནི་རྣམ་གྲངས་ཀྱི་སྒྲ་བཅུ་གཉིས་ཏེ། མུ་སྟེགས་བྱེད་ཀྱི་ཐར་

པར་ཀུན་བརྟགས་པ་དེ་དག་རྟག་ལ་གཟུགས་ལ་སོགས་པ་གཞན་ནི་མི་རྟག་པའོ་ཞེས་པ་སྟེ། དེས་ན་བདག་ཏུ་མངོན་པར་ཆགས་པའི་ཕྱིར་དེ་དག་ཐར་པར་མི་འགྱུར་རོ། །ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་དག་བདག་གི་འདུ་ཤེས་ལ་ནི་གནས། །དེ་དག་སྡུག་བསྔལ་ལ་ནི་རབ་ཏུ་

གནས། །གང་ན་སྡུག་བསྔལ་ལ་ནི་མིན་པ་ཡི། །བདག་མེད་པའི་ནི་བདག་མི་ཤེས་སོ་ཞེས། །ཞེས་པའོ། །བློ་གྲོས་ཆེན་པོ་མུ་སྟེགས་བྱེད་མི་མཁས་པའི་བློ་ཅན་ཁ་ཅིག་ནི་རང་བཞིན་དང་སྐྱེས་བུའི་བྱེ་བྲག་མཐོང་བ་དང་། ཡོན་ཏན་འགྱུར་བ་བྱེད་པ་པོའི་ཕྱིར་མྱ་ངན་ལས་འདས་པར་

རྟོག་གོ་ཞེས་པ་ནི་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་ཀྱི་ཡུལ་ལས་ཤིན་ཏུ་སྐྱེ་སྟེ། རྟག་པར་བདག་ཏུ་སྦྱོར་ཞིང་རང་གི་ཡོན་ཏན་བློ་ལ་སོགས་པ་ཁས་བླངས་པར་སྔར་སྨྲས་པ་རྣམས་ཡོངས་སུ་སྤང་བའི་ཕྱིར་ཐར་པའོ་ཞེས་སོ། །གྲངས་ཅན་རྣམས་ནི་མི་མཁས་པའི་བློ་

ཅན་དུ་ཐམས་ཅད་མཁྱེན་པས་གསུངས་པ་སྟེ། སྒྲ་ལ་སོགས་པར་དམིགས་པའི་ཡོན་ཏན་སྐྱེས་བུས་བྱེ་བྲག་ཏུ་མཐོང་བ་སྟེ། གཙོ་ནི་སྐྱེས་བུའི་དོན་ཡིན་པར་རྟོག་གོ། །ཚོར་བ་ཅན་གྱི་གཟུགས་ལ་སོགས་པའི་ཡུལ་གྱི་ཁྱད་པར་ཡོངས་སུ་ཤེས་པར་གྱུར་དུ་ཟིན་ཀྱང་རེ་ལྡེ་དང་རྩིག་

པའི་ཁྱད་པར་བཞིན་ཏེ། བདག་ཏུ་ཆགས་པ་མ་ལོག་པའི་བར་དུ། དེ་ཙམ་གྱིས་ཐར་པར་འགྱུར་རམ། བསམ་པ་མེད་པའི་ཡོན་ཏན་རྣམས་བྱེད་པ་པོ་ཡིན་གྱི་བསམ་པ་ཡོད་པ་ནི་བྱེད་པ་པོ་མ་ཡིན་ནོ་ཞེས་པས་ན་མི་མཁས་པའི་བློ་ཅན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་

པའོ། །རང་བཞིན་དང་། བདེ་བ་དང་། སྡུག་བསྔལ་དང་། གཏི་མུག་གི་མཚན་ཉིད་དུ་ཡོན་ཏན་གསུམ་གྱི་བདག་ཉིད་དང་། སྐྱེས་བུའི་ལོངས་སྤྱོད་དང་། ཡུལ་གྱི་ངོ་བོ་ཉིད་དོ། །བློས་རྟོགས་པའི་དོན་ནི་སྐྱེས་བུས་ཚོར་རོ་ཞེས་གྲངས་ཅན་རྣམས་ཀྱིས་རྟོག་གོ། །དེའི་ཚེ་ན་

Vol. 121 · folio 212b

ཡང་ཡུལ་གདོན་མི་ཟ་བར་ཡོངས་སུ་བཅད་པ་ནི་བསམ་པ་དང་བཅས་པ་ལ་ནི་རིགས་པས་ན་བློ་དང་སྐྱེས་བུ་ཇི་ལྟར་ན་ཐ་དད་པར་རུང་ཞེས་བྱ་བར་བར་ཏི་ཀ་ལས་ཞིབ་ཏུ་རྩོད་དོ། །ཁ་ཅིག་ནི་བསོད་ནམས་མ་ཡིན་པ་ཡོངས་སུ་ཟད་པས་ཞེས་པ་ནི་ཇི་ལྟར་རིག་སྔགས་ཀྱི་བུན་ད་ཀའི་རྒྱུད་ལས། རྣལ་

འབྱོར་གྱིས་ནི་གཙུབ་གཏན་གཙུབ་ཤིང་ནི། །ཞེས་བསྲེགས་པ་མཐའ་མེད་པ་གསོད་སྡིག་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་བ་ཛ་ས་ན་ཡ་ཀ་ལས་བྱུང་བའི་རིག་སྔགས་ནི་རིག་སྔགས་མ་ཡིན་ནོ། །མཆོད་སྦྱིན་ནི་མཆོད་སྦྱིན་མ་ཡིན་ནོ། །ཕ་ནི་ཕ་མ་ཡིན་ནོ། །མ་ནི་མ་མ་

ཡིན་ནོ་ཞེས་བྱ་བ་དེས་རྐུ་བ་མི་རྐུ་བར་འགྱུར་རོ། །གདོལ་བུ་ནི་གདོལ་བུ་མ་ཡིན་ནོ། །སྨེ་ཤ་ཅན་ནི་སྨེ་ཤ་ཅན་མ་ཡིན་ནོ། །བྲམ་ཟེ་ནི་བྲམ་ཟེ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པར་གང་གཉིས་སུ་མི་མཐོང་བ་དེ་ཉིད་ན་ཡེ་ཤེས་མི་གཉིས་པའོ་ཞེས་པ་ནི་བདག་ཏུ་ཆགས་པ་

ལོག་པ་ན་སྡིག་པ་ཡོངས་སུ་ཟད་པར་འགྱུར་རོ། །ཞི་བ་ལ་རྟོག་པ་ནི། བཅོམ་ལྡན་འདས་ཀྱིས་འབྱུང་གཅིག་གི །བསོད་ནམས་སྡིག་པ་ཟད་པར་བྱེད། །འབྱུང་དང་འདྲ་བའི་ཐར་པ་མེད། །ཡི་གེ་ཕྱི་མོ་མཚུངས་རིག་མེད། །གལ་ཏེ་བདག་ཏུ་ཆགས་པ་མེད་པ་མ་ཡིན་པར་རབ་

ཏུ་བྱུང་བས་སྡིག་པ་ལྡོག་པར་འགྱུར་ན་ནི་ལྷས་རྗེས་སུ་བཟུང་བ་ཙམ་དུ་བཞག་གི་འདོད་ཆགས་དང་མ་བྲལ་བར་ནི་ཐར་པར་མི་རུང་ངོ་། །ཁ་ཅིག་ནི་ཉོན་མོངས་པ་ཟད་པར་ཤེས་པས་ཞེས་པ་ནི་ཤེས་རབ་ཀྱིས་དཔྱད་པ་མེད་པར་ཕྱི་རོལ་གྱི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་

ཡེ་ཤེས་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཟད་དུ་ཟིན་ཀྱང་བདག་ཏུ་ཆགས་པས་ན་ཕྱི་རོལ་གྱི་རྣམས་ལ་ཐར་པ་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །དེ་བས་ན། སྲིད་ལ་ཆགས་མེད་བསམ་གཏན་པ། །སྲིད་པའི་ཐོག་མར་ཕྱིན་པ་ཡང་། །ང་

རྒྱལ་ལྕགས་ཀྱུས་དྲངས་ནས་སུ། །སེམས་ཅན་དམྱལ་བར་ཡང་ལྟུང་ངོ་། །ཁ་ཅིག་ནི་འཇིག་རྟེན་རྣམས་ནི་དབང་པོས་རང་དབང་དུ་བྱས་པར་མཐོང་བས་མྱ་ངན་ལས་འདས་པ་རྟོག་གོ་ཞེས་པ་ནི། བདག་གི་སྡུག་བསྔལ་བདེ་བ་ལ། །སྐྱེ་བོ་མི་ཤེས་དབང་བྱར་མེད། །

Vol. 121 · folio 213a

ངན་སོང་ངམ་ནི་མཐོ་རིས་སུ། །དབང་པོས་བསྐྱོད་པ་བཞིན་དུ་འགྲོ། །དེ་སྟེ་དབང་པོའི་ཚིག་བཙན་ཏེ། །མཐོ་རིས་དང་ཐར་པ་ལ་སོགས་པར་འགྱུར་ན་ནི་དེའི་ཚེ་དབང་པོ་དེའི་འདོད་ཆགས་དང་བྲལ་བའི་ཕྱིར་ཐམས་ཅད་ཉིད་ཅིས་ན་ཐར་པར་མི་འགྲོ། །འོན་ཏེ་

འདོད་ཆགས་དང་བྲལ་བ་མ་ཡིན་ན་ནི་དེ་ལ་ཡང་ཉོན་མོངས་པ་དང་མི་ཤེས་པའི་སྡུག་བསྔལ་སུས་བྱས། དེའི་ཕྱིར་དབང་པོས་འཇིག་རྟེན་ལ་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་བྱེད་པ་མེད་དོ། །ཡོངས་སུ་དག་པ་ཞིག་ན་ནི་ཐལ་བས་སྐུད་པ་དང་། རལ་པ་འཆང་བ་

དང་། ལྷབ་ལྷུབ་སྣ་ཚོགས་པའི་གར་དང་གླུ་ལ་སོགས་པས་དབང་པོ་མགུ་སྟེ། ཅིས་ན་ཐར་པར་ཁྲིད། དེས་ན་རྟག་པ་དང་བདག་ཏུ་ཆགས་པའི་སྲེད་པ་དང་མ་བྲལ་བ་ནི་མི་རུང་གི །འདོད་ཆགས་དང་བྲལ་བ་ལ་ཐར་པར་རུང་ངོ་། །ཁ་ཅིག་ནི་འཇིག་རྟེན་གྱི་འབྱུང་བ་འདི་ནི་

གཅིག་གིས་གཅིག་ཞུགས་པ་སྟེ། རྒྱུ་ལས་མ་ཡིན་ནོ་ཞེས་དེ་ལ་རྒྱུ་ལ་མངོན་པར་ཆགས་པ་བཞིན་དུ་གཏི་མུག་པས་ཁོང་དུ་མི་ཆུད་དེ་དེ་ཁོང་དུ་མ་ཆུད་པས། མྱ་ངན་ལས་འདས་པ་ནི་མེད་པར་རྟོག་གོ་ཞེས་པ་ནི་སྐྱེ་བའི་སྐྱེ་བོ་རྣམས་ཀྱིས་ལས་ཀྱི་མཚན་མ་དང་སྐྱེ་བའི་མ་ཡང་རྒྱུ། རྒྱུ་

གང་མེད་པས་ཐར་པར་འགྱུར་བ་དེ་ཁོང་དུ་མི་ཆུད་དོ། །བདག་ལ་ཆགས་པ་ཡོད་ན་ལས་བྱེད་དོ། །བདག་མེད་པར་ཤེས་པས་མི་བྱེད་དོ། །བདག་ཏུ་ཆགས་པ་ཡོད་ན་ནི་ཇི་ལྟར་ན་ལས་བྱེད་པར་མི་འགྱུར་རོ། །ལས་སུ་སྨྲ་བ་པོ་རྣམས་ཀྱིས་བདག་ལས་ཀྱི་སྒྲིབ་པ་ལས་འགྲོལ་བར་

འགྱུར་རོ་ཞེས་དེ་ཅིས་ན་བརྗོད། ཇི་ལྟར་ལས་ཀྱི་རྒྱུས་སྐྱེ་བ་སྟེ། ལས་མི་བྱེད་ན་སྐྱེ་བར་མི་འགྱུར་རོ་ཞེས་སོ། །མྱ་ངན་ལས་འདས་པའི་རྩ་བའི་རྒྱུ་ནི་བདག་མེད་པར་རིག་པར་བྱའོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པར་བརྟག་གོ། །བློ་གྲོས་ཆེན་པོ་མུ་སྟེགས་བྱེད་ཁ་

ཅིག་ནི་བདེན་པའི་ལམ་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་ཇི་ལྟར་ནེ་ཡི་ཡ་ཡི་ཀས་རྟོག་པ་སྟེ། སྡུག་བསྔལ་འབྱུང་བའི་ཉེས་པ་ནི་ལོག་པའི་ཤེས་པ་རྣམས་ཀྱི་སྟེ། ཡང་ནས་ཡང་དུ་ལྷུང་བར་བྱེད་དོ། །དེ་ལྟར་མཚན་མར་སྦྱོར་བ་མེད་ན་ཐར་པའོ་ཞེས་

Vol. 121 · folio 213b

སོ། །ལས་འབྱུང་ན་སྐྱེ་བ་དང་། རྒ་བ་དང་། རྒུད་པ་དང་། འཆི་བའི་སྡུག་བསྔལ་ལོ། །ལས་ཀྱང་འདོད་ཆགས་ལ་སོགས་པས་བྱེད་དོ། །འདོད་ཆགས་ལ་སོགས་པ་ནི་ལོག་པའི་ཤེས་པ་ལས་འབྱུང་ངོ་། །མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ཡོངས་སུ་ཤེས་

པས་ལོག་པའི་ཤེས་པ་སྤང་ངོ་ཞེས་སོ། །དེ་ལྟ་བུར་བདེན་པའི་ཤེས་པ་ཐམས་ཅད་མཁྱེན་པས་དགོངས་པ་སྟེ། འོན་ཀྱང་དེ་དག་ལ་བདག་མེད་པའི་ཡེ་ཤེས་མེད་པས་དེ་བཞིན་དུ་བདག་ཏུ་ཆགས་པའི་ཕྱིར་ལས་དང་སྐྱེ་བ་ཇི་ལྟར་ན་ལྡོག་པར་འགྱུར། ཁ་ཅིག་ནི་ཡོན་ཏན་དང་ཡོན་

ཏན་ཅན་མངོན་པར་ཁོང་དུ་ཆུད་ཅིང་གཅིག་པ་དང་། ཐ་དད་པ་དང་། གཉི་ག་དང་། གཉི་ག་མ་ཡིན་པར་མཐོང་བས་མྱ་ངན་ལས་འདས་པའི་བློར་འགྱུར་རོ་ཞེས་པ་ནི་ཁྱད་པར་ཅན་རྣམས་ཀྱིས་བདག་གི་ཡོན་ཏན་དགུ་རྩ་བ་ནས་བཅད་ན་ཡོན་ཏན་ཅན་བདག་མཐར་རོ་ཞེས་རྟོག་གོ། །

མི་གཉིས་པར་སྨྲ་བ་རྣམས་གཅིག་པའི་ཕྱིར་ཚངས་པ་དང་། དབང་པོ་ལ་སོགས་པའི་ཆུད་པ་མཚུངས་པས་བདེ་བ་དང་། སྡུག་བསྔལ་བ་དང་། གཏི་མུག་རྣམས་ཡོན་ཏན་གཅིག་པ་ཡོངས་སུ་སྤངས་ནས་ཐར་པའོ་ཞེས་སོ། །ཇི་ལྟར་གཏོགས་འདོད་ཀྱིས་སྨྲས་པ། ལྷ་ཡི་འདི་

ནི་ཡོན་ཏན་ཅན། །ང་ཡི་སྒྱུ་མ་རྒལ་དཀའ་བར། །དེ་ལྟར་ང་ལ་སུ་རྟོགས་འགྱུར། །དེ་དག་སྒྱུ་མ་འདི་ལས་རྒལ། །ཞེས་སོ། །དེ་བཞིན་དུ་དབང་པོའི་སྒྱུ་མ་ནི་བྱེད་པའི་མཐུ་སྟེ། སྐྱེས་བུ་དང་། བུད་མེད་ཀྱི་ཉི་ཤུ་རྩ་བཞིའི་ཐ་དད་པས་ཕྱེ་བ་ནི་འཆིང་བར་འཇུག་གོ། །ཤེས་

པའི་མཐུས་ཐར་པའོ། །གཉིས་ཀར་སྨྲ་བ་ནི་གཉིས་སུ་སྨྲ་བའོ། །གཉིས་ཀའི་མ་ཡིན་པར་སྨྲ་བ་ནི་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་སྨྲ་བ་ཀྵ་པ་ན་ཀ་སྟེ། བདག་དང་། བྱེད་པ་པོ་དང་། ཕྱི་རོལ་དུ་ལྟ་བར་སྨྲ་བ་དེ་དག་ལ་བདག་ཏུ་ཆགས་པ་ཡོད་ཀྱི། བདག་མེད་པའི་ཡེ་ཤེས་མེད་

པས་ན་འཁོར་བ་ཇི་ལྟར་ན་ཡོངས་སུ་ཟད་པར་འགྱུར། ཁ་ཅིག་ནི་རང་བཞིན་ལས་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་རྒྱང་པན་གྱི་ཕྱོགས་ཉིད་བརྟག་སྟེ། ཇི་ལྟ་བ་བཞིན་དུ་དངོས་པོ་འདི་དང་། རང་བཞིན་ལས་འབྱུང་བ་དེ་བཞིན་དུ་རྣམ་པར་འཇིག་པ་ནི་ཐར་པའོ་ཞེས་སོ། །དེ་

Vol. 121 · folio 214a

ནི་སྐྱེས་མ་ཐག་པ་ལ་དགའ་བ་དང་། འཇིགས་པ་དང་། མྱ་ངན་ཀུན་རྟོགས་པས་སྔོན་གྱི་གོམས་པ་རྗེས་སུ་དཔག་གོ། །སྲེད་པ་དང་བཅས་པ་ཉིད་ནི་སྐྱེ་བ་དང་འདོད་ཆགས་དང་བྲལ་བ་ནི་མི་སྐྱེ་བར་མཐོང་བའི་ཕྱིར་དེས་ན་སྲེད་པ་ཡོངས་སུ་ཟད་ན་ཐར་པར་དགོངས་པའི་

དོན་དུ་བརྟག་གོ། །གཞན་དུ་སྐྱེ་བ་རྗེས་སུ་དཔག་པ་ནི་ལན་དུ་མར་བཤད་པ་ཡིན་ནོ། །ཁ་ཅིག་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཁོང་དུ་ཆུད་པས་ཞེས་པ་ནི་གྲངས་ཅན་རྣམས་ཏེ། ཁ་ཅིག་ནི་དབང་པོར་འདོད་པ་སྟེ། ཁ་ཅིག་ནི་དབང་པོ་མི་འདོད་དེ། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔའི་སྟེང་དུ་དབང་པོ་སྟེ།

བྱེད་པ་དང་བཅས་པ་དང་། བྱེད་པ་མེད་པ་ནི་མྱ་ངན་ལས་འདས་པའི་རྒྱུར་རྟོག་གོ། །ཁོ་ན་ཤེས་པ་ཉི་ཤུ་ལྔ། །གནས་ནི་གར་དང་གར་ཡང་རུང་། །མགོ་བྲེགས་རལ་པ་ཕུད་པུ་ཅན། །གྲོལ་བ་དེར་ནི་གདོན་མི་ཟ། །ཞེས་པ་ནི་སྤྱིར་རོ། །དབང་པོར་མི་སྨྲ་བ་རྣམས་ནི་རང་བཞིན་དང་

སྐྱེས་བུའི་བྱེ་བྲག་ཤེས་པས་ཐར་པ་ཞེས་འཛེར་ཏོ། །དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ལ་སེམས་པ་ནི་སྐྱེས་བུའི་ངོ་བོ་ཉིད་དོ། །སེམས་སྟོབས་དང་། རྡུལ་དང་། མུན་པ་མཉམ་པའི་དུས་ན་གཙོ་བོ་གཙོ་ལས་ཆེན་པོ་སྟེ། དེ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་ང་རྒྱལ་ལོ། །ང་རྒྱལ་ལས་སྒྲ་ལ་

སོགས་པའི་ཡུལ་དེ་ཙམ་ལྔའོ། །དེ་ཙམ་ལྔ་ལས་འབྱུང་བ་ལྔ་དང་། བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་དང་། ཡིད་དེ་གྲངས་ཅན་གྱི་ལོ་རྒྱུས་སོ། །ཁྱད་པར་ཅན་གྱི་བྱེ་བྲག་ནི་བློ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། ཞེ་སྡང་དང་། ནན་ཏན་དང་།

ཆོས་དང་ཆོས་མ་ཡིན་པ་དང་། འདུ་བྱེད་རྣམས་བདག་གི་ཡོན་ཏན་དགུ་ཟད་ན་ཐར་པའོ། །གྲངས་ཅན་རྣམས་ཀྱི་ནི་ཡོན་ཏན་དང་སྐྱེས་བུའི་ཁྱད་པར་མཐོང་བས་སོ། །ཁ་ཅིག་ནི་སྐྱེ་དགུ་སྐྱོང་བ་དང་། ཡོན་ཏན་དྲུག་བསྟན་པ་འཛིན་པས་མྱ་ངན་ལས་འདས་པ་རྟོག་གོ་ཞེས་པ་ནི་བདག་

གི་དོན་སྤངས་ལ། གཞན་གྱི་དོན་དུ་བསམ་པ་དག་ཅིང་སྙིང་རྗེ་ཅན་གྱི་སྐྱེ་དགུ་སྐྱོང་བས་ཡོན་ཏན་དྲུག་བསྟན་པ་འཛིན་པའི་ཕྱིར་ཐར་པ་ཞེས་ཏེ་སྡུག་བསྔལ་ཟད་པར་བརྟགས་པའོ། །ཡོན་ཏན་དྲུག་ནི་འཇལ་དུམ་དང་། འཐབ་པ་དང་། ཆབ་དང་། འཁོད་པ་དང་། རྟེན་པ་དང་། རྣམ་པ་གཉིས་

Vol. 121 · folio 214b

ཀྱི་དངོས་པོ་ཆོས་ཀྱི་ཚུལ་གྱིས་ཅིས་ན་ཚེ་གཞན་ལས་ཐར་ཞེས་ཐམས་ཅད་མཁྱེན་པའི་སྒྲའི་དོན་ལས་དགོངས་པའི་དོན་དུ་བརྟག་གོ། །ཁ་ཅིག་ནི་བྱེད་པ་པོ་དུས་མ་ཡིན་པར་མཐོང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་དུས་ཀྱི་མཐུ་ལས་སྐྱེ་བ་དེ་ལྟར་དུས་གཞན་དུ་ཐར་པ་ཞེས་ཏེ་འབྲས་བུ་

འབྱུང་བ་ཉིད་ཐར་པའོ། །ཇི་ལྟར་གཏོགས་འདོད་ཀྱིས་སྨྲས་པ། སྲོག་དང་སྲོག་མིན་དབུགས་སྙོམས་ནས། །སྣ་ཡི་ནང་དུ་རྒྱུ་བར་བྱེད། །དབང་པོ་ཡིད་དང་བློ་ཡང་བསྡམས། །ཐུབ་པའི་ཐར་པར་གནས་པའོ། །ཞེས་སོ། །ལྷ་ཆེན་པོས་ཀྱང་སྨྲས་པ། རྣམ་པར་སྙོམས་པའི་

དབུགས་ཀྱིས་ནི། །ཞགས་པ་སུས་ནི་མཆོད་མི་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །བདག་ཏུ་ཆགས་པའི་འདོད་ཆགས་དང་བྲལ་བ་ལ། ལས་དང་སྐྱེ་བ་ལས་ཐར་པར་རུང་ངོ་། །བློ་གྲོས་ཆེན་པོ་ཁ་ཅིག་ནི་སྲིད་པས་སོ་ཞེས་པ་ནི་ཅི་ལྟར་མཆོད་སྦྱིན་གྱིས་མཆོད་པར་གྱུར་པས་དེ་དག་གོ། །

གང་འདིར་ལྟ་དང་ལྡན་པའི་ཡོན་ནི་མཐོ་རིས་སུ་མཐོའོ། །གོས་སྦྱིན་པ་ནི་ཉི་མ་དང་ལྷན་ཅིག་པའོ། །གསེར་དངུལ་སྦྱིན་པ་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ཟ་ཞིང་དེ་ཚེ་མཐའ་མེད་པའོ། །ཁ་ཅིག་ནི་སྲིད་པ་མེད་པས་སོ་ཞེས་པ་ནི་ཁྲུས་དང་སྦྱིན་སྲེག་ལ་སོགས་པར་ཐར་པ་རྟོག་གོ། །གང་

གཱ་ཆུ་དང་དེ་བཞིན་མཆོད། །གང་གཱ་རྒྱ་མཚོ་འདྲེས་པར་ནི། །ཁྲུས་བྱེད་དེ་དག་མཐོ་རིས་འགྲོ། །ཤི་བ་དེ་དག་ཡང་སྲིད་མེད། །ཅེས་པ་ལ་བདག་ཏུ་ཆགས་པ་ནི་ལས་དང་སྐྱེ་བའི་རྒྱུ་སྟེ། དེ་ལ་མ་ཆགས་པ་ནི་ཐར་པར་རུང་ངོ་། །ཡིད་ལྟ་དཔའ་བོར་གནས་ཤིང་ནི། །རྣལ་འབྱོར་

བརྩོན་པའི་འགྲོ་བ་གང་། །གང་གཱ་ཡ་མུན་འདྲེས་པ་ལ། །སྲོག་འདོར་དེ་ཡི་འགྲོ་བ་དེ། །ནམ་ཞིག་དུས་ཀྱི་རྣམ་གྲངས་ཀྱིས། །བཱ་རཱ་ཎ་སཱིར་གལ་ཏེ་འགྲོ། །རྡོ་བས་རྐང་པ་གཉིས་བཅག་སྟེ། །དེ་ཉིད་དུ་ནི་འཆི་བར་བྱ། །བྲམ་ཟེ་གསོད་ལ་སོགས་པའི་མི། །དེར་བཀྲུས་ནས་ནི་

རྣམ་པར་གྲོལ། །སྲིན་མ་ཕྱེ་མ་ལེབ་རྣམས་ཀྱང་། །ཤི་བ་གྲོལ་བར་གདོན་མི་ཟ། །ཞེས་པ་སྟེ། དེ་དེ་ལྟ་བུར་འཁྲུ་བས་སྲིད་པ་མེད་པར་རྟོག་གོ། །སྔགས་ཀྱིས་ཀྱང་མཐོ་རིས་དང་སྡེ་དང་བྲལ་བའི་གནས་ཏེ་ཇི་ལྟར་གཏོགས་འདོད་ཀྱིས་སྨྲས་པ། ང་ཡི་རྗེས་སུ་དྲན་པས་

Vol. 121 · folio 215a

ནི། །བྲམ་ཟེ་གསད་པའི་སྡིག་བྱེད་ནས། །ལུས་ནི་བོར་ནས་རབ་འགྲོ་བ། །དེ་ནི་འགྲོ་བའི་མཆོག་ཏུ་འགྲོ། །ཞེས་གཏོགས་འདོད་ཀྱིས་མཐོ་རིས་དང་ཐར་པ་དང་སྲིད་པ་མེད་པར་བརྟགས་པར་བརྟག་གོ། །ལྷ་ཆེན་པོས་ཀྱང་སྨྲས་པ། འཆི་བའི་དུས་ནི་བྱུང་བ་ན། །

རིག་སྔགས་ཆེན་པོ་གཅིག་ལ་སོགས། །མིས་ནི་ཡིད་ལ་བསམས་གྱུར་ན། །ལུས་ཞིག་ནས་ནི་ཞི་བ་དང་། །ལྷན་ཅིག་སྦྱོར་འགྲོ་གདོན་མི་ཟ། །དགུ་བདག་ལ་སོགས་སྔགས་ཆེན་ནོ། །ཞེས་པ་སྟེ། དེའི་ཕྱིར་ཡང་སྨྲས་པ། འཇིག་རྟེན་རྒྱུ་དང་མི་རྒྱུ་བ། །ཆང་བཏུང་ལ་སོགས་སྐྱོན་

རྣམས་ཀྱིས། །མི་རིགས་པར་ནི་བྱས་ན་ཡང་། །ཡང་དག་རིགས་ཉིད་མི་གོས་སོ། །ཚངས་སྤྱོད་སྩོགས་པས་ལུས་ལ་ནི། །གདུང་བར་ཅི་ཕྱིར་བྱ་ཞིག་གུ །ཡོངས་ཤེས་པས་ནི་དེ་དག་གྲོལ། །དེ་དག་ལ་ནི་གཟིར་འགྱུར་མེད། །དེས་ན་སྲིད་པ་མེད་པ་ཡོངས་སུ་ཤེས་པ་ནི་

ཐམས་ཅད་མཁྱེན་པའི་སྔ་མའི་ཕྱོགས་སུ་དགོངས་པའོ། །སྔགས་དང་ཁྲུས་ལ་སོགས་པས་སྲེད་པ་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམ་པར་ལྡོག་ན་ནི་དེའི་ཚེ་སྡིག་པ་ཡོངས་སུ་ཟད་དེ་ཐར་པར་རུང་ངོ་། །དེས་ན་དེར་ཞི་བ་རྣམས་ཀྱིས་སྨྲས་པ། སྲིད་ཞིའི་རྒྱུས་

ནི་གྲོལ་བའི་ཕྱིར། །ཤེས་པ་མེད་ཅིང་སྡོམ་པའང་མེད། །དེས་ན་ལྐུགས་ལ་སོགས་པ་རྣམས། །དེར་བཞུགས་བསྐལ་པར་བརྗོད་པའོ། །སྔགས་ཀྱི་རྣལ་འབྱོར་ལ་སོགས་པ་གྲུབ་པ་རྣམས་ལ་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་ཁྱད་པར་མེད་པ་ཡང་ཐམས་ཅད་མཁྱེན་པའི་

སྔ་མའི་ཕྱོགས་སུ་དགོངས་པའོ། །ཇི་ལྟར་པ་ཏན་ཛ་ལིས་སྨྲས་པ་ལས་འབྱུང་བ། སྨན་དང་། ནོར་བུ་དང་། སྔགས་དང་། ཏིང་ངེ་འཛིན་ལས་ཚེ་གཅིག་གིས་དངོས་གྲུབ་སྐྱེའོ། །ཁ་ཅིག་ནི་ཚེ་གཉིས་པོ་ཉིད་ལ་དངོས་གྲུབ་སྟེ། གོམས་པར་སྤྲོ་བའི་དྲང་སྲོང་ནི་ཐམས་ཅད་

ཤེས་པར་འགྱུར་རོ་ཞེས་ཐོས་པའོ། །དེར་དེ་ལྟ་བུ་ལ་ནི་རྩོད་པ་མེད་པ་བདེ་བར་གཤེགས་པ་རྣམས་ལ་ནི་བདག་མེད་པའི་ཁྱད་པར་གྱི་ཕྱིར་རོ། །རྗེའུའི་ཁ་ཟས་ཀྱི་ཁ་ཅིག་དང་། འབྲས་བུ་དང་། མེ་ཏོག་དང་། རྩ་བ་དང་། སྨན་ལ་སོགས་པས་དངོས་གྲུབ་ཏུ་བརྗོད་དོ། །

Vol. 121 · folio 215b

དེ་བཞིན་དུ་སྨན་ར་ས་ཡ་ནས་ལུས་བརྟན་པའི་དངོས་གྲུབ་ཏུ་གྱུར་པ་ཡང་རུང་། འཁོར་བ་ནི་བདག་ཏུ་ཆགས་པ་དང་ལས་ཀྱི་རྒྱུ་ལས་ཏེ་མི་ཤེས་པ་ཡོངས་སུ་ཟད་པ་དང་། སྐད་ཅིག་མར་འཇིག་པའི་ཤེས་རབ་ཀྱིས་རུང་ངོ་། །ནོར་བུས་ནི་ནད་མེད་པ་དང་། ཅུང་ཟད་ཅིག་ཞི་བར་བྱེད་པར་འགྱུར་

བ་ནི་སྔགས་དང་དུག་སྨན་ལ་སོགས་པས་ཀྱང་དུག་དང་། འདྲེ་ཤ་ཟ་ལ་སོགས་པ་བསལ་བར་ཡང་རུང་ན། ཚེའི་བདག་ཏུ་ཆགས་པ་དང་ལས་ཀྱི་རྒྱུ་ལས་འབྱུང་བ་བདག་མེད་པར་ཤེས་པས་ལྡོག་གོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དངོས་གྲུབ་རྣམས་ནི་དེ་བཞིན་དུ་ལུས་ཡང་

པའི་ཕྱིར་འཇིག་རྟེན་ལ་སོགས་པའི་དངོས་གྲུབ་མངོན་པར་ཤེས་པ་ལྔ་པ་ཏན་ཛ་ལའི་རྣལ་འབྱོར་སྡོམ་པ་དང་། ངེས་པ་དང་། བསྟན་པ་དང་། སྲོག་གི་འབད་པ་དང་། ཕྱིས་བསྒྲུབ་པ་དང་། བསམ་གཏན་དང་། འཛིན་པ་དང་། ཏིང་ངེ་འཛིན་དང་། ཡན་ལག་བརྒྱད་

ཀྱིས་གྲུབ་པ་ཡོད་པར་ཡང་རུང་། ཨ་གསྟ་དང་། མཆོད་སྦྱིན་ཤུན་ལྤགས་དང་། སྦྲོན་པའི་ཡན་ལག་དྲུག་གི་རྣལ་འབྱོར་ནི། སྲོག་འབད་དེ་བཞིན་བསམ་གཏན་དང་། །ཕྱིས་སྒྲུབ་དེ་ནས་འཛིན་པའོ། །རྟོག་གེའི་ཏིང་འཛིན་དེ་བཞིན་དུ། །ཡན་ལག་དྲུག་ལ་རྣལ་འབྱོར་

བརྗོད། །དྲང་སྲོང་ས་ན་ཀའི་རྣལ་འབྱོར་ནི། འཛུམ་པ་ཕྱེ་བ་དེ་བཞིན་དུ། །ཐལ་མོ་ཙམ་ནི་རྣམ་ཤེས་བྱ། །དེ་བཞིན་བཅུ་གཉིས་ཙམ་པོ་ནི། །སྒྲོག་འབད་པར་ནི་མངོན་བརྗོད་བྱ། །སྲོག་འབད་བཅུ་གཉིས་འཛིན་པ་སྟེ། །འཛིན་པ་གཉིས་ལའང་རྣལ་འབྱོར་ཡིན། །དེ་ལ་རྣལ་

འབྱོར་ལྡན་པ་ལ། །དབང་ཕྱུག་རབ་ཏུ་འགྲུབ་པར་འགྱུར། །བདག་གི་མཆོག་གི་གཟི་བརྗིད་ཀྱིས། །དེས་ནི་འབར་བར་མཐོང་བའོ། །ཞེས་པ་དེ་བཞིན་དུ་གསལ་ཞིང་སྣང་བར་འགྱུར་བ་ཡང་རུང་སྟེ་རླུང་བཀག་པ་ན་མེ་སྐྱེད་པར་བྱེད་དོ། །རྣམ་པ་དྲུག་གི་རྣལ་འབྱོར་གྱིས་ཀྱང་

རྫ་མ་ཅན་གྱི་རྣལ་འབྱོར་ལ་གནས་པ་ན་ལྟོར་སོན་པའི་རླུང་ཡང་སྤྱི་བོར་གནས་ཤིང་ཡང་དག་པའི་ལུས་གོང་དུ་ཁྲིད་པར་བྱེད་དོ། །དེ་ལྟ་བུའི་མངོན་པར་ཤེས་པ་ཡོད་པར་ཡང་རུང་ན་བདག་ཏུ་ཆགས་པའི་རྒྱུ་ལས། ལས་དང་ཚེ་རྣམ་པར་མི་ལྡོག་པ་སྔ་མ་བཞིན་ནོ། །ལུས་

Vol. 121 · folio 216a

ཡང་བའི་ཕྱིར་ནམ་མཁར་འཕགས་ཤིང་འབར་བ་དང་། རིང་བ་ལ་སོགས་པ་ཡོངས་སུ་ཤེས་པས་མ་ཡིན་ནོ། །བཀྲ་ཤིས་དང་། བཀྲ་ཤིས་མ་ཡིན་པ་དང་། འོ་མ་དང་ཟས་ལ་སོགས་པ་རྣམས་ལ་ཡང་ཐར་པ་མེད་པ་ཇི་ལྟར་ཞེ་ན། ཤེས་རབ་ཀྱིས་དཔྱད་པར་སྐྱོ་བར་

གྱུར་པ་ལ་ཐར་པའོ། །ཁ་ཅིག་ནི་སྲིད་པ་དང་། མྱ་ངན་ལས་འདས་པ་བྱེ་བྲག་མེད་པར་མཐོང་བས་ཞེས་པ་ནི་སངས་རྒྱས་པའི་གྲུབ་མཐའ་ཉིད་དེ། སློབ་དཔོན་ཀླུས་བོས་ཀྱིས་དབུ་མ་མྱ་ངན་ལས་འདས་པར་བཤད་པ་ནི། མྱ་ངན་འདས་པའི་མཐའ་གང་ཡིན། །འཁོར་བའི་མཐའ་ཡང་གང་ཡིན་

པ། །དེ་གཉིས་བར་ནས་ཅུང་ཟད་ཀྱང་། །ཤིན་ཏུ་ཕྲ་མོ་ཡོད་པ་མིན། །ཞེས་པ་སྟེ། ནམ་ཤེས་རབ་ཀྱིས་དམིགས་པར་བྱ་བ་མི་དམིགས་པ་དེ་ལ་འཁོར་བ་དང་ཁྱད་པར་མི་མཐོང་ངོ་། །བློ་གྲོས་ཆེན་པོ་ཐམས་ཅད་མཁྱེན་པའི་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བ་དེ་ལ་འདི་སྐད་ཅེས་བྱ་སྟེ།

རང་གི་སེམས་སྣང་བ་ཙམ་ཇི་བཞིན་པ་ཁོང་དུ་ཆུད་པས་རང་གི་སེམས་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པའི་གཟུགས་ལྟ་བུ་ལ་མངོན་པར་ཆགས་པར་མི་བྱའོ། །མཐའ་བཞིར་གཉིས་དང་། མི་གཉིས་པར་སྨྲས་པ་རྣམས་ཀྱི་སྟེ། གཅིག་པ་

དང་། ཐ་དད་པ་དང་། གཉིས་མ་ཡིན་པར་བཤད་པར་བྱའོ། །ཚངས་པ་དང་དབང་པོ་ལ་སོགས་པར་སྨྲ་བ་རྣམས་ལ་གང་ཟག་དང་ཆོས་ལ་བདག་མེད་པ་ཡང་དག་པ་ཇི་ལྟ་བུར་ཡོངས་སུ་ཤེས་པ་མ་གཏོགས་པར་བརྟག་ཅིང་གཅིག་པས་མི་རུང་སྟེ། རྟག་པ་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་ལྟར་མེད་དེ།

གཅིག་ལ་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་པ་དང་། དབུལ་བ་ལ་སོགས་པ་གཅིག་པའི་སྐྱོན་དུ་འགྱུར་རོ། །ཕ་རོལ་གྱི་དོན་གཞན་པར་ཡང་མི་རུང་སྟེ། རྣམ་པར་ཕྱེ་བ་ནི་ཁང་པ་དང་། སྡེ་ལ་སོགས་པ་བཞིན་དུ་སྟོང་པ་ཁོ་ནའོ། །ཕྱི་རོལ་གྱི་རྟག་ཅིང་སྤྱི་དང་ཁྱད་པར་གྱི་མཚན་ཉིད་

ལ་ཡང་གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཡང་མི་རུང་སྟེ་སྔར་བཤད་པའོ། །རང་གི་སེམས་སྣང་བར་རྣམ་པར་རྟོག་པའི་མཐའ་གཉིས་སུ་མ་ལྷུང་བ་ཞེས་བྱ་བ་ནི་རྨི་ལམ་ཡིན་པའི་དུས་སྔ་མ་ནི་ཡོད། རྨི་ལམ་གྱི་དུས་ན་ནི་མེད་དོ་ཞེས་པར་

Vol. 121 · folio 216b

མཐའ་གཉིས་སུ་ལྷུང་བ་མེད་དོ། །ཇི་ལྟར་ན་ཡང་མཐའ་གཉིས་སུ་ལྷུང་ཞེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། གཟུང་བ་དང་འཛིན་པ་མི་དམིགས་པའི་ཕྱིར་རོ། །ཤེས་རབ་ཀྱིས་གཞིགས་པ་ན་དམིགས་སུ་མེད་པའི་རྣལ་འབྱོར་རོ། །ཚད་མ་ཐམས་

ཅད་ཀྱིས་གྲུབ་པ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་རྡུལ་ཕྲ་མོ་ལ་སོགས་པའི་ཕྱི་རོལ་གྱི་དོན་གྱི་དངོས་པོ་མེད་པར་རབ་ཏུ་གྲུབ་པ་སྟེ། གཉིས་ཀྱི་རྣམ་པའི་ཤེས་པས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པའི་ཤེས་པ་བཞིན་དུ་རྣམ་པར་སླུ་བའི་ཕྱིར་དེས་ན་མཉམ་པར་མི་

འཇོག་པས་དཀྲུགས་པའི་གཉིས་ཀྱི་རྣམ་པའི་ཆུད་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་མེ་ཤེས་སོ། །དེ་བསལ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་ལོག་པའི་ཤེས་པ་གསལ་ན་སོ་སོར་བདག་གིས་རིགས་པར་བྱ་བ་ཁོ་ན་ཉིད་དུ་འགྱུར། བདག་མེད་པ་གཉིས་རྟོགས་པའི་ཕྱིར་ཞེས་བྱ་བ་

ནི་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་ཡོངས་སུ་ཤེས་པས་སོ། །ཆོས་ལ་བདག་མེད་པ་ཡོངས་སུ་ཤེས་པ་ནི་གཟུགས་ལ་སོགས་པ་རྣམ་པར་གཞིགས་པ་ན་སྟོང་པ་ཉིད་ཀྱིས་ཤེས་སོ། །གང་ཟག་ལ་བདག་མེད་པ་ནི་གང་ཡོད་པ་དེ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི་

སྒྲ་དང་འབབ་ཆུ་ལ་སོགས་པ་བཞིན་ནོ། །ཉོན་མོངས་པ་གཉིས་རྣམ་པར་ལོག་པ་དང་། སྒྲིབ་པ་གཉིས་རྣམ་པར་དག་པ་དང་ཞེས་བྱ་བ་ནི་ཆོས་དང་གང་ཟག་ལ་བདག་མེད་པ་གཉིས་ཁོང་དུ་ཆུད་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འདག་གོ། །དེ་ལྟར་ན་སྒྲིབ་པ་གཉིས་རྣམ་པར་དག་

པས་ཐམས་ཅད་མཁྱེན་པ་ཁོ་ནར་འགྱུར་རོ། །ས་གོང་ནས་གོང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འཕེལ་བ་ནི་སངས་རྒྱས་ཁོ་ནའོ། །ལས་ཀྱི་སྒྲིབ་པ་ནི་ས་དང་པོ་ཉིད་དུ་ལོག་གོ། །ཉོན་མོངས་པའི་སྒྲིབ་པ་ལོག་པ་ན་དེའི་མཐོང་བའི་ལམ་སྐྱེ་ཞིང་ཤེས་བྱའི་སྒྲིབ་པ་

བསྲབས་པར་འགྱུར་རོ། །ས་བཅུ་པས་སྤང་བར་བྱ་བའི་ཉོན་མོངས་པ་མེད་པའི་མི་ཤེས་པ་ཤེས་བྱའི་སྒྲིབ་པ་མཉམ་པར་མི་འཇོག་པ་ལ་སོགས་པའི་མཚན་ཉིད་ནི་བསྒོམ་པའི་ལམ་དུ་སྤང་ངོ་། །དེས་ན་མི་ཤེས་པ་མ་ལུས་པར་སྤངས་ཏེ་སའི་རིམ་པས་མཁྱེན་པའི་ཡེ་ཤེས་

Vol. 121 · folio 217a

རྣམ་པར་དག་པ་བདག་དང་གཞན་ལ་ཕན་འདོགས་པར་ནུས་པ་མིག་གི་ལིང་ཏོག་དང་བྲལ་བ་བཞིན་དུ་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་གོ། །སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་བཞིན་དུ་དག་པ་འཇིག་རྟེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་

ལ་བཞུགས་པ་ཡིད་ཀྱི་སྣང་བ་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པ་དེ་ཉིད་མྱ་ངན་ལས་འདས་པའོ། །སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་པ་ལ་ལུས་

དང་། ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་ལོག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །ངར་སེམས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལོག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བརྗོད་དོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པར་ལོག་པ་ནི་སོ་སོར་

རྟོག་པའི་ཡེ་ཤེས་སུ་བསྟན་ཏོ། །དེ་དག་དང་འབྲེལ་པའི་དེ་མ་ཐག་པའི་ཡིད་ཀྱི་རྣམ་པར་ཤེས་པ་འཕོས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་སངས་རྒྱས་ཀྱི་ས་ལ་སོགས་པའི་མདོ་སྡེ་ལས་བརྗོད་དོ། །དེ་ལྟར་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་ཡོངས་སུ་ཤེས་པས་ཐམས་

ཅད་མཁྱེན་པ་ཉིད་དུ་འགྱུར་རོ། །དེ་ལྟར་གཞན་པ་དང་། གཞན་བདག་ཅེས་བྱ་བ་ལ་སོགས་པ་ནི་བ་ལང་གི་བརྟུལ་ཞུགས་དང་། རྨ་བྱའི་བརྟུལ་ཞུགས་དང་། ཐལ་བའི་གནས་སུ་འཁོད་པ་དང་། ཆུ་སྟན་དང་མེ་ལྔའི་བརྟུལ་ཞུགས་དང་། གྲང་བ་དང་དྲོ་བ་དང་། ཚེར་མ་ལ་ཉལ་བ་ལ་

སོགས་པའི་བརྟུལ་ཞུགས་དང་། བཀྲ་ཤིས་དང་བཀྲ་ཤིས་མ་ཡིན་པ་དང་། འོ་མ་དང་འོ་མ་མ་ཡིན་པ་ལ་སོགས་པ་དང་། ཆུ་དང་། རླུང་དང་། ཏིལ་དང་། འབྲས་དང་། རྒོད་དང་། འབྲས་བུ་དང་མེ་ཏོག་དང་། རྩ་བའི་ཟས་ལ་སོགས་པའི་བརྟུལ་ཞུགས་དེ་ལ་གང་དག་གིས་

ཐར་པ་རྣམ་པར་རྟོག་གོ། །ཁྲུས་དང་། སྦྱིན་སྲེག་དང་། ཐལ་བས་སྐུད་པ་དང་། རལ་པ་ལ་སོགས་པ་འཕྱང་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པས་འཁོར་བར་འཇུག་གོ། །ཤེས་རབ་ཀྱིས་དཔྱད་པ་དང་མི་ལྡོག་པར་ལྡོག་པའི་རྒྱུ་མངོན་པར་མི་ཤེས་པའི་

Vol. 121 · folio 217b

ཕྱིར་དེ་དག་ལ་ཐར་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྡོ་རྗེ་ཕྲེང་བ་ལས་སེམས་ཅན་དམྱལ་བར་ལྟུང་བར་ཀློག་གོ། །དེ་དག་རང་ཡང་ཞིག་ལ་ལོག་པའི་ལྟ་བས་གཞན་དག་ཀྱང་ཞིག་པར་བྱེད་དོ། །བཀྲ་ཤིས་དང་། བ་ལང་གི་ལྕི་བ་དང་། གཅིན་དང་ཚོད་མ་དང་། ཤ་ལུ་ག་དང་། བིལ་བའི་

འབྲས་བུ་ལ་སོགས་པས་ཐར་པ་རྟོག་གོ། །གལ་ཏེ་ཆོས་ལ་བདག་མེད་པར་ཡོངས་སུ་ཤེས་པས་དེ་དག་གི་བདག་ཏུ་ཆགས་པ་ལྡོག་ན་ནི་ཐར་པར་རུང་ངོ་། །བློ་གྲོས་ཆེན་པོ་དེ་དག་ཐམས་ཅད་ནི་མཐའ་གཉིས་སུ་ལྷུང་བའི་བསམ་པས་མྱ་ངན་ལས་འདས་པར་རྟོག་གོ་ཞེས་པ་ནི་འདི་ནི་མེད་

ཅེས་དངོས་པོ་དང་དངོས་པོ་མེད་པའི་མཐའ་གཉིས་རྟོགས་པས་རྣམ་པར་རྟོག་པ་ལས་སྤྱད་དོ། །དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་མི་རྟོག་པའི་ཐར་པ་ནི་མི་ཤེས་སོ། །ཇི་ལྟར་བདུན་བརྒྱ་པ་ལས་འབྱུང་བ། འདི་ཉིད་མྱ་ངན་ལས་འདས་པ་སྟེ་གང་འདི་བསམ་པ་མེད་པ་ཉིད་

དོ། །ཐམས་ཅད་མཁྱེན་པས་དེ་ཉིད་བསྒྲུབ་པར་མཛད་པ། ཇི་ཙམ་དུ་ཡིད་ཀྱིས་འགྲོ་ཞིང་གཡོ་བ་དེ་ཙམ་དུ་གང་ལ་ཡང་མྱ་ངན་ལས་འདས་པ་མེད་དོ་ཞེས་པ་སྟེ། གོང་ན་འགྲོ་བ་དང་འོང་བ་ཡོད་པ་དེ་ན་སྐྱེ་བ་དང་འཆི་བ་ཡིན་ན། ཇི་ལྟར་མྱ་ངན་ལས་འདས་པར་རྟོག་གོ། །

འདི་ལ་གང་ཡང་འཇུག་པ་ཡང་མེད། ལྡོག་པ་ཡང་མེད་དོ་ཞེས་པ་ནི་སུ་གང་དུ་སྐྱེས་པ་ཉིད་དེ་ཉིད་དུ་འཕགས་པས་ན་སུ་ཡང་ཡུལ་གཞན་དུའམ་དུས་གཞན་དུ་འཇུག་པ་མེད་དོ། །རྟག་པའི་བདག་དང་སེམས་ཅན་ལ་སོགས་པ་རྟག་པ་གང་ཡང་འཇུག་པ་ཡང་མེད་ལྡོག་པ་ཡང་མེད་

པ་ནི་རྟག་པའི་རང་བཞིན་གཞན་མེད་པའི་ཕྱིར་རོ། །དེས་ན་རྟག་པ་དང་བདག་ཏུ་སྨྲ་བ་རྣམས་ལ་ཐར་པར་མི་རུང་ངོ་། །བདག་ཏུ་ཆགས་པས་དེ་དག་ལ་འཁོར་བའི་སྡུག་བསྔལ་འབྱུང་ངོ་། །ཐར་པ་དང་མྱ་ངན་ལས་འདས་པའི་ཡང་བདག་ཏུ་ཆགས་པ་ཉིད་ལས་འདོད་པས་བདག་ཏུ་

ཆགས་པ་ཇི་ལྟར་ན་ལྡོག་པར་འགྱུར། བདག་མེད་པར་སྨྲ་བ་རྣམས་བདག་ཏུ་ཆགས་པས་མི་དམིགས་པའི་ཕྱིར་ཤེས་རབ་ཀྱིས་མྱ་ངན་ལས་འདའོ། །ཇི་ལྟར་དབུ་མ་ལས། མྱ་ངན་འདས་པ་རྣམ་རྟོག་མེད། །གང་ན་འཁོར་བ་བསལ་མེད་པ། །གང་དེར་འཁོར་བ་བཞེད་པ་

Vol. 121 · folio 218a

དང་། །མྱ་ངན་འདས་པར་རྣམ་རྟོག་མེད། །ཅེས་པ་སྟེ། དེས་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཐར་པས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་

གསུམ་པ་ལས་ཐར་པ་དཔྱད་པའི་ལེའུ་བཅུ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་གཞན་རྣམས་ཞེས་བྱ་བ་

ལ་སོགས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱས་པའམ། མ་བྱས་པའམ། རྒྱུའམ། འབྲས་བུའམ། མཚན་ཉིད་དམ། མཚན་ཉིད་ཀྱི་གཞི་འམ། རྗོད་པའམ། བརྗོད་པར་བྱ་བའམ། བློའམ། རིག་པར་བྱ་

བའམ་དེ་ལྟ་བུ་ལ་སོགས་པའི་ཚིག་ངེས་པའི་སྒྲར་ནི་གཅིག་གམ་ཐ་དད་དམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གལ་ཏེ་དེ་བཞིན་གཤེགས་པ་བྱས་པ་ཡིན་ན་ནི་མི་རྟག་པར་འགྱུར་ཏེ། མི་རྟག་པའི་ཕྱིར་འབྲས་བུའོ་ཅོག་ཀྱང་དེ་བཞིན་གཤེགས་པར་

འགྱུར་བས་ན་ཞེས་པའོ། །ཐམས་ཅད་མཁྱེན་པས་ཅིར་དགོངས་ཤེ་ན། འཛིན་པ་དང་གཟུང་བ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་ནོར་ཏེ། བྱ་བ་དང་བྱེད་པར་འབྲེལ་པའི་རྒྱུ་དང་འབྲས་བུ་ཀུན་རྟོག་གོ། །ངེས་པའི་ཚིག་གི་རྣམ་པར་རྟོག་པས་ན་བྱ་བའི་ཕྱིར་ན་འབྲས་བུའོ། །བྱེད་པའི་

ཕྱིར་ན་རྒྱུ་སྟེ། དེ་དག་ཀྱང་གང་གི་ཚེ་ན་སྐད་ཅིག་པ་དེའི་ཚེ་ན་སྐད་ཅིག་པ་གཉི་ག་མེད་དེ། དེས་ན་སུས་ཀྱང་ཅི་ཡང་མི་བྱེད་དེ། སྔ་མའི་འོག་ན་འདི་ཡོད་པས་ན་འདི་ཡོད་དོ་ཞེས་བྱ་བ་འབའ་ཞིག་པས་ན་ཆོས་སུ་བཏགས་པ་ནི། འདུ་བྱེད་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་

པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་པར་བྱ་བ་དང་བྱེད་པ་པོ་མངོན་པར་འབྲེལ་པས་དེ་བཞིན་གཤེགས་པ་མ་བྱས་སོ། །གཉིས་ཀྱི་རྣམ་པ་ཅན་ཡང་མ་ཡིན་ཏེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་འབྲས་བུ་གཞན་ཐམས་

Vol. 121 · folio 218b

ཅད་དང་མཚུངས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན་ཡོངས་སུ་གྲུབ་པ་མི་གཉིས་པའི་སྐད་ཅིག་པ་དེ་མ་ཐག་པ་ལ་འདི་ཡོད་ན་འདི་ཡོད་ཅེས་བརྗོད་དུ་མེད་པའི་རང་བཞིན་མཚན་ཉིད་ལ་རྒྱུ་དང་འབྲས་བུ་བྱས་པ་ལ་སོགས་པའི་ཐ་སྙད་མི་འབྱུང་ཡང་དེའི་སྤྱིའི་རྣམ་པར་སྒྲོ་བཏགས་ཏེ་ཆོས་སུ་གདགས་པར་བྱའོ། །ཇི་ལྟ་

བུར་བྱས་པ་བསྟན་ཏོ། །མ་བྱས་པའི་རྟག་པ་མི་སྲིད་པའི་ཕྱིར་ཏེ། སྔ་མའི་སྐད་ཅིག་མའི་འོག་ཏུ་ཕྱི་མ་མི་འབྱུང་བས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ནི་མ་བྱས་པ་མ་ཡིན་ནོ། །རྗོད་པ་དང་། བརྗོད་པར་བྱ་བ་དང་། རིག་པར་བྱ་བ་ལ་སོགས་པའི་

ཐ་དད་གཉིས་ཀྱི་རྣམ་པར་ཤེས་པ་ལས་འབྱུང་གི། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་སྨྲ་བ་ཡང་དག་པ་རིག་པ་ལ་ཐ་དད་པའི་རྣམ་པའི་ཐ་སྙད་མེད་དོ། །དེས་ན་གཞན་པ་དང་གཞན་པ་མ་ཡིན་པའི་རྣམ་པར་རྟོག་པའི་ཐ་སྙད་པ་རྣམས་ཀྱི་ཕན་ཚུན་

དུ་ལྟོས་ཏེ། ཡོད་པ་དང་། མེད་པ་དང་། འདས་པ་དང་། མ་འོངས་པ་དང་། དངོས་པོ་དང་། དངོས་པོ་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀུན་དུ་བརྟགས་པ་སྟེ། སྤྲོས་པ་ཐམས་ཅད་ལས་འདས་པ་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ལ་མི་འཇུག་གོ། །ཇི་ལྟར་

དབུ་མ་ལས། སྤྲོས་ལས་འདས་པ་མི་གཉིས་པ། །གང་དག་སངས་རྒྱས་སྤྲོས་པར་བྱེད། །སྤྲོས་ཉམས་གླེན་པ་དེ་དག་གི །དེ་བཞིན་གཤེགས་པ་མི་མཐོང་ངོ་། །ཞེས་པ་སྟེ། དེས་ན་དེ་བཞིན་གཤེགས་པ་ནི་རྣམ་པར་རྟོག་པ་མཐའ་དག་ལས་གྲོལ་བའོ། །མཚན་མའི་གཞི་དང་

མཚན་མ་དང་། །ཆོས་དང་། ཆོས་ཅན་གྱི་ཐ་སྙད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་བརྗོད་དུ་མེད་པར་བསྟན་མི་ནུས་པའི་ཕྱིར་རོ། །ཇི་ལྟར་དབུ་མ་ལས། མཚོན་བྱ་མཚན་ཉིད་གལ་ཏེ་གཞན། །མཚན་ལ་མཚན་ཉིད་མེད་པར་འགྱུར། །གཅིག་ན་དེ་གཉིས་མི་འགྲུབ་སྟེ། །ཐ་དད་ན་ཡང་གཞན་

དུ་མེད། །ཆོས་དང་ཆོས་ཅན་རྣམས་ཀྱི་གལ་ཏེ་མེ་ལས་ཚ་བའི་མཚན་ཉིད་ཐ་དད་པ་ཡིན་ན་མེ་ལས་ཚ་བ་མེད་པར་འགྱུར་རོ། །གཅིག་ན་མཚན་མའི་གཞི་ཡང་མེད་ལ་མཚན་ཉིད་ཀྱང་མེད་དོ། །དེ་དེ་བཞིན་དུ་ཆོས་དང་ཆོས་ཅན་རྣམས་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་བསམ་

Vol. 121 · folio 219a

པ་ན་སྟོང་པ་ཉིད་དེ། བརྗོད་དུ་མེད་པའི་རང་བཞིན་ཉིད་ཀྱང་སྨྲ་བར་མི་ནུས་པའི་ཕྱིར་ཏེ། ཆོས་དང་བྲལ་བའི་ཆོས་ཅན་བརྗོད་དུ་མེད་ལ། ཆོས་ཅན་ལས་ཐ་དད་པའི་ཆོས་རྣམས་ཀྱི་དངོས་པོ་ཡང་མེད་དོ། །གཞིའི་ཁྱད་པར་གྱི་ཆོས་ཞིག་གིས་སྤྱིར་སྒྲོ་བཏགས་ཏེ་ཐ་སྙད་

དུ་འཇུག་གོ། །འོན་ཏེ་དེ་དེ་ལྟར་ཆོས་ཅན་རྣམས་ཀྱི་གཟུགས་དང་གཟུགས་ཅན་གྱི་མཚན་ཉིད་ཐ་དད་པར་གྱུར་དུ་ཟིན་ན་ནི་གཟུགས་ཅན་ནི་གཟུགས་མེད་པ་དང་། གཟུགས་མེད་པ་གཟུགས་ཅན་གྱི་སྐྱོན་དུ་འགྱུར་རོ། །དེ་དག་གཅིག་ན་ནི་མཚན་མའི་གཞི་དང་། མཚན་མ་ཉིད་དུ་

མི་རུང་ངོ་། །ཐ་དད་ན་ཡང་མཚན་ཉིད་ཀྱི་མཚན་ཉིད་གཞན་ཡང་བཙལ་དགོས་སོ། །དེ་དེ་ལྟར་ཆོས་དང་ཆོས་ཅན་གྱི་ཐ་སྙད་ཐ་དད་པ་དང་། ཐ་དད་པ་མ་ཡིན་པར་བསམ་པ་ན་ཡང་རང་བཞིན་གཉིས་ཀྱིས་སྟོང་པ་ཉིད་དེ། ཆོས་དང་ཆོས་ཅན་དེ་དག་ཐ་དད་པར་དམིགས་སུ་མེད་པའི་ཕྱིར་རོ། །

ཆོས་མ་རྟོགས་པར་ཆོས་ཅན་གྱི་རང་བཞིན་ནི་བསྟན་མི་ནུས་ཏེ་བརྗོད་དུ་མེད་དོ། །དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་སྒྲ་ཐམས་ཅད་ཀྱིས་དེ་དག་གི་སྤྱིར་བརྟགས་པའི་དོན་དུ་སྒྲོ་བཏགས་ཏེ་འཇུག་གོ་ཞེས་ལན་མང་པོར་བཤད་པ་དེའི་ཕྱིར་མི་གཉིས་

པའི་མཚན་ཉིད་བརྗོད་དུ་མེད་པའི་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པའོ། །དེ་ནི་འབྲས་བུ་མ་ཡིན། རྒྱུ་ཡང་མ་ཡིན། མཚན་མའི་གཞི་ཡང་མ་ཡིན། མཚན་མ་ཡང་མ་ཡིན། རྗོད་པ་ཡང་མ་ཡིན།

བརྗོད་པར་བྱ་བ་ཡང་མ་ཡིན། བྱས་པ་ཡང་མ་ཡིན། མ་བྱས་པ་ཡང་མ་ཡིན། བློ་ཡང་མ་ཡིན། རིག་པར་བྱ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་གཞན་པ་དང་གཞན་པ་མ་ཡིན་པར་ཕན་ཚུན་དུ་ལྟོས་པའི་གཉིས་ཀྱི་རྣམ་པའི་ཐ་སྙད་ལས་འདས་ཤིང་དེ་བཞིན་གཤེགས་པ་ནི་ཡོད་

པ་དང་མེད་པར་ནི་སྨྲ་བ་མེད་དོ། །གཉིས་ཀ་ཡང་ཉེས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་བྱས་པ་ཞིག་ན་ནི་དེའི་ཚེ་མི་རྟག་པ་ཁོ་ན་སྟེ། དེ་ལས་གཞན་པའི་འཁོར་བའི་འབྲས་བུ་འཁྲུལ་ལོ་ཅོག་དང་འདྲའོ། །དེ་བཞིན་གཤེགས་པ་ཡོངས་སུ་གྲུབ་པ་ཡང་གཞན་གྱི་

Vol. 121 · folio 219b

དབང་གཉིས་ཀྱི་རྣམ་པ་དང་འདྲེས་པའི་འབྲས་བུ་བཞིན་དུ་སྐྱེ་བ་དང་། རྒ་བ་དང་། འཆི་བ་ལ་སོགས་པ་འབྲས་བུའི་སྣང་བ་ལས་གྲོལ་བར་མི་འགྱུར་རོ། །གཉིས་ཀྱི་རྣམ་པར་ཤེས་པ་གཞན་གྱི་དབང་མ་རིག་པ་མཉམ་པར་མི་འཇོག་པ་དང་། ལས་ཀྱི་མཐུ་ལས་འབྱུང་བ་ལ་འདིས་བྱེད་དོ། །

ཞེས་མ་རིག་པས་གློངས་པའི་འཁོར་བ་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོའོ། །དེས་ན་བྱ་བ་དང་བྱེད་པ་དང་འབྲེལ་ཏེ་ཡོངས་སུ་དག་པའི་ཆུད་པ་མ་བྱས་པས་ན་བྱས་པའི་སྒྲ་ལ་སོགས་པས་སྔ་མའི་སྐད་ཅིག་གི་འོག་ཏུ་བརྗོད་དུ་མེད་པ་བསྟན་མི་ནུས་སོ། །གང་གི་ཚེ་ན་སྐད་ཅིག་པ་

གཅིག་པ་དེའི་ཚེ་ན་གཉིས་པོ་མེད་པས་སུས་ཀྱང་ཅི་ཡང་བྱས་པ་མེད་དེ། དེས་ན་མ་བྱས་པ་སྟེ་སྔ་མའི་སྐད་ཅིག་པའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱ་བར་ཆོས་བཏགས་པའོ། །རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་དེ་དག་དམིགས་སུ་མེད་པའི་བདག་ཉིད་ཀྱི་

ཕྱིར་དེ་ཡང་མེད་དེ། དེ་བཞིན་གཤེགས་པའི་དངོས་པོ་མེད་དོ་ཞེས་པའི་སྐྱོན་དེར་མི་འགྱུར་རོ། །མ་བྱས་པའི་ཕྱིར་རྟག་པ་སྟེ་ཚིག་ཙམ་དུ་ཡོད་པ་ལ་སོགས་པའི་རྣམ་པར་རྟོག་པའི་མཚན་ཉིད་དེ་རྒྱུ་དང་འབྲས་བུ་ལ་སོགས་པའི་ཐ་སྙད་གཉིས་ཀྱི་རྣམ་པ་གཞན་གྱི་དབང་ལ་

འཇུག་གི་གང་གཉིས་སུ་མེད་པ་དེ་ནི་རྒྱུ་དང་འབྲས་བུར་བསྟན་དུ་མེད་དེ་གཉིས་ཀྱི་རྣམ་པར་མེད་དོ། །ཡོད་པ་མ་ཡིན་ཏེ་མེད་པའི་ཕྱིར་མཐའ་བཞིའི་ཕྱི་རོལ་པ་སྟེ། ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་བཞིའི་ཐ་སྙད་ནི་གཉིས་ཀྱི་རྣམ་པའི་ཤེས་པ་ལ་

འཇུག་གི་གཉིས་སུ་མེད་པ་ལ་ནི་མ་ཡིན་ནོ། །དེ་དེ་བཞིན་དུ་བྱས་པ་དང་། མ་བྱས་པ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པ་ཐམས་ཅད་ནི་ཐ་སྙད་ཉིད་དེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ་ལ་རབ་ཏུ་

མི་འཇུག་གོ། །དེ་ལ་འདི་སྙམ་དུ་གྱུར་ཏེ་ཆོས་ཐམས་ཅད་བདག་མེད་ཅེས་ཐམས་ཅད་མཁྱེན་པའི་སེང་གེའི་སྒྲ་ནི་བྱས་པའི་ཕྱིར་མི་རྟག་པ་དེ་ནི་བདག་མེད་པ་ན་ཇི་ལྟར་རྒྱུ་དང་འབྲས་བུ་ལ་སོགས་པ་སྐད་ཅིག་པ་རྣམས་ལ་དེ་ལྟར་ཚིག་དེ་དག་ཐམས་ཅད་ཀྱིས་མི་བརྗོད་ཅེས་

Vol. 121 · folio 220a

དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་ལན་དུ་གསུངས་པར་བརྟག་པ་ནི། བློ་གྲོས་ཆེན་པོ་གང་ཡང་ངས་ཆོས་ཐམས་ཅད་བདག་མེད་ཅེས་བཤད་པ་དེའི་དོན་ཀྱང་ཁོང་དུ་ཆུད་པར་གྱིས་ཤིག །བློ་གྲོས་ཆེན་པོ་བདག་མེད་པའི་དངོས་པོ་ནི་བདག་མེད་པ་ཉིད་

དེ། རྟ་དང་བ་ལང་བཞིན་དུ་ཆོས་ཐམས་ཅད་ནི་བདག་གི་དངོས་པོར་ཡོད་པ་དེ་གཞན་གྱི་དངོས་པོར་ནི་མེད་དོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པས་དངོས་པོ་ཐམས་ཅད་ཀྱི་གཞན་བསལ་བར་གསུངས་པའོ། །གང་གཅིག་གི་རང་བཞིན་ཡིན་པ་གཞན་མ་ཡིན་ཏེ། དཀར་པོ་དང་།

དམར་པོ་དང་། གྲང་བ་དང་། དྲོ་བ་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ལ་སོགས་པ་རྣམས་ཀྱི་འབྲས་བུ་སོ་སོར་སྣང་བ་སྣ་ཚོགས་ཐ་དད་པའི་ཕྱིར་དངོས་པོ་ཐམས་ཅད་གཅིག་ལས་གཅིག་རྣམ་པར་ལོག་པའོ། །དེས་ན་བདག་མེད་པ་ཕན་ཚུན་དུ་བདག་མེད་པ་

ཐམས་ཅད་མཁྱེན་པས་དགོངས་པའོ། །རང་བཞིན་མེད་པ་རྣམས་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པ་མ་ཡིན་པའི་བདག་ཉིད་དུ་མེད་པ་ཉིད་མ་ཡིན་ནོ། །བློ་གྲོས་ཆེན་པོ་བ་ལང་གི་རྭ་གཡས་པ་ལས་གཡོན་པ་གཞན། གཡོན་པ་ལས་གཡས་པ་གཞན་པ་བཞིན་ཏེ།

དེ་བཞིན་གཤེགས་པ་ཡང་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་དང་ཐ་དད་པ་ཡང་མ་ཡིན་ནོ་ཞེས་པ་དང་། གཉིས་ཀ་ཡང་སྐྱོན་ཏེ་ཕུང་པོའི་མཚན་ཉིད་མི་མཐུན་ན་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པར་འགྱུར་རོ། །ཕུང་པོའི་མཚན་ཉིད་དུ་ཡང་བྱས་པའི་

ཕྱིར་མི་རྟག་པ་སྟེ། དེ་ལས་གཞན་པའི་གཞན་གྱི་དབང་འཁོར་བའི་འབྲས་བུ་བཞིན་ནོ། །སྐྱོན་དེ་གཉིས་སྤངས་པའི་དེ་བཞིན་གཤེགས་པ་ནི་རང་བཞིན་གྱིས་འོད་གསལ་བ་མི་གཉིས་པའི་ཆུད་པའོ། །གཉིས་ཀྱི་རྣམ་པ་རྣམས་ནི་གཅིག་ལ་གཅིག་ལྟོས་པའི་རྒྱུ་དང་

འབྲས་བུ་སྟེ། འདུས་བྱས་དང་འདུས་མ་བྱས་དང་། རྟག་པ་དང་། མི་རྟག་པ་དང་། འཛིན་པ་དང་། གཟུང་བ་དང་། མཚན་མའི་གཞི་དང་། མཚན་མ་དང་། བདག་དང་བཅས་པ་དང་། བདག་མེད་པ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་། སྟོང་པ་དང་།

Vol. 121 · folio 220b

སྟོང་པ་མ་ཡིན་པ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ལ་སོགས་པའི་རྣམ་པར་རྟོག་པ་སོ་སོར་སྣང་བའི་སྒྲ་དང་དོན་རྣམས་ཕན་ཚུན་དུ་ལྟོས་ཏེ་འཇུག་གོ། །གཉིས་སུ་མེད་ཅིང་བརྗོད་དུ་མེད་པ་ལ་ནི་རྒྱུ་དང་འབྲས་བུ་ལ་སོགས་པ་རྣམ་པར་རྟོག་པར་མི་འཇུག་སྟེ། མི་

གཉིས་པར་ཡང་དག་པར་རིག་པ་ནི་སྣང་བ་མེད་པ་ཁོ་ནའི་ཕྱིར་དེར་གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ་སོར་སྣང་བ་མེད་དོ། །གང་གིས་མཉམ་པར་མི་འཇོག་པའི་མ་རིག་པ་ལས་སྐྱེས་པའི་གཞན་གྱི་དབང་འཁོར་བ་མཐའ་དག་ཏུ་གཟུགས་ལ་སོགས་པའི་ཕུང་པོར་རྒྱུ་དང་

འབྲས་བུ་ལ་སོགས་པ་གཉིས་ཀྱི་རྣམ་པར་སྣང་བ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མི་རྟག་པ་ལྟ་བུར་འགྱུར་ཡང་རྟག་པ་ཉིད་དེ། གློ་བུར་གྱི་གཉིས་ཀྱི་རྣམ་པའི་ཉེས་པ་སྤངས་པའི་ཕྱིར་རོ། །གསེར་ལ་སོགས་པ་དྲི་མ་དང་བྲལ་བ་བཞིན་དུ་སྐད་ཅིག་མའི་རྒྱུན་བསྟན་ཞིང་རང་

བཞིན་གྱིས་འོད་གསལ་བའི་ཆུད་པ་ནི་དེ་བཞིན་གཤེགས་པའོ། །དེ་ནི་འཛིན་པ་དང་གཟུང་བ་གཉིས་ཀྱི་རྣམ་པས་སྟོང་པ་སྟེ། ཆོས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་ཤིང་དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་དེའི་ཕྱིར་འདུས་མ་བྱས་པའོ། །སྐད་ཅིག་པ་ལ་ནི་སྐྱེ་བ་དང་། གནས་

པ་དང་། འགོག་པ་ལ་སོགས་པའི་ཆོས་གཞན་མེད་དེ། དེས་ན་དེ་བཞིན་གཤེགས་པ་སྐྱེ་བ་མེད་ཅིང་འགོག་པ་མེད་པ་དང་། དག་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྐད་ཅིག་མའི་རྒྱུ་བསྟན་པའོ། །སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་དོ་ཞེས་ཆོས་བརྟགས་པའོ། །ཇི་ལྟར་

གཉིས་ཀྱི་རྣམ་པ་ཐ་སྙད་འཇུག་པ་དེ་བཞིན་དུ་གཉིས་སུ་མེད་པའི་སྐད་ཅིག་མའི་རྒྱུན་ཡང་དག་པར་རིག་པ་བསམ་པ་མེད་ཅིང་སྣང་བ་མེད་པ་ལ་ནི་མ་ཡིན་ནོ། །རང་བཞིན་གྱིས་བརྗོད་དུ་མེད་ཅིང་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་རྣམས་ཀྱི་རྣམ་པར་རྟོག་པ་

སྤངས་པའི་ཕྱིར་སངས་རྒྱས་ཉིད་དུ་འགྱུར་རོ། །ཐམས་ཅད་མཁྱེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཞུགས་པའི་ཚེ་ཆོས་སྟོན་པ་འབྱུང་ངོ་ཞེས་ལན་དུ་མར་བཤད་པ་ཡིན་ནོ། །ཇི་ལྟར་དབུ་མ་ལས། གཞན་དང་གཞན་ལ་བརྟེན་ནས་གཞན། །གཞན་པ་དེ་ཡང་

Vol. 121 · folio 221a

ཡོད་མིན་པས། །གཞན་དངོས་མེད་ཕྱིར་གཞན་མིན་མེད། །ཡོད་པ་རྣམས་ཀྱང་མ་ཡིན་ནོ། །ཞེས་པ་སྟེ། དེས་ན་སྒྲ་དང་དོན་དུ་རྣམ་པར་བརྟགས་པ་དེ་དག་དོན་དམ་པ་ལ་མེད་དེ། །དེས་ན་དེར་ཆད་པ་དང་། རྟག་པའི་ལྟ་བར་གཏོགས་པར་སྨྲས་པར་འགྱུར་བ་ནི་

གང་གཉིས་ཀྱི་རྣམ་པ་དང་བྲལ་བ་དེ་ནི་དངོས་པོ་མ་ཡིན་ཏེ། རི་བོང་གི་རྭ་དང་། ནམ་མཁའི་པད་མོ་དང་། མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ་ཞེས་སོ། །ཁ་ཅིག་གིས་ཀུན་རྟོག་པ་ནི་གང་གཉིས་ཀྱི་རྣམ་པར་ནོར་པའི་སྐད་ཅིག་པ་དེ་མེད་པ་སྟེ། གང་མི་གཉིས་པ་དེ་ནི་མི་འགྱུར་བས་

ན་རྟོག་གོ་ཞེས་གཉིས་སུ་སྨྲ་བ་དེ་བསལ་བའི་ཕྱིར་སྲིད་པ་དང་ཐར་པའི་དུས་ན་སྡུག་བསྔལ་དང་སྡུག་བསྔལ་མེད་པ་ལ་སོགས་པ་ཐ་དད་པར་ཕྱེ་བའི་ཆུད་པ་ལ་དངོས་པོ་མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན་ཏེ། གསེར་དྲི་མ་དང་བྲལ་བ་བཞིན་དུ་དངོས་པོ་དང་དངོས་པོ་

མེད་པའི་རྣམ་པར་རྟོག་པ་མེད་པའི་དག་པ་སྐྱེ་བ་མེད་ཅིང་འགོག་པ་མེད་པའི་མཚན་ཉིད་ཀྱི་སངས་རྒྱས་ཁོ་ནའོ། །སྐྱེ་བ་དང་འགོག་པ་ལ་སོགས་པ་ལུང་སྟོན་པ་ལ་སོགས་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་བརྟགས་པ་ནི་རྣམ་པ་གཉིས་ཀ་ལ་ཡང་མེད་དེ་གཞན་གྱི་དབང་རྣམ་པར་མི་རྟོག་

པའི་གནས་སྐད་ཅིག་མའི་རྒྱུ་ལ་ཡང་མེད་ན་བརྗོད་དུ་མེད་པའི་ཡོངས་སུ་གྲུབ་པ་ལ་ཡང་ལྟ་ཅི་སྨོས་ཏེ་གནས་འདི་ནི་མེད་དོ། །གལ་ཏེ་རྣམ་གྲངས་ཀྱི་སྒྲ་འདི་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་དེའི་ཚེ་ཆོས་ཐམས་ཅད་མ་སྐྱེས་སོ་ཞེས་སྨོས་སུ་མི་རུང་བར་འཕགས་པ་བློ་གྲོས་ཆེན་

པོས་དེ་བཞིན་གཤེགས་པ་ནི་དངོས་པོ་མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཐམས་ཅད་མཁྱེན་པའི་དགོངས་པ་ཅི་ཞེ་ན། གང་ཡོངས་སུ་གྲུབ་པའི་དངོས་པོ་ཡོད་དེ། མོ་གཤམ་གྱི་བུ་ལ་སོགས་པའི་མཚན་ཉིད་མ་སྐྱེས་པ་ལྟ་བུར་རྣམ་པ་གཉིས་མེད་པ་ཁོ་ན་

མ་ཡིན་ནོ། །གཞན་གྱི་དབང་ཡང་རྨི་ལམ་དང་མིག་འཕྲུལ་དང་། རབ་རིབ་སྣང་བ་དང་། གཟུགས་བརྙན་ལ་སོགས་པ་ལྟར་སྣ་ཚོགས་ཐ་དད་པའི་རྣམ་པ་སྐྱེ་བའི་རང་བཞིན་མེད་པ་སྟེ། དེའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཡོངས་སུ་དག་པ་གཉིས་སུ་མེད་པའི་ཆུད་

Vol. 121 · folio 221b

པ་ནི་དེ་བཞིན་གཤེགས་པ་སྟེ། དེ་གཅིག་པོ་ལ་གནོད་པ་མི་སྲིད་པའི་ཕྱིར་རོ། །བདུན་བརྒྱ་པ་ལས་ཀྱང་དངོས་པོ་ཞེས་འབྱུང་ངོ་། །དེ་བཞིན་གཤེགས་པ་ཇི་ལྟར་དངོས་པོ་ཞེ་ན། དེར་གསུངས་པའི་དགོངས་པ་དགོངས་པ་ངེས་པར་འགྲེལ་པ་ལས་རིག་པར་བྱ་སྟེ། དོན་དམ་པ་ལ་ནི་གཉིས་

ཀྱི་རྣམ་པའི་དངོས་པོ་མེད་དོ་ཞེས་ཏེ་དེས་ན་དོན་དམ་པ་རང་བཞིན་མེད་པའི་སྟོང་པ་ནི་དེ་བཞིན་གཤེགས་པའོ། །བཙུན་གཙོ་འཕགས་པ་བྱམས་པའི་བཤད་པ་ནི་འདིར་གསལ་བ་སྟེ། གཉིས་ཀྱི་དངོས་པོ་མེད་པ་ཡི། །དངོས་པོའི་སྟོང་པའི་མཚན་ཉིད་དོ། །ཞེས་པའོ། །ས་དང་པོ་

དབང་པོའི་དབུ་མ་ལས་ཀྱང་། དོན་དམ་དོན་ནི་གསལ་བ་སྟེ། །རྣམ་རྟོག་མེད་ཅིང་སྣང་བ་མེད། །སྤྲོས་པ་རྣམས་ཀྱིས་མ་སྨོས་པ། །འཇིག་རྟེན་མགོན་པོ་སངས་རྒྱས་ཀྱི། །འདི་ནི་བསྟན་པ་བདུད་རྩིའོ། །གང་དག་དངོས་པོ་ཡོད་མཐོང་དང་། །མེད་པར་མཐོང་བ་བློ་ཆུང་རྣམས། །

བལྟ་བྱ་ཉེར་ཞི་ཞི་བ་ནི། །དེ་དག་གིས་ནི་མི་མཐོང་ངོ་། །སྟོང་པ་ཞེས་པར་སྨྲ་མི་བྱ། །མི་སྟོང་ཞེས་པར་འགྱུར་བ་ཡང་། །གཉིས་དང་མི་གཉིས་ཞེས་པར་ཡང་། །རྣམ་བཞི་ཞི་ལ་གང་ལ་ཞིག །དེ་དེ་ལྟར་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པས་བརྒྱད་དུ་དབུ་མའི་

ཏིང་ངེ་འཛིན་ཏེ། དེ་སྐྱེ་བ་དང་། འགོག་པ་ལ་སོགས་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཐོག་མ་དང་ཐ་མའི་མཐའ་སྟོང་ཞིང་དབུས་སུ་རང་བཞིན་ཉིད་ཀྱིས་སྟོང་པ་ལ་སོ་སོར་མི་སྣང་ངོ་། །ཤེས་པ་འབའ་ཞིག་ལམ་ཟད་དེ་ཤེས་པར་བྱ་བ་ཡང་ངོ་། །ཇི་ལྟར། ཕྱི་ཡི་དངོས་པོ་བསལ་

ནས་སུ། །ཤེས་པ་ཙམ་ལ་འཇུག་པས་ནི། །དེ་ན་དབུ་མའི་ནན་ཏན་ཏེ། །ང་དང་གཞན་གྱིས་བསྟན་པའོ། །དེ་ནི་ས་བདུན་གྱི་དབང་པོ་རྣམས་ཀྱི་རྣམ་པར་ཤེས་པའི་ཏིང་ངེ་འཛིན་ཏོ། །དབུ་མའི་ཏིང་ངེ་འཛིན་ཀྱང་། དངོས་མེད་དངོས་པོ་མེད་པ་མིན། །ཡོད་དང་མེད་པ་མི་

དམིགས་པ། །དེ་ནི་དབུ་མའི་ནན་ཏན་ཏེ། །ང་དང་གཞན་གྱིས་བསྟན་པའོ། །རྣམ་པར་ཤེས་པ་དང་དབུ་མའི་ཏིང་ངེ་འཛིན་དུ་འབྱེད་པ་ནི། ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པ་བརྒྱད་པའོ། །ས་གཉིས་དག་ནི་གནས་ཡིན་ཏེ། །ས་གཞན་ང་ཡི་རང་བཞིན་ནོ། །

Vol. 121 · folio 222a

ཞེས་པ་སྟེ། གང་ན་སྐྱེ་བ་མེད་པའི་མཚན་ཉིད་དེ་ནི་ས་བདུན་དུ་ཕྱིན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མུ་སྟེགས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །དག་པ་འཇིག་རྟེན་པ་ཐམས་ཅད་མཁྱེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་དང་

ལྡན་པའི་ཡིད་ཀྱི་སྐུ་རྣལ་འབྱོར་གྱི་དབང་པོ་ཐམས་ཅད་མཁྱེན་པ་བཞུགས་པ་ན། སེམས་ཅན་རྣམས་མོས་པ་བཞིན་དུ་ཆོས་སྟོན་པ་འབྱུང་ངོ་། །རྣམ་པ་ཇི་བཞིན་དུ་སྤྲུལ་པས་ཆོས་སྟོན་པར་མཛད་པ། དེ་བཞིན་དུ་ཐམས་ཅད་མཁྱེན་པས་སྟོན་པར་མཛད་པ་ནི། དེ་བཞིན་དུ་

བློ་གྲོས་ཆེན་པོ་ཡང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན། མིང་གྲངས་མེད་པ་བརྒྱ་སྟོང་ཕྲག་གསུམ་དུ་བྱིས་པ་རྣམས་ཀྱི་རྣ་ལམ་དུ་གྲགས་ཏེ། དེ་དག་གིས་ང་བརྗོད་ཀྱང་། འདི་དག་ནི་དེ་བཞིན་གཤེགས་པའི་མིང་གི་རྣམ་གྲངས་སུ་མི་ཤེས་སོ། །དེ་ལ་བློ་གྲོས་ཆེན་པོ་ཁ་ཅིག་ནི་

ང་ལ་དེ་བཞིན་གཤེགས་པར་ཤེས་སོ། །ལ་ལས་ནི་རང་བྱུང་བར། དེ་བཞིན་དུ་ལ་ལས་ནི་འདྲེན་པ་དང་། རྣམ་པར་འདྲེན་པ་དང་། ཡོངས་སུ་འདྲེན་པ་དང་། སངས་རྒྱས་དང་། ཁྱུ་མཆོག་དང་། ཚངས་པ་དང་། འཇུག་སེལ་དང་། དབང་ཕྱུག་དང་། གཙོ་བོ་དང་། སེར་སྐྱ་

དང་། ཡང་དག་མུ་དང་། མི་གདོན་མུ་ཁྱུད་དང་། ཟླ་བ་དང་། ཉི་མ་དང་། རྩེ་བ་པོ་དང་། རྣམ་པར་འདོར་དང་། ནེ་ཙོ་དང་། དབང་པོ་དང་། སྟོབས་ཅན་དང་། ཆུ་བདག་ཏུ་རབ་ཏུ་ཤེས་སོ་ཞེས་པ་གང་ཚེ་བདག་ཐམས་ཅད་གང་དག་གིས་གཟུང་བའི་སེམས་ཅན་དེ་དག་ལ་དེ་

བཞིན་དུ་སྤྲུལ་པ་རྣམས་ཀྱི་འདུལ་བ་ཆེན་པོས་འདུལ་བར་མཛད་དོ། །ངའི་སྤྲུལ་པའི་འཁོར་ལོ་རྣམས་ཀྱི་རྣམ་གྲངས་ཐ་དད་པ་མཐའ་མེད་པ་རྣམས་ནི་ཕྱོགས་བཅུར་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་ཁྱོན་རྣམས་སུ་ཡང་རབ་ཏུ་འཇུག་གོ། །དེས་ན་རྣམ་གྲངས་རྣམས་ཀྱི་

གཅིག་པོ་ལ་ཡང་མང་པོ་སྟེ། ཇི་ལྟར་ལག་པ། བྱེད་པ། སྤྱོད་པ་ཞེས་སོ། །སྣང་བ་ཐ་དད་པས་ཀྱང་ཆུ་ལ་ཟླ་བ་མང་བ་ལྟ་བུ་དང་། སྒྱུ་མ་རྣམ་པ་སྣ་ཚོགས་ཀྱིས་སྤྲུལ་པའི་སྐྱེས་བུ་ལྟ་བུ་སྟེ། རྣམ་པ་དེ་ལྟ་བུའི་ཚངས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡོད་པར་ནི་རུང་། གྲུབ་པ་གཉིས་སུ་

Vol. 121 · folio 222b

མེད་པའི་མཚན་ཉིད་ལ་ནི་སྣ་ཚོགས་མེད་དེ། དེ་བཞིན་དུ་ཐམས་ཅད་མཁྱེན་པ་དོན་དམ་པའི་ཚུལ་སྟོན་པ་གཞན་ལ་ལས་ན་སྐྱེ་བ་མེད་པ་དང་། འགོག་པ་མེད་པ་དང་། སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། བདེན་པ་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་། མྱ་

ངན་ལས་འདས་པ་དང་། རྟག་པ་དང་། མཉམ་པ་ཉིད་དང་། གཉིས་སུ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་སུ་མེད་པ་དང་། མི་སྐྱེ་བ་དང་འགོག་པ་མེད་པ་ལ་སོགས་པ་ནི་མུ་སྟེགས་བྱེད་རྣམས་ཀྱི་རྟག་པ་དང་། གཅིག་པ་དང་། བདག་དང་། ཚངས་པ་དང་། དབང་པོ་ལ་སོགས་

པར་བརྟགས་པར་ཆགས་པའོ། །བདེ་བར་གཤེགས་པ་ཁ་ཅིག་ལ་ཡང་དེ་དངོས་པོ་མེད་པའི་ཡུལ་ཏེ། དེའི་ཕྱིར་ཇི་ལྟར་མང་དུ་ཐོས་པ་རྣམས་ལས་དམིགས་པའི་དོན་གྱི་ཁྱད་པར་འདི་ཐམས་ཅད་མཁྱེན་པས་གསུངས་པའི་དོན་གྱི་རྗེས་སུ་འབྲང་བར་བྱའི་ཡི་གེའི་ཕྱིར་འབྲང་བར་

མི་བྱའོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པས་བསྔགས་པའི་མང་དུ་ཐོས་པ་རྣམས་ཀྱིས་ནི་རྟོགས་པར་ཡང་ནུས་པ་སྟེ། དེ་དག་ནི་རྗེས་སུ་དཔག་པས་ཐམས་ཅད་ཤེས་སོ། །ཇི་ལྟར་ལུང་སྟོན་པ་རྣམས་ཀྱིས་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་བྱ་བ་བྱས་པ་

དང་། བྱེད་པ་པོར་འབྲེལ་པར་ཀུན་བརྟགས་པའི་རྣམ་པ་ནི་དེ་ལྟར་ཐ་དད་པར་མི་རུང་སྟེ། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་མེད་དེ། སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པ་སུས་གང་ཞིག་བྱ། ཇི་ལྟར། འདུ་བྱེད་ཐམས་ཅད་

སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་པ་དེ་དེ་ལྟར་སྐྱེ་བ་ལ་སོགས་པ་གང་ཟག་ལ་བདག་མེད་པ་ལ་མི་རུང་ངོ་། །ཆོས་ལ་བདག་མེད་པ་ལ་ཡང་མེད་དེ་གཉིས་ཀྱི་རྣམ་པ་གང་ཡིན་པ་དེ་དག་གི་སྐྱེ་བའི་

རང་བཞིན་མེད་དེ། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ཀྱི་རྣམ་པ་དང་། གཟུགས་བརྙན་ལ་སོགས་པ་ལྟ་བུ་སྟེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པ་བཞིན་ནོ། །སྐད་ཅིག་མའི་རྒྱུན་ཡང་དག་པར་རིག་པ་

Vol. 121 · folio 223a

ཡང་བརྗོད་དུ་མེད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་མེད་པས་འཛིན་པ་དང་། གཟུང་བ་དང་། བྱ་བ་དང་། བྱེད་པ་དང་། སྐྱེད་པ་དང་། བསྐྱེད་པ་དང་། རྗོད་པ་དང་། བརྗོད་པར་བྱ་བ་དང་། མཚན་མའི་གནས་དང་།

མཚན་མ་དང་། གཞན་དང་། གཞན་པའི་གཉིས་ཀྱི་རྣམ་པ་དང་གཉིས་ཀྱི་རྣམ་པའི་ཐ་སྙད་ཐམས་ཅད་དེར་ལྡོག་གོ། །ཡི་གེ་མེད་པ་ནི་དོན་དམ་པ་སྟེ། རྣམ་པར་མི་རྟོག་པར་ཐམས་ཅད་མཁྱེན་པས་དགོངས་པ་སྟེ། དེ་ལས་གཞན་པའི་ངེས་པར་འཇུག་པ་དབང་པོའི་ཤེས་པ་

དང་། དབུགས་ཐུབ་པ་ཡང་དག་པར་རིག་པ་བཞིན་ནོ། །སྐད་ཅིག་མའི་རྒྱུན་འབྱུང་ཞིང་རྣམ་པར་རྟོག་པ་མེད་པར་མངོན་སུམ་དུ་མྱོང་ཡང་རྣམ་པ་དེ་ལྟ་བུ་བསྟན་མི་ནུས་པའི་ཕྱིར་དེར་སེམས་ཉིད་ཀྱང་གཉིས་ཀྱི་རྣམ་པར་མི་འཇུག་ན་ཡི་གེ་དང་སྒྲ་ལྟ་ཅི་སྨོས། སྣང་བ་དང་བཅས་པའི་ཏིང་

ངེ་འཛིན་ལ་ཞུགས་པ་ན་ཐམས་ཅད་མཁྱེན་པའི་ཆོས་སྟོན་པ་ཡང་འབྱུང་ངོ་ཞེས་ལན་དུ་མར་བཤད་པའོ། །ཁྱད་པར་ཅན་ལ་སོགས་པ་རྣམས་ཀྱིས་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་དང་། ཕྱོགས་དང་། བདག་དང་། ཡིད་དང་རྫས་དགུ་ལྟ་བུར་ཕྱི་རོལ་

གྱི་དངོས་པོ་ལ་སོགས་པས་ཀུན་དུ་བརྟགས་པའི་རྟག་པའི་རྫས་དགུ་ལ་མུ་སྟེགས་བྱེད་པས་མ་སྐྱེས་པ་འགགས་པར་ཀུན་དུ་བརྟགས་པའི་རྟོག་གོ་ཞེས་བློ་གྲོས་ཆེན་པོས་གླེངས་པའི་ལན་དུ་ཁྱད་པར་དེ་ཉིད་དུ་གསུང་བར་མཛད་དོ། །དེ་ལ་ཕྱི་རོལ་དང་ནང་གི་རྣམས་ལ་འཛིན་པ་དང་

གཟུང་བའི་དངོས་པོར་ཀུན་བརྟགས་པའི་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའི་ཕྱིར་རྟག་པ་དང་བདག་ཏུ་ཆགས་པའི་ལས་དང་། འདུ་བའི་མཐུ་ལས་འཁོར་བའི་སྡུག་བསྔལ་འབྱུང་ངོ་། །དེའི་ཕྱིར་ཕུང་པོ་རྣམས་མི་ཟད་དེ། ཐམས་ཅད་མཁྱེན་པ་མི་

རྟག་པ་དང་། བདག་མེད་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་ལ་སོགས་པར་སྟོན་པ་རིམ་གྱིས་གཟུད་པའི་ཕྱིར་རོ། །ཟབ་མོའི་ཆོས་ལ་མོས་པ་རྣམས་ལ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་སྟོན་པ་སྟེ། མཉམ་

Vol. 121 · folio 223b

པར་མི་འཇོག་པའི་བག་ཆགས་ཉོན་མོངས་པ་མེད་པའི་མི་ཤེས་པ་ཤེས་བྱའི་སྒྲིབ་པ་སྤངས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་ནུས་པའི་རྣལ་འབྱོར་གྱི་དབང་པོ་ཐམས་ཅད་མཁྱེན་པར་འགྱུར་རོ། །རབ་རིབ་ཀྱི་རྣམ་པ་ལྟ་བུར་ནོར་ཅིང་སོ་སོར་སྣང་བ་ལ་ཕྱི་རོལ་གྱི་དོན་དུ་ངེས་པ་པའི་

སེམས་ཅན་རྣམས་གཟུད་པའི་རིམ་གྱིས་དེས་ན་སྟོན་པའི་དོན་གཉིས་སོ། །ཡོངས་སུ་གྲུབ་པའི་མི་གཉིས་པའི་སྐད་ཅིག་མ་རྣམས་ནི་བརྗོད་དུ་མེད་པའི་ཕྱིར་བདག་དང་བདག་མེད་པ་དང་། བྱ་བ་དང་། བྱེད་པ་དང་། བྱས་པ་དང་། མ་བྱས་པ་དང་། རྟག་པ་དང་། མི་རྟག་པ་ལ་

སོགས་པའི་རྣམ་པར་རྟོག་པ་ཤིན་ཏུ་མེད་དེ། མཛུབ་མོའི་རྩེ་མོ་ཙམ་འབའ་ཞིག་གིས་རབ་ཀྱི་མཚན་ཉིད་ཡི་གེ་མེད་པའི་ཐ་སྙད་ལ་དེ་ལྟར་ཡི་གེ་མེད་པར་ཡི་གེར་བྱ་སྟེ། སྤྱིར་སྒྲོ་བཏགས་ནས་མོས་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་ཕུང་པོ་དང་། ཁམས་

དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་བསྟན་པ་བརྗེད་པས་གཟུད་དོ། །གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་མེད་དེ། ཆོས་ཐམས་ཅད་བྱེད་པ་མེད་པས་སུས་ཀྱང་ཅི་ཡང་མི་བྱེད་དེ། དེ་མ་ཐག་ཏུ་འདི་ཡོད་དོ་ཞེས་

ཆོས་སུ་བརྟགས་པའི་ཕྱིར། ཐམས་ཅད་མཁྱེན་པས་འདི་སྐད་དུ་སྒྲུབ་པར་མཛད་པ། རྒྱུ་འབྲས་ལྟ་བ་ལོག་པ་ཡིས། །བདག་བརླག་གཞན་ཡང་རླག་པར་བྱེད། །ཅེས་བྱ་བ་ལ་སོགས་པ་དང་། རྒྱུ་མེད་སྨྲ་བས་བརྩན་བྱ་སྟེ། །མ་སྐྱེས་པ་ཡང་རབ་ཏུ་སྒྲུབ། །སྐྱེ་བ་མེད་པར་

རང་བསྒྲུབས་ན། །ང་ཡི་ཚུལ་ནི་མི་འཇུག་གོ། །ཞེས་བྱ་བ་ལ་སོགས་པ་སྟེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་འབྱུང་བ་མེད་ཅེས་ལན་དུ་མར་བཤད་པ་ཡིན་ནོ། །སྐྱེ་བ་ལ་སོགས་པའི་ཆོས་ནི་བདག་མེད་པ་གཉིས་ལ་ཡང་མི་རུང་སྟེ། སྐད་ཅིག་པ་ལ་སོགས་པའི་ཆོས་གཞན་

མེད་དོ། །གཞན་གྱི་དབང་གིས་གཉིས་ཀྱི་རྣམ་པ་རྣམས་ལ་ཡང་སྐྱེ་བའི་རང་བཞིན་མེད་པ་ཉིད་དེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། །དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ། སྐད་ཅིག་མའི་རྒྱུན་རྣམས་བརྗོད་དུ་མེད་པའི་ཕྱིར་དེར་རྟག་

Vol. 121 · folio 224a

པ་དང་། བདག་དང་། བདག་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་འབྱུང་ངོ་། །གཉིས་ཀྱི་རྣམ་པར་ཤེས་པ་ལ་ནི་ཡོད་པ་དང་། མེད་པ་ལ་སོགས་པའི་ཐ་སྙད་ཐམས་ཅད་ཉིད་འབྱུང་ངོ་། །ཇི་ལྟར་འདིར་གསུངས་པ། ཡོད་པའི་ཟླས་དྲངས་མེད་པ་

སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་པར་ཤེས་མི་བྱ། །ཡོད་པར་ཡང་ནི་མི་བརྟག་གོ། །ཞེས་པ་སྟེ། རྟོག་པས་སྒྲོ་བཏགས་ཏེ་མ་གྲུབ་པ་བརྟགས་ནས་བ་ལང་གི་རྭ་ནི་ཡོད། རི་བོང་གི་རྭ་མེད་པ་དང་། རྨི་ལམ་མ་ཡིན་པ་ན་ནི་ཡོད། རྨི་ལམ་ན་ནི་མེད་ཅེས་

པ་དེ་དེ་ལྟར་གང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པར་ཤེས་རབ་ཀྱིས་དཔྱད་པས། བ་ལང་གི་རྭ་ལྟ་ཉིད་མེད་ན། རི་བོང་གི་རྭ་ལྟ་ག་ལ་ཞིག་སྟེ། དེ་དེ་ལྟར་ན། བདག་དང་བདག་མེད་ཕྱོགས་བསླད་ཅིང་། །སྒྲ་ཙམ་ལ་ནི་འཇུག་

པ་དག །ཅེས་པ་སྟེ། རྒྱུ་དང་འབྲས་བུའི་དངོས་པོར་རྣམ་པར་རྟོག་གོ། །ཐམས་ཅད་མཁྱེན་པས་གང་དག་གི་བདག་མེད་པ་དེ་དག་གི་རང་བཞིན་མེད་པའོ་ཞེས་དེ་ལྟར་ཆུད་པར་མི་བྱ་བར་ཆོས་དང་གང་ཟག་ལ་བདག་མེད་པར་ཁྱད་པར་དུ་བསྟན་པའོ། །ཕན་ཚུན་དུ་རྣམ་པར་ལྡོག་

པའི་བདག་ཉིད་པ་རྣམས་ཏེ། དེ་བཞིན་དུ་ནི་གཞན་སྤངས་པའི་མཚན་ཉིད་པ་རྣམས་དེས་ན་བདག་མེད་པའི་རང་གི་མཚན་ཉིད་ལ་མུ་སྟེགས་བྱེད་པས་རྟག་པ་དང་བདག་དང་། ཕྱི་རོལ་གྱི་རྫས་ལ་སོགས་པར་རྟོག་པ་དེ་ལྟ་བུ་མེད་ན་དེ་ལ་ལྟོས་ཏེ་བདག་དང་། བདག་མེད་

པ་དང་། རྟག་པ་དང་། མི་རྟག་པ་དང་། སྐད་ཅིག་པ་དང་། སྐད་ཅིག་པ་མ་ཡིན་པ་དང་། ཕྱི་རོལ་གྱི་དང་། ཕྱི་རོལ་མ་ཡིན་པའི་རྫས་ལ་སོགས་པར་ཅིས་ན་རྟོག །གཞན་གྱི་དབང་གཉིས་ཀྱི་རྣམ་པར་གང་སྣང་བ་དེ་དག་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་

ཏུ་སྣང་བ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་རྣམ་པ་དེས་མ་སྐྱེས་པས་ན་དངོས་པོ་མེད་པ་རྣམས་སོ། །རྟག་པ་དང་། བདག་དང་། ཕྱི་རོལ་གྱི་རྫས་ལ་སོགས་པའི་རང་བཞིན་མེད་པའི་ཕྱིར་མ་སྐྱེས་པས་ན་དངོས་པོ་མེད་དོ། །ཡོངས་སུ་གྲུབ་པ་རྣམས་

Vol. 121 · folio 224b

ཀྱི་ནི་ཡང་གཉིས་ཀྱི་རྣམ་པར་སྟོང་པ་ཉིད་དེ་བསམ་པ་མེད་པ་དང་སྣང་བ་མེད་པའོ། །མུ་སྟེགས་བྱེད་རྣམས་ཀྱི་ནི་རྟག་པ་དང་། བདག་དང་ཕྱི་རོལ་གྱི་བར་སྒྲོ་བཏགས་པའོ། །སངས་རྒྱས་རྣམས་ཀྱི་ནི་འདུ་བྱེད་ཐམས་ཅད་སྐད་ཅིག་པའོ། །གཞན་གྱི་དབང་གིས་གང་ཡིན་པ་དེ་དག་ཀྱང་རྨི་

ལམ་དང་མིག་འཕྲུལ་ལ་སོགས་པ་སྟེ། ལུང་སྟོན་པ་པོ་རྣམས་ཀྱིས་སྐྱེ་བ་དང་། འགོག་པ་ལ་སོགས་པ་བྱེད་པ་དང་། བྱེད་པ་པོར་མངོན་པར་འབྲེལ་པར་བརྟགས་པ་གཞན་དག་མེད་དོ། །ཤེས་རབ་ཀྱིས་དཔྱད་པས་འཛིན་པ་དང་། གཟུང་བ་ཡང་མི་དམིགས་པ་བསམ་པ་མེད་

ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ཡང་དག་པར་རིག་པ་སྐད་ཅིག་མའི་རྒྱུན་བརྗོད་དུ་མེད་པའི་ཕྱིར་སྐྱེ་བ་ལ་སོགས་པར་གཞན་ཀུན་དུ་བརྟགས་པ་ལྟ་ཞིག་གི་སྐབས་ག་ལ་ཡོད་དེ་མེད་དོ། །ཆོས་ཐམས་ཅད་ལ་ཡི་གེ་མེད་པ་ནི་རང་གི་མཚན་ཉིད་རྣམས་ལ་ཡི་

གེ་མེད་པ་སྟེ། དེའི་ཕྱིར་ན་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་གོ། །དངོས་པོ་དང་དངོས་པོ་མེད་པ་རྣམ་པར་མི་རྟོག་པ་ལ་སོགས་པའི་དོན་དམ་པ་ལ་ནི་མུ་སྟེགས་བྱེད་རྣམས་དངོས་པོར་སྒྲོ་བཏགས་པས། བློ་གྲོས་ཆེན་པོ་ངའི་ཆོས་ནི་ཡོད་པ་དང་མེད་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་

དང་བྲལ་བས་དེའི་ཕྱིར་མུ་སྟེགས་བྱེད་རྣམས་ཀྱི་སྐྱེ་བ་མེད་པ་དང་། འགོག་པ་མེད་པར་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །ཐམས་ཅད་མཁྱེན་པས་ཉན་ཐོས་དང་མུ་སྟེགས་བྱེད་སྨྲ་བ་ལས་ཐེག་པ་ཆེན་པོ་ཁྱད་པར་ཅན་ཞེས་ཏེ། གཉིས་ཀ་དང་མི་གཉིས་པའི་ཆོས་སྟོན་པས་སྣང་

བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་གསུངས་པའོ། །རང་གི་རྣམ་པ་བརྒྱལ་བ་ལ་སོགས་པ་ལྟ་བུ་ནམ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་གཞིགས་ནས་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་

ཡང་དག་པར་རིག་པ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པ་ཉིད་གནས་སོ། །དེ་ལ་བྱེད་པ་དང་། བྱེད་པ་པོ་དང་། བརྗོད་པ་དང་། རྗོད་པ་པོ་དང་། འཛིན་པ་དང་། གཟུང་བ་དང་། རྟག་པ་དང་། མི་རྟག་པ་དང་། བདག་དང་། བདག་མེད་པ་དང་། སེམས་

Vol. 121 · folio 225a

ཅན་དྲུག་བརྟགས་པ་ཐམས་ཅད་དང་། འདུ་བའི་རྣམ་པར་རྟོག་པ་ཕྱི་ནང་གི་རྐྱེན་གྱི་འབྲེལ་པ་གཞན་གྱི་དབང་གི་རྣམ་པ་ལ་སྣང་ངོ་། །འབྲེལ་པ་འབྲེལ་པ་ཞེས་བྱ་བ་ནི་ཀུན་འདུ་བ་ལ་ཐམས་ཅད་མཁྱེན་པས་དགོངས་པ་སྟེ། སེམས་འཁྲུགས་ན་ཇི་ཙམ་དུ་འཁོར་བར་སྣང་བ་

དེ་ཙམ་དུ་མཉམ་པར་མི་འཇོག་པའི་མཚན་ཉིད་ཅན་གྱི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ། དེ་ནི་རྟག་པ་དང་། བདག་ཏུ་ཆགས་པའི་མ་རིག་པ་དང་། ལས་དང་ལེན་པ་ལས་སྲིད་པ་སྟེ། དེས་ན་ཕན་ཚུན་གྱི་འབྲེལ་པ་ནི་ནང་གི་རྟེན་ཅིང་འབྲེལ་ཏེ་འབྱུང་

བའོ། །ཕྱི་རོལ་གྱི་འབྱུང་བ་ལས་གྱུར་པའི་ཚོགས་ཀྱི་ནི་འཇིམ་པའི་གོང་བུ་དང་འཁོར་ལོ་ལ་སོགས་པ་འབྱུང་བའི་རྟེན་ལྟོས་ཏེ་འབྱུང་ངོ་། །དེ་ལྟར་ན་བྱས་པ་ནི་མི་རྟག་པ་སྟེ། མིག་ཡོར་དང་། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་ནོ། །ཇི་ལྟར་དབུ་མ་ལས། རྨི་ལམ་

བཞིན་དང་སྒྱུ་མ་བཞིན། །ཇི་བཞིན་དྲི་ཟའི་གྲོང་ཁྱེར་བཞིན། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་འཇིག་པར་བརྗོད་པའོ། །ཞེས་འབྱུང་བ་སྟེ། ཇི་ལྟར་ལུང་སྟོན་པ་ལས་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་ཀུན་བརྟགས་པའི་སྐད་ཅིག་པ་མ་

གཏོགས་པར་མེད་དེ། དེས་ན་ཇི་ལྟར་མུ་སྟེགས་ཅན་རྣམས་ཀྱི་ཆོས་དང་། ཆོས་ཅན་ལྟ་བུར་མི་རྟག་པ་ནི་ཐ་དད་པ་ཡང་མ་ཡིན། ཐ་དད་པ་མ་ཡིན་པ་ཡང་མ་ཡིན་ནོ། །གལ་ཏེ་མི་རྟག་པ་ཐ་དད་ན་ནི་མི་རྟག་པ་མེད་པའི་ཕྱིར་དེའི་ཚེ་ན་ཚིག་གི་དོན་རྟག་པར་འགྱུར་རོ། །རྟག་པ་ཡང་མི་རྟག་པར་

འགྱུར་རོ། །དེ་ལྟ་བས་མི་རྟག་པ་ནི་གཞན་པ་ཡང་མ་ཡིན། གཞན་པ་མ་ཡིན་པ་ཡང་མ་ཡིན་ཏེ། ཇི་ལྟར་དབུ་མ་ལས། གལ་ཏེ་སྐྱེ་བ་སྔར་ཡོད་ལ། །རྒ་དང་འཆི་བ་ཕྱི་ནས་ནི། །སྐྱེ་བ་རྒ་བ་འཆི་བ་མེད། །སྐྱེས་པ་འཆི་བར་ཡང་མི་འགྱུར། །གང་ན་དེ་དག་ཐོག་མ་དང་ཐ་མ་ལྷན་ཅིག་

དང་གོ་རིམས་སུ་མི་འཇུག་ན། སྐྱེ་བ་དང་ནི་རྒ་བ་ཡང་། །ཆོས་ཀུན་ལ་ནི་འཆི་བ་ཅི། །དངོས་པོ་ཀུན་ལ་རྣམ་རྟོག་བྱེད། །སྐྱེ་དང་འཆི་བ་མ་གཏོགས་པ། །དངོས་པོ་གང་ཞིག་ཡོད་པར་འགྱུར། །ཞེས་པ་སྟེ། ཇི་ལྟར་ལུང་སྟོན་པ་ལ་སོགས་པས་སྐྱེ་བ་དང་། གནས་པ་དང་།

Vol. 121 · folio 225b

འགོག་པ་ལ་སོགས་པའི་ཆོས་རྣམས་བརྟགས་པ་དང་། ཇི་ལྟར་ཁྱད་པར་ཅན་གྱི་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པར་རྣམ་པར་བརྟགས་པ་ནི་རིམ་དང་ཅིག་ཅར་དུ་མི་རུང་ངོ་། །ནམ་རིམ་དུ་འགྱུར་བ་དེའི་ཚེ་སྐྱེ་བ་ནི་རྒ་བ་དང་འཆི་བ་དང་བྲལ་བའོ། །གནས་པ་དང་།

རྒ་བ་དང་། འཆི་བ་རྣམས་ཀྱང་སྐྱེ་བ་དང་བྲལ་ཏེ། རྒྱུ་མེད་པ་ལས་སྐྱེ་བར་འགྱུར་རོ། །སྔར་དངོས་པོ་མེད་པ་དང་ཞིག་ནས་དངོས་པོ་མེད་པ་ལ་སོགས་པར་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་དང་། གྲངས་ཅན་དང་། དཔྱོད་པ་ཅན་དང་། ཀྵ་པ་ན་ཀ་གང་དག་གིས་ཀུན་རྟོག་པ་

གལ་ཏེ་དེ་དག་དངོས་པོ་ལས་ཐ་དད་པ་མ་ཡིན་ན་ནི་དེའི་ཚེ་དངོས་པོ་དང་དངོས་པོ་མེད་པར་དེ་ལྟར་འབྲེལ་པར་མི་རུང་སྟེ། གཉིས་ཀའང་དངོས་པོ་ཕྱིར་སུ་གང་གི་ཁྱད་པར་དུ་འགྱུར། དེའི་ཕྱིར་དངོས་པོ་བདག་ཉིད་ཀྱི་རྒྱུས་དེ་ལྟར་འབྱུང་བ་དང་འཇིག་སྟེ། གང་ཐོག་མ་དང་ཐ་མའི་དུས་

ཀྱི་གནས་ཀྱི་ཆ་དང་བྲལ་བའི་སྐད་ཅིག་པ་གཞན་ཉིད་དུ་ཡང་མི་གཉིས་པ་གྲངས་ཅན་རྣམས་ཀྱིས་དེ་སྐད་ཅིག་པ་དྲུག་ཏུ་གནས་པའི་རྟག་པ་ལྟ་བུར་ཡང་མི་རུང་ངོ་། །དྲུག་ནི་སྐྱེ་བ་དང་། ཡོད་པ་དང་། འགྱུར་བ་དང་། རྣམ་པར་འཕེལ་བ་དང་། ཟད་པ་དང་། འཇིག་གོ་ཞེས་

དངོས་པོའི་འགྱུར་བ་དྲུག་གོ། །སྐད་ཅིག་པ་གཅིག་ཀྱང་སྐད་ཅིག་པ་དྲུག་ཏུ་གནས་པར་འགྱུར་བས་རིམ་དང་ཅིག་ཅར་མི་རུང་ངོ་། །དེ་བཞིན་དུ་ནེ་ཡི་ཡ་ཡི་ཀ་དང་ཁྱད་པར་ཅན་ལ་སོགས་པས་བརྟགས་པའི་སྐད་ཅིག་པ་དྲུག་རྣམས་རེ་རེ་ཡང་སྐད་ཅིག་པ་དྲུག་དྲུག་ཏུ་གནས་པར་

འགྱུར་བ་ནི་ཡོད་པར་འབྲེལ་བའི་དུས་དང་། གནས་པའི་དུས་དང་། ཡོན་ཏན་གོང་མ་འབྱུང་བའི་དུས་དང་། དམིགས་པའི་དུས་དང་། རྣམ་པར་འཇིག་པའི་རྒྱུ་རྐྱེན་བསྙེན་པའི་དུས་དང་། རྣམ་པར་འཇིག་པའི་དུས་ཏེ། ཡོད་པ་དང་འབྲེལ་པ་ལ་སོགས་པར་རྟོག་པའི་

དུས་སྔ་མ་ལ་ཕྱི་མའི་ཁྱད་པར་མི་སྲིད་དོ། །དེ་དག་ལ་ཡང་དེ་བཞིན་དུ་སྐྱོན་མི་ལྡོག་པས་བློ་དང་སྒྲ་དང་། གློག་ལ་སོགས་པ་ཤིན་ཏུ་མྱུར་བར་རྣམ་པར་འཇིག་པ་ཡང་མེད་པར་འགྱུར་རོ། །དེས་ན་སྐད་ཅིག་པ་ལ་སྐྱེ་བ་དང་གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་

Vol. 121 · folio 226a

ལྷག་པ་མེད་དོ། །ཇི་ལྟར་དགེ་འདུན་ཆེན་པོ་པ་རྣམས་ཀློག་པ། འདུ་བྱེད་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་བྱ་བ་དང་། བྱེད་པ་པོར་འབྲེལ་ཏེ་སྐྱེ་བར་མི་རུང་སྟེ། གང་གི་

ཚེ་ན་སྐད་ཅིག་པ་གཅིག་པ་དེའི་ཚེ་ན། སྐད་ཅིག་པ་གཉིས་པོ་མེད་དེ་སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་ཅེས་བྱ་བ་འབའ་ཞིག་སྟེ་ཆོས་སུ་བརྟགས་པའོ། །གཞན་གྱི་དབང་གི་གཉིས་ཀྱི་རྣམ་པའི་ཤེས་པ་ལ་རྒྱུ་དང་འབྲས་བུ་ཀུན་ཏུ་རྟོག་པ་སྟེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་

ལ་ཡང་དེ་ལྟ་བུ་ཡོད་དོ། །ཁ་ཅིག་གིས་ནི་མངོན་སུམ་དང་རྗེས་སུ་དཔག་པས་དེར་ཡང་སྐད་ཅིག་མར་འཇིག་པ་གདོན་མི་ཟ་བར་བྱེད་དེ། ཇི་ལྟར་སེ་གོལ་གྱི་སྒྲ་ཐོག་མ་དང་ཐ་མའི་དུས་ཀྱི་གནས་ཐ་དད་པ་དང་བྲལ་བ་དང་། སྐྲ་དང་རྩྭ་ལ་སོགས་པ་བཅད་ནས་ཡང་སྐྱེས་པ་དང་། ཀ་བ་

དང་རྫ་མ་ལ་སོགས་པ་ཡང་མཆོག་ཏུ་རྙིངས་པ་ལ་སོགས་པས་ཐོག་མ་དང་ཐ་མའི་དུས་ཐ་དད་པ་དང་། མེ་ཏོག་ལ་སོགས་པ་རྣམས་རྣམ་པར་འཇིག་པར་རྗེས་སུ་དཔག་པ་ནི་ཇི་ལྟར་དེ་དག་སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་འཇིག་པས་སོ། །གཞན་གྱི་དབང་ལ་རྙིངས་པ་དང་། ཆེར་རྙིངས་

པ་ལ་སོགས་པར་ཐམས་ཅད་མཁྱེན་པའི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་སྐད་ཅིག་མར་འཇིག་པ་གདོན་མི་ཟའོ། །བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་སྐད་ཅིག་མའི་རྒྱུན་ཡང་དག་པར་རིག་པ་བརྗོད་དུ་མེད་པ་ནི་ཡོངས་སུ་གྲུབ་

པར་ཡང་མངོན་སུམ་སྟེ། དེ་དེ་ལྟར་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྟག་པར་བརྟགས་པ་རྣམས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་རྣམས་ལ་མི་སྲིད་དོ། །ཇི་ལྟར་འདིར་གསུངས་པ། རྟག་པ་ཡི་ནི་རང་བཞིན་གྱིས། །དངོས་པོ་ཐམས་ཅད་མ་

སྐྱེས་ཏེ། །གཞན་དབང་ལ་ནི་བརྟེན་ནས་སུ། །མི་རྣམས་རྣམ་པར་རྟོག་པ་སྐྱེ། །གང་ཚེ་གཞན་དབང་རྣམ་རྟོག་གིས། །རྣམ་པར་སྤངས་ཏེ་དག་པ་ན། །གྲུབ་པ་དེ་བཞིན་ཉིད་པར་སྨྲས། །མདོ་སྡེ་མདོ་སྡེར་ངས་བཤད་དོ། །རྟག་པ་དང་། བདག་དང་ཕྱི་རོལ་གྱི་རྫས་ལ་

Vol. 121 · folio 226b

སོགས་པ་བརྟགས་པ་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་གཞན་གྱི་དབང་སྣ་ཚོགས་ཐ་དད་པའི་རྣམ་པར་མ་སྐྱེས་པ་སྟེ། རྣམ་པ་དེས་སྐྱེས་པའི་རང་བཞིན་མེད་པས་གཅིག་པུ་ལ་དུ་མར་མི་རིགས་པ་དང་། རྣམ་པ་དུ་མ་ལ་ཡང་གཅིག་པུར་མི་རུང་ངོ་། །ཇི་ལྟར་སློབ་དཔོན་དྷརྨ་ཀཱིརྟིས་སྒྲུབ་པར་

བྱེད་པ། གང་གིས་དངོས་པོ་བརྟག་བྱ་བ། །ཡང་དག་པར་ནི་གཟུགས་དེ་མེད། །གང་ཕྱིར་གཅིག་དང་དུ་མར་ཡང་། །དེ་དག་གཟུགས་ནི་མེད་པའོ། །གཞན་དུ་དངོས་པོ་གཅིག་པོ་ལ། །སྣ་ཚོགས་གཟུགས་ནི་སྣང་བའི་ཕྱིར། །རྣམ་པ་ཇི་ལྟར་བདེན་པར་འགྱུར། །དེས་ན་གཅིག་

ཀྱང་འགྲིབ་པའི་ཕྱིར། །གཞན་ལ་གཞན་དུ་འགྲིབ་པ་ཡང་། །དབྱེར་མེད་མ་ཡིན་གཟུགས་མཐོང་ཕྱིར། །རང་བཞིན་ཐ་དད་མི་མཐོང་བས། །བློ་ནི་ཐ་དད་མི་རྟོགས་སོ། །འོ་ན་བློ་ནི་དེ་གཅིག་ལ། །ཇི་ལྟར་སྣ་ཚོགས་སྣང་བར་བྱེད། །འདི་ནི་དངོས་པོའི་མཐུ་ལས་བྱུང་། །མཁས་

པ་གང་དག་གསུངས་པ་སྟེ། །ཇི་ལྟར་ཇི་བཞིན་དོན་བསམ་པ། །དེ་བཞིན་དེ་བཞིན་བདེན་པར་འགྱུར། །གང་གི་དོན་རྣམས་བདག་ཉིད་ཀྱིས། །མོས་ན་དེར་ནི་བདག་ཅི་རྟོགས། །ཞེས་པ་སྟེ། དེ་དེ་ལྟར་གཞན་གྱི་དབང་གཅིག་པོ་ལ་དུ་མར་མི་རིགས་སོ། །ཡོངས་སུ་གྲུབ་པ་ལ་

གནོད་པ་མེད་པའི་ཕྱིར་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པས་སངས་རྒྱས་ཁོ་ན་ཉིད་དངོས་པོ་དང་དངོས་པོ་མེད་པ་ཉིད་རྣམ་པར་མི་རྟོག་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་རྣམ་པར་ཐར་པའི་སྒོ་

སྣང་བ་མེད་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་དོན་དམ་པ་ལ་བཞུགས་པ་དང་། དག་པ་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་མེད་པ་ལ་ཐམས་ཅད་མཁྱེན་པ་བཞུགས་ཏེ། མོས་པ་ཐ་དད་པ་ལ་གནས་པ་རྣམས་ལ་གཉིས་པ་དང་མི་གཉིས་པའི་ཆོས་

གཟུད་པའི་ཚུལ་གྱིས་སྟོན་ཏོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཆོས་གཉིས་ཀྱི་རྣམ་པ་ཅན་སེམས་དཀྲུགས་པའི་

Vol. 121 · folio 227a

མཉམ་པར་མི་འཇོག་པའི་མ་རིག་པ་ལས་སྐྱེས་པའི་སེམས་ཅན་རྣམས་ལ་འཁོར་བའི་དུས་དང་ཐར་པའི་རིམ་པར་སྣང་བའི་ཚུལ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་ཐ་དད་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་ཁྱད་པར་རྣམས་ཀྱིས་རྣལ་འབྱོར་གྱི་དབང་

པོ་རྣམས་ལ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་མཚན་མས་བརྒྱན་པའི་སྐུ་ལ་སོགས་པར་སྣང་བས་སེམས་ཅན་མགུ་བར་བྱ་བའི་ཕྱིར་དང་། ཤེས་རབ་དང་ཐབས་ལ་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་ཇི་ལྟར་རྟག་པ་དང་། བདག་ཏུ་ཆགས་པ་དང་། ལས་ཀྱི་རྒྱུ་ལས་སྐྱེ་བ་དང་། འཆི་

བའི་འཁོར་བའི་སྡུག་བསྔལ་ལྡོག་པ་དེ་ལྟར་ཆོས་སྟོན་ཏོ། །འདོད་ཆགས་དང་བྲལ་བ་རྣམས་ལ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་མི་མཛེས་པ་བསྒོམ་པར་ཆོས་ཟབ་མོ་ལ་མོས་པ་ཁ་ཅིག་ལ་ནི་སྦོམ་པོ་དང་ཕྲ་མོ་ཤེས་རབ་ཀྱིས་དཔྱད་དེ་རྣམ་པར་གཞིག་པ། གཟུགས་

ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པར་གང་གི་ཚེ་ཕྱི་རོལ་གྱི་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པར་བརྗོད་དུ་མེད་པ་ལ་གནས་སོ། །དེས་ན་ཐུགས་རྗེའི་བག་ཆགས་ཀྱིས་

གཞན་གྱི་དོན་དུ་སད་དོ། །ས་དང་ཕ་རོལ་ཏུ་ཕྱིན་པ་གོང་ནས་གོང་མའི་ཚོགས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྣལ་འབྱོར་ལ་གོམས་པས་གཉིས་པ་དང་མི་གཉིས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེས་ན་ཆོས་དང་གང་ཟག་ལ་བདག་མེད་པ་ཡོངས་སུ་ཤེས་པ་

ནི་དོན་གྱི་རྗེས་སུ་འབྲང་བ་ལ་འགྱུར་གྱི་ཡི་གེའི་རྗེས་སུ་འབྲང་བ་ལ་ནི་མ་ཡིན་ཏེ། ཇི་ལྟར་ཐམས་ཅད་མཁྱེན་པས་མང་དུ་ཐོས་པ་རྣམས་ལས་དོན་རྙེད་དོ་ཞེས་གསུངས་པའོ། །འཕགས་པ་ལང་ཀར་གཤེགས་པའི་བཤད་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་

གསུམ་པ་ལས་སངས་རྒྱས་ཀྱི་ཆོས་དཔྱད་པའི་འོག་ཏུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་མི་རྟག་པ་ལ་སོགས་པའི་ཆོས་ཐོར་བུ་དཔྱད་པ་བཅྭ་ལྔ་པའོ།། །།ཐམས་ཅད་མཁྱེན་པས་རྒྱུ་དང་འབྲས་བུའི་དངོས་པོར་དགོངས་པའི་བསྡུ་བའི་དོན་ནི་འདི་ཡིན་ཏེ། རྒྱུ་འདུས་པ་ལས་ནང་

Vol. 121 · folio 227b

དང་ཕྱིའི་འབྲས་བུའི་རང་བཞིན་གྱི་ཚོགས་སྣང་ངོ་། །དེ་ནི་མིག་དང་གཟུགས་དང་། སྣང་བ་དང་། ཡིད་ལ་བྱེད་པ་རྒྱུ་འདུས་པའི་མཐུ་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉེ་བར་སྐྱེའོ། །དེ་ལ་རྒྱུ་འབྱོང་བས་འབྲས་བུ་ཡང་འབྱེད་པ་སྟེ། དེ་མ་ཐག་པའི་རྐྱེན་གྱིས་ཆུད་པའི་

རང་བཞིན་ནོ། །ཡུལ་གྱིས་ནི་དེ་འདྲ་བར་རོ། །དབང་པོ་ལས་ནི་ཡུལ་སོ་སོར་ངེས་པ་སྟེ། ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ཀྱིས་དེ་ལྟ་བུར་ཡུལ་དང་ཡུལ་ཅན་གྱི་དངོས་པོར་ཀུན་དུ་རྟོག་གོ། །ཚོགས་ཀྱི་རང་བཞིན་གྱི་རྣམ་པར་ཤེས་པ་དེ་ལྟ་བུར་ཡང་ཁང་པ་དང་། སྡེ་དང་།

ནགས་ཚལ་ལ་སོགས་པ་བཞིན་དུ་རྣམ་པ་དུ་མའི་ཕྱིར་སྟོང་པ་ཉིད་དོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་ཡུལ་ཡང་འདུས་པའི་ཕྱིར་ཁང་པ་ལ་སོགས་པ་བཞིན་དུ་སྟོང་པ་ཉིད་དོ། །འབྱུང་བ་རྣམས་ཆ་དང་མི་འབྲལ་བའི་ཕྱིར་ཐ་དད་པའི་དངོས་པོ་དངོས་པོར་མེད་

དེ། །དེ་ལས་བྱུང་བའི་གཟུགས་རྣམས་ཀྱང་རང་དབང་དུ་ཐ་དད་པ་མེད་དེ། དེས་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོ་དེ་ནི་སྣང་བའི་ཚོགས་ཏེ་དོན་དམ་པར་ནི་མེད་དོ། །རྨི་ལམ་གྱི་དུས་ན་ཡང་དེར་གཟུགས་ལ་སོགས་པའི་ཡུལ་དང་། དབང་པོ་དང་། མིག་ལ་སོགས་པའི་

རྣམ་པར་ཤེས་པ་མེད་པ་དེ་བཞིན་དུ་སྣང་བ་སྟེ་བསླད་པ་སྣ་ཚོགས་ཀྱི་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་རྣམ་པར་ཤེས་པ་གཅིག་པུ་ཉིད་རྣམ་པ་སྣ་ཚོགས་ཐ་དད་པར་སྣང་གི །དེར་བྱེད་པ་དང་བྱེད་པ་པོར་མངོན་པར་འབྲེལ་བའི་རྒྱུ་དང་འབྲས་བུའི་དངོས་པོ་མེད་དོ། །

དེས་ན་འབྱུང་བ་མེད་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སོ་སོར་སྣང་ངོ་། །ནམ་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་སྟེ་མི་དམིགས་པ་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་སྐད་ཅིག་མ་

ཡང་དག་པར་རིག་པ་སྟེ་བརྗོད་དུ་མེད་པའི་ཕྱིར་དེར་དེ་མ་ཐག་པ་ཙམ་གྱིས་འདི་ཡོད་ན་འདི་ཡོད་དོ་ཞེས་ཆོས་སུ་བརྟགས་པ་བསྟན་མི་ནུས་སོ། །ཐམས་ཅད་མཁྱེན་པའི་སྒྲ་དང་དོན་གྱི་ཐ་སྙད་ཀྱང་སྤྱིའི་རྣམ་པར་འཇུག་གོ། །འགོག་པ་ལ་སྙོམས་པར་འཇུག་པ་ལས་ལངས་པ་བཞིན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words